Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 56

Văn bản gốc(Tây Tạng)

Trang 14 / 20 (50.000 ký tự/trang)
ྲུབ་པའི་ཕྱིར་དང་། ཡུན་རིང་དུ་གནས་པར་བྱིན་གྱིས་བརླབ་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་ལ་བྱིན་གྱིས་བརླབ་པར་གསོལ་བ་དང་། རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་

གཤེགས་པ་རྣམས་ཀྱིས་ཀྱང་། མདོ་སྡེ་འདི་ནི་ལེགས་པར་བཤད། །ཅེས་བྱ་བས་རྟོག་པ་ཐམས་ཅད་སངས་རྒྱས་ཀྱི་བཀའ་ཉིད་ཡིན་པར་བྱས་ཏེ་བཞག་པ་དང་། ཡུན་རིང་བ་ཉིད་དུ་གནས་པར་བྱིན་གྱིས་བརླབས་མོད་ཀྱི། རི་རབ་ཀྱི་རྩེ་མོ་འབའ་ཞིག་ཙམ་དུ་ཟད་ཀྱི་ཐམས་ཅད་དུ་
གྲགས་པར་གྱུར་པ་ནི་མ་མཛད་དོ། །དེ་བས་ན་ཐམས་ཅད་དུ་གྲགས་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་འཁོར་ལོས་སྒྱུར་བ་བཞིས་རང་གི་རིགས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་རྟག་པའི་ཕྱིར་གསོལ་བ་བཏབ་པ་ཡིན་ལ། བཅོམ་ལྡན་འདས་ཀྱིས་ཀྱང་ཐམས་ཅད་ལ་ཀུན་དུ་
ཁྱབ་པར་མཛད་པ་ཡིན་ནོ། །དེ་ལྟར་ཞར་ལ་འོངས་པ་རྫོགས་པར་མཛད་ནས་ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡུལ་ཐམས་ཅད་ན་ཇི་ལྟ་བ་བཞིན་དུ་བཞུགས་པ་སེམས་ཅན་ཐམས་ཅད་ཀྱིས་མཐོང་བ་སྟོན་ཏོ། །དེ་ནས་དེའི་ཚེ་ཞེས་བྱ་བ་ནི་བཅོམ་ལྡན་འདས་
ཀྱི་ཏིང་ངེ་འཛིན་གྱིས་ཁྱབ་པར་མཛད་པའི་དུས་སུའོ། །སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་ཁོངས་སུ་གཏོགས་པའི་སེམས་ཅན་ཞེས་བྱ་བ་ནི་གོ་སླའོ། །ཕྲ་བའམ་སྦོམ་པའང་རུང་། །ཞེས་བྱ་བ་དེ་རྣམས་ཉིད་ཀྱི་ཁྱད་པར་ཡིན་ཏེ། ཕྲ་བ་ནི་ཆུའི་སྲིན་བུ་ལ་སོགས་པའོ། །སྦོམ་པ་ནི་མི་ལ་
སོགས་པའོ། །ལྷག་མ་རྣམས་ནི་གོ་སླའོ། །འཁོར་ལོ་ཐམས་ཅད་ཅེས་བྱ་བ་ནི་དཀྱིལ་འཁོར་ཐམས་ཅད་དོ། །ཀུན་ནས་ཞེས་བྱ་བ་ནི་ཐམས་ཅད་ནས་སོ། །མཐོང་ངོ་ཞེས་བྱ་བ་ནི་མིག་སྔར་ཕབ་པ་སྟེ། སངས་རྒྱས་ཐམས་ཅད་ཀྱི་མཐུས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀུན་ནས་མཐོང་
ངོ་། །དེ་ལྟར་ཇི་སྐད་གསུངས་པའི་ཚུལ་གྱིས་འོག་མིན་གྱི་གནས་སུ་མངོན་པར་རྫོགས་པར་སངས་རྒྱས་ནས་དེ་ནས་རི་རབ་ཀྱི་སྟེང་དུ་གཤེགས་ཏེ་ལྷ་རྣམས་ཀྱི་དོན་མཛད་དོ། །མི་རྣམས་ཀྱང་སྣོད་དུ་གྱུར་པ་ཡིན་ལ། དེ་བས་ན་དེ་རྣམས་ཀྱི་དོན་ཀྱང་བྱ་དགོས་ཏེ། དེ་རྣམས་ཀྱི་དོན་ནི་རི་རབ་ཀྱི་སྟེང་ན་
གནས་བཞིན་དུ་མཛད་པར་མི་སྤྱོད་པས་ན་དེའི་ཕྱིར་དེ་བས་ན་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ། མི་ཡི་ནང་དུ་བབས་ནས་ཀྱང་། །ཞེས་བྱ་བའི་ཚིགས་སུ་བཅད་པས་གསོལ་བ་བཏབ་པ་ཡིན་ནོ། །མི་ཡི་ནང་དུ་བབས་ནས་ཀྱང་། །ཞེས་བྱ་བ་ནི་

མིའི་ནང་དུ་གཤེགས་ལ་ཞེས་བྱ་བའི་དོན་ཏོ། །དགོངས་ཕྱིར་སེམས་ཅན་ཀུན་གྱི་དོན། །ཞེས་བྱ་བ་ནི་མི་རྣམས་ཀྱི་དོན་བསྒྲུབ་པར་བགྱི་བའི་སླད་དུ་དགོངས་པ་མཛོད་ཅིག་ཅེས་པའོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བར་མི་རྣམས་ཀྱི་དོན་གྱིས་ཤིག་ཅེས་བསྟན་མོད་ཀྱི་འོན་ཀྱང་དེ་འདི་ལྟར་
དོན་བྱོས་ཤིག་ཅེས་བཀའ་སྩལ་པ་ཙམ་དུ་ཟད་ཀྱི་རྫོགས་པར་བྱས་པ་ནི་མ་ཡིན་ནོ། །དེ་ལྟ་བས་ན་དེ་རྣམས་ཀྱི་དོན་བསྒྲུབ་པར་མཛོད་ཅིག་ཅེས་སྨྲས་པ་ཡིན་ནོ། །ཇི་ལྟར་ཞེ་ན་འཁོར་ལོའི་མཆོག་བསྐོར་ཅིག་ཅེས་བྱ་བ་སྟེ། མིའི་ནང་དུ་གཤེགས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛོད་ཅིག་ཅེས་བྱ་བའི་དོན་
ཏོ། །དེ་ལྟར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་གསོལ་བ་བཏབ་པ་ཡིན་ནོ། །ད་ནི་སྤྲོ་བ་དང་བསྡུ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པའི་གཞུང་སྟོན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཕྱོགས་ཐམས་ཅད་དུ་དཀྱིལ་འཁོར་གྱི་འཁོར་ལོ་རྒྱས་པར་མཛད་པས་
བཞུགས་པ་ཡིན་ལ། དེ་ལྟ་བས་ན་དེ་དག་ལ་རྗེ་སར་བོས་ཏེ། མི་བསྐྱོད་པ་ལ་སོགས་པ་དེ་རྣམས་ལ་འདི་སྐད་གསུངས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ཀྱང་གཅིག་ཏུ་འདུ་བར་མཛད་དུ་གསོལ་ཞེས་པ་སྟེ། ངའི་ཐུགས་སུ་ཡང་ཞུགས་ཤིག་ཅེས་དོན་གྱིས་ནི་འདི་སྐད་
ཀྱང་ཟེར་བ་ཡིན་ཏེ། གང་གི་ཕྱིར་བཞེངས་པའི་དུས་ན་ཡང་དེ་རྣམས་འདུ་བར་མཛད་ནས་འདིའི་ཐུགས་སུ་ཞུགས་སོ་ཞེས་བྱ་བ་ཡིན་ནོ། །དེ་རྣམས་དེར་ཞུགས་པ་དང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེར་བདག་ཉིད་གྱུར་པར་
མཁྱེན་ནས་ཞེས་བྱ་བ་ནི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེས་རྗེས་སུ་བཟུང་བར་མཁྱེན་ཏོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་རྣམས་དེ་ལྟར་ཞུགས་པ་དང་། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཉིད་
ཀྱི་རྡོ་རྗེ་སེམས་དཔའ་ལ་གསོལ་བ་བཏབ་སྟེ་རིགས་ཀྱི་བུ་ཁྱོད་ཀྱང་ངའི་ཐུགས་དང་དེ་བཞིན་གཤེགས་པ་ཐམས་ཅད་དང་། རྡོ་རྗེའི་རིགས་ཐམས་ཅད་དང་། དཀྱིལ་འཁོར་ཐམས་ཅད་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་དང་། ངའི་ཐུགས་སུ་ཞུགས་ཤིག་ཅེས་བྱ་བ་དང་སྦྱར་

རོ། །དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ནི་དཀྱིལ་འཁོར་ཐམས་ཅད་དུ་གཏོགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་དོ། །རྡོ་རྗེའི་རིགས་ཐམས་ཅད་ཅེས་བྱ་བ་ལ་རྡོ་རྗེའི་རིགས་སྨོས་པ་ནི་ཉེ་བར་མཚོན་པ་ཙམ་དུ་ཟད་དོ། །རིགས་ཐམས་ཅད་ཅེས་བྱ་བའི་དོན་ཏོ། །
རིགས་ཞེས་བྱ་བ་ནི་མཆོད་པའི་ལྷ་མོ་དང་སྒོ་སྲུང་རྣམས་གཟུང་ངོ་། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་སྨོས་པས་ནི་བྱང་ཆུབ་སེམས་དཔའ་རྣམས་ལོགས་ཤིན་ཏུ་སྟོན་ཏོ། །དཀྱིལ་འཁོར་སྨོས་པས་ནི་རྒྱུད་ལས་སྨོས་པའི་དཀྱིལ་འཁོར་ཐམས་ཅད་གཟུང་ངོ་། །དེ་བཞིན་གཤེགས་པ་
ཐམས་ཅད་ཀྱི་ཐུགས་དང་ཞེས་བྱ་བ་ནི་གང་མི་བསྐྱོད་པ་ལ་སོགས་པ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་སུ་ཞུགས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལས་དེའི་ཐུགས་ལོགས་ཤིག་ན་ཡོད་པ་ལྟ་མོད་ཀྱི། འོན་ཀྱང་དེས་ཕྱི་རོལ་དུ་སྤྲུལ་པ་བསྟན་པར་བྱ་བའི་ཕྱིར། །
དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་སུ་ཞུགས་ཤིག་ཅེས་གསུངས་སོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསུངས་པ་དང་། མདོར་ན་སངས་རྒྱས་ཐམས་ཅད་ཀྱི། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་འདི་
གསུངས་ཏེ། སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་འདིར་འཇུག་ཅིང་གནས་པར་བསྒྲུབ་པར་བགྱིའོ་ཞེས་བྱ་བར་སྦྱར་རོ། །གང་དུ་ཞེ་ན་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཐམས་ཅད་དུའོ། །སུ་ཞིག་གི་ཞེ་ན་སངས་རྒྱས་ཐམས་ཅད་ཀྱིའོ། །དེ་སྐད་གསུངས་མ་ཐག་ཏུ་དེ་བཞིན་གཤེགས་པ་
ཐམས་ཅད་ཀྱི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་ཇི་སྐད་གསུངས་པ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་སུ་ཞུགས་ཏེ། འདིས་ནི་ཇི་སྐད་བསྟན་པའི་དཀྱིལ་འཁོར་ལ་སོགས་པ་འཇུག་པར་སྟོན་ཏོ། །ད་ནི་དེ་ལྟར་ཞུགས་པ་དེ་
རྣམས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་དང་། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུ་དང་། གསུང་དང་ཐུགས་རྡོ་རྗེར་ཁྱབ་པར་གྱུར་པ་སྟོན་ཏེ། སྐུ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་སྐུ་ཐམས་ཅད་ནི་སྐུའི་ཡན་ལག་ཐམས་ཅད་

དོ། །གསུང་ཐམས་ཅད་འཇུག་པའི་གནས་དང་ཞེས་བྱ་བ་ནི་ཡི་གེ་ནི་གནས་བརྒྱད་དེ། བྲང་དང་ལྐོག་མ་དེ་བཞིན་མགོ། །ལྕེ་རྩེ་དང་ནི་སོ་དག་དང་། །སྣ་དང་མཆུ་དང་རྐན་རྣམས་སོ། །ཞེས་བྱ་བ་སྟེ་འདི་དག་ཐམས་ཅད་ནི་གསུང་ཐམས་ཅད་དུ་འཇུག་པར་གནས་སོ། །སེམས་ཀྱི་རྒྱུན་འབྱུང་བ་
ཐམས་ཅད་དང་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་རྒྱུ་དང་འབྲས་བུའི་རང་བཞིན་དུ་འབྲེལ་བའི་དུས་གསུམ་གྱི་རྒྱུན་ཏེ་རྒྱུན་ནི་རྒྱུད་ཀྱི་རྣམ་པར་འབྲེལ་ཆགས་པའོ། །དེ་ཡང་སེམས་གཅིག་པུ་ལ་ཀུན་གཞི་རྣམ་པར་ཤེས་པ་དང་། འཇུག་པའི་རྣམ་པར་ཤེས་པ་དང་། ཉོན་མོངས་པ་ཅན་གྱི་ཡིད་ཀྱི་
མཚན་ཉིད་རེ་རེ་ཞིང་ཡང་རང་གི་རིགས་ཀྱི་རྒྱུད་འདབ་ཆགས་པར་འབྲེལ་བ་ལ་བྱ་སྟེ་དེ་དག་ཐམས་ཅད་ཀྱི་འཇུག་པ་ལ་བྱའོ། །རྡོ་རྗེའི་ཚུལ་ཐམས་ཅད་དང་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་དུའོ། །ཡན་ལག་དང་ཉིང་ལག་ཐམས་ཅད་དང་ཞེས་བྱ་བ་ནི་རྐང་པ་དང་ལག་པ་ལ་སོགས་པར་རོ། །གནས་ཐམས་ཅད་
དང་ཞེས་བྱ་བ་ནི་ལས་ཀྱི་གནས་ཐམས་ཅད་དུའོ། །མཚན་ཐམས་ཅད་དང་ཞེས་བྱ་བ་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་པ་རྣམས་སུའོ། །དེ་ནི་ཕྱག་དང་ཞབས་འཁོར་ལོའི་མཚན་དང་ལྡན་པ་དང་། ཕྱག་དང་ཞབས་ཤིན་ཏུ་གནས་པ་དང་། ཕྱག་དང་ཞབས་ཀྱི་མཐིལ་འཇམ་ཞིང་གཞོན་ཤ་
ཆགས་པ་དང་ཕྱག་དང་ཞབས་དྲ་བས་འབྲེལ་བ་དང་། བདུན་མཐོ་བ་དང་ཞབས་དང་ཕྱག་གི་བོལ་གཉིས་དང་ཐལ་གོང་གི་ཕྱོགས་དང་མགྲིན་པའི་ཕྱོགས་མཐོ་བ་དང་། སོར་མོ་རིང་བ་དང་། ཞབས་ཀྱི་རྟིང་པ་ཡངས་པ་སྟེ་ཡངས་པ་ནི་རིང་ཞིང་ལེགས་པར་སྙོམས་པ་སྟེ་ཚིགས་མི་མངོན་པའི་
ཕྱག་ཞབས་དང་ལྡན་པ་དང་། སྐུ་ཁོ་ལག་ཆེ་ཞིང་དྲང་བ་སྟེ་འདིའི་སྐུ་ཆེ་ཞིང་ཡན་ལག་དྲང་བ་དང་། ཞབས་ཀྱི་ལོང་མོའི་ཚིགས་མི་མངོན་པ་སྟེ་ལོང་མོ་ནུབ་པར་འདུག་པ་དང་། སྐུའི་སྤུ་རེ་རེ་བ་གྱེན་དུ་ཕྱོགས་པ་སྟེ་འདི་དག་ནི་བཅུ་ཚོམས་དང་པོའོ། །བྱིན་པ་རི་དགས་ཨེ་ན་ཡའི་ལྟ་བུ་སྟེ་འདིའི་
སྐུའི་བྱིན་པ་རི་དགས་ཤ་ར་བྷ་ལྟར་བགས་ཀྱིས་ཟླུམ་པ་དང་། ཕྱག་མ་བཏུད་པར་པུས་མོར་སླེབས་པ་སྟེ། འདིའི་སྐུ་ཡིས་མ་བཏུད་པར་ཕྱག་གཉིས་པུས་མོའི་སླ་ངར་སླེབས་པ་དང་། མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་སྟེ་གླང་པོ་ཆེ་ཅང་ཤེས་ལྟ་བུར་སྦུབས་ན་གནས་པ་ལྟར་མདོམས་ཀྱི་སྦ་བ་སྦུབས་སུ་

ནུབ་པ་དང་། པགས་པ་སྲབ་ཅིང་གསེར་མདོག་འདྲ་བ་དང་། དབུ་སྐྲ་རེ་རེ་ནས་སྐྱེས་ཤིང་གཡས་སུ་འཁྱིལ་བ་དང་། ཞལ་མཛོད་སྤུས་བརྒྱན་པ་དང་། རོ་སྟོད་སེང་གེ་འདྲ་བ་སྟེ་འདིའི་སྐུ་སྟོད་ཁོ་ལག་ཆེ་བ་ཡིན་པ་དང་། དཔུང་མགོ་རབ་ཏུ་ཟླུམ་པ་སྟེ་མགུར་ཤིན་ཏུ་ཟླུམ་པ་རྒྱས་པའི་
ཕྱིར་རོ། །ཐལ་གོང་རྒྱས་པ་སྟེ་གསེར་གྱི་གྱིམ་ཕག་ལེགས་པར་ཕྱིས་པ་བཞིན་དུ་ཕྱ་ལེ་བར་འདུག་པ་སྟེ་འདི་དག་ནི་བཅུ་ཚོམས་གཉིས་པའོ། །རོ་བྲོ་བའི་མཆོག་དང་ལྡན་པ་སྟེ་དབང་པོ་རླུང་དང་། མཁྲིས་པ་དང་། བད་ཀན་རྣམས་ཀྱིས་ཉམས་པར་མ་གྱུར་པ་དང་རོ་རྣམས་ཇི་ལྟ་བ་བཞིན་དུ་མྱོང་བར་
མཛད་པ་དང་། ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་སྟེ་ཆུ་དང་ཞེང་དུ་མཉམ་པ་དང་དབུ་གཙུག་ཏོར་དང་ལྡན་པ་དང་། ལྗགས་ཤིན་ཏུ་རིང་ཞིང་སྲབ་པ་སྟེ་ཨུཏྤ་ལ་དམར་པོའི་འདབ་མ་ལྟར་རིང་ཞིང་སྲབ་པ་དང་། ཀ་ལ་པིང་ཀའི་དབྱངས་ཏེ་བྱ་ཀ་ལ་པིང་ཀ་དང་ཚངས་པའི་དབྱངས་ཀྱང་ཟིལ་གྱིས་གནོན་པར་མཛད་
པ་དང་། འགྲམ་པ་སེང་གེའི་འདྲ་བ་སྟེ་མཁུར་བ་ཤིན་ཏུ་མེ་ལོང་ཕྱིས་པ་དག་པ་ལྟ་བུ་དང་། ཚེམས་ཤིན་ཏུ་དཀར་བ་དང་། ཚེམས་ཐགས་བཟང་བ་དང་། ཚེམས་མཉམ་པ་དང་། ཚེམས་བཞི་བཅུ་མངའ་བ་སྟེ་མཚན་འདི་དག་ནི་བཅུ་ཚོམས་གསུམ་པའོ། །འདི་རྣམས་དང་སྐྱེས་བུ་ཆེན་པོའི་
མཚན་སྤྱན་མཐོན་མཐིང་དང་། རྫི་མ་བའི་ལྟ་བུ་སྟེ་དེ་ལྟར་ན་སུམ་ཅུ་རྩ་གཉིས་སོ། །དཔེ་བྱད་བཟང་པོ་ཐམས་ཅད་དང་ཞེས་བྱ་བ་ལ་དཔེ་བྱད་བཟང་པོ་རྣམས་གང་ཞེ་ན་སངས་རྒྱས་བཅོམ་ལྡན་འདས་ཀྱི་དབུ་གདུགས་ཀྱི་དབྱིབས་ལྟ་བུ་དང་། དབུ་སྐྲའི་རྩེ་མོ་འཁྱིལ་བ་དང་། དབུ་སྐྲ་སྟུག་པ་དང་།
དབུ་སྐྲ་གནག་པ་དང་། དབུ་སྐྲ་དྲི་ཞིམ་པ་དང་། དབུ་སྐྲ་མི་གཤོར་བ་དང་། དབུ་སྐྲ་མ་འཛིངས་པ་དང་། དབུ་སྐྲ་བཟང་བ་དང་། དབུ་སྐྲ་འཇམ་པ་དང་། དབུ་སྐྲ་སྣུམ་པ་དང་། དབུ་སྐྲ་ཕྲ་བ་དང་། དབུ་སྐྲ་བུང་བ་ལྟ་བུ་སྟེ་དཔེ་བྱད་བཟང་པོ་བཅུ་པོ་འདི་དག་ནི་སྐྱེས་བུ་ཆེན་པོའི་མཚན་དབུ་སྐྲ་གཡས་སུ་
འཁྱིལ་ཞིང་རེ་རེ་ནས་སྐྱེས་པ་དང་། དབུ་གཙུག་ཏོར་དང་ལྡན་པའི་འཁོར་དུ་གྱུར་པ་ཡིན་ནོ། །དཔྲལ་བའི་དབྱེས་ཆེ་བ་དང་། དཔྲལ་བ་གཉེར་མ་མེད་པ་དང་། སྨིན་མ་གནག་པ་དང་། སྨིན་མ་གཞུ་ལྟ་བུ་དང་། སྨིན་ཚུགས་རིང་བ་དང་། སྨིན་མའི་སྤུ་མཉམ་པ་དང་། སྨིན་མ་བར་ཐགས་

མཉམ་པ་དང་། ཤངས་མཐོ་བ་སྟེ་དཔེ་བྱད་བཟང་པོ་འདི་དག་ནི་སྐྱེས་བུ་ཆེན་པོའི་མཚན་མཛོད་སྤུའི་འཁོར་རོ། །སྤྱན་འཛུམ་པ་ལྟ་བུ་དང་། སྤྱན་ཡངས་པ་དང་། སྤྱན་གཙང་བ་དང་། སྤྱན་གྱི་དཀྱུས་རིང་བ་དང་། སྤྱན་དྲི་མ་མེད་པ་སྟེ་དཔེ་བྱད་འདི་དག་ནི་སྐྱེས་བུ་ཆེན་པོའི་མཚན་སྤྱན་མཐོན་
མཐིང་དང་རྫི་མ་བའི་ལྟ་བུའི་འཁོར་ཡིན་ནོ། །སྙན་མཉམ་པ་དང་། སྙན་ཤལ་སྟུག་ཅིང་རིང་བ་སྟེ་དཔེ་བྱད་འདི་གཉིས་ནི་སྐྱེས་བུ་ཆེན་པོའི་མཚན་འགྲམ་པ་སེང་གེ་ལྟ་བུའི་འཁོར་ཡིན་ནོ། །ཞལ་དྲི་ཞིམ་པ་དང་། སེང་གེའི་ཞལ་དང་། ཞལ་གྱི་སྒྲོས་བིམ་པ་ལྟར་དམར་བ་དང་། མཆེ་བ་བྱིན་གྱིས་ཕྲ་བ་དང་།
མཆེ་བ་རྣོ་བ་དང་། ཞལ་གྱི་དཀྱིལ་འཁོར་ཀུན་ནས་ཟླུམ་ཞིང་རྒྱས་པ་སྟེ་དཔེ་བྱད་བཟང་པོ་འདི་རྣམས་ནི་སྐྱེས་བུ་ཆེན་པོའི་མཚན་བདུན་གྱི་འཁོར་ཡིན་ཏེ། གང་ཞེ་ན་ལྗགས་ཡངས་པ་དང་། ཚངས་པའི་དབྱངས་དང་། ཚེམས་དཀར་བ་དང་། ཚེམས་ཐགས་བཟང་བ་དང་། ཚེམས་བཞི་བཅུ་མངའ་བ་དང་།
ཚེམས་མཉམ་པ་དང་། རོ་བྲོ་བའི་མཆོག་དང་ལྡན་པ་རྣམས་ཀྱིའོ། །མགུར་བུམ་པའི་མགྲིན་པ་ལྟ་བུ་ནི་སྐྱེས་བུ་ཆེན་པོའི་མཚན་དཔུང་མགོ་ཟླུམ་པའི་འཁོར་ཡིན་ནོ། །རྩ་རྒྱུས་མི་མངོན་པ་དང་། ཚིགས་མི་མངོན་པ་དང་། ཚིགས་ལ་སྲེད་མེད་ཀྱི་བུའི་སྟོབས་དང་ལྡན་པ་དང་། སྐུ་གཙང་བ་
དང་། སྐུ་མ་ཡོ་བ་དང་། སྐུ་རིམ་པར་འཚམ་ཞིང་མཛེས་པ་དང་། སྐུ་འཁྲིལ་བག་ཆགས་པ་དང་། སྐུ་སྣུམ་པ་དང་། སྐུའི་ཡན་ལག་ཤིན་ཏུ་འབྱེས་པ་དང་། སྐུ་ཤིན་ཏུ་གྲིམས་པ་དང་། སྐུ་འཇམ་པ་དང་། མཚན་རྫོགས་པ་དང་། སྐུ་ཤིན་ཏུ་ཟླུམ་པ་དང་། སྐུ་མ་ཡོ་བ་དང་། ཕྱལ་ཕྱང་ངེ་བ་དང་།
སྐུ་སྐབས་ཕྱིན་པ་དང་། སྐུ་ལ་གནག་བག་མེད་པ་དང་། བལྟ་བས་ཆོག་མི་ཤེས་པ་སྟེ་དཔེ་བྱད་བཟང་པོ་བཅོ་བརྒྱད་པོ་འདི་དག་ནི་སྐྱེས་བུ་ཆེན་པོའི་མཚན་ཁོ་ལག་ཆེ་ཞིང་དྲང་བ་དང་ཕྱག་མ་བཏུད་པར་པུས་མོར་སླེབས་པ་དང་། པགས་པ་སྲབ་པ་དང་། མདོག་གསེར་འདྲ་བ་དང་། རོ་སྟོད་སེང་གེ་
འདྲ་བ་དང་། ཐལ་གོང་རྒྱས་པ་དང་། ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་དང་། བདུན་མཐོ་བ་སྟེ་འདི་བརྒྱད་ཀྱི་འཁོར་དུ་གྱུར་པ་ཡིན་ནོ། །ལྟེ་བ་ཟབ་པ་དང་། ལྟེ་བ་ཟླུམ་པ་དང་། ལྟེ་བའི་སྦུབས་རབ་ཏུ་གང་བ་སྟེ་དཔེ་བྱད་འདི་གསུམ་ནི་སྐྱེས་བུ་ཆེན་པོའི་མཚན་མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པའི་འཁོར་

དུ་གྱུར་པ་ཡིན་ནོ། །པུས་མོའི་ལྷ་ང་ཤིན་ཏུ་ཟླུམ་ཞིང་ལེགས་པའི་དཔེ་བྱད་གཅིག་པུ་འདི་ནི་སྐྱེས་བུ་ཆེན་པོའི་མཚན་བྱིན་པ་རི་དགས་ཨེ་ན་ཡའི་ལྟ་བུའི་འཁོར་དུ་གྱུར་པ་ཡིན་ནོ། །བ་སྤུའི་བུ་ག་རྣམས་ལས་ཡིད་དུ་འོང་བའི་དྲི་འབྱུང་བ་འདི་སྐྱེས་བུ་ཆེན་པོའི་མཚན་བ་སྤུ་ཉག་མ་རེ་རེ་
ནས་སྐྱེས་ཤིང་གཡས་སུ་འཁྱིལ་བའི་འཁོར་དུ་གྱུར་པ་ཡིན་ནོ། །སེན་མོ་མཐོ་བ་དང་། སེན་མོ་ཟངས་ཀྱི་མདོག་འདྲ་བ་དང་། སེན་མོ་སྣུམ་པ་དང་། སེན་མོ་རྣམས་ཟླུམ་པ་དང་། སེན་མོ་རྣམས་རྒྱས་པ་དང་། སོར་མོ་རྣམས་བྱིན་གྱིས་ཕྲ་བ་སྟེ་དཔེ་བྱད་བཟང་པོ་འདི་དྲུག་ནི་སྐྱེས་བུ་ཆེན་པོའི་མཚན་ཕྱག་གི་སོར་མོ་
རིང་བའི་འཁོར་དུ་གྱུར་པ་ཡིན་ནོ། །ཕྱག་གི་རི་མོ་བར་མ་ཆད་པ་དང་། ཕྱག་གི་རི་མོ་མཉམ་པ་དང་། ཕྱག་གི་རི་མོ་ཟབ་པ་དང་། ཕྱག་གི་རི་མོ་མ་ཡོ་བ་དང་། ཕྱག་མདངས་ཡོད་པ་དང་། ཕྱག་དང་ཞབས་ཀྱི་མཐིལ་ཟངས་ལྟར་དམར་བ་དང་། ཕྱག་ལ་སེང་གེའི་གདན་དང་། ཉ་དང་རྒྱལ་མཚན་
དང་། རྡོ་རྗེ་དང་ལྕགས་ཀྱུ་དང་། བུམ་པ་དང་དགའ་བ་འཁྱིལ་པ་དང་། དཔལ་བེའུ་དང་། དུང་དང་པདྨོ་དང་། གཡུང་དྲུང་རྣམས་དང་ལྡན་པ་སྟེ་དཔེ་བྱད་བཟང་པོ་བཅུ་བདུན་པོ་འདི་དག་ནི་སྐྱེས་བུ་ཆེན་པོའི་མཚན་དྲུག་པོའི་འཁོར་དུ་ཅི་རིགས་པར་འགྱུར་བ་ཡིན་ཏེ། ཕྱག་དང་ཞབས་ཀྱི་མཐིལ་འཁོར་
ལོའི་མཚན་དང་ལྡན་པ་དང་། ཕྱག་དང་ཞབས་ཤིན་ཏུ་གནས་པ་དང་། ཕྱག་དང་ཞབས་དྲ་བས་འབྲེལ་པ་དང་། ཕྱག་དང་ཞབས་ཀྱི་མཐིལ་འཇམ་ཞིང་གཞོན་ཤ་ཆགས་པ་དང་། ཞབས་ཀྱི་རྟིང་པ་ཡངས་པ་དང་། ཞབས་ཀྱི་ལོང་མོའི་ཚིགས་མི་མངོན་པ་སྟེ་འདི་དྲུག་གི་ཡིན་ནོ། །དེ་ལྟར་ན་མཚན་དང་
དཔེ་བྱད་ཐམས་ཅད་དོ། །བ་སྤུའི་ཁུང་བུ་ཐམས་ཅད་དང་། རྡུལ་ཤིན་ཏུ་ཕྲ་མོ་སྙེད་ཀྱི་དཀྱིལ་འཁོར་ཐམས་ཅད་དང་ཞེས་བྱ་བ་ནི་སྐུའི་རྡུལ་ཕྲ་རབ་ཐམས་ཅད་དུའོ། །ཐུགས་རྣམས་སུ་ཞུགས་ནས་བཞུགས་སོ་ཞེས་བྱ་བ་འདིས་ནི་རོ་གཅིག་ཏུ་གྱུར་པར་སྟོན་ཏོ། །སྤྲུལ་པའི་སྐུ་དཀའ་བ་སྤྱོད་པའི་སར་བཞག་སྟེ་རྫུ་
འཕྲུལ་གྱིས་འོག་མིན་གྱི་གནས་སུ་གཤེགས་ནས་དེར་མངོན་པར་རྫོགས་པར་བྱང་ཆུབ་པོ། །དེ་ནས་རི་རབ་ཀྱི་རྩེ་མོར་གཤེགས་ཏེ་ཏིང་ངེ་འཛིན་ལ་བཞུགས་ནས་སྔགས་སྤྱོད་པའི་ཚུལ་ལ་འཇུག་པའི་ཏིང་ངེ་འཛིན་ལ་སྤྲོ་བ་དང་བསྡུ་བ་མཛད་དེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ཡང་དག་པར་རྫོགས་

པར་སངས་རྒྱས་ནས་རིང་པོ་མ་ལོན་པ་ཞིག་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཐམས་ཅད་དུ་བདག་ཉིད་གྱུར་པར་མཁྱེན་ནས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་དེར་བཞུགས་པའི་ཕྱིར་རོ། །
དེ་ནས་རི་རབ་ཀྱི་རྩེ་མོ་དེ་ནས་ཡིད་ཀྱིས་རང་བཞིན་གྱི་སྐུ་དེ་བབས་ཏེ་དཀའ་བ་སྤྱོད་པ་ན་བཞུགས་པའི་སྐུ་དེར་ཞུགས་སོ། །དེ་ནས་དེ་ལས་བཞེངས་ཏེ། ཆུ་བོ་ནཻ་རཉྫ་ནར་ཁྲུས་མཛད་ནས་འོ་མ་གསོལ་ཏེ། བྱང་ཆུབ་ཀྱི་སྙིང་པོ་གང་ན་བ་དེར་གཤེགས་སོ། །ཆེད་དུ་གཤེགས་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་
ཀྱི་ཤིང་དྲུང་དུ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིར་གཏོགས་པའི་བྱང་ཆུབ་ཀྱི་ཤིང་གང་ཡིན་པ་དེའི་རྩ་བར་རོ། །འཇིག་རྟེན་དང་མཐུན་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི། དོན་དམ་པར་འོག་མིན་གྱི་གནས་སུ་མངོན་པར་རྫོགས་པར་སངས་རྒྱས་ཟིན་མོད་ཀྱི། འཇིག་རྟེན་པ་རྣམས་དང་རྗེས་སུ་མཐུན་པར་བྱ་བའི་
ཕྱིར་གདོང་བྱང་ཆུབ་པ་ལྟར་སྟོན་ཅིང་རྩྭ་འཚོང་བཀྲ་ཤིས་ལས་རྩྭ་བླངས་ནས། ཨེ་མའོ་ཞེས་བྱ་བ་ལ་སོགས་པས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ། །སེམས་ཅན་བསྟན་པ་ཞེས་བྱ་བ་ནི་སེམས་ཅན་རྣམས་ལ་སྟོན་པར་མཛད་པ་གང་ཡིན་པ་དེ་ནི་སེམས་ཅན་
བསྟན་པ་སྟེ་ལམ་ལོག་པ་ལས་བཟློག་སྟེ་ཡང་དག་པའི་ལམ་ལ་འཇོག་པ་དེ་རྣམས་ཀྱིའོ། །སུ་ཞིག་གི་དོན་དུ་ཞེ་ན། སེམས་ཅན་དོན་ཏེ་སེམས་ཅན་རྣམས་ཀྱི་དོན་དུ་གཉེར་བར་བྱ་བ་ཡིན་པས་ན་སེམས་ཅན་དོན་ཏོ། །བདག་དོན་མཆོག་ཅེས་བྱ་བ་ནི་རང་གི་དོན་གྱི་དམ་པ་ཉིད་སེམས་ཅན་གྱི་དོན་ཡིན་ནོ། །
དེ་ལྟར་ཡིན་ན་ཡང་འདི་ལ་ངོ་མཚར་ཅི་ཞིག་ཡོད་ཅེ་ན་དེའི་ཕྱིར། གང་ཕྱིར་འདུལ་དབང་བསྟན་པ་རྣམས། །མུ་སྟེགས་ལྟ་ལ་གནས་པར་མཛད། །ཅེས་བྱ་བ་གསུངས་ཏེ། གདུལ་བྱ་ནི་མི་རྣམས་ཏེ་དེ་དག་ཀྱང་དམན་པ་ལ་ལྷག་པར་མོས་པ་དང་། དཀའ་བ་སྤྱོད་པ་ལ་མོས་པ་ཡིན་ན་དེ་ལྟ་
བས་ན། དེ་ཡི་དབང་ཞེས་བྱ་བ་ནི་དེ་དག་གི་ཆེད་དུའོ། །བརྟན་པ་རྣམས་ནི་སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔའ་རྣམས་སོ། །མུ་སྟེགས་ནི་མྱ་ངན་ལས་འདས་པའི་མཚོར་འཇུག་པའི་ལམ་དུ་བསྟན་པ་གང་ཡིན་པ་སྟེ། འདི་འཇུག་པའི་ཐབས་ནི་མ་ཡིན་མོད་ཀྱི། འོན་ཀྱང་འཇིག་རྟེན་པ་དེ་རྣམས་དེ་ལ་

སྤྱོད་པས་ན་དེ་སྐད་ཅེས་བྱའོ། །དེ་ལྟ་བས་ན་དེར་མུ་སྟེགས་པ་རྣམས་ཀྱི་ངོ་བོ་ཉིད་ཡིན་པས་ན་མུ་སྟེགས་པ་སྟེ། དེ་རྣམས་ཀྱི་ལྟ་བ་ནི་དཀའ་བ་སྤྱོད་པ་ཐར་པ་ཐོབ་པར་འདོད་པའོ། །དེའི་ཕྱིར་དེ་རྣམས་ཀྱི་ལྟ་བའི་དབང་དུ་མཛད་ནས་དཀའ་བ་སྤྱོད་པ་གང་ཡིན་པ་ལ་གནས་པར་མཛད་པ་ཡིན་ལ།
འོག་མིན་གྱི་གནས་སུ་ཤིན་ཏུ་རྒྱ་ཆེར་མངོན་པར་རྫོགས་པར་སངས་རྒྱས་སུ་ཟིན་ན་ཡང་། མི་འདུལ་བ་ནི་འཇིག་རྟེན་ལ་འཇིག་རྟེན་པའི་རྗེས་སུ་མཐུན་པ་བསྟན་པར་བྱ་བའི་ཕྱིར་རོ། །འཇིག་རྟེན་འདི་དག་ལ་ཡང་སྤྱོད་པ་འདི་དག་ཅིའི་ཕྱིར་སྟོན་པར་མཛད་ཅེ་ན། ལྟ་བ་ངན་པས་མདོངས་པ་རྣམས། །ཞེས་
བྱ་བ་གསུངས་སོ། །དེ་ལྟ་བས་ན། ལྟ་བ་ངན་པས་མདོངས་པ་རྣམས། །ཡེ་ཤེས་སྣང་བས་དག་བྱའི་ཕྱིར། །ཞེས་བྱ་བ་སྟེ་ངན་པར་ལྟ་བས་ན་ལྟ་བ་ངན་པ་སྟེ། ལོག་པའི་ཤེས་རབ་ལས་བྱུང་བའི་ལྟ་བ་ངན་པས་མདོངས་པ་དེ་རྣམས་ལ་ཡང་དག་པའི་ཡེ་ཤེས་ཀྱི་སྣང་བ་ཐེག་པ་གསུམ་གྱི་ཡེ་ཤེས་ཀྱི་
སྣང་བས་རྣམ་པར་དག་པར་བྱ་ཞིང་ཕྱིན་ཅི་མ་ལོག་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་རོ། །སངས་རྒྱས་བྱང་ཆུབ་ཐོབ་པར་འགྱུར། །ཞེས་བྱ་བ་ནི་སླར་ཡང་སངས་རྒྱས་ཀྱི་བྱང་ཆུབ་ཐུགས་སུ་ཆུད་པར་བསྟན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ནས་འདོད་པ་ན་སྤྱོད་པའི་ལྷ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་དེ་ཁོ་
ན་ཉིད་མི་ཤེས་ནས་ཞེས་བྱ་བ་ནི་དབང་ཕྱུག་ཆེན་པོ་འབའ་ཞིག་ཏུ་མ་གཏོགས་པ་འདོད་པ་ན་སྤྱོད་པའི་ལྷ་རྣམས་ཏེ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་། སུམ་ཅུ་རྩ་གསུམ་པ་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་སོ། །བཅོམ་ལྡན་
འདས་ཀྱིས་དེ་ཁོ་ན་ཉིད་མི་ཤེས་ནས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཡང་དག་པ་ནི་འོག་མིན་དུ་བྱུང་ལ། དེའི་སྤྲུལ་པ་ཤཱཀྱའི་རིགས་སུ་འཁྲུངས་པར་བསྟན་པ་དང་། དེ་ཉིད་དུ་དོན་དམ་པར་མངོན་པར་རྫོགས་པར་སངས་རྒྱས་ལ། འདིར་ནི་སྤྲུལ་པས་དཀའ་བ་སྤྱོད་པར་སྟོན་པ་དང་། དེར་མངོན་པར་
རྫོགས་པར་སངས་རྒྱས་ནས་རི་རབ་ཀྱི་རྩེ་མོར་གཤེགས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་ནས་མི་རྣམས་ཀྱི་དོན་བསྒྲུབ་པར་མཛད་པའི་ཕྱིར་ཡང་མངོན་པར་རྫོགས་པར་བྱང་ཆུབ་པར་སྟོན་ཅིང་དཀའ་བ་སྤྱོད་པའི་སྐུ་འདི་ལ་སླར་བབ་པར་མཛད་པ་འདི་དག་གི་དེ་ཁོ་ན་ཉིད་མི་ཤེས་པའོ། །དེ་ལྟར་དེ་ཁོ་ན་ཉིད་མ་ཤེས་ཏེ་

ཅི་ཞིག་བྱེད་པ་ཞེ་ན། འདི་སྐད་དུ་གསོལ་ཏོ་ཞེས་བྱ་བ་སྟེ་ཚིག་ཏུ་བརྗོད་པའོ། །ཇི་སྐད་དུ་སྨྲས་ཤེ་ན། ཀྱེ་དགེ་སློང་ཅི་བྱང་ཆུབ་ཀྱི་ཕྱིར་ཞེས་བྱ་བ་ལ་སོགས་པའོ། །དྲག་པ་ནི་རྣོ་བའོ། །རྩུབ་པ་ནི་རེག་པར་མི་བཟོད་པའོ། །མི་བཟད་པ་ནི་སྲོག་འཕྲོག་པའོ། །སྤྲོ་བར་མཛད་དམ་ཞེས་བྱ་བ་ནི་དཀའ་
བ་སྤྱོད་པའི་ས་ལ་བྱང་ཆུབ་ཀྱི་རྒྱུར་དཀའ་བ་ལ་སྤྲོ་བའི་རྩོམ་པ་མཛད་དམ་ཞེས་བྱ་བའི་བར་དུ་སྟོན་པ་ཡིན་ནོ། །དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་རྩྭ་དེ་གཡས་ནས་བསྐོར་ནས་བཏིང་སྟེ། དེའི་སྟེང་དུ་སྐྱིལ་མོ་ཀྲུང་བཅས་ནས་བཞུགས་ཏེ་སྐུ་དྲང་པོར་བསྲངས་ནས་
དགོངས་པ་མངོན་དུ་བཞག་སྟེ་ལྷ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གྲོགས་པོ་རྣམས་ཁོ་བོས་བྱང་ཆུབ་ཐོབ་པར་སྒྲུབས་ཤིག་པ་སྟེ་སྒྲུབས་ཤིག་ཅེས་བྱ་བ་ནི་སྤྲོ་བ་གྱིས་ཤིག་ཅེས་བྱ་བའི་དོན་ཏོ། །འདི་སྐད་གསུངས་པ་འདིས་ནི་དོན་འདི་ལྟར་སྟོན་ཏེ། བྱང་ཆུབ་ནི་ལྷ་རྣམས་ཀྱི་ཁྱད་པར་
ལས་མཆོག་བྱིན་པས་ཐོབ་པ་མ་ཡིན་ནོ་ཞེས་སྟོན་ཏེ། འདིས་ནི་དེ་སྐད་དུ་གསུངས་པ་ཡིན་ནོ་ཞེས་བྱ་བར་མངོན་ནོ། །དེ་ནས་འདོད་པ་ན་སྤྱོད་པའི་ལྷ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་མ་རྟོགས་ནས་ཞེས་བྱ་བ་ལ་སོགས་པ་ལ་ཅི་འདིར་མངོན་པར་མ་རྟོགས་ཞེས་བྱ་བར་བྱང་ཆུབ་
ཀྱི་ཕྱིར་འདི་ལྟ་བུའི་དཀའ་བ་ལ་སྤྲོ་བར་མཛད་དམ་ཞེས་གོང་དུ་མ་སྨྲས་སམ་ཞེ་ན་སྨྲས་པ། དེ་ནི་བདེན་མོད་ཀྱི་འགའ་ཞིག་ལས་མིང་ཙམ་ཞིག་ཐོས་པ་ཡིན་གྱི་དེ་དག་གི་དོན་ཤེས་པ་ནི་མ་ཡིན་ནོ། །ཤེས་སུ་ཟིན་ཀྱང་དེ་དག་གིས་སྦྱིན་པར་ནུས་པ་ཡང་མ་ཡིན་ལ། རྟོགས་པའི་ལུང་དབོག་པར་ནུས་པ་
ཡང་མ་ཡིན་ནོ། །དེ་ལྟེ་བས་ན་བརྒྱ་བྱིན་ལྷའི་དབང་པོའི་ཐད་དུ་སོང་ལ་ལྷའི་དབང་པོ་བརྒྱ་བྱིན་ཡང་དེ་དག་དང་འགྲོགས་ཏེ་ཚངས་པའི་ཐད་དུ་སོང་ངོ་། །ཚངས་པ་ཡང་དེ་དག་དང་འགྲོགས་ཏེ་ཐམས་ཅད་དབང་ཕྱུག་ཆེན་པོའི་ཐད་དུ་ཕྱིན་ཏོ། །དེ་ནས་འཇིག་རྟེན་གསུམ་པོ་ཞེས་བྱ་བ་ལ་སོགས་པ་ལ་
འཇིག་རྟེན་གསུམ་པོ་མཐའ་དག་གི་བདག་པོ་ནི་བཤད་ཟིན་ཏོ། །ལྷ་ཐམས་ཅད་ཀྱི་བདག་པོ་མཐུ་བོ་ཆེ་ལ་སོགས་པ་ལ་འདི་སྐད་ཅེས་སྨྲས་སོ་ཞེས་བྱ་བ་ལ་ཅི་ཞིག་སྨྲས་ཤེ་ན་གྲོགས་པོ་རྣམས་ཞེས་བྱ་བ་ལ་སོགས་པའོ། །གང་གི་ཕྱིར་དབང་ཕྱུག་ཆེན་པོ་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་

རྗེས་སུ་གཟུང་བ་ཡིན་ལ་དེ་བས་ན་དེ་ནི་བཅོམ་ལྡན་འདས་ཀྱི་ཞབས་ཀྱིས་རེག་པས་རྟོགས་པ་སྐྱེས་པར་གྱུར་ཏེ། དེ་བས་ན་ཕྱག་ན་རྡོ་རྗེའི་མཐུ་དང་ལུང་དང་རྟོགས་པ་ཁོང་དུ་ཆུད་པའི་མཐུས་བཅོམ་ལྡན་འདས་འོག་མིན་གྱི་ལྷར་སྐུ་སྐྱེ་བ་བཞེས་ཤིང་། སྤྲུལ་པས་ཤཱཀྱའི་རིགས་
སུ་ཡང་སྐུ་ཚེ་སྟོན་པར་མཛད་པ་དང་། དཀའ་བ་སྤྱོད་པའི་གནས་སྐབས་ལ་བཞུགས་པའི་བར་དུ་སྟོན་པ་དང་། འོག་མིན་གྱི་གནས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེར་སྐྱེས་པ་རྣམས་ཀྱི་དོན་མཛད་ནས་རི་རབ་ཀྱི་རྩེ་མོར་གཤེགས་ཏེ་
སྔགས་སྤྱོད་པའི་སྒོ་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་མི་རྣམས་ཀྱི་དོན་མཛད་པའི་ཕྱིར་རི་རབ་ཀྱི་རྩེ་མོ་ནས་བབས་ཏེ་དཀའ་བ་སྤྱོད་པའི་ས་ལ་གནས་པའི་སྤྲུལ་པའི་སྐུར་ཞུགས་ནས་ཡང་མངོན་པར་རྫོགས་པར་བྱང་ཆུབ་པར་སྟོན་ཏེ། འདི་དག་ཐམས་ཅད་ཤེས་སོ། །དེ་ལྟ་བས་ན་ལྷ་ཐམས་ཅད་ཀྱི་བདག་
པོ་ལ་སོགས་པ་ལ་བོས་ནས་འདི་སྐད་ཅེས་སྨྲས་སོ། །གྲོགས་པོ་རྣམས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དང་མཐུན་པར་མཛད་ཅིང་། ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟོན་གྱིས་ཤེས་པར་གྱིས་ཤིག་ཅེས་བྱ་བའོ། །
ཇི་ལྟར་ལྷ་གཞན་དག་གིས་འདི་ལྟར་མི་ཤེས་སམ་ཞེ་ན། འདི་ནི་བདེན་མོད་ཀྱི་འོན་ཀྱང་དེ་ནི་རྟོགས་པ་སྐྱེས་པ་མ་ཡིན་ཏེ། འདི་དག་གིས་གསུམ་ལ་སྐྱབས་སུ་འགྲོ་བ་མ་བླངས་པ་དང་། ཡང་དག་པར་བླངས་པ་བརྡར་བཏགས་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་དམ་ཚིག་མནོས་པར་ཟད་ཀྱི།
དེ་དག་གིས་དེ་བཞིན་གཤེགས་པའི་དེ་ཁོ་ན་ཉིད་ཅེས་པ་ནི་མ་ཡིན་ནོ། །གལ་ཏེ་དེ་བཞིན་གཤེགས་པས་མི་རྣམས་ཀྱི་དོན་མཛད་པར་བཞེད་ན། ལྷ་དེ་བཞིན་གཤེགས་པའི་སྐུ་དེ་ཉིད་ཀྱིས་བྱོན་ཏེ་མི་རྣམས་ཀྱི་དོན་ཅིའི་ཕྱིར་མི་མཛད་ཅེ་ན། དེའི་ཕྱིར་འདི་ལྟར་འཇིག་རྟེན་ན་དེ་བཞིན་གཤེགས་
པ་མ་ཡིན་ནོ་སྙམ་དུ་ཤེས་པར་མ་བྱེད་ཅིག །ལྷ་ཉིད་ལས་དེ་བཞིན་གཤེགས་པར་འགྱུར་གྱི་ལྷ་དེ་དག་ཉིད་བསྒྲུབ་པར་བྱ་བའི་དེ་བཞིན་གཤེགས་པ་ཉིད་དུ་ནི་མ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། འདི་ལྟ་བུའི་ཕྱིར་ན་མིའི་ལུས་ཀྱིས་མངོན་པར་བྱང་ཆུབ་པར་སྟོན་པར་མཛད་པ་ཡིན་ནོ། །དེ་ལེགས་པར་

མཆོད་ལ་འདོད་པ་བསྒྲུབ་པོ་ཞེས་པ་དང་། དེ་ནས་ལྷ་ཐམས་ཅད་ཀྱི་བདག་པོ་དབང་ཕྱུག་ཆེན་པོ་ལ་སོགས་པ་དེར་སོང་སྟེ་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་ལ་ཐུགས་བརྩེ་བར་དགོངས་ཏེ་རྩྭའི་གདན་འདི་
ལས་བཞེངས་ལ་ལྷ་རྫས་ཀྱི་གདན་ལ་བཞུགས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མཛད་དུ་གསོལ་ཞེས་བཅོམ་ལྡན་འདས་གདན་ལ་སྤྱན་འདྲེན་པར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་བདག་པོ་དེ་རྣམས་ཀྱི་མཆོག་སྦྱིན་པ་ལ་སོགས་པའི་
མངོན་པའི་ང་རྒྱལ་བསལ་བའི་ཕྱིར་ལྷའི་བདག་པོ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གྲོགས་པོ་རྣམས་ཁོ་བོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སྦྱིན་པར་སྒྲུབས་ཤིག །དེ་རྣམས་ཀྱིས་ཀྱང་མངོན་པའི་ང་རྒྱལ་སྤངས་ཏེ་དེ་ནས་ཞེས་བྱ་བ་ལ་སོགས་པས་བདག་ཅག་གིས་རྔོ་མི་ཐོགས་
སོ་ཞེས་ཇི་ལྟ་བ་བཞིན་དུ་སྨྲས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་རྣམས་རྗེས་སུ་གཟུང་བར་བྱ་བའི་ཕྱིར་བྱང་ཆུབ་ཀྱི་དོན་དེ་ཉིད་དེ་ནི་གཟུགས་མིན་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གསུངས་པས་དེ་གསལ་བར་བསྟན་པར་མཛད་པ་ཡིན་ཏེ། དེ་ནི་གཟུགས་མིན་ཞེས་བྱ་བ་ནི་གཟུགས་ཀྱི་ཕུང་
པོ་མ་ཡིན་ནོ་ཞེས་བྱ་བའི་དོན་ཡིན་ནོ། །དེ་ལྟ་ན་ནི་གཟུགས་ཅན་མ་ཡིན་པར་འགྱུར་རོ་ཞེ་ན་དེའི་ཕྱིར་གཟུགས་མིན་ཞེས་བྱ་བ་གསུངས་ཏེ། གཟུགས་ཅན་མ་ཡིན་པའི་ཕུང་པོ་བཞི་པོ་ཚོར་བ་དང་། འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པའི་རང་བཞིན་གྱི་ཕུང་པོ་རྣམས་ཏེ་དེ་དག་གི་ངོ་བོ་ཉིད་ཀྱང་མ་
ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ནི་སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་དང་། ལམ་སྒོམ་པའི་མཚན་ཉིད་ཟག་པ་མེད་པའི་རང་བཞིན་ཅན་ནོ་ཞེ་ན། བདེན་མིན་ཞེས་བྱ་བ་གསུངས་ཏེ། དེ་ནི་བདེན་པ་བཞིའི་རང་བཞིན་ཅན་ཡང་མ་ཡིན་ནོ། །དེ་ལྟ་ན་ནི་བརྫུན་པ་ཞིག་ཡིན་ནོ་ཞེ་ན་བརྫུན་མིན་
ཞེས་བྱ་བ་གསུངས་སོ། །དེ་ལྟ་ན་ཇི་ལྟ་བའི་རང་བཞིན་ཅན་ཅིག་ཡིན་ཞེ་ན་གཙང་བའི་ཞེས་བྱ་བ་གསུངས་ཏེ་དངོས་པོ་ཡོད་པར་འཛིན་པའི་རྣམ་པར་རྟོག་པའི་དྲི་མ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །སངས་རྒྱས་བྱང་ཆུབ་ཡེ་ཤེས་འདི། །ཅེས་བྱ་བ་ནི་དངོས་པོ་ཐམས་ཅད་ལས་འདས་པ་དེ་ཉིད་བྱང་

ཆུབ་ཡིན་ནོ། །རྟོགས་ན་རྒྱལ་བ་ཉིད་དུ་འགྱུར། །ཞེས་བྱ་བ་ནི་གལ་ཏེ་ཡེ་ཤེས་དེ་ལྟར་ཁོང་དུ་ཆུད་ན་རྒྱལ་བར་འགྱུར་ཞེས་པའོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ཀྱི་དོན་དེ་སྐད་ཅེས་གསུངས་པ་དང་། དེ་ནས་ལྷའི་བདག་པོ་དེ་དག་ཅུང་ཟད་ཅིག་ཅང་མི་སྨྲ་བར་གནས་པར་
གྱུར་ཏོ་ཞེས་བྱ་བ་ནི་དེའི་དོན་སྒོམ་ཞིང་ཅང་མི་ཟེར་བར་འཁོད་དོ་ཞེས་བྱ་བའི་དོན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་རྣམས་ལ་བྱང་ཆུབ་ཀྱི་དོན་བཤད་ནས་དེའི་འོག་ཏུ་རྩྭའི་གདན་དེ་ལས་བཞེངས་ཏེ་ལྷ་དེ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གྲོགས་པོ་རྣམས་སྟན་འདི་ལ་འདུག་ལ་སངས་རྒྱས་ཀྱི་
ཡེ་ཤེས་འདི་ལྟ་བུ་རྟོགས་པར་བྱ་བ་སྒྲུབས་ཤིག་ཅེས་གསུངས་སོ། །དེ་ནས་དེ་དག་གིས་གསོལ་པ། བཅོམ་ལྡན་འདས་རྔོ་མི་ཐོགས་སོ། །འདི་སྐད་ཅེས་སྟོན་པ་ཡིན་ཏེ་བྱང་ཆུབ་ནི་དམ་པ་སྦྱིན་པར་མི་ནུས་པ་འབའ་ཞིག་ཏུ་མ་ཟད་ཀྱི། བྱང་ཆུབ་ཀྱི་དོན་བསྟན་དུ་ཟིན་ཀྱང་བྱང་ཆུབ་མི་ཤེས་ཤིང་། བྱང་ཆུབ་
པའི་རིམ་པ་མ་རྟོགས་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་མ་རྫོགས་པས་ན་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་བྱེད་མི་ནུས་སོ་ཞེས་བྱ་བའི་དོན་ཏོ། །དེ་རྣམས་ཀྱིས་དེ་སྐད་ཅེས་གསོལ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་གདན་དེ་ཉིད་ལ་བཞུགས་བཞིན་དུ་ཞེས་བྱ་བ་
ནི་རྩྭའི་གདན་ལ་སྟེ། ཡིད་ཀྱིས་རབ་ཏུ་རྟོགས་པས་ན། །ཞེས་བྱ་བ་ལ་སོགས་པས་ཐུགས་སུ་ཆུད་པའི་རིམ་པ་ཚིགས་སུ་བཅད་པ་སྟོན་པར་མཛད་པ་ཡིན་ནོ། །གང་གིས་ཤེ་ན། ཡིད་ཀྱིས་རབ་ཏུ་རྟོགས་པས་ན། །ཞེས་བྱ་བ་འདི་ཉིད་ཀྱིས་ནི་མངོན་པར་རྫོགས་པར་བྱང་ཆུབ་པའི་རིམ་པ་དང་
པོའི་སྔགས་ཀྱི་དོན་བསྟན་ཏོ། །བྱང་ཆུབ་སེམས་ནི་ཞེས་བྱ་བ་འདིས་ནི་སྔགས་གཉིས་པའི་དོན་སྟོན་ཏོ། །བརྟན་པར་བྱོས་ཞེས་བྱ་བ་འདིས་ནི་གསུམ་པའི་དོན་སྟོན་ཏོ། །སེམས་དཔའི་རྡོ་རྗེ་བརྟན་བྱས་ལ། །ཞེས་བྱ་བ་འདིས་ནི་བཞི་པའི་དོན་སྟོན་ཏོ། །སངས་རྒྱས་སུ་ནི་བདག་སྒོམས་ཤིག །ཅེས་
བྱ་བ་འདིས་ནི་ལྔ་པའི་དོན་སྟོན་ཏོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གསུངས་པ་དང་། དེ་དག་གིས་འདི་སྐད་དུ་དེ་ལྟ་བུ་ལེགས་སོ་ཞེས་ཐམས་ཅད་ཀྱིས་སྨྲས་ནས་འདོང་ངོ་། །དེ་ལྟར་བྱང་ཆུབ་པའི་དོན་དང་མངོན་པར་བྱང་ཆུབ་པའི་རིམ་པ་འདོད་པ་ན་སྤྱོད་པ་ལ་སོགས་པའི་ལྷ་དེ་རྣམས་ལ་བསྟན་

ནས་ཐོ་རངས་ཀྱི་དུས་ལ་བབ་པ་ན་དེ་ནས་བཅོམ་ལྡན་འདས་ཀྱིས་མཚན་མོ་དེའི་ཐོ་རངས་འཇིག་རྟེན་དང་རྗེས་སུ་མཐུན་པར་བྱ་བའི་ཕྱིར་བདུད་སྡེ་དང་བཅས་པ་ཕམ་པར་བྱས་ནས་ཞེས་བྱ་བ་ནི་མཐུ་བསྟན་པའི་ཕྱིར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་
ནས་མཆོག་ཏུ་ཕན་འདོགས་པར་བྱེད་པ་སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་ལ་ཕན་པར་མཛད་པ་འཕགས་པ་ཕྱག་ན་རྡོ་རྗེ་རང་གི་ཐུགས་ལ་ཞུགས་པ་དེ་ལ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པའི་མཚན་བརྒྱ་རྩ་བརྒྱད་པ་འདིས་མངོན་པར་བསྟོད་པར་མཛད་དོ། །རྡོ་རྗེའི་རང་
བཞིན་གྱི་སེམས་དཔའ་མངའ་བས་ན་རྡོ་རྗེ་སེམས་དཔའ་སྟེ་མི་ཕྱེད་པའི་ཕྱིར་རོ། །འདི་ལ་སེམས་དཔའ་ཚད་མེད་པ་མངའ་བས་ན་སེམས་དཔའ་ཆེའོ། །ཐེག་པ་ཆེན་པོའི་རྩ་བ་ནི་བྱང་ཆུབ་ཀྱི་སེམས་ཡིན་པས་ན་ཐེག་པ་ཆེན་པོ་སྟེ་བྱང་ཆུབ་ཀྱི་སེམས་ལ་ཐེག་པ་ཆེན་པོ་ཞེས་བྱ་བའི་སྒྲར་གསུངས་སོ། །ཐམས་
ཅད་དུ་ཁྱབ་པས་ན་བདག་ཉིད་ཆེ་ཞེས་བྱ་བ་སྟེ་ཆེ་བའི་བདག་ཉིད་ཡིན་པའི་ཕྱིར་རོ། །འདི་ལ་ཡེ་ཤེས་ཀྱི་སྣང་བ་ཚད་མེད་པ་མངའ་བས་ན་སྣང་བ་ཆེ་ཞིང་ཞེས་བྱའོ། །ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་དྲི་མ་རྣམ་པར་དག་པས་ན་དག་པ་ཆེ་ཞེས་བྱའོ། །མགོན་པོ་ཆེ་ཞེས་བྱ་བ་ནི་ཆེན་པོ་རྣམས་ཀྱི་མགོན་པོར་
གྱུར་པས་ན་མགོན་པོ་ཆེ་སྟེ་ཆེ་བ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྟེན་དུ་གྱུར་པའི་ཕྱིར་མགོན་ཆེན་ནོ། །རྡོ་རྗེ་རྣམས་ཀྱི་རྒྱལ་པོ་ཡིན་པས་ན་རྡོ་རྗེ་རྒྱལ་པོ་སྟེ་རང་གི་ལས་ལ་མཆོག་ཏུ་གྱུར་པའི་ཕྱིར་རོ། །སྤྲོ་བའི་ཚེ་ན་རྡོ་རྗེ་ཆེན་པོ་མངའ་བས་ན་རྡོ་རྗེ་ཆེའོ། །རྡོ་རྗེ་ལྕགས་ཀྱུ་ཕྱོགས་ཐམས་ཅད་ཀྱི་
མཐར་གཏུགས་པར་སྤྲོས་པས་ན་རྡོ་རྗེ་ལྕགས་ཀྱུ་ཉིད་ལ་རྡོ་རྗེའི་སྒྲར་གསུངས་སོ། །མི་ཕྱེད་པའི་དོན་གྱིས་ན་རྡོ་རྗེའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཡིན་པས་ན་དེ་བཞིན་གཤེགས་པ་ཀུན་ནོ། །འགུགས་པའི་ཕྱིར་སེམས་དཔའ་ཆེན་པོ་སྟེ་ཚད་མེད་པའི་སེམས་ཅན་རྣམས་འགུགས་
པའི་ཕྱིར་རོ། །རང་གི་ཕྲིན་ལས་ལ་ཐོགས་པ་མེད་པ་མངའ་བས་ན་བརྩོན་འགྲུས་ཆེའོ། །འགུགས་པའི་ཐབས་དཔག་ཏུ་མེད་པ་མངའ་བས་ན་ཐབས་ཆེན་ནོ། །སེམས་ཅན་སྨིན་པ་དང་གྲོལ་བའི་འདོད་ཆགས་མི་ཕྱེད་པ་མངའ་བས་ན་རྡོ་རྗེ་འདོད་པའོ། །འདོད་ཆགས་ཀྱི་ཉོན་མོངས་པ་མེད་པའི་ཕྱིར་

དག་པ་ཆེའོ། །བདེ་བ་ཐམས་ཅད་ཀྱི་རྒྱུར་གྱུར་པས་ན་ཀུན་གྱི་བདེ་བའོ། །བདེ་བ་ཚད་མེད་པའི་ངོ་བོ་ཉིད་ཡིན་པས་ན་བདེ་བ་ཆེའོ། །བདེ་བ་ཐམས་ཅད་ལས་ཕུལ་དུ་བྱུང་བ་ཡིན་པས་ན་བདེ་མཆོག་སྟེ་བྱང་ཆུབ་ཀྱི་སེམས་ཀྱི་བདེ་བ་ཡིན་པའི་ཕྱིར་རོ། །འདི་ལ་ཐོག་མ་དང་
ཐ་མ་ཡོད་པ་མ་ཡིན་པས་ན་ཐོག་མ་ཐ་མ་མེད་དོ། །བཞེད་ཆེན་ཞེས་བྱ་བ་ལ་བཞེད་པ་ནི་འདོད་པའོ། །འདི་ལ་འདོད་པ་ཆེན་པོ་མངའ་བས་ན་བཞེད་ཆེན་ཏེ་སེམས་ཅན་ཐམས་ཅད་མངོན་པར་འདོད་པར་བཞེད་པས་ནའོ། །མི་ཕྱེད་པས་ན་ལེགས་སོ་ཞེས་བྱ་བ་ལ་སོགས་པས་ན་རྡོ་རྗེ་ལེགས་པའོ། །ཡོངས་
སུ་དགྱེས་པ་ཚད་མེད་པ་མངའ་བས་ན་དགྱེས་པ་ཆེའོ། །རབ་ཏུ་དགའ་བ་སྐྱེད་པར་མཛད་པས་ན་ལེགས་ཞེས་བྱའོ། །ཤིན་ཏུ་མཉེས་པས་ན་རབ་མཉེས་པའོ། །སྤྲོ་བའི་ཚེ་ན་ཐམས་ཅད་དུ་ཁྱབ་པར་མཛད་པས་ན་མཉེས་པ་ཆེ་ཞིང་ངོ་། །སྐྱེ་དགུ་རྣམས་དགའ་བར་མཛད་པས་ན་དགྱེས་པ་ཆེའོ། །
ཤིན་ཏུ་དགའ་བ་སྐྱེད་པར་མཛད་པས་ན་རབ་དགྱེས་སོ། །རྡོ་རྗེས་མཚན་པའི་རིན་པོ་ཆེའི་གཟུགས་མངའ་བས་ན་རྡོ་རྗེ་རིན་ཆེན་ནོ། །བདག་པོའི་རྒྱུར་གྱུར་པས་ན་རྒྱལ་པོ་ཆེའོ། །དབང་བསྐུར་བ་ཡང་ཡིན་ལ་བཟང་པོ་ཡང་ཡིན་པས་ན་དབང་བསྐུར་བཟང་པོའོ། །ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་པོར་དབང་
བསྐུར་བའི་རྒྱུར་གྱུར་པས་ན་བདག་པོ་ཆེའོ། །རིན་པོ་ཆེ་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པས་ན་རིན་ཆེན་ཐམས་ཅད་དོ། །ཤས་ཆེར་མཛེས་པར་མཛད་པས་ན་མཛེས་པ་ཆེའོ། །སེམས་ཅན་ཐམས་ཅད་ཀྱི་རྒྱན་དུ་གྱུར་པས་ན་རྣམ་རྒྱན་ནོ། །མི་ཕྱེད་པའི་གཟི་བརྗིད་མངའ་བས་ན་རྡོ་རྗེ་གཟི་བརྗིད་
དོ། །སྤྲོ་བའི་དུས་ན་གཟི་བརྗིད་ཀྱིས་ཁྱབ་པར་མཛད་པས་ན་གཟི་བརྗིད་ཆེའོ། །འོད་ཀྱི་དཀྱིལ་འཁོར་རྒྱ་ཆེན་པོ་མངའ་བས་ན་འོད་ཆེའོ། །ཡང་ན་འོད་ཆེན་པོ་མངའ་བས་ན་འོད་ཆེའོ། །ལྷམ་མེ་བ་ཆེན་པོ་མངའ་བའི་ཕྱིར་ལྷམ་མེ་བ་ཆེན་པོ་སྟེ་ལྷམ་པ་ནི་གཟི་མདངས་ལ་བྱའོ། །རྒྱལ་པོའི་འོད་ཅེས་བྱ་བ་ནི་
རྒྱལ་བ་སྟེ་དེ་བཞིན་གཤེགས་པ་རྣམས་ཀྱི་འོད་ཅེས་བྱ་བའི་དོན་ཏོ། །འདི་ལ་འབར་བ་ཆེན་པོ་མངའ་བས་ན་འབར་བ་ཆེའོ། །བྱང་ཆུབ་ཏུ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་འོད་ཡིན་པས་ན་སངས་རྒྱས་འོད་དོ། །རྡོ་རྗེས་མཚན་པའི་རྒྱལ་མཚན་མངའ་བས་ན་རྡོ་རྗེ་རྒྱལ་མཚན་ཏེ་རྒྱལ་མཚན་

ལ་བྱའོ། །སྤྲོ་བའི་དུས་ན་ཐམས་ཅད་དུ་ཁྱབ་པས་ན་དཔལ་ཆེ་བའོ། །ཆེན་པོ་རྣམས་ཀྱི་མཚན་མ་ཡིན་པས་ན་རྒྱལ་མཚན་ཆེའོ། །སེམས་ཅན་ཐམས་ཅད་ཀྱི་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་མཛད་པས་ན་ནོར་རབ་གཏོང་ངོ་། །ནམ་མཁའ་ལས་བྱུང་བས་ན་ནམ་མཁའི་རྒྱལ་མཚན་ནོ། །སྤྲོ་བའི་
ཚེ་ན་ཐམས་ཅད་དུ་ཁྱབ་པས་ན་ཡུ་བ་ཆེའོ། །གཏོང་བའི་རྒྱུ་ཡིན་པས་ན་གཏོང་བའི་རྒྱལ་མཚན་ནོ། །མི་ཕྱེད་པའི་བཞད་པ་ཡིན་པས་ན་རྡོ་རྗེ་བཞད་པའོ། །ཕྱོགས་ཐམས་ཅད་འགེངས་པས་ན་བཞད་པ་ཆེའོ། །དགའ་བ་མངའ་བའི་རྒྱུར་གྱུར་པས་ན་དགྱེས་པ་ཆེའོ། །ཆོས་ཀྱི་རོ་མྱོང་བའི་
དགའ་བ་དང་མགུ་བ་སྐྱེད་པར་མཛད་པས་ན་རབ་དགྱེས་པའོ། །ཤིན་ཏུ་དགྱེས་པའི་ཤུགས་ཀྱི་རྒྱུར་གྱུར་པས་ན་དགྱེས་པའི་ཤུགས་སོ། །ཁྱད་པར་དུ་དགའ་བའི་རྒྱུར་གྱུར་པས་ན་རོལ་ཅིང་དགྱེས་པའོ། །ཆོས་ཀྱི་ཡུལ་དགའ་བའི་རྒྱུར་གྱུར་པས་ན་ཆོས་དགྱེས་སོ། །མི་ཕྱེད་པའི་ཆོས་མངའ་
བས་ན་རྡོ་རྗེ་ཆོས་སོ། །སྤྲོས་པའི་དུས་ན་ཐམས་ཅད་དུ་ཁྱབ་པར་མཛད་པས་ན་ཆོས་ཆེ་བའོ། །སེམས་ཅན་གྱི་ཡུལ་ལ་ཐུགས་རྗེའི་ཆོས་མངའ་བས་ན་སེམས་དཔའི་ཆོས་སོ། །རང་བཞིན་གྱིས་དག་པས་ན་རབ་སྦྱོང་བའོ། །སངས་རྒྱས་རྣམས་ཀྱི་ཆོས་ཡིན་པས་ན་སངས་རྒྱས་ཆོས་སོ། །ཐེག་
པ་ཆེན་པོའི་ཆོས་ཀྱི་རང་བཞིན་ཡིན་པས་ན་ཆོས་རབ་མཆོག་གོ། །སེམས་ཅན་ཐམས་ཅད་ལ་བྱམས་པ་དང་ལྡན་པས་ན་འདོད་ཆོས་སོ། །མི་ཕྱེད་པའི་ཤེས་རབ་མངའ་བས་ན་རྡོ་རྗེ་རྣོན་པོའོ། །སྤྲོས་པའི་དུས་ན་ཐམས་ཅད་དུ་ཁྱབ་པར་མཛད་པས་ན་རལ་གྲི་ཆེའོ། །ཤེས་རབ་དང་ཡེ་ཤེས་ཀྱི་ངོ་བོ་
ཉིད་ཡིན་པས་ན་ཤེས་རབ་ཡེ་ཤེས་སོ། །བློ་གྲོས་ཆེན་པོ་མངའ་བས་ན་བློ་གྲོས་ཆེའོ། །སྡིག་པའི་བདག་ཉིད་གཅོད་པར་མཛད་པས་ན་སྡིག་གཅོད་དོ། །ཚད་མེད་པའི་ཤེས་རབ་ཀྱི་རལ་གྲི་ཡིན་པས་ན་རལ་གྲི་ཆེའོ། །གང་གི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཤེས་རབ་ཀྱི་
མཚོན་གྱིས་ཉོན་མོངས་པའི་དགྲ་བོ་གཅོད་པར་མཛད་པས་ན་སངས་རྒྱས་མཚོན་ནོ། །མི་ཕྱེད་པའི་རྒྱུ་ཡིན་པས་ན་རྡོ་རྗེ་རྒྱུའོ། །སྤྲོས་པའི་དུས་སུ་དཀྱིལ་འཁོར་ཐམས་ཅད་ལ་ཁྱབ་པས་ན་འཁོར་ལོ་ཆེའོ། །ཆོས་ཀྱི་འཁོར་ལོའི་རང་བཞིན་ཡིན་པས་ན་སངས་རྒྱས་འཁོར་ལོའོ། །ཡོན་ཏན་ཐམས་

ཅད་ཀྱི་གཏེར་དུ་གྱུར་པས་ན་གཏེར་ཆེན་པོའོ། །དཀྱིལ་འཁོར་ཐམས་ཅད་སྡུད་པ་ལ་འཇུག་པར་མཛད་པས་ན་དཀྱིལ་འཁོར་ཀུན་ནོ། །སྔགས་ཀྱི་སྤྱོད་པའི་ཚུལ་གྱི་མཆོག་ཡིན་པས་ན་ཆོས་མཆོག་གོ། །སངས་རྒྱས་སུ་བྱེད་པའི་ཆོས་ཀྱི་རང་བཞིན་ཡིན་པས་ན་ཆོས་
ཀྱི་འཁོར་ལོ་ཡིན་པའི་ཕྱིར་རམ་འཁོར་ལོའི་རྒྱུར་གྱུར་པས་ན་ཆོས་ཀྱི་འཁོར་ལོའོ། །ཐོགས་པ་མེད་པའི་གསུང་མངའ་བས་ན་རྡོ་རྗེ་གསུང་ངོ་། །ཕྱོགས་ཐམས་ཅད་ཁྱབ་པའི་གསུང་མངའ་བས་ན་གསུང་བ་ཆེའོ། །སྤྲོས་པ་ཐམས་ཅད་དང་བྲལ་བས་ན་སྤྲོས་མེད་དོ། །ཡི་གེ་ཆེན་པོ་མངའ་བས་ན་ཡི་
གེ་ཆེ་སྟེ་སྒྲ་རྣམས་ཉིད་ཡིན་ནོ། །དོན་དམ་པར་འདི་ལ་འགྱུར་བ་མེད་པས་ན་ཡི་གེ་མེད་པ་སྟེ་དམ་པའི་ཡི་གེ་ཆེ་ཞེས་བྱ་བའི་དོན་ཏོ། །ཚད་མེད་པའི་བཟླས་པ་མངའ་བས་ན་བཟླས་པ་ཆེའོ། །སངས་རྒྱས་ཀྱི་གསུང་མངའ་བས་ན་སངས་རྒྱས་གསུང་ངོ་། །མི་ཕྱེད་པའི་ཕྲིན་ལས་མངའ་བས་ན་རྡོ་རྗེ་ལས་
སོ། །ལས་བཟང་པོ་རྣམས་ཀྱི་ནང་ན་ཡང་མཆོད་པའི་ལས་མཆོག་ཡིན་པས་ན་ལས་རབ་མཆོག་གོ། །མཆོད་པའི་ལས་ཀྱིས་ཐམས་ཅད་དུ་ཁྱབ་པར་མཛད་པས་ན་ལས་ཆེན་ནོ། །བཟང་པོའི་ལས་རྣམས་མཛད་པས་ན་ལས་རབ་བྱེད་པའོ། །གསང་བའི་མཆོད་པའི་རང་བཞིན་ཡིན་པས་ན་
གསང་བའི་མཆོད་པའོ། །མཆོད་པའི་ལས་ཀྱི་ཁྱད་པར་མང་པོ་མངའ་བས་ན་མཆོད་པ་ཆེའོ། །བདུག་པ་ལ་སོགས་པའི་མཆོད་པའི་རང་བཞིན་ཡིན་པས་ན་སངས་རྒྱས་མཆོད་པའོ། །མི་ཕྱེད་པའི་སྲུང་བ་ཡིན་པས་ན་རྡོ་རྗེ་སྲུང་བའོ། །སྤྲོས་པའི་དུས་ན་ཕྱོགས་ཐམས་ཅད་དུ་ཁྱབ་པར་མཛད་པས་ན་
གོ་ཆ་ཆེའོ། །གོ་ཆ་ཐམས་ཅད་ཀྱི་ནང་ན་དམ་པར་གྱུར་པས་ན་གོ་ཆའི་མཆོག་གོ། །མི་ཕྱེད་པའི་ཆོས་ཅན་ཡིན་པས་ན་བརྟན་པ་ཆེའོ། །སེམས་ཅན་གྱི་ཚོགས་ཚད་མེད་པ་ཡང་དག་པར་སྲུང་བར་མཛད་པས་ན་སྲུང་བ་ཆེའོ། །སངས་རྒྱས་ཀྱི་ཆོས་ཀྱི་རང་བཞིན་ཡིན་པས་ན་སྙིང་རྗེ་ཆེའོ། །སངས་
རྒྱས་ཀྱི་བརྩོན་འགྲུས་ཕྱིར་མི་ལྡོག་པའི་རང་བཞིན་ཅན་ཡིན་པས་ན་སངས་རྒྱས་བརྩོན་འགྲུས་སོ། །མི་ཕྱེད་པས་ན་རྡོ་རྗེ་གནོད་སྦྱིན་ནོ། །སྤྲོས་པའི་དུས་ན་ཐམས་ཅད་དུ་ཁྱབ་པས་ན་ཁྲོ་བ་ཆེའོ། །མ་རུངས་པ་ཐམས་ཅད་ཀྱི་གཟུགས་སུ་སྟོན་པས་ན་མ་རུངས་པ་ཐམས་ཅད་དོ། །སེམས་

ཅན་ཐམས་ཅད་འཇིགས་པ་སྐྱེད་པར་བྱེད་པས་ན་སྐྲག་པར་བྱེད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ཡིན་པས་ན་དེ་བཞིན་གཤེགས་པ་ཀུན་ནོ། །མ་རུངས་པ་ཐམས་ཅད་འདུལ་བའི་ཐབས་ཀྱི་མཆོག་ཡིན་པས་ན་ཐབས་ཆེན་ནོ། །ཐམས་ཅད་ལ་ཁྲོ་བོའི་གཟུགས་
སུ་སྟོན་པས་ན་སྲུང་བ་མཆོག་གོ། །མི་ཕྱེད་པའི་ཁུ་ཚུར་ཡིན་པས་ན་རྡོ་རྗེ་བསྡུས་པའོ། །ཕྱག་རྒྱ་ཐམས་ཅད་དམ་སྤྲོས་པའི་དུས་ན་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པས་ན་ཕྱག་རྒྱ་ཆེའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་དམ་ཚིག་ཡིན་པས་ན་དམ་ཚིག་ཆེན་
པོའོ། །སྐུ་གསུང་ཐུགས་ཀྱི་དམ་ཚིག་གི་སྦྱོར་བས་ཐམས་ཅད་འཆིང་བར་མཛད་པས་ན་འཆིང་བ་ཆེའོ། །ཡེ་ཤེས་མཆོག་བསྡུས་པའི་ཁུ་ཚུར་ཡིན་པས་ན་ཁུ་ཚུར་ཆེན་པོའོ། །ཕྱག་རྒྱ་ཐམས་ཅད་ཀྱི་རྩ་བར་གྱུར་པས་ན་ཕྱག་རྒྱ་མཆོག་གོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེ་གཅིག་ཏུ་བསྡུས་པར་གྱུར་
པས་ན་རྡོ་རྗེ་ཁུ་ཚུར་རོ། །དེ་བཞིན་གཤེགས་པས་ཕྱག་རྒྱ་བྱ་ཞིང་ཞེས་བྱ་བ་ལ་སོགས་པ་ནི་སྔར་བཤད་ཟིན་ཏོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ལ་འཁོར་ལོས་སྒྱུར་བ་བཞིའི་ངོ་བོ་ཉིད་ཡིན་པར་བསྟོད་པའི་སྒོ་ནས་མཇུག་བསྡུས་པ་བཟླས་ཏེ་བསྟན་པ་ཡིན་ནོ། །ཡང་དག་པར་ནི་
ཕྱག་འཚལ་ཞིང་། །ཞེས་བྱ་བ་ལ་སོགས་པ་ནི་དགེ་བའི་རྩ་བ་བསྟན་པ་དང་ཕན་ཡོན་བསྟན་པ་ཡིན་ནོ། །དེ་ལྟར་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་མཚན་བརྒྱ་རྩ་བརྒྱད་ཀྱིས་བསྟོད་ནས་རྒྱུད་འདི་དེ་བཞིན་གཤེགས་པའི་བཀར་བསྒྲུབ་ཅིང་འདི་བཤད་པའི་དོན་ལ་དགྱེས་པའི་ཕྱིར་ཡང་དེ་བཞིན་གཤེགས་
པ་རྣམས་གཅིག་ཏུ་འདུས་ནས་ལེགས་སོ་ཞེས་བྱ་བ་བྱིན་པ་ཡིན་ཏེ། འདི་དག་གི་ཚིག་གི་དོན་ནི་སྔར་བཤད་ཟིན་ཏོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་དེ་སྐད་ཅེས་གསུངས་པ་དང་། དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་
དཔའ་རྣམས་དགྱེས་པ་ནི་མཉེས་པའོ། །དེ་ལྟར་དགྱེས་ནས་ཅི་ཞིག་མཛད་ཅེ་ན། རང་གི་ཐུགས་ལ་ཞུགས་སོ་ཞེས་བྱ་བ་གསུངས་ཏེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་པ་ལ་མཉེས་པར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །ཡོན་ཏན་མང་ལྡན་དད་པ་མཆོག་གི་གནས་གྱུར་གོ་ཊ་

སྔོན་འགྲོ་ཀོ་ས་ལ། །དགེ་ཞིང་ཚུལ་མང་ལེགས་པ་རྒྱ་མཚོ་དང་ལྡན་གཙུག་ལག་ཁང་མཆོག་དེ། །དཔལ་ལྡན་བདེ་བྱེད་ཀྱིས་བྱས་ཤིན་ཏུ་ཡིད་འོང་མཁས་པ་རྣམས་ཀྱི་གནས་གྱུར་ཅིང་། །རྒྱལ་པོའི་དཔའ་བོ་ཆོས་ཀྱི་བདག་ཉིད་དཔལ་གྱིས་ཁ་བ་བཞིན་བསིལ་དེར་གནས་
ཚེ། །དང་པོར་གྲོགས་མཆོག་གནས་བརྟན་དབང་པོའི་གོ་ཆའི་ཚིག་གིས་གསོལ་བ་བཏབ་པ་དང་། །ཤེས་རབ་ལྷ་ཡི་མཁས་བཅས་བརྩོན་པའི་སྟོབས་སོགས་གཙོ་བོར་བྱས་ལ་བརྟན་པ་དང་། །བདེ་གཤེགས་བསྟན་ལ་འགྲོ་བ་འདི་དག་ཉོན་མོངས་དབང་སོང་མཐོང་བ་དང་། །སྐྱོན་མེད་
གསང་སྔགས་དོན་ཡང་གཞན་དབང་སོང་བས་གཞན་དུ་ཀུན་དུ་སྦྱོར་བར་གྱུར། །དེ་ཕྱིར་ངེས་དོན་ཤིན་ཏུ་རྣམ་འབྱེད་ཚིག་དོན་གསལ་ཞིང་ཀུན་གྱི་ཐུན་མོང་བའི། །རྒྱ་ཆེར་བཤད་འདི་འགྲོ་བའི་དོན་ཀུན་གྲུབ་ཕྱིར་ཤཱཀྱ་མི་ཏྲས་ས་སྟེང་བརྩམས། །ངེས་སྦྱར་འདིས་ནི་འཇིག་རྟེན་མ་ལུས་རྣམ་དག་
བློ་གྲོས་ཡང་དག་ཐོབ་ནས་ནི། །དེ་ཉིད་ཡེ་ཤེས་ལ་གཞོལ་ལྟ་ངན་གྱིས་མདོངས་ཉིད་དང་མྱུར་དུ་བྲལ་བར་ཤོག །དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར་བཤད་པ་ཀོ་ས་ལའི་རྒྱན་མང་དུ་ཐོས་པའི་སློབ་དཔོན་ཆེན་པོ་ཤཱཀྱ་བཤེས་གཉེན་གྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དྷརྨཱ་ཤྲཱི་
བྷ་དྲ་དང་ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་དྷཱ་ཏུ་མ་ཧཱ་མཎྜལ་དེ་བ་སརྦ་བྱ་བསྠཱ་ན་ནཱ་མ། བོད་སྐད་དུ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ལྷ་རྣམས་
ཀྱི་རྣམ་པར་གཞག་པ་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །འདོད་ཆགས་ཞེ་སྡང་ལ་སོགས་པ། །རྣམ་པར་རྟོག་པ་རྣམ་སྤངས་པའི། །སྐུ་ནི་བདེ་བས་ཀུན་ནས་གང་། །རྡོ་རྗེ་འཆང་ཆེན་ཕྱག་འཚལ་ལོ། །འདི་ཡི་རིགས་ཀྱི་འདོད་པ་པོས། །ཕྱག་རྒྱ་ཆེན་པོ་
རྟོགས་པའི་ཕྱིར། །རྡོར་དབྱིངས་དཀྱིལ་འཁོར་ཆེན་པོ་ཡི། །རྣམ་པར་གཞག་པ་བདག་གིས་བྲི། །དེ་ལ་འདོད་ཆགས་ལ་སོགས་པའི་དྲི་མ་མ་ལུས་པ་དང་བྲལ་བ་ཉིད་དེ། དེ་ལས་གཞན་པའི་ཁྱད་པར་ཅན་གྱི་རྒྱུར་གྱུར་པ་ཉིད་ཀྱིས་ན་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དང་། དབྱེ་བ་

མ་ལུས་པའི་རང་བཞིན་དང་བྲལ་བ་ཉིད་ཀྱིས་ན་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཉིད་དང་། ཕྱིན་ཅི་ལོག་མ་ལུས་པ་དང་བྲལ་བའི་རང་བཞིན་ཉིད་ཀྱིས་ན་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དང་། འགྲོ་བ་མ་ལུས་པ་ལ་ཕན་པ་སྐྱེད་པའི་རྒྱུར་གྱུར་པས་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དང་།
གཟུང་བ་དང་འཛིན་པ་རྣམ་པ་གཉིས་དང་བྲལ་བས་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ངོ་བོ་ཉིད་ཡིན་ནོ། །དེ་བས་ན་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའི་བདག་ཉིད་ཅན་ཡང་དེ་ཉིད་ཡིན་པས་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད་ཡིན་ནོ། །དེ་ཉིད་ནི་ཉེ་བར་དམིགས་པ་རྣམས་ལས་ལྡོག་
པའི་སྟོང་པ་ཉིད་ཀྱི་བདག་ཉིད་ཅན་ཡིན་པའི་ཕྱིར་རྡོ་རྗེ་སེམས་མའོ། །མཚན་མ་མ་ལུས་པ་ལས་ལྡོག་ཅིང་མཚན་མ་མེད་པའི་བདག་ཉིད་ཅན་ནི་རིན་ཆེན་སེམས་མའོ། །ལོག་པའི་རྨི་ལམ་ལས་ལྡོག་ཅིང་སྨོན་པ་མེད་པའི་བདག་ཉིད་ཅན་ཡིན་པས་ན་ཆོས་ཀྱི་སེམས་མའོ། །ཕྱིན་ཅི་ལོག་གི་
སྨོན་པར་བྱེད་པ་ལས་བཟློག་ཅིང་མངོན་པར་འདུས་པའི་བདག་ཉིད་ཅན་ཡིན་པས་ན་ལས་ཀྱི་སེམས་མའོ། །རྡོ་རྗེ་སེམས་མ་ལ་སོགས་པ་རིགས་ཀྱི་ཡུམ་བཞི་ནི་གོ་རིམས་བཞིན་དུ་སྟོང་པ་ཉིད་ལ་སོགས་པ་རྣམ་པར་ཐར་པའི་སྒོ་བཞིའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་དེ་
ཉིད་ནི་སྣོད་ཀྱི་འཇིག་རྟེན་གྱི་མཐར་རྟོག་པ་ལས་ལྡོག་ཅིང་། ཆེན་པོ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་དུ་གྱུར་པ་བྱང་ཆུབ་ཀྱི་སེམས་སྐྱེད་པའི་རྒྱུར་གྱུར་པས་ན་རྡོ་རྗེ་སེམས་དཔའོ། །མིག་ལ་སོགས་པ་ཉེ་བར་དམིགས་པ་ལས་ལྡོག་ཅིང་ནང་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་དུ་གྱུར་པ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་
པ་རྣམས་འགུགས་པའི་རྒྱུར་གྱུར་པས་རྡོ་རྗེ་རྒྱལ་པོའོ། །གཟུགས་ལ་སོགས་པ་ཉེ་བར་དམིགས་པ་ལས་ལྡོག་པས་ཕྱི་སྟོང་པ་ཉིད་ཀྱི་བདག་ཉིད་ཅན་དུ་གྱུར་པ་དང་། དགུག་པ་རྣམས་ཀྱི་རྗེས་སུ་ཆགས་པའི་རྒྱུར་གྱུར་པས་རྡོ་རྗེ་ཆགས་པའོ། །ཕྱི་ནང་གི་སྐྱེ་མཆེད་དང་ལུས་དང་
གནས་སུ་ཉེ་བར་དམིགས་པ་ལས་བཟློག་པས་ཕྱི་ནང་སྟོང་པ་ཉིད་ཀྱི་བདག་ཉིད་ཅན་དུ་གྱུར་པ་དང་། ཆགས་པར་གྱུར་པའི་སེམས་ཀྱི་ཡིད་བདེ་བ་སྐྱེད་པར་གྱུར་པས་རྡོ་རྗེ་ལེགས་པའོ། །མིག་དང་གཟུགས་ལ་སོགས་པའི་བག་ཆགས་ཀྱི་གནས་ཡོངས་སུ་གྱུར་པ་དག་གིས་མེ་ལོང་ལྟ་

བུའི་ཡེ་ཤེས་དེའི་རྒྱུར་གྱུར་པ་ཆེན་པོ་སྟོང་པ་ཉིད་ལ་སོགས་པ་བཞིའི་ངོ་བོ་ཉིད་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཡིན་ནོ། །སྟོང་པ་ཉིད་དུ་ཉེ་བར་དམིགས་པ་ལས་ལྡོག་པས་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་བདག་ཉིད་ཅན་དུ་གྱུར་པ་དང་། བྱང་ཆུབ་ཀྱི་སེམས་མངོན་པར་
འཕེལ་བ་རྣམས་ཀྱི་རྒྱལ་མཚན་དུ་དབང་བསྐུར་བའི་རྒྱུར་གྱུར་པས་རྡོ་རྗེ་རིན་ཆེན་ནོ། །དོན་དམ་པར་ཉེ་བར་དམིགས་པ་ལས་ལྡོག་ཅིང་དོན་དམ་པ་སྟོང་པ་ཉིད་ཀྱི་བདག་ཉིད་དུ་གྱུར་པ་དང་དབང་བསྐུར་བ་རྙེད་པ་རྣམས་ལ་མི་འཇིགས་པ་རབ་ཏུ་སྦྱིན་པའི་མཚན་ཉིད་ཅན་དུ་གཟི་བརྗིད་ཀྱི་རྒྱུར་གྱུར་
པས་རྡོ་རྗེ་གཟི་བརྗིད་དོ། །འདུས་བྱས་པའི་བསོད་ནམས་ཀྱི་ཚོགས་སུ་ཉེ་བར་དམིགས་པ་ལས་ལྡོག་པས་འདུས་བྱས་སྟོང་པ་ཉིད་ཀྱི་བདག་ཉིད་ཅན་དུ་གྱུར་པ་དང་། གཟི་བྱིན་ཐོབ་པ་རྣམས་ལ་བྱམས་པའི་མཚན་ཉིད་ཀྱི་རྒྱུར་གྱུར་པས་རྡོ་རྗེ་དབལ་ལོ། །འདུས་མ་བྱས་པའི་བྱང་ཆུབ་ཀྱི་
ཚོགས་ཀྱི་ཉེ་བར་དམིགས་པ་ལས་ལྡོག་པས་འདུས་མ་བྱས་སྟོང་པ་ཉིད་ཀྱི་བདག་ཉིད་ཅན་དུ་གྱུར་པ་དང་། བྱམས་པའི་རྒྱལ་མཚན་བསྒྲེང་བའི་མཚན་ཉིད་རྣམས་ལ་ཆོས་ཀྱི་སྦྱིན་པ་བླ་ན་མེད་པའི་ཡིད་བདེ་བའི་རྒྱུར་གྱུར་པས་ན་རྡོ་རྗེ་བཞད་པའོ། །ཉོན་མོངས་པ་ཅན་གྱི་ཡིད་གནས་གྱུར་
པ་ཉིད་ཀྱིས་མཉམ་པ་ཉིད་ཀྱི་ཡེ་ཤེས་དེའི་ཕྱིན་ཅི་ལོག་སྤོང་བའི་མཉམ་པ་ཉིད་ཀྱི་རྐྱེན་དུ་གྱུར་པས་སྟོང་པ་ཉིད་སྟོང་པ་ཉིད་ལ་སོགས་པ་བཞིའི་ངོ་བོ་ཉིད་ནི་རྡོ་རྗེ་རིན་ཆེན་ལ་སོགས་པ་བཞི་ཡིན་ནོ། །སྒྲོ་བཏགས་པ་དང་སྐུར་བ་བཏབ་པའི་མཐར་ཉེ་བར་དམིགས་པ་ལས་ལྡོག་པས་ཤིན་ཏུ་སྟོང་པ་ཉིད་དུ་གྱུར་པ་
དང་། ཆོས་ཀྱི་སྦྱིན་པ་ལ་ཡིད་བདེ་བ་ལ་ཞུགས་པ་རྣམས་ཀྱི་ཏིང་ངེ་འཛིན་སྐྱེད་པའི་རྒྱུར་གྱུར་པས་ན་རྡོ་རྗེ་ཆོས་སོ། །འཁོར་བར་དམིགས་པ་ལས་ལྡོག་པས་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཅན་དུ་གྱུར་པ་དང་། ཏིང་ངེ་འཛིན་རྫོགས་པ་རྣམས་ཀྱི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་སྐྱེད་པའི་རྒྱུར་གྱུར་པས་རྡོ་རྗེ་
རྣོན་པོའོ། །དགེ་བའི་ཕྱོགས་ཡོངས་སུ་མི་གཏོང་བའི་ཉེ་བར་དམིགས་པ་ལས་ལྡོག་པས་དོར་བ་མེད་པ་སྟོང་པ་ཉིད་ཀྱི་བདག་ཉིད་ཅན་དུ་གྱུར་པ་དང་། ཆོས་ཀྱི་འཁོར་ལོར་ཞུགས་པ་དེ་རྣམས་གདུལ་བྱའི་སྐྱེ་བོ་རྣམས་ཀྱི་ངོར་ཆོས་སྟོན་དུ་འཇུག་པའི་རྒྱུར་གྱུར་པས་རྡོ་རྗེ་སྨྲ་བའོ། །ཡིད་ཀྱི་རྣམ་པར་ཤེས་པ་

གནས་གྱུར་པའི་ངོ་བོ་ཉིད་ཀྱིས་སོ་སོར་རྟོག་པའི་ཡེ་ཤེས་ཇི་སྐད་དུ་བཤད་པའི་ཕྱིན་ཅི་ལོག་ལས་རྣམ་པར་དབེན་པའི་ངོ་བོ་ཉིད་ཀྱི་དེའི་འཁོར་དུ་གྱུར་པས་ཤིན་ཏུ་སྟོང་པ་ཉིད་ལ་སོགས་པ་བཞིའི་ངོ་བོ་ཉིད་དུ་གྱུར་པ་ནི་རྡོ་རྗེ་ཆོས་ལ་སོགས་པ་ཉིད་དོ། །སྟོབས་དང་མི་འཇིགས་པ་ལ་སོགས་པ་ཆོས་ཀྱི་
སྐུར་ཉེ་བར་དམིགས་པ་ལས་ལྡོག་པའི་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་བདག་ཉིད་ཅན་དུ་གྱུར་པ་དང་། དོན་དམ་པའི་སྟོང་པ་ཉིད་སྐལ་བ་ཅན་རྣམས་ཀྱི་རྒྱུར་གྱུར་པས་ན་རྡོ་རྗེ་ལས་སོ། །རང་དང་སྤྱིའི་མཚན་ཉིད་ཉེ་བར་དམིགས་པའི་མཚན་ཉིད་ལས་ལྡོག་པའི་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་
བདག་ཉིད་ཅན་དུ་གྱུར་པ་དང་། ལས་ལ་རབ་ཏུ་ཞུགས་པ་རྣམས་ཀྱི་བསྡུ་བའི་རྒྱུར་གྱུར་པས་རྡོ་རྗེ་སྲུང་བའོ། །ཉེ་བར་དམིགས་པ་མེད་པ་དང་ཉེ་བར་དམིགས་པ་ལས་ལྡོག་པས་མི་དམིགས་པ་སྟོང་པ་ཉིད་ཀྱི་བདག་ཉིད་ཅན་དུ་གྱུར་པ་དང་སྲུང་བ་ལ་སོགས་པ་རྣམས་ཀྱི་བགེགས་ཞི་བར་བྱེད་པས་རྡོ་རྗེ་
གནོད་སྦྱིན་ནོ། །དངོས་པོ་མེད་པ་ལས་བཟློག་པས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བདག་ཉིད་ཅན་དུ་གྱུར་པ་དང་། དེ་ལྟར་བྱ་བ་སྒྲུབ་པ་འཇུག་པ་རྣམས་སྐུ་གསུང་ཐུགས་རྡོ་རྗེ་བྱེད་པས་དངོས་གྲུབ་ཐམས་ཅད་རྫོགས་པའི་རྒྱུར་གྱུར་པས་ན་རྡོ་རྗེ་ཁུ་ཚུར་རོ། །མིག་ལ་སོགས་པའི་
རྣམ་པར་ཤེས་པ་གནས་གྱུར་པའི་ངོ་བོ་ཉིད་ཀྱི་བྱ་བ་གྲུབ་པའི་ཡེ་ཤེས་ཇི་སྐད་དུ་བཤད་པའི་ཕྱིན་ཅི་ལོག་རྣམས་ལས་དབེན་པའི་ངོ་བོ་ཉིད་དེའི་འཁོར་དུ་གྱུར་པས་ཆོས་ཐམས་ཅད་སྟོང་པ་ཉིད་ལ་སོགས་པའི་ངོ་བོ་ཉིད་དེ་རྡོ་རྗེ་ལ་སོགས་པའོ། །དེ་བཞིན་དུ་སེར་སྣ་དང་། འཆལ་པའི་
ཚུལ་ཁྲིམས་དང་། ཁྲོ་བ་དང་། ལེ་ལོ་ལ་སོགས་པའི་ཉེ་བར་དམིགས་པ་ལས་ལྡོག་ཅིང་། དེའི་གཉེན་པོ་ཉིད་ཀྱི་སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་ཅན་དུ་གྱུར་པས་ཕྱག་རྒྱ་ཆེན་པོ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་
ཀྱི་རྣལ་འབྱོར་གྱི་དབང་ཕྱུག་དེ་ནི་གསང་བའི་མཆོད་པ་བཞིའི་ངོ་བོ་ཉིད་དེ་རྡོ་རྗེ་སྒེག་མོ་དང་། ཕྲེང་བ་དང་གླུ་མ་དང་གར་མའི་བདག་ཉིད་ཅན་ནོ། །རྡོ་རྗེ་སྒེག་མོ་ལ་སོགས་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ཡིན་པས་ན་དེ་བཞིན་དུ་ཤེས་རབ་འཆལ་པ་དང་། རྣམ་པར་གཡེང་བ་དང་

ལོག་པའི་ང་རྒྱལ་དང་ཐབས་མེད་པ་ལས་ལོག་པས་ཤེས་རབ་དང་བསམ་གཏན་དང་སྨོན་ལམ་དང་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་ཅན་དུ་གྱུར་པའི་ཕྱག་རྒྱ་ཆེན་པོ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཀྱི་དབང་ཕྱུག་དེ་ཉིད་ནི་ཕྱིའི་མཆོད་པའི་རང་བཞིན་རྡོ་རྗེ་བདུག་པ་
དང་མེ་ཏོག་དང་མར་མེ་དང་དྲིའི་ངོ་བོ་ཉིད་ཡིན་ཏེ། རྡོ་རྗེ་བདུག་པ་མ་ལ་སོགས་པ་རིམ་པ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་བཞིའི་ངོ་བོ་ཉིད་ཡིན་ནོ། །དེ་ཉིད་ཐེག་པ་ཆེན་པོ་ལ་སོགས་པ་ལ་ཡིད་ཆེས་པས་མ་དད་པ་ལས་ལྡོག་པས་དད་པའི་བདག་ཉིད་ཅན་དེ་ཐབས་ཆེན་པོའི་
ངོ་བོ་ཉིད་ཡིན་པས་རྡོ་རྗེ་ལྕགས་ཀྱུའོ། །ཐེག་པ་ཆེན་པོ་ལ་འཇུག་པ་ལས་ལྡོག་པའི་བརྩོན་འགྲུས་ཀྱི་བདག་ཉིད་ཅན་གྱི་སྤྱོད་པའི་ངོ་བོ་ཉིད་དུ་གྱུར་པས་ན་རྡོ་རྗེ་ཞགས་པའོ། །བརྗེད་ངས་པ་ལས་ལྡོག་ཅིང་དྲན་པའི་བདག་ཉིད་ཅན་དུ་གཅོད་པའི་དགོས་པ་ལས་ལྡོག་པའི་བདག་ཉིད་ཅན་ཡིན་པས་
ན་རྡོ་རྗེ་ལྕགས་སྒྲོག་གོ། །ཆོས་རྣམས་མི་ཤེས་པ་ལས་ལྡོག་པའི་ཏིང་ངེ་འཛིན་གྱི་བདག་ཉིད་ཅན་ཡིན་ཞིང་ཆོས་ཐམས་ཅད་མ་སྐྱེས་པར་སྟོན་པའི་ངོ་བོ་ཉིད་དུ་གྱུར་པས་ན་རྡོ་རྗེ་འབེབས་པའོ། །དེས་ན་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་གྱི་རྣལ་འབྱོར་ཆེན་པོ་དེ་ཉིད་ནི་དད་པ་དང་
བརྩོན་འགྲུས་དང་དྲན་པ་དང་ཏིང་ངེ་འཛིན་གྱི་ངོ་བོར་གྱུར་པས་ན་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའོ། །སའི་གོ་རིམས་ངེས་པ་གང་ཞེ་ན་ཚོགས་ཀྱི་ལམ་དུ་བྱང་ཆུབ་ཏུ་སེམས་སྐྱེད་པ་དང་གདམས་ངག་འབོགས་པའོ། །སྦྱོར་བའི་ལམ་དུ་དེ་ཁོ་ན་ཉིད་ལ་རྗེས་སུ་ཆགས་པ་སྐྱེད་པ་དང་རྗེས་སུ་ཆགས་
པའི་ཡིད་བདེ་བ་སྐྱེས་པའོ། །མཐོང་བའི་ལམ་དུ་ཆོས་ཀྱི་མཐོང་བ་རྒྱུན་མི་འཆད་པར་བྱ་བའི་ཕྱིར་དབང་བསྐུར་བའོ། །ས་གཉིས་པ་ལ་དབང་མི་འཕྲོགས་པར་བྱ་བའི་ཕྱིར་མི་འཇིགས་པ་སྐྱེད་པའོ། །ས་གསུམ་པ་ལ་བྱང་ཆུབ་སེམས་དཔའ་དེ་ལ་བདེ་བར་གཤེགས་པའི་ཐུགས་རྗེའི་དབང་
གིས། བྱམས་པའི་རྒྱལ་མཚན་བསྒྲེང་བའོ། །ས་བཞི་པ་ལ་བྱང་ཆུབ་སེམས་དཔའ་དེ་ལ་བདེ་བར་གཤེགས་པས་ཆོས་ཀྱི་འཁོར་ལོ་བསྐོར་རོ། །ལྔ་པ་ལ་ཆོས་ཀྱི་འཁོར་ལོ་དེ་ཉིད་ཏིང་ངེ་འཛིན་གྱི་སྟོབས་སོ། །དྲུག་པ་ལ་ནི་ཏིང་ངེ་འཛིན་དེ་ཉིད་རྫོགས་པར་བྱེད་པའི་ཡེ་ཤེས་སྐྱེད་དོ། །

བདུན་པ་ལ་བྱང་ཆུབ་སེམས་དཔའ་དེ་ཉིད་སེམས་ཅན་ལ་སྙིང་རྗེ་སྐྱེད་དོ། །བརྒྱད་པ་ལ་དེ་ཉིད་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་རོ། །དགུ་པ་ལ་ཟག་པ་མེད་པའི་མཆོད་པས་མཆོད་དོ། །བཅུ་པ་ལ་ཆོས་ཀྱི་རྒྱལ་མཚན་དུ་དབང་བསྐུར་རོ། །བཅུ་པའི་ཆོས་ཀྱི་ཡེ་ཤེས་ཆེན་པོས་བཅུ་གཅིག་པ་ལ་
བགེགས་ཉེ་བར་ཞི་བར་བྱེད་དོ། །རྨོངས་པ་དང་གནས་ངན་ལེན་པ་ལ་སོགས་པའི་བག་ལ་ཉལ་རྣམས་སྤོང་ངོ་། །བཅུ་གཉིས་པ་ལ་སྐུ་གསུང་ཐུགས་རྡོ་རྗེ་ལྟར་མི་ཤིགས་པ་སྟེ་རྫོགས་པའི་སངས་རྒྱས་སུ་མཐར་ཕྱིན་ཏོ། །དེ་ནས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་། མེ་ལོང་ལྟ་བུའི་
ཡེ་ཤེས་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། སོ་སོར་རྟོག་པའི་ཡེ་ཤེས་དང་། བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་དང་འདུས་མ་བྱས་པ་དང་དེ་རྣམས་ནི་གཟུང་འཛིན་དུ་མ་ཞེན་པར་བདེ་བ་ཉམས་སུ་མྱོང་ངོ་། །རྗེས་ལས་ཐོབ་པའི་སྐབས་སུ་ནི་
སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། སྨོན་ལམ་དང་། ཐབས་དང་། དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་ལ་སྤྱོད་དོ། །
གྲངས་ངེས་པ་ནི་འོག་ནས་ཤེས་པར་བྱའོ། །དེ་བས་ན་རྡོ་རྗེ་དབྱིངས་ཀྱི་ལྷ་རྣམས་ནི་ཀུན་རྫོབ་ཏུ་གོ་རིམས་ངེས་པའོ། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ལྷ་རྣམས་ཀྱི་རྣམ་པར་གཞག་པ་ལས་དོན་དམ་པའི་རྣལ་འབྱོར་བསྟན་པ་སྟེ་ལེའུ་དང་པོའོ།། །།དེ་ནས་ཡང་།
གཞན་ཡང་བརྗོད་པར་བྱ་བ་ནི། །རྩ་བའི་བཞིར་གྱུར་ལྷ་རྣམས་ཀྱི། །ཀུན་རྫོབ་དག་གི་ངེས་པ་ནི། །ཅུང་ཟད་བསྡུས་ཏེ་བདག་གིས་བྲི། །དེ་ལ་རེ་ཞིག་རྣམ་པར་སྣང་མཛད་ནི་ཞལ་བཞི་པར་ངེས་ཏེ། རྡོ་རྗེ་སེམས་མ་ལ་སོགས་པ་ནི་དམ་ཚིག་གི་ཕྱག་རྒྱར་ངེས་སོ། །མི་བསྐྱོད་པ་ལ་སོགས་པ་
ནི་རྟག་པ་ལ་ཞལ་གཅིག་པའོ། །རྡོ་རྗེ་སེམས་དཔའ་ནི་ཞལ་གཉིས་པ་དང་ལྡན་པའོ། །རྡོ་རྗེ་ལེགས་པ་ནི་ཞལ་རེ་རེ་དང་ལྡན་པའོ། །སྒེག་མོ་ལ་སོགས་པ་ནི་བུད་མེད་ཀྱི་ཆ་ལུགས་འཛིན་པའོ། །ལྕགས་ཀྱུ་ལ་སོགས་པ་ནི་ཁྲོ་བོའི་ཆ་ལུགས་འཛིན་པའོ། །དྲིས་པ་རྣམ་པར་སྣང་མཛད་

ནི་ཅིའི་ཕྱིར་ཞལ་བཞིར་ངེས་ཤེ་ན། དེ་ནི་རྡོ་རྗེ་སློབ་དཔོན་ལ་བསྙེན་བཀུར་བ་སྟེ་དེ་ཡང་བུམ་པ་ལས། བདེ་གཤེགས་སློབ་དཔོན་དགྱེས་པའི་ཕྱིར། །རྣམ་པར་སྣང་མཛད་ཕྱོགས་བཞིར་གཟིགས། །ཞེས་གསུངས་པའི་ཕྱིར་རོ། །རྡོ་རྗེ་སེམས་མ་ལ་སོགས་པ་ནི་དམ་
ཚིག་གི་ཕྱག་རྒྱར་རིག་པ་མ་ཡིན་ནོ་ཞེ་ན། དེ་ནི་གདུལ་བྱའི་ངོར་བསྟན་པ་སྟེ། དེ་ཡང་དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་ལས། མུ་སྟེགས་པ་ལ་ཕན་དོན་དུ། །སངས་རྒྱས་བཙུན་པོ་ཕྱག་རྒྱར་བཅས། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟ་ན་ནི་མི་བསྐྱོད་པ་ལ་སོགས་པ་རྣམ་པར་སྣང་མཛད་ལ་ཞལ་
གཟིགས་པར་མི་རིགས་སོ་ཞེ་ན་དེ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་དབང་དུ་བྱས་པ་སྟེ། དེ་ཁྲོ་བོའི་རྒྱུད་ལས། དཔེར་ན་ས་གཞི་ཆེན་པོ་ལས། །རྩི་ཤིང་ལ་སོགས་འབྱུང་བ་བཞིན། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལས། །ཡེ་ཤེས་གཞན་ཡང་འབྱུང་ཕྱིར་རོ། །ཞེས་གསུངས་སོ། །རྡོ་རྗེ་སེམས་
དཔའ་ལ་སོགས་པ་ནི་ཞལ་གཉིས་དང་ལྡན་པ་དང་། རྡོ་རྗེ་རྒྱལ་པོ་ལ་སོགས་པ་ནི་ཞལ་གཅིག་ཏུ་ངེས་པ་བརྗོད་དེ་དེ་ནི་གཙོ་བོའི་དབང་དུ་མཛད་པ་སྟེ་དེ་ཡང་འབྲུག་སྒྲ་རྒྱས་པའི་རྟག་པ་ལས། ཐུན་མོང་པ་ནི་མ་ཡིན་པའི། །སོ་སོ་དག་ལ་ཞལ་གཉིས་གཟིགས། །ཐུན་མོང་གཙོ་བོ་ཉིད་
གཅིག་སྟེ། །རྡོ་རྗེ་རྒྱལ་པོ་ལ་སོགས་པ། །ཞལ་གཅིག་ངེས་ཞེས་བསྟན་པའི་ཕྱིར་རོ། །སྒེག་མོ་ལ་སོགས་བུད་མེད་ཀྱི་ཆ་ལུགས་འཛིན་པ་ནི་མོས་པའི་དབང་དུ་བསྟན་པ་སྟེ་དེ་ཡང་རྣམ་པར་སྣང་མཛད་ཀྱི་རྒྱུད་ཆེན་པོ་ལས། སེམས་ཅན་མོས་པ་ཐ་དད་པས། །སངས་རྒྱས་སྐུ་ནི་ཅིར་
ཡང་བསྟན། །ཞེས་གསུངས་སོ། །དྲིས་པ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་ནི་ཁྲོ་བོའི་ཆ་ལུགས་སུ་འཛིན་པ་ཇི་ལྟ་བུ་ཞེ་ན་དེ་ནི་ཉོན་མོངས་པ་ལ་སོགས་པའི་བདུད་ཚར་གཅོད་པ་དང་། དངོས་གྲུབ་ལ་སོགས་པའི་མཚན་ཉིད་དང་ལྡན་པ་སྟེ་དེ་ལྡེམ་པོར་བསྟན་པ་སྟེ་དེ་ཡང་འཇམ་དཔལ་གྱི་རྒྱུད་ལས།
ཉོན་མོངས་བདུད་རྣམས་ཚར་གཅོད་པས། །མཆོག་གི་དངོས་གྲུབ་སྩོལ་བྱའི་ཕྱིར། །རྡོ་རྗེ་ལྕགས་ཀྱུ་ལ་སོགས་ནི། །ཁྲོ་བོའི་ཆ་ལུགས་ཁོ་ནར་ངེས། །ཞེས་གསུངས་ཏེ་དེ་བས་ན་རྒྱལ་བ་དེ་དག་ནི་བདེ་བར་གཤེགས་པའི་བཀའ་དག་ལས་སྨོས་པས་དེ་ལྟ་བུར་རྟོགས་ན་ཤིན་ཏུ་འང་

དམ་ཚིག་ཉམས་པའི་ཕྱིར་དམུས་ལོང་ལ་འོ་མའི་ཡོན་ཏན་བརྗོད་པ་ལྟ་བུ་སྟེ་ལན་བརྗོད་པར་འོས་པ་མ་ཡིན་གྱི། འོན་ཀྱང་སྙིང་རྗེའི་དབང་གིས་ཅུང་ཞིག་བརྗོད་པའོ། །དྲིས་པ་གོ་རིམས་ངེས་པ་གང་ཡིན་དེ་བརྗོད་དེ་གཟུང་བ་དང་འཛིན་པ་གཉིས་དང་བྲལ་བའི་ཡེ་ཤེས་ལས་དེ་ཉིད་གསལ་བའི་ངོ་
བོར་གནས་པ་དང་། བདག་དང་གཞན་གྱི་རྣམ་པར་མི་འབྱེད་པ་དང་། བདེན་པ་ཉམས་སུ་མྱོང་བ་དང་། འགྲོ་བའི་དོན་བྱེད་པའི་རྒྱུར་གྱུར་པ་དང་། དེ་ཉིད་ནི་ཀུན་རྫོབ་མཚན་མ་རྣམས་ལས་ལྡོག་པ་ནི་རིམ་གྱིས་ལྡོག་པའི་ཕྱིར་གཙོ་བོའི་ངེས་པ་འཁོར་རྣམས་དང་། རང་རང་གི་ངེས་པ་
དེ་དང་དེས་ནི་ཅི་རིགས་སུ་སྦྱར་རོ། །སྦྱིན་པ་ལ་སོགས་པ་དང་ཅི་རིགས་སུ་སྦྱར་ཏེ་གཞན་དག་ཏུ་རྒྱ་ཆེར་བསྟན་པས་འདིར་མངས་ཀྱིས་དོགས་ནས་མ་བྱས་སོ། །གྲངས་མེད་པ་ནི་ཕྱོགས་སྔ་མ་ལྟར་ན་མ་ཚང་བ་དང་མི་དགོས་པའི་ཕྱིར་དང་། ཕྱི་མ་ལྟར་ན་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་
ཤེས་བཞི་འབྱུང་བས་དེ་ཉིད་རེ་རེ་ཞིང་ཡང་ཡོན་ཏན་གྱི་ཆ་བཞི་བཞི་དང་ལྡན་པའི་ཕྱིར་དང་། སྒེག་མོ་ལ་སོགས་པ་ལ་ནི་ཕྱི་ནང་གི་མཆོད་པ་དང་དགུག་པ་དང་གཞུག་པ་ལ་སོགས་པ་དེས་ཆོག་པའི་ཕྱིར་ཏེ་དེ་བས་ན་རྡོ་རྗེ་དབྱིངས་ཀྱི་ལྷ་རྣམས་ནི་དོན་དམ་པར་གྲངས་དང་གོ་རིམས་
ངེས་པའོ། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་རྣམ་པར་གཞག་པ་ལས་ཀུན་རྫོབ་དང་དོན་དམ་གྱི་རྣལ་འབྱོར་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་རྣམ་པར་གཞག་པ་ཞེས་བྱ་བ་སློབ་དཔོན་མུ་ཏི་ཏ་ཀོ་ཥས་མཛད་པ་རྫོགས་སོ།། །།
རྒྱ་གར་གྱི་མཁན་པོ་པདྨ་ཀ་ར་བརྨ་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅། །རྒྱ་གར་སྐད་དུ། སཾ་ཀྵིཔྟ་མཎྜ་ལ་སཱུ་ཏྲཾ་ནཱ་མ། བོད་སྐད་དུ། དཀྱིལ་འཁོར་གྱི་ཐིག་གདབ་པ་མདོར་བསྡུས་པ། དཔལ་
རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དག་ཅིང་རང་བཞིན་དྲི་མེད་པ། །བདེ་བ་ཆེ་ལ་ཕྱག་འཚལ་ནས། །རྒྱུད་རྣམས་ཀུན་གྱི་སྤྱི་ཡི་ནི། །དཀྱིལ་འཁོར་ཐིག་གདབ་བཤད་པར་བྱ། །ས་གཞི་ཆ་སྙོམས་ཡིད་འོང་བ། །རྒྱར་ནི་དཀྱིལ་འཁོར་ཉིས་འགྱུར་ལ། །

དྲི་ཞིམ་ཆུ་ཡིས་ལེགས་བཏབ་ཅིང་། །སྔགས་ཀྱིས་དག་བྱས་རབ་མཛེས་པར། །ཕྱོགས་མཚམས་མཉམ་པར་ཤེས་བྱས་ནས། །ཐིག་སྐུད་དཀྱིལ་འཁོར་ཉིས་འགྱུར་ལ། །ཤིན་ཏུ་སར་ཞིང་གཤེར་བ་ཡིས། །མཁས་པས་དཀྱིལ་འཁོར་ཐིག་གདབ་པོ། །སློབ་
དཔོན་ཤར་བལྟ་སློབ་མ་ནི། །ནུབ་ཏུ་བལྟས་ཏེ་རབ་བརྐྱང་ལ། །རྡོ་རྗེ་ཁུ་ཚུར་སར་བཞག་པས། །ཚངས་པའི་ཐིག་ནི་རབ་ཏུ་གདབ། །ཐིག་དེ་དཀྱིལ་འཁོར་རྒྱ་དག་གི །ཆ་བཞིར་རྣམ་པར་བགོ་བར་བྱ། །མཐའ་གཉིས་དག་ནི་དོར་ནས་སུ། །དབུས་མ་གཉིས་ཀྱི་
ཚད་དུ་བྱ། །དབུས་སུ་མཉམ་པའི་ཤིང་བཞག་སྟེ། །བྱང་དང་ལྷོ་ནི་ས་རིས་བྱ། །དེའི་འོག་ནུབ་ཏུ་བལྟས་ནས་ནི། །དེ་བཞིན་ལྷོ་དང་ནུབ་ཏུ་བྱ། །བྱ་རོག་རྗེས་གཉིས་མཚམས་སུ་ནི། །ཚངས་ཐིག་གཉིས་པ་གདབ་བྱ་ཞིང་། །ཚངས་ཐིག་ཕྱེད་ཀྱི་ཚད་ཀྱིས་ནི། །ཟུར་བཞི་དག་ནི་
རབ་ཏུ་གཞལ། །བྱ་རོག་རྗེས་བཞིན་བྱས་ནས་ནི། །དེ་འོག་ཟུར་བཞིའི་ཐིག་གདབ་པོ། །བྱང་དང་ལྷོ་དང་ཤར་ནུབ་ཏུ། །བལྟས་ནས་དབང་པོ་ཆུ་བདག་དང་། །ནོར་བདག་གཤིན་རྗེའི་ཕྱོགས་སུ་ནི། །ཐིག་བཞི་བཏབ་པས་ངོས་བཞི་ཡིན། །ཤིན་ཏུ་མཉམ་པར་གཞལ་བྱས་
ནས། །བྱིན་ཟ་སྲིན་པོའི་ཕྱོགས་གནས་ལ། །མཚམས་ཀྱི་ཐིག་གཉིས་གདབ་པ་ཡིས། །དཀྱིལ་འཁོར་གྱི་ནི་ཐིག་བཞིར་འགྱུར། །དེ་འོག་སྔགས་པ་བློ་ལྡན་པས། །ངོས་བཞིའི་ཆ་ནི་དབྱེ་བྱ་སྟེ། །རེ་རེ་འང་ཆ་ཆེན་བཅུ་དྲུག་ཏུ། །སོ་སོར་རྣམ་པར་དབྱེ་བར་བྱ། །དེ་ནས་རབ་
མཉམ་ཡིད་འོང་ལ། །སོ་སོའི་ཆ་ནི་དབྱེ་བར་བྱ། །དང་པོ་དང་ནི་གཉིས་པ་དང་། །དེ་བཞིན་དུ་ནི་གསུམ་པ་སྟེ། །དེ་གསུམ་ཆ་ནི་བཞི་བཞིར་བྱ། །ལྔ་པ་དྲུག་བདུན་བརྒྱད་པ་ཡང་། །དེ་བཞིན་ལེགས་པར་བགོ་བྱ་ཞིང་། །བརྒྱད་པ་གཞན་ཡང་དེ་བཞིན་བའོ་། །ཕྱོགས་བཞིར་
མཉམ་པར་བགོས་ནས་ནི། །ཕྱི་ནས་ཐིག་ནི་གདབ་པར་བྱ། འདི་ལ་ཕྲེང་རེའམ་རེའུ་མིག་ནི། །ལྔ་བཅུ་རྩ་བརྒྱད་དག་ཏུ་འགྱུར། །ཚངས་པའི་ཐིག་གི་ངོས་གཉིས་ལས། །གསུམ་པ་དེ་བཞིན་ལྔ་པ་དང་། །བཅུ་བཞི་པ་དང་བཅུ་བདུན་པ། །དེ་བཞིན་ཉི་ཤུ་པ་དག་ཀྱང་། །ཆ་

ལྔར་ཕྱོགས་བཞིར་བགོས་ནས་ནི། །སྒོ་ཁྱུད་ལོགས་དང་ངོས་དང་ནི། །འགྲམ་དང་ཡ་ཕུབས་བཟང་འགྱུར་བ། །འདི་ནི་ཐིག་གདབ་རིམ་པ་སྟེ། །རྒྱུད་ཀྱི་རྒྱལ་པོ་མ་ལུས་ལས། །མདོར་བསྡུས་ནས་ནི་བསྟན་པ་ཡིན། །བློ་ལྡན་སྒོ་ནས་བརྩམས་ནས་ནི། །མཉམ་ཞིང་གསལ་བར་དབྱེ་
བྱ་སྟེ། །སྒོ་ནི་འཁོར་ལོའི་བརྒྱད་ཆ་རུ། །ཡ་ཕུབས་བཅས་པ་དབུས་སུ་དབྱེ། །སྒོ་ཁྱུད་ཕྱི་རོལ་ཁྱམས་བྱ་སྟེ། །ཞེང་དུ་ཆ་ཆུང་གཉིས་ཀྱི་ཚད། །ཇི་སྲིད་སྒོ་ཁྱུད་གཉིས་ཀྱི་བར། །ཁྱམས་ཀྱི་ཆར་ནི་རྣམ་པར་བརྐྱང་། །འགྲམ་རྒྱབ་རིན་ཆེན་ཕ་གུ་སྟེ། །ཆ་ཆུང་གཅིག་གི་ཚད་
དུ་བྱ། །ལོགས་ཀྱི་ཕྱི་རོལ་རྒྱར་ཆ་གཉིས། །དྲ་བ་དྲ་ཕྱེད་ཚད་དུ་བྱ། །ལོགས་ལས་རྒྱབ་ཀྱི་ཆ་གཞན་ནི། །ཆ་ཡིས་བསྟོད་པ་ཀ་བ་སྟེ། །ཆ་ལྔར་ཁྱམས་རྒྱབ་ཐིག་གནས་ཤིང་། །རྟ་བབས་ཀྱི་ནི་ནང་དུ་བྱ། །རྟ་བབས་ཡ་ཕུབས་དག་ལས་ནི། །ཆ་གཅིག་དོར་བའི་ཆ་ཆེན་ཚད། །
ཆུར་ནི་ཆ་ཆེན་བཞི་པ་སྟེ། །སྐས་ལ་སོགས་པ་ཇི་བཞིན་འགྱུར། །རྟ་བབས་ཆ་གཅིག་པདྨའི་གནས། །ཆོས་ཀྱི་འཁོར་ལོ་ཆ་གཉིས་པ། །ཆུ་དང་ཞིང་མཉམ་གདུགས་ཀྱི་ཚད། །ཆ་གཅིག་པ་ལ་ཡུ་བ་ཕྱེད། །འཁོར་ལོའི་ངོས་གཉིས་ཐད་ཀར་ནི། །རི་དྭགས་
གཉིས་ནི་མཉམ་གནས་པ། །རྟ་བབས་ལ་བརྟེན་འཁོར་ལོར་ཕྱོགས། །ཤིན་ཏུ་འཇར་མིན་རྒྱང་རིང་མིན། །རྡོ་རྗེ་རིན་ཆེན་ཡུ་བ་ཅན། །དེ་ཚད་རི་དྭགས་ཀྱི་རྒྱབ་ཏུ། །ཆ་ཆུང་གཅིག་དོར་ཐིག་ལ་བརྟེན། །རྡོ་རྗེ་རིན་ཆེན་ཡུ་བ་ཕྱེད། །བ་དན་དྲིལ་བུར་ལྡན་པ་ཡིས། །མཛེས་
པ་རྟ་བབས་ཡིན་པར་འདོད། །དོས་ནང་སོ་སོའི་མཚམས་སུ་ཡང་། །ལྷ་རྣམས་ཀྱི་ནི་སྣམ་བུར་འགྱུར། །ཆ་ཆེན་གྱི་ནི་ཚད་བྱ་བ། །གསུམ་དང་ལྔ་དང་གཅིག་ཏུ་འདོད། །འདི་ནི་རྒྱུད་རྣམས་ཐམས་ཅད་ཀྱི། །ཐིག་དབྱེ་བ་ནི་ལེགས་པ་ཡིན། །འདི་ནང་དབྱིབས་ནི་
གང་གང་ཡིན། །རྒྱུད་ཀྱི་དབྱེ་བས་རྣམ་ཕྱེ་བ། །དེ་ཀུན་གསལ་བར་ཤེས་བྱ་ཞིང་། །ལྷག་ཆད་མེད་པ་ཉིད་དུ་བྱ། །དེ་ཉིད་བསྡུས་པ་ཞེས་བྱ་བ། །རྩ་བའི་རྒྱུད་ཀྱི་བཤད་བྱ་སྟེ། །ལྷ་ཡི་སྣམ་བུའི་ཐིག་ལ་ནི། །འདབ་འབྱོར་འཁོར་ལ་རབ་ཏུ་མཛེས། །ཇི་ལྟར་རྒྱུད་ཀྱི་

རྗེས་མཐུན་པར། །དཀྱིལ་འཁོར་ལྔ་དང་ལྡན་ཞིང་གསལ། །སྔ་མའི་ཐིག་གི་བྱ་བ་ལ། །ཐིག་ནི་ལེགས་པར་གདབ་པར་བྱ། །དེ་ཉིད་དཀྱིལ་འཁོར་ལྔ་ཡི་ནི། །སྦྱོར་བས་ཡང་དག་བགོ་བྱ་ཞིང་། །ལྷ་ཡི་སྣམ་བུའི་ཐིག་ལ་ནི། །སྦྱར་ཏེ་དང་པོར་བགོ་བར་བྱ། །
དེ་ཡི་འོག་སྐོར་གཉིས་པ་ཡང་། །ཆ་བྲན་ནང་ནས་བསྐོར་བར་བྱ། །བསྐོར་བ་གཉིས་ཀྱི་བར་དག་ནི། །ཆ་ཆུང་ཉི་ཤུ་གཉིས་སུ་ངེས། །དེར་ནི་དཀྱིལ་འཁོར་ལྔ་པོ་ཡི། །གནས་ཀྱི་རྣམ་པར་ཤེས་བྱ་སྟེ། །ཚངས་པའི་ཐིག་ལས་ངོས་གཉིས་ཀྱི། །ཆ་བྲན་གསུམ་གསུམ་བསྐོར་བར་བྱ། །
དེའི་ནང་ཆ་ཆུང་ཕྱེད་ཀྱི་ནི། །ཚད་ཀྱིས་སླར་ཡང་བསྐོར་བྱ་ཞིང་། །དེ་གཉིས་བར་དུ་ཆ་ཆེན་པོ། །བཞི་ཆ་དང་བཅས་དབུས་དཀྱིལ་འཁོར། །ལྔ་པོ་པདྨ་ཟླ་བ་ཡིས། །ལྟེ་བའི་ཕྱོགས་བཞིར་བརྒྱན་པ་སྟེ། །སངས་རྒྱས་དཀྱིལ་འཁོར་ཉིད་ཡིན་ཕྱིར། །འཁོར་ལོའི་ཕྲེང་བ་ཡང་དག་
ལྡན། །དེ་མཚུངས་ཤར་གྱི་ཕྱོགས་ལ་ནི། །ཆ་ཆུང་ཕྱེད་དང་བཅས་དོར་བས། །ཚངས་པའི་ཐིག་ལས་དེ་བཞིན་བསྐོར། །ནང་དུ་ཆ་ཆུང་ཕྱེད་ལས་བསྐོར། །དེ་བཞིན་ཕྱོགས་བཞིའི་གནས་རྣམས་སུ། །མི་བསྐྱོད་ལ་སོགས་དཀྱིལ་འཁོར་ནི། །རྡོ་རྗེ་རིན་ཆེན་ཆུ་སྐྱེས་དང་། །སྣ་
ཚོགས་རྡོ་རྗེའི་ཕྲེང་བས་བརྒྱན། །རྡོ་རྗེ་ར་བས་རབ་མཛེས་པའི། །དཀྱིལ་འཁོར་ལྔ་རྣམས་བྱའོ་ཞེས། །སློབ་དཔོན་ལ་ལ་འཆད་པས་ན། །དེ་ཕྱིར་དེ་ཡི་གཞུང་མཆོག་ཡིན། །ཇི་ལྟར་བདག་པོ་དེ་བཞིན་དུ། །པདྨ་ཟླ་བས་བརྒྱན་པར་བྱ། །རེའུ་མིག་ལྔ་ཡི་བར་གང་ཡིན། །
དེ་ནི་ཆ་ཆུང་གཅིག་ཕྱེད་བཅས། །རེའུ་མིག་མཐའ་རུ་ཀ་བ་ཡི། །རྩེ་མོར་རྡོ་རྗེ་འདུས་པ་སྟེ། །དཀྱིལ་འཁོར་བརྒྱད་དུ་ཆ་ཆུང་ཕྱེད། །དོར་བར་རྡོ་རྗེའི་ཕྲེང་བ་བྱ། །མཚམས་སུ་རང་རང་གནས་ཚད་ཀྱི། །པདྨ་ཟླ་བས་བརྒྱན་པར་བྱ། །དེར་ནི་སྒེག་མོ་སོགས་བཞི་དགོད། །དེ་ཉིད་
བསྡུས་པའི་དབུས་དཀྱིལ་འཁོར། །བདུག་སོགས་ཕྱི་ཡི་ལྷ་མོ་བཞི། །ཕྱི་ཡི་མཚམས་སུ་བྲི་བྱ་ཞིང་། །བསྐལ་བཟང་སེམས་དཔའ་རྣམས་ཀྱང་དགོད། །སྒོ་རྣམས་སུ་ནི་སྒོ་སྲུང་བྲི། །ཕྱི་རོལ་རྡོ་རྗེ་ཕྲེང་གསལ་བ། །ཆ་ཆེན་གྱི་ནི་ཕྱེད་ཀྱི་ཚད། །འབར་བའི་ཕྲེང་བ་ཡང་དེའི་

ཚད། །ཕྱི་རོལ་ཤིང་ལ་སོགས་པས་བརྒྱན། །ནང་དུ་དེ་ཡི་ཕྱེད་ཕྱེད་དུ། །ཆ་རྣམས་བགོས་ཏེ་ཐིག་གདབ་ཅིང་། །ཕོ་བྲང་རིམ་པ་སྣ་ཚོགས་པར། །རང་གི་བློས་ནི་རྣམ་པར་བརྟག །རིན་ཆེན་བཟང་པོས་དཔའ་བོ་རྡོ་རྗེ་ལ། །དད་ཅིང་གུས་པས་མང་དུ་གསོལ་བས་ན། །བརྩེ་ཕྱིར་ཐིག་གི་
ཆོ་ག་གསལ་དབྱེ་བྱས། །ཉེས་གྱུར་དམ་པས་བདག་ལ་བཟོད་པར་མཛོད། །འདི་བྱས་བསོད་ནམས་དམ་པ་ནི། །བྱང་ཆུབ་ཚོགས་གྱུར་གང་ཐོབ་དེས། །འཇིག་རྟེན་མ་ལུས་འདི་དག་ནི། །རང་ཉིད་དཀྱིལ་འཁོར་བདག་གྱུར་ཅིག །དཀྱིལ་འཁོར་གྱི་ཐིག་གི་ཆོ་ག་མདོར་བསྡུས་
པ་སློབ་དཔོན་ཤྲདྡྷ་ཀ་ར་བར་མས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པྲ་ཏ་ཀ་ར་བར་མ་དང་ཞུ་ཆེན་གྱི་ལོ་ཙཱ་བ་རིན་ཆེན་བཟང་པོས་སྐད་གསར་ཆད་ཀྱིས་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། སཾ་ཀྵིཔྟ་མཎྜ་ལ་སཱུ་ཏྲ་ནཱ་མ་བྲྀཏྟི།
བོད་སྐད་དུ། དཀྱིལ་འཁོར་གྱི་ཐིག་གདབ་པའི་མདོར་བསྡུས་པའི་འགྲེལ་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དེ་ལ་དང་པོ་ཁོ་ནར་བཅོམ་ལྡན་འདས་ལ་ཕྱག་འཚལ་བ་སྔོན་དུ་འགྲོ་བས་བསྟན་བཅོས་རྩོམ་པ་ལ་འཇུག་པ་ཡིན་ཏེ། གང་གི་ཕྱིར་བསྟན་
བཅོས་བརྩམ་པ་ཐམས་ཅད་ལ་ཡང་དམ་པ་རྣམས་ནི་རང་གི་འདོད་པའི་ལྷ་ལ་ཕྱག་འཚལ་བ་དག་དང་པོ་ཁོ་ནར་ངེས་པར་བྱེད་དོ། །དེ་བས་ན་དག་ཅིང་ཞེས་བྱ་བ་ལ་སོགས་པ་རྣམས་སྨོས་པ་ཡིན་ཏེ། དེ་ལ་དག་པ་ནི་འདོད་ཆགས་ལ་སོགས་པའི་ཉེས་པ་རྣམས་དང་བྲལ་བའི་ཕྱིར་རོ། །
དེ་ཉིད་ནི་རང་བཞིན་ཞེས་བྱ་བ་ངོ་བོ་ཉིད་ཀྱི་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཡིན་པས་ན་རང་བཞིན་དྲི་མ་མེད་པ་ནི་བག་ཆགས་དང་བཅས་པའི་ཉོན་མོངས་པའི་དྲི་མ་དང་བྲལ་བའོ། །དེ་ཉིད་ནི་བདེ་བ་ཆེན་པོ་ཞེས་བྱ་སྟེ་བདེ་བ་ཞེས་བྱ་བ་ནི་ཐམས་ཅད་སྟོང་པའི་མཚན་ཉིད་ཅན་རང་བཞིན་གྱིས་འོད་
གསལ་བ་ཆོས་ཀྱི་དབྱིངས་མི་འགྱུར་བའི་ངོ་བོ་ཉིད་ཅེས་བྱ་བའི་དོན་ཏོ། །ཆེན་པོ་ཞེས་བྱ་བའི་སྒྲ་ནི་མཆོད་པར་བྱ་བའི་ཚིག་སྟེ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་མཆོད་པ་རྣམས་ཀྱིས་མཆོད་པར་བྱ་བ་ཡིན་པའི་ཕྱིར་རོ། །འདིས་སྐུ་གསུམ་གྱི་སྒོ་ནས་བསྟོད་ནས་ཕྱག་བྱ་བ་སྟེ།

རང་བཞིན་དྲི་མ་མེད་པ་ཞེས་བྱ་བ་ནི་ཆོས་ཀྱི་སྐུའོ། །བདེ་བ་ཆེན་པོ་ཞེས་པ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །དག་ཅིང་ཞེས་བྱ་བ་ནི་སྤྲུལ་པའི་སྐུའོ། །དེ་ལྟ་བུའི་བཅོམ་ལྡན་འདས་དེ་ལ་ལུས་དང་ངག་དང་ཡིད་ཀྱིས་ཕྱག་འཚལ་ཞིང་བཏུད་ནས་རྒྱུད་རྣམས་ཀུན་གྱི་སྟེ་དེ་ཁོ་
ན་ཉིད་