Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 56

Văn bản gốc(Tây Tạng)

Trang 20 / 20 (50.000 ký tự/trang)
བྱུང་བར་སེམས་པ་སྟེ་གཞན་གྱི་དོན་མི་བྱེད་ཅེས་པའི་དོན་ཏོ། །སྐྱོན་དེ་རྣམས་སྤངས་ནས་ཡོན་ཏན་འདི་འདྲ་བར་བྱིན་གྱིས་བརླབ་པར་གསོལ་པ། མོས་པའི་བསམ་པ་དང་ཞེས་བྱ་བ་དག་གོ། །མོས་པའི་བསམ་པ་ནི་དཀོན་མཆོག་གསུམ་ལ་བསམ་པ་ཐག་པ་ནས་དད་པའོ། །ལྷག་པར་

བསམ་པར་བྱེད་པའི་ཆོས་ནི་བདག་དང་གཞན་གྱི་དོན་མཉམ་པར་བྱེད་པ་ཐེག་པ་ཆེན་པོའི་ཆོས་ཐོས་པར་འགྱུར་བའོ། །སྒྲིབ་པ་ཡོངས་སུ་བྱང་བར་ཞེས་པ་ལས་དང་ཉོན་མོངས་པའི་སྒྲིབ་པ་ཡོངས་སུ་བྱང་བར་བྱིན་གྱིས་བརླབ་ཏུ་གསོལ་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱག་
ན་རྡོ་རྗེ་ལ་གསུངས་པ། དམ་ཚིག་ཆེན་པོའི་དེ་ཁོ་ན་འདི་ཞེས་བྱ་བ་དག་གོ། །དམ་ཚིག་ཆེན་པོ་ནི་སྐབས་འདིར་ཡེ་ཤེས་ཀྱི་རང་བཞིན་ཏེ་ཐོབ་པར་བྱ་བའི་ཕྱིར་ན་དམ་ཚིག་གོ་ཞེས་བྱ་བ་དང་སྦྱར་རོ། །ཡེ་ཤེས་ཀྱི་རང་བཞིན་དེ་སེམས་ཅན་གྱི་དོན་སྣ་ཚོགས་ལ་སྙིང་པོ་དང་ཕྱག་རྒྱ་ལ་སོགས་པ་རྣམ་པ་དུ་མར་
སྦྱོར་བ་ཡང་མི་སླུ་བའི་ཕྱིར་དེ་ཁོ་ན་ཞེས་བྱའོ། །སྙིང་པོ་དང་ཕྱག་རྒྱ་ལ་སོགས་པ་ཡང་བསྡུ་ན་ལུས་དང་ངག་དང་སེམས་རྡོ་རྗེར་འདུས་ཏེ་ལུས་ཀྱི་དཀྱིལ་འཁོར་དང་། ངག་གི་དཀྱིལ་འཁོར་དང་། སེམས་ཀྱི་དཀྱིལ་འཁོར་དུ་སྙིང་པོ་ལ་སོགས་པ་ཐམས་ཅད་གསུངས་པའི་ཕྱིར་རོ། །དེ་ལྟར་ལུས་ལ་སོགས་
པ་རྡོ་རྗེ་ཐམས་ཅད་ཀྱང་ཁྱོད་ཀྱིས་སྐྱེ་བོ་མ་ལུས་པ་འདུལ་བའི་ཕྱིར་སྨྲས་པ་ཡིན་ཏེ། གདུལ་བ་དེ་དག་གི་དོན་གྱི་ཕྱིར་ངེད་ཀྱི་བྱིན་གྱིས་བརླབ་ཅེས་བྱ་བའི་དོན་ཏོ། །སྒྲུབ་པ་པོ་རྣམས་ལ་དེ་བཞིན་གཤེགས་པས་བྱིན་གྱིས་བརླབ་པར་བསྐུལ་བ་དང་། བྱང་ཆུབ་ཀྱི་སེམས་ལ་ཆགས་པ་མེད་ཀྱང་སྔགས་འདི་བརྗོད་
ན་འགྲུབ་པར་འགྱུར་རོ་ཞེས་གསུངས་པ། དེ་བས་ན་སྒྲུབ་པ་པོ་དེས་དང་པོར་ཞེས་པ་དག་གོ། །དེ་ནས་ཕྱག་ན་རྡོ་རྗེས་རྟོག་པ་འདིའི་ཡོན་ཏན་བསྔགས་པ། སེམས་ཅན་ཀུན་ལ་ཕན་ཕྱིར་དུ། །ཞེས་བྱ་བ་དག་གོ། །མཉམ་པ་རུ་ནི་བསྲུངས་ནས་སོ། །ཞེས་པ་སུ་འདི་ལ་ནན་ཏན་བྱེད་པ་ཐམས་ཅད་ལ་ངག་
གིས་མཉམ་པར་སྲུང་ངོ་ཞེས་པའི་དོན་ཏོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་རྫུ་འཕྲུལ་བསྟན་ནས་ཕྱག་ན་རྡོ་རྗེ་ལ་ལེགས་པ་བྱིན་པ། དེ་ནས་བཅོམ་ལྡན་འདས་གདན་ལས་བཞེངས་ཏེ་ཞེས་བྱ་བ་དག་གོ། །ཁམས་གསུམ་ཐམས་ཅད་ལ་སྤྲུལ་པའི་སྐུ་ཕྲ་མོས་གང་བར་བྱས་ཞེས་བྱ་བའི་
དོན་ཏོ། །བླ་མ་མང་དུ་ཐོས་པའི་མན་ངག་ལ། །བརྟེན་ཏེ་མདོ་རུ་འགྲེལ་པ་འདི་བགྱིས་པས། །སྐྱེ་བོ་སྒྲིབ་པའི་མུན་པས་ཁེབས་པ་རྣམས། །སྒྲིབ་བྱང་རྡོ་རྗེ་སེམས་དཔའི་ཐབས་ཐོབ་ཤོག །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་འགྲེལ་པ་མུ་ཏི་ཏ་ཀོ་ཥས་བྱས་པ་རྫོགས་སོ།། །།