Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 56

Văn bản gốc(Tây Tạng)

Trang 17 / 20 (50.000 ký tự/trang)
ྲས་ཏེ། འདོད་པ་ལའང་མ་རེག་པར་སྤྱོད་ཅེས་པའི་དོན་ཏོ། །འདིའི་སྙིང་པོ་སྟེ་ཞེས་པ་འདོད་པ་ཁྲོ་བ་ནི་ཕྱག་ན་རྡོ་རྗེའི་སྙིང་པོ་སྟེ་ཐབས་དང་ཤེས་
རབ་ཏུ་ལྡན་པའི་གཟུགས་སོ། །རེག་པས་བདེ་བ་སྟེ་ཞེས་བྱ་བ་རྡོ་རྗེ་དགའ་བ་ཞེས་བྱ་བ་དེ་སེམས་ཅན་ཐམས་ཅད་ཀྱི་ལུས་རེག་ནས་དགའ་བར་བྱེད་པའོ། །བདག་ཆེ་བ་ནི་དེའི་རྒྱལ་མཚན་ཏེ་ཞེས་བྱ་བ་ཕྱག་ན་རྡོ་རྗེའི་རྒྱལ་མཚན་ཏེ། བྱང་ཆུབ་སེམས་དཔའ་ལ་སོགས་པ་
ཐམས་ཅད་ཀྱི་བྱམས་པ་སྐྱེ་ཞིང་སློང་བར་བྱེད་པ་དང་ཕོངས་པ་ལ་ནོར་སྦྱིན་པའོ། །བདག་ཆེ་བའི་བདུད་དེ་ཞེས་བྱ་བ་ནི་ཕྱག་ན་རྡོ་རྗེ་ཉིད་ཀྱི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་རབ་ཏུ་གསོད་པའི་ཕྱིར་བདུད་དོ། །གང་གྲྭ་བཞི་པ་འདི་རྣམས་ནི་དུས་ཀྱི་མཆོད་པ་ཞེས་པ་ཕྱི་ནང་གི་ལྷ་མོ་
བརྒྱད་ཀྱིས་མཆོད་པས་ནི་མཆོད་པ་ཐམས་ཅད་འདུས་པར་བསྟན་ཏེ། དུས་བཞིན་སྐྱེ་ཞིང་འབྱུང་བའི་གཟུགས་ལ་སོགས་པ་ཐམས་ཅད་འདུས་པར་བསྟན་ཏོ། །མིག་དང་ཆགས་པ་དང་མཛའ་བ་དང་མི་མཛའ་བ་སྟེ་ཞེས་པ་ཀྱོ་བ་ཏང་ལ་སོགས་པའི་རྒྱུད་བསྟན་པ་སྟེ་
མིག་གིས་མཐོང་ནས་དགུག་པས་ན་མིག་ནི་ཀྱོ་བ་ཏང་གི་རྒྱུའོ། །ཆགས་པ་ནི་འཇུག་པའི་རྒྱུ་སྟེ་ཆགས་ཤིང་འདོད་པས་ན་འཇུག་གོ། །མཛའ་བ་ནི་འཆིང་བའི་རྒྱུ་སྟེ་གང་ལ་ཞེན་པ་དེ་ཉིད་ཀྱིས་འཆིང་བའི་ཕྱིར་རོ། །མི་མཛའ་བ་ནི་ཆགས་པ་མེད་པའི་དོན་ཏོ། །མ་ཆགས་པས་ན་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་བརྗོད་ཅིང་སེམས་དཔའ་ཐམས་ཅད་ཀྱང་མཉེས་པར་བྱེད་དོ། །རྒོལ་བར་མི་འགྱུར་རོ་ཞེས་པ་ཀྱོ་བ་ཏང་ལ་སོགས་པ་སྒོ་བས་བསྒོས་པའི་ཕྱིར་དེའི་མཚམས་ལས་སུ་ཡང་མི་རྒོལ་ལོ། །དེ་ནས་སློབ་དཔོན་གྱིས་སློབ་མ་ལ་ཚིག་བསྟན་པ་
འདི་སྐད་སྨྲོས་ཤིག །ཁྱོད་ཀྱིས་ཀྱང་བཅོམ་ལྡན་འདས་འདོད་པ་ཐམས་ཅད་ཀྱི་བདག་པོ་ལ་སྨད་པར་མ་བྱེད་ཅིག་ཅེས་བྱ་བ་ནི་ཕྱག་ན་རྡོ་རྗེ་ལ་མི་སྨད་པར་བསྟན་པ་སྟེ། དེ་ནི་ཉེ་བར་བསྟན་པ་ཙམ་དུ་ཟད་ཀྱི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་

མི་སྨད་ཅེས་བྱ་བའི་དོན་ཏོ། །འདོད་ཆགས་དང་བྲལ་བར་ཡང་མི་ཞེས་བྱ་བ་གོང་དུ་བཤད་པ་དེ་ལ་འགའ་ཞིག་ན་རེ་སངས་རྒྱས་ཀྱི་བསྟན་པ་ལ་འདོད་ཆགས་དང་བྲལ་བ་དམ་པའོ་ཞེས་ཟེར་བ་དེ་ལྟ་བུ་ཞེས་པའི་ལན་དུ་གང་སངས་རྒྱས་ཀྱི་བསྟན་པ་ལ་ཞེས་བྱ་བ་ལ་སོགས་
པའོ། །སེམས་ཅན་ཐམས་ཅད་ཉོན་མོངས་པ་ལས་རྣམ་པར་དག་པའི་ཕྱིར། ཉོན་མོངས་པའི་ཆོས་འདོད་པ་རྣམ་པ་ལྔ་ལ་ཆགས་པའི་འདོད་ཆགས་དང་བྲལ་བར་འཆད་ཀྱི་བྱང་ཆུབ་སེམས་དཔའ་ལ་འདོད་ཆགས་དང་བྲལ་བར་མི་འཆད་དོ། །ཅིའི་ཕྱིར་
ཞེ་ན། ཕྱི་རོལ་གྱི་མུ་སྟེགས་ཅན་རྣམས་ནི་བྱང་ཆུབ་ཀྱི་སེམས་སེམས་ཅན་སྨིན་པར་བྱ་བ་དང་། གྲོལ་བར་བྱས་ལ་ཆགས་པ་མེད་པར་ཡང་ཐར་པར་འདོད་དོ། །བདག་གི་ཆུང་མས་ཀྱང་སེམས་ཅན་སྡུད་པར་བྱེད་དེ་ཞེས་པ་ཆུང་མ་ནི་རང་གི་རྣམ་པར་གྲོལ་བའི་
མཚན་མ་ཕྱག་རྒྱ་ལ་བྱ་སྟེ། རྣམ་པར་གྲོལ་བའི་མཚན་མ་དེས་སེམས་ཅན་མགུ་བར་བྱེད་དོ། །འདོད་ཆགས་ནི་བྱང་ཆུབ་ཏུ་བསྟན་པའོ་ཞེས་པ་སེམས་ཅན་སྨིན་པ་དང་གྲོལ་བ་ལ་ཆགས་པ་ནི་བྱང་ཆུབ་ཏུ་འགྱུར་བས་བྱང་ཆུབ་ཅེས་བྱའོ། །བཅོམ་ལྡན་འདས་
གྲུབ་པས་ན་འདོད་པའི་ཁྲོ་བོ་གྲུབ་པར་འགྱུར་རོ་ཞེས་པའི་སྙིང་པོ་གོང་མ་བསྒྲུབས་པས་ཕྱག་ན་རྡོ་རྗེ་འགྲུབ་པོ། །ཕྱག་ན་རྡོ་རྗེ་གྲུབ་པས་འདོད་པ་ཁྲོ་བོ་ཡང་གྲུབ་སྟེ། ཅིའི་ཕྱིར་ཞེ་ན། འདོད་པ་ཁྲོ་བ་ཞེས་བྱ་བ་སྙིང་པོ་འདི་དག་ཆེ་བ་ཕྱག་ན་རྡོ་རྗེའི་སྙིང་པོ་ཡིན་པའི་
ཕྱིར་རོ། །ཕྱག་རྒྱ་ཆེན་པོ་ཤེས་པར་སློབས་ཤིག་ཅེས་པ་དཀྱིལ་འཁོར་དེར་ཞུགས་ནས་ལྷའི་ལུས་ཀྱི་གསང་བ་ཕྱག་རྒྱ་ཆེན་པོའི་རང་བཞིན་ཤེས་པར་སློབས་ཤིག །དེའི་རང་བཞིན་ཡང་ཆོས་ཐམས་ཅད་སེམས་ཙམ་དུ་ལུང་དང་རིགས་པས་བསྒྲུབས་ཏེ་སྟོང་པ་ཉིད་དུ་
མོས་པར་བྱའོ། །དེ་ནས་སེམས་ཅན་གྱི་ཐ་སྙད་ལ་ལུས་མེད་པར་མི་འགྲུབ་པས་ན་ལྷའི་ལུས་བསྐྱེད་པའི་ཕྱིར། བྱིན་གྱིས་བརླབ་དང་དབང་དང་ཏིང་ངེ་འཛིན་དང་མཆོད་པ་ལ་སོགས་པ་ཕྱག་རྒྱ་ཆེན་པོའི་ཡན་ལག་ཏུ་གཏོགས་སོ། །ཆོ་ག་ཤེས་པར་སློབས་ཤིག་པའི་

ཐ་ཚིག་གོ། །དེ་ནས་བཅོམ་ལྡན་འདས་ཀྱི་དམ་ཚིག་གི་ཕྱག་རྒྱ་དང་ཞེས་པ་ཕྱག་ན་རྡོ་རྗེའི་དམ་ཚིག་གི་ཕྱག་རྒྱ་རྡོ་རྗེ་རྩེ་ལྔ་པ་བཅིངས་ལ་བཅོམ་ལྡན་འདས་ཀྱི་རྡོ་རྗེ་སྙིང་པོ་ཊཀྐི་ཧཱུཾ་ཛ་ཞེས་བྱ་བ་བཟླས་ནས་སློབ་མའི་ལག་པ་གཉིས་སུ་རྡོ་རྗེ་སྦྱིན་ནོ། །དེ་ལ་རྡོ་རྗེ་རྩེ་ལྔ་
པའི་ཕྱག་རྒྱ་ནི་རྡོ་རྗེ་བཅིངས་པ་ལས་གུང་མོ་གཉིས་ལྟོ་སྦྱར་ལ་རྩེ་མོར་བྱས་ཏེ་མཐེའུ་ཆུང་དང་མཐེ་བོང་བཞི་སོ་སོར་བསྒྲེངས་ཏེ་རྩེ་མོ་བཞིར་བྱས་པའོ། །དེ་ནས་ལག་ཏུ་རྡོ་རྗེ་སྦྱིན་པའི་སྔགས་འདི་བཟླས་སོ། །ཨོཾ་ནི་སྔ་མ་བཞིན་ནོ། །བཛྲ་དྷ་ར་ནི་བོད་པ་སྟེ། རྡོ་རྗེ་འཛིན་པ་སྔགས་པ་ཉིད་ལ་
བྱའོ། །བཛྲ་བྷྲ་ཏཾ་དྷ་ར་ཡ་སིདྷ་ཞེས་བྱ་བ་ནི་རྡོ་རྗེའི་བརྟུལ་ཞུགས་འཛིན་པར་གྲུབ་ཅིག་པའི་དོན་ཏོ། །ཊཀྐི་ཧཱུཾ་ཛ་ནི་སྙིང་པོ་འདིས་བྱིན་གྱིས་རློབས་ཤིག་པའི་དོན་ཏོ། །ལག་ཏུ་རྡོ་རྗེ་སྦྱིན་པ་ཡང་ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་སྦྱིན་པའི་དོན་ཏོ། །དེ་ནས་སློབ་མའི་ལག་ཏུ་མེ་ཏོག་ཕྲེང་བ་
ཡོད་པ་ཕྱག་ན་རྡོ་རྗེ་ལ་ཕུལ་ནས་མེ་ཏོག་དེ་སློབ་མའི་མགོ་ལ་བཅིང་ངོ་། །དེ་ནས། རྡོ་རྗེ་མིང་གི་དབང་སྦྱིན་ནོ། །ཞེས་པ་དཀྱིལ་འཁོར་དུ་ཞུགས་ནས་དཀོན་མཆོག་གསུམ་ལ་ཕྱོགས་ཤིང་བསྒྱུར་བའི་ཕྱིར་མིང་ཡང་བརྗོད་དགོས་ཏེ་དེ་བས་ན་སྔགས་འདི་སྨྲས་ཏེ་མིང་གདགས་སོ། །
སྔགས་ཀྱི་དོན་ནི་འདོད་པ་ཐམས་ཅད་ཀྱི་དབང་པོར་རྡོ་རྗེའི་དབང་བསྐུར་ཏེ། རྡོ་རྗེའི་མིང་འདི་ཅེས་བྱ་བ་བསྟན་པར་གྱུར་ཅིག་ཅེས་བྱ་བའི་ཐ་ཚིག་གོ། །དེ་ནས་དེར་འདུག་སྟེ་ཕྱག་རྒྱ་ཆེན་པོ་བཅིངས་ནས་ཞེས་པ་དཀྱིལ་འཁོར་གྱི་སྒོ་དེར་འདུག་ལ་ཕྱག་ན་རྡོ་རྗེའི་རྣལ་འབྱོར་བྱས་ནས་ཊཀྐི་ཧཱུཾ་ཛ་
ཞེས་བྱ་བའི་སྙིང་པོ་བརྒྱ་སྟོང་བཟླས་སོ། །དེ་ནས་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་ཞེས་པ་ཕྱག་ན་རྡོ་རྗེའི་དམ་ཚིག་གི་ཕྱག་རྒྱ་གོང་དུ་སྨྲས་པའོ། །རྡོ་རྗེའི་སྙིང་པོ་དབང་དུ་འགྱུར། །ཞེས་བྱ་བ་ཕྱག་ན་རྡོ་རྗེའི་སྙིང་པོ་ཊཀྐི་ཧཱུཾ་ཛ་ཞེས་བྱ་བ་ཉིད་དུ་འགྱུར་ཏེ་ཇི་ལྟར་འདོད་པ་ཉིད་དུ་སྙིང་པོ་དེ་སྒྲུབ་ཅེས་པའི་དོན་ཏོ། །
ཡང་ཕྱག་ན་རྡོ་རྗེའི་སྙིང་པོ་དབང་དུ་འགྱུར་ཏེ་ཇི་ལྟར་འདོད་པ་བཞིན་དུ་དེས་སྦྱོར་བའོ། །སྙིང་ཤེས་པ་དང་ཞེས་པ་གཞན་གྱི་སེམས་ཤེས་པའོ། །སྙིང་ལ་དབང་བྱེད་པ་ནི་སེམས་དབང་དུ་གྱུར་པའོ། །ཐམས་ཅད་ཀྱི་སྙིང་བརྟན་པར་ཆགས་སོ་ཞེས་པ་ཐམས་ཅད་ཀྱི་སེམས་བདག་ལ་དུས་ཐམས་ཅད་དུ་

ཆགས་ཤིང་བྱམས་པར་འགྱུར་རོ། །སྙིང་ཐམས་ཅད་ལས་ཚིག་ཐོས་པར་འགྱུར་རོ་ཞེས་པ་གཞན་གྱི་ཡིད་ལ་ཅི་བསམས་པ་སྒྲར་གྱུར་ནས་ཐོས་པར་འགྱུར་རོ། །གྱུར་པ་དང་འགྱུར་བ་དང་ཞེས་པ་ལ་འདས་པ་དང་མ་འོངས་པ་དང་ད་ལྟར་གྱི་ཆོས་རྣམས་བདག་གིས་ལུང་བསྟན་ཞིང་སྨྲས་པ་ཐམས་
ཅད་བདེན་པར་འགྱུར་རོ། །བདག་གི་སྙིང་ལས་ཀྱང་ཆོ་འཕྲུལ་རྣམ་བཞི་ཞེས་པ་ཡིད་ཀྱིས་བསམས་པ་ཙམ་གྱིས་ཆོ་འཕྲུལ་རྣམ་བཞི་བདག་རང་གིས་ཀྱང་མཐོང་ཞིང་གཞན་ལ་ཡང་བསྟན་ཏོ། །ཆོ་འཕྲུལ་བཞི་ནི་འབར་བ་དང་། གདུང་བ་དང་། སྣང་བ་དང་ཆར་འབེབས་པའོ། །དེ་ལ་འབར་བ་ནི་
བདག་གི་ལུས་ལ་མེ་འབར་བའོ། །གདུང་བ་ནི་ཀུན་ལ་ཚ་བས་གདུང་བར་བྱེད་པའོ། །སྣང་བ་ནི་ཕྱོགས་ཀུན་འོད་ཀྱིས་གསལ་བར་བྱེད་པའོ། །ཆར་འབབ་པ་ནི་བསམས་པ་ཙམ་གྱིས་འབབ་པར་འགྱུར་རོ། །དེའི་སྙིང་ལས་རྡོ་རྗེ་འབྱུང་བར་འགྱུར་རོ་ཞེས་པ་བསྒོམས་པའི་མཐུས་སྙིང་གར་རྡོ་རྗེ་རྩེ་ལྔ་པ་
གཟུགས་བརྙན་དུ་སྣང་སྟེ་དེ་ཕྱིན་ཆད་གཞན་གྱིས་མི་གསོད་གནོད་པར་བྱར་མི་ཚུགས་མཚོན་གྱིས་མི་ཆོད་སོ་སོར་དབྱེར་མི་ཕྱེད་པའི་ལུས་སུ་འགྱུར་རོ། །དེ་ནས་གསང་བའི་མཆོད་པ་བྱས་ཏེ་ཞེས་པ་དཀྱིལ་འཁོར་གྱི་མཇུག་བསྡུ་བའི་ཚེ་མཆོད་ཅིང་བསྟོད་ནས་སླར་གཤེགས་སུ་གསོལ་
བའི་ཆོ་གའོ། །གསང་བ་ནི་དམ་ཚིག་མི་ཤེས་པ་དང་མ་དད་པ་རྣམས་ལ་མི་བསྟན་པ་སྟེ་ཕྱག་ན་རྡོ་རྗེ་ལ་བུད་མེད་ཀྱི་དཀྱིལ་འཁོར་གྱིས་མཆོད་པ་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་དང་བྲལ་བ་མ་ཡིན་ནོ་ཞེས་སྐྱོན་འདོགས་པའི་ཕྱིར་ཀུན་ལ་མི་བསྟན་ཏོ། །ཡང་ན་འདོད་པའི་
ཁམས་ཀྱི་ལྷ་བསྙེམས་པ་ཅན་རྣམས་ཟིལ་གྱིས་མནན་པའི་ཕྱིར་རང་གི་ཡོན་ཏན་སྣ་ཚོགས་པ་ལྷ་མོའི་གཟུགས་སུ་སྤྲུལ་ནས་མཆོད་པར་བྱེད་པའི་དོན་ཟབ་མོ་འདི་ལྟ་བུ་གཞན་གྱིས་མི་ཤེས་པའི་ཕྱིར་ཡང་གསང་བ་ཞེས་བྱའོ། །རྡོ་རྗེའི་སྙིང་པོས་བསྟོད་པའི་གླུས་བསྟོད་དོ་
ཞེས་པ་རྡོ་རྗེ་སྙིང་པོ་ནི་ཕྱག་ན་རྡོ་རྗེ་ཉིད་ལ་བྱ་སྟེ། དེ་ལ་བསྟོད་པའི་ཚིགས་གཟུགས་ལ་སོགས་པ་འོག་ནས་འབྱུང་བའི་ཚིག་ལ་སོགས་པའི་བསྟོད་པ་རྣམས། ཤརྫ་དང་དེ་བ་ཏ་དང་། གྷནྡྷ་ར་ལ་སོགས་པའི་གླུ་དང་སྦྱར་ཏེ་བསྟོད་དོ། །གསང་བའི་མཆོད་པ་ཐམས་ཅད་མྱུར་དུ་འགྲུབ་པར་འགྱུར་

རོ་ཞེས་པ་གསང་བའི་མཆོད་པ་གོང་དུ་སྨོས་པ་རྣམས་ཀྱིས་ཕྱག་ན་རྡོ་རྗེའམ་བདག་ལ་མཆོད་པར་འགྲུབ་པོ། །དེ་ནས་མཆོད་པ་ཐམས་ཅད་ཀྱིས། །ཞེས་པ་ཕྱི་ནང་གི་ལྷ་མོ་ཐམས་ཅད་ཀྱིས་སོ་སོའི་ཕྱོགས་ཕྱོགས་ནས་དཀྱིལ་འཁོར་དུ་བཞུགས་པའི་ལྷ་ཐམས་ཅད་ལ་མཚུངས་པར་
མཆོད་ནས་དེར་འདུས་པའི་སློབ་མ་དང་འཁོར་རྣམས་ལ་ཟས་འདོད་པ་རྣམས་ཀྱང་ཅི་བདོག་པའི་ཁ་ཟས་ཀྱི་རོ་ཐམས་ཅད་ཀྱིས་མགུ་བར་བྱའོ། །ཁ་ཟས་དོན་དུ་མི་གཉེར་བ་རྣམས་ཀྱང་སྤྱད་པ་རྣམ་པ་བཞི་སྟེ། འགྲོ་སྡོད་འདུག་ཉལ་གྱི་ཚུལ་བསྟན་པས་ཡི་རངས་པར་བྱས་ཏེ་སོ་སོར་དགྱེས་
པར་བྱའོ། །ཁ་ཅིག་འཆད་པ་ནི་དཀྱིལ་འཁོར་གྱི་རྗེས་ལ་སློབ་དཔོན་དང་སློབ་མ་ཐམས་ཅད་འདུས་ཏེ་ལྷ་བཤོས་རྣམས་ལ་ཅི་འདོད་པར་ཟོས་ཏེ་སྙིང་ཚིམ་པར་བྱ་དགོས་ཞེས་ཀྱང་ཟེར་ཏེ། སྔགས་པ་ལྷ་བཤོས་མི་བཟའ་བར་གཞུང་གཞན་དག་ལས་ཀྱང་འབྱུང་ལ་ལྷའི་ཕ་འབབ་བཟའ་བ་
ཉིད་ལྷ་མཉེས་པར་བྱའི་རྒྱུར་ཞེས་སྙམ་ཡང་མི་བྱེད་ཀྱིས་བཤད་པ་ནི་སྔ་མ་ལེགས་པ་འདྲ། དེ་ནས་རྡོ་རྗེ་དཀྱིལ་འཁོར་དུ། །ཞེས་པ་རྡོ་རྗེའི་དཀྱིལ་འཁོར་རྡོ་རྗེའི་ཕྲེང་བས་སྦྲེལ་བ་ལ་སོགས་པ་ཆོ་ག་གཞན་ཐམས་ཅད་ནི་གོང་མ་བཞིན་ནོ། །རྡོ་རྗེ་འདོད་པ་ནི་ཁྲོ་བོ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའོ། །སོགས་
པའི་སྒྲས་ནི་ནང་གི་མཆོད་པ་དང་འཁོར་གྱི་རྣམས་བྲིའོ། །ཕྱིའི་མཆོད་པ་དང་སྒོ་བ་རྣམས་ཀྱང་དེ་བཞིན་ནོ། །ཕྱག་རྒྱ་ཅི་བཞིན་ཤེས་པ་ནི། །ཕྱག་རྒྱ་ཆེན་པོ་རྣམས་བྲི་སྟེ། །སྐུ་གཟུགས་སུ་གཞག་ཅེས་པའི་དོན་ཏོ། །བཅུག་ལ་མཆོད་པའི་ལྷའི་རྡོ་རྗེ་གར་དང་མཆོད་པས་ཞེས་པ་དཀྱིལ་འཁོར་དུ་སློབ་
དཔོན་དང་སློབ་མ་གཉིས་ཞུགས་ནས་མཆོད་པའི་ལྷ་མོ་གར་དང་ཕྲེང་བ་གླུ་ལ་སོགས་པའི་སྦྱོར་བས་མཆོད་ལ་སྙིམ་པ་ཡང་མེ་ཏོག་གིས་བཀང་སྟེ་གསོལ་ལོ། །དེ་ནས་སློབ་དཔོན་གྱིས་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་བྱས་ལ་ལག་ཏུ་གསེར་དངུལ་
ལམ་ཟངས་ལས་བྱས་པའི་རྡོ་རྗེ་རྩེ་ལྔ་པ་བླངས་ནས་ཊཀྐི་ཧཱུཾ་ཛ་ཞེས་བྱ་བའི་སྙིང་པོ་འབུམ་བཟླས་སོ། །རྡོ་རྗེ་གླུ་དང་རྡོ་རྗེ་བཟླས་པས་ཞེས་པ་སྔར་དེའི་གླུ་དང་སྦྱར་ཏེ་བརྩམས་ལ། རྡོ་རྗེ་བཟླས་པས་འབུམ་ཚད་བར་བྱའོ། །ནང་པར་རྡོ་རྗེ་འཛིན་ཏམ་ཁྲོ་བོ་ཞེས་པ་རྡོ་རྗེ་

འཛིན་པ་ནི་རྡོ་རྗེ་སེམས་དཔའ་ཞི་བའི་སྐུའོ། །ཁྲོ་བོ་ནི་རྡོ་རྗེ་ཧཱུཾ་ཀ་རའི་སྐུའོ། །དེ་ནས་དམ་ཚིག་གི་དཀྱིལ་འཁོར་ཏེ་ཞེས་པ་ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་ཆེན་པོ་གང་དུ་སྨོས་པ་གྲུ་བཞི་པ་ལ་སོགས་པའི་ཚུལ་བཞིན་དུ་ཐིག་བཏབ་སྟེ། དེ་ནས་ནང་རིམ་གྱི་སྟེགས་བུ་གྲུ་བཞི་རི་
མོར་བྲིས་ལ། དེའི་དབུས་སུ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཇི་ལྟར་གོང་དུ་བཤད་པའི་ཚུལ་བཞིན་དུ་བཞུགས་པར་བྱ་སྟེ། དེའི་སྙིང་པོ་འདིས་བྱིན་གྱིས་བརླབ་པོ། །དེ་ལ་ཏེ་ཛོ་བཛྲ་སཏཱ་ནི་བོད་པའི་ཚིག་གོ། །སུ་ར་ཏ་སྟཾ་ནི་ཁྱོད་ནི་རབ་ཏུ་དགའ་བའོ་ཞེས་
རང་བཞིན་པའོ། །དེའི་སྤྱན་སྔར་རྡོ་རྗེ་གཞུ་འགེངས་པའམ་ཞེས་པ་ཕྱག་ན་རྡོ་རྗེ་ཞལ་ཤར་ཕྱོགས་སུ་གཟིགས་པའི་མདུན་དུ་རྡོ་རྗེ་གཞུ་འགེངས་པ་གཟུགས་ཉིད་དུ་བྲི་བའམ་ཡང་ན་དེའི་ཕྱག་རྒྱ་གཞུ་བྲིའོ། །དེའི་ངག་གི་ཕྱག་རྒྱ་ནི་བཛྲ་ཤྲཱི་ཧཱུཾ་ཞེས་པ་སྟེ། ཡེ་ཤེས་
ཀྱི་མདའ་གཞུས་ཉོན་མོངས་པ་གསོད་པའི་དོན་ཏོ། །དཀྱིལ་འཁོར་འདི་ནི་རྡོ་རྗེ་གཞུ་འགེངས་པ་དང་། རྡོ་རྗེ་དགའ་བས་འཁྱུད་པ་ལ་སོགས་པ་བཞི་ཆར་བུད་མེད་ཀྱི་ཚུལ་དུ་བྲིའོ། །གཡས་སུ་རྡོ་རྗེ་དགའ་བས་འཁྱུད་པར་བྱའོ་ཞེས་པ་ཕྱག་ན་རྡོ་རྗེའི་གཡས་ལོགས་
སུ་རྡོ་རྗེ་དགའ་བ་ཞེས་བྱ་བའི་ལྷ་མོ་རྡོ་རྗེ་ཁུ་ཚུར་བཅིངས་པས་ཕྱག་ན་རྡོ་རྗེ་ལ་འཁྱུད་པ་ལྟ་བུར་སྟོན་པའོ། །དེའི་ངག་གི་ཕྱག་རྒྱ་བཛྲ་ཀཱི་ལི་ཧཱུཾ་ཞེས་པ་སྟེ། ཡེ་ཤེས་ཀྱིས་སེམས་ཅན་གྱི་དོན་དུ་རོལ་ཅིང་གདུག་པ་ཐག་འཛུད་པའི་དོན་ཏོ། །མཛད་པའི་རྡོ་རྗེ་བྲི་ཞེས་པ་
སེམས་ཅན་ཐམས་ཅད་ལ་བྱམས་ཤིང་ཆགས་པའི་དོན་སྟོན་པའོ། །དེའི་ངག་གི་ཕྱག་རྒྱ་ནི་བཛྲ་གྲྀ་ཧོ་སྟེ་ཀྱེ་རྡོ་རྗེ་གཙོ་བོ་ཞེས་རང་བཞིན་བརྗོད་པའོ། །རྡོ་རྗེ་གཡོན་དུ་སྦྱོར་བར་བྱ། །ཞེས་པ་ནི། རྡོ་རྗེ་ཁུ་ཚུར་གཉིས་སྟ་ཟུར་གཉིས་སུ་བསྟེན་ལ་གཡོན་དུ་
འདུད་པར་བྱའོ། །དེའི་ངག་གི་ཕྱག་རྒྱའི་དོན་ནི་རྡོ་རྗེ་བསྙེམས་པར་གྱིས་ཤིག་པར་བསྟན་པའོ། །དེ་ནས་གྲྭ་དང་སྒོར་ཡང་རང་གི་ལྷ་མོ་བྲི་ཞེས་པ་དཀྱིལ་འཁོར་གྱི་ནང་གི་གྲྭར་དུས་བཞིའི་ལྷ་མོ་དང་། གཟུགས་ལ་སོགས་པའི་ལྷ་མོ་རྣམས་བྲི་སྒོ་བཞིར་

ཡང་ཀྱོ་བ་ཏང་ལ་སོགས་པ་བྲིའོ། །དེ་ནས་རྡོ་རྗེ་སློབ་དཔོན་ཉིད་ཤིན་ཏུ་ཆས་ལ་ཞེས་བྱ་བ་བྱང་ཆུབ་ཀྱི་སེམས་བསྐྱེད་ཅིང་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་གྱིས་ཤིན་ཏུ་ཆས་པའོ། །བུད་མེད་ཀྱང་བརྒྱན་ཏེ་ཞེས་པ་བུད་མེད་ནི་སློབ་དཔོན་རང་གི་རྣམ་པར་གྲོལ་བའི་ཕྱག་རྒྱ་ལ་བྱ་སྟེ། དེ་
བརྒྱན་པ་ནི་བྱང་ཆུབ་ཀྱི་སེམས་དང་ལྡན་པས་རྡོ་རྗེ་ཁུ་ཚུར་ཡང་བཅིངས་ལ་དཔུང་པ་གཉིས་ཀྱིས་འཁྱུད་པའི་ཚུལ་དུ་བསྟན་ཞིང་དཀྱིལ་འཁོར་དུ་ཞུགས་ལ་སྔགས་བརྗོད་དོ། །ས་མ་ཡ་སྟྭཾ་ནི་ཁྱེད་ཡེ་ཤེས་ཀྱི་རང་བཞིན་ནོ་ཞེས་སྨྲས་སོ། །ཨ་ཧཾ་སུ་ར་ཏ་ཞེས་བྱ་བ་ནི་བདག་ཀྱང་ཤིན་ཏུ་དགའོ་
ཞེས་བསྟན་པའོ། །དེ་བས་ན་འདོད་པའི་ཁྲོ་བོའི་རང་བཞིན་ནོ། །དེ་ནས་བརྗོད་པ་ཙམ་གྱིས་ཞེས་པ་སྔགས་དེ་བཀླགས་པ་ཙམ་གྱིས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཉིད་ཀྱི་སྐུ་སྟོན་པར་མཛད་དེ། ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཡང་འགྲུབ་པར་འགྱུར་རོ། །དམ་ཚིག་ཐམས་ཅད་གྲུབ་པ་ཡང་སྩོལ་ཏོ་
ཞེས་པ་འདིའི་སྐབས་སུ་དམ་ཚིག་ནི་ཤེས་པ་ལ་བྱ་སྟེ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ལ་སོགས་པ་འཐོབ་བོ། །དེ་ནས་སློབ་མ་ཡང་དེ་བཞིན་དུ་སྙིང་པོའི་རྗེས་སུ་བཅུག་ནས་ཞེས་པ་སྙིང་བོ་རྡོ་རྗེ་ནི་རྡོ་རྗེ་ཧཱུཾ་ཀ་རའི་སྙིང་པོའི་ཕྱག་རྒྱ་མཛུབ་མོ་གཉིས་བསྒྲེང་བའོ། །བདག་ཆེ་ཀུན་གྱི་ཕྱག་རྒྱ་ནི། །ཞེས་པ་སངས་
རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ནི་བདག་ཆེ་བ་སྟེ་ཡོན་ཏན་ཀུན་གྱིས་འཕགས་པའི་ཕྱིར་རོ། །དེའི་ཕྱག་རྒྱ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བཞི་རྣམས་ཏེ། བྱང་ཆུབ་ཀྱི་སེམས་འདོད་པའི་རང་བཞིན་དང་མ་རུངས་པ་འདུལ་བ་ཁྲོ་བོའི་རང་བཞིན་ཅན་དུ་འབྱུང་སྟེ་བྱང་ཆུབ་ཀྱི་སེམས་མེད་ན་ཕྱག་རྒྱ་མི་
འགྲུབ་པའི་ཕྱིར་རོ། །བསམ་པ་ཞེས་བྱ་བ་ནི་སྐབས་འདིར་ཁྲོ་བོའི་བསམ་པ་ལ་བྱའོ། །སྡིག་མེད་ཅེས་བྱ་བ་ནི་སློབ་མ་ལ་རིམ་གྲོའི་ཚུལ་དུ་བོད་པའོ། །འདོད་དང་བསམ་པ་མ་གཏང་ཞིག །ཅེས་པ་བྱང་ཆུབ་ཀྱི་སེམས་འདོད་པའི་རང་བཞིན་དང་མ་རུངས་པ་འདུལ་བའི་ཐབས་ཁྲོ་བ་མ་བཏང་ཞིག་དེ་སྐད་བསྒོ་ནས་
དྲི་ཆུ་ལ་སྔགས་འདི་བཏབ་སྟེ་བླུད་དོ། །སྔགས་ཀྱི་དོན་ནི་སྔགས་བཤད་པའོ། །དངོས་པོ་གཞན་ཐམས་ཅད་ཀྱི་ཕྱིར་ཡང་ཞེས་པ་དམ་ཚིག་མི་བསྙད་པ་འབའ་ཞིག་གི་ཕྱིར་འདིས་བསྔགས་ཏེ་བླུད་པ་ཡིན་གྱི་གཞན་ཡང་མནས་བསྒག་གོ། །ཆོ་ག་འདིས་བསྔགས་ཏེ་བླུད་དོ་ཞེས་པ་མནས་

བསྒགས་པ་དེ་དག་ལ་ཡང་ཕྱག་ན་རྡོ་རྗེའི་རྣལ་འབྱོར་དུ་བྱས་པའི་ལག་ནས་བླུད་དོ། །དེ་ནས་ཕྱག་རྒྱ་བཅིང་བ་བསླབ་པོ་ཞེས་པ་ཕྱག་རྒྱ་རྣམ་པ་བཞི་བསླབ་པོ། །དེ་ནས་དེ་བཞིན་དུ་འབྱུང་ངོ་ཞེས་པ་ཅི་ལྟར་གོང་དུ་ཟས་དང་སྤྱོད་པས་ཚིམ་པར་བྱས་ཏེ་གྱེས་སོ་ཞེས་བྱ་བ་བཞིན་དུ་འདིར་ཡང་
བྱའོ། །དེ་ནས་ལས་ཀྱི་དཀྱིལ་འཁོར་དེ་བཞིན་དུ་བྲིས་ནས་ཞེས་པ་དཀྱིལ་འཁོར་ཆེན་པོ་བཞིན་དུ་སྲད་བུ་བྲེས་ནས་དཀྱིལ་འཁོར་གྱི་ལྷ་རྣམས་ཆ་ལུགས་སམ་ཕྱག་རྒྱའི་མཚན་མ་གཞག་པར་བྱའོ། །དེར་བཙུད་ནས་ལས་བཞི་བསླབ་པར་བྱའོ་ཞེས་པ་ཞི་བ་དང་རྒྱས་པ་
ལ་སོགས་པའི་ལས་རྣམ་བཞི་སློབ་མས་བསླབ་པའམ་བདག་རང་གིས་བྱའོ། །ཡང་ན་ལས་རྣམ་བཞི་ནི་མོད་བཞིན་དུ་འབྱུང་བ་བཞིན་རྣམས་ལ་བྱའོ། །དེ་ལ་དང་པོ་ནི་འདོད་པ་ཐམས་ཅད་སྩོལ་བར་འགྱུར་ཏེ་ཞེས་པ་ལས་དང་པོ་ནི་ཡིད་ལ་བསམས་པའི་འདོད་པ་ཐམས་
ཅད་འགྲུབ་པར་འགྱུར་ཏེ། ཕྱག་ན་རྡོ་རྗེའི་ཕྱག་རྒྱ་ཆེན་པོ་བཅིངས་ནས་ཊཀྐི་ཧཱུཾ་ཛ་ཞེས་བྱ་བའི་སྙིང་པོ་བཟླས་སོ། །དེ་ནས་ཁྲོ་བོའི་ལས་བརླབ་སྟེ། །ཞེས་པ་ལས་གཉིས་པ་ཧཱུཾ་ཀ་རའི་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་བྱས་ལ་ཊཀྐི་ཧཱུཾ་ཛ་ཞེས་བྱ་བའི་སྙིང་པོ་བཟླས་ཤིང་སྔར་
བསྙེན་པ་བྱས་ལ་སྙིང་པོ་ཐང་ཅིག་བཟླས་པ་དང་། ཧཱུཾ་ཞེས་བྱ་བའི་སྙིང་པོ་མཛུབ་མོ་བསྒྲེང་སྟེ་ཐང་ཅིག་བསྡིགས་པས་དེ་བཞིན་གཤེགས་པ་ཡང་རང་གི་གནས་ནས་བསྐྱོད་དེ་སྔགས་པའི་དྲུང་དུ་བྱོན་གྱི་བར་དུ་བཟླས་སོ། །དེ་ཕྱིན་ཆད་འགྲོ་བ་སྟེ། སེམས་ཅན་ལ་
སོགས་པ་འགུལ་བ་རྣམས་དང་། གནས་ཏེ་རི་ལ་སོགས་པ་ཐམས་ཅད་ཀྱང་འགྱེལ་བར་ནུས་སོ། །དེ་ནས་ཕྱག་ན་རྡོ་རྗེ་ལས་འབྱུང་སྟེ་ཞེས་པ་ལས་གསུམ་པ་སྟེ། སེམས་ཅན་ཐམས་ཅད་གོང་དུ་སྨོས་པ་ལྟ་བུའི་འདོད་པ་དང་ཁྲོ་བར་འདུལ་བར་འདོད་ན་རྡོ་རྗེ་འཛིན་མའི་ཕྱག་རྒྱ་
གོང་དུ་སྨོས་པ་བཅིངས་ལ་ཊཀྐི་ཧཱུཾ་ཛ་ཞེས་བྱ་བའི་སྙིང་པོ་ཟློས་ཤིང་མེ་ཏོག་ལ་སོགས་པ་མཆོད་པ་ལྔས་མཆོད་པར་བྱ་སྟེ་དེ་ནས་ཕྱག་ན་རྡོ་རྗེའི་སྙིང་པོའི་ཕྱག་རྒྱ་མཛུབ་མོ་གཉིས་བསྒྲེང་བ་སྙིང་གར་བཅིངས་ཏེ་ཊཀྐི་ཧཱུཾ་ཛ་བཟླས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་དུ་བྱ་བར་འདོད་ན་

ཞེས་པ་ལས་བཞི་པ་སྟེ་དེ་བཞིན་གཤེགས་པ་ལྔ་ཉིད་གྲུབ་པར་འདོད་ན་ཕྱག་ན་རྡོ་རྗེའི་སྤྱན་སྔར་བྱང་ཆུབ་ཀྱི་སེམས་རྣམ་པ་ལྔ་གོང་དུ་སྨོས་པ་གང་ཡང་རུང་བ་བསྐྱེད་ལ། ཕ་རོལ་ཏུ་ཕྱིན་པ་དྲུག་ཅི་ནུས་པར་སྒོམ་ཞིང་ཊཀྐི་ཧཱུཾ་ཛ་རྟག་ཏུ་བཟླས་ནས་ས་བཅུ་ལ་གནས་
ཏེ་སེམས་ཅན་གྱི་དོན་དུ་བྱ་བ་དེ་བཞིན་གཤེགས་པའི་ཕྲིན་ལས་ཐམས་ཅད་མཛད་པའི་བྱང་ཆུབ་སེམས་དཔར་འགྱུར་རོ་དེ་ནས་བསྒྲུབ་པ་འབྱུང་སྟེ་ཞེས་པ་ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་བཞི་གོང་དུ་སྨོས་པ་དེ་རྣམས་ཀྱི་སྒྲུབ་པ་བཤད་པར་བྱའོ། །སྒྲུབ་པ་ལ་ཡན་ལག་གི་གཙོ་བོ་སློབ་མ་སྣོད་དུ་རུང་བ་
སྟེ་དེ་ལ་བསྟེན་ཅིང་སྒྲུབ་ཏུ་བཅུག་ན་དོན་དུ་འགྱུར་བའི་ཕྱིར་རོ། །དེ་བས་ན་སྣོད་མ་ཡིན་པ་ལ་སྔགས་མི་སྦྱིན་ཞེས་སྨྲས་པ། དཀྱིལ་འཁོར་དུ་ནི་མ་ཞུགས་པ་ལ་ཞེས་བྱ་བ་ལ་སོགས་པའོ། །ཆོ་ག་བཞིན་དུ་དཀྱིལ་འཁོར་དུ་མ་ཞུགས་པ་དང་། དཀྱིལ་འཁོར་དུ་ཞུགས་ཀྱང་རིགས་བཞིའི་
སྤྱིའི་དམ་ཚིག་དང་རིགས་སོ་སོའི་དམ་ཚིག་མི་ཤེས་པ་དང་། སློབ་དཔོན་རང་གིས་དཀྱིལ་འཁོར་དུ་གཞུག་པ་མ་ཡིན་པ་གཞན་རྣམས་ལ་སྔགས་ཀྱི་སྙིང་པོ་མི་སྦྱིན་ནོ། །མི་ཟད་ཅེས་བྱ་བ་ནི་སྔགས་ཀྱི་སྙིང་པོ་མི་ཟད་པ་སྟེ་བསོད་ནམས་དང་ཡེ་ཤེས་ཟད་མི་ཤེས་པར་འབྱུང་བའི་ཕྱིར་རོ། །
འདི་ནི་དཀྱིལ་འཁོར་སྒྲུབ་སྟེ་ཞེས་གོང་བཞིན་འོག་ནས་དཀྱིལ་འཁོར་མཐོང་བར་སྒྲུབ་པ་ཞེས་འབྱུང་བ་ཉིད་ལ་བྱ་སྟེ་གོང་དུ་སྨོས་པའི་དཀྱིལ་འཁོར་གང་ཡང་རུང་བ་མཐོང་ནས་དཀྱིལ་འཁོར་དེ་ཉིད་དུ་ཕྱག་ན་རྡོ་རྗེའི་སྤྱན་སྔར་ཊཀྐི་ཧཱུཾ་ཛ་ཞེས་པ་འབུམ་བཟླས་ནས་ལས་གང་བྱེད་ཀྱང་
རུང་སྟེ་ཕྱག་ན་རྡོ་རྗེ་ལ་སྤྱིའི་བསྙེན་པ་བྱས་པར་འགྱུར་ཏེ། འོག་ནས་འབྱུང་བའི་ལས་ཐམས་ཅད་ཀྱང་དང་པོར་བསྙེན་པ་འདི་མི་སྦྱར་མི་རུང་ངོ་། །འོག་ནས་ཕྱག་ན་རྡོ་རྗེའི་རྟོག་པའི་ལེའུ་ལ་བཟླས་སོ་ཞེས་འབྱུང་བ་ཐམས་ཅད་ནི་ཊཀྐི་ཧཱུཾ་ཛ་ཞེས་བྱ་བའི་སྙིང་པོ་འདི་བཟླས་པ་རིག་པར་བྱའོ། །དེ་ནས་
རས་ལ་བྲིས་ཏེ་རས་ཀྱི་དབུས་སུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དྲི་ཞེས་པ་རས་གཙང་མ་སྐྲ་དང་བལ་བུ་མེད་པ་ཁ་ཚར་མ་བཅད་པ་སར་པ། མ་མཐུད་པ་ལ་རི་མོ་མཁན་གསོ་སྦྱིན་གྱི་ཡན་ལག་སྡོམ་པ་ཅན་ཚོན་རྩི་སྤྱིན་མེད་པ་གཙང་མས་བྲིས་ཏེ། མན་ཆད་ཀྱང་བསྒྲུབ་པའི་རི་མོ་ཐམས་

ཅད་ནི་ཆོ་ག་བཞིན་དུ་བྱའོ། །དབུས་སུ་རྣམ་པར་སྣང་མཛད་བྲིས་ལ། དེའི་གཡས་སུ་ཕྱག་ན་རྡོ་རྗེ་སྙིང་ག་ནས་སྙིང་པོ་འདོད་པ་དང་ཁྲོ་བོའི་གཟུགས་ཁ་དོག་དམར་པོ་ཕྱག་བཞི་ལ་གཉིས་ན་མདའ་གཞུ་འགེངས་པ། གཉིས་ན་རྡོ་རྗེ་ཧཱུཾ་ཀ་རའི་ཕྱག་རྒྱ་མཛུབ་མོ་གཉིས་བསྒྲེང་སྟེ་བརྐྱང་བསྐུམ་དུ་གནས་པ་བྲིའོ། །གཉིས་ནི་
པདྨོའི་ཏིང་ངེ་འཛིན་ཅེས་བྱ་བ་ཕྱག་གཡོན་པས་པདྨོ་བཟུང་ལ་གཡས་པས་དེའི་ལོ་མ་ཁ་འབྱེད་པ་སྟེ། དེའི་དོན་ཇི་ལྟར་པདྨོ་འདམ་གྱིས་མ་གོས་པ་བཞིན་དུ་ཁམས་གསུམ་གྱི་ཉེས་པས་མ་གོས་པར་བརྟག་པའོ། །མེ་ཏོག་གི་གཞི་ནི་མེ་ཏོག་གིས་བརྒྱན་པའི་གཞི་སྟེ། ཐབས་དང་ཤེས་རབ་ཀྱི་མཚན་མའོ། །
སྤྱན་སྔར་དེ་བཞིན་དུ་ཞེས་པ་རྣམ་པར་སྣང་མཛད་ཀྱི་སྤྱན་སྔར་ཕྱག་ན་རྡོ་རྗེ་འདོད་པ་དང་ཁྲོ་བའི་རང་བཞིན་ཏེ་དེ་རྣམས་བྲིའོ། །གྲྭར་མཆོད་པའི་ལྷ་རང་གི་མཆོད་པས་འགྲམ་པ་དང་མགོ་བོར་ཞེས་པ་རས་ཀྱི་གྲྭ་བཞིར་མཆོད་པའི་ལྷ་མོ་གོང་དུ་སྨོས་པའི་དུས་བཞིའི་རྣམས་མེ་ཏོག་ལ་སོགས་པ་རང་གི་
མཆོད་པའི་ཐལ་མོས་འགྲམ་པ་དང་མགོ་བོ་ལ་སོགས་པ་སྦྱར་བ་ནི་ཐལ་མོ་གར་ཐབས་སུ་བསྐོར་ཞིང་འགྲམ་པ་གཡས་གཡོན་དང་སྤྱི་བོར་དགྲོལ་ལོ། །དེ་ལྟར་བྲིས་པ་དེའི་སྤྱན་སྔར་ཆོ་ག་བཞིན་དུ་བཟླས་སོ། །བཟླས་པའི་ཚེ་ཕྱག་བྱ་བ་དང་། སྡིག་པ་བཤགས་པ་དང་། གསོལ་བ་གདབ་པ་ལ་སོགས་
པ་བདག་སྦྱང་བ་དང་། སྤྱན་དྲང་བ་དང་། བྱིན་གྱིས་བརླབ་པ་དང་། དབང་བསྐུར་བ་དང་། ཏིང་ངེ་འཛིན་དང་། མཆོད་པ་དང་དགུག་པ་དང་། གཞུག་པ་ལ་སོགས་པ་སྟེ་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་དུ་བྱ་བའི་ཆོ་ག་དང་། བསྐྲད་པ་དང་། མཚམས་བཅད་པ་དང་བསྲུང་བ་ལ་སོགས་པའི་ཆོ་ག་བཟླས་པར་བྱ་
སྟེ་འོག་ནས་འབྱུང་བའི་བཟླས་སོ་ཞེས་ཟེར་བ་ཐམས་ཅད་ལ་ཡང་དེ་བཞིན་དུ་སྦྱར་རོ། །དུས་བཞིར་སྟོང་བཟླས་ཤིང་ཞེས་པ་ནང་པར་དང་། ཉི་མའི་གུང་དང་། དགོངས་ཀ་དང་། ནམ་ཕྱེད་ཀྱི་དུས་རེ་རེ་ཞིང་ཡང་སྟོང་བཟླས་སོ། །དེ་བཞིན་གཤེགས་པ་སྩོལ་བར་འགྱུར། །ཞེས་པ་དེ་བཞིན་
གཤེགས་པའི་ཕྱག་རྒྱ་ཆེན་པོ་གྲུབ་པ་བཅོམ་ལྡན་འདས་ཀྱིས་སྩོལ་བར་འགྱུར་རོ། །རས་ལ་བཅོམ་ལྡན་འདས་ཀྱི་དཀྱིལ་འཁོར་གྱི་ཚུལ་བྲིས་ལ་ཞེས་པ་ཕྱག་ན་རྡོ་རྗེ་དབུས་ཀྱི་གཙོ་བོར་བཞུགས་ལ་གོང་དུ་སྨོས་པའི་དཀྱིལ་འཁོར་ཐམས་ཅད་བྲིའོ། །འདོད་པ་ཐམས་ཅད་ཟོས་ལ་

ཞེས་པ་ཤ་དང་ཆང་དང་སྒོག་པ་ལ་སོགས་པ་སྔགས་པས་བཟའ་བར་མི་རིགས་པ་མ་གཏོགས་པ་གཞན་ཅི་དགའ་བར་ཟོས་ནས་བཟླས་སོ། །རས་ལ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་བཞིན་དུ་བྲིས་ལ་ཞེས་པ་ཕྱག་ན་རྡོ་རྗེ་ཉག་གཅིག་ཕྱག་བཞི་ལ་སོགས་པ་ཇི་ལྟར་
གོང་དུ་སྨོས་པ་བཞིན་དུ་བྲིའོ། །རས་ལ་བཅོམ་ལྡན་འདས་རྡོ་རྗེ་འདོད་པ་ཁྲོ་བོ་དེ་བཞིན་དུ་བྲིས་ལ་ཞེས་པ་འདོད་པ་ཁྲོ་བོ་ཕྱག་ན་རྡོ་རྗེའི་སྙིང་ག་ནས་བྱུང་བ་གོང་དུ་སྨོས་པ་བཞིན་དུ་བྲིའོ། །རྡོ་རྗེ་སྙིང་པོའི་ཕྱག་རྒྱ་ནི་རྡོ་རྗེ་ཧཱུཾ་ཀ་རའི་ཕྱག་རྒྱ་མཛུབ་མོ་གཉིས་བསྒྲེང་བའོ། །དེས་ཀྱང་
ལོངས་སྤྱོད་པར་ནུས་ན། ཞེས་པ་སངས་རྒྱས་ཀྱི་ཞིང་གྲངས་མེད་པ་ནས་བདེ་བ་ཐམས་ཅད་བཀུག་ལ་སྔགས་པ་ལ་བྱིན་ནས་སྔགས་པས་ཀྱང་ལོངས་སྤྱད་པར་ནུས་ན་ལྷའི་བུ་མོ་འཇིག་རྟེན་གྱི་ཁམས་འདི་ནི་གནས་པ་ལྷ་དགུག་ཅིང་སྤྱད་པ་ཅི་དཀའ་ཕྱག་ན་རྡོ་རྗེའི་སྤྱན་སྔར་རྡོ་རྗེ་སྙིང་
པོའི་ཕྱག་རྒྱ་བཅིངས་ནས་ཞེས་པ་ཆ་ལུགས་སམ་བྲིས་པའི་སྤྱན་སྔར་ཕྱག་རྒྱ་མཛུབ་མོ་གཉིས་བསྒྲེང་བ་བཅིང་ངོ་། །རྡོ་རྗེ་བཞག་སྟེ་དེའི་མདུན་དུ་འབུམ་བཟླས་ན་ཞེས་པ་གསེར་དངུལ་ལམ་ཟངས་ཀྱི་རྡོ་རྗེ་མདུན་དུ་བཞག་ནས་བཟླས་སོ། །ཕྱག་རྒྱ་ཆེན་པོ་བཅིངས་ནས་ཞེས་པ་ཕྱག་ན་རྡོ་
རྗེའི་ལུས་ཀྱིས་གསང་བའི་རྣལ་འབྱོར་བྱས་ནས་སོ། །དམ་ཚིག་གི་ཕྱག་རྒྱ་བཅིངས་ནས་ཞེས་པ་ཕྱག་ན་རྡོ་རྗེའི་དམ་ཚིག་ཕྱག་རྒྱ་རྡོ་རྗེ་རྩེ་ལྔ་པ་གོང་དུ་སྨོས་པའོ། །ལག་པ་གཉིས་རྡོ་རྗེ་བཅིངས་པ་བསྡམས་ལ་ཞེས་པ་རྡོ་རྗེའི་བཅིང་བ་ནི་ལག་པ་གཉིས་གཡས་པ་གོང་དུ་བྱས་ནས་
སོར་མོ་བསྣོལ་ཏེ་ཆང་པ་བསྡམས་པའོ། །དཔལ་མོ་ལ་བལྟས་ཏེ་འབུམ་བཟླས་ན་དབང་དུ་འགྱུར་རོ་ཞེས་པ་དཔལ་མོ་ལ་བུད་མེད་ཀྱི་ཆ་ལུགས་ལག་ན་དཔལ་མོ་ཐོགས་པ་བྲི་བའམ་བྱས་པ་ལ་བལྟས་ཏེ་བཟླས་ན་དེ་ཉིད་དབང་དུ་འགྱུར་ཏེ་ཅི་བསྒོ་བ་བྱེད་དོ། །མཚོ་དབྱངས་མ་ལ་བལྟས་
ཏེ་ཞེས་པ་ལྷ་མོ་ས་ར་སྭ་སྟི་ནི་ངག་ལ་དབང་ཐོབ་པ་སྟེ། དེ་གྲུབ་ན་བདག་གིས་ཇི་སྐད་སྨྲས་པ་སྟེ་ཀུན་ཀྱང་བརྩོན་པར་འགྱུར་ལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཙུག་ལག་དང་། བཟོ་དང་སྨན་ལ་སོགས་པའི་རྣམ་པར་ཤེས་པ་ཐམས་ཅད་ཤེས་པར་འགྱུར་རོ། །

གྲུབ་བྱེད་མ་བཟུང་ནས་ཞེས་པ་གཅེར་བུ་བའི་བུད་མེད་ཀྱི་གཟུགས་ཤིག་ཡོད་པའི་ཆ་ལུགས་ལ་ལག་པས་བཟུང་ནས་བཟླས་སོ། །ས་ལ་བཉྫི་ཀ་ནི་གནོད་སྦྱིན་མ་བུད་མེད་ཀྱི་གཟུགས་སོ། །རི་ལ་འཛེགས་ཏེ་འབུམ་བཟླས་ན་རྩི་ཐམས་ཅད་དབང་དུ་འགྱུར་རོ་ཞེས་པ་རི་ལས་སྐྱེས་པའི་རྩི་ཐམས་ཅད་བདག་གིས་
མཐོང་ཞིང་བརྩལ་ན་རྙེད་པར་འགྱུར་རོ། །ཕྱུགས་ཐམས་ཅད་ལ་དབང་དུ་འགྱུར་རོ་ཞེས་པ་འགྱེན་འཕྲ་དང་རྒལ་གཙོ་ལ་སོགས་པ་མི་བྱེད་པའོ། །གནས་ཆེན་པོར་འབུམ་བཟླས་ནས་ཞེས་པ་ཚོང་པ་ཕྱོགས་བཞི་ནས་འདུ་བའི་ཐུན་མོང་གི་གནས་སོ། །གཙུག་ལག་ཁང་དུ་འབུམ་བཟླས་ན་ཞེས་པ་དེ་ན་གནས་པའི་
ལྷ་ཀླུ་ལ་སོགས་དང་རབ་ཏུ་འབྱུང་བ་དག་གིས་ནོར་སྟེར་རོ། །ལྷའི་རྟེན་དུ་འབུམ་བཟླས་ན་ཞེས་པ་ལྷ་ཆེན་པོ་ལ་སོགས་པ་འཇིག་རྟེན་པའི་ལྷའོ། །ཅང་མི་ཟེར་བར་འབུམ་བཟླས་ན་ཞེས་པ་སྒྲ་མི་འབྱུང་བར་ཡིད་ཀྱིས་བཟླས་པའོ། །ལྐུགས་པའི་བརྟུལ་ཞུགས་ཀྱིས་ཞེས་པ་མི་སྨྲ་བའི་དཀའ་ཐུབ་ཀྱང་
བླངས་ལ་སྔགས་ཡིད་ཀྱིས་བཟླས་སོ། །འཇོམས་པ་ལ་སོར་མོ་བཙུགས་ཏེ་འབུམ་བཟླས་ན་ཞེས་པ་འཇོམས་པ་ནི་སྒྲིབ་པ་ཐམས་ཅད་འཇོམས་པར་བྱེད་པ་སྟེ། རང་གི་རྣམ་པར་གྲོལ་བའི་མཚན་མ་ཕྱག་རྒྱ་ལ་བྱའོ། །ཕྱག་རྒྱ་པདྨོ་ལ་མཛུབ་མོས་བཙུགས་ཏེ་བཟླས་སོ། །འོག་ནས་འབྱུང་བ་ཞེས་བྱ་བ་ཡང་
རྣམ་པར་གྲོལ་བའི་ཕྱག་རྒྱ་པདྨོ་ལ་བྱའོ། །འདོད་པའི་བདག་པོ་དང་དབང་པོ་དང་བྱེད་པ་པོ་དང་ཞེས་པ་གོང་དུ་ཕྱག་ན་རྡོ་རྗེའི་སྤྱན་སྔར་ཕྱག་རྒྱ་ཆེན་པོ་བཅིངས་ལ་དཀྱིལ་འཁོར་ཆེན་པོར་འདུག་ནས་བཟླས་པའི་འབྲས་བུ་སྟེ་འདོད་པ་ནི་བྱང་ཆུབ་ཀྱི་སེམས་སོ། །དེ་ལ་གཙོ་བོར་སྤྱོད་པས་ན་བདག་པོའོ། །ཡང་ན་
འདོད་པ་རྣམ་པ་ལྔ་ལ་དབང་བྱེད་པས་ན་བདག་པོར་གྱུར་ཀྱང་ལ་ལ་ལ་བར་ཆད་དུ་བྱུང་བ་སྲིད་དེ། དེ་བས་ན་མི་མཐུན་པའི་ཕྱོགས་མེད་པས་ན་དབང་པོའོ། །བྱེད་པ་པོ་ནི་འཇིག་རྟེན་པ་ལྟར་གྲགས་པ་ཙམ་དུ་བསྟན་པར་ཟད་དེ་དབང་ཕྱུག་ལ་སོགས་པ་བྱེད་པ་པོར་འདོད་པ་བཞིན་དུ་སྔགས་ཀྱི་མཐུས་འདིར་
ཡང་བྱེད་པ་པོ་ལ་སོགས་པར་སྣང་ངོ་། །བྱེད་པ་པོ་ནི་འདོད་པ་ན་འགྲུབ་པའོ། །བསྐྲུན་པ་པོ་ནི་བདག་རང་གིས་མང་དུ་འབྱིན་པའོ། །དེ་ལྟ་བུའི་མཐུ་ཉིད་མི་ཟད་ཅིང་ཉམས་པར་མི་བྱ་སྟེ་མི་ཟད་པ་ནི་བསྟན་པར་མི་འགྱུར་བའོ། །མི་གོད་པ་ནི་ཅུང་ཟད་ཉམས་པར་ཡང་མི་འགྱུར་བའི་དོན་ཏོ། །བདེ་བ་ཐམས་ཅད་ནི་ལུས་

ཀྱི་བདེ་བའོ། །ཡིད་བདེ་བ་ཐམས་ཅད་ནི་སེམས་ཀྱི་བདེ་བའོ། །དེ་ལ་རང་གི་སྙན་པ་དང་ཞེས་བྱ་བ་ནི་སྔགས་པ་དེ་ལ་སེམས་ཅན་ཀུན་གྱིས་དགའ་བར་ལྟའོ། །དེ་དག་ལ་ཡང་འགྲུབ་པར་བྱེད་འདོད་པ་ཞེས་པ་སེམས་ཅན་དེ་དག་ལ་ནམ་མཁའ་ལ་འགྲོ་བ་ལ་སོགས་པ་གྲུབ་པ་ཐམས་ཅད་ཀྱང་སྒྱུ་
མ་ལྟ་བུར་སྔགས་ཀྱི་མཐུས་སྟོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོ་འཕྲུལ་ནི་སྟོད་ནས་མེ་འབར་སྨད་ནས་ཆུ་འབྱུང་བ་ལ་སོགས་པའོ། །དེ་འདྲ་བའི་ཆོ་འཕྲུལ་གཞན་ཡང་རྣམ་པ་དུ་མར་སྟོན་པ་ནི་རྣམ་པར་འཕྲུལ་པའོ། །དཀྱིལ་འཁོར་ཆེན་པོར་འདུག་སྟེ་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས་ཞེས་
པ་ཕྱག་ན་རྡོ་རྗེའི་རྟོག་པ་འདི་ཉིད་ཀྱི་དཀྱིལ་འཁོར་ཆེན་པོ་བྲིས་ལ་དེར་ཞུགས་ཏེ་ཕྱག་ན་རྡོ་རྗེའི་དམ་ཚིག་གི་ཕྱག་རྒྱ་རྡོ་རྗེ་རྩེ་ལྔ་པ་གོང་དུ་སྨོས་པ་བཅིངས་ནས་ཁྲོ་བོའི་ཚིག་སྒྲ་ཆེན་པོ་ཕྱུང་སྟེ། སྙིང་པོ་ཊཀྐི་ཧཱུཾ་ཛ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་བལྟ་ཞིང་སྔགས་ཀྱི་དོན་ཡིད་ལ་བྱ་ཞིང་འབུམ་བཟླས་སོ། །དེ་
ནས་རྡོ་རྗེ་ཁྲོ་བོ་ལྟ་བུར་བདག་གི་ལུས་འགྱུར་རོ་ཞེས་བཟླས་པ་དེས་ན་འདོད་པ་ཁྲོ་བོའི་གཟུགས་ཕྱག་ན་རྡོ་རྗེ་ཉིད་དུ་འགྱུར་རོ། །ཧཱུཾ་ཞེས་པས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་འཛིན་པ་དང་ཞེས་པ་རྡོ་རྗེ་ཧཱུཾ་ཀ་རའི་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་བྱས་ལ་སྙིང་པོ་ཊཀྐི་ཧཱུཾ་ཛ་བཟླས་ན། དེ་བཞིན་གཤེགས་པ་
ཐམས་ཅད་ཀྱི་རང་བཞིན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཐམས་ཅད་ཀྱང་འཛིན་པར་འགྱུར་ཞིང་ཁམས་གསུམ་གྱི་དབང་པོར་འགྱུར་ཏེ། ཕྱག་ན་རྡོ་རྗེ་ཁྲོ་བོའི་གཟུགས་སྤྱན་གསུམ་པ་ཐོབ་པར་འགྱུར་རོ། །ཕྱག་ན་རྡོ་རྗེའི་རྟོག་པའོ། །དེ་ནས་བཅོམ་ལྡན་འདས་ལ་འཕགས་པ་སྤྱན་རས་གཟིགས་དབང་
པོ་ཞེས་བྱ་བ་ལ་སོགས་པ་ནི་རྟོག་པ་འདིར་སྤྱན་རས་གཟིགས་དབང་པོས་འགྲོ་བ་ལ་ཕན་པའི་ཕྱིར་རང་གི་སྙིང་པོ་གསུངས་སོ། །གང་གིས་བརྗོད་པ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་མངོན་དུ་འགྱུར་བ་དང་ཞེས་པ་སྔར་བསྙེན་པ་མང་དུ་བྱས་པའི་མཐུ་དང་ལྡན་པས་ནི་བརྗོད་པ་ཙམ་
གྱིས་ཀྱང་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་ནམ་མཁའ་མཛོད་དང་། དཔའ་བར་འགྲོ་བ་ལ་སོགས་པ་སྔོན་དུ་ཁུགས་པར་འགྱུར་རོ། །འཇིགས་པ་ནི་ལྔ་སྟེ་རྒྱལ་པོ་དང་རྐུན་པོ་དང་མེ་དང་ཆུ་དང་གཅན་གཟན་ནོ། །གནམ་དལ་ནི་ལྷ་དང་ཡི་དགས་ལ་སོགས་པས་ནད་མཆེད་པར་བྱས་པའོ། །

འཆིང་བ་ནི་འཇིགས་པ་རྣམ་པ་ལྔ་ལ་གཏོགས་པ་གཞན་གྱིས་གནོད་པར་བྱེད་པའོ། །ནད་ཆེན་པོ་ནི་ཁམས་མ་མཉམ་པ་ལས་གྱུར་པའོ། །སྙིང་པོའི་དོན་ནི་འདི་ལྟ་སྟེ། ཨ་ནི་ཨ་ནུད་པ་ན་སྟེ་མ་སྐྱེས་པའི་དོན་ཏོ། །རོ་ནི་རོ་ག་བ་ག་སྟེ་ནད་ལས་ཐར་བའོ། །ལི་ནི་གོས་པ་མེད་པའོ། །ཀ་ནི་ལས་ཀྱི་འབྲས་
བུ་མེད་པའོ། །མདོར་ན་ཆོས་ཐམས་ཅད་མ་སྐྱེས་པའི་ཕྱིར་ནད་དང་གོས་པ་དང་ལས་ཀྱི་འབྲས་བུ་མི་དམིགས་པའོ། །དཀྱིལ་འཁོར་དུ་གྱུར་ཏེ་བཞུགས་སོ་ཞེས་པ་སངས་རྒྱས་ཀྱིས་སྤྱན་རས་གཟིགས་བསྐོར་ཏེ་བཞུགས་པའི་དོན་ཏོ། །དེ་ནས་སྤྱན་རས་གཟིགས་དབང་པོས་རང་གི་དཀྱིལ་
འཁོར་བཤད་པ། དེ་ནས་གཞན་ཡང་རབ་བཤད་པ། །ཞེས་བྱ་བ་ལ་སོགས་པའོ། །འདིར་ཡང་དཀྱིལ་འཁོར་འདི་བཤད་པར་བྱ་བའི་ནང་ན་ཆེན་པོ་ཉིད་སྔར་སྨོས་སོ། །དེ་ཡང་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་དང་པོ་ཉིད་དུ་སྨོས་པའི་ཚུལ་གྱིས་ཕྱི་རིམ་གྱི་དཀྱིལ་འཁོར་ཆུ་
རིམ་བདུན་དང་རི་རིམ་བདུན་དང་། དེ་དག་ཏུ་ལྷ་ལ་སོགས་པ་གནས་པ་ཡང་དེ་བཞིན་དུ་བྱའོ། །རིམ་གཉིས་པའི་སྒོ་གྲྭར་ཏེ་ཞེས་པ་ཡི་གེ་ནོར་བ་ཞིག་ཏུ་ཡང་དོགས་སོ། །ཡི་གེ་མ་ཆད་པ་ཞིག་དང་ཞུས་ཏེ་བཤད་ན་ལེགས། འདི་ཉིད་ལའང་མི་བཟང་བཞིན་དུ་བཤད་ན་རིམ་གཉིས་པ་ནི་ཕྱི་རིམ་ལ་
བྱའོ། །དེའི་སྒོ་ནི་ནང་གི་དཀྱིལ་འཁོར་གྲུ་བཞི་པའི་གྲྭ་ཐད་ཀར་འདོད་པ་སྐད་དུ་བཤད་དེ། དེ་ལྟར་ན་དཀྱིལ་འཁོར་མཛེས་པ་ཙམ་མ་ལགས་དཀྱིལ་འཁོར་བརྒྱད་ཀྱི་ཚུལ་དུ་སྟེ་ཞེས་པ་དང་ནང་རིམ་གྱི་དཀྱིལ་འཁོར་གྲུ་བཞི་པོ་མཚོན་སྣ་ལྔས་བྲིས་ལ། དེའི་དབུས་སུ་ཚོན་དམར་པོས་པདྨ་
འདབ་མ་བརྒྱད་པ་བྲིས་ཏེ། འདབ་མ་རེ་རེ་ཞིང་སངས་རྒྱས་བཞུགས་པའི་དཀྱིལ་འཁོར་རེ་རེར་བརྩིའོ། །དབུས་སུ་ཐིག་ནི་བཞི་ཡང་བྲི། །ཞེས་པ་དཀྱིལ་འཁོར་དབུས་སུ་ཐིག་སྐུད་བཞི་རི་མོ་ཕྱོགས་བཞི་དང་། གྲྭ་བཞི་ནས་ཐིག་བཞི་བཏབ་པས་ཁ་བརྒྱད་དུ་འགྱུར་དེ་ཕྱོགས་
བཞི་ནས་ཐིག་གཉིས་གྲྭ་བཞི་ནས་ཐིག་གཉིས་ཀྱིས་བྲིའོ། །འདབ་མ་ཀུན་གྱི་སྟེང་རྣམས་སུ། །སངས་རྒྱས་ཆ་ལུགས་བྲི་བར་བྱ། །ཞེས་པ་སངས་རྒྱས་བརྒྱད་ཀྱི་མཚན་མ་ངེས་པར་གསུངས་པས་ན་གང་བཞུགས་ཀྱང་སླ་བར་བཤད་མོད་ཀྱི། རྣལ་འབྱོར་སྤྱོད་པའི་རྒྱུད་ཀུན་ལ་ཡང་

སངས་རྒྱས་ལྔ་ཐམས་ཅད་དུ་གཏོགས་པས་དེ་ལྔས་བསྐོར་བའི་སྟེང་དུ་ཤཱཀྱ་ཐུབ་པ་ལ་སོགས་པ་གང་འདོད་པ་བྲིས་ཤིག །པདྨ་ཆེ་མཆོག་ཕྱག་རྒྱ་སྟེ། །ཞེས་པ་སྤྱན་རས་གཟིགས་ཀྱི་ལས་ཀྱི་ཕྱག་རྒྱ་པདྨོ་ལག་པ་གཡོན་པར་ཐོགས་པ་གཡས་པས་པདྨོ་ཁ་དབྱེ་བའི་ཚུལ་དུ་བྱས་ཏེ་
བཞུགས་པ་དཀྱིལ་འཁོར་གྱི་སྒོར་འདུག་ནས་པདྨོ་ཆུས་མི་གོས་པ་བཞིན་དུ་སྤྱན་རས་གཟིགས་ཀྱང་ཉེས་པས་མི་གོས་སོ། །དེ་བཞིན་དུ་སྐྱེ་འགྲོ་བྱང་ཆུབ་ཀྱི་སེམས་ལ་འདོད་ཆགས་པར་གྱུར་པས་ཀྱང་སྒྲིབ་པ་ཐམས་ཅད་འབྱང་ངོ་ཞེས་པའི་དོན་ཏོ། །ཏིང་ངེ་འཛིན་དུ་བསྒོམས་ཏེ་པདྨོའི་ཀྱོ་བ་ཏང་གི་ཕྱག་རྒྱས་
མེ་ཏོག་གམ་པདྨ་ཆེན་པོ་དྲངས་ཏེ་བླངས་ལ་སྤྱན་རས་གཟིགས་དབང་པོ་ལ་སྔར་བཞིན་འབྱུང་བ་བཟླས་ཏེ་དེར་རོ། །དེ་ལ་པདྨོའི་ཀྱོ་བ་ཏང་གི་ཕྱག་རྒྱ་ནི། པདྨོ་ཁ་ཟུམ་པའི་ཐལ་མོ་བྱས་པ་ལས་མཐེའུ་ཆུང་གཉིས་འདབ་མ་གྱེས་པ་ལྟར་དགྱེད་དོ། །མཛུབ་མོ་གཉིས་ཀྱོ་བ་ཏང་ལྟར་བཀུག་སྟེ་གུང་མོའི་ཚིགས་
སུ་སྦྱར་རོ། །ཀྱོ་བ་ཏང་གིས་ཀུན་དྲངས་ལ། །ཞེས་པ་ཕྱག་རྒྱ་གོང་མས་དཀྱིལ་འཁོར་དུ་དབུལ་བའི་མེ་ཏོག་བླངས་ལ་ཞེས་པའི་དོན་ཏོ། །མེ་ཏོག་ཅི་འདྲ་བ་ཞེ་ན་པདྨོ་ཆེན་པོ་ཞེས་སོ། །སྤྱན་རས་གཟིགས་དབང་པོའི་དཀྱིལ་འཁོར་དུ་པདྨོས་མཆོད་པའི་རིགས་ཏེ་དེ་བས་ན་པདྨོ་ཞེས་སྨོས་སོ། །པདྨོ་མེད་ན་ཤོག་
ཤོག་ལ་སོགས་པ་པདྨོ་ལྟ་བུར་བྱ་བའམ་མེ་ཏོག་གཞན་ལ་པདྨོ་ལྟ་བུར་ཡིད་ཀྱིས་བརྟགས་ཏེ་བྱའོ། །དེ་ལ་ཨོཾ་ནི་སྔ་མ་བཞིན་ནོ། །མ་ཧཱ་པདྨ་ནི་སྤྱན་རས་གཟིགས་ཉིད་ཀྱི་རང་བཞིན་ནོ། །ཧཱུཾ་ནི་ལུས་སུ་བསྒོ་བའོ། །ཛ་ནི་འདྲེན་པའོ། །ཧྲཱི་ནི་གཟུགས་སྣ་ཚོགས་སུ་སྟོན་པའོ། །དེ་ནས་ཕྱག་རྒྱ་དེས་སློབ་མ་
གཞུག་གོ་ཞེས་པ་ཕྱག་རྒྱ་པདྨོའི་ཀྱོ་བ་ཏང་གོང་མའོ། །དོན་ཀྱང་བསྟན་པར་བྱའོ་ཞེས་པ་འོག་ནས་འབྱུང་བའི་ཚིགས་བཅད་སངས་རྒྱས་ཐམས་ཅད་ཅེས་པ་ལ་སོགས་པ་དེའི་དོན་བསྟན་པའོ། །དེ་ནས་སྤྱན་རས་གཟིགས་དབང་པོའི་བརྟུལ་ཞུགས་སྦྱིན་པ་ནི་འདིའོ། །དེ་ནས་ལག་པ་གཡོན་པར་ཞེས་
བྱ་བ་ལ་སོགས་པའོ། །སངས་རྒྱས་ཐམས་ཅད་པདྨོ་ཆེ། །ཞེས་པ་སངས་རྒྱས་ལྔ་རྣམས་ཀྱི་ཆོས་ཀྱི་སྐུའི་རང་བཞིན་ནི་པདྨོ་ཆེན་པོ་སྟེ་སྤྱན་རས་གཟིགས་དབང་པོ་ཉིད་དོ། །དཀྱིལ་འཁོར་ཆེན་པོ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་འཕེལ་བའི་རྩ་བ་དམ་པ་སྟེ། སྔགས་པས་ནུས་ན་རྟག་ཏུ་རས་རིས་

ལ་ཆོ་ག་བཞིན་བྱོས་ཤིག །མི་ནུས་ན་ཡང་ཡིད་ཀྱིས་དམིགས་ཤིག་ཁྱོད་ནི་དེང་ནས་སྤྱན་རས་གཟིགས་ཞེས་པ་དཀྱིལ་འཁོར་ཆེན་པོ་ཁྱོད་ཀྱིས་མཐོང་བས་ན་སྤྱན་རས་གཟིགས་དང་པོ་ཉིད་དུ་འགྱུར་བའི་རྩ་བ་བསགས་ཏེ། དེ་བས་ན་དུས་གཞན་ལ་དགོངས་ནས་སྤྱན་རས་གཟིགས་ཉིད་ཡིན་ནོ་ཞེས་
གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་ཆེན་པོ་ཞེས་པ་དེ་བཞིན་གཤེགས་པས་བསྐོར་བའི་དཀྱིལ་འཁོར་ཡིན་པའི་ཕྱིར་རོ། །དེ་ནས་པདྨོའི་དཀྱིལ་འཁོར་འབྱུང་སྟེ་ཞེས་པ་གོང་མ་དག་ནི་རྡོ་རྗེའི་རིགས་པས་ན་རྡོ་རྗེའི་དཀྱིལ་འཁོར་ཞེས་བཤད། འདི་ནི་པདྨོའི་རིགས་པས་ན་
པདྨོའི་དཀྱིལ་འཁོར་ཞེས་བཤད་དོ། །འདིར་ཡང་གཞན་གྱི་དཀྱིལ་འཁོར་ཆེན་པོ་བཞིན་དུ་བྲིས་ལ། དབུས་ཀྱི་སྙིང་པོ་ལ་སྤྱན་རས་གཟིགས་བཞུགས་པའི་སར་སྔགས་པ་ཉིད་འདུག་ནས་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་པདྨོ་ཆུས་མི་ཆགས་པ་ལྟར་ཞེས་པ་གོང་དུ་སྨོས་པའི་དོན་ལ་དམིགས་ཤིང་
གཡོན་པས་པདྨོ་གཟུང་། གཡས་པས་འདབ་མ་ཁ་འབྱེད་པ་ལ་བལྟ་ཞིང་འབུམ་བཟླས་སོ། །དེ་ནས་དམ་ཚིག་གི་དཀྱིལ་འཁོར་འབྱུང་སྟེ་ཞེས་པ་དཀྱིལ་འཁོར་ཆེན་པོ་བཞིན་དུ་ཐམས་ཅད་བྲིས་ལ་དབུས་སུ་སྤྱན་རས་གཟིགས་དང་མཐའ་མར་སངས་རྒྱས་བཞུགས་པ་རྣམས་ལ་པདྨོ་རེ་རེ་
ལ་ཨཱ་རོ་ལྀཀ་རེ་རེས་བསྔགས་ཏེ་པདྨོ་སྟོང་དབུལ་ལོ། །དེའི་དབུས་སུ་པདྨོ་སྟོང་བཞག་སྟེ་ཞེས་པ་དཀྱིལ་འཁོར་ཕྱི་ནང་དུ་གཞག་པར་ཟད་དེ་དབུས་ཞེས་བྱ་བའང་ནང་ཞེས་པའི་དོན་ཏོ། །དབུས་ཀྱི་ཉིད་དུ་སྤྱན་རས་གཟིགས་དངོས་བཞུགས་པར་བྱའོ། །སློབ་མིན་བུ་མིན་
མ་ཡིན་ཏེ། །ཞེས་པ་དམ་ཚིག་གསང་བ་རྣམས་སློབ་མ་མ་ཡིན་པ་དང་བུ་མ་ཡིན་པ་ལ་མི་སྟོན་ཞེས་པའི་དོན་ཏོ། །དེ་ལ་སློབ་མ་ནི་གཞན་གྱིས་དཀྱིལ་འཁོར་དུ་ཞུགས་ཀྱང་ཉན་པ་དང་མན་ངག་ལ་སོགས་པ་བདག་ལས་ནོད་པའོ། །བུ་ཞེས་བྱ་བ་ནི་བདག་རང་གི་
དཀྱིལ་འཁོར་དུ་གཞུག་པའོ། །སློབ་མ་དང་བུར་གྱུར་པ་ཙམ་གྱིས་ཆོག་སྟེ་ཅི་འདྲ་འང་རུང་ངམ་ཞེ་ན་མ་ཡིན་ཏེ་དམ་ཚིག་ཅན་ཞེས་སོ། །དེ་དག་ཀྱང་དམ་ཚིག་དང་ལྡན་པ་ལ་བསྟན་ཞེས་པའི་དོན་ཏོ། །གསང་བ་དེ་ལ་གང་ཞེ་ན། འདོད་པའི་འདོད་ཆགས་ཐམས་ཅད་ནི། །ཞེས་

བྱ་བ་དག་གོ། །བྱང་ཆུབ་ཀྱི་སེམས་བདེ་བ་ཐམས་ཅད་བསྐྱེད་པའི་འདོད་པ་ལ་ཆགས་ཤིང་ཞེས་པ་ནི་སྐྱོན་དུ་མི་འགྱུར་ཏེ་པདྨོ་ཆུས་མི་གོས་པ་བཞིན་ནོ། །དེ་ནས་ལས་ཀྱི་དཀྱིལ་འཁོར་དེ་བཞིན་དུ་བྲིས་ལ་ཞེས་པ་དཀྱིལ་འཁོར་ཆེན་པོ་བཞིན་དུ་བྲིས་ལ་མཆོད་པ་བཞིས་
མཆོད་དོ། །བཞི་གང་ཞེ་ན་སངས་རྒྱས་ཐམས་ཅད་ལ་ནི་མཆོད་པ་རྣམ་པ་ལྔ་ལ་སོགས་པ་ཡིད་ཀྱིས་བསམས་པ་བཞིན་དུ་མཆོད་དོ། །ཕྱག་ན་རྡོ་རྗེ་ལ་ནི་གླུ་དང་ལྡན་པའི་ཚིག་གིས་མཆོད་དོ། །སྤྱན་རས་གཟིགས་ལ་ནི་ལུས་ཀྱིས་ཕྱག་བྱ་བ་དང་གར་ལ་སོགས་པས་མཆོད་དོ། །ནམ་མཁའི་
སྙིང་པོ་ལ་ནི་དབང་སྦྱིན་པ་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པས་མཆོད་དོ། །དེ་ནས་བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་པོས་སྒྲུབ་པའི་ཆོ་ག་བཤད་པ་འདི་གསུངས་སོ་ཞེས་པ་རང་གི་སྒྲུབ་པའི་ཆོ་ག་གསུངས་སོ། །རང་གི་ཏིང་ངེ་འཛིན་དུ་ཞུགས་ཤིང་ཞེས་པ་སྤྱན་རས་
གཟིགས་རང་གི་ཏིང་ངེ་འཛིན་གྱི་ཚུལ་ཕྱག་གཡོན་པ་པདྨོ་བསྣམས་ཤིང་གཡས་པས་ཁ་འབྱེད་པ་ཁ་དོག་དམར་པོ་མཐར་དེ་བཞིན་གཤེགས་པ་བརྒྱད་ཀྱིས་བསྐོར་བའོ། །རྟག་ཏུ་དག་པའི་ཏིང་ངེ་འཛིན་གྱི་ཞེས་པ་སློབ་པའི་དུས་ཐམས་ཅད་དུ་པདྨོ་ཆུས་མི་ཆགས་པ་ལྟར་སྐྱེ་བོ་
ཐམས་ཅད་ཉེས་པས་མི་གོས་པའི་ཏིང་ངེ་འཛིན་བྱས་ལ་ཨཱ་རོ་ལྀཀ་བཟླས་སོ། །སྒྲུབ་པ་པོ་པདྨོའི་དབུས་སུ་བཞུགས་ཏེ་ཞེས་པ་སྒྲུབ་པ་པོའི་ལག་ན་ཡང་ལྷའི་ཚུལ་དུ་པདྨོ་འཛིན་པ་དེའི་དབུས་སུ་སྤྲུལ་པ་བཞུགས་སོ། །སྒྲུབ་པ་པོའི་དབང་བསྐུར་བའི་གནས་
ཞེས་པ་དཔྲལ་བར་བཞུགས་ཏེ། གསལ་བར་སྣང་གི་བར་དུ་བཟླས་སོ། །སེམས་ཅན་ཐམས་ཅད་ཀྱང་མཐོང་ནས་ཞེས་པ་དཀྱིལ་འཁོར་གྱི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་རང་གི་སྤྱོད་ཡུལ་དུ་འགྱུར་རོ། །འབུམ་བཟླས་
ན་སྒྲིབ་པ་ཐམས་ཅད་རྣམ་པར་དག་པར་འགྱུར་རོ་ཞེས་སྒྲུབ་པའི་བར་ཆད་དུ་འགྱུར་བའི་སྒྲིབ་པ་ཕྲན་ཚེགས་འབྱུང་ངོ་། །ཉིས་འབུམ་བཟླས་ན་སྡིག་པ་ཆེ་ཆུང་ཐམས་ཅད་བྱང་བར་འགྱུར་རོ། །སུམ་འབུམ་བཟླས་ན་བྱང་ཆུབ་སེམས་དཔའི་བསོད་ནམས་

ཀྱི་ཚོགས་ཀུན་འཐོབ་པོ། །དེ་ནས་སྒྲུབ་པའི་ཆོ་ག་མ་བྱས་ཀྱང་སྔར་བསྙེན་པའི་ཆོ་ག་མང་དུ་བྱས་ན་ལས་ཕྲན་ཚེགས་རྣམས་འགྲུབ་པར་འགྱུར་རོ་ཞེས་བསྟན་པ། དེ་ནས་མ་བསྒྲུབས་ཀྱང་ཞེས་བྱ་བ་ལ་སོགས་པའོ། །དབབ་པ་ནི་ཙན་དན་གྱི་བདུག་པས་སོ་ཞེས་པ་ལྷ་ལ་སོགས་པ་དབབ་ན། དབབ་པའི་
ཕྱག་རྒྱ་བཅིངས་ལ་སྙིང་པོ་གོང་དུ་སྨོས་པའི་མཇུག་ལ་དབབ་པའི་སྙིང་པོ་ཨཱཿསྨོས་ཤིང་ཙནྡན་གྱིས་བདུག་གོ། །གདོན་ཐམས་ཅད་ཞི་བར་བྱ་བ་ནི་ཧྲཱིཿ་ཞེས་བྱ་བས་སོ་ཞེས་པ་ཨཱ་རོ་ལྀཀ་གི་མཇུག་ལ་ཧྲཱིཿབསྣན་ཏེ་བཟླས་སོ། །སེམས་ཅན་ཐམས་ཅད་དབང་དུ་བྱ་བ་ནི་རྡོ་རྗེ་མེ་ཏོག་བཟླས་ཏེ་སྦྱིན་
ནོ་ཞེས་པ་སྙིང་པོ་ཉིད་རྡོ་རྗེ་སྟེ་དེས་བཟླས་པའི་མེ་ཏོག་ལག་ཏུ་སྦྱིན་ནོ། །སེམས་ཅན་ཐམས་ཅད་མནན་པ་ནི་ཞེས་པ་གང་དག་གནོད་པར་བྱེད་འདོད་པ་འཁུམས་ཤིང་རྩོལ་མི་ཕོད་པར་བྱ་བ་ནི་འཇིམ་པ་དཀར་པོ་ལ་བསྔགས་ཏེ་དོར་རོ། །བུད་མེད་ཀྱང་དབང་དུ་བྱ་བ་ནི་ཞེས་བྱ་བ་
སུ་མ་ན་ཞེས་བྱ་བའི་མེ་ཏོག་ཀུ་རུ་ལ་སྙིང་པོ་གང་མས་བཏབ་སྟེ་སྦྱིན་ནོ། །རྐུན་པོ་མནན་པ་ནི་ཞེས་བྱ་བ་ནི་རྐུན་པོ་འགུམས་པར་བྱའོ། །རི་དྭགས་དང་བྱ་མནན་པ་ནི་ཞེས་པ་ཞིང་དང་བཟའ་ཤིང་ལ་སོགས་པ་ཟ་བ་རྣམས་འཁུམས་ཤིང་མི་ཟ་བར་བྱའོ། །སྒྱུ་མ་བསྟན་པ་ནི་ཞེས་བྱ་བ་
རྨ་བྱའི་མདོངས་ཆང་པ་གང་བཅིངས་པས་སྔགས་ཟློས་ཤིང་ནམ་མཁའ་ལ་བསྐོར་ན་དམག་རྣམ་བཞི་ལ་སོགས་པ་ནམ་མཁའ་ལ་སྟོན་ནུས་སོ། །ཡུགས་ས་མོ་དབང་དུ་བྱ་བ་ནི་ཞེས་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འདོད་པ་སྟེ་འཇིག་རྟེན་གྱི་ནི་འདོད་པའི་ཡོན་
ཏན་ལྔ་རྣམས་ཏེ། དེ་ལ་དབང་དུ་གྱུར་པ་ནི་ཡིད་བཞིན་དུ་འབྱོར་པའོ། །འཇིག་རྟེན་ལས་འདས་པ་ནི་བྱང་ཆུབ་ཀྱི་སེམས་བདེ་བ་ཐམས་ཅད་ཀྱི་རྒྱུར་གྱུར་པ་སྟེ་དེ་དབང་དུ་གྱུར་པ་ནི་མངོན་དུ་འགྱུར་བའོ། །ཉིན་རེ་བཞིན་དུས་གསུམ་དུ་བཟླས་ན་ཞེས་པ་སྔར་བསྙེན་པ་ཆོ་ག་
བཞིན་དུ་རྫོགས་པར་བྱས་ནས་ལྷ་ཉེ་བར་གྱུར་པ་དང་སྒྲུབ་པའི་ཆོ་ག་འདི་བཞིན་དུ་སྦྱར་རོ། །ཉིན་མཚན་དུས་གསུམ་དུ་བཟླས་ཞེས་བྱ་བ་ཉིན་ཡང་དུས་གསུམ་མཚན་ཡང་དུས་གསུམ་དུ་བཟླས་སོ། །སྤྱན་རས་གཟིགས་དབང་པོའི་རྟོག་པ་རྫོགས་སོ།། །།དེ་ནས་

བཅོམ་ལྡན་འདས་ལ་འཕགས་པ་ནམ་མཁའི་སྙིང་པོ་བྱང་ཆུབ་སེམས་དཔའ་ཞེས་པ་དེས་ཀྱང་རང་གི་སྙིང་པོ་གསུངས་སོ། །དེའི་སྔགས་ཀྱི་དོན་ནི་ཏྲཾ་ནི་རིན་པོ་ཆེའི་རིགས་ཀྱི་སྙིང་པོ་སྟེ། ཏ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པར་སྟོན་ཏོ། །ར་ནི་རྡུལ་དང་བྲལ་བར་
སྟོན་ཏོ། །ཐིག་ལེ་ཨ་ནུ་ད་ས་ར་སྟེ་སྟོང་པ་ཉིད་དུ་སྟོན་ཏོ། །བ་བ་ནི་བཅིངས་པ་མེད་པར་སྟོན་ཏོ། །ཊ་ཊ་ནི་ཁེངས་པ་མེད་པར་སྟོན་ཏོ། །ཧ་ཧ་ནི་ནན་གྱིས་མནན་པ་མེད་པར་སྟོན་ཏོ། །དེ་ནས་བརྗོད་པ་ནི་ཞེས་པ་ནམ་མཁའི་སྙིང་པོ་འདི་རིན་པོ་ཆེའི་རིགས་ཡིན་ལ། སྦྱིན་པའི་ཕ་རོལ་ཏུ་
ཕྱིན་པ་དམ་ཚིག་ཏུ་ལེན་པས་དེའི་སྙིང་པོ་བརྗོད་པ་ཙམ་གྱིས་དོན་ཐམས་ཅད་ཆར་དུ་འབབ་པོ། །རྣམ་པར་སྣང་མཛད་ཀྱི་སྐུ་ལ་ཡང་དབུ་རྒྱན་དང་དཔུང་རྒྱན་ལ་སོགས་པ་སོ་སོར་ཅི་རིགས་པར་བརྒྱན་ཏེ་བཞུགས་སོ། །རྡོ་རྗེ་དཀྱིལ་འཁོར་ཚུལ་བཞིན་དེ། །ཞེས་པ་ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་དང་
པོར་སྨོས་པ་དེའི་རྡོ་རྗེའི་དཀྱིལ་འཁོར་གྱི་ཚུལ་བཞིན་དུ་བྲིས་ཏེ་ཕྱི་རིམ་དུ་གསེར་གྱི་རི་དང་། མཚོ་དང་། ཁོར་ཡུག་དང་དེ་དག་ཏུ་གནས་པའི་ལྷ་འདྲེ་ལ་སོགས་པ་ཡང་གོང་མ་བཞིན་དུ་བྲིའོ། །རྡོ་རྗེ་རིན་ཆེན་མཉམ་ལྡན་ཞིང་། །ཞེས་པ་ནི་ནང་གི་དཀྱིལ་འཁོར་གྱི་མཐར་རི་མོ་ནི་རིན་པོ་ཆེ་རྡོ་རྗེ་
ཅན་གྱིས་བསྒྲེང་ངོ་། །ཆ་བརྒྱད་ཤིན་ཏུ་མཉམ་པར་བྱ། །ཞེས་ནང་གི་དཀྱིལ་འཁོར་གྲུ་བཞིའི་མཐའ་དཀྱིལ་འཁོར་གྱི་རེའུ་བརྒྱད་ཀྱིས་བསྐོར་བའི་དབུས་ན་ནམ་མཁའི་སྙིང་པོ་བཞུགས་ཤིང་འཁོར་བྱང་ཆུབ་སེམས་དཔའ་གཞན་གྱིས་བསྐོར་བ་འོག་ནས་འབྱུང་བ་བཞིན་དགོད་དོ། །རིན་ཆེན་
ཐམས་ཅད་སྙོམས་ལྡན་པ། །ཞེས་པ་ཀ་བ་ལ་སོགས་པའི་མདོ་མདོར་རིན་པོ་ཆེ་སྣ་ལྔ་པ་ཐམས་ཅད་ཀྱིས་བརྒྱན་པའོ། །དེ་ནས་སློབ་དཔོན་དེར་བཞུགས་ཏེ་རྡོ་རྗེ་རིན་པོ་ཆེའི་ཕྱག་རྒྱ་འོག་ནས་འབྱུང་བ་དབང་བསྐུར་བའི་གནས་དཔྲལ་བར་གཞག་སྟེ། དེ་ནས་བསྐུལ་བའི་ཕྱིར་ཚིགས་བཅད་འདི་
ལྷོགས་ཤིག །རེ་བ་ཐམས་ཅད་གྲུབ་པ་ཡི། །ཞེས་བྱ་བ་སྟེ་ཡིད་ལ་བསམ་པ་གྲུབ་པ་ཐམས་ཅད་ཀྱི་ནང་ན་ནམ་མཁའ་གྲུབ་པའི་མཆོག་ཡིན་ཏེ། དེ་ནི་ནམ་མཁའ་ལ་འགྲོ་བ་དང་། ནམ་མཁའ་ལ་ནོར་ཐམས་ཅད་འགྲུབ་པ་ལ་སོགས་པའོ། །སེམས་དཔའ་ཆེན་པོས་དེ་ཐམས་ཅད་གྲུབ་

པར་གྱུར་ཅིག་པའི་དོན་ཏོ། །སྐྱེས་བུ་ཆེན་པོ་བརྒྱད་གཞག་པར་བྱའོ་ཞེས་པ་དང་པོའི་དཀྱིལ་འཁོར་དུ་བྱང་ཆུབ་སེམས་དཔའ་བརྒྱད་རྣམ་པར་སྣང་མཛད་དང་དགུ་བཞུགས་པ་ལས་རྣམ་པར་སྣང་མཛད་དང་ནམ་མཁའི་སྙིང་པོ་གོ་བརྗེས་ཏེ་བཞུགས་པར་བྱའོ། །སེམས་ཅན་ཀུན་ལ་ཕན་པའི་
ཕྱིར། །ཞེས་བྱ་བ་ལ་སོགས་པ་ནི་དམ་ཚིག་གི་དོན་བསྟན་པ་སྟེ། འགྲོ་བ་ཀུན་ལ་ཕན་གདགས་པའི་ཕྱིར་རོ། །སྦྱིན་པ་ལ་སོགས་པས་འགྲོ་བ་ཀུན་ལ་ཕན་གདགས་པའི་ཕྱིར་ད་ལྟར་ཡང་རེ་བ་ཡོངས་སུ་བསྐུང་བ་ལ་སོགས་པ་བྱང་ཆུབ་སེམས་དཔའ་འདི་ཐམས་ཅད་ནི་རེ་བ་ཡོངས་སུ་བསྐང་བ་
དེའི་དོན་དུ་གསུངས་སོ། །དེ་ནས་སྙིང་པོ་བྱིན་ལ་ཞེས་པ་སློབ་མ་ལ་སྙིང་པོ་བྱིན་ནས་རིན་པོ་ཆེ་སྣ་ལྔ་བཅུག་པའི་བུམ་པ་ལ་སྔགས་འདི་བཟླས་ཏེ་དབང་བསྐུར་རོ། །དེའི་དོན་ནི་རྡོ་རྗེ་རིན་པོ་ཆེས་ཆོས་ཐམས་ཅད་ཀྱི་བདག་པོར་འགྱུར་བའི་ཕྱིར་དབང་བསྐུར་རོ། །དེ་ནས་རྡོ་རྗེ་རིན་པོ་ཆེའི་དཀྱིལ་འཁོར་
འབྱུང་སྟེ་ཞེས་བྱ་བ་ནམ་མཁའ་མཛོད་རིན་པོ་ཆེའི་རིགས་སུ་གཏོགས་པས་ན་རིན་པོ་ཆེའི་དཀྱིལ་འཁོར་ཞེས་བྱ་སྟེ། པདྨོའི་རིགས་ལ་པདྨོའི་དཀྱིལ་འཁོར་ཞེས་བྱ་བ་བཞིན་ནོ། །དེ་ནས་དཀྱིལ་འཁོར་གོང་མ་བཞིན་དུ་བྲིས་ལ་དེའི་དབུས་སུ་རྡོ་རྗེ་དང་ལྡན་པའི་རིན་པོ་ཆེའི་རི་མོ་བྲིའོ། །སྔགས་
པའི་ལག་ཏུ་ཡང་ནོར་བུ་རིན་པོ་ཆེ་གང་ཡང་རུང་བ་ཐོགས་ནས་དཀྱིལ་འཁོར་དུ་བྲིས་པའི་རིན་པོ་ཆེ་ལངས་ཀྱི་བར་དུ་བཟླས་སོ། །དེ་ནས་དེ་བཞིན་གཤེགས་པ་བྱོན་ཏེ་སྔགས་པ་ལ་དབང་བསྐུར་ན་ཆོས་ཐམས་ཅད་ལ་དབང་བྱེད་པར་འགྱུར་རོ། །དེ་ནས་དམ་ཚིག་གི་དཀྱིལ་འཁོར་ཏེ་ཞེས་པ་དཀྱིལ་
འཁོར་གོང་མ་བཞིན་དུ་བྲིས་ལ་ནམ་མཁའི་སྙིང་པོའི་སྐུ་དཀྱིལ་འཁོར་གྱི་དབུས་སུ་བཞུགས་པའི་སྤྱན་སྔར་ནོར་ཀེ་དྷ་ར་དང་། པ་ན་ལ་སོགས་པ་བཞག་ནས་དེ་ནས་སློབ་མ་བཅུག་སྟེ་ཀུན་བསྟན་ལ་དམ་ཚིག་བསྒོ་བ། སངས་རྒྱས་ལ་སོགས་སེམས་དཔའ་དག །ཅེས་བྱ་བ་དག་གོ། །སངས་
རྒྱས་དང་བྱང་ཆུབ་སེམས་དཔའ་དག་ལ་ཉིན་རེ་ཞིང་མཆོད་པ་མི་ཆད་པར་བྱའོ། །གལ་ཏེ་ཆད་ན་ནོར་ཐམས་ཅད་ཡལ་བར་འགྱུར་རོ། །དེ་ནས་མནའི་ཆུས་དབང་བསྐུར་རོ། །མནའི་སྙིང་པོས་བསྔགས་པའི་ཆུ་སྤྱི་བོར་བླུག་གོ། །ལས་ཀྱི་དཀྱིལ་འཁོར་བྲིས་ལ་ཞེས་པ་གཞན་ནི་གོང་མ་བཞིན་

དུ་བྲིའོ། །དེའི་དབུས་སུ་རྣམ་པར་སྣང་མཛད་རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ་བཞུགས་ལ་དེར་སློབ་མ་གཞུག་གོ། །དེ་ནས་ལས་རྣམ་པ་ལྔ་བསླབ་པ་ནི་དབང་བསྐུར་བ་ལ་སོགས་པའོ། །དབང་བསྐུར་བ་ནི་ཕྲེང་བ་དང་བུམ་པ་ལ་སོགས་པའོ། །ནོར་ནི་གསེར་དངུལ་
ལ་སོགས་པའོ། །ཟང་ཟིང་ནི་ནས་དང་འབྲས་བུ་ལ་སོགས་པ་བྱོལ་སོང་འདོད་པ་རྣམས་སོ། །མི་སྣང་བའི་སེམས་ཅན་རྣམས་ཞེས་བྱ་བ་ལྷ་ལ་སོགས་པའོ། །རྡོ་རྗེ་རིན་ཆེན་དབང་བསྐུར་བས་དབང་བསྐུར་བ་བྲིས་ཏེ་ཞེས་པ་རྣམ་པར་སྣང་མཛད་རིན་པོ་ཆེའི་ཕྲེང་བས་དབུ་བརྒྱན་ཞེས་བྱ་བའི་ཐ་ཚིག་
གོ། །བཅོམ་ལྡན་འདས་ལ་དབང་བསྐུར་བའི་ཕྲེང་བས་ཞེས་པ་ནམ་མཁའི་སྙིང་པོ་ཉིད་རིན་པོ་ཆེའི་ཕྲེང་བ་ཕྱག་གཉིས་ན་ཐོགས་ལ་རྣམ་པར་སྣང་མཛད་ཀྱི་དབུ་ལ་གདགས་པ་ལྟར་བཟོ་བོས་བྲིའོ། །དེ་ནས་མ་བསྒྲུབས་པར་ཡང་ལས་སུ་འགྱུར་བ་ནི་ཞེས་པ་བསྒྲུབ་པའི་ཆོ་ག་མ་བྱས་པར་ཡང་སྔར་
བསྙེན་པ་མང་དུ་བྱས་པ་ལས་སུ་རུང་བར་བཤད་པའོ། །འབུམ་བཟླས་ན་དོན་ཐམས་ཅད་ཕུན་སུམ་ཚོགས་པར་འགྱུར་རོ་ཞེས་པ་བསྙེན་པ་དེ་ཙམ་བྱས་པས་ལྷ་མངོན་དུ་འགྱུར་བས་ཞི་བ་ལ་སོགས་པའི་དོན་སྒྲུབ་པ་རྣམས་འགྲུབ་ཅེས་པའི་ཐ་ཚིག་གོ། །ཕྱག་ན་རྡོ་རྗེ་དང་སྤྱན་རས་གཟིགས་
དབང་པོ་ལ་སོགས་པའི་སྤྱན་སྔར་བསྔགས་པའི་ནི་ནམ་མཁའི་སྙིང་པོའི་སྔགས་བ་བ་ཊ་ཊ་ཞེས་བྱ་བ་དེ་ཉིད་བཟླས་སོ། །ཆོས་ཀྱི་ནོར་དང་གཟུངས་འཐོབ་བོ་ཞེས་པ་རྟོགས་པའི་ཆོས་དང་། བཤད་པའི་ཆོས་ཀྱི་ལོངས་སྤྱོད་ཐོབ་པའོ། །སྔགས་དང་དོན་དང་གཞུང་དང་ཚིག་གི་གཟུགས་
འཐོབ་ཅིང་། འདོད་པ་རྣམ་པ་ལྔ་ལ་སོགས་པའི་ནོར་ཡང་འཕེལ་བར་བྱེད་དོ། །རྡོ་རྗེའི་འཁོར་ལོ་སྲིན་ལག་གི་སོར་མོས་མནན་ཏེ་ཞེས་པ་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་བྱང་ཆུབ་སེམས་དཔའི་སྐུ་གཟུགས་ལའོ། །འཁོར་ལོ་བསྐོར་བར་འགྱུར་ཞེས་པ་ནི་འཁོར་ལོ་བསྐོར་
བའི་རྒྱལ་པོར་འགྱུར་རོ། །ནམ་མཁའ་མཛོད་ཀུན་ནས་འཁྱུད་དེ་ཞེས་པ་དེའི་སྐུ་གཟུགས་ལ་ལག་པས་འཁྱུད་དེའོ། །དགའ་ལྡན་གནམ་གྱི་དབང་མཆོག་བྱིན་ནས་ཞེས་པ་དེར་ཕྱིན་ནས་དོན་ཐམས་ཅད་འགྲུབ་པའི་དབང་བསྐུར་རོ། །ནམ་མཁའི་སྙིང་པོའི་རྟོག་པ་རྫོགས་སོ།། །།དེ་

ནས་རྡོ་རྗེ་ཁུ་ཚུར་གྱི་བྱང་ཆུབ་སེམས་དཔའ་ཞེས་པ་ལྷ་མ་ཡིན་ལ་སོགས་པའི་འཁོར་བཟློག་ཅིང་སྡོད་མི་ཕོད་པས་ཟིལ་གྱིས་གནོན་པའོ། །གྲུབ་པ་ཐམས་ཅད་འགྲུབ་པར་བྱ་སྟེ་ཞེས་པ་གྲུབ་པའི་སྐལ་བ་ཡོད་པ་རྣམས་འགྲུབ་པར་བྱས་ནས་སེམས་ཅན་དེ་དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནས་
མཐར་སངས་རྒྱས་སུ་རྫོགས་ཀྱི་བར་དུ་སེམས་ཅན་གྱི་དོན་མང་པོར་བྱས་པའོ། །སྔགས་ཀྱི་དོན་ནི་ཨོཾ་ཡང་སྔ་མ་བཞིན་ནོ། །རུ་ཊྱ་རུ་ཊྱ་ནི་འགྱུར་བ་སྟེ། མ་རྫོགས་པའི་རང་བཞིན་དུ་རྫོགས་པར་བྱེད་པ་ལྟ་བུའོ། །ཧཱུྃ་ནི་མངོན་པར་སྤྱད་པ་སྟེ། ཉོན་མོངས་པ་འཇིལ་བའོ། །མ་ཊ་ནི་སྣང་བ་སྟེ་
མ་ནི་ཉི་མའི་ས་བོན་ནོ། །ཊ་ནི་ཟླ་བའི་ས་བོན་ཡིན་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་རྒྱས་བཏབ་ནས་ཞེས་པ་བཅོམ་ལྡན་འདས་ཀྱི་ལུས་དང་ངག་དང་ཡིད་གསུམ་གཅིག་ཏུ་བསྡུས་པ་ནི་ཁུ་ཚུར་ཏེ་དེའི་ཕྱག་རྒྱ་བཅིངས་པ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་
བསྡུས་པ་ནི་རྒྱས་བཏབ་ཅེས་པའི་དོན་ཏོ། །རྡོ་རྗེའི་དཀྱིལ་འཁོར་འདྲ་བ་ནི། །ཞེས་པ་དཀྱིལ་འཁོར་དང་པོ་སྨོས་པའི་རྡོ་རྗེའི་དཀྱིལ་འཁོར་བཞིན་དུ་རི་དང་ཆུ་དང་གླིང་དང་སེམས་ཅན་གྱི་གནས་པ་ལ་སོགས་པའང་དེ་བཞིན་དུ་བྲིའོ། །དེའི་ནང་རིམ་གྱི་དབུས་སུ་རྡོ་རྗེ་ཁུ་ཚུར་ཞེས་བྱ་བའི་སེམས་དཔའ་
ཆེན་པོའི་གཟུགས་སམ་ཆ་ལུགས་བཞག་གོ། །དེའི་ཕྱག་རྒྱ་བསྟན་པ། རྡོ་རྗེ་ཁུ་ཚུར་རྡོ་རྗེ་བཅངས། །ཞེས་པ་དག་གོ། །འདིའི་སྐབས་སུ་རྡོ་རྗེ་ཁུ་ཚུར་བཅིངས་པ་ཉིད་རྡོ་རྗེ་ཁུ་ཚུར་གྱི་སྒྲར་བཤད་དེ་དེའི་དབུས་སུ་རྡོ་རྗེ་རྩེ་ལྔ་པ་བཅུག་ལ་མཛུབ་མོ་གཡས་གཡོན་གྱི་ལག་པ་གཞན་པས་དྲག་ཏུ་
བཙིར་བའོ། །དེ་ཡི་ཐད་ཀར་ཐམས་ཅད་དུ། །སངས་རྒྱས་སྐུ་ལུས་གཞག་པར་བྱ། །ཞེས་པ་དེའི་ཕྱོགས་བཞིར་མི་བསྐྱོད་པ་ལ་སོགས་པ་བཞི་བཞུགས་པར་བྱའོ། །དེའི་གྲྭ་བཞིར་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་དང་། ནམ་མཁའི་སྙིང་པོ་དང་། སྤྱན་རས་གཟིགས་དང་། སྣ་
ཚོགས་རྡོ་རྗེ་རྣམས་བྲིའོ། །དེ་ནས་དཀྱིལ་འཁོར་དེ་དང་པོར་སློབ་དཔོན་འཇུག་པའི་ཆོ་ག་གསུངས་པ། དེ་ནས་རྡོ་རྗེ་ཁུ་ཚུར་གྱི་དཀྱིལ་འཁོར་དག་ཅེས་པ་དག་གོ། །དེ་ལ་སྔགས་ཀྱི་དོན་ཧཱུྃ་ནི་མངོན་པར་སྤྱད་པའི་དོན་ཏོ། །དཀྵི་ནི་ལྷ་ཉིད་སྦྱིན་གནས་སུ་བསྟན་ཏོ། །སྨར་ནི་སྔོན་གྱི་དམ་ཚིག་

དྲན་པར་བྱོས་ཤིག་པར་བསྐུལ་བའོ། །ཕཊ་ནི་མངོན་པར་སྤྱད་པའོ། །དེ་ནས་སྙིང་པོ་འདིས་བདག་གི་སྙིང་གར་དགྲོལ་ལོ་ཞེས་པ་ཁུ་ཚུར་གྱི་ཕྱག་རྒྱ་གོང་དུ་བཅིངས་པ་སྔགས་ཀྱི་མཐུ་དམ་པོར་གྱུར་པ་སྔགས་འདི་བརྗོད་དེ་སླར་དགྲོལ་ལོ། །སྔགས་ཀྱི་དོན་ནི་རྡོ་རྗེ་ཁུ་ཚུར་
སླར་གྲོལ་བར་གྱུར་ཅིག་ཅེས་པའི་དོན་ཏོ། །དེ་ནས་རྡོ་རྗེ་སློབ་མ་གཞུག་སྟེ་ཞེས་པ་ཡེ་ཤེས་ཀྱིས་བྱིན་གྱིས་བརླབས་པའི་སློབ་མ་ནི་རྡོ་རྗེ་སློབ་མའོ། །རྡོ་རྗེ་སློབ་དཔོན་ཡང་དེ་དང་འདྲའོ། །རྡོ་རྗེ་ཁུ་ཚུར་དམ་ཚིག་གི་ཕྱག་རྒྱ་རྡོ་རྗེ་དང་བཅས་པ་ནི་གོང་དུ་ལྷའི་ཕྱག་རྒྱ་བཤད་པའི་སྐབས་སུ་སྨོས་པ་དེ་ཉིད་
བཅིངས་ལ་མེ་ཏོག་གི་ཕྲེང་བ་ཕྱག་རྒྱ་དེས་བཟུང་ནས་འཇུག་གོ། །དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱས་བཏབ་པ་ནི་ཞེས་པ་སློབ་མ་ལ་བསྒོ་བ་སྟེ། དཀྱིལ་འཁོར་འདིར་ཞུགས་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་དང་ཡེ་ཤེས་ཀྱི་ཕྱག་རྒྱས་བྱིན་གྱིས་བརླབས་
པའོ། །དེ་ལ་ཆོས་ཀྱི་ཕྱག་རྒྱ་ནི་ངག་གི་གསང་བའི་རང་བཞིན་ནོ། །རྡོ་རྗེའི་ཕྱག་རྒྱ་ནི་སེམས་ཀྱི་གསང་བའི་རང་བཞིན་ཏེ་ཕྱག་རྒྱ་དེ་གཉིས་གང་འདོད་པ་སློབ་མ་འདོམ་དུ་གཞུག་གོ། །སློབ་མ་གཉིས་ཀ་འདོད་ཅེས་ཟེར་ན་དེ་གཉི་གའི་ཕྱག་རྒྱས་བྱིན་གྱིས་བརླབ་པར་བྱ་སྟེ། དེའི་ཆོ་ག་གསུངས་པ་
རྡོ་རྗེ་དང་། དེ་བཞིན་གཤེགས་པའི་ཆ་ལུགས་ཞེས་པ་དག་གོ། །ཆ་ལུགས་དེ་ཉིད་དཀྱིལ་འཁོར་ན་བཞུགས་པ་ལས་བླངས་ནས་མེ་ཏོག་གི་ཕྲེང་བ་དང་། རྡོ་རྗེ་དང་ཅིག་ཅར་དུ་སློབ་མའི་མགོ་ལ་གཞག་གོ། །ལུས་དང་ངག་དང་སེམས་རྡོ་རྗེའི་ཞེས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་
ལུས་དང་ངག་ཡིད་ཀྱི་གསང་བ་རྡོ་རྗེ་རྣམས་གཅིག་ཏུ་བསྡུས་པ་ནི་རྡོ་རྗེའི་ཁུ་ཚུར་ཞེས་བྱའོ། །དེ་ནས་ཕྱག་རྒྱའི་དཀྱིལ་འཁོར་འབྱུང་སྟེ་ཞེས་པ་རྡོ་རྗེ་ཁུ་ཚུར་ནི་ལས་ཀྱི་རིགས་པས་ན་ཕྱག་རྒྱའི་དཀྱིལ་འཁོར་ཞེས་བཤད་དོ། །དེའི་དབུས་སུ་ཅི་རིགས་པར་ཞེས་པ་རྣམ་པར་སྣང་མཛད་རྡོ་རྗེ་ཁུ་ཚུར་གྱི་ཕྱག་
རྒྱ་བཅིངས་པ་བཞུགས་པར་བྱའོ། །དེའི་ཕྱོགས་བཞིའི་ཤར་ཕྱོགས་ནས་བརྩམས་ཏེ་ཟླ་བའི་དཀྱིལ་འཁོར་ལ་རྡོ་རྗེ་དང་། རིན་པོ་ཆེ་དང་པདྨོ་དང་རྒྱ་གྲམ་བྱང་ཕྱོགས་ཀྱི་བར་དུ་གཞག་གོ། །རྡོ་རྗེ་པདྨོའི་དབུས་ཞེས་བྱ་བ་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་གཞག་སྟེ། རྡོ་རྗེས་བྱིན་གྱིས་བརླབས་པས་

ན་རྡོ་རྗེ་པདྨོ་སྟེ་རྡོ་རྗེ་ཉིད་དེར་བྲི་བ་ནི་མ་ཡིན་ནོ། །གྲྭ་རྣམས་སུ་ཡང་དུས་བཞིའི་ལྷ་མོའི་མཆོད་པ་གོང་དུ་སྨོས་པ་རྣམས་བྲི་སྟེ། དེ་ནས། སློབ་མ་དཀྱིལ་འཁོར་དུ་བཅུག་ལ། །ཕྱག་རྒྱ་རྣམ་བཞི་ཡང་སློབས་ཤིག །སྒྲུབ་པ་གསང་བ་དག་དང་ནི། །ཞེས་པ་ལ་སོགས་པ་དེ་དག་ཀུན་དཀྱིལ་འཁོར་
དུ་བྲིས་ནས་སློབ་མ་ལ་ཡང་ཀུན་བརྗོད་ཅིང་སོ་སོའི་ཆོ་ག་བཞིན་དུ་བསྒྲུབ་པར་བྱའོ། །དེ་ལ་སྒྲུབ་པ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒྲུབ་པར་བྱའོ། །གསང་བ་ནི་ལུས་དང་ངག་དང་ཡིད་ཀྱི་གསང་བའོ། །འཁྱུད་པ་ནི་རྡོ་རྗེ་ཁུ་ཚུར་གསང་བ་ཐམས་ཅད་བསྡུས་པའི་རང་བཞིན་ནོ་ཞེས་བྱ་བ་ཉིད་འཁྱུད་
པའོ། །བསྐུལ་བ་ནི་སྔོན་གྱི་དམ་ཚིག་དྲན་པར་བྱོས་ཤིག་ཅེས་སྨྲས་པའོ། །དེ་ནས་དམ་ཚིག་གི་དཀྱིལ་འཁོར་འབྱུང་སྟེ་ཞེས་པ་དམ་ཚིག་དཀྱིལ་འཁོར་ཡང་གཞན་ནི་གོང་མ་བཞིན་དུ་བྲིས་ལ། ལྷ་རྣམས་ཀྱི་མཚན་མ་ཕྱག་རྒྱ་རྣམས་དེར་དགོད་དོ། །དེ་སྟེ་དཀྱིལ་འཁོར་མ་མཐོང་ལ་ཞེས་པ་
དམ་ཚིག་ཅན་མ་ཡིན་པ་ལ་ཕྱག་རྒྱ་བསྟན་ན་རིགས་བཞི་ཆར་གྱི་ལྷ་རྣམས་བཀའ་འབབ་པར་འགྱུར་རོ་ཞེས་བསྟན་ཏེ། དེ་ལ་དེ་བཞིན་གཤེགས་པའི་རིགས་ནི་རྡོ་རྗེའོ། །དེ་ལྟར་རིམ་བཞིན་དུ་སྦྱར་ཏེ་སྣ་ཚོགས་རྡོ་རྗེའི་བར་དུའོ། །སྣ་ཚོགས་ནི་རྡོ་རྗེ་རྒྱ་གྲམ་ལ་བྱའོ། །དེ་ནས་ལས་ཀྱི་དཀྱིལ་
འཁོར་འབྱུང་སྟེ་ཞེས་པ་དཀྱིལ་འཁོར་གོང་མ་བཞིན་དུ་བྲིས་ལ། རྡོ་རྗེ་ཁུ་ཚུར་གྱི་སྤྱན་སྔར་ཕྱག་རྒྱ་བཅིང་བའི་རིམ་པ་བསླབ་པོ། །དེའི་རིམ་པ་ནི་འདིའོ། །རྡོ་རྗེ་བཅིང་བ་ཀུན་བྱས་ལ། །ཞེས་པ་དམ་ཚིག་གི་ཕྱག་རྒྱ་བཅིང་ངོ་། །ཆོ་ག་དང་པོ་རྡོ་རྗེ་བཅིང་བ་བྱས་ལ་དེ་ནས་སོར་མོ་ཐམས་ཅད་དྲལ་བར་
བྱའོ། །དེ་ནས་རྡོ་རྗེ་འབེབས་པའི་ཕྱག་རྒྱ་བཅིང་ངོ་། །དེ་ནས་རྡོ་རྗེ་བཅིངས་པ་ལས་ལག་པའི་དམ་ཚིག་གི་ཕྱག་རྒྱ་བཅིངས་པ་ཐམས་ཅད་བྱའོ། །དེ་ལྟ་བུར་མི་ལྡན་ན་ཞེས་ཕྱག་རྒྱའོ། །རིམ་པ་གོང་དུ་སྨོས་པ་བཞིན་དུ་བྱ་བར་མི་ལྡན་ན་བྱང་ཆུབ་ཀྱི་སེམས་ལ་སོགས་པ་འདོད་པའི་མཆོག་སྒྲུབ་པའི་
སྔགས་པས་དམ་ཚིག་ཆེན་པོའི་ཡང་དག་པའི་ཡེ་ཤེས་ཀྱི་སྙིང་པོ་ས་མ་ཡ་སྟྭཾ་ཞེས་བྱ་བ་ལ་སོགས་པའི་སྤྱིའི་དམ་ཚིག་གི་སྔགས་ཐང་ཅིག་ཟློས་ལ། དེ་ནས་ཕྱག་རྒྱ་ཐམས་ཅད་ཆིངས་ཤིག །འདོད་པའི་མཆོག་ཐམས་ཅད་སྒྲུབ་པ་ནི་ཞེས་པ་བྱང་ཆུབ་ཀྱི་སེམས་བསྒྲུབ་པ་ནི་ཕྱག་རྒྱ་གོང་དུ་སྨོས་པ་

ལ་སོགས་པ་ཉིད་ལ་རག་ལུས་ཞེས་པའི་དོན་ཏོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་ཁུ་ཚུར་གྱི་སྒྲུབ་པ་འབྱུང་སྟེ་ཞེས་པ་དཀྱིལ་འཁོར་གོང་དུ་སྨོས་པ་རྣམས་ཀྱི་སྒྲུབ་པའི་ཆོ་ག་འདིར་བཤད་དེ། འོག་ནས་སྒྲུབ་པ་དང་ལས་འབྱུང་བ་རྣམས་ཀྱི་དང་པོ་སྤྱིའི་བསྙེན་པ་འབུམ་བྱའོ་
ཞེས་བསྟན་པ་འོ་མ་འཐུང་ཞིང་རྡོ་རྗེ་ཁུ་ཚུར་གྱིས་ཞེས་བྱ་བ་ལ་སོགས་པའོ། །རྡོ་རྗེ་དབང་བསྐུར་བར་དར་གྱིས་བཅིངས་ལ་ཞེས་པ་རྡོ་རྗེ་ཁུ་ཚུར་གྱི་ནང་དུ་རྡོ་རྗེ་རྩེ་ལྔ་པ་བཅུག་ལ་རྡོ་རྗེ་བཅིངས་བ་བྱས་ནས་དབང་བསྐུར་བའི་གནས་བྲལ་བ་ནས་དར་གྱིས་དཀྲི་བར་བྱའོ། །དེའི་གཡས་གཡོན་ཕྱོགས་བཞིར་
དེ་བཞིན་གཤེགས་པ་མི་བསྐྱོད་པ་ལ་སོགས་པ་འཁོར་བྱང་ཆུབ་སེམས་དཔའ་དང་བཅས་པ་བྲིའོ། །དེ་ལ་སངས་རྒྱས་རྣམས་ནི་རྡོ་རྗེ་བཅིངས་པའི་ཕྱག་རྒྱས་བཞུགས་པར་བྱའོ། །དེ་དག་གི་འཁོར་བྱང་ཆུབ་སེམས་དཔའ་རྣམས་ཏིང་ངེ་འཛིན་གྱི་ཚུལ་དུ་བཞུགས་པར་བྱའོ། །དེ་ནས་དེའི་སྤྱན་སྔར་
དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་བཅིངས་ལ་ཞེས་པ་རྡོ་རྗེ་ཁུ་ཚུར་བཅིངས་པའི་མཚན་ཉིད་གོང་དུ་སྨོས་པ་བཞིན་དུ་བྱའོ། །དེ་ནས་ནམ་ཕྱེད་ནས་བདུད་ཀྱི་ལས་སྣ་ཚོགས་སྣང་བར་འགྱུར་རོ་ཞེས་པ་འཇིགས་པའི་གཟུགས་སྟོན་ཅིང་སྒྲ་འབྱིན་པ་དང་། མཚོན་སྣ་ཚོགས་ཀྱིས་འདེབས་
ཤིང་སྔགས་པ་ལ་རྒོལ་བ་ནི་བདུད་ཀྱི་ལས་སོ། །སྔགས་ཀྱི་དོན་ནི་རྡོ་རྗེ་ཁུ་ཚུར་གྱིས་བདུད་ཐམས་ཅད་ཆོམས་ཤིག་པའི་དོན་ཏོ། །གཞན་གྱི་སྐབས་སུ་ཡང་བགེགས་རྒོལ་བ་རྣམས་ལ་སྔགས་འདི་སྦྱར་རོ། །ལུས་ཀུན་འཇུག་གོ་ཞེས་པ་སངས་རྒྱས་ཀྱི་སྐུ་སྔགས་པའི་ལུས་ལ་འཇུག་
པའོ། །གཞོན་ནུ་དམ་ཚིག་གི་ཁུ་ཚུར་གྱིས་རྡོ་རྗེ་དམ་དུ་བཅིངས་ཞེས་པ་དམ་ཚིག་གི་རྡོ་རྗེ་ཁུ་ཚུར་ནི་རྡོ་རྗེ་བཅིངས་པ་ལས་མཐེ་བོང་གཉིས་ནང་དུ་བཅུག་པའོ། །དེའི་ནང་ན་རྡོ་རྗེ་རྩེ་ལྔ་པ་བསྒྲེང་སྟེ་བཅུག་ལ་བསྡམས་པའོ། །སྤྱན་གསུམ་མ་ལག་པ་གཉིས་ཀྱིས་རྡོ་རྗེ་གསལ་ཕུར་ཐོགས་
པ་ཞེས་པ་གསལ་ཕུར་ནི་ཤཱུ་ལ་སྟེ་མདུང་རྩེ་དང་བཅས་པའི་མདུང་འདྲ་བ་ལག་པ་གཉིས་ཀས་བཟུང་བའོ། །པདྨོ་དང་མཆོག་སྦྱིན་གྱི་ཕྱག་ཏུ་བྱས་པ་ཞེས་པ་ཕྱག་གཡོན་པ་ན་པདྨོ། །གཡས་པ་མཆོག་སྦྱིན་དེའི་གཡོན་དུ་པདྨོ་ཆེན་པོ་རྡོ་རྗེ་ཞེས་པ་སྤྱན་རས་གཟིགས་ཀྱི་གཡོན་དུ་རྡོ་རྗེ་བཞག་

སྟེ་ཕྱག་གཡོན་པ་ན་པདྨོ་ཐོགས་པའོ། །པདྨོ་ཆེན་པོ་ཞེས་བྱ་བ་ནི་པདྨོའི་རིགས་ཀྱི་བདག་པོ་སྤྱན་རས་གཟིགས་ཀྱི་དབང་པོ་ཉིད་ལ་བྱའོ། །དེའི་རྡོ་རྗེ་ནི་དེའི་ཡེ་ཤེས་ཀྱི་རང་བཞིན་ཏེ་རྡོ་རྗེ་དེ་ཉིད་ལ་བྱའོ། །གཟུགས་ཀྱི་རས་ཀྱིས་དེ་ལ་ཕཊ་ཅེས་བྱ་བ་ཐོབ་ན་ཕཊ་ཅེས་བྱ་བའི་སྒྲ་འབྱུང་ངོ་། །ཀུན་འཁྱིལ་
པས་འཁྱིལ་པའི་སྐྲ་ཞེས་བྱ་བ་གཞོན་ནུ་སྐྲ་ལྕང་ལོ་འཁྱིལ་པ་ལ་བྱའོ། །བསྐྱང་བ་དང་ཆད་པས་གཅད་པ་ཞེས་པ་ཕན་གདགས་པ་དང་གནོད་པར་ནུས་པའོ། །དབྱིབས་རྒུས་པས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཞེས་པ་རྡོ་རྗེ་ཁུ་ཚུར་གྱིས་ཕྱག་འཚལ་བའོ། །དུ་རུ་ཀ་ཡི་འབྲུ་མར་གྱིས། །ཞེས་དུ་
རུ་ཀ་དང་འབྲུ་མར་སྦྱར་བའི་འབྲུ་མར་གྱིས་སྦགས་པའོ། །སའི་འོག་བརྗོད་ཅེས་པ་སའི་གཏིང་ན་ལྷ་མ་ཡིན་ལ་སོགས་པའི་གནས་ཡོད་པ་བརྗོད་པ་དེར་འགྲོ་བར་འགྲུབ་བོ། །ས་བརྗོད་པ་ཞེས་པ་བྲག་ཕུག་ལ་སོགས་པ་སའི་གཏན་ཉིད་མ་ཡིན་པའི་གསེབ་ན་སྤྱོད་པར་འགྲུབ་བོ། །ཁམས་བརྗོད་ཅེས་
བྱ་བ་ནི་གསེར་དངུལ་བྱེད་པར་འགྲུབ་བོ། །འདོད་པའི་གཟུགས་ཞེས་བྱ་བ་ཅི་འདོད་པའི་ལུས་འཐོབ་བོ། །བཅིང་བ་ཐམས་ཅད་དང་མནན་པ་དང་ཞེས་པ་མ་རུངས་པའི་སེམས་ཅན་ཡན་ལག་བཅིང་བ་དང་། འཁུམས་ཤིང་རྩོལ་མི་ནུས་པར་མནན་པ་དང་། སྨྲ་མི་ནུས་པར་གཟིར་བ་དང་། དྲན་པ་
མེད་པར་གློང་བར་བྱ་བ་དང་གཉིད་ལོག་པར་ཉལ་བ་དང་། བཅིངས་པ་ལ་སོགས་པ་ལས་ཐར་པར་བྱེད་ནུས་སོ། །ནམ་མཁའ་ལ་ནོར་དང་གསེར་དང་མུ་ཏིག་དང་ཞེས་པ་ནོར་ནི་དོང་ཙེ་དང་། གེ་སར་དང་། འགྲོན་བུ་ལ་སོགས་པ་བཙོང་ཞིང་བསྒྱུར་བའི་ནོར་རྣམས་ལ་བྱའོ། །འཐབ་ཆ་དང་སྟོན་སྐྱོབ་
དང་། ཞེས་པ་འཐབ་ཆ་ནི་རལ་གྲི་ལ་སོགས་པའོ། །སྟོན་སྐྱོབ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཙུག་གོ། །སྐྱེས་ཀོར་ནི་གོ་ཆ་ལ་སོགས་པའོ། །གླེགས་བམ་ནི་དམ་པའི་ཆོས་ལ་སོགས་པའི་གླེགས་བམ་མོ། །རྟོག་པ་ནི་སྔགས་ཀྱི་རྟོག་པའོ། །དུས་ཀྱི་འཁོར་ལོ་བསྐོར་བ་
དང་། །ཞེས་པ་དབྱར་དགུན་དུ་བསྒྱུར་བ་ལ་སོགས་པ་དུས་བརྗེའོ། །འཁྲུལ་འཁོར་ཐམས་ཅད་བཅད་པ་དང་། །ཞེས་པ་འོག་གི་བགེགས་ཐམས་ཅད་གཞོམ་ཞིང་ས་འོག་གི་སྒོ་བཅད་པ་ཐམས་ཅད་འབྱེད་པའོ། །ཐམས་ཅད་ཀྱི་ཕྱག་རྒྱ་བཅག་པ་དང་ཞེས་པ་ཕ་རོལ་རྒོལ་བའི་ཕྱག་རྒྱ་མཐུ་མེད་

པར་བཅག་པ་དང་། དེའི་ཕྱག་རྒྱ་སོ་སོར་དྲལ་བའོ། །གས་པ་སྦྱར་བ་དང་ཞེས་པ་ནི་དངོས་པོ་གང་ཡང་རུང་བ་གས་སམ་ཆག་པ་སླར་གསོ་ནུས་སོ། །ཐམས་ཅད་སྐྱེད་པ་དང་ཞེས་པ་ནི་ས་བོན་གྱི་ཆོ་ག་སྐྱེད་པར་བྱེད་པའོ། །རྡོ་རྗེ་ཁུ་ཚུར་གྱི་རྟོག་པ་རྫོགས་སོ།། །།
དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པ་བྱང་ཆུབ་སེམས་དཔས་འདི་སྐད་ཅེས་གསོལ་ཏོ། །ཞེས་པ་འཇམ་དཔལ་གྱིས་ཀྱང་འདིར་རང་གི་སྙིང་པོ་གསུངས་པར་བརྩམས་སོ། །ཆོས་ཀྱི་མཛོད་བརྗོད་པར་འགྱུར་རོ་ཞེས་པ་སངས་རྒྱས་ཀྱི་ཆོས་ནི་རྟོག་པ་དང་བརྗོད་པ་གཉིས་ཏེ། རྟོག་པ་
ནི་མྱ་ངན་ལས་འདས་པའི་ཆོས་རང་གིས་རིག་པའོ། །བརྗོད་པའི་ཆོས་ནི་གསུང་རབ་སྡེ་བཅུ་གཉིས་ལ་སོགས་པའོ། །གསུང་རབ་ཀྱི་ཆོས་དེ་དག་ནི་དོན་ཡི་གེ་འབྲུ་ལྔ་པའི་སྙིང་པོ་འདིར་འདུས་ཞེས་པའི་དོན་ཏོ། །སྔགས་ཀྱི་དོན་ནི་འོག་ནས་འཆད་དོ། །ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་དང་ཞེས་
པ་འདུས་བྱས་དང་འདུས་མ་བྱས་པ་ལ་སོགས་པའི་དེ་ཉིད་ཆོས་བདག་མེད་པའི་སྒོར་མཚུངས་པས་ན་མཉམ་པ་ཉིད་དེ། འདིས་ནི་བརྗོད་པར་བྱ་བ་མཉམ་པ་ཉིད་བསྟན་ཏོ། །བརྗོད་པ་མཉམ་པ་ཉིད་བསྟན་པ་ནི་ཡི་གེ་མཉམ་པ་ཉིད་ཅེས་བརྗོད་དེ། ཡི་གེ་སུམ་ཅུ་རྩ་གཉིས་ཀྱང་རང་བཞིན་མེད་པ་ཉིད་
མཚུངས་པ་སྟེ། དོན་དེ་དག་འབྲུ་ལྔ་པའི་སྙིང་པོ་འདིས་བསྟན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གྲུབ་པ་ཐོབ་པར་གྱུར་ཏོ་ཞེས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་སྟོང་པ་ཉིད་རྟོགས་ཞེས་པའི་ཐ་ཚིག་གོ། །དེ་ནས་དེའི་དཀྱིལ་འཁོར་འབྱུང་སྟེ་ཞེས་པ་འཇམ་དཔལ་གྱི་དཀྱིལ་འཁོར་ནི་
ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་དང་པོ་ཉིད་དུ་སྨོས་པ། འཁོར་ལོའི་དཀྱིལ་འཁོར་ཞེས་བྱ་བ་དཀྱིལ་འཁོར་ཆེན་པོའི་ཚུལ་བཞིན་དུ་རི་རབ་ཀྱི་རྩེ་མོར་དཀྱིལ་འཁོར་ཟླུམ་པོའི་འཁོར་ལོ་དང་འདྲ་བ་དང་། ཕྱི་རོལ་ཆུ་དང་གསེར་གྱི་རི་དང་རི་ཁོར་ཡུག་དང་གླིང་བཞི་པ་ལ་སོགས་པ་ཡང་དེ་བཞིན་དུ་བྲིས་ལ།
དེའི་དབུས་སུ་རྣམ་པར་སྣང་མཛད་ཀྱི་སར་ནི་འཇམ་དཔལ་ཉིད་བཞུགས་པར་བྱའོ། །རྣམ་པར་སྣང་མཛད་ནི་འཇམ་དཔལ་གྱི་སྟེང་ནམ་མཁའ་སྙིང་པོའི་སར་བཞུགས་པར་བྱའོ། །ནམ་མཁའི་སྙིང་པོ་ནི་འཇམ་དཔལ་གྱི་སར་བཞུགས་པར་བྱའོ། །འཇམ་དཔལ་ནི་སྐུ་མདོག་དམར་སེར་ཕྱག་གཡས་

པ་ན་རྡོ་རྗེ་རལ་གྲི་ཐོགས། གཡོན་པ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་བསྣམས་པའི་རི་མོའམ་སྐུ་གཟུགས་གཞག་གོ། །རྡོ་རྗེ་རལ་གྲི་ཞེས་བྱ་བ་ནི་ཡེ་ཤེས་སོ། །དེའི་མཚན་མ་རལ་གྲི་ཡིན་པས་ན་རྡོ་རྗེ་རལ་གྲི་ཞེས་བྱའོ། །དེའི་ཐད་ཀར་ཐམས་ཅད་དུ་ཡི་གེ་ཨ་ར་པ་ཙ་ན་ལ་སོགས་པའི་
ཕྲེང་བ་བྲི་ཞེས་པ་འཇམ་དཔལ་གྱི་དྲུང་དུ་ཡི་གེ་འབྲུ་ལྔ་པ་ཁ་དོག་དམར་པོ་མགོ་མཉམ་དུ་འཁོར་བར་བསྐོར་རོ། །སོགས་པའི་སྒྲས་ནི་ཡི་གེ་འབྲུ་ལྔའི་དོན་བཤད་པ་འོག་ནས་འཁོར་བར་བྲིའོ། །དེ་ནས་དང་པོ་སློབ་དཔོན་ཉིད་དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་བསྟན་པ་དེ་ནས་སློབ་དཔོན་གྱིས་ཞེས་བྱ་བ་ལ་སོགས་
པའོ། །དམ་ཚིག་གི་ཕྱག་རྒྱ་ནི་འོག་ནས་འབྱུང་ངོ་། །ཡི་གེ་འབྲུ་ལྔ་སྤྲོས་པ་མེད་པའི་སྤྱན་སྔར་བརྗོད་དོ་ཞེས་པ་སྤྲོས་པ་མེད་པ་ནི་འཇམ་དཔལ་ལ་བྱ་སྟེ་ཆོས་ཀྱི་སྐུའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ཕྱིན་ཆད་སློབ་དཔོན་ལ་འཇམ་དཔལ་གྱིས་བྱིན་གྱིས་བརླབས་ཏེ་སྤོབས་པ་ཆེན་པོ་ཡང་ཐོབ། དུས་
གསུམ་གྱི་ལེགས་ཉེས་ཅིར་གྱུར་པ་ཡང་ནམ་མཁའ་ལ་ཡི་གེར་བྲིས་ཏེ་སྟོན་ཏོ། །དེ་ནས་སློབ་མ་གཞུག་པའི་ཆོ་ག་གསུངས་པ། དེ་བཞིན་དུ་སློབ་མ་བཅུག་སྟེ་ཞེས་པ་ལ་སོགས་པའོ། །གོང་དུ་སྨོས་པའི་ཆོ་ག་བཞིན་དུ་བྱས་ལ་རྡོ་རྗེ་རལ་གྲི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་དེ་ནས་མེ་ཏོག་བཟུང་སྟེ་
དཀྱིལ་འཁོར་དུ་གཞུག་གོ། །དེ་ནས་སློབ་དཔོན་གྱིས་སློབ་མ་ལ་བསྒོ་བ། དེང་ཁྱོད་ཀྱིས་དེ་བཞིན་གཤེགས་པའི་ཆོས་ཞེས་བྱ་བ་ལ་སོགས་པའོ། །དེང་ཁྱོད་ཀྱིས་དཀྱིལ་འཁོར་འདིར་ཞུགས་པས་དེ་བཞིན་གཤེགས་པའི་ཆོས་སྟོང་པ་ཉིད་རྟོགས་པར་འགྱུར་གྱིས་སྙིང་པོ་འོག་ནས་འབྱུང་བ་དམ་ཚིག་
ཅན་མ་ཡིན་པ་ལ་སོགས་པ་ལ་མ་སྨྲ་ཤིག །སྨྲས་ན་ཚེ་འདི་ལ་གནོད་པར་འགྱུར་བ་དང་ཚེ་ཕྱི་མ་ལ་དམྱལ་བར་སྐྱེ་བ་གོང་དུ་སྨོས་པ་དང་འདྲའོ། །འདོད་པ་ཐམས་ཅད་འཐོབ་པོ་ཞེས་པ་འབྲུ་ལྔ་པོ་འདི་ལ་བསྒོམས་པས་བྱང་ཆུབ་ཀྱི་སེམས་དང་འཇིག་རྟེན་གྱི་འདོད་པ་ཐམས་ཅད་འཐོབ་པོ། །ཨ་ཞེས་
བྱ་བ་ནི་འདོད་པའོ་ཞེས་ཆོས་ཐམས་ཅད་མ་སྐྱེས་པར་བསྟན་ཏེ། གོང་མ་སྐྱེས་པ་དེ་ནི་བྱང་ཆུབ་སྟེ་བདེ་བ་ཐམས་ཅད་འགྲུབ་པའི་རྒྱུ་ཡིན་པའི་ཕྱིར་དེ་ཉིད་འདོད་པའོ། །ར་ཞེས་བྱ་བ་ནི་ཆགས་པའོ་ཞེས་བྱ་བ་སེམས་ཅན་སྨིན་པ་དང་གྲོལ་བར་བྱ་བ་ལ་ཆགས་པའོ། །པ་ཞེས་བྱ་བ་ནི་དོན་དམ་པའོ་ཞེས་

བྱ་བ་གཟུང་བ་དང་འཛིན་པ་དང་བྲལ་བའི་དོན་སྟོང་པ་ཉིད་དུ་སྟོན་པའོ། །ཙ་ཞེས་བྱ་བ་ནི་སྤྱོད་པའོ་ཞེས་བྱ་བ་བྱང་ཆུབ་ཀྱི་སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པའི་དོན་སྟོན་པའོ། །ན་ཞེས་བྱ་བ་ནི་དངོས་པོ་མེད་པའོ་ཞེས་བྱ་བ་ཆོས་ཐམས་ཅད་དངོས་པོ་མེད་པ་སྟེ་ཆོས་
དང་གང་ཟག་ལ་བདག་མེད་པའི་ཕྱིར་རོ། །དོན་དེ་ལྔ་བསྡུས་ཏེ་བསྟན་པ་འདོད་ཆགས་དམ་པ་ཞེས་བྱ་བ་དག་གོ། །དེ་དག་བསྒྲུབས་ན་བྱང་ཆུབ་ཀྱི་སེམས་དང་འཇིག་རྟེན་པའི་འདོད་པ་ཐམས་ཅད་ཐོབ་པར་འགྱུར་རོ། །འདོད་པ་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྣོད་ཡིན་ཏེ་ཞེས་པ་བྱང་ཆུབ་
ཀྱི་སེམས་ས་བཅུའི་རིམ་པ་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྣོད་དམ་རྒྱུ་ཡིན་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་འཛིན་ཀྱང་མྱུར་དུ་འཐོབ་པར་འགྱུར་རོ་ཞེས་པ་འདིའི་སྐབས་སུ་འཇམ་དཔལ་ཉིད་ལ་བྱ་སྟེ། ཡེ་ཤེས་ཀྱི་མཚན་མ་རལ་གྲི་ལ་སོགས་པ་འཛིན་པའི་ཕྱིར་རོ། །དེ་ནས་ཕྱག་རྒྱ་འཛིན་པ་
བསླབ་པོ་ཞེས་པ་འཇམ་དཔལ་གྱི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་རྣམ་བཞི་བསླབ་བོ། །སྤྲོས་པ་མེད་པའོ་ཞེས་བྱ་བ་ནི་ཆོས་ཀྱི་སྐུའི་རང་བཞིན་ཚིག་དང་དོན་སྣ་ཚོགས་སུ་སྤྲོས་པ་མེད་པའི་དོན་སྟོན་པའི་དཀྱིལ་འཁོར་བས་ན་སྤྲོས་པ་མེད་པའི་དཀྱིལ་འཁོར་ཞེས་བྱའོ། །དེ་ནས་རལ་གྲིའི་དཀྱིལ་
འཁོར་འབྱུང་སྟེ་ཞེས་པ་དཀྱིལ་འཁོར་འདིར་རལ་གྲི་སྒྲུབ་པས་ན་རལ་གྲིའི་དཀྱིལ་འཁོར་ཏེ། དང་པོ་ཉིད་དུ་ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་ཞེས་སྨོས་པ་དེ་བཞིན་དུ་བྲིའོ། །དེ་ནས་དཀྱིལ་འཁོར་དེའི་དབུས་སུ་བསྒྲུབ་པར་བྱ་བའི་རལ་གྲི་བཞག་སྟེ་མཚན་ཐལ་བྱུང་བཟླས་ཏེ་བསྒྲུབ་པོ། །སླར་བསྙེན་
པ་བྱ་བ་ནི་སྐབས་གཞན་དུ་གསུངས་པའི་ཚུལ་བཞིན་བྱའོ། །དམ་ཚིག་གི་དཀྱིལ་འཁོར་ནི་ཞེས་པ་དཀྱིལ་འཁོར་ཆེན་པོའི་ཚུལ་བཞིན་དུ་བྲིས་ལ། དེར་སློབ་དཔོན་དང་སློབ་མ་གཉི་ག་ཆོ་ག་གོང་མ་བཞིན་དུ་ཞུགས་ནས་སློབ་མ་ལ་ཉིན་གཅིག་ཅིང་རྟག་ཏུ་ཚིག་འདི་སྐད་བརྗོད་ཅིག་ཅེས་བསྒོའོ། །དེ་
ནས་ལས་ཀྱི་དཀྱིལ་འཁོར་འབྱུང་སྟེ་ཞེས་པ་དཀྱིལ་འཁོར་གོང་མ་བཞིན་བྲིས་ཏེ། དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་གཞག་ལ་འདྲི་བ་ལ་སོགས་པ་མཆོད་པ་རྣམ་པ་བཞིའོ། །དེ་ནས་སྒྲུབ་པ་འདོད་པས་དཀྱིལ་འཁོར་ཆེན་པོའི་ཚུལ་དུ་རས་ལ་བྲིས་ནས་ཞེས་པ་དཀྱིལ་འཁོར་ཆེན་

པོའི་ཚུལ་བཞིན་དུ་ཆུ་དང་རི་དང་གླིང་ལ་སོགས་པ་ཐམས་ཅད་བྲིའོ། །དེ་ནས་དེའི་སྤྱན་སྔར་ཨ་ར་པ་ཙ་ན་ཞེས་བྱ་བའི་ཡི་གེའི་ཕྲེང་བ་ལན་ཅིག་བཀླགས་ལ། ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པའོ་ཞེས་སྐབས་སུ་ཚིག་ཏུ་ཡང་བརྗོད་ཅིང་དེའི་དོན་ཡིད་ལ་བཟླས་ཏེ་ཡི་གེ་འབྲུ་རེ་ཞིང་
སྔགས་འབུམ་འབུམ་སྟེ་ལྔ་འབུམ་བཟླས་ན་འགྲུབ་པར་འགྱུར་རོ། །དེ་ནས་མ་བསྒྲུབས་ཀྱང་ལས་སུ་འགྱུར་བ་ནི་ཞེས་པ་སྔོན་དུ་བསྙེན་པ་ཚུལ་བཞིན་དུ་མང་དུ་བྱས་ནས་སྔགས་ཉེ་བར་གྱུར་ན་ནད་ལ་སོགས་པའི་གློ་བུར་གྱི་སྡུག་བསྔལ་རྣམས་ཐམས་ཅད་བྱང་བར་འགྱུར་རོ། །གཉིས་ཀྱིས་སྡིག་པ་
ཐམས་ཅད་བྱང་བར་འགྱུར་རོ། །གསུམ་གྱིས་བསམ་གཏན་བཞི་ལ་སོགས་པ་ཐོབ་པར་འགྱུར་རོ། །བཞིས་ཚེ་སྔ་ཕྱི་ལ་སོགས་པ་དྲན་པར་འགྱུར་རོ། །སྐུ་གདུང་དང་བཅས་པའི་མཆོད་རྟེན་ལ་ཡི་གེ་ཕྲེང་བ་གཡས་ཕྱོགས་ནས་ཞེས་བྱ་བ་ནི་ཞལ་ཤར་ཕྱོགས་སུ་གཟིགས་པར་བརྟགས་ལ་དེ་ནས་
ཙེ་ཏིའི་གཡས་ཕྱོགས་ནས་བསྐོར་ཏེ། ཨ་ར་པ་ཙ་ནས་མགོ་མཉམ་དུ་བསྐོར་ལ་མགོའི་ཨས་མཇུག་གི་ནའི་དྲུང་དུ་ཕྱིན་གྱིས་བར་དུ་བསྐོར་རོ། །དེ་ནས་ཙེ་ཏི་དེ་ཉིད་སྔགས་པས་བསྐོར་ཞིང་སྔགས་པ་དེ་ཉིད་འབུམ་བཟླས་སོ། །འཇམ་དཔལ་གྱི་རྟོག་པ་རྫོགས་སོ།། །།དེ་ནས་བཅོམ་ལྡན་
འདས་ལ་རྡོ་རྗེ་འཁོར་ལོ་བྱང་ཆུབ་སེམས་དཔས་འདི་སྐད་ཅེས་གསོལ་ཏོ། །སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་བྱང་ཆུབ་སེམས་དཔས་གསོལ་པའོ། །གང་གི་བརྗོད་པ་ཙམ་གྱིས་དཀྱིལ་འཁོར་ཐམས་ཅད་དུ་ཞུགས་པར་འགྱུར་རོ་ཞེས་ཕྱག་རྒྱ་འོག་ནས་འབྱུང་བ་བཅིངས་ལ་བརྗོད་
ན་རྣལ་འབྱོར་གྱི་རྒྱུད་ཀྱི་དཀྱིལ་འཁོར་ཐམས་ཅད་དུ་ཞུགས་པར་འགྱུར་རོ། །སྔགས་ཀྱི་དོན་ཨོཾ་སྔར་བཤད་པའོ། །བཛྲ་ནི་ཡེ་ཤེས་སུ་སྟོན་ཏོ། །ཙཀྲ་ནི་ཆོས་ཀྱི་འཁོར་ལོ་བསྐོར་བར་སྟོན་ཏོ། །སྟོང་པ་ཉིད་ཀྱིས་བྱིན་གྱིས་བརླབས་པའི་ཡེ་ཤེས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་ཉོན་མོངས་པ་དང་ཤེས་
བྱའི་སྒྲིབ་པ་ཧཱུཾ་ཞེས་བརྗོད་པས་འཇོམས་སོ། །དེ་ནས་འདི་བརྗོད་པ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་པ་སངས་རྒྱས་ལྔ་ལ་སོགས་པ་དང་བྱང་ཆུབ་སེམས་དཔའ་རྣམས་དང་སྐྱེ་བོ་གཞན་རྣམས་ཀྱང་དཀྱིལ་འཁོར་དེར་ཞུགས་སོ། །རྡོ་རྗེ་འཁོར་ལོ་བཞིན་བྲིས་ལ། །ཞེས་པ་དང་པོ་

སྨོས་པའི་འཁོར་ལོ་ཆེན་པོ་བཞིན་དུ་འཁོར་ལོའི་ཚུལ་དུ་བྲིས་ལ་ཆུ་དང་གསེར་གྱི་རི་དང་རི་ཁོར་ཡུག་ལ་སོགས་པ་དེ་བཞིན་དུ་དགོད་དོ། །དེའི་དབུས་སུ་རྡོ་རྗེའི་འཁོར་ལོར་བྱང་ཆུབ་སེམས་དཔའ་འཁོར་ལོ་རྩིབས་བརྒྱད་པ་ཕྱག་ན་བསྣམས་པའམ། འཁོར་ལོའི་ཕྱག་རྒྱ་ཕྱག་བསྣོལ་
བའི་འོག་ནས་འབྱུང་བ་བཅིངས་ཏེ་ཁ་དོག་དམར་པོའི་དཀྱིལ་འཁོར་དབུས་སུ་རྡོ་རྗེ་བཞུགས་པར་བྱའོ། །རིགས་ཀྱི་དཀྱིལ་འཁོར་ལ་སོགས་པའི་ཞེས་པ་ཤར་ཕྱོགས་ལ་སོགས་པར་མི་བ