Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 56

Văn bản gốc(Tây Tạng)

Trang 18 / 20 (50.000 ký tự/trang)
སྐྱོད་པ་ལ་སོགས་པ་སངས་རྒྱས་བཞི་རང་གི་སྐུ་ཉིད་བྲི་བར་བྱའོ། །དེ་ཡང་སེམས་དཔའ་ཆེན་པོ་རྣམས་ཞེས་
ཤར་དང་བྱང་གི་མཚམས་སུ་རྡོ་རྗེ་སེམས་དཔའ། ཤར་ལྷོའི་མཚམས་སུ་ནམ་མཁའི་སྙིང་པོ་དང་། ལྷོ་ནུབ་ཀྱི་མཚམས་སུ་སྤྱན་རས་གཟིགས། ནུབ་བྱང་གི་མཚམས་སུ་རྡོ་རྗེ་ཁུ་ཚུར་བྲི་བར་བྱའོ། །དེ་ཉིད་མཉམ་པར་བྲི་བར་བྱ། །ཞེས་པ་བྱང་ཆུབ་སེམས་དཔའ་ལ་སོགས་པ་དེ་དག་གཞུང་ལས་
འབྱུང་བ་བཞིན་དུ་བྲི་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནས་སློབ་དཔོན་ཤེས་རབ་དང་ལྡན་པ་བདག་རང་དང་པོ་རྡོ་རྗེ་འཁོར་ལོའི་དམ་ཚིག་གི་ཕྱག་རྒྱ་འོག་ནས་འབྱུང་བ་བཅིངས་ནས་སྙིང་པོ་གོང་དུ་སྨོས་པ་བརྗོད་ལ་དེའི་མཇུག་ལ་ཛཿཧཱུཾ་བཾ་ཧོཿཞེས་བྱ་བ་འདི་བཞི་ཡང་སྨོས་སོ། །ཛཿནི་དགུག་པའོ། །ཧཱུཾ་ནི་
གཞུག་པའོ། །བཾ་ནི་བཅིང་བའོ། །ཧོཿནི་དགུག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་དགྱེས་ཏེ་ཞེས་པ་དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་དེ་ལྟར་བྱས་པས་སྔགས་པ་དམ་ཚིག་ཏུ་འགྱུར་ཏེ་སྔགས་ཀྱི་ཚུལ་དང་མི་འགལ་བས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡང་དགྱེས་ཏེ། ཚུལ་དང་
མི་འགལ་བས་ན་གྲུབ་པ་རྣམ་གསུམ་དེས་རྒྱུ་བྱས་པའི་ཕྱིར་འཐོབ་པར་འགྱུར་རོ། །དེ་བཞིན་དུ་སློབ་མ་བཅུག་ནས་དེ་ཉིད་དུ་བསྒྲུབ་པར་བྱའོ་ཞེས་པ་རྡོ་རྗེ་འཁོར་ལོའི་དམ་ཚིག་གི་ཕྱག་རྒྱ་བཅིང་བ་ལ་སོགས་པ་ཇི་ལྟར་སློབ་དཔོན་དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་དེ་བཞིན་དུ་བྱས་ལ་སློབ་མ་ཡང་བཅུག་ནས་དཀྱིལ་
འཁོར་དེ་ཉིད་དུ་འོག་ནས་འབྱུང་བ་འབུམ་བཟླས་པའི་སྒྲུབ་པ་བྱ་སྟེ། དཀྱིལ་འཁོར་བྲིས་ལ་ཚུལ་བཞིན་དུ་ཞུགས་ཏེ། རྡོ་རྗེ་འཁོར་ལོ་ལ་ཕྱག་རྒྱ་འོག་ནས་འབྱུང་བ་བཅིངས་ལ་བཟླས་སོ། །དཀྱིལ་འཁོར་རྙིང་ན་དུས་སུ་བརྗེའོ། །དེ་ནས་རྡོ་རྗེ་དཀྱིལ་འཁོར་བསྟན་པ་རྡོ་རྗེ་འཁོར་ལོའི་དབུས་སུ་རྡོ་རྗེ་བྲིས་ཏེ་

ཞེས་པ་དཀྱིལ་འཁོར་དང་པོའི་རྡོ་རྗེའི་དཀྱིལ་འཁོར་གྱི་ཚུལ་བཞིན་དུ་ཐམས་ཅད་དུ་བྲིས་ལ་དེའི་དབུས་སུ་རྡོ་རྗེ་རྩེ་ལྔ་པ་བྲིས་ཏེ། དཀྱིལ་འཁོར་ཆེན་པོར་འབུམ་བཟླས་ན་འགྲུབ་པོ་ཞེས་སྨོས་པ་དེ་བཞིན་དུ་འདིར་ཡང་སྔར་བསྙེན་པ་བྱའོ། །འབུམ་བཟླས་པས་ན་རྡོ་རྗེ་འཛིན་གྱི་ཕྱག་རྒྱ་ཆེན་པོར་འགྲུབ་པར་འགྱུར་
རོ། །དཀྱིལ་འཁོར་དེ་བཞིན་དུ་བྲིས་ནས་ཞེས་པ་དམ་ཚིག་གི་དཀྱིལ་འཁོར་དང་པོའི་དམ་ཚིག་གི་དཀྱིལ་འཁོར་བཞིན་དུ་བྲིས་ལ་དེར་སོ་སོ་རང་རང་གི་ཕྱག་རྒྱའམ་མཚན་མ་བཞག་སྟེ། དབུས་སུ་ནི་འཁོར་ལོ་བསྐོར་བའི་ཕྱག་རྒྱ་འཁོར་ལོ་རྩིབས་བརྒྱད་པའོ། །དེ་བཞིན་དུ་གཞན་དུ་ཡང་རང་རང་གི་ཕྱག་རྒྱ་
གཞག་པར་བྱའོ། །རྡོ་རྗེའི་འཁོར་ལོ་འཇུག་པ་དག །བསྟན་དང་སྒྲུབ་པ་དེ་བཞིན་ཏེ། །ཞེས་པའོ། །ལས་ཀྱི་རྡོ་རྗེའི་འཁོར་ལོ་ནི་དཀྱིལ་འཁོར་ཏེ། ཡེ་ཤེས་ཐོབ་པར་འགྱུར་བའི་རྒྱུ། །ཞེས་བྱ་བའི་དོན་ཏོ། །དཀྱིལ་འཁོར་དེར་དང་པོ་འཇུག་པ་དང་དཀྱིལ་འཁོར་མཐོང་བར་བསྟན་པ་དང་། དཀྱིལ་
འཁོར་མཐོང་ནས་གྲུབ་པ་བསྒྲུབ་པར་བྱས་ན་རྣལ་འབྱོར་གྱི་རྟོག་པ་ཐམས་ཅད་ལས་གྲུབ་པ་འབྱུང་ངོ་། །ཆོ་ག་གྲུབ་པར་འགྱུར་ཏེ་དེ་བས་ན། རྡོ་རྗེའི་དཀྱིལ་འཁོར་དེ་བྱས་ལ་གྲུབ་པ་རབ་འབྲིང་ལ་སོགས་པ་བསྒྲུབ་པར་བྱའོ། །དེས་འདི་སྐད་བསྟན་པ་ཡིན་ཏེ་རྡོ་རྗེ་འཁོར་ལོ་ཞེས་བྱ་བའི་དཀྱིལ་འཁོར་དུ་འཇུག་པ་
ནི་རྟོག་པ་གཞན་ཐམས་ཅད་ལས་འབྱུང་བའི་གྲུབ་པ་ལ་སོགས་པའི་རྒྱུར་འགྱུར་རོ། །དེ་བཞིན་དུ་དཀྱིལ་འཁོར་དེ་མཐོང་བར་བསྟན་པ་དང་དེ་བསྒྲུབ་པར་བྱས་པ་ཡང་ཡོད། རྟོག་པ་གཞན་ལས་འབྱུང་བའི་རྒྱུར་འགྱུར་ཞེས་པའི་དོན་ཏོ། །དཀྱིལ་འཁོར་བྲི་བ་དེ་བཞིན་ཏེ། །ཞེས་པའོ། །ལས་ཀྱི་དཀྱིལ་
འཁོར་དང་པོར་བྲི་བའི་ཚུལ་བཞིན་དུ་བྲིས་ནས་དཀྱིལ་འཁོར་དེར་ཞུགས་ཏེ་ཞི་བ་དང་རྒྱས་པ་ལ་སོགས་པའི་ལས་རྣམས་སློབ་དཔོན་དང་སློབ་མ་ཐམས་ཅད་ཀྱིས་བརྩོན་འགྲུས་བརྟན་པར་བྱ་སྟེ་བསྒྲུབ་པར་བྱའོ། །ཅིའི་ཕྱིར་ཞེ་ན་གསུངས་པ། ཕྱག་རྒྱ་ཤེས་པ་རབ་གྲུབ་ཕྱིར། །ཞེས་སོ། །ཞི་བ་དང་རྒྱས་པ་
ལ་སོགས་པའི་ལས་བསླབས་པས་བསོད་ནམས་ཀྱི་ཚོགས་ཆེན་པོ་ལ་སོགས་པའི་ཤེས་རབ་ཏུ་འགྲུབ་པར་འགྱུར་ཏེ། དེ་བས་ན་དེའི་ཕྱིར་ལས་རྣམས་བསླབ་པར་བྱའོ། །དཀྱིལ་འཁོར་དུ་ཞུགས་ནས་མ་བསྒྲུབས་ཀྱང་ལས་ཐམས་ཅད་བྱེད་དེ་ཞེས་པ་དཀྱིལ་འཁོར་མཐོང་ནས་སྔར་བསྙེན་པ་མང་དུ་བྱས་

ན་སྒྲུབ་པ་མ་བྱས་ཀྱང་ལས་སུ་རུང་བའོ། །ཅི་འདོད་པའི་ཡོ་བྱད་ཀྱིས་སམ། རྟོག་པ་ལས་བཤད་པས་སྒྲུབས་ཤིག་ཅེས་པ་ལས་སུ་བྱ་བ་རྣམས་ཅི་བྱ་བ་ཡང་རུང་སྟེ་བདག་ཅི་དགའ་བའི་ཡོ་བྱད་ཀྱིས་སྦྱར་རོ། །གཞུང་ལས་འབྱུང་བའི་ཆོ་ག་བཞིན་དུ་བྱས་ཏེ་སྦྱར་བར་བྱའོ། །
རྡོ་རྗེ་འཁོར་ལོའི་རྟོག་པའོ། །དེ་ནས་བཅོམ་ལྡན་འདས་ལ་ནམ་མཁའི་མཛོད་བྱང་ཆུབ་སེམས་དཔས་འདི་སྐད་ཅེས་གསོལ་ཏོ། །ཞེས་པ་ནམ་མཁའ་ལས་དགོངས་པ་ཐམས་ཅད་འབྱིན་པས་ནམ་མཁའ་མཛོད་ཅེས་བྱ་སྟེ་དེས་ནི་རང་གི་སྙིང་པོ་གསུངས་སོ། །མཆོད་པ་ཐམས་ཅད་ཀྱི་གནས་སུ་འགྱུར་
ཞེས་པ་སྙིང་པོ་འདི་བརྗོད་པས་སུ་བརྗོད་པ་དེ་ཉིད་སེམས་ཅན་ཐམས་ཅད་ཀྱི་མཆོད་གནས་སུ་འགྱུར་བ་དང་། སྙིང་པོ་འདི་བརྗོད་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་རྣམ་པ་སྣ་ཚོགས་པའི་མཆོད་པར་འགྱུར་རོ། །སྔགས་ཀྱི་དོན་ནི་ཨོཾ་ཞེས་བྱ་བ་ནི་སྔར་བཤད་པ་བཞིན་ནོ། །ག་
ག་ན་སམྦྷ་བ་ཞེས་པ་ནི་ནམ་མཁའ་མཛོད་དུ་གྱུར་པས་དེ་ལས་ཐམས་ཅད་འབྱུང་བ་སྟེ། རང་བཞིན་བསྟན་པའོ། །བཛྲ་ཧོ་ཞེས་བྱ་བ་ནི་བོད་པའི་ཚིག་གོ། །དེ་ནས་དེའི་དུས་ན་བཅོམ་ལྡན་འདས་ཀྱི་དཀྱིལ་འཁོར་ཐམས་ཅད་ལ་ཞེས་པ་སྔགས་དེ་བཀླགས་པས་ནམ་མཁའ་མཛོད་ཀྱི་དཀྱིལ་འཁོར་དུ་
སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བཞུགས་པ་ཐམས་ཅད་ལ་མཆོད་པ་སྣ་ཚོགས་ཐམས་ཅད་ནམ་མཁའ་ལས་འབབ་པོ། །རྡོ་རྗེ་འཁོར་ལོ་བཞིན་དུ་བྲི། །ཞེས་པ་རྡོ་རྗེ་འཁོར་ལོའི་དཀྱིལ་འཁོར་མདོ་བཞིན་དུ་གོང་དུ་བཤད་པ་ལྟར་བྲིས་ལ། དབུས་སུ་ནོར་ཆེན་པོ་ཞེས་བྱ་བའི་བྱང་ཆུབ་སེམས་དཔའ་
ནམ་མཁའ་མཛོད་བཞུགས་པར་བྱའོ། །ནམ་མཁའི་མཛོད་དུ་གྱུར་པས་ན་ནོར་ཆེན་པོ་ཞེས་བྱའོ། །ཕྱོགས་བཞིར་སངས་རྒྱས་བཞི་བཞུགས་པར་བྱ་སྟེ་ཤར་ཕྱོགས་སུ་མི་བསྐྱོད་པ་བཞུགས་པ་ནས་བྱང་ཕྱོགས་སུ་གདོན་མི་ཟ་བ་བཞུགས་པའི་བར་དུའོ། །རྒྱལ་བ་རྣམས་འཁོར་དང་བཅས་པར་བཞུགས་
པའི་རིགས་པས་གྲྭ་བཞིར་བྱང་ཆུབ་སེམས་དཔའ་བཞི་རྣམས་མ་སྨོས་ཀྱང་བཞུགས་པར་བྱ་བ་ནི་ངེས་པ་མེད་དོ། །གཞན་ཕྱི་རིམ་ལ་སོགས་པའི་ཆོ་ག་ནི་དཀྱིལ་འཁོར་གོང་དུ་དང་པོར་སྨོས་པ་བཞིན་དུ་བྱའོ། །དེ་ནས་དེར་དང་པོ་སློབ་དཔོན་འཇུག་པར་བྱ་བའི་ཆོ་ག་བསྟན་པ། དང་པོ་སློབ་དཔོན་འཇུག་

པ་ནི། །ཞེས་མཆོད་པ་མཆོག་གི་ཕྱག་རྒྱ་འོག་ནས་འབྱུང་བ་བཅིངས་ལ་འཇུག་པར་བྱའོ། །རྡོ་རྗེ་ཐམས་ཅད་རབ་ཏུ་བྱ། །ཞེས་དཀྱིལ་འཁོར་དེར་ཞུགས་ནས་ལྷ་སོ་སོའི་རྣམ་པར་གྲོལ་བའི་ཡེ་ཤེས་ཀྱི་མཚན་མ་ཐམས་ཅད་རབ་ཏུ་འཇུག་པར་བྱ་སྟེ། དཔེར་ན་ཀ་ཞེས་བྱ་བ་ནི་ག་ག་ན་སྟེ་ཆོས་ཐམས་
ཅད་ནམ་མཁའ་དང་འདྲ་བའི་དོན་ཏོ་ཞེས་བྱ་བ་ལྟ་བུའོ། །དེ་ནས་བཅོམ་ལྡན་འདས་འགྲུབ་སྟེ། །ཞེས་པ་དཀྱིལ་འཁོར་དུ་ཞུགས་ནས་སྔགས་པ་དམ་ཚིག་ཅན་དུ་འགྱུར་ཏེ། ཆོ་ག་དང་ལྡན་པས་ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་ཆེན་པོ་ལ་སོགས་འགྲུབ་བོ། །དེ་བཞིན་དུ་སློབ་མ་ཡང་བཅུག་ནས་ཞེས་སློབ་
དཔོན་བཞིན་དུ་འཇུག་པའི་དོན་ཏོ། །རྡོ་རྗེ་ཐམས་ཅད་ཀྱི་དམ་ཚིག་གི་སྙིང་པོ་འདི་བརྗོད་ལ་ཞེས་བྱ་བའི་སྙིང་པོ་ནི། རྡོ་རྗེ་ཐམས་ཅད་རབ་ཏུ་བྱ། །ཞེས་བྱ་བ་གོང་དུ་སྨོས་པ་ཁར་བརྗོད་པར་བྱའོ། །དེ་བརྗོད་ནས་ཕྱག་རྒྱ་རྣམ་བཞི་ཡང་སློབས་ཤིག །མཆོད་པ་ཐམས་ཅད་ཅེས་བྱ་བའི་དཀྱིལ་འཁོར་
ཞེས་བྱ་བ་ནམ་མཁའ་མཛོད་ཀྱི་བྱིན་གྱི་རླབས་ཀྱིས་ནམ་མཁའ་ལས་མཆོད་པའི་ཆར་ཕབ་པའི་ཕྱིར་རོ། །དེ་ནས་ནམ་མཁའི་དཀྱིལ་འཁོར་ཏེ། །ཞེས་པ་འཕགས་པ་ནམ་མཁའ་མཛོད་ཀྱི་ནམ་མཁའ་ལ་གོང་དུ་སྨོས་པ་ལྟ་བུའོ། །དཀྱིལ་འཁོར་ཡིད་ཀྱིས་བྲིས་ལ་དེར་སློབ་དཔོན་རང་ཡང་ཞུགས་ལ་སློབ་མ་ཡང་
གཞུག་པར་ཡིད་ཀྱིས་ཏེ་ཚིག་འདི་དག་བརྗོད་ཅིག །འདི་དག་ཐམས་ཅད་ནམ་མཁའ་ལྟ་བུ་སྟེ་ཞེས་པ་དངོས་པོ་འདི་དག་ཐམས་ཅད་ནི་ནམ་མཁའ་ལྟ་བུར་རང་བཞིན་སྟོང་པ་ཉིད་ལས་རྟེན་ཅིང་འབྲེལ་ཏེ་འབྱུང་བའི་དབང་གིས་གཟུགས་སྣ་ཚོགས་སུ་སྣང་བ་དེ་བཞིན་དུ་ནམ་མཁའ་ལས་མཆོད་པ་ཐམས་ཅད་ཡིད་ལ་
བསམས་པའི་སྟོབས་ཀྱིས་ཐམས་ཅད་དུ་འབྱུང་བར་གྱུར་ཅིག །དེ་བཞིན་དུ་གྲུབ་པ་ཐམས་ཅད་འབྱུང་བར་གྱུར་ཅིག་ཅེས་བྱའོ། །དཀྱིལ་འཁོར་བྲིས་ནས་བཙུད་དེ་ཞེས་པ་དམ་ཚིག་གི་དཀྱིལ་འཁོར་དང་པོ་བཞིན་དུ་བྲིས་ལ་དེར་ཞུགས་ཏེ་དམ་ཚིག་འདི་བསྒོ་ཤིག །འབྱུང་བ་ཀུན་ལ་ནམ་མཁའ་ནི་འབྱུང་བ་ཆེན་
པོ་ལྔའོ་ཞེས་པ་འབྱུང་བ་ཆེན་པོ་བཞི་ལས་འདོད་པའི་ཡན་ལག་ཐམས་ཅད་འབྱུང་བ་བཞིན་དུ་ནམ་མཁའ་ལས་ཀྱང་སྔགས་ཀྱི་མཐུས་འདོད་པ་ཐམས་ཅད་འབྱུང་བས་ན་ནམ་མཁའ་ལ་ཡང་འབྱུང་བ་ལྔ་པར་བརྟག་གོ། །དེ་ལྟར་འདོད་པ་ནམ་མཁའ་ལས་འབྱུང་བས་ན་འདོད་པའི་མཆོད་པ་འཕེལ་ཞིང་མང་

བྲར་གྱུར་པ་འདིས་ཐམས་ཅད་རྟག་ཏུ་མཆོད་པ་གྱིས་ཤིག །མཆོད་པ་བྱ་བའི་ཚིགས་བཅད་གོང་མ་རྟག་ཏུ་ལྷོགས་ཤིག །སློབ་མ་ནམ་མཁའ་ལ་ཡིད་ཀྱིས་དཀྱིལ་འཁོར་འདིར་བཅུག་ལ་ཞེས་པ་དཀྱིལ་འཁོར་གོང་དུ་སྨོས་པའི་ཚུལ་བཞིན་དུ་སློབ་མ་རང་ཡིད་ལ་སེམས་སུ་བཅུག་
ལ་དཀྱིལ་འཁོར་དེར་ཡིད་ཀྱིས་མཆོད་པ་རྣམ་པ་སྣ་ཚོགས་པ་སློབས་ཤིག །ནམ་མཁའི་དཀྱིལ་ནས་མཆོད་པ་སྣ་ཚོགས་ཀྱི་ཆར་འབབ་པར་བསམས་ལ། ནམ་མཁའི་མཆོད་པས་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་དོ་ཞེས་ཀྱང་བརྗོད་ཅིང་ཉིན་རེ་དེ་ལྟར་རྟག་ཏུ་བྱས་ལ་བསྙེན་པའི་ལས་རྫོགས་
པ་བྱས་ན་དངོས་པོ་གང་བསམས་པ་ཐམས་ཅད་འགྲུབ་པོ། །ནམ་མཁའ་མཛོད་ཀྱི་རྟོག་པའོ། །དེ་ནས་བཅོམ་ལྡན་འདས་ལ་འཕགས་པ་བྱམས་པ་བྱང་ཆུབ་སེམས་དཔས་འདི་སྐད་ཅེས་གསོལ་ཏོ་ཞེས་བྱམས་པས་ཀྱང་རྟོག་པ་འདིར་རང་གི་སྙིང་པོ་གསུངས་སོ། །ཇི་ལྟ་བུ་ཞིག་ཅེ་ན། གསུངས་པ། གང་
གིས་བརྗོད་པ་ཙམ་གྱིས་སེམས་ཅན་ཐམས་ཅད་བྱམས་པའི་སེམས་སྐྱེ་བར་འགྱུར་རོ་ཞེས་པ་སྔགས་འདི་བརྗོད་པས་སེམས་ཅན་ཐམས་ཅད་ཀྱང་སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་སྐྱེ་བར་འགྱུར་རོ། །སྔགས་ཀྱི་དོན་ནི་བྱམས་པ་བརྟན་པར་སེམས་ལ་གནས་པར་གྱིས་ཤིག་ཅེས་པའི་ཐ་ཚིག་
གོ། །དེ་ནས་དཀྱིལ་འཁོར་འབྱུང་སྟེ་ཞེས་པ་དང་པོར་བཤད་པའི་དཀྱིལ་འཁོར་ཆེན་པོ་བཞིན་དུ་བྲིས་ལ། དེའི་དབུས་སུ་བྱམས་པ་ཇི་ལྟར་གནས་པ་བཞིན་དུ་བྲིའོ། །ཕྱོགས་བཞིར་མི་བསྐྱོད་པ་ལ་སོགས་པ་སངས་རྒྱས་བཞི་ཅི་རིགས་པར་བཞུགས་པར་བྱའོ། །གྲྭ་བཞིར་རྡོ་རྗེ་སེམས་དཔའ་དང་ནམ་
མཁའི་སྙིང་པོ་དང་སྤྱན་རས་གཟིགས་དང་རྡོ་རྗེ་ཁུ་ཚུར་རྣམས་བྱང་ཤར་གྱི་གྲྭ་ནས་རིམ་པ་བཞིན་དུ་དགོད་དོ། །ཕྱི་རིམ་གྱི་དཀྱིལ་འཁོར་དུ་ཡང་འཇིག་རྟེན་པའི་ལྷ་ལ་སོགས་པ་གོང་མ་བཞིན་དུ་དགོད་དོ། །དེ་ནས་གོ་ཆ་བརྟན་པའི་ཕྱག་རྒྱ་བཅིངས་ཏེ་ཞུགས་ནས་སྔགས་འདི་ཡང་བརྗོད་དོ། །དེ་ལ་གོ་ཆ་བརྟན་
པའི་ཕྱག་རྒྱ་ནི་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། མཛུབ་མོ་གཉིས་བསྒྲེང་ལ་དེས་མེ་ཏོག་བཟུང་ལ་དཀྱིལ་འཁོར་དུ་འཇུག་གོ། །སྔགས་ཀྱི་དོན་ནི་རྡོ་རྗེ་ལྟར་ཅིས་ཀྱང་མི་ཚུགས་པ་བརྟན་པ་ནོས་ཤིག་ཅེས་བྱ་བའི་ཐ་ཚིག་གོ། །དེ་ནས་གོ་ཆས་གོ་བསྐོན་ཏོ་ཞེས་པ་ཨོཾ་ཊུཾ་ཞེས་བྱ་བའི་སྔགས་བརྗོད་ལ། གོ་ཆའི་

ཕྱག་རྒྱ་གོང་དུ་སྨོས་པ་ཉིད་ཀྱིས་ལྟེ་བ་དང་སྙིང་ག་ལ་སོགས་པར་མདུད་པ་བཅིང་ངོ་། །དེ་ནས་བྱམས་པའི་དཀྱིལ་འཁོར་འབྱུང་སྟེ་ཞེས་པ་རང་གི་རྣམ་པར་གྲོལ་བའི་དཀྱིལ་འཁོར་ཏེ། ཚུལ་གོང་མ་བཞིན་དུ་བྲིས་ལ་སློབ་དཔོན་དང་སློབ་མ་གཉིས་ཀ་བྱམས་པའི་ཏིང་ངེ་འཛིན་མངོན་དུ་བྱས་ལ་ཞུགས་ཤིག །དེ་
ནས་སེམས་ཅན་ཐམས་ཅད་ལ་བྱམས་པ་ཚད་མེད་པ་སྒྲུབས་ཤིག །དཀྱིལ་འཁོར་དུ་བཅུག་ལ་འདི་ཞེས་བརྗོད་དོ་ཞེས་པ་དམ་ཚིག་གི་དཀྱིལ་འཁོར་གོང་མ་བཞིན་བྲིས་ལ་དེར་བཅུག་ནས་སེམས་ཅན་ཐམས་ཅད་ལ་བྱམས་པར་བྱོས་ཤིག་ཅེས་བྱ་བའི་དམ་ཚིག་འདི་སྟོན་ཅིག །རངས་སམ་ཡང་ན་ཁྲོས་
ཀྱང་རུང་། །ཞེས་པ་སེམས་ཅན་གང་ཡང་རུང་བས་མགུ་བར་བྱས་ཀྱང་སླ། ཁྲོས་པར་བྱས་ཀྱང་སླ། གང་དང་མཛའ་ཡང་རུང་སྡང་ཡང་རུང་ཐམས་ཅད་ལ་བྱམས་པ་ཆེན་པོ་སྒོམ་པར་གྱིས་ཤིག །ཅིའི་ཕྱིར་ཞེ་ན། འགྲོ་བ་ལས་གལ་ཏེ་རྒྱལ་འདོད་ན་ཞེས་བྱ་བ་ལ་སོགས་པའོ། །འགྲོ་བ་ཐམས་ཅད་
ཟིལ་གྱིས་གནོན་པར་འདོད་ན་བྱམས་པ་ཆེན་པོ་བསྒོམ་པར་བྱ་སྟེ། དཔེར་ན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བདུད་རྣམ་བཞི་བཅོམ་པ་ཡང་བྱམས་པ་ཆེན་པོ་བསྒོམས་པས་སོ། །དེ་ནས་དཀྱིལ་འཁོར་དུ་བཙུད་དེ་འདི་བསླབ་པོ་ཞེས་པ་ལས་ཀྱི་དཀྱིལ་འཁོར་གོང་མ་བཞིན་དུ་བྲིས་ལ་དེར་སློབ་མ་
བཙུད་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་རྟག་ཏུ་ཕྱག་འཚལ་བར་བསླབ་བོ། །བྱོལ་སོང་ཐམས་ཅད་ལ་མི་འཇིགས་པ་སྦྱིན་ཞིང་བསྐྱབ་པར་བསླབ་བོ། །བྱམས་པ་བསྒོམ་སྟེ་གྲུབ་པ་ཐམས་ཅད་ཅེས་པ་བྱམས་པའི་ཏིང་ངེ་འཛིན་བསྒོམས་ནས་གྲུབ་པ་རྣམ་པ་གསུམ་ཐམས་
ཅད་བདག་ཅི་འདོད་པའི་ཚོགས་བསྒྲུབ་པར་བྱའོ། །ཡིད་ཀྱིས་ཅིར་དད་པའི་ཆོ་ག་དང་ཞེས་པ་ཞི་བ་དང་། རྒྱས་པ་ལ་སོགས་པའི་ལས་རྣམས་བདག་གར་དད་པའི་ཆོ་ག་དང་སྦྱར་ཞིང་། བྱམས་པའི་ཏིང་ངེ་འཛིན་ཏེ་བསྒྲུབ་བོ། །བྱམས་པའི་རྟོག་པའོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་རྡོ་རྗེ་རིག་པ་
དམ་པ་ལ་སོགས་པས་མགོས་ཕྱག་འཚལ་ཏེ་ཞེས་པ་ཕྱི་རོལ་གྱི་རིག་པའི་རྒྱལ་པོ་དབང་ཕྱུག་ཆེན་པོ་དང་། མཐུ་བོ་ཆེ་དང་། ཚངས་པ་དང་། ས་ནད་གཞོན་ནུ་དང་། དབང་པོ་རྣམས་ཀྱིས་ཀྱང་རང་གི་སྙིང་པོ་སྨྲས་ཏེ། རིག་པ་དམ་པ་ནི་དབང་ཕྱུག་ཆེན་པོ་ལ་བྱའོ། །མཐུ་བོ་ཆེ་ནི་གཏོགས་འདོད་

བ་སུ་དེ་བ་ཞེས་བྱའོ། །འདིར་ནི་རྡོ་རྗེ་སྒྱུ་མར་བཏགས་སོ། །ཚངས་པ་ནི་ཕས་མཆོད་ཅེས་ཀྱང་བྱ་སྟེ་འདིར་ནི་རྡོ་རྗེ་མི་སྨྲ་བར་བཏགས་སོ། །ས་ནད་གཞོན་ནུ་ནི་ཀརྟི་ཀ་སྟེ་ལྷ་ཆེན་པོའི་སྲས་ཏེ་འདིར་ནི་རྡོ་རྗེ་དྲིལ་བུར་བཏགས་སོ། །དབང་པོ་ནི་བརྒྱ་བྱིན་ཏེ་འདིར་ནི་རྡོ་རྗེ་འཐབ་
ཆར་བཏགས་སོ། །དེ་ནས་རྡོ་རྗེ་རིག་པ་དམ་པས། རང་གི་སྙིང་པོ་གསུངས་པ། ཨོཾ་ནས་ཤཱུ་ལའི་བར་དུའོ། །རྡོ་རྗེ་སྒྱུ་མས་གསུངས་པ་ཨོཾ་ནས་ཕཊ་ཀྱི་བར་དུའོ། །རྡོ་རྗེ་མི་སྨྲ་བས་གསུངས་པ། ཨོཾ་ནས་སྭའི་བར་དུའོ། །རྡོ་རྗེ་དྲིལ་བུས་གསུངས་པ་ཨོཾ་ནས་ཕཊ་ཀྱི་བར་དུའོ། །རྡོ་རྗེ་འཐབ་ཆས་གསུངས་པ་
ཨོཾ་ནས་ཏྲཾ་གི་བར་དུའོ། །དེ་ནས་དེ་དག་གི་དཀྱིལ་འཁོར་འབྱུང་སྟེ་ཞེས་པ་དཀྱིལ་འཁོར་ཇི་ཙམ་ནུས་པ་ཟླུམ་པོར་བྱས་ལ་ཚོན་སྣ་ལྔས་བྲིས་ཏེ། སྒོ་ཤར་ཕྱོགས་སུ་བཏོད་ལ་ཤར་དང་བྱང་གི་གྲྭ་ཨཱི་ཤ་ནའི་གནས་སུ་རྡོ་རྗེ་རིག་པ་དམ་པ་དབང་ཕྱུག་ཆེན་པོ་བྲི་སྟེ། མདོག་དཀར་པོ་ཕྱག་གཡས་པ་ན་གསལ་ཕུར་
ཐོགས་པ་སྐྱིལ་མོ་ཀྲུང་ཕྱེད་བཅས་པ། རློད་སྟན་གྱི་སྟེང་ན་གནས་པ་བྲི། དཀྱིལ་འཁོར་གྱི་གྲྭ་བཞི་སྲད་བུའི་དབུས་ཞེས་བྱ་བ་ནི་དཀྱིལ་འཁོར་ཟླུམ་པོའི་བྱང་ཤར་གྱི་གྲྭའི་ནང་ལོགས་ཞེས་བྱ་བའི་དོན་ཏོ། །ཁ་ཅིག་གིས་དབང་ཕྱུག་ཆེན་པོ་དཀྱིལ་འཁོར་གྱི་དབུས་སུ་བཞག་ལ་ཕྱོགས་བཞིར་ལྷ་གཞན་དག་
དགོད་ཅེས་ཀྱང་འཆད་དོ། །དེར་གཞན་ཡང་རིམ་གྱིས་ཐམས་ཅད་བྲིའམ་བཞག་པའམ་ཞེས་པ་ཤར་ཕྱོགས་སུ་རྡོ་རྗེ་འཐབ་ཆ་སྟེ་ཁ་དོག་དཀར་པོ་སྤྱན་གསུམ་པ་ཕྱག་གཡས་པ་ན་རྡོ་རྗེ་རྩེ་གསུམ་པ་གཡོན་པ་པུས་གོང་དུ་བསྟན་པ་སྐྱིལ་མོ་ཀྲུང་རློད་སྟན་ལ་བཞུགས་པ་བྲིའོ། །ལྷོ་ཕྱོགས་སུ་རྡོ་རྗེ་སྒྱུ་མ་བྲི་སྟེ། ཁ་
དོག་ལྗང་གུ་ཕྱག་བཞི་པ་གཡས་གཅིག་ན་འཁོར་ལོ་རྩིབས་མ་ཅན་བསྣམས་ལ། གཅིག་ཆོས་འཆད་པའི་ཚུལ་མཛད། གཡོན་པ་ཡ་གཅིག་ན་ག་ད་ཞེས་བྱ་བའི་བེ་ཅོན་བསྣམས་པ་ཡ་གཅིག་བླ་གོང་དུ་བསྟན་པའི་སྐྱིལ་མོ་ཀྲུང་བཅས་ཏེ་རློད་སྟན་ལ་བཞུགས་སོ། །ནུབ་ཕྱོགས་སུ་ཚངས་པ་བྲི་སྟེ་ཁ་དོག་དམར་པོ་
དབུ་གསུམ་པ་ཕྱག་བཞི་པ་གཡས་པ་ཡ་གཅིག་ན་སྔགས་སོ། །ཡ་གཅིག་ཆོས་འཆད་པ་གཡོན་པ་ཡ་གཅིག་ན་གླེགས་བམ་ཡ་གཅིག་ན་རིལ་བ་སྤྱི་བླུགས་རློད་སྟན་ལ་སྐྱིལ་མོ་ཀྲུང་དུ་བཞུགས་པར་བྲིའོ། །བྱང་ཕྱོགས་སུ་ས་ནད་གཞོན་ནུ་བྲི་སྟེ་ཁ་དོག་དམར་པོ་ཕྱག་གཡས་ན་དྲིལ་བུ་གཡོན་པ་ཆོས་འཆད་པའི་

ཚུལ་སྐྱིལ་མོ་ཀྲུང་ཕྱེད་པ་རློད་སྟན་ལ་བཞུགས་པ་སྟེ། ཀུན་ཀྱང་རི་མོར་བྲིས་པའམ་ལུགས་མ་ལ་སོགས་པའི་ཆ་ལུགས་བཞག་པའམ་ཆུང་ངུ་ནི་ལྷ་སོ་སོར་བསྔོས་ཏེ། མཚན་མའི་ཐིག་ལེ་བཞག་གོ། །དེ་ནས་སློབ་དཔོན་གྱིས་གསལ་ཕུར་གསུམ་པའི་ཕྱག་རྒྱ་མཐེ་བོས་མཐེའུ་ཆུང་ཐོར་ཏོ་མནན་ལ་གཞན་
བསྒྲེང་པ་གཡས་པས་བཅིངས་ལ། གཡོན་པས་སློབ་མའི་ལག་ནས་བཟུང་སྟེ། སློབ་མའི་ལག་པ་གཡས་པ་ཡང་གསལ་ཕུར་གསུམ་པའི་ཕྱག་རྒྱ་བྱ་སྟེ་གཞུག་གོ། །དེ་ནས་ཕྱག་རྒྱ་ཡང་བསླབ་པོ་ཞེས་པ་དཀྱིལ་འཁོར་དུ་ཞུགས་ནས་རིག་པའི་རྒྱལ་པོ་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་གི་
ཕྱག་རྒྱ་རྣམས་བསླབ་པོ། །དེ་ཕྱིན་ཆད་ཐམས་ཅད་འགྲུབ་ཅིང་ཞེས་པ་དེ་ལྟར་དཀྱིལ་འཁོར་དུ་ཞུགས་ལ་ཕྱག་རྒྱ་བཟླས་ཤིང་སྔར་བསྙེན་པ་མང་དུ་བྱས་པས་གྲུབ་པ་རྣམ་གསུམ་ཐམས་ཅད་འགྲུབ་ལ་འཇིག་རྟེན་ཐམས་ཅད་དུ་རྒྱུ་བའི་རིག་འཛིན་དུ་འགྱུར་རོ། །རིག་པའི་རྒྱལ་པོའི་རྟོག་པའོ། །དེ་ནས། རྡོ་རྗེ་
འཁྱིལ་པ་ལ་སོགས་པ། །ཞེས་པ་བར་སྣང་ལ་རྒྱུ་བ་རྣམས་ཀྱིས་རང་གི་སྙིང་པོ་སྨྲས་པའོ། །དེ་ལ་ཉི་མ་སྟེ་རྡོ་རྗེ་འཁྱིལ་པའི་སྙིང་པོ་སྟེ། ཨོཾ་ནས་ཕཊ་ཀྱི་བར་དུའོ། །ཟླ་བ་སྟེ་རྡོ་རྗེ་འོད་ཀྱི་སྙིང་པོ་ཡང་ཨོཾ་མ་ཧཱ་ནས་ཕཊ་ཀྱི་བར་དུའོ། །རྡོ་རྗེ་བེ་ཅོན་གྱི་སྙིང་པོ་ནི་ཨོཾ་ཀི་ལ་ནས་ཕཊ་ཀྱི་བར་དུའོ། །དེ་མན་ཅད་སྐྱ་བླེང་
གི་སྙིང་པོའོ། །དེ་ནས་དེ་དག་གི་དཀྱིལ་འཁོར་འབྱུང་སྟེ་ཞེས་པ་ཚོན་སྣ་ལྔ་ལས་དཀྱིལ་འཁོར་གྲུ་བཞི་བྲིས་ལ་དེའི་དབུས་སུ་དཀྱིལ་འཁོར་གྱི་བདག་པོར་ཕྱག་ན་རྡོ་རྗེའི་ཕྱག་རྒྱ་བཞག་གོ། །དེའི་ཤར་ཕྱོགས་སུ་རྡོ་རྗེ་འཁྱིལ་པ་ཁ་དོག་དམར་པོ་ལག་པ་གཉིས་ན་པདྨོ་རེ་རེ་ཐོགས་པ། ལྷོ་ན་རྡོ་རྗེ་འོད་དེ་ཁ་དོག་དཀར་པོ་
ལག་ན་མེ་ཏོག་ཀུ་མུ་ད་ཐོགས་པ། ནུབ་ཕྱོགས་ན་རྡོ་རྗེ་བེ་ཅོན་ཏེ་ཁ་དོག་སེར་པོ་ལག་པ་གཡས་ན་བགྲང་ཕྲེང་གཡོན་ན་རིལ་བ་སྤྱི་བླུགས་འཛིན་པའོ། །བྱང་ཕྱོགས་ན་རྡོ་རྗེ་སྐྱ་བླེང་སྟེ་ཁ་དོག་དམར་པོ་ལག་པ་གཡས་པ་ན་དབྱུག་པ་ཐོགས་པ་སྟེ་ཁྲོ་བོ་བཞི་ཆར་ཡང་རློད་སྟན་གྱི་སྟེང་ན་སྐྱིལ་མོ་ཀྲུང་ཕྱེད་པར་གནས་
སོ། །རྡོ་རྗེ་ཁྲོ་བོའི་རྟོག་པའོ། །དེ་ནས་རྡོ་རྗེ་སྲིན་པོ་ལ་སོགས་པ་ཚོགས་ཀྱི་གཙོ་བོས་ཞེས་པ་ཚོགས་ནི་ལྷ་ཆེན་པོའི་འཁོར་རྣམས་ཏེ། དེའི་གཙོ་བོའམ་དཔོན་པོ་ལྟ་བུར་དབང་བསྐུར་བའོ། །དེ་ལ་རྡོ་རྗེ་སྲིན་པོས་རང་གི་སྙིང་པོ་སྨྲས་པ། ཨོཾ་མཊ་ཞེས་པ་ནས་ཕཊ་ཅེས་བྱ་བའི་བར་དུའོ། །ནག་པོ་ཆེན་པོ་རྡོ་རྗེ་

ཕྲེང་བས་སྨྲས་པ། ཨོཾ་མཱ་ལ་ཞེས་པ་ནས་ཧཱུཾ་ཞེས་པའི་བར་དུའོ། །རྡོ་རྗེ་དབང་གིས་སྨྲས་པ། ཨོཾ་དྷ་ནུ་ཞེས་པ་ནས་སྭཱ་ཧཱ་ཞེས་པའི་བར་དུའོ། །ལྷག་མ་ནི་རྡོ་རྗེ་རྣམ་པར་རྒྱལ་བས་སྨྲས་པའོ། །དེ་ལ་རྡོ་རྗེ་སྲིན་པོ་ནི་སྐབས་འདིར་ནི་མིང་དེ་སྐད་བཏགས་སྔོན་ནི་ཆང་གིས་མྱོས་ཞེས་ཀྱང་
བྱ་བ་ལ་ཏྲ་ཞེས་ཀྱང་བྱ་སྟེ་བི་སྣུའི་ཕུ་བོའོ། །དེ་གཉིས་ཀྱི་ཕ་ནི་བྲམ་ཟེ་བ་སུ་དེ་བའོ། །རྡོ་རྗེ་སྲིན་པོ་ནི་ཁ་དོག་དཀར་པོ་ལ་ཕྲག་པ་གཡས་པས་གཤོལ་མདའ་འཁོར་བའོ། །རྡོ་རྗེ་ཕྲེང་བ་ནི་སྔོན་ཆད་བྱེད་ཅེས་བྱ་བ་སྟེ་མ་ཧཱ་ཀཱ་ལ་ཞེས་ཀྱང་བྱའོ། །དེའི་ཁ་དོག་ནི་ནག་པོ་ལག་བཞི་པ་མགོ་གསུམ་པ། ལག་པ་གཡས་པ་
གཅིག་ན་གསད་ཕུར་གསུམ་པ། གཅིག་ན་དབྱུག་པ་གཡོན་གཅིག་ན་ཆང་སྣོད་ཀྱི་བུམ་པ་གཅིག་ན་བཟའ་བའི་ལ་ཕུག་ཆང་བུ་ཐོགས་པའོ། །རྡོ་རྗེ་དབང་ནི་སྔོན་རྒྱལ་བ་ཞེས་བྱ་སྟེ་ཀ་མ་དེ་བ་ཞེས་བྱའོ། །དེའི་ཁ་དོག་སེར་པོ་མེ་ཏོག་གི་མདའ་གཞུ་འགེངས་པའོ། །རྡོ་རྗེ་རྣམ་པར་རྒྱལ་བ་ནི་སྔོན་རྒྱལ་བ་སྐྱེད་པ་ཞེས་
བྱ་སྟེ། ནནྟ་ཀེ་ཤྭ་ར་ཞེས་ཀྱང་བྱའོ། །དེའི་ཁ་དོག་དཀར་པོ་ལག་ན་པི་ཝང་ཐོགས་ཤིང་བསྒྲེང་བའོ། །གཞུ་ལྟ་བུར་དཀྱིལ་འཁོར་བྲིས་ལ་ཞེས་པ་གཞུ་བཀང་བ་ལྟ་བུའི་དཀྱིལ་འཁོར་བྲིས་ཏེ། དེའི་དབུས་སུ་རྡོ་རྗེ་རྩེ་ལྔ་པ་གཞག་གོ། །དེའི་གཡས་སུ་རྡོ་རྗེ་སྲིན་བུ་དང་རྡོ་རྗེ་ཕྲེང་བའོ། །གཡོན་དུ་རྡོ་རྗེ་དབང་དང་། རྡོ་རྗེ་
རྣམ་པར་རྒྱལ་བ་དེ་ཀུན་ཀྱང་ཅི་རིགས་སུ་བརྒྱན་པ་རློད་སྟན་ལ་སྐྱིལ་མོ་ཀྲུང་ཕྱེད་པར་གནས་པར་བྱའོ། །དེ་ནས་དཀྱིལ་འཁོར་དེར་རྡོ་རྗེ་སྲིན་པོའི་ཕྱག་རྒྱ་འོག་ནས་འབྱུང་བ་བཅིངས་ཏེ། སློབ་མ་བཙུད་ལ་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསླབས་ནས་དམ་ཚིག་གི་དོན་འོག་ནས་འབྱུང་བའི་ཆོ་ག་འདི་བསླབ་པར་བྱའོ། །གང་
དགེ་བ་དང་དྲིན་གཟོ་བ་ཞེས་པ་སེམས་ཅན་གང་རང་བཞིན་གྱིས་དགེ་བ་དང་ལེགས་པར་བྱས་པ་དྲན་ཞིང་དྲིན་གཟོ་བ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པའི་དཀྱིལ་འཁོར་མཐོང་བ་མ་གཏོགས་པའི་སེམས་ཅན་གཞན་དཀོན་མཆོག་གསུམ་གྱི་རྟེན་འཇིག་པ་དང་། སེམས་ཅན་མང་པོ་ལ་གནོད་
ཅིང་མི་དགེ་བ་རྣམས་གཏན་འཕོ་བར་བྱའོ། །ཚོགས་ཀྱི་གཙོ་བོའི་རྟོག་པའོ། །དེ་ནས་རྡོ་རྗེ་དྲུང་ཤིང་ལ་སོགས་པའི་ཕོ་ཉས་རང་གི་སྙིང་པོ་སྨྲས་པ་ཞེས་པ་ས་པའི་ལྷ་རྣམས་བཅོམ་ལྡན་འདས་ཀྱི་ཕོ་ཉ་མངག་གཞུག་པར་དབང་བསྐུར་བ་རྣམས་ཀྱིས་རང་གི་སྙིང་པོ་སྨྲས་ཏེ། དེ་ལ་རྡོ་རྗེ་དྲུང་ཤིང་གིས་སྨྲས་པ། ཨོཾ་

ལཾ་ག་ལི་ཧཱུཾ་ཞེས་བྱའོ། །རྡོ་རྗེ་རླུང་གིས་སྨྲས་པ་ཨོཾ་མ་ཧཱ་ཧཱུཾ་ཕཊ་ཅེས་སོ། །རྡོ་རྗེ་མེས་སྨྲས་པ། ཨོཾ་བཛྲ་ཛྭ་ལ་སྭཱ་ཧཱ་ཞེས་སོ། །ལྷག་མ་ནི་རྡོ་རྗེ་འཇིགས་པས་སྨྲས་པའོ། །དེ་ལ་རྡོ་རྗེ་དྲུང་ཤིང་ནི་སྔོན་མཛོད་སྐྱོང་ཞེས་བྱ་བ་སྟེ་དྷ་ན་དྷ་ཞེས་ཀྱང་བྱའོ། །དེའི་ཁ་དོག་ལྗང་སྣར་གནོད་སྦྱིན་གྱི་གཟུགས་རྙིལ་བག་ཅན་ལག་
ན་འབྲས་འདྲུ་བའི་གཏུན་ཤིང་ཐོགས་པའོ། །རླུང་ནི་ཁ་དོག་དཀར་པོ་ཡིད་ཀྱིས་སྐེམ་བག་ཅན་སྟོད་གཡོགས་ཡ་བ་སྐོར་དུ་ཕྱར་བའོ། །མེ་ནི་ཁ་དོག་དམར་པོ་བྲམ་ཟེའི་གཟུགས་གསུས་ལྡིར་པོ་ལག་པ་གཡས་ན་བགྲང་ཕྲེང་གཡོན་གུནྡྷེ་ཐོགས་པ་སྐྲ་དམར་པོའོ། །རྡོ་རྗེ་འཇིགས་པ་ནི་སྔོན་ཀུ་བེ་ར་སྟེ། གནོད་སྦྱིན་
གྱི་གཟུགས་རྙིལ་བག་ཅན་ཁ་དོག་སེར་པོ་ལག་པ་གཡས་ན་རལ་གྲི་གཡོན་ན་ནེའུ་ལེ་འཛིན་པ་སྟེ་དེ་དག་ཀུན་ཀྱང་རྒྱན་གྱིས་ཅི་རིགས་པར་བརྒྱན་པའོ། །ཤིང་རྟ་དང་འདྲ་བའི་དཀྱིལ་འཁོར་བྲི་སྟེ་ཞེས་པ་ལ་སོགས་ཀ་རིང་པོར་བྲིས་ལ་དབུས་སུ་རྡོ་རྗེ་རྩེ་ལྔ་པ་བཞག་སྟེ། མཐའ་བཞིར་ཕོ་ཉ་བཞི་རིམ་བཞིན་བཀོད་ལ་དཀྱིལ་འཁོར་
གྱི་སྒོ་ཤར་ཕྱོགས་སུ་བསྟན་ཏེ། འདྲུ་ཤིང་གི་ཕྱག་རྒྱ་འོག་ནས་འབྱུང་བ་བཅིངས་ལ་དེ་ནས་སློབ་མ་ལ་འདི་བསླབ་བོ། །མི་དགེ་བའི་སེམས་ཅན་ཐམས་ཅད་ལ་ཞེས་པ་དཀོན་མཆོག་གསུམ་ལ་གནོད་པ་དང་། སེམས་ཅན་མང་པོ་ལ་གནོད་པ་ལ་ཐབས་སུ་སྦྱར་བ་འདི་ནི་སློབ་མའི་དམ་ཚིག་གོ། །དེ་ནས་ཕྱག་རྒྱ་བཞི་
བསླབ་པོ། །ཕོ་ཉའི་ཚོགས་ཀྱི་རྟོག་པའོ། །དེ་ནས་བཅོམ་ལྡན་འདས་ལ་རྡོ་རྗེ་ཀྱོ་བ་ཏང་ལ་སོགས་པ་བྲན་རྣམས་ཀྱིས་ཞེས་པ་འོག་ན་གནས་པའི་ལྷ་བྲན་དུ་དབང་སྐུར་བ་རྣམས་ཀྱིས་ཀྱང་རང་གི་སྙིང་པོ་སྨྲས་ཏེ། དེ་རྡོ་རྗེ་ཀྱོ་བ་ཏང་གིས་སྨྲས་པ། ཨོཾ་བ་ར་ཧ་ཞེས་པ་ནས་ཕཊ་ཀྱི་བར་དུའོ། །རྡོ་རྗེ་ནག་པོས་སྨྲས་པ།
ཨོཾ་སརྦ་ནས་ཕཊ་ཀྱི་བར་དུའོ། །རྡོ་རྗེ་རྣམ་འདྲེན་གྱིས་སྨྲས་པ། ཨོཾ་བིག་དེ་ནས་ཕཊ་ཀྱི་བར་དུའོ། །ལྷག་མ་ནི་རྡོ་རྗེ་གླུས་སྨྲས་པའོ། །རྡོ་རྗེ་ཀྱོ་བ་ཏང་ནི་སྔོན་ཕག་ཅེས་བྱ་བ་སྟེ། ན་ར་ཡ་ནས་སྤྲུལ་ཏེ་ཐམས་ཅད་དེས་བསྟན་པ་སྐད་བྱ་བ་ཁ་དོག་ནག་པོ་ཕག་མགོ་གྱེན་དུ་བསྟན་པ་ལག་པ་སྟ་ཟུར་ལ་བརྟེན་པའོ། །རྡོ་རྗེ་
ནག་པོ་ནི་སྔོན་གཤིན་རྗེ་ལ་བྱ་སྟེ། ཁ་དོག་ནག་པོ་སྣར་འཇིགས་སུ་རུང་བའི་གཟུགས་ལག་པ་གཉིས་ཀས་དབྱུག་པ་གཟར་བ་མ་ཧེ་ལ་ཞོན་པའོ། །རྡོ་རྗེ་རྣམ་འདྲེན་ནི་སྔོན་སའི་སྤྱི་བོས་ཏེ། ཁ་དོག་དཀར་པོ་གླང་སྣ་ཅན་བ་ལང་གི་མགོ་བོ་ལག་ན་ལ་ཕུག་ཐོགས་པའོ། །རྡོ་རྗེ་གླུ་ནི་བ་རུ་ན་སྟེ། ཁ་དོག་དཀར་པོ་སྦྲུལ་

མགོ་ལྔས་བསྐྱབས་པ་ལ་ལག་པ་གཡོན་པ་ན་ཞགས་པ་ཐོགས་པའོ། །གྲུ་གསུམ་བྲིས་ལ་ཞེས་པ་དབུས་སུ་རྡོ་རྗེ་རྩེ་ལྔ་པ་བཞག་སྟེ། བྲན་རྣམས་ཀྱི་མགོ་མཉམ་དུ་བསྐོར་བའི་དཀྱིལ་འཁོར་དེར་མངོན་པའི་ཕྱག་རྒྱ་འོག་ནས་འབྱུང་བ་བཅིངས་ཏེ། ཞུགས་ལ་གར་གྱི་མཆོད་པས་དཀྱིལ་
འཁོར་དེར་མཆོད་དོ། །བྲན་གྱི་རྟོག་པའོ། །དེ་ནས་ཐབས་ཀྱིས་ཀུ་ཅོའི་སྒྲ་བཏོན་ཏེ་ཞེས་པ་ལྷ་ཆེན་པོ་ལ་སོགས་པའི་བཙུན་མོ་རྣམས་ཀྱིས་ཀྱང་དད་ཅིང་སྤྲོ་བའི་ཕྱིར་ཀླག་ཅོར་བཏོན་ཏེ་རང་གི་སྙིང་པོ་ཕུལ་ལོ། །མ་ཞེས་བྱ་བ་ནི་འཇིག་རྟེན་ཐམས་ཅད་ཀྱི་མ་དང་འདྲ་བར་མཆོད་ཅིང་བཀུར་བའི་གནས་པས་ན་མ་ཞེས་བྱ་སྟེ།
ཐམས་ཅད་ཅེས་བྱ་བའི་སྒྲས་ནི་འོག་མ་ཡན་ཆད་ཀུན་ལ་ཡང་བྱའོ། །བུད་མེད་ཐམས་ཅད་ཀྱང་ཁ་དོག་དང་རྒྱན་ནི་རང་རང་གི་ཁྱིམ་ཐབ་བཞིན་ནོ། །དེ་ནས་རྡོ་རྗེ་རྒྱལ་པོ་དག་གིས་སྨྲས་པ་ཞེས་པ་རྡོ་རྗེ་ཁྲོ་བོ་མེ་ལ་སོགས་པས་རང་གི་སྙིང་པོ་སྨྲས་ཏེ། དེ་ལ་རྡོ་རྗེ་ཁྲོ་བོ་མེའི་དབང་ཕྱུག་གི་བཙུན་མོས་སྨྲས་པ། ཨོཾ་བཛྲ་ཀྲོ་དྷ་
ར་ལི་ཧཱུཾ་ཕཊ་ཅེས་སོ། །གཏོགས་འདོད་ཀྱི་བཙུན་མོ་རྡོ་རྗེ་གསེར་མས་སྨྲས་པ། ཨོཾ་ཙཀྲ་ཚིནྡ་ཧཱུཾ་ཕཊ་ཅེས་སོ། །ཚངས་པའི་བཙུན་མོ་རྡོ་རྗེ་བཞིས་སྨྲས་པ། ཨོཾ་ཤནྟི་ཧི་ཞེས་སོ། །དབང་པོའི་བཙུན་མོ་རྡོ་རྗེ་ཁུ་ཚུར་གྱིས་སྨྲས་པ། ཨོཾ་བཛྲ་ནས་ཕཊ་ཀྱི་བར་དུའོ། །ས་ནད་གཞོན་ནུའི་བཙུན་མོ་རྡོ་རྗེ་གཞོན་ནུས་
སྨྲས་པ་ནི་ལྷག་མ་རྣམས་སོ། །དེ་ནས་ས་དེ་དག་གི་དཀྱིལ་འཁོར་གྲུ་བཞི་ཞེས་པ་དཀྱིལ་འཁོར་གྲྭ་བཞི་སྒོ་བཞི་པ་ཐིག་བཞིས་ཆ་དགུར་བགོས་པའི་དབུས་སུ་རྡོ་རྗེ་ཁྲོ་བོ་མེའོ། །སྒོ་ལོགས་ཀྱི་ཆར་རེ་རེར་གསེར་མ་ལ་སོགས་པ་བཞི་བཞག་གོ། །གྲྭ་བཞིར་ཕོ་ཉ་མ་བཞག་སྟེ་བཞི་འོག་ནས་འབྱུང་བ་དང་སྦྱར་རོ། །
དམ་ཚིག་གི་ཆོ་ག་ནི་དེ་བཞིན་ཞེས་པ་དཀྱིལ་འཁོར་དུ་འཇུག་པ་ཆོ་ག་དང་། དམ་ཚིག་གསུང་བ་ནི་རིག་པའི་རྒྱལ་པོ་བཞིན་ནོ། །རིག་པའི་རྒྱལ་མོ་རྣམས་ཀྱི་རྟོག་པའོ། །དེ་ནས་རྡོ་རྗེ་ཁྲོ་མོ་རྣམས་ཀྱིས་རང་གི་སྙིང་པོ་སྨྲས་ཏེ། བར་སྣང་ལ་རྒྱུ་བ་ཉི་མ་ལ་སོགས་པའི་བཙུན་མོ་རྣམས་ཀྱིས་རང་རང་གི་སྙིང་པོ་སྨྲས་པའོ། །
དེ་ལ་ཉི་མའི་བཙུན་མོ་རྡོ་རྗེ་བདུད་རྩི་མས་སྨྲས་པ། ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ་ཅེས་སོ། །ཟླ་བའི་བཙུན་མོ་རྡོ་རྗེ་སྡུག་གུ་མས་སྨྲས་པ། ཨོཾ་ནས་ཕཊ་ཀྱི་བར་དུའོ། །རྡོ་རྗེ་བེ་ཅོན་གྱི་བཙུན་མོ་རྡོ་རྗེ་བེ་ཅོན་མས་སྨྲས་པ། ཨོཾ་དནྡ་ནས་ཕཊ་ཀྱི་བར་དུའོ། །རྡོ་རྗེ་སྐྱ་བླེང་གི་བཙུན་མོ་རྡོ་རྗེ་སྐེད་ཆིངས་ཞེས་པས་སྨྲས་པ་ལྷག་མ་

རྣམས་སོ། །དཀྱིལ་འཁོར་ཆ་བརྒྱད་པ་བྲི་སྟེ་ཞེས་པ་སྲད་བུ་བཞིས་དཀྱིལ་འཁོར་གྲུ་བཞི་པའི་ནང་དབུས་སུ་རྡོ་རྗེ་བཞུགས་པ་མ་གཏོགས་པ་རེའུ་བརྒྱད་དུ་བསྒོས་ལ་སྒོ་ལོགས་ཀྱི་ཆ་རྣམས་ཀྱི་ཁྲོ་མོ་རྣམས་རིམ་བཞིན་དུ་དངར་རོ། །གྲྭ་བཞིར་ནི་རྡོ་རྗེ་ཕོ་ཉ་མོ་བཞི་ཆོ་ག་འོག་ནས་འབྱུང་བ་བཞིན་དགོད་དོ། །འཇུག་པ་
དང་ཕྱག་རྒྱ་བཅིང་བ་ལ་སོགས་པ་ཁྲོ་བོའི་དཀྱིལ་འཁོར་བཞིན་དུ་བྱའོ། །ཁྲོ་མོ་རྣམས་ཀྱི་རྟོག་པའོ། །དེ་ནས་ཚོགས་མ་མོ་རྣམས་ཀྱིས་སྨྲས་པ་ཞེས་པ་འཁོར་བུད་མེད་རྣམས་ཀྱིས་རང་གི་སྙིང་པོ་སྨྲས་ཏེ། དེ་ལ་རྡོ་རྗེ་སྲིན་པོའི་ཆུང་མ་རྡོ་རྗེ་གསོད་མ་མོས་སྨྲས་པ། ཨོཾ་ནས་ཧཱུཾ་གི་བར་དུའོ། །རྡོ་རྗེ་ཕྲེང་བའི་ཆུང་
མ་རྡོ་རྗེ་ཟ་བ་མོས་སྨྲས་པ། ཨོཾ་ནས་ཧོའི་བར་དུའོ། །རྡོ་རྗེ་དབང་གི་ཆུ་རྡོ་རྗེ་སྒོ་བ་མོས་སྨྲས་པ། ཨོཾ་ནས་ཧཱུཾ་གི་བར་དུའོ། །རྡོ་རྗེ་རྣམ་པར་རྒྱལ་བའི་ཆུང་མ་རྡོ་རྗེ་དབང་མོས་སྨྲས་པ་ལྷག་མ་རྣམས་སོ། །སྒོ་བཞི་པ་དབུས་སུ་སེ་རལ་སྲད་བུ་བྱ་སྟེ་ཞེས་པ་དཀྱིལ་འཁོར་ཟླུམ་པོ་ལ་ཐིག་བཞིས་རྒྱ་གྲམ་དུ་བཏབ་སྟེ།
དབུས་ཀྱི་རེའུར་བྲམ་ཟེའི་སེ་རལ་ཐག་རིང་པོར་བྲིའམ་དངོས་སུ་གཞག་པར་བྱའོ། །རིམ་པ་བཞི་བྲིའོ་ཞེས་བྱ་བ་ནི་ཚོགས་ཀྱི་བདག་མོ་བཞིའི་གནས་རེའུ་བཞིའང་བྲི་བར་བྱའོ། །སེ་རལ་སྲད་བུ་ནི་ཚངས་པའི་མཚན་མ་སྟེ་དཀྱིལ་འཁོར་གྱི་བདག་པོ་ཚངས་པ་ཡིན་པར་བསྟན་ཏོ། །ཡང་ན་དཀྱིལ་འཁོར་གྱི་བདག་
པོ་གནོད་སྦྱིན་གྱི་བྱ་བར་སྟོན་པ། གཞན་ཡང་ཕྱི་ཡི་དཀྱིལ་འཁོར་ནི། །ཞེས་བྱ་བ་དག་གོ། །དེའི་དབུས་སུ་གནོད་སྦྱིན་གྱི་གདོང་བྲི་ཞེས་པ་དཀྱིལ་འཁོར་གྱི་དབུས་སུ་གནོད་སྦྱིན་འཇིགས་སུ་རུང་བའི་གདོང་བྲིའོ། །ཕྱོགས་བཞིར་ཚོགས་ཀྱི་བདག་མོ་རྣམས་གཞག་གོ། །སྒོ་བཞིར་ནི་མངག་གཞུག་མ་འོག་ནས་
འབྱུང་བ་རྣམས་བཞག་སྟེ་མངག་གཞུག་མ་དེ་རྣམས་ཀྱི་སྤྱིའི་སྙིང་པོ་ནི་བྷི་ཙི་རི་ཊི་བྷྱོ་བྷྱོ་ཞེས་བྱ་སྟེ་འདིས་དགོད་པར་བྱའོ། །དེ་ལྟར་རིག་པའི་རྒྱལ་མོ་ལ་སོགས་པའི་དཀྱིལ་འཁོར་ཐམས་ཅད་དུ་གྱིས་ཤིག་ཅེས་པ་རྣམས་ཀྱི་དཀྱིལ་འཁོར་གོང་མ་དག་ཏུ་ཡང་སྒོའམ་གྲྭ་གར་རིགས་པར་ཕོ་ཉ་མོ་རྣམས་གཞག་པར་བསྟན་
པའོ། །འདིས་ཐང་ཅིག་བཟླས་པས་ཐམས་ཅད་ཁུགས་སོ་ཞེས་པ་མངག་གཞུག་མའི་སྙིང་པོ་གོང་དུ་སྨོས་པ་སྟེ་སེམས་ཅན་གང་དགུག་པ་ཐམས་ཅད་དེས་ཁུགས་སོ། །དེ་ནས་དཀྱིལ་འཁོར་དེ་ཉིད་དུ་འཇུག་པའི་ཆོ་ག་བསྟན་པ། དེ་ནས་གདོང་གཡོགས་ནས་ཞེས་བྱ་བ་དག་གོ། །དེ་བཞིན་དུ་ཕྱག་བྱས་

ལ་ལག་པ་གར་བྱེད་ཅིང་སྐྱིལ་མོ་ཀྲུང་བཅས་པས་རྣུར་ཞིང་དཀྱིལ་འཁོར་དུ་ཞུགས་ལ་དེ་ནས་དབབ་པའི་ཕྱག་རྒྱ་བཅིང་བ་ལ་སོགས་པའི་ཆོ་གས་དབབ་པར་བགྱིའོ། །དེ་ནས་དམ་ཚིག་སྦྱིན་པའི་སྔགས་སརྦ་ན་མཱ་ར་ཡ་ཞེས་བྱ་བ་ལ་སོགས་པ་ཟློས་སུ་ཆུག་ཅིག །དེ་ནས་དེ་
དེ་བཞིན་དུ་དམ་ཚིག་སྦྱིན་ནོ་ཞེས་པ་གོང་མའི་དམ་ཚིག་གི་སྔགས་ལས་འབྱུང་བ་བཞིན་དུ་སྲུང་དུ་ཆུག་ཅིག་ཅེས་པའི་དོན་ཏོ། །དེ་ནས་གླུ་གར་ལ་སོགས་པའི་དཀྱིལ་འཁོར་གྱི་ལྷ་རྣམས་ལ་མཆོད་ནས་ཡང་དྲིལ་བུའི་ཕྱག་རྒྱ་བཅིངས་ལ་དྲིལ་བུ་དཀྲོལ་ཞིང་སློབ་མ་ལ་དབབ་པར་བྱའོ། །དེ་ནས་སུ་དེ་ལྟར་སྒོམ་པ་
ཐམས་ཅད་ཀྱི་འོག་ནས་འབྱུང་བ་རྣམས་འཐོབ་པོ་ཞེས་སློབ་མ་ལ་བསྒོ་ཤིག །རྡོ་རྗེ་ཚོགས་མ་མོའི་རྟོག་པའོ། །དེ་ནས་ཕོ་ཉ་མོ་རྣམས་ཀྱིས་སྨྲས་པ་ཞེས་པ་ས་ལ་རྒྱུ་བའི་མ་རྣམས་ཀྱིས་རང་གི་སྙིང་པོ་སྨྲས་ཏེ། རྡོ་རྗེ་བྲུང་ཤིང་གི་ཆུང་མ་རྡོ་རྗེ་ཕོ་ཉ་མོས་སྨྲས་པ་ཨོཾ་བྷྱོ་ཞེས་སོ། །རྡོ་རྗེ་རླུང་གི་ཆུང་མ་རྡོ་རྗེ་
མགྱོགས་མས་སྨྲས་པ། ཨོཾ་ཀི་ལི་ནས་ཏྲེའི་བར་དུའོ། །རྡོ་རྗེ་མེའི་ཆུང་མ་རྡོ་རྗེ་འབར་མས་སྨྲས་པ། ཨོཾ་སུ་ཏ་ནེ་ཐ་ཞེས་སོ། །རྡོ་རྗེ་འཇིགས་མའི་ཆུང་མ་རྡོ་རྗེ་ཐག་ཏུ་མས་སྨྲས་པ། ལྷག་མ་རྣམས་སོ། །དཀྱིལ་འཁོར་གྲྭ་ལྔ་པ་བྲིས་ཏེ་ཞེས་པ་དཀྱིལ་འཁོར་གྲྭ་བཞི་པར་བྱས་པའི་ཕུག་ལོགས་ཀྱི་ངོས་
སུ་ཡང་གྲྭ་གཅིག་བཏོད་དོ། །དབུས་ཀྱི་དེའི་དབུས་སུ་རྡོ་རྗེ་རྩེ་ལྔ་པ་གཞག་གོ། །གྲྭ་ལྷག་མ་བཞིར་ཕོ་ཉ་མོ་རྣམས་དགོད་དོ། །འཇུག་པ་ལ་སོགས་པའི་ཆོ་ག་ནི་དཀྱིལ་འཁོར་གོང་དུ་སྨོས་པ་བཞིན་དུ་བྱའོ། །ཕོ་ཉ་མའི་རྟོག་པའོ། །དེ་ནས་རྡོ་རྗེ་བྲན་མོས་འདི་སྐད་སྨྲས་སོ་ཞེས་པ་འོག་ན་གནས་པའི་མ་རྣམས་
ཀྱིས་རང་གི་སྙིང་པོ་སྨྲས་ཏེ། དེ་ལ་རྡོ་རྗེ་ཀྱོ་བ་ཏང་གི་ཆུང་མ་རྡོ་རྗེ་གདོང་གིས་སྨྲས་པ། ཨོཾ་ནས་ཨ་བེ་ཤ་ཧཱུཾ་ཕཊ་ཀྱི་བར་དུའོ། །རྡོ་རྗེ་ནག་པོའི་ཆུང་མ་རྡོ་རྗེ་ནག་མོས་སྨྲས་པ། ཨོཾ་ཀི་ལི་ནས་ཧཱུཾ་ཕཊ་ཀྱི་བར་དུའོ། །རྡོ་རྗེ་རྣམ་འདྲེན་གྱི་ཆུང་མ་རྡོ་རྗེ་ཉགས་མས་སྨྲས་པ། ཨོཾ་པུ་ཏ་ནེ་ནས་སྭཱ་ཧཱའི་བར་དུའོ། །རྡོ་རྗེ་
ཀླུའི་ཆུང་མ་རྡོ་རྗེ་ཆུ་སྲིན་མས་སྨྲས་པ། ལྷག་མ་རྣམས་སོ། །བྲན་མོའི་རྟོག་པའོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསུངས་སོ་ཞེས་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་རྣམས་ཀྱིས་སོ་སོའི་སྙིང་པོ་སྨྲས་ནས་དེ་རྣམས་ཀྱི་དོན་ཞེས་པ་རྣམས་སྔར་

བཤད་པའི་རིག་པ་ལས་མ་གླེངས་པ་རྣམས་ཕྱི་མའི་རྒྱུད་འདིར་ཤོད་ཅིག་ཅེས་རྣམ་པར་སྣང་མཛད་ཀྱིས་ཕྱག་ན་རྡོ་རྗེ་ལ་བསྐུལ་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་འཛིན་པ་ཞེས་པ་དེ་བཞིན་གཤེགས་པ་ལྔ་རྣམས་ཀྱི་ལུས་དང་ངག་དང་ཡིད་ཀྱི་གསང་བ་འཛིན་པ་སྟེ་དེ་བཞིན་གཤེགས་པ་
རྣམས་ཀྱི་ལུས་ཀྱི་སྤྱོད་པ་སྣ་ཚོགས་དང་། ངག་གིས་ཆོས་བཤད་པ་སྣ་ཚོགས་དང་། ཡིད་ཀྱིས་ཆོས་རྟོགས་པ་སྣ་ཚོགས་རྣམས་འོག་མ་པ་རྣམས་ཀྱི་སྤྱོད་ཡུལ་དུ་མི་འགྱུར་བས་ན་གསང་བའོ། །ཡང་གཅིག་ཏུ་ན་དེ་དག་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་མི་བསྟན་པས་ན་གསང་བ་སྟེ། དེ་དག་
ཕྱག་ན་རྡོ་རྗེས་འཛིན་པའི་མཐུ་ཡོད་པའོ། །ཕྱི་མའི་རྒྱུད་ཅེས་བྱ་བ་ནི་སྔར་དོན་བསྟན་པ་འདི་རྣམས་ཕྱིས་གཏན་ལ་འབེབས་ཤིང་འཆད་པའོ། །ཕྱི་མའི་རྒྱུད་དེ་ཡང་ཅི་འདྲ་བ་ཞིག་ཅེ་ན། གང་གི་སེམས་ཅན་ཐམས་ཅད་དམ་པ་གྲུབ་ནས་ཞེས་བྱ་བའོ། །རྒྱུ་གང་གིས་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་མཆོག་
གྲུབ་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བ་ཐོབ་པར་འགྱུར་བའི་རྒྱུད་དེ་ཤོད་ཅིག་ཅེས་བྱ་བའི་ཐ་ཚིག་གོ། །འདི་རྣམས་བརྩོན་འགྲུས་ཀྱིས་འདུལ་ཏེ་ཞེས་པ་འདུལ་བར་བྱ་བའི་སེམས་ཅན་འདི་རྣམས་སློབ་དཔོན་གྱིས་བརྩོན་འགྲུས་ཆེན་པོ་བརྩམས་ནས་འདུལ་བར་འགྱུར་གྱིས་དེ་བས་ན་ཆོས་ཤོད་
ཅིག་ཅེས་པའི་དོན་ཏོ། །འདུལ་བྱའི་སེམས་ཅན་ཡང་ཇི་ལྟ་བུ་དག་ཅེ་ན་དད་དང་མི་ལྡན་པ་ཞེས་པ་དག་གོ། །དཀོན་མཆོག་གསུམ་ལ་མ་དད་པ་དང་མི་དགེ་བ་བཅུ་ལ་སོགས་པའི་སྡིག་བྱེད་པ་དང་། ཤེས་བཞིན་དུ་བརྫུན་དུ་སྨྲ་བ་དང་། ཆོས་ངན་པ་ལ་ཞེན་པའི་ལེ་ལོ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་
ཡན་ལག་སྦྱིན་པ་ལ་སོགས་པའམ་དཀའ་ཐུབ་བརྟུལ་ཞུགས་དཀའ་བར་སྤྱོད་པ་མི་བཟོད་པ་དང་། དགེ་བའི་ཕྱོགས་ལ་མི་བརྩོན་པའི་སྙོམ་ལས་ཅན་དང་། བྱང་ཆུབ་ཀྱི་སེམས་དང་སེམས་ཅན་སྨིན་པར་བྱ་བ་དང་གྲོལ་བར་བྱ་བ་ལ་ཆགས་པ་མེད་པ་དེ་ལྟ་བུའི་འདོད་ཆགས་དང་བྲལ་བས་འདུལ་བའི་སེམས་
ཅན་དེ་དག་ལ་དེ་བཞིན་གཤེགས་པའི་མཐུས་བཏང་སྟེ་ཕྱི་མའི་རྒྱུད་ཤོད་ཅིག་ཅེས་བསྟན་པའོ། །རྟག་ཏུ་ཆགས་པ་ཞེས་བྱ་བ་ནི་དུས་ཐམས་ཅད་དུ་འཁོར་བ་ལ་ཞེན་པའོ། །མི་དགོས་པ་ཀུན་བྱེད་ཀྱང་ཞེས་པ་ཁྱིམ་པའི་ཕྱོགས་རང་གི་དོན་ཞིང་རྨེད་ཚོང་བྱེད་པ་ལ་སོགས་པ་དང་། རབ་ཏུ་བྱུང་བ་ཡང་

འབྲེལ་པ་གཞན་གྱི་དོན་བྱེད་པ་དང་བརྩོན་འགྲུས་ཆུང་བ་དང་། དཀའ་ཐུབ་དང་བརྟུལ་ཞུགས་དཀའ་བར་བྱེད་པ་མེད་པས་འགྲུབ་པའི་ཐབས་ཤོད་ཅིག་ཅེས་པའོ། །ཕྱོགས་ཕྱོགས་སུ་ཡང་འགྲོ་མི་ནུས་ན་ཞེས་པ་རང་གི་ཡུལ་ལ་སོགས་པ་བཏང་སྟེ། ཡུལ་ཕྱོགས་ཉེ་བ་གུད་དུ་ཡང་
འགྲོ་མི་ནུས་ན་སངས་རྒྱས་ཀྱི་ཞིང་གཞན་དུ་སྔགས་སྒྲུབ་པ་འགྲོ་བའམ། རིག་འཛིན་གྱི་གནས་གྲུབ་པའི་ས་བགྲོད་དཀའ་བ་དག་ཏུ་འགྲོ་མི་ནུས་ཞེས་པའི་དོན་ཏོ། །རིག་འཛིན་ནི་འདིའི་སྐབས་སུ་སྔགས་པ་ལ་བྱའོ། །དེ་ནས་ཕྱི་མའི་རྒྱུད་ལ་ཅི་དང་ཅི་བཤད་པའི་རིག་པ་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་
ལ་ཞུས་པ། དེ་བཞིན་གཤེགས་པ་ག་ལས་བྱུང་། །ཞེས་བྱ་བ་དག་གོ། །དེ་ཉིད་དེ་དག་གསང་བ་ཡང་། །ཐམས་ཅད་བདག་ལ་བཤད་པའི་རིགས། །ཞེས་པ་དེ་ཉིད་ནི་གོང་དུ་སྨོས་པ་དྲིས་པའི་ཚིག་རྣམས་སོ། །དེ་དག་ཀྱང་སྣོད་མ་ཡིན་པས་རིགས་པར་མི་ནུས་པས་ན་གསང་བའོ། །དེ་དག་ཐམས་ཅད་
བདག་ལ་བཤད་པར་གསོལ། །ཞེས་པའི་དོན་ཏོ། །དེ་ལྟར་ཕྱག་ན་རྡོ་རྗེས་ཞུས་ནས་དེ་རྣམས་ཀྱི་ལན་ཡང་དེ་བཞིན་གཤེགས་པ་རྣམས་ཀྱིས་ཕྱག་ན་རྡོ་རྗེ་ལ་བྱིན་གྱིས་བརླབས་ནས་ཕྱག་ན་རྡོ་རྗེ་ཉིད་ཀྱིས་དྲིས་པའི་ལན་རྣམས་གསུངས་པ། དེ་ནས་དེ་བཞིན་གཤེགས་པ་འབྱུང་བ་བསྟན་པ་ཞེས་སོ། །
སེམས་པ་ནི་སེམས་པ་སྟེ་སེམས་ཞེས་པའི་དོན་ཏོ། །འཁོར་བ་ཐོག་མ་མེད་པའི་ཕྱིར་ན་སེམས་ནི་ཐོག་མ་མེད་པའོ། །བསོད་ནམས་དང་ཡེ་ཤེས་ཀྱི་རྒྱུ་འདྲ་བ་མི་གནས་པའི་མྱ་ངན་ལས་འདས་པའི་སྒོ་ནས་འཁོར་བའི་མཐའི་བར་དུ་རྒྱུན་མི་འཆད་པས་ན་ཐ་མ་མེད་པའོ། །གལ་ཏེ་སེམས་འདི་ཐོག་མ་དང་ཐ་
མ་མེད་ན་ཅིའི་ཕྱིར་སྐྱེ་བ་དང་འཇིག་པ་རྣམ་པར་བཞག་ཅེས་པ་ལ་གསུངས་པ། ནམ་མཁའ་སྐྱེ་བའི་མཚན་ཉིད་དོ། །ཞེས་སོ། །ཇི་ལྟར་ཞེ་ན་མདོ་སྡེ་པའི་ཚུལ་ལྟར་ནམ་མཁའ་ནི་རང་བཞིན་མེད་མོད་ཀྱི་འོན་ཀྱང་སྐྱེ་བ་དང་འཇིག་པ་འཇིག་རྟེན་གྱི་ཐ་སྙད་དུ་སྤྱོད་དེ། ཁང་པ་ཆོམ་ལ་ཤིང་ལྗོན་པ་སྙོལ་ཏེ་
ནམ་མཁར་བྱོས་ཤིག་ཅེས་བྱ་བ་ལྟ་བུའོ། །གཞན་ཡང་རྩིག་པ་བརྩིགས་ལ་ནམ་མཁའ་མེད་པར་བྱོས་ཞེའམ། འདིར་ཁང་པ་བརྩིགས་ལ་ནམ་མཁའ་ཆོད་ཅིག་ཅེས་བྱ་བ་ལྟ་བུ་སྟེ། ནམ་མཁའ་སྐྱེ་བའི་མཚན་ཉིད་བླ་ཐབས་སུ་བརྗོད་དེ། གཟུགས་ལ་སོགས་པ་སྣང་བའི་དབང་པོ་ཞེས་བརྗོད་དེ། དེ་བཞིན་

དུ་ནམ་མཁའ་སྐྱེ་བའི་མཚན་ཉིད་ནི་སེམས་པ་ཡིན་ཏེ། དེ་ཉིད་ཀུན་དུ་བཟང་པོ་སྟེ་སངས་རྒྱས་ཀྱི་ཞིང་བསམ་གྱིས་མི་ཁྱབ་པ་ལ་སོགས་པ་ཤིན་ཏུ་མཛེས་པ་རྣམས་སེམས་དེ་ཉིད་ལ་སྣང་བའི་ཕྱིར་རོ། །ཀུན་དུ་བཟང་པོ་སྣང་བ་འབའ་ཞིག་མ་ཡིན་ཏེ་ཐམས་ཅད་ཀྱི་བདག་ཉིད་ཀྱང་ཡིན་ཏེ་སེམས་དེ་ཉིད་སེམས་ཅན་
ཐམས་ཅད་ཀྱི་ངོ་བོར་སྣང་བའི་ཕྱིར་རོ། །སེམས་དེ་ཉིད་བྱང་ཆུབ་ཀྱི་སེམས་ཀུན་གྱིས་འདོད་པར་བྱ་བ་ཡིན་པས་འདོད་པའོ། །དེ་ཉིད་འགྲོ་བ་ཀུན་གྱི་བདག་པོ་སྟེ་འཇིག་རྟེན་ཐམས་ཅད་ཀྱི་གཙོ་བོར་གྱུར་པའི་ཕྱིར་རོ། །དེ་ལྟ་བུར་གྱུར་པ་དེ་སུ་ཞེ་ན་སེམས་གང་ཡིན་པ་ཞེའོ། །སེམས་དེ་སུ་ཞེ་ན་སྨྲས་པ་སེམས་
ཅན་གྱི་ཞེས་པ་སྟེ། སེམས་ཅན་ཀུན་གྱི་སེམས་གོང་དུ་སྨོས་པ་ལྟ་བུའི་མཚན་ཉིད་དོ་ཞེས་བཤད་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བསྟན་པས་སེམས་པ་ཞེས་བྱའོ་ཞེས་བསྟན་ཏོ། །ཅི་རྒྱུ་གཞན་དག་གིས་ཀྱང་བསྟན་པར་འགྱུར་རམ་ཞེ་ན། གཞན་གྱིས་མ་ཡིན་ཏེ་སྙོམས་ཐུབ་པས་ན་ཞེས་སོ། །དེའི་དོན་འདི་ལྟ་སྟེ་
གཟུང་བ་དང་འཛིན་པའི་འཁྲུག་པས་བསྐྱོད་མི་ནུས་པས་ན་སེམས་དེ་ཉིད་བརྟན་པའོ། །ཅིའི་ཕྱིར་ཞེ་ན། སེམས་རྩེ་གཅིག་ཏུ་ཐུབ་པས་ན་དངོས་པོ་མ་ནོར་བའི་ཏིང་ངེ་འཛིན་ཏོ། །ཏིང་ངེ་འཛིན་ལས་མི་གཡོ་བ་དེ་ནི་བརྟན་པའོ། །དེ་ལ་གོང་ནས་གོང་དུ་བསྒོམས་པས་ན་ངེས་པར་གྱུར་ཏེ་གཏན་ལ་ཕབ་ཅེས་པའི་
དོན་ཏོ། །སེམས་བརྟན་ཞིང་ངེས་པར་གྱུར་པས་སེམས་དེ་ཉིད་རྡོ་རྗེ་ཉིད་དུ་གྱུར་ཏོ། །དེ་ལ་འབའ་ཞིག་ཀླན་ཀ་ཚོལ་བའི་སྐབས་འདི་ལྟ་བུར་འགྱུར་ཞེས་སྨྲས་པ། དེ་ལ་སེམས་གཟུགས་མེད་པ་ལ། །ཞེས་བྱ་བ་དག་གོ། །ལན་སྨྲས་པ། ཇི་ལྟར་རྣམ་པར་ཤེས་པ་ལས། །ཞེས་བྱ་བ་དག་གོ། །མཚམས་སྦྱོར་
བའི་རྣམ་པར་ཤེས་པ་མའི་མངལ་དུ་འཇུག་པའི་ཚེ་ཕའམ་མ་སྡུག་ཅིང་ཆགས་པ་དང་། མངལ་གྱི་གནས་དེ་ཉིད་བདེ་བའི་ཉམས་སུ་ཚོར་བ་དག་ལ་སེམས་རྩེ་གཅིག་ཏུ་གྱུར་པས་སེམས་གཟུགས་མེད་པ་དེ་ཉིད་ལས་སེམས་ཅན་གཟུགས་དང་ལྡན་པ་སྐྱེའོ། །ཡང་དཔེ་གཞན་བསྟན་པ་ཡང་ཇི་ལྟར་ནམ་མཁའ་ལ་
གནས་པའི་ཀླུ་རྣམས་ཞེས་བྱ་བ་དག་གོ། །ཀླུའི་སེམས་གཟུགས་མེད་པ་ལས་གློག་དང་གནམ་ལྕགས་གཟུགས་ཅན་འབྱུང་བ་བཞིན་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ངེས་པས་ན་རྡོ་རྗེ་ཉིད་དུ་གྱུར་ཞེས་པ་སེམས་བརྟན་པ་ཉིད་དོན་མ་ནོར་བར་ཡང་དང་ཡང་དུ་བསྒོམས་ཏེ་ངེས་པས་ན་རྡོ་རྗེའི་རང་བཞིན་དུ་གྱུར་ཏོ། །དེ་

ལྟར་སེམས་དེ་རྡོ་རྗེ་ཉིད་དུ་གྱུར་པ་སེམས་དཔས་བྱིན་གྱིས་བརླབས་པས་རྡོ་རྗེ་སེམས་དཔར་གྱུར་ཏོ་ཞེས་བརྟན་པ་སེམས་དཔར་བྱིན་གྱིས་བརླབས་སྦྱོར་བས་རྡོ་རྗེ་སེམས་དཔར་ཡང་དུ་གྱུར་ཏོ་ཞེས་སོ། །རྡོ་རྗེ་ཉིད་བརྟན་པའི་བྱིན་གྱི་རླབས་ཀྱིས་ན་རྡོ་རྗེ་སེམས་དཔའ་ཉིད་ཀྱི་སྐུ་
གཟུགས་སུ་གྱུར་པར་མོས་པར་བྱ་ཞེས་པའི་དོན་ཏོ། །དེ་ཉིད་རབ་ཏུ་བསྒོམས་ན་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཉིད་དུ་གྱུར་ཏོ། །དེ་ལ་གོང་དུ་སེམས་དཔའི་བྱིན་གྱི་རླབས་ཀྱི་སྦྱོར་བ་ཞེས་བཤད་པ་དེ་ཉིད་ཇི་ལྟར་སྦྱར་ཞེ་ན་གསུངས་པ། ཐམས་ཅད་བདག་ཉིད་སེམས་དཔའ་ལོ། །ཞེས་བྱ་བ་དག་གོ། །
སེམས་དཔའ་ཞེས་བྱ་བ་ནི་སེམས་ཀྱི་རང་བཞིན་ཏེ། དངོས་པོ་ཐམས་ཅད་ཀྱི་བདག་ཉིད་ཡིན་ནོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་ཏེ་དེ་བས་ན་བདག་གི་རང་བཞིན་ལ་ཡང་སེམས་དཔའ་དེ། གནས་པས་ན་ཇི་ལྟར་རྡོ་རྗེ་སེམས་དཔའི་རང་བཞིན་པ་དེ་ལྟར་བདག་ཀྱང་སེམས་དཔའི་རང་བཞིན་གྱི་བྱིན་གྱིས་
བརླབས་པས་རྡོ་རྗེ་སེམས་དཔའོ་ཞེས་ང་རྒྱལ་བསྐྱེད་ཅིག །ལོ་ཞེས་བྱ་བའི་ཚིག་ནི་གཞན་གྱི་བསམ་པ་སྟོན་པ་སྟེ་བདག་གིས་ནི་མ་རྟོགས་མོད་ཀྱི། བཅོམ་ལྡན་འདས་ཀྱིས་དེ་སྐད་གསུངས་པའི་དོན་ཏོ། །དེ་ཉིད་བཅོམ་ལྡན་འདས་སེམས་དཔའ་སྟེ་ཞེས་པ་ཐམས་ཅད་ཀྱི་བདག་ཉིད་ཀྱི་རང་བཞིན་དེ་ཉིད་བཅོམ་ལྡན་
འདས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རང་བཞིན་ཏེ། དེ་ཉིད་རྡོ་རྗེ་སེམས་དཔའ་འམ་རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས་ཉིད་དོ། །རང་སེམས་སོ་སོར་རྟོགས་པས་ན། །སངས་རྒྱས་བྱང་ཆུབ་དེ་ཉིད་དོ། །ཞེས་པ་རང་གི་སེམས་ཕྱིན་ཅི་མ་ལོག་པར་རྟོགས་པ་ན་སངས་རྒྱས་ཀྱི་མཁྱེན་པ་
སྟེ་སེམས་དཔའ་དེས་ཀྱང་རང་བཞིན་མ་ནོར་བར་རྟོགས་པའི་ཕྱིར་རོ། །དེ་དག་ནི་དེ་བཞིན་གཤེགས་པ་ག་ལས་བྱུང་བའི་ལན་ནོ། །ཕྱག་ན་རྡོ་རྗེ་ག་ལས་སྐྱེས་པའི་ལན་དེ་ཉིད་ཕྱག་ན་རྡོ་རྗེ་སྟེ་ཞེས་བྱ་བ་དག་གོ། །དེ་འབའ་ཞིག་ཀྱང་མ་ཡིན་ཏེ། སྤྱན་རས་གཟིགས་ལ་སོགས་པ་བྱང་ཆུབ་སེམས་དཔའ་གཞན་ཡང་དེ་ཉིད་དོ་
ཞེས་བསྟན་པ་འཇིག་རྟེན་དབང་པོ་ཞེས་བྱ་བ་དག་གོ། །རིགས་བཞི་རྣམས་ཀྱང་དེ་ཉིད་དོ། །ཞེས་བསྟན་པ། སངས་རྒྱས་རིགས་ཀྱང་དེ་ཉིད་དོ། །ཞེས་བྱ་བ་དག་གོ། །ཁམས་གསུམ་ཉིད་ཅེས་པ་ཁམས་གསུམ་རྣམ་པར་ཤེས་པ་ཙམ་ཞེས་གསུངས་པས་འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་

ཀྱང་གུད་ན་མེད་དོ། །ས་པའི་འཇིག་རྟེན་དང་། བར་སྣང་གི་འཇིག་རྟེན་དང་། མཐོ་རིས་ཀྱི་འཇིག་རྟེན་ཞེས་བྱ་བའང་འདི་ཉིད་དོ། །དེ་ཉིད་མཛེས་བྱས་སྤེལ་བ་པོ། །ཞེས་པ་སེམས་དཔའ་དེ་ཉིད་ལེགས་པར་བྱས་པའི་འབྲས་བུ་མཐོ་རིས་དང་། འཇིག་རྟེན་ལས་འདས་པའི་ས་དག་འཕེལ་བར་བྱེད་པའོ། །
སེམས་ཅན་ཀུན་གྱི་མེས་པོའོ། །ཞེས་པ་སེམས་ཅན་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཀུན་ལ་བྱའོ། །དེ་ཀུན་གྱི་དང་པོའི་རྩ་བ་ཡིན་པས་མེས་པོའོ། །དེ་ཉིད་འབྱུང་བའི་གནས་ཡིན་ཏེ། །ཞེས་པ་འབྱུང་བ་ཆེན་པོ་བཞི་རྣམས་ཀྱི་རྒྱུ་ཞེས་པའི་དོན་ཏོ། །འབྱུང་བ་ཆེ་རྣམས་དེ་ཉིད་དོ། །ཞེས་པ་འབྱུང་
བ་ཆེན་པོ་བཞི་རྣམས་ཀྱི་རང་བཞིན་ཡང་དེ་ཉིད་དོ། །དེ་ཉིད་སྐྱེ་འགྲོའི་མགོན་པོ་སྟེ། །ཞེས་པ་སེམས་ཅན་ཐམས་ཅད་དེས་སྐྱོང་བའི་ཕྱིར་རོ། །གནས་དང་སྐྱེ་འགྲོ་ཐམས་ཅད་ཅེས་པ་རི་ལ་སོགས་པ་གནས་པའི་དངོས་པོ་དང་། གཡོ་ཞིང་འགུལ་བའི་དངོས་པོ་ཐམས་ཅད་ཀྱང་དེ་ཉིད་དོ། །དེ་ཡན་ཆད་བྲིས་
པ་དང་པོ་གསུམ་གྱི་ལམ་སྟེ་སོ་སོར་ཅི་རིགས་པར་སྦྱར་རོ། །དེ་ཁོ་ན་ཆེན་པོ་ཞེས་བྱ་བའི་བར་དུ་བྱའོ་ཞེས་པ་སེམས་དཔའི་རང་བཞིན་མ་ནོར་བ་ཅེས་པ་བཤད་པའི་ལེའུ་བྱ་བའི་དོན་ཏོ། །སྙིང་པོའི་ཁྱད་པར་ནི་གསང་བ་དང་ཏིང་ངེ་འཛིན་ཞེས་བྱའོ་ཞེས་པ་རང་རང་གི་རྣམ་པར་གྲོལ་བའི་དོན་ཚིག་ཏུ་བརྗོད་པ་
རྣམས་ལ་གསང་བ་ཞེས་བྱ་སྟེ། དེའི་དོན་ཀུན་གྱིས་ཤེས་པར་མི་ནུས་པ་དང་། སྣོད་མ་ཡིན་པ་རྣམས་ལ་མི་བསྟན་པའི་ཕྱིར་རོ། །དེའི་དོན་ཡིད་ལ་འཛིན་པ་ནི་ཏིང་ངེ་འཛིན་ཞེས་བྱའོ། །གཞན་ལ་ཕན་པའི་ཕྱིར་དེ་ཉིད་ཚིག་ཏུ་བརྗོད་པ་དང་། ཡིད་ལ་བསྒོམས་པ་ནི་སྙིང་པོའི་བརྗོད་པ་སྟེ། དེ་བརྗོད་པས་ཡིད་ལ་
བསམས་པའི་དོན་འགྲུབ་པའི་ཕྱིར་སྙིང་པོའོ། །དེ་ནས་ཕྱག་རྒྱའི་ཁྱད་པར་ནི། །ཞེས་པ་ལུས་དང་ངག་དང་སེམས་རྡོ་རྗེའི་རབ་ཏུ་སྦྱོར་བ་ལས་ཕྱག་རྒྱ་རྣམ་བཞི་འབྱུང་བར་བསྒྲགས་སོ། །དེ་ལ་རྡོ་རྗེའི་ལུས་ཞེས་བྱ་བ་ནི་ཡེ་ཤེས་ཀྱིས་བྱིན་གྱིས་བརླབས་པའི་ལུས་གཞན་གྱིས་མི་ཚུགས་ཤིང་གཞན་ལ་འཇིགས་པར་
བྱེད་པའོ། །དེ་བཞིན་དུ་ངག་དང་སེམས་ཀྱང་སྦྱར་རོ། །ཅིའི་ཕྱིར་ཕྱག་རྒྱ་ཞེས་བྱ་ཞེ་ན་གསུངས་པ། ཇི་ལྟར་ཕྱག་རྒྱ་མཐོང་བས་ན། །ཞེས་བྱ་བ་དག་གོ། །དཔེར་ན་རིགས་པའི་མཐུ་དང་ལྡན་པའི་རྒྱལ་པོའི་ཕྱག་རྒྱ་ནི་གཙོ་བོ་དྲ་མ་རྣམས་ཀྱང་མི་གཅོག་ན་འོག་མ་རྣམས་ལྟ་ཅི་སྨོས། དེ་བཞིན་དུ་དམ་ཚིག་

དང་ལྡན་པའི་ཆོས་ཀྱི་རྒྱལ་པོའི་ཕྱག་རྒྱ་བཅོམ་ལྡན་འདས་ཉིད་ཀྱང་མི་འདའ་ན་གཞན་ལྟ་ཅི་སྨོས། ཕྱག་རྒྱ་ཆེན་པོའི་མཚན་ཉིད་བསྟན་པ། ལུས་དང་ངག་སེམས་རྡོ་རྗེ་ཡིས། །ཞེས་བྱ་བ་དག་གོ། །ལྷའི་ལུས་ཀྱི་ཚུལ་མངོན་དུ་དམིགས་ལ་ངག་གི་མཚན་མ་ལྕེ་ལ་རང་གི་ཕྱག་རྒྱ་
གཞག་པ་དང་། སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་རང་གི་སེམས་ཀྱི་ཕྱག་རྒྱ་གཞག་ལ་རང་གང་ལ་དད་པའི་ལྷ་ཉིད་དུ་ང་རྒྱལ་བསྐྱེད་པ་ནི་ཕྱག་རྒྱ་ཆེན་པོའོ། །ལུས་དང་ངག་སེམས་རྡོ་རྗེ་ཡིས། །ཞེས་པ་དམ་ཚིག་དང་ཆོས་དང་ལས་ཀྱི་ཕྱག་རྒྱ་གསུམ་བཅིང་བ་ན་ཡང་ཕྱག་རྒྱ་ཆེན་པོའི་སྦྱོར་བ་རྫོགས་པར་བྱ་ཞེས་པའི་དོན་ཏོ། །
སོར་བསྣོལ་བརྟན་པ་དམ་ཚིག་སྟེ། །ཞེས་བྱ་བ་དམ་ཚིག་གི་ཕྱག་རྒྱ་ཐམས་ཅད་ནི་སོར་མོ་བསྣོལ་ཏེ་རྡོ་རྗེ་བཅིང་བ་དམ་དུ་བྱས་པ་ལས་འབྱུང་ཞེས་པའི་དོན་ཏོ། །སེམས་ལས་སུ་ནི་ཤེས་པ་ལས། །ཞེས་པ་སེམས་ལས་རང་གི་རྣམ་པར་གྲོལ་བའི་ཤེས་པ་འབྱུང་ངོ་། །ཤེས་པ་ལས་རྣམ་པར་གྲོལ་བའི་དོན་ཚིག་བརྗོད་
པ་འབྱུང་ངོ་། །ལས་ཀྱི་ཕྱག་རྒྱ་གཉིས་ཕྱེ་བ། །ཞེས་པ་ལས་ཀྱི་ཕྱག་རྒྱ་ཐམས་ཅད་ནི་རྡོ་རྗེ་བཅིངས་པའི་ཁུ་ཚུར་སོ་སོར་ཕྲལ་བ་ལས་འབྱུང་ངོ་ཞེས་པའི་དོན་ཏོ། །དམ་ཚིག་རྩ་བ་དེ་རྣམས་ཏེ། །ཞེས་པ་ཕྱག་རྒྱ་བཞི་པོ་དག་ནི་དམ་ཚིག་ཐམས་ཅད་ཀྱི་རྒྱུ་ཞེས་པའི་ཐ་ཚིག་གོ། །རྩ་བ་བཅིངས་པ་མཆོག་གི་རྒྱུ། །ཞེས་པ་
དམ་ཚིག་གི་རྩ་བ་ཕྱག་རྒྱ་བཞི་བཅིངས་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཆོག་རྣམས་ཀྱི་རྒྱུ་ཡིན་ནོ། །གང་གིས་ཐམས་ཅད་ལུས་བརྟན་པས། །ཞེས་བྱ་བ་ཕྱག་རྒྱ་བཞི་པོ་དེས་ལྷའི་བདག་ཉིད་དུ་བསྒྱུར་བའི་ལུས་ནི་ཤིན་ཏུ་རྫོགས་པ་བརྟན་པར་འགྲུབ་པའི་ཕྱིར་ན་ཕྱག་རྒྱ་ཞེས་བྱའོ། །གང་གིས་ཐམས་ཅད་
རྒྱས་བཏབ་པ། །ཞེས་པ་གཙོ་བོ་གང་གིས་དངོས་པོ་གང་རྒྱས་བཏབ་པ་དེ་ནི་ཆུད་མི་ཟ་བར་སྤས་པ་ཡིན་ནོ། །དེ་བཞིན་དུ་ཕྱག་རྒྱ་བཞིས་རྣལ་འབྱོར་བྱས་པའི་སྔགས་པ་ལྷའི་སྐུ་ལུས་ཀྱི་ཕྱག་རྒྱ་འཆང་བས་ན་གཞན་ཟིལ་གྱིས་གནོན་ཅིང་མྱུར་དུ་འགྲུབ་པར་འགྱུར་རོ། །གང་མཐོང་བས་ན་སངས་རྒྱས་དང་། །ཞེས་པ་
ཕྱག་རྒྱ་རྣམ་བཞི་བཅིངས་པ་མཐོང་ན་ལྷས་བྱིན་གྱིས་བརླབས་པའི་མཚན་མ་མཐོང་བས་ལྷ་ཉིད་མཐོང་བར་འགྱུར་རོ། །དམ་ཚིག་ཉམས་པས་གཟིར་བས་ན། །ཞེས་པ་འཕགས་པ་རྣམས་དམ་ཚིག་གིས་བསྐུལ་བས་ན་ཕྱག་རྒྱ་བཅིངས་པའི་དོན་དེ་ལས་མི་འདའ་ཞིང་གྲུབ་པ་ཡང་མྱུར་དུ་སྟེར་ཞེས་པའི་དོན་ཏོ། །ཕྱག་རྒྱ་

དེའི་ཁྱད་པར་ནི་དོན་དམ་པའི་དེ་ཁོ་ན་ཞེས་པ་དོན་དམ་པའི་མཚན་མ་མི་སླུ་བའི་ཕྱིར་རོ། །དེ་ལ་སྔགས་ཀྱི་ཁྱད་པར་ནི་འདི་ལྟ་སྟེ་ཞེས་པ་སྔགས་ཀྱི་རང་བཞིན་ངག་གི་སྒྲ་ཙམ་སྟེ། སྒྲ་དེས་རྣམ་པར་གྲོལ་བའི་དོན་སྣ་ཚོགས་སུ་སྤྲོས་པ་མེད་པར་སྟོན་པའོ། །དེ་བརྗོད་པས་དོན་འགྲུབ་པར་ཇི་ལྟར་འགྱུར་ཞེ་ན། སངས་
རྒྱས་བཀའ་ཡིས་འགྲུབ་པ་དང་། །ཞེས་བྱ་བ་དག་གོ། །སངས་རྒྱས་ཀྱི་བཀའ་ནི་བདེན་པ་དང་དཀའ་ཐུབ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་ཕྱིར། དེ་གསུངས་པའི་ཚིག་གིས་དགོས་པའི་དོན་རྣམས་འགྲུབ་པར་འགྱུར་རོ། །སངས་རྒྱས་ནི་ཉེ་བར་བསྟན་པ་ཡིན་ནོ། །གཞན་ཡང་བདེན་པ་དང་དཀའ་ཐུབ་
དུ་ལྡན་པས་སྨྲས་པ་ཀུན་དེ་བཞིན་ནོ། །གྲུབ་པ་དེ་ཡང་ཚིག་སྨྲས་སོ་ཅོག་གིས་འགྲུབ་པ་ཞིག་ཡིན་ནམ་ཞེ་ན་མ་ཡིན་ཏེ། ཆོས་ཀྱི་ཚིག་གིས་སྔགས་པ་སྟེ། །ཞེས་སོ། །སྟོང་པ་ཉིད་དང་མཚན་མ་མེད་པ་ལ་སོགས་པ་རང་རང་གི་རྣམ་པར་གྲོལ་བའི་ཆོས་ཀྱི་ཚིག་སྔགས་པས་འགྲུབ་པར་འགྱུར་ཏེ་དེ་བས་ན་སྔགས་
ཞེས་བྱའོ། །མ་རིག་པ་ནི་མེད་པར་བྱེད། །ཅེས་པ་རིག་པས་མ་རིག་པའི་མུན་པ་བསལ་ལ་ཆོས་ཇི་ལྟ་བ་བཞིན་དུ་རིག་པ་ཐོབ་པར་བྱེད་པ་དང་། རིག་པའི་ཤེས་པ་ཐོབ་པས་ཕྱི་རོལ་གྱི་དོན་གྱི་ཤེས་བྱ་རྣམས་མ་ནོར་བར་རྟོགས་པའི་ཕྱིར་རིག་པའོ། །རབ་ཏུ་བྱ་བ་གཉིས་པའོ་ཞེས་པ་གོང་དུ་དེ་ཁོ་ན་ཆེན་པོ་ཞེས་བྱ་བ་དང་
པོར་སྨོས་ནས། དེ་ལ་ལྟོས་ནས་གཉིས་པར་གྱུར་ཏོ། །དེ་ནས་ཕྱག་རྒྱ་བཅིང་བ་རབ་ཏུ་བྱ་བ་བཤད་དོ་ཞེས་པ་བཅོམ་ལྡན་འདས་བླ་ན་མེད་པའི་ཕྱག་རྒྱ་ཐམས་ཅད་ཀྱི་ཡེ་ཤེས་བྱ་བ་ཕྱག་རྒྱ་ཆེན་པོ་ལ་སོགས་པ་རྣམ་པ་བཞི་མཁྱེན་པའི་ཡེ་ཤེས་དང་ལྡན་པ་ཕྱག་ན་རྡོ་རྗེས་གསུངས་པའི་དོན་སྟོན་ཏོ། །བླ་ན་མེད་ཅེས་བྱ་བ་
ནི་ཕྱག་རྒྱ་རྣམ་བཞིར་ཐམས་ཅད་འདུས་པས་དེའི་གོང་ན་ཕྱག་རྒྱ་གཞན་མེད་ཅེས་པའི་དོན་ཏོ། །དེ་ལ་ཕྱག་རྒྱ་ཆེན་པོ་ནི་དེ་ཉིད་བསྐུལ་བའི་སྙིང་པོས་བཅིང་ངོ་ཞེས་པ་ལྷའི་ལུས་ཀྱི་གསང་བའི་ཕྱག་རྒྱ་བཅིང་བ་ནི་ས་མ་ཡ་སྟྭཾ་ཞེས་བྱ་བའི་སྔགས་འོག་ནས་འབྱུང་བ་བརྗོད་ལ་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་བྱའོ། །དེ་ཉིད་བསྐུལ་
ཞེས་བྱ་བ་ནི་ལྷའི་རང་བཞིན་ཉིད་བརྗོད་པ་སྟེ། ཁྱོད་ནི་དམ་ཚིག་གི་རང་བཞིན་ནོ་ཞེས་བསྐུལ་བས་ན་སྔགས་དེ་ཡང་ཕྱག་རྒྱ་བཅིང་བའི་སྣོད་དུ་གྱུར་པ་ཡིན་ནོ། །དམ་ཚིག་དང་ལས་ཀྱི་ཕྱག་རྒྱ་བཅིང་བ་ནི་ཞེས་པ་རྡོ་རྗེ་བཅིང་བ་དང་དྲལ་བ་སྔར་བྱས་ནས་གདོད་དམ་ཚིག་དང་ལས་ཀྱི་ཕྱག་རྒྱ་བཅིང་ཞེས་པའི་དོན་ཏོ། །དམ་ཚིག་ཆེན་

པོ་དང་ཡང་དག་པའི་དེ་ཉིད་བསྐུལ་བའི་སྙིང་པོས་ཞེས་པ་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བཅིང་བའི་ཚེ། དང་པོ་ཉིད་དུ་ས་མ་ཡ་སྟྭཾ་ཞེས་བྱ་བའི་སྔོན་ལོགས་སུ་ས་མ་ཡ་སྟྭཾ་ཞེས་བྱ་བ་འོག་ནས་འབྱུང་བ་བརྗོད་ལ་གདོད་ཕྱག་རྒྱ་བཅིང་ངོ་། །དམ་ཚིག་ཆེན་པོ་ཞེས་བྱ་བ་ནི་ལྷ་ཉིད་ཀྱི་རང་བཞིན་
བརྗོད་པ་སྟེ་རབ་ཏུ་རྟོགས་པའི་རང་བཞིན་ཡེ་ཤེས་ཆེན་པོ་ཞེས་བྱ་བའི་ཐ་ཚིག་གོ། །ས་མ་ཡ་ཧོ། །སུ་ར་ཏ་སྟྭཾ་ཞེས་བྱ་བ་ནི་རང་བཞིན་བརྗོད་པ་སྟེ། ཁྱོད་ནི་བདེ་བ་ཆེན་པོའི་དམ་ཚིག་གི་རང་བཞིན་ནོ། །རྡོ་རྗེ་ཁྲོ་བོས་ཕྱག་རྒྱ་ཐམས་ཅད་རང་གིས་བཅིང་ངམ་གཞན་འཆིང་དུ་གཞུག་ཅེས་པ་དེ་ཁོ་ན་བསྐུལ་བ་དང་རྡོ་རྗེ་བཅིང་
བ་དང་དབབ་པ་ལ་སོགས་པ་བྱས་པའི་རྗེས་ལ་རྡོ་རྗེ་ཧཱུཾ་ཀ་རའི་རྣལ་འབྱོར་བྱས་ནས་ཧཱུཾ་ཞེས་པའི་སྙིང་པོ་ལན་ཅིག་བརྗོད་དེ་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བཅིང་ངོ་། །དེས་ནི་བགེགས་ལ་སོགས་པ་ཟིལ་གྱིས་མནན་པར་འགྱུར་རོ། །འདིས་ནི་ཕྱག་རྒྱ་ཐམས་ཅད་དགུག་ཅིང་དབང་དུ་བྱེད་དོ་ཞེས་རྡོ་རྗེ་བཅིང་བ་དང་དྲལ་བ་འདིས་
དམ་ཚིག་གི་ལས་ཀྱི་ཕྱག་རྒྱ་ལ་སོགས་པ་ཀུན་ལས་སུ་རུང་ཞིང་བྱིན་ཅན་དུ་འགྱུར་ཞེས་པའི་དོན་ཏོ། །དེ་ནས་རྡོ་རྗེ་དབབ་པའི་དམ་ཚིག་གི་ཕྱག་རྒྱ་བཅིང་ངོ་ཞེས་བྱ་བའི་སྙིང་པོ་འདི་བརྗོད་ནས་དེར་གཞུག་ཅེས་བྱ་བའི་དོན་ཏོ། །དེ་ནས་རྡོ་རྗེ་ཁུ་ཚུར་གྱི་དམ་ཚིག་གི་ཕྱག་རྒྱ་བཅིང་བ་ནི་ཞེས་པ་ལུས་དང་ངག་དང་སེམས་ཐམས་ཅད་
བསྡུས་པའི་དོན་དུ་བསྟན་པའི་ཕྱིར་རོ། །འོན་ཏེ་དེ་ལྟར་བྱས་ན་ཡང་ཞེས་པ་ཕྱག་རྒྱ་བཅིང་བའི་རིམ་པ་གོང་དུ་སྨོས་པ་ལྟར་བྱས་ནས་དང་པོ་ཉིད་དུ་ས་མ་ཡ་སྟྭཾ་ཞེས་བྱ་བ་སྨོས་ལ་དེ་ནས་ཕྱག་རྒྱ་ཐམས་ཅད་རིགས་བཞི་ཆར་གྱི་བཅིང་བར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལུས་དང་ངག་དང་སེམས་ཀྱི་ཕྱག་རྒྱའི་
སྙིང་པོའོ་ཞེས་པ་སངས་རྒྱས་ལྔ་ཐམས་ཅད་ཀྱི་ལུས་དང་ངག་དང་སེམས་གཅིག་ཏུ་འདུས་པའི་སྙིང་པོ་ནི་ས་མ་ཡ་སྟྭཾ་ཞེས་བྱ་བ་སྟེ། འབྲས་བུ་མེད་པར་མི་འགྱུར་ཞིང་སངས་རྒྱས་ལ་སོགས་པ་ཡང་དེ་ལས་འགལ་ཞིང་འདའ་བར་མི་མཛད་པས་ན་སྟོང་བཟླས་པས་ཕྱག་རྒྱ་ཐམས་ཅད་བཅིང་བར་འགྱུར་རོ། །དམ་ཚིག་
ཆེན་པོའི་ཕྱག་རྒྱ་ལན་ཅིག་བཟླས་ན་ཞེས་པ་ས་མ་ཡ་ཧོ། །སུ་ར་ཏ་སྟྭཾ་ཞེས་བྱ་བའི་སྙིང་པོ་གོང་དུ་སྨོས་པ་ལན་ཅིག་བཟླས་ན་ཀུན་ལ་འགྲུབ་པར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནས་ཕྱག་རྒྱ་བཅིང་བར་འབྱུང་སྟེ་ཞེས་པ་རྡོ་རྗེ་ཐལ་མོ་ནི་གཡས་པ་གོང་དུ་གཏད་དེ་ཚིགས་དང་པོ་བསྣོལ་ལ་སྦྱར་བའོ། །དེ་ཉིད་ལས་སོར་མོ་

དྲུག་ཏུ་གཏུགས་ཏེ་བསྣོལ་ལ་བསྡམས་པ་ནི་རྡོ་རྗེ་བཅིངས་པའོ། །དེ་ཉིད་ལས་ཞེས་པ་རྡོ་རྗེ་བཅིངས་པ་ཉིད་ལས་སོ། །དེ་ཉིད་ལས་མཐེ་བོ་གཉིས་ཞེས་པ་རྡོ་རྗེ་དབབ་པའི་ཕྱག་རྒྱ་ལས་མཛུབ་མོ་གཉིས་མ་བསྣོལ་བར་སོར་མོའི་དྲུང་དུ་བཀུག་ལ་དེའི་བར་དུ་མཐེ་བོང་ནང་དུ་བཀུག་པའི་རྒྱབ་བབ་པར་བྱས་པའོ། །དེ་ཉིད་
ཕྲལ་ཏེ་གཉིས་སུ་བྱས་པ་ནི་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱ་སོ་སོར་ཕྲལ་ལ་མཛུབ་མོ་དང་མཐེ་བོང་སྔ་མའི་སོ་ན་བཞག་སྟེ་ཁུ་ཚུར་སོ་སོར་བཅིངས་པ་ནི་ལས་ཀྱི་ཕྱག་རྒྱའོ། །རྡོ་རྗེའི་ཁུ་ཚུར་ཏེ་དེ་ལ་དམ་ཚིག་ཆེན་པོའི་སྙིང་པོའོ། །ས་མ་ཡ་ཧོ། ས་མ་ཡ་སྟྭཾ་ཞེས་ལན་ཅིག་བརྗོད་ལ། ཡང་ན་རང་གི་སྙིང་གར་ལན་ཅིག་བཅིང་ངོ་། །
ངག་གི་ཕྱག་རྒྱ་ཡང་ཞེས་པ་རང་གི་ལྕེ་ལ་རྡོ་རྗེ་རྩེ་ལྔ་པ་བསམས་ཏེ། བཛྲ་ཛི་ཧོ་ཞེས་ཚིག་ཏུ་ཡང་བརྗོད་ལ་དེ་ནས་ངག་གི་ཕྱག་རྒྱ་གང་ཡིན་པ་བརྗོད་པ་ཉིད་བཅིང་ཞེས་པའོ། །ངག་གི་ཕྱག་རྒྱའི་སྔགས་ཀྱང་རྒྱུད་གཞན་དག་ཏུ་ནི་ཆོས་ཀྱི་དཀྱིལ་འཁོར་དུ་གསུངས་པའི་སྙིང་པོ་ལ་ངག་གི་ཕྱག་རྒྱ་ཞེས་བཤད་མོད་ཀྱིས། རྟོག་
པ་འདིར་ནི་ཆོས་ཀྱི་དཀྱིལ་འཁོར་དུ་སྙིང་པོ་ལོགས་ཤིག་ཏུ་མ་གསུངས་པ་རྣམས་ནི་སྙིང་པོ་གཅིག་གསུངས་པ་གང་ཡིན་པ་དེ་ཉིད་ཚིག་ཏུ་བརྗོད་པའི་ཚེ་དེ་ཉིད་ངག་གི་ཕྱག་རྒྱ་ཞེས་བྱའོ། །ལྟ་བའི་ཕྱག་རྒྱ་ནི་རྡོ་རྗེའི་ལྟ་བ་དང་ཁྲོ་བོའི་ལྟ་བ་ལ་སོགས་པ་འོག་ནས་འབྱུང་བ་རྣམས་ལས་གང་ལ་སྦྱོར་བ་དེ་ཉིད་ཀྱི་ཏིང་ངེ་འཛིན་མངོན་
དུ་བྱས་ཏེ། སྦྱར་བ་དཔེར་ན་ཁྲོ་བོའི་ལྟ་བས་གནོད་པར་སྦྱར་ན་རབ་ཏུ་ཁྲོས་པའི་ཏིང་ངེ་འཛིན་མངོན་དུ་བྱ་བ་ལྟ་བུའོ། །སོ་སོའི་ཕྱག་རྒྱ་དང་ཞེས་པ་དེ་དག་གི་ཕྱག་རྒྱ་འོག་ནས་འབྱུང་བ་རྣམས་བཅིང་བའི་ཚེ་ས་མ་ཡ་སྟྭཾ་ཞེས་བྱ་བའི་སྔགས་སྔར་བརྗོད་དོ། །སྙིང་དང་ལུས་གཡོ་ཞེས་བྱ་བ་ལས་ཁ་ཅིག་ལ་སྔགས་པའི་སྙིང་
བསྒུལ་བ་ཉིད་ཕྱག་རྒྱར་འགྱུར་བ་ཡོད་དེ་གོམས་ན་འགུལ་དུ་ཡང་བཏུབ་བོ། །དེ་ནས་རྡོ་རྗེ་ཧཱུཾ་ཞེས་བྱ་བའི་ཕྱག་རྒྱ་བཅིང་བ་འབྱུང་སྟེ་ཞེས་པ་རྡོ་རྗེ་ཁྲོ་བོའི་སོར་མོ་ནི་ལས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་ཁྲོ་བོའི་སོར་མོ་གཉིས་ཞེས་བྱ་བ་ཁུ་ཚུར་མཛུབ་མོ་བསྒྲེང་བ་གཉིས་གཡས་པ་གོང་དུ་བཏང་སྟེ་བསྣོལ་ལ་མཐེའུ་ཆུང་ཕན་ཚུན་
སྦྲེལ་ལ་ཧཱུཾ་ཞེས་པའི་སྙིང་པོ་བརྗོད་ནས་ཕྱག་རྒྱ་བཅིང་སྟེ་འདི་ཡང་ལས་ཀྱི་ཕྱག་རྒྱའོ། །དེ་ཉིད་ལས་མཛུབ་མོ་གཡས་པ་ཀྱོ་བ་ཏང་དུ་བཀུག་ལ་མཛུབ་མོ་གཡོན་པའི་ཚིགས་དང་འོག་ལ་བཅར་བ་ནི་ཀྱོ་བ་ཏང་ངོ་། །ལག་པའི་མཐིལ་དུ་རྡོ་རྗེ་བཅིང་། །ཞེས་བྱ་བ་སོར་མོ་ལག་མཐིལ་དུ་བཀུག་སྟེ། རྡོ་རྗེ་བཅིང་བ་བྱས་ལ་

རྡོ་རྗེ་ཞེས་བྱ་བའི་མཐེ་བོས་ཐུམ་པོ་བཅངས་པའི་མཚམས་སུ་གཡོགས་པ་ནི་རྡོ་རྗེ་ཏི་རཱི་ནི་རིའི་ཞེས་བྱ་བ་སྟེ། ཧཱུཾ་ཀ་ར་ཉིད་ཀྱི་དམ་ཚིག་གི་ཕྱག་རྒྱའོ། །ཧཱུཾ་ནི་ངག་གི་ཕྱག་རྒྱའོ་ཞེས་པ་ཧཱུཾ་ཀ་རའི་ངག་གི་ཕྱག་རྒྱ་ནི་ཧཱུཾ་ཞེས་བྱ་བ་ཉིད་དོ། །ཡེ་ཤེས་ཀྱི་ཕྱག་རྒྱ་ནི་ཞེས་པ་རབ་ཏུ་ཁྲོས་པའོ། །ཁྲོ་བོའི་
རྡོ་རྗེས་ལ་བཅིང་བ་ནི། །ཞེས་པ་རྡོ་རྗེ་བཅིང་བ་བྱས་ལ་བརྐྱང་སྟེ་ས་ལ་རེག་པར་བྱས་པས་བགེགས་དང་གནོད་པར་བྱེད་པ་མི་འབྱུང་སྟེ་ས་བཅིངས་པར་འགྱུར་རོ། །དེ་ལ་འདིར་ནི་རྡོ་རྗེ་འདོད་པ་ཁྲོ་བོའི་ཕྱག་རྒྱའོ་ཞེས་པ་ཕྱག་ན་རྡོ་རྗེ་ཉིད་འདོད་པ་ཁྲོ་བོའི་ཏིང་ངེ་འཛིན་ལ་གནས་པའི་ཕྱག་རྒྱ་སྟེ། མཛུབ་མོ་རྡོ་རྗེ་ཞེས་བྱ་བ་ནི་
མཛུབ་མོ་གཉིས་སོ་སོར་བསྒྲེང་བ་སྟེ། འདིས་ནི་སེམས་ཅན་ཐམས་ཅད་ལ་དབང་དུ་བྱེད་དོ། །རྡོ་རྗེའི་དམ་ཚིག་ནི་ཞེས་པ་སྤྱིའི་དམ་ཚིག་ཡིན་པའི་ཕྱག་རྒྱའོ། །ལྷ་ཆེན་པོ་ལ་སོགས་པ་འཇིག་རྟེན་པའི་ལྷ་རྣམས་དགུག་པའི་ཕྱག་རྒྱ་བསྟན་པ། རྡོ་རྗེའི་ཕྱག་རྒྱ་གཉིས་བཅིངས་ལ། །ཞེས་པ་ལག་པ་གཉིས་ཁུ་ཚུར་
མཛུབ་མོ་བསྒྲེང་བ་ལས་མཛུབ་མོ་གཉིས་བཀུག་སྟེ་ཕན་ཚུན་སྦྲེལ་ནས་གཅིག་ལ་གཅིག་དྲིལ་ཞིང་དགྲོལ་ལོ། །ཉི་མ་ལ་སོགས་པ་བར་སྣང་གི་ལྷ་རྣམས་དགུག་པའི་ཕྱག་རྒྱ་ནི། རྡོ་རྗེ་བཅིང་བ་བརྟན་བྱས་ལ། །ཞེས་པ་དག་གོ། །རྡོ་རྗེ་བཅིང་བ་ལས་མཛུབ་མོ་གཉིས་སོ་སོར་བཀུག་སྟེ་མཐེ་བོའི་སེན་མོའི་
སྟེང་དུ་བསྣན་ལ་མཐེ་བོང་གཉིས་གཤིབས་པས་གུང་མོ་བཙིར་རོ། །ནམ་མཁའ་ལ་སྤྱོད་པའི་ལྷ་རྣམས་ཀྱི་ཕྱག་རྒྱ་གསུངས་པ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། །ཞེས་པ་དག་གོ། །རྡོ་རྗེ་ཁུ་ཚུར་གཉིས་རྒྱབ་སྤྲད་ལ་མཐེའུ་ཆུང་དང་མཛུབ་མོ་སོ་སོར་སྦྲེལ། གཡོན་པའི་མཐིལ་གྱེན་དུ་བསྟན་ཏེ་བཟློག་པའོ། །
ས་པ་རྣམས་ཀྱི་ཕྱག་རྒྱ་བསྟན་པ། རྡོ་རྗེ་བཅིང་བ་བརྟན་བྱས་ནས། །ཞེས་པ་དག་གོ། །རྡོ་རྗེ་བཅིང་བ་བསྡམས་པ་ས་ལ་རེག་པར་བྱས་པ་ནི་ས་པའི་དམ་ཚིག་གི་ཕྱག་རྒྱ་སྟེ་དགུག་པ་དང་གཞུག་པ་ལ་སོགས་པའི་ལས་ཐམས་ཅད་བྱེད་པ་སྟེ་ཕྱག་རྒྱ་འདི་ལ་སུའང་འགལ་བར་མི་བྱེད་ཅེས་པའི་དོན་ཏོ། །ས་འོག་མ་པ་
རྣམས་དགུག་པའི་ཕྱག་རྒྱ་བསྟན་པ། མཛུབ་མོ་གཉིས་ནི་བརྟན་པོ་རུ། །ཞེས་པ་དག་གོ། །རྡོ་རྗེ་བཅིངས་པ་ལས་མཛུབ་མོ་གཉིས་སྦྲེལ་ཏེ་བསྡམས་ལ་མཐེ་བོང་གཉིས་ཀྱིས་རང་རང་གི་གུང་མོའི་རྩེ་མོ་མནན་པའོ། །ཕྱག་རྒྱ་གོང་མ་རྣམས་རིམ་བཞིན་དུ་སྦྱར་བ་བསྟན་པའོ། །རྡོ་རྗེ་དཀྲི་བ་དང་ཞེས་པ་དག་གོ། །

རྡོ་རྗེ་དཀྲི་བ་ནི་ལྷ་དགུག་པའི་ཕྱག་རྒྱ་དཀྲི་ཞིང་ཕྱིར་དཀྲི་བར་བྱས་པ་སྟེ་ཞེས་བྱ་བས་ནི་རིམ་བཞིན་དུ་སྦྱར་རོ། །དཀྱིལ་འཁོར་དྲི་བའི་ཚེ་ནང་དུ་འཇུག་པ་དང་། ཕྱིར་འབྱུང་བ་དང་། མཆོད་རྟེན་དང་། བླ་མའི་གྲིབ་མ་ལ་སོགས་པ་ལ་འགོམ་པར་མི་རིགས་པ་རྣམས་འགོམ་དུ་མི་རུང་ན། ཨོཾ་བཛྲ་བཻ་ག་ཞེས་བྱ་བའི་སྙིང་
པོ་བཀླགས་ལ་ཡིད་ཀྱིས་བཏེག་སྟེ་འཛུལ་བར་སོམས་ཤིག་པར་སྨྲས་པ། དེ་ལ་རྡོ་རྗེ་ཤུགས་ཀྱིས་བྱ་བ་དག་གོ། །ཡེ་ཤེས་ཀྱི་ཕྱག་རྒྱ་ནི་སེམས་ཀྱི་ཕྱག་རྒྱ་སྟེ། སེམས་ཀྱིས་བསམས་ནས་བསྒྲུབ་པའི་ཕྱིར་རོ། །རྣམ་པར་སྣང་མཛད་ལ་སོགས་པ་སངས་རྒྱས་རྣམས་ལ་ཕྱག་བྱ་བའི་ཕྱག་རྒྱ་བསྟན་པ། དཔུང་
པ་གཉིས་རྡོ་རྗེར་བཅིངས་ཏེ། །ཞེས་བྱ་བ་དག་གོ། །ཁུ་ཚུར་བཅིངས་ཏེ་ལག་ངར་ཕན་ཚུན་བསྣོལ་ལོ། །ལག་པའི་ཕྱག་རྒྱ་དེ་ཉིད་བཅིངས་ལ་ངང་པའི་འགྲོས་ཀྱིས་དཀྱིལ་འཁོར་བསྐོར་ཞིང་སྤྱི་བོ་གཡོན་དུ་བཏུད་དེ་མིག་གིས་ཕྱག་བྱ་བར་བཏུད་དོ། །གཞན་རྣམས་ལ་ནི་པུས་མོ་བཙུགས་ཏེའོ་ཞེས་བྱ་བ་བྱང་ཆུབ་
སེམས་དཔའ་རྣམས་ལ་པུས་མོ་བཙུགས་ཏེ་ཐལ་མོ་སྦྱར་ལ་ཕྱག་བྱའོ། །དེ་ལ་རྡོ་རྗེ་འཛིན་པའི་དམ་ཚིག་གི་ཕྱག་རྒྱ་ཞེས་པ་ལག་པ་གཉིས་གཡས་གཡོན་བསྙམས་ཏེ་རྒྱབ་སྤྲད་ལ་མཐེའུ་ཆུང་དང་མཐེ་བོང་གཉིས་ནང་སྦྲེལ་བ་སྟེ་དེ་ཉིད་ཀྱི་སོར་མོའི་རྩེ་མོས་མེ་ཏོག་བླངས་ལ་སྔགས་འདི་བརྗོད་དེ། སངས་རྒྱས་ལ་
ཕུལ་ན་ཐམས་ཅད་མཉེས་པར་འགྱུར་རོ། །རྡོ་རྗེ་ཀྱོ་བ་ཏང་གི་ཕྱག་རྒྱ་ནི་ཞེས་པ་གོང་མ་བཞིན་དུ་མཛུབ་མོ་རྒྱབ་སྤྲད་པ་ལས་གཡས་པ་བཀུག་ལ་གཡོན་པ་རྩ་བར་བྱས་པའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྟོག་པའི་ཕྱག་རྒྱ་ཞེས་པ་དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་བྱ་སྟེ།
ཐམས་ཅད་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །མཐེ་བོང་སྐྱིལ་མོ་ཀྲུང་བཙུགས་ཏེ། །ཞེས་པ་སྐུའི་ཚུལ་དུ་བསྟན་པ་སྟེ་མཐེ་བོང་གཉིས་བསྣོལ་བ་ནི་སྐྱིལ་མོ་ཀྲུང་དུ་བལྟའོ། །མཛུབ་མོ་གཉིས་ཡིད་ཀྱིས་བཀུག་སྟེ་གུང་མོའི་ཚིགས་དང་པོར་སྤྲད་པ་ནི་སྐུ་ལུས་སུ་བརྟག་གོ། །གུང་མོ་རྩེ་སྤྲད་པ་ནི་དབུར་བརྟག་གོ། །
སྲིན་ལག་དང་མཐེའུ་ཆུང་ཕྱིར་ཕྱར་བ་ནི་འོད་ཀྱི་དཀྱིལ་འཁོར་རོ། །དེ་ནས་བཛྲ་བིད་ཀྱིས་ཡེ་ཤེས་ཀྱི་ཕྱག་རྒྱའོ་ཞེས་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སེམས་ཡོངས་སུ་དག་པའི་རང་བཞིན་མཁྱེན་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་སྟེ། བཛྲ་བིད་ནི་རྡོ་རྗེ་རེག་པ་སྟེ་རྡོ་རྗེ་ནི་ཡེ་ཤེས་ཀྱི་རང་བཞིན་པས་དེ་རྟོགས་པ་ན་རང་གི་སེམས་སོ་

སོར་རྟོགས་པའོ། །ཇི་ལྟར་རྟོགས་ཤེ་ན་གསུངས་པ་སེམས་རྣམ་པར་དག་པར་ཤེས་པར་བྱ་ཞེས་སོ། །ཡང་དག་པར་ན་སེམས་ནི་གསེར་དང་ཤེལ་བཞིན་ཏེ་སྒྲིབ་པ་གང་གིས་ཀྱང་མ་གོས་པར་ཤེས་པར་བྱའོ། །གང་དེ་ལྟར་དག་པ་ལ་གཟུང་བ་དང་འཛིན་པའི་རླུང་གིས་མི་བསྐྱོད་
ཅིང་བརྟན་པར་གྱུར་པའི་སེམས་དེ་ནི་སེམས་དཔའ་ཞེས་བྱའོ། །གང་བརྟན་པ་དེ་ལ་སེམས་རྩེ་གཅིག་ཏུ་དམིགས་པས་ཏིང་ངེ་འཛིན་ཏོ། །ཏིང་ངེ་འཛིན་ཡང་དང་ཡང་དུ་བསྒོམས་པས་ཆོས་ཉིད་ཇི་ལྟ་བ་བཞིན་ངེས་པར་གྱུར་པས་ན་སེམས་ཉིད་རྡོ་རྗེར་གྱུར་ཏོ། །རྡོ་རྗེ་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་བས་ན་སེམས་ཡོངས་
སུ་དག་པ་སྟེ་ཡེ་ཤེས་ཀྱི་རང་བཞིན་ཐོབ་ཅེས་པའོ། །ཡེ་ཤེས་དེ་ལས་ཀྱང་སེམས་ཅན་གྱི་ཡིད་དང་སྦྱར་བའི་ཕྱིར་རྡོ་རྗེ་ཡང་སྣང་བར་གྱུར་ཏོ། །སེམས་དེ་ཡང་སངས་རྒྱས་ཀྱི་རང་བཞིན་ཉིད་དེ། དེ་ཉིད་རྟོགས་པ་སངས་རྒྱས་སོ། །ཞེས་བསྟན་པ། སངས་རྒྱས་ངོ་བོའི་བདག་ཉིད་ཀྱིས། །ཞེས་བྱ་བ་
དག་གོ། །དེ་ལྟར་སེམས་ཀྱི་ངོ་བོ་ཡང་རྟོགས་ཤིང་བསྒོམས་ལ་སངས་རྒྱས་ཀུན་གྱིས་ཀྱང་བསྟངས་ན་སངས་རྒྱས་སུ་འགྱུར་རོ་ཞེས་གསུངས་པ། སངས་རྒྱས་ཀུན་གྱིས་བྱིན་བརླབས་པས། །ཞེས་བྱ་བ་དག་གོ། །དེ་ལྟར་སྒོམ་པའི་ཚེ་ཡང་སྔགས་པས་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་དུ་བྱའོ་ཞེས་
གསུངས་པ་ཕྱག་རྒྱ་ཆེན་པོ་བཅིངས་ནས་བྱ་བ་དག་གོ། །དེ་ལྟར་སེམས་རབ་ཏུ་རྟོག་པ་ལ་ཞུགས་ནས་དོན་ཐམས་ཅད་གྲུབ་པའི་བྱང་ཆུབ་སེམས་དཔའ་རང་གི་སེམས་ལ་རྟོག་ཅིང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཏེ་བྱང་ཆུབ་ཐོབ་པར་འགྱུར་རོ་ཞེས་གསུངས་པ། དེ་བཞིན་
གཤེགས་པ་ཐམས་ཅད་ཀྱིས། །ཞེས་བྱ་བ་དག་གོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་ནི་ལས་ཀྱི་ཕྱག་རྒྱའོ་ཞེས་པ་ཁུ་ཚུར་སོ་སོར་བཅིངས་པ་ལས་ལས་ཀྱི་ཕྱག་རྒྱར་འགྱུར་ཞེས་པའི་དོན་ཏོ། །དེ་ནས་ཕྱག་ན་རྡོ་རྗེའི་ཕྱག་རྒྱ་ཆེན་པོ་ནི་འདིའོ་ཞེས་པ་བསྙེམས་པ་དང་བཅས་པའི་ཕྱག་རྒྱ་འོག་ནས་
འབྱུང་བ་བཞིན་དུ་བཅིངས་པའི་ཕྱག་ན་རྡོ་རྗེ་ཞལ་ཤར་ཕྱོགས་སུ་གཟིགས་པའི་མདུན་ན་རྡོ་རྗེ་ཨ་མྲ་སྟེ་མདའ་གཞུ་ཐོགས་པའི་ལྷ་མོའོ། །གཡས་ཕྱོགས་ན་རྡོ་རྗེ་ཀཱི་ལི་ཀཱི་ལ་སྟེ་དཔུང་པས་འཁྱུད་པར་བྱེད་པའི་ཚུལ་སྟོན་པའོ། །རྒྱབ་ན་ཆུ་སྲིན་གྱི་རྒྱལ་མཚན་ཏེ། ལག་ན་རྒྱལ་མཚན་ཐོགས་པའི་ལྷ་

མོའོ། །གཡོན་ན་རྡོ་རྗེ་བསྙེམས་མ་སྟེ་ལག་པ་སྟ་ཟུར་དུ་བསྟན་ནས་བསྒྱིངས་པའོ། །དེ་ནས་ཉིན་གཅིག་ཅིང་བདག་བྱིན་གྱིས་བརླབས་ནས་ཞེས་པ་ཉིན་གཅིག་ཅིང་དུས་གསུམ་དུ་གྲངས་ཅི་ནུས་པར་སེམས་བདེ་བར་བྱས་ལ། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་བྱས་ལ་རྡོ་རྗེ་
དབྱངས་ཀྱིས་བསྟོད་པར་བྱས་ནས་སྔགས་འོག་ནས་འབྱུང་བ་རྣམས་རྡོ་རྗེའི་ཚིག་གིས་བཟླས་སོ། །སྔགས་ཀྱི་དོན་ནི་རྡོ་རྗེ་སེམས་དཔའ་བདེ་བ་ཆེན་པོ་སྟེ་དགུག་པ་དང་གཞུག་པ་དང་དབང་དུ་བྱ་བ་དང་། མཉེས་པར་བྱ་བ་རབ་ཏུ་དགའ་བར་བྱ་བ་ཁྱོད་ཉིད་དོ་ཞེས་པའི་དོན་ཏོ། །དེ་དག་གི་ཁྱིམ་དུ་གནས་
ཏེ་ལྷའི་རྫུ་འཕྲུལ་བྱེད་དོ་ཞེས་པ་དེ་ལྟར་བཟང་པོར་གྲུབ་པ་སྟེ་རང་གི་གནས་ན་མེ་འབར་བ་དང་ཆུ་འབབ་པ་ལ་སོགས་པའི་རྫུ་འཕྲུལ་ཡང་བྱེད་དོ། །དེ་བཞིན་གཤེགས་པར་གྱུར་ནས་ཞེས་པ་དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོ་གྲུབ་ཅེས་པའི་དོན་ཏོ། །སེམས་ཅན་མ་རུངས་པ་རྣམས་གདུལ་
བའི་ཕྱིར་རྡོ་རྗེ་ཧཱུཾ་ཞེས་པའི་གཟུགས་སུ་ཡང་བསྟན་ཏོ། །གདུལ་བའི་སེམས་ཅན་དེ་དག་གིས་ཀྱང་རྡོ་རྗེ་ཧཱུཾ་ཞེས་པའི་གཟུགས་སུ་མཐོང་ངོ་། །ཚེ་ནམ་མཁའ་དང་མཚུངས་པར་འགྱུར་ཞེས་པ་ཚེ་མཐའ་ཡས་པར་འགྱུར་ཞེས་པའི་དོན་ཏོ། །དེ་ནས་རྡོ་རྗེ་འདོད་པའི་ཁྲོ་བོའི་ཕྱག་རྒྱ་བཅིང་བ་ནི་ཞེས་
པ་ཕྱག་ན་རྡོ་རྗེའི་སྙིང་ག་ནས་བྱུང་བའི་ཁྲོ་བོ་ཕྱག་བཞི་པ་ཕྱག་རྒྱ་ཆེན་པོའི་ཚུལ་ནི་ཕྱག་གཉིས་ན་མདའ་གཞུ་འགེངས་པའོ། །གཡོན་པ་གཅིག་རྡོ་རྗེ་ཁུ་ཚུར་མཛུབ་མོ་བསྒྲེང་བ་སྙིང་གར་གཞུག་གོ། །གཡས་པ་ན་ཡང་ཁྲོ་བོའི་ཁུ་ཚུར་མཛུབ་མོ་བསྒྲེང་བས་བརྒྱང་སྟེ་འཕེན་པ་འདྲ་བར་བྱའོ། །དེ་ནས་
དམ་ཚིག་གི་ཕྱག་རྒྱ་བསྟན་པ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། །ཞེས་བྱ་བ་དག་གོ། །ལག་པ་གཉིས་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་རྒྱབ་སྦྱར་ཏེ་མཐེའུ་ཆུང་སྦྲེལ་ལ་མཛུབ་མོ་གཉིས་ཀྱོ་བ་ཏང་དུ་བྱས་ཏེ། མཐེ་བོང་གཉིས་ཀྱིས་སོ་སོར་སྲིན་ལག་དང་གུང་མོ་མནན་པའོ། །བཅོམ་ལྡན་
འདས་ཕྱག་ན་རྡོ་རྗེ་ལྷ་མོའི་དཀྱིལ་འཁོར་གྱི་དབུས་སུ་བཞུགས་ཤིང་ཞལ་ཤར་ཕྱོགས་སུ་གཟིགས་པའི་ཚེ། གཡས་གཡོན་ན་དགའ་བའི་ལྷ་མོ་བཞུགས་པའི་ལས་ཀྱི་ཕྱག་རྒྱ་བསྟན་པ། རྡོ་རྗེ་ཁུ་ཚུར་གྱིས་འཁྱུད་པའི། །ཞེས་པ་དག་གོ། །ལག་པ་གཉིས་རྡོ་རྗེ་ཁུ་ཚུར་བཅིངས་ལ་ལུས་

གཡོན་དུ་གཡོ་བའི་པད་བར་རྡོ་རྗེ་ཁུ་ཚུར་གྱི་ལག་ངར་གྱིས་ཕྱག་ན་རྡོ་རྗེ་ལ་འཁྱུད་པ་འདྲ་བའི་ཚུལ་བསྟན་པའོ། །དེ་ཉིད་ཀྱི་དམ་ཚིག་གི་ཕྱག་རྒྱ་བསྟན་པ། དམ་ཚིག་ཕྱག་རྒྱ་འབྱུང་སྟེ་ཞེས་བྱ་བ་དག་གོ། །རྡོ་རྗེ་བཅིང་བ་བྱས་ནས་གཡོན་པའི་མཛུབ་མོ་དང་མཐེ་བོའི་རྩེ་མོ་
སྤྲད་དེ། ཡང་མིག་ཏུ་བྱས་པའི་མིག་ཏུ་གཡས་པའི་མཐེ་བོང་བཅུག་སྟེ་བསྐྱེད་དོ། །འདིས་བུད་མེད་ཐམས་ཅད་དགའ་བར་བྱེད་དོ་ཞེས་པ་བུད་མེད་ཐམས་ཅད་དབང་དུ་བྱེད་པའི་ཐ་ཚིག་གོ། །ཡང་ན་བུད་མེད་ནི་ཕྱག་རྒྱ་རྣམས་ལ་བྱའོ། །འདི་བཅིངས་པས་ཕྱག་རྒྱ་རྣམས་མཉེས་པར་འགྱུར་ཏེ།
ཕྱག་རྒྱ་དང་ལྡན་པའི་ལྷ་རྣམས་དགྱེས་པར་འགྱུར་ཞེས་པའི་དོན་ཏོ། །ཕྱག་ན་རྡོ་རྗེའི་རྒྱབ་ན་རྡོ་རྗེ་ཆུ་སྲིན་གྱི་རྒྱལ་མཚན་ལྷ་མོའི་ཕྱག་རྒྱ་བསྟན་པ་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་རྒྱལ་མཚན་འཛིན་པའི་ཚུལ་དུ་བྱའོ་ཞེས་པ་གཡོན་པའི་ཁུ་ཚུར་བསྒྲེང་བ་གཡས་པའི་ཁུ་ཚུར་གྱིས་བཟུང་བ་ལྟར་བྱའོ། །དེ་ཉིད་ཀྱི་
དམ་ཚིག་གི་ཕྱག་རྒྱ་གསུངས་པ། དམ་ཚིག་གི་ཕྱག་རྒྱ་འབྱུང་སྟེ་ཞེས་བྱ་བ་དག་གོ། །རྡོ་རྗེ་བཅིང་བ་བྱས་ནས་མཛུབ་མོ་གཉིས་རྩེ་སྤྲད་དེ་དགུག་སྲིན་ལག་དང་མཐེའུ་ཆུང་སོ་སོར་སྦྱར་ཏེ་བསྒྲེང་ལ་ཁ་གདངས་པ་ལྟར་བྱ་མཐེ་བོ་གཉིས་ཕྱིར་དགྱེད། ཕྱག་ན་རྡོ་རྗེའི་གཡོན་ཕྱོགས་ན་རྡོ་རྗེ་བསྙེམས་མའི་ལྷ་
མོའི་དམ་ཚིག་གི་ཕྱག་རྒྱ་བསྟན་པ་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་སྙེམས་པར་བྱེད་པ་ནི་ཞེས་བྱ་བ་དག་གོ། །རྡོ་རྗེ་བཅིང་བ་བྱས་ལ་དེ་ཉིད་ཀྱི་རྩིབ་ལོགས་གཡས་གཡོན་དུ་བསྐོར་ཞིང་འགྱིང་བར་བྱའོ། །རྡོ་རྗེ་བསྙེམས་མའི་ཚུལ་གྱིས་གར་བྱས་ལ་མཆོད་ན་མེ་ཏོག་ལ་སོགས་པ་ཐམས་ཅད་ཀྱིས་ཀྱང་མཆོད་
པར་འགྱུར་རོ་ཞེས་བསྟན་པ། རྡོ་རྗེ་བསྙེམས་པ་མཆོག་དང་བཅས། །ཞེས་བྱ་བ་དག་གོ། །མེ་ཏོག་ལ་སོགས་པ་མདོར་བྱ་བ་ནི་མེ་ཏོག་དང་དྲི་དང་བདུག་པ་ལ་སོགས་པའི་མཆོད་པ་ཡང་གར་གྱི་ནང་དུ་འདུས་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་འདུས་པ་ལ་སོགས་པ་རྒྱུད་གཞན་ལས་འབྱུང་བའི་མཆོད་
པ་དང་ཡང་སྦྱར་རོ་ཞེས་སྨྲས་པ་རྟོག་པ་གཞན་གྱི་གསང་བའི་མཆོད་པ་དང་ཡང་སྦྱར་ཞེས་བྱའོ། །རྡོ་རྗེ་གར་གྱི་ཚུལ་ནི་རྡོ་རྗེ་ཁུ་ཚུར་གཉིས་བསྣོལ་ཏེ་རྟིང་སྦྱར་བ་ལས་བསྐོར་ཏེ་མཐེའུ་ཆུང་རྡོ་རྗེའི་སྐུའི་གསང་བའོ། །ལུས་དང་ངག་སེམས་རྡོ་རྗེ་ཡིས། །ཞེས་པ་རྡོ་རྗེའི་ཡེ་ཤེས་ཀྱི་མཚན་མའོ། །ཡེ་ཤེས་

ཀྱི་ལུས་དང་ངག་དང་སེམས་བྱིན་གྱིས་བརླབས་པས་ན་དེ་སྐད་ཅེས་བྱའོ། །དེ་ལ་ལུས་རྡོ་རྗེར་བྱིན་གྱིས་བརླབ་པ་ནི་ལྷའི་སྐུའི་གསང་བ་སྔོན་དུ་དམིགས་པ་སྟེ་དེ་ཉིད་ཀྱང་སེམས་ཀྱི་རང་བཞིན་རྡོ་རྗེ་ལས་གྱུར་པར་རྟོགས་པའོ། །ཤེས་པ་ཡོངས་སུ་དག་པ་དེ་ལས་རྣམ་པར་གྲོལ་བའི་ཚིག་ཏུ་བརྗོད་པ་དེ་ནི་
རྡོ་རྗེས་བྱིན་གྱིས་བརླབ་པའི་ངག་གོ། །སེམས་ཉིད་ཟླ་བའི་དཀྱིལ་འཁོར་གྱི་གཟུགས་སུ་གྱུར་པ་ལ་སོགས་པའོ། །དེ་ཉིད་རབ་ཏུ་བསྒོམས་པས་ན་སྔགས་པ་ཉིད་ཕྱག་ན་རྡོ་རྗེའི་ཕྱག་རྒྱ་ཆེན་པོའི་རང་བཞིན་དུ་གྱུར་ནས་མཐོ་རིས་དང་ས་འོག་ཡན་ཆད་ཀུན་དུ་འགྲོ་བ་དང་ནམ་མཁའ་ལ་གྱེན་དུ་འཕར་བ་དང་།
བྱང་ཆུབ་ཀྱི་སེམས་འདོད་པ་ཞེས་བྱ་བ་འམ་འདོད་པ་རྣམ་ལྔ་ཀུན་ལ་དབང་བྱེད་པའི་ཕྱག་ན་རྡོ་རྗེ་དང་མཚུངས་པར་འགྱུར་རོ། །དེ་ནས་དམ་ཚིག་གི་ཕྱག་རྒྱའོ་ཞེས་པ་རྡོ་རྗེ་བཅིང་བ་བྱས་པ་ལས་མཐེ་བོང་དང་མཐེའུ་ཆུང་གཉིས་རྩེ་མོ་ལྟར་བསྒྲེང་ལ། དེ་གཉིས་ཀྱི་བར་དབུས་སུ་གུང་མོ་གཉིས་སྦྱར་ཏེ་རྡོ་རྗེ་རྩེ་མོ་ལྟར་
བྱས་ཏེ་སྤྱིར་ན་རྡོ་རྗེ་རྩེ་ལྔ་པའི་ཚུལ་དུ་བཅིང་། རྡོ་རྗེ་ཆེན་པོ་བསྒྲེང་བར་བྱ། །ཞེས་པ་རྡོ་རྗེ་རྩེ་ལྔ་པ་ཉིད་རྡོ་རྗེ་ཆེན་པོ་སྟེ་སྙིང་གར་གཞག་ཅེས་པའི་དོན་ཏོ། །རྡོ་རྗེ་སེམས་དཔའི་སྙེམས་ཐུབ་ཀྱིས། །ཞེས་པ་ཕྱག་རྒྱ་དེ་བཅིང་བའི་ཚེ། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་བྱ་ཞེས་པའི་དོན་ཏོ། །
དེ་ལ་ཡེ་ཤེས་ཀྱི་ཕྱག་རྒྱ་ནི་འདིའོ་ཞེས་པ་ཕྱག་ན་རྡོ་རྗེའི་ཡེ་ཤེས་ཀྱི་རང་བཞིན་བྱང་ཆུབ་ཀྱི་སེམས་ཡོངས་སུ་དག་པ་ཟླ་བའི་དཀྱིལ་འཁོར་དུ་གྱུར་ལ། དེ་ཉིད་ཡང་དང་ཡང་དུ་བསྒོམས་པས་གཞན་གྱིས་མི་ཤིགས་ཤིང་གཞན་ལ་མི་འཇིགས་པས་ན་རྡོ་རྗེའི་རང་བཞིན་དུ་གྱུར་ཏེ། དེ་ལ་ཕྱག་ན་རྡོ་རྗེའི་
སྐུར་བསྒོམས་ན་འགྲུབ་པར་འགྱུར་རོ། །གང་དུ། རྡོ་རྗེ་བསྙེམས་པ་ཀུན་བྱེད་པ། །ཞེས་འབྱུང་བ་དེ་ཉིད་ཇི་ལྟར་བྱས་པའི་ཐབས་གསུངས་པ། དེ་ནས་རྡོ་རྗེ་བསྙེམས་པ་བཅིང་། །ཞེས་བྱ་བ་དག་གོ། །བསྙེམས་པ་ནི་འགྱིང་བའི་ཚུལ་དང་བཅས་པ་སྟེ། ཇི་ལྟར་བསྙེམས་ཤེ་ན་རྡོ་རྗེ་གསོར་ཞེས་བྱ་བ་
ལ་སོགས་པའོ། །རྡོ་རྗེ་ཁུ་ཚུར་བཅིངས་ལ་ལག་པ་གཡས་པ་རྡོ་རྗེ་གསོར་ཞིང་གྱེན་དུ་འདྲེན་པའི་ཚུལ་དུ་སྙིང་གར་གཞག །གཡོན་པ་མཁལ་ལྟག་ཏུ་བརྟེན་ནོ། །བསྙེམས་ཞེས་འབྱུང་བས་ན་གཡོན་པ་གསལ་བར་མ་བཤད་ཀྱང་མཁལ་ལྟག་ཏུ་བརྟེན་ཏེ་གཞག་པར་རིགས་སོ། །དེ་ལ་བཅོམ་

ལྡན་འདས་ཀྱི་འདོད་པའི་ཕྱག་རྒྱ་བཅིང་བ་འདིའོ་ཞེས་པ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའོ། །ཀུན་ལ་བསྣུན་ནས་ཆགས་པར་བྱེད། །ཅེས་པ་ནི་ཡེ་ཤེས་ཀྱི་མདས་བསྐུལ་ནས་ཕྱག་ན་རྡོ་རྗེ་བྱང་ཆུབ་ཀྱི་སེམས་ཉིད་ལ་ཆགས་པར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་
དབང་བསྐུར་བའི་ཕྲེང་བའི་ཕྱག་རྒྱ་བཅིང་བ་ནི་ཞེས་པ་སངས་རྒྱས་ལྔའི་དབུ་རྒྱན་གྱིས་བྱང་ཆུབ་སེམས་དཔའ་རྣམས་ལ་དབང་བསྐུར་བའི་ཕྱག་རྒྱའོ། །དེ་བཞིན་གཤེགས་པའི་སྐུའི་ཕྱག་རྒྱ་ནི་གོང་དུ་སྨོས་པ་མཐེ་བོ་སྐྱིལ་མོ་ཀྲུང་ཞེས་བྱ་བ་ལ་སོགས་པ་ཉིད་དོ། །དེ་ཉིད་གཙུག་ཏོར་དུ་གཞག་པ་ནི་རྣམ་
པར་སྣང་མཛད་ཀྱིས་དབང་བསྐུར་བའོ། །དེ་ནས་དབང་བསྐུར་བའི་གནས་འཁྲུལ་བར་གཞག་པ་ནི་མི་བསྐྱོད་པས་དབང་བསྐུར་བའོ། །གུང་མོ་རྡོ་རྗེར་བྱས་ཞེས་པ་ནི་དབུས་ཀྱི་གུང་མོ་རྩེ་སྤྲད་པ་རྡོ་རྗེ་རྩེ་མོ་ལྟར་བསྡམས་ཞེས་པའི་དོན་ཏོ། །གཡས་ཕྱོགས་སུ་རྣ་བའི་གོང་དུ་གཞག་པ་ནི་རིན