Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 56
Văn bản gốc(Tây Tạng)
Trang 15 / 20 (50.000 ký tự/trang)
བསྡུས་པ་ལ་སོགས་པའི་ཕྱིའི་ཞེས་བྱ་བ་ཐུན་མོང་དུ་གྱུར་པའི་དཀྱིལ་འཁོར་གྱི་ཐིག་གདབ་པ་ཞེས་བྱ་བ་དེ་བཞིན་གཤེགས་པའི་ཕོ་བྲང་གསལ་བར་བྱེད་པ་བཤད་པར་བྱ་ཞིང་བསྟན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ད་ནི་གནས་ཕུན་སུམ་ཚོགས་པ་བསྟན་པའི་ཕྱིར། ས་གཞི་ཆ་སྙོམས་ཡིད་འོང་བ། ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ས་ཡི་ཆ་ནི་གནས་ཏེ་ཤིན་ཏུ་ཡང་། །སྙོམས་ཤིང་ཕྱོགས་བཞིར་སྙོམས་པའོ། །དེ་ཉིད་ཀྱིས་ན་ཡིད་དུ་འོང་བ་སྟེ་ཉེ་འཁོར་ཤིང་དང་ཆུ་ལ་སོགས་པ་དང་ལྡན་པས་ཉམས་དགའ་བའོ། །གཞན་ཡང་། རྒྱར་ནི་དཀྱིལ་འཁོར་ཉིས་འགྱུར་ལ། །ཞེས་བྱ་སྟེ་ དཀྱིལ་འཁོར་གྲུ་བཞི་ལ་སོགས་པར་བྱེད་ན་དཀྱིལ་འཁོར་གྱི་གནས་རྒྱར་ཁྲུ་བརྒྱད་ལ་སོགས་པར་བྱའོ། །གཞན་ཡང་། དྲི་ཞིམ་ཆུ་ཡིས་ལེགས་བཏབ་ཅིང་། །ཞེས་བྱ་བ་ནི་ག་པུར་དང་ཙནྡན་ལ་སོགས་པ་ཤིན་ཏུ་དྲི་ཞིམ་པའི་ཆུས་བྱུགས་པའོ། །སྔགས་ཀྱིས་དག་བྱས་ཞེས་པ་ནི་ དཀྱིལ་འཁོར་སྒྲུབ་པའི་ཐབས་ཀྱི་ཚོགས་ས་ཡོངས་སུ་གཟུང་བ་ལ་སོགས་པའི་སྔགས་རྣམས་སྔོན་དུ་བཟླས་པས་དག་ཅིང་བསང་བར་བྱའོ། །རབ་མཛེས་པར་ཞེས་བྱ་བ་ནི་ལེགས་པའི་ཁྱད་པར་དག་དང་ལྡན་པའོ། །དེ་ལྟ་བུའི་ཡོན་ཏན་དང་ལྡན་པའི་གནས་སུ་ཅི་ཞིག་བྱ་ཞེ་ན། ཕྱོགས་ མདུན་མཉམ་པར་ཤེས་བྱས་ལ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་དབང་པོ་དང་གཤིན་རྗེ་དང་ཆུ་བདག་དང་ནོར་བདག་གི་ཕྱོགས་ཏེ། །ཕྱོགས་བཞི་དང་མེ་དང་བདེན་བྲལ་དང་རླུང་དང་དབང་ལྡན་གྱི་ཕྱོགས་ཏེ་མཚམས་རྣམ་པ་བཞིར་ཕྱོགས་དང་མཚམས་མཉམ་ཞིང་མཚུངས་པར་ཤེས་ པར་བྱས་ལ་ཐིག་གདབ་པར་བྱའོ། །མཚན་ཉིད་ཇི་ལྟ་བུ་དང་ལྡན་པའི་ཐིག་གིས་ཞེ་ན་ཐིག་སྐུད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གིས་ཐིག་གདབ་ཅེ་ན་ཐིག་གིས་སོ། །དེའི་མཚན་ཉིད་ཇི་ལྟ་བུ་ཞེ་ན་དཀྱིལ་འཁོར་ཉིས་འགྱུར་ལ་ཞེས་བྱ་བ་སྨོས་ཏེ་ཆུར་དཀྱིལ་འཁོར་ཉིས་འགྱུར་གྱི་ཚད་དོ། ། དེ་བཞིན་དུ། ཤིན་ཏུ་གསར་ཞིང་གཤེར་བའི་ས། །ཞེས་བྱ་བ་སྟེ་དཀྱིལ་འཁོར་གཞན་དུ་ཡོངས་སུ་ལོངས་མ་སྤྱད་པས་ན་ཤིན་ཏུ་གསར་པའོ། །ལས་ཐམས་ཅད་པའི་སྔགས་ཀྱིས་བཏབ་པའི་ཆུས་བརླན་པས་ན་གཤེར་བའོ། །མཁས་པ་ནི་ཐིག་གདབ་པའི་ཆོ་ག་ཤེས་པ་སྟེ་དེས་ ཇི་ལྟ་བ་བཞིན་དུ་མ་ནོར་བར་དཀྱིལ་འཁོར་གྱི་ཐིག་གདབ་པར་བྱའོ། །དེས་ནི་འདི་སྐད་དུ་སྟོན་པར་འགྱུར་ཏེ། གྲུ་བཞི་པ་ལ་སོགས་པའི་དཀྱིལ་འཁོར་ལ་དེའི་ཉིས་འགྱུར་ཏེ་ཆུར་ཁྲུ་བརྒྱད་པར་བྱ་བའོ། །དེ་བཞིན་དུ་ཁྲུ་བརྒྱད་པ་ལ་སོགས་པའི་དཀྱིལ་འཁོར་བྱེད་ན་ཁྲུ་བཅུ་ དྲུག་པར་བྱ་ཞིང་སྦོམས་སུ་སྒོའི་ཉི་ཤུ་ཆ་དང་མཉམ་པ་འཇམ་ཞིང་མདུད་པ་མེད་པ་ལ་ལེགས་པར་བསྒྲིལ་བའི་སྲད་བུས་ཐིག་གདབ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ད་ནི་ཚངས་པའི་ཐིག་གཉིས་པ་ནས་བརྩམས་ཏེ་ཐིག་གདབ་པའི་ཆོ་ག་བསྟན་པའི་ཕྱིར། སློབ་དཔོན་ཤར་བལྟ་ ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་སྔར་བཤད་པའི་གནས་དེར། སློབ་དཔོན་བླ་མ་ཤར་དུ་བལྟ། །ཞེས་པ་ཤར་ཕྱོགས་སུ་མངོན་པར་ཕྱོགས་པར་བྱས་ལ་སློབ་མ་སྟེ། སྒྲུབ་པའི་གྲོགས་ནི་ནུབ་བལྟས་ཏེ། །ཞེས་བྱ་བ་ནུབ་ཕྱོགས་སུ་མངོན་པར་ཕྱོགས་པ་སྟེ་གཉིས་ཀ་ཡང་ མཐུན་པའི་རྐང་སྟབས་ཀྱིས་གནས་པར་བྱས་ལ། སྲད་བུ་རབ་ཏུ་བརྐྱང་ལ་རྡོ་རྗེ་ཁུ་ཚུར་གྱིས་བཟུང་ནས་སྲད་བུ་བརྐྱང་ཞིང་བསྲིངས་ལ་དབང་ལྡན་དང་མེའི་མཚམས་གཉིས་ཀྱི་དབུས་ན་མཚན་མ་ཡོད་པར་སློབ་མའི་ཁུ་ཚུར་གྱིས་བཟུང་བ་དང་། སློབ་དཔོན་གྱིས་བདེན་བྲལ་དང་རླུང་གི་ ཕྱོགས་གཉིས་ཀྱི་དབུས་ན་མཚན་མ་ཡོད་པར་བཟུང་ནས། རྡོ་རྗེ་ཁུ་ཚུར་སར་བཞག་པས། །ཞེས་བྱ་བ་དཀྱིལ་འཁོར་གྱི་སར་བཞག་ནས་ཚངས་པའི་ཐིག་དང་པོ་དེ་རབ་ཏུ་གདབ་པར་བྱའོ། །ཚངས་པའི་ཐིག་གཉིས་པ་དེའི་དབང་དུ་བྱས་ནས། ཐིག་དེ་དཀྱིལ་འཁོར་བརྒྱད་དག་གིས། །ཞེས་བྱ་བ་ སྨོས་ཏེ་སྔར་བཏབ་པའི་ཚངས་པའི་ཐིག་དེ་དཀྱིལ་འཁོར་བརྒྱ་དག་གིས་ཞེས་བྱ་བ་དཀྱིལ་འཁོར་ཇི་ཙམ་བྱ་བར་མངོན་པར་འདོད་པའི་ཚད་ཀྱིའོ། །ཡང་ན། ཆ་བཞི་མཉམ་པར་བགོ་བྱས་ལ། །ཞེས་བྱ་བ་ནི་སྔ་མ་དེ་དུམ་བུ་མཉམ་པོ་བཞིར་བགོ་བར་བྱའོ། །དེ་ལྟར་བགོས་ནས་ཆ་བཞི་ གསལ་བར་བགོས་པ་དེ་དག་གི་མཐའ་གཉིས་དག་ནི་ཞེས་བྱ་བ་ཤར་དང་ནུབ་ཀྱི་ཆ་གཉིས་པོ་དག་ནི་དོར་ནས་སུ་ཞེས་བྱ་བ་མི་དགོས་པས་བོར་ནས་སུ། དབུས་མ་གཉིས་ཀྱི་ཚད་དུ་བྱ། །ཞེས་བྱ་བ་སྨོས་ཏེ་གང་ལྟེ་བ་དང་འབྱར་བའི་དབུས་མ་གཉིས་པོ་དེའི་ཚད་དུ་བྱས་ལ་ཚད་དེ་ དང་མཉམ་པའི་ཤིང་འཇམ་ཞིང་དྲང་བ་བྱས་ལ་ཚངས་པའི་ཐིག་གཉིས་པའི་མཚམས་འོག་ནས་བཤད་པའི་རིམ་པས་བྱའོ། །དབུས་སུ་མཉམ་པ་ཞེས་བྱ་བ་ལ་སོགས་པ་ལ་ཇི་སྙེད་པའི་ཤིང་ཡོན་པོ་མ་ཡིན་པ་ལས་ཆུར་དཀྱིལ་འཁོར་གྱི་ཕྱེད་ཀྱི་ཚད་ལ། ཞེང་དུ་ཆ་ཆུང་དང་མཉམ་པར་ལེགས་པར་ བཞོགས་ཤིང་བྱས་ནས་སྔར་བཤད་པའི་དབུས་མའི་ཆ་གཉིས་སུ་མི་འགྱུར་བར་བཞག་ལ་ནུབ་ནས་ཤར་ཕྱོགས་སུ་བལྟས་ཏེ། ཤིང་དེ་ལག་པ་གཡོན་པས་མི་འགྱུར་བར་བཟུང་ལ་ལག་པ་གཡས་པས་སྔ་མ་བཞིན་དུ་བཟུང་ནས་ལག་པ་གཡོན་པ་མི་འགུལ་བར་བྱས་ཏེ། རྣམ་ཐོས་སྲས་ཀྱི་ཕྱོགས་ སུ་ལག་པ་གཡས་ཀྱིས་གཟུང་བའི་ཤིང་གི་རྩེ་མོ་དྲུད་པས་ས་ལ་རི་མོ་བྱའོ། །དེ་བཞིན་དུ་མི་འགུལ་བར་གཟུང་སྟེ་ལྷོ་ཕྱོགས་ཏེ་གཤིན་རྗེའི་ཕྱོགས་སུ་ས་རིས་བྱའོ། །དེ་ལྟར་བྱས་ནས་ལངས་ལ་དེ་བཞིན་དུ་ཡང་ནུབ་ཏུ་བལྟས་ཏེ་སྔ་མ་བཞིན་དུ་ཤིང་དབུས་སུ་བཞག་ལ་ལག་པ་གཡོན་པས་དམ་ དུ་བཟུང་སྟེ་ལག་པ་གཡས་པས་བཟུང་བའི་ཤིང་གི་རྩེ་མོས་དང་པོར་ལྷོ་ཕྱོགས་དང་བྱང་ཕྱོགས་ནས་སྔ་མ་བཞིན་དུ་ས་རིས་བྱ་ཞིང་དབུས་སུ་གཉིས་ཕྲད་པར་དྲུད་ལ་ས་རིས་གཉིས་བྱའོ། །དེ་ལྟར་བྱས་པས་ཅིར་འགྱུར་ཞེ་ན་དེས་ན་ལྷོ་ཕྱོགས་དང་བྱང་ཕྱོགས་སུ་བྱ་རོག་རྗེས་གཉིས་སུ་འགྱུར་རོ། ། བྱ་རོག་རྗེས་གཉིས་མཚམས་སུ་ནི། །ཞེས་བྱ་བ་ནི་བྱང་ཕྱོགས་དང་ལྷོ་ཕྱོགས་སུ་བྱ་རོག་རྗེས་གཉིས་བྱས་པའི་མཚམས་ཏེ་ས་རིས་གཉིས་དྲུད་པའི་གནས་སུ། ཚངས་ཐིག་གཉིས་པ་གདབ་བྱ་ཞིང་། །ཞེས་བྱ་བ་བྱང་ནས་ལྷོར་བརྐྱང་བའི་ཚངས་པའི་ཐིག་གཉིས་པ་སྔ་མ་བཞིན་དུ་གདབ་ པར་བྱའོ། །དེ་ལྟར་ཚངས་པའི་ཐིག་གཉིས་པ་བཏབ་ནས་ཟུར་བཞིར་ཆ་སྙོམས་པའི་ཆོ་ག་བསྟན་པར་བྱ་བའི་ཕྱིར། ཚངས་ཕྱེད་ཀྱི་ཞེས་བྱ་བ་སྨོས་ཏེ། ཚངས་ཐིག་ཕྱེད་ཀྱི་ཚད་ཀྱིས་ནི། །ཞེས་བྱ་བ་དཀྱིལ་འཁོར་གྱི་ཕྱེད་ཀྱི་ཚད་ཀྱི་ཤིང་བུས་ཚངས་པའི་ཐིག་གི་མཚམས་སུ་གཞལ་ཞིང་ བཞག་ནས་བྱ་རོག་གི་རྗེས་བཞི་བྱས་ནས་ཟུར་བཞི་ཞེས་བྱ་བ་དབང་པོའི་ཕྱོགས་ལ་སོགས་པས་ཕྱོགས་བཞིའི་ཆའི་ཚད་གཞལ་བར་བྱ་ཞིང་མཉམ་པར་བྱའོ། །དེའི་འོག་ཟུར་བཞི་ཞེས་བྱ་བ་ལ་སོགས་པ་ལ་དེ་ལྟར་བྱས་ནས་དེའི་འོག་ཏུ་ཡང་ཟུར་བཞི་སྟེ། ཕྱོགས་བཞི་ཆར་གྱི་ཐིག་གདབ་པོ། །ཞེས་བྱ་བ་ བྱ་རོག་རྗེས་བཞིའི་མཚམས་སུ་ཐིག་གདབ་པར་བྱའོ། །དེའི་རིམ་པ་གང་གིས་ཤེ་ན་བྱང་དང་ལྷོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དང་པོར་སློབ་དཔོན་མེའི་ཕྱོགས་སུ་གནས་ལ་བྱང་ཕྱོགས་སུ་བལྟས་ཏེ་དབང་པོ་སྟེ་ཤར་ཕྱོགས་སུ་ཐིག་གདབ་པར་བྱའོ། །དེ་ནས་རླུང་གི་ཕྱོགས་སུ་གནས་ལ་ལྷོ་ཕྱོགས་ སུ་བལྟས་ཏེ་ཆུ་བདག་དང་ཞེས་པ་སྟེ་ནུབ་ཏུ་ཐིག་གདབ་པར་བྱའོ། །དེ་ཉིད་དུ་གནས་ལ་ཤར་ཕྱོགས་སུ་བལྟས་ཏེ་ནོར་བདག་ཅེས་བྱ་བ་བྱང་ཕྱོགས་སུ་ཐིག་གདབ་པར་བྱའོ། །དེ་ནས་ཡང་མེའི་ཕྱོགས་སུ་གནས་ལ་ནུབ་ཏུ་བལྟས་ཏེ་གཤིན་རྗེའི་ཕྱོགས་སུ་ནི་ཞེས་བྱ་བ་ལྷོ་ཕྱོགས་སུ་ཐིག་གདབ་ པར་བྱའོ། །དེ་ལྟར་ངོས་བཞིའི་ཐིག་བཞི་བཏབ་ནས་ཡང་ངོས་རེ་རེ་ཞིང་གཞལ་བར་བྱས་ལ། གཞལ་ནས་གལ་ཏེ་ཤིན་ཏུ་མཉམ་པར་གྱུར་ཅིང་ཆ་སྙོམས་པར་གྱུར་ན་དེའི་འོག་ཏུ་མཚམས་ཀྱི་ཐིག་གཉིས་གདབ་པར་བྱའོ། །དེ་ཡང་ཇི་ལྟར་གདབ་ཅེ་ན། བྱིན་ཟ་ཞེས་བྱ་བ་ལ་སོགས་པ་ སྨོས་ཏེ། དང་པོར་སློབ་དཔོན་བྱིན་ཟ་སྟེ་མེའི་ཕྱོགས་སུ་གནས་ལ་མཚམས་ཀྱི་ཐིག་གདབ་པར་བྱས་ལ། དེའི་འོག་ཏུ་སྲིན་པོ་སྟེ་བདེན་བྲལ་གྱི་ཕྱོགས་སུ་གནས་ལ་མཚམས་ཀྱི་ཐིག་གཉིས་པ་གདབ་པར་བྱའོ། །ཐམས་ཅད་དུ་ཡང་སྲད་བུ་འཛིན་པ་ནི་སློབ་དཔོན་ལ་བལྟ་བར་བྱས་ལ་སློབ་ དཔོན་དང་སྲད་བུ་འཛིན་པ་གཉིས་ཀ་ཡང་གཡས་ནས་བསྐོར་བར་བྱའོ། །དེ་ལྟར་བྱས་པས་ནི་ཟུར་བཞི་པ་དང་ཐིག་བཞི་པའི་དཀྱིལ་འཁོར་དུ་འགྱུར་ཏེ་འདིས་ནི་ཚད་ཅི་ཙམ་དུ་འདོད་པའི་དཀྱིལ་འཁོར་གྱི་གནས་གྲུབ་པར་བཤད་པ་ཡིན་ནོ། །ད་ནི་ངོས་ཀྱི་ཆ་ཆེན་པོ་རྣམ་པར་དབྱེ་བ་བསྟན་ པའི་ཕྱིར་དེ་འོག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ་དེ་ལྟར་བྱས་པ་དེའི་འོག་ཏུ་སྟེ་རྗེས་ཐོགས་ལའོ། །སྔགས་པ་ཞེས་བྱ་བ་ལ། རྡོ་རྗེ་སློབ་དཔོན་བློ་ལྡན་པས། །ཞེས་བྱ་བ་ཤེས་རབ་ཕུན་སུམ་ཚོགས་པས། ངོས་བཞིའི་ཆ་ནི་དབྱེ་བྱ་སྟེ། །ཞེས་བྱ་བ་ངོས་བཞི་པའི་ཆ་སོ་སོར་ དབྱེ་བར་བྱའོ། །རེ་རེ་ཡང་ཞེས་བྱ་བ་ལ་སོགས་པ་ལ་རེ་རེ་འམ་སོ་སོར་ངོས་ཀྱི་ཐིག་གདབ་པ་ལ་ཆ་ཆེན་བཅུ་དྲུག་ཏུ་ཞེས་བྱ་བ་སྟེ། །ཡང་ཆ་ཆེན་པོ་བཅུ་དྲུག་བཅུ་དྲུག་ཏུ་རྣམ་པར་ཕྱེ་ལ་མཚན་མ་གདབ་པར་བྱའོ། །དེ་ནས་རབ་མཉམ་ཞེས་བྱ་བ་ནི་ཤིན་ཏུ་ལེགས་པར་ བཅལ་ཏེ་མཉམ་པར་བྱས་པའི་ཕྱིར་རོ། །ཡིད་འོང་ལ་ནི་མཛེས་ཤིང་གསལ་བའོ། །སོ་སོའི་ཆ་ནི་དབྱེ་བར་བྱ། །ཞེས་བྱ་བ་ནི་ཆ་ཆེན་པོ་རེ་རེ་ཞིང་ཆ་ཆུང་ངུ་བཞི་བཞིར་དབྱེ་བར་བྱའོ། །དེ་ཇི་ལྟར་དབྱེ་ཞེ་ན་དང་པོ་དང་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་ཚངས་པའི་ཐིག་དབུས་མའི་རྒྱབ་ཀྱི་ཆ་ཆེན་ པོ་ནས་བགྲངས་ཏེ་ཕྱོགས་ཀུན་དུ་བྱའོ། །དེ་ཡང་དང་པོ་སྟེ་གཅིག་ནས་བརྩམས་ཏེ་གཉིས་པ་དང་གསུམ་པ་དང་བཞི་པ་བཀོལ་ལ། དེ་བཞིན་དུ་ལྔ་པ་དང་དྲུག་པ་དང་བདུན་པ་དང་བརྒྱད་པ་སྟེ་ངོས་ཀྱི་ཟུར་ན་གནས་པའི་ཆ་ཆེན་པོའི་བར་དུ་བཞི་བཞི་སྟེ་ཆ་ཆུང་ངུ་བཞི་བཞིར་ལེགས་པར་བགོ་བར་བྱ་ ཞིང་དབྱེ་བར་བྱའོ། །དེ་ལྟར་ཚངས་པའི་ཐིག་གི་ངོས་གཅིག་བགོས་ནས་ཚངས་པའི་ཐིག་གི་ངོས་གཉིས་པ་ཡང་དེ་དང་ཚུལ་མཐུན་པའི་ཕྱིར། བརྒྱད་པ་གཞན་ཡང་དེ་བཞིན་བགོ། །ཞེས་བྱ་བ་སྨོས་ཏེ། ཚངས་པའི་ཐིག་གི་ངོས་གཉིས་པའི་བརྒྱད་པོ་ཡང་གོང་མ་དང་ཚུལ་མཐུན་པར་དབྱེའོ་ ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཕྱོགས་བཞིར་མཉམ་ཞིང་མཚུངས་པར་རྣམ་པར་བསྒོ་བར་བྱས་ནས་དེའི་འོག་སྟེ་ཕྱིས་ལེགས་པར་ཐིག་གདབ་པར་བྱའོ། །དེ་ལྟར་ཐིག་བཏབ་པས་རེའུ་མིག་ཏུ་འགྱུར་ཞེ་ན་དེ་བསྟན་པའི་ཕྱིར། འདི་ལ་ཕྲེང་རེའམ་རེའུ་མིག་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་འདི་ ལ་ཞེས་བྱ་བ་ནི་མངོན་སུམ་དུ་གྱུར་པའོ། །ཕྲེང་རེའམ་རེའུ་མིག་ནི། ལྔ་བཅུ་རྩ་བརྒྱད་དག་ཏུ་འགྱུར། །ཞེས་བྱ་བ་ཐིག་གདབ་པ་ཕྲེང་རེ་ཞིང་ལྔ་བཅུ་རྩ་བརྒྱད་དག་ཏུ་འགྱུར་ཏེ། སྤྱིར་ནི་རེའུ་མིག་ལྔ་སྟོང་བཞི་བརྒྱ་ཡོད་པར་ཤེས་པར་བྱའོ། །ཚོན་སྣ་ལྔའི་རི་མོའི་གནས་ཀྱི་ཐིག་གདབ་པ་བསྟན་ པའི་ཕྱིར་ཚངས་པའི་ཐིག་གི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དང་པོ་ཚངས་པའི་ཐིག་ནས་བརྩམས་ཏེ་ངོས་གཉིས་ལ་སྟེ། ཕན་ཚུན་གྱི་ལོགས་ཀྱི་ཆ་ཆུང་ངུ་བགྲངས་པའི་གསུམ་པ་དང་དེ་བཞིན་དུ་ལྔ་པ་དང་། དེ་བཞིན་དུ་བཅུ་བཞི་པ་དང་། དེ་བཞིན་དུ་བཅུ་བདུན་པ་དང་། དེ་བཞིན་ཉི་ ཤུ་པ་དང་། ཆ་ལྔ་ལྔར་ཕྱོགས་བཞིར་རི་མོ་ལྔའི་དོན་དུ་ཆ་ལྔར་ཕྱེ་སྟེ་ཐིག་གདབ་པར་བྱའོ། །ཐིག་བཏབ་པ་དེས་ཅིར་འགྱུར་ཞེ་ན་སྒོ་ཁྱུད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ་གསུམ་པ་ནི་སྒོ་ཁྱུད་དུ་འགྱུར། དེ་བཞིན་ལྔ་པས་ལོགས་སུ་འགྱུར་རོ། །བཅུ་བཞི་པ་ནི་ངོས་སུ་འགྱུར་རོ། །བཅུ་བདུན་ པ་ནི་འགྲམ་དུ་འགྱུར་རོ། །ཉི་ཤུ་པ་ནི་ཡ་ཕུབས་བཟང་པོ་སྟེ་སྒོའི་སྟེང་གི་ཆར་འགྱུར་རོ། །ཐིག་གི་རིམ་པ་སྔར་བསྟན་པ་འདི་ནི་དེ་ཁོ་ན་ཉིད་བསྡུས་པ་ལ་སོགས་པ་རྒྱུད་ཀྱི་རྒྱལ་པོ་མ་ལུས་པ་ཐམས་ཅད་ལ་ཡང་ཐུན་མོང་དུ་གྱུར་པ་ཡིན་ཏེ། དེ་ལྟ་བུའི་ཐིག་གདབ་པ་མདོར་བསྡུས་ཤིང་ཉུང་ ངུར་བྱས་ཤིང་བསྟན་ཅིང་བཤད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བཏབ་ཟིན་ནས་ཅི་བྱ་ཞེ་ན། དེའི་འོག་ཏུ་ཇི་ལྟ་བ་བཞིན་དུ་དབྱི་དགོས་པ་སྟེ་དེའི་ཐབས་བསྟན་པའི་ཕྱིར། བློ་ལྡན་བློ་ནས་བརྩམས་ནས་དབྱི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་བློ་ལྡན་ནི་ཤེས་རབ་ཆེ་བའི་སློབ་དཔོན་ཏེ་དེས་ དང་པོ་སྒོ་ནས་བརྩིས་ཏེ་དབྱེ་ཞིང་མི་མངོན་པར་བྱའོ། །ཇི་ལྟར་དབྱེ་ཞེ་ན། ཤིན་ཏུ་མཉམ་ཞིང་གསལ་བར་དབྱེ། །ཞེས་བྱ་བ་སྨོས་ཏེ་སྒོ་ལ་སོགས་པ་ལྷ་ཐམས་ཅད་ཀྱི་གནས་རྣམས་མཉམ་ཞིང་གསལ་བར་དབྱེ་བར་བྱའོ། །ཤིན་ཏུ་མཉམ་ཞིང་ཞེས་བྱ་བ་རང་རང་གི་ཚད་དང་མཉམ་ པ་དང་། དེ་བཞིན་གསལ་བ་སྟེ་བྱེ་བྲག་ཕྱེད་ཅིང་མངོན་པར་དབྱེའོ། །སྒོའི་ཚད་ཅི་ཙམ་དུ་ཞེ་ན། སྒོ་ནི་འཁོར་ལོའི་བརྒྱད་ཆར་རོ། །ཞེས་བྱ་བ་སྨོས་ཏེ་འཁོར་ལོའི་ཞེས་བྱ་བ་ནི་འདིར་ངོས་ཀྱི་རི་མོ་ལྔའི་ཐིག་གི་ནང་གི་ཆ་ཆེན་པོ་བརྒྱད་ཀྱི་ཚད་ཀུན་ནས་མཉམ་པར་གནས་པ་ལ་བྱ་སྟེ། དེའི་དབུས་ སུ་ཚངས་པའི་ཐིག་གིས་བརྒྱན་པ་བརྒྱད་ཆར་གནས་པ་ལས་དེ་ཆ་ཆེན་པོ་གཅིག་གི་ཚད་དུ་སྒོ་དབྱེ་བར་བྱའོ། །ཡ་ཕུབས་བཅས་པར་ཞེས་བྱ་བ་ནི་སྟེང་གི་ཡ་ཕུབས་དང་ངོས་ཀྱི་འགྲམ་དང་བཅས་པར་དབུས་སུ་མཉམ་ཞིང་གསལ་བར་དབྱེའོ། །སྒོ་ཁྱུད་ཅེས་བྱ་བ་ལ་སོགས་པ་ལ། སྒོ་ཁྱུད་ ནི་ཁྱམས་སུ་བྱ་བ་སྟེ་དེ་ཡང་ཞེང་དུ་སྟེ་རྒྱར་ཆ་བཅུ་གཉིས་ཀྱི་ཚད་དང་མཉམ་པར་དབྱེ་ཞིང་། དེའི་ཆུར་ནི། ཇི་སྲིད་སྒོ་ཁྱུད་གཉིས་ཀྱི་བར། །ཁྱམས་ཀྱི་ཆར་ནི་རྣམ་པར་བརྐྱང་། །ཞེས་བྱ་བ་སྨོས་ཏེ་སྒོ་གཉིས་པའི་སྒོ་ཁྱུད་ཀྱི་བར་མཐར་ཐུག་གི་བར་དུ་ཕྱོགས་བཞི་ཀུན་ནས་ལེགས་ པར་བསྐོར་བའི་ཁྱམས་སུ་བྱ་སྟེ་རྣམ་པར་བརྐྱང་ཞེས་བྱ་བའི་དོན་ཏོ། །སྒོ་ཁྱུད་ཀྱི་ཕྱི་རོལ་ནས་བརྩམས་ཏེ་ཁྱམས་ཀྱིས་བརྒྱན་པར་བྱའོ། །འགྲམ་ཞེས་བྱ་བ་ལ་སོགས་པ་ལ། རིན་པོ་ཆེའི་ཕ་གུ་ནི་ནོར་བུ་ཕྲེང་བ་སྟེ་དེ་ཡང་སྒོ་འགྲམ་གྱི་རྒྱབ་ཞེང་དུ་ཆ་ཆུང་ གཅིག་ཡོད་པར་འགྲམ་གྱི་ཆ་ཉིད་དང་འབྲེལ་བར་བྲི་བར་བྱའོ། །དྲ་བ་དང་དྲ་བ་ཕྱེད་པའི་གནས་བསྟན་པ་ནི་ལོགས་ཀྱི་ཕྱི་རོལ་ཞེས་བྱ་བ་ནི་སྒོ་ལོགས་ཀྱི་ཕྱི་རོལ་ཞེང་དུ་ཆ་ཆུང་གཉིས་སུ་བྱའོ། །ཀ་བ་བྱ་བའི་དོན་དུ་ལོགས་ལས་རྒྱབ་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལོགས་ཀྱི་ རྒྱབ་ཀྱི་ཆ་གཞན་པ་སྟེ་གཉིས་པ་སྔ་མ་ལས་ཆ་གཅིག་གིས་བསྟོད་པ་སྟེ་ཆ་ཆུང་ལྔར་གནས་ཤིང་ཁྱམས་ཀྱི་རྒྱབ་ལ་འོག་ལྟོ་བརྟན་ཅིང་གནས་ལ། རྟ་བབས་ཀྱི་ནི་ནང་དུ་བྱ། །ཞེས་བྱ་བ་སྟེ་རྟ་བབས་ཀྱི་ནང་གི་ཐིག་ལ་ཀ་བའི་མགོ་སྦྱར་བར་བྱའོ་ཞེས་བྱ་བའི་དོན་ཏོ། །རྟ་བབས་ཀྱི་གནས་ བསྟན་པའི་ཕྱིར། །རྟ་བབས་ཡ་ཕུབས་དག་ལས་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྟ་བབས་ཀྱི་ཡ་ཕུབས་ཏེ་སྒོའི་སྟེང་གི་ཆ་ལས་ཆ་གཅིག་དོར་བ་ཞེས་བྱ་བ་དེའི་ཕྱི་རོལ་གྱི་ཆ་ཆུང་གཅིག་དོར་ཞིང་བཞག་ལ། ཞིང་དུ་ཆ་ཆེན་པོ་གཅིག་ཡོད་པ་ཆུར་ནི་ཆ་ཆེན་པོ་བཞིའི་ཚད་ཡོད་པར་ བྱའོ། །སྐས་ལ་སོགས་པ་ཇི་བཞིན་འགྱུར། །ཞེས་བྱ་བ་ནི་སྐས་ལ་སོགས་པའི་མིང་ཅན་གྱི་དབྱིབས་ཀྱི་ཁྱད་པར་གང་དག་ཡོད་པ་དེ་དག་ཏུ་འགྱུར་བར་བྱའོ། །དེ་ཡང་ཇི་ལྟར་མཛེས་པ་དང་ཡིད་དུ་འོང་བ་བཞིན་བྱ་བ་སྟེ། སྐས་ལྟ་བུ་དང་། གླང་པོའི་རྒྱབ་ཅེས་པ་དང་། གམྦྷི་ར་ཞེས་བྱ་བ་ དང་། བྷ་ལ་བི་ཞེས་བྱ་བ་དང་། བྷངྐ་ཞེས་བྱ་བ་དང་། སྲི་ཀརྐྲ་དང་། མ་ཀ་ར་དང་། བྱི་ཏི་དང་། དན་ཏི་དང་། ཕྲེང་བ་ཅན་དང་། གདུགས་ཅན་དང་། ཕྲེང་བ་ཅན་རིག་པ་འཛིན་པ་དང་བཅས་པ་དང་ངང་པ་ལ་སོགས་པའི་བྱ་རྣམས་ཀྱིས་མཚན་པ་སྟེ། དེ་དག་ལ་སོགས་པ་གང་ ཡང་རུང་བས་བརྒྱན་པའི་རྟ་བབས་བྱའོ་ཞེས་བྱ་བའི་དོན་ཏོ། །རྟ་བབས་ཀྱི་སྟེང་དུ་ཆོས་ཀྱི་འཁོར་ལོ་བྱ་བའི་ཕྱིར་རྟ་བབས་ཆ་གཅིག་ཅེས་པ་ལ་སོགས་པ་སྨོས་ཏེ། གདན་གྱི་པདྨ་ནི་རྟ་བབས་ཀྱི་སྟེང་གི་ཆ་ལ་བརྟེན་ནས་ཆུར་ཆ་ཆུང་གཅིག་ལ་ཞེང་དུ་ཆོས་ཀྱི་འཁོར་ལོ་དང་མཉམ་པའི་པདྨ་ ལ་གནས་པར་བྱའོ། །ཆོས་ཀྱི་འཁོར་ལོ་དེ་ཡང་ཚད་ནི་ཆུ་དང་ཞེང་དུ་ཆ་ཆུང་ངུ་གཉིས་གཉིས་ཡོད་པ་རྩིབས་བརྒྱད་པའམ་བཅུ་གཉིས་པར་བྱའོ། །ཆོས་ཀྱི་འཁོར་ལོ་རྩིབས་བཅུ་གཉིས་པའམ་བརྒྱད་པ་དེའི་ཚད་ནི་ཆུ་དང་ཞེང་དུ་ཆ་ཆུང་ངུ་ཡོད་པར་ཤེས་པར་བྱའོ། །ཆོས་ཀྱི་འཁོར་ལོའི་ སྟེང་དུ་གདུགས་བྱ་སྟེ་དེ་ཡང་ཚད་ནི་དཔངས་སུ་ཆ་ཆུང་ངུ་གཅིག་གི་ཚད་དུ་བྱས་ལ་དེ་ལས་ཀྱང་ཆ་ཆུང་ཕྱེད་ནི་གདུགས་བྱ། ཕྱེད་ནི་ཡུ་བར་བྱའོ། །རི་དགས་གཉིས་བྱ་བའི་ཕྱིར་འཁོར་ལོའི་ངོས་གཉིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆོས་ཀྱི་འཁོར་ལོའི་ངོས་གཉིས་ཏེ་གཡས་ལོགས་ དང་གཡོན་ལོགས་ཐད་ཀ་ནི་དྲང་ཐད་དུ་རི་དྭགས་གཉིས་ཏེ། ཀྲྀཥྞ་ས་རི་ཀ་གཉིས་མཉམ་ཞིང་ཆ་འདྲ་བར་གནས་ལ་ཇི་ལྟར་གནས་ཤེ་ན། རྟ་བབས་ལ་བརྟེན་འཁོར་ལོར་ཕྱོགས། །ཞེས་བྱ་སྟེ་རྟ་བབས་ཀྱི་སྟེང་གི་ཆ་ལ་བརྟེན་ནས་གནས་ལ་ཆོས་ཀྱི་འཁོར་ལོ་ལ་མངོན་པར་ཕྱོགས་ཤིང་ཁ་ བལྟས་ནས་འདུག་པར་བྲི་བར་བྱའོ། །ཇི་ཙམ་གྱིས་གནས་པར་བྱ་ཞེ་ན། ཤིན་ཏུ་འཇར་མིན་རྒྱང་རིང་མིན། །ཞེས་བྱ་བ་སྟེ་ཆོས་ཀྱི་འཁོར་ལོ་དང་རི་དགས་གཉིས་ཀྱི་བར་ན་ཆ་ཆུང་གཅིག་གིས་ཆོད་པའི་གནས་སུ་བྱའོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་དང་རིན་པོ་ཆེའི་ཡུ་བ་ཅན་ཞེས་བྱ་བའི་ཕྱིར། རྡོ་རྗེ་ རིན་ཆེན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྡོ་རྗེ་དང་རིན་པོ་ཆེས་མཚོན་པའི་དབྱིག་པ་ལ་བྱ་སྟེ་ཚད་ནི་དེ་ཚད་ཅེས་བྱ་བ་ལ་སོགས་པ་སྨོས་པས་རི་དགས་ཀྱི་དཔངས་ཀྱི་ཚད་དང་ཞེང་དུ་ཆ་ཆུང་གཉིས་ཡོད་པའོ། །དེ་ཡང་རི་དགས་དེའི་རྒྱབ་ཀྱི་ཆ་གཅིག་དོར་བའི་ཕྱི་རོལ་གྱི་ཐིག་ལ་བརྟེན་ པར་བྱ་སྟེ། དེའི་འོག་གི་ཆ་ཆུང་ངུ་གཅིག་གིས་ཡུ་བར་བྱས་ལ་སྟེང་གི་ཆ་ཆུང་ངུ་གཅིག་ལས་ཕྱེད་ནི་རིན་པོ་ཆེར་བྱ། ཕྱེད་ནི་རྡོ་རྗེར་བྱའོ། །བ་དན་བྱ་བའི་ཕྱིར་བ་དན་དྲིལ་བུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བ་དན་དྲིལ་བུར་ལྡན་པ་ཡི། །ཞེས་བྱ་བ་ནི་རྡོ་རྗེ་རིན་པོ་ཆེ་མཆོག་གི་ཡུ་བ་ ལ་གནས་པའི་བ་དན་གཅིག་ལ་དྲིལ་བུ་འཕྱང་ཞིང་འཁྲོལ་བར་བཏགས་པ་དང་། བ་དན་གཉིས་པ་ནི་རྟ་བབས་ཀྱི་མཐའ་མ་ཀ་བའི་མགོ་དང་ཉེ་བ་ལ་བཏགས་པ་སྟེ། དེ་ལྟར་རྟ་བབས་ཀྱི་ངོས་གཉིས་ལ་བ་དན་མཛེས་པར་བྱའོ་ཞེས་སྔོན་གྱི་སློབ་དཔོན་དག་འདོད་དོ། །གཞན་ ཡང་དྲ་བ་དང་དྲ་བ་ཕྱེད་པའི་སྣམ་བུའི་ཕྱི་རོལ་གྱི་མཚམས་ཀྱི་ངོས་གཉིས་ལ་ཡང་གདགས་པར་བྱ་སྟེ། དེ་ལྟར་ཐམས་ཅད་བརྩིས་ན་དཀྱིལ་འཁོར་རེ་རེ་ཞིང་བ་དན་ཉི་ཤུ་རྩ་བཞི་བཞི་འདོགས་པ་ཡིན་ནོ། །འདིར་བ་དན་ཉེ་བར་མཚོན་པ་ཙམ་དུ་ཟད་དོ། །རྡོ་རྗེ་ རྒྱལ་མཚན་དང་། དར་སྣ་དང་། རིན་པོ་ཆེ་དང་། མེ་ཏོག་གི་ཕྲེང་བ་ལ་སོགས་པ་ཇི་ལྟར་འོས་པའི་ལྷའི་མཆོད་རྫས་སྣ་ཚོགས་པ་བཟང་ཞིང་མཛེས་པ་རྣམས་ཀྱིས་ཀྱང་བརྒྱན་པར་བྱའོ། །གཞན་ཡང་ངོས་ནས་ཞེས་བྱ་བ་ནི་ཚོན་སྣ་ལྔ་བྲི་ཞིང་ཟུར་བཞིར་གནས་པའི་ནང་དུ་ཤར་ལྷོ་ མཚམས་ལ་སོགས་པའི་སོ་སོའི་མཚམས་དག་ཏུ་ལྷའི་སྣམ་བུ་སྟེ་ལྷ་རྣམས་ཀྱི་གནས་ཀྱི་རེ་ཁར་གྱུར་པའོ། །དེ་ཆ་ཆེན་པོ་གཅིག་གི་ཚད་དུ་བྱས་པས་ལྷ་སོ་སོའི་གནས་རྣམས་བྱས་ལ། དེ་ཡང་རྒྱུད་ལ་ལར་ནི་རེ་ཁཱ་གསུམ་དུ་བྱ་དགོས་ལ། དཀྱིལ་འཁོར་ལ་ལར་ནི་ལྷའི་གནས་ལྔར་ བྱ་དགོས། ལ་ལར་ནི་གཅིག་ཏུ་བྱ་དགོས་ཏེ་བཅོམ་ལྡན་འདས་ཀྱིས་ཇི་སྐད་གསུངས་པ་དེ་བཞིན་དུ་ལྷ་རྣམས་དགོད་པ་དང་རྗེས་སུ་འཚམ་པར་བྱའོ། །ད་ནི་ཆོ་ག་དེ་ཐམས་ཅད་ཀྱི་ཐུན་མོང་ཡིན་པར་བསྟན་པར་བྱ་བའི་ཕྱིར། འདི་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་འདས་མ་ཐག་པ། འདི་ནི་རྒྱུད་ རྣམས་ཐམས་ཅད་ཀྱི། །ཞེས་བྱ་བ་དེ་ཁོ་ན་ཉིད་བསྡུས་པ་ལ་སོགས་པ་རྒྱུད་མ་ལུས་པ་ཀུན་གྱི་སྤྱིའི་ཐུན་མོང་ཡིན་ཏེ་གཞན་དང་གཞན་དུ་བྱ་བ་ནི་མེད་དོ། །ཐིག་དབྱེ་བ་ནི་ལེགས་པ་ཡིན། །ཞེས་པ་ནི་ཐིག་གདབ་པ་དང་དབྱེ་བ་ལེགས་ཤིང་གསལ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། ། འོ་ན་ཁྱད་པར་དུ་བྱ་བ་གང་ཡིན་ཞེ་ན་འདི་ཡི་ནང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་སྔར་ཐིག་བཏབ་པ་དང་དབྱེ་བ་བྱས་ནས། སྒོ་བཞི་པ་དང་རྟ་བབས་བཞི་པ་ལ་སོགས་པ་དང་ལྡན་པའི་ངོས་ཀྱི་ནང་དུ་ལྷའི་གནས་ཀྱིས་བརྒྱན་པའི་དཀྱིལ་འཁོར་འདིའི་ནང་དུ་ཞེས་བྱ་བའི་ལྷའི་སྣམ་བུའི་ཐིག་གི་ནང་ ལོགས་སུ་ཀུན་ནས་ཆ་ཆེན་པོ་དྲུག་ཡོད་པའི་ཟུར་བཞིར་གནས་པ་གང་ཡིན་པ་དེའི་དབྱིབས་ནི་ནང་གི་དཀྱིལ་འཁོར་གྱི་ཚུལ་རྒྱུད་ཀྱི་རྒྱལ་པོ་དུ་མ་ལས་སྣ་ཚོགས་པར་འབྱུང་བས་ན་དེ་ནི་རྒྱུད་དེ་དང་དེའི་དབྱེ་བ་ཉིད་ཀྱིས་རྣམ་པར་ཕྱེ་བ་ཡིན་ཏེ། དེ་བས་ན་ཐམས་ཅད་ཀྱང་དེ་དག་ཉིད་ལས་གསལ་ ཞིང་ཟུར་ཕྱིན་པར་ཤེས་པར་བྱ་ཞིང་རྟོགས་པར་བྱས་ནས་ལྷག་ཆད་མེད་པར་ངེས་པ་ཉིད་དུ་བྱའོ། །ཡང་ན་ལྷག་ཆད་མེད་པ་ཉིད་དུ་ཞེས་བྱ་བ་ནི་ངའི་གཞུང་འདི་ལ་མི་དགོས་པའི་ལྷག་པ་ཡང་མེད་དོ་ཞེས་བྱ་བའི་དོན་ལ་ངེས་པར་བྱས་པའི་དོན་ཏོ། །ད་ནི་དེ་ཁོ་ན་ཉིད་བསྡུས་པ་ལས་རྡོ་རྗེ་ དབྱིངས་ཀྱི་དཀྱིལ་འཁོར་འབྱུང་བ་དང་དེའི་ནང་གི་དཀྱིལ་འཁོར་བསྟན་པའི་ཕྱིར་དེ་ཉིད་བསྡུས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཉིད་བསྡུས་པ་ཞེས་བྱ་བ་ནི་རྒྱུད་ཀྱི་མཚན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པ་ཞེས་མཚན་དུ་བཏགས་པའི་ཕྱིར་རོ། །རྩ་བའི་རྒྱུད་ ཀྱི་ཞེས་བྱ་བ་ནི་དེ་ཉིད་རྣལ་འབྱོར་གྱི་རྒྱུད་ཕྱི་མ་ལྟ་བུ་ཡིན་པའི་ཕྱིར་རོ། །བཤད་བྱ་སྟེ་ཞེས་བྱ་བ་ནི་བསྟན་པར་བྱའོ་ཞེས་ཁས་ལེན་པའི་ཐ་ཚིག་གོ། །ཚད་ཅི་ཙམ་ཞེ་ན། ལྷ་ཡི་སྣམ་བུའི་ཐིག་ལ་ནི། །འདབ་འབྱོར་འཁོར་ལོ་རབ་ཏུ་མཛེས། །ཞེས་བྱ་བ་སྨོས་ཏེ་ལྷའི་གནས་ཀྱི་སྣམ་ བུའི་ནང་གི་ཐིག་ལ་འདབ་འབྱོར་ཞིང་རེག་པར་འཁོར་ལོ་སྟེ། ནང་གི་དཀྱིལ་འཁོར་གྱི་འཁོར་ལོ་ཤིན་ཏུ་མཛེས་ཤིང་ཚད་དང་ལྡན་པར་བྱའོ། །དེ་ཡང་། ཇི་ལྟར་རྒྱུད་ཀྱི་རྗེས་མཐུན་པར། །ཞེས་བྱ་བ་སྨོས་ཏེ་བཅོམ་ལྡན་འདས་ཀྱིས་རྒྱུད་ལས་ཞེས་བྱ་བ་ལ་སོགས་པ་ཇི་སྐད་དུ་ གསུངས་པ་བཞིན་དུ་བྱའོ། །དེ་ཉིད་ནི། དཀྱིལ་འཁོར་ལྔ་དང་ལྡན་ཞིང་གསལ། །ཞེས་བྱ་བ་སྟེ་སངས་རྒྱས་ཀྱི་དཀྱིལ་འཁོར་དང་རྡོ་རྗེའི་དང་རིན་པོ་ཆེའི་དང་པདྨའི་དང་ལས་ཀྱི་དཀྱིལ་འཁོར་ཏེ། དེ་བཞིན་གཤེགས་པ་ལྔའི་དཀྱིལ་འཁོར་ཟླུམ་པོའི་དབུས་དང་ཤར་ལ་སོགས་པའི་ ཕྱོགས་བཞིར་གསལ་ཞིང་མངོན་པར་བྱའོ། །དེ་འོག་ཏུ་དཀྱིལ་འཁོར་གྱི་རྣམ་པར་དབྱེ་བ་བསྟན་པར་བྱ་བའི་ཕྱིར། སྔ་མའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔར་བཤད་པའི་ཐིག་གི་ཆོ་གའི་རིམ་པ་དེ་ལ་གང་ཆ་ཕྲ་མོའི་རྣམ་པར་དབྱེ་བའི་ཐིག་གདབ་པ་བྱས་པ་གསལ་ཞིང་རྫོགས་པ་ དེ་ལ་དེ་བཞིན་གཤེགས་པ་ལྔའི་དཀྱིལ་འཁོར་གྱི་སྦྱོར་བས་བགོ་བར་བྱ་ཞིང་བསྐོར་བར་བྱའོ། །ལྷའི་སྣམ་བུའི་ཞེས་བྱ་བ་ལ་སོགས་པ་དེ་ལ་དང་པོའི་ལྷའི་གནས་ཀྱི་ནང་གི་ཐིག་ལ་སྦྱར་ཞིང་རེག་པར་བྱས་ནས་དང་པོ་ཁོ་ནར་ཟླུམ་པོ་གཅིག་གིས་བསྐོར་བར་བྱའོ། །དེའི་འོག་སྟེ་རྗེས་ ཐོགས་ལ་ནང་གི་ཟླུམ་པོར་བསྐོར་བ་གཉིས་པ་ནི་སྔ་མའི་ནང་གི་ཆ་ཆུང་གཅིག་ལས་ཟླུམ་པོར་བསྐོར་བར་བྱའོ། །དེ་ལྟར་བསྐོར་བ་གཉིས་ཀྱི་བར་དག་ནི་སྟེ་ཕན་ཚུན་གྱི་ཟླུམ་པོར་བསྐོར་བ་གཉིས་ཀྱི་བར་གྱི་གནས་གང་ཡིན་པ་དེ་ནི་ཆ་ཆུང་ངུ་ཉི་ཤུ་རྩ་གཉིས་སུ་ངེས་པར་ཡོད་ པ་མ་ཡིན་ཏེ་གནས་དེར་ནི་དཀྱིལ་འཁོར་གྱི་མཆོག་ལྔ་པོ་བྱ་བའི་གནས་ཡིན་པར་ཤེས་པར་བྱ་ཞིང་ཁོང་དུ་ཆུད་པར་བྱའོ། །དེ་ལ་དབུས་སུ་སངས་རྒྱས་ཀྱི་དཀྱིལ་འཁོར་བྱ་བར་བསྟན་པའི་ཕྱིར་རོ། །ཚངས་པའི་ཐིག་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་དབུས་ཀྱི་ཚངས་པའི་ཐིག་དེའི་ ཕན་ཚུན་ངོས་གཉིས་ཏེ་གཡས་དང་གཡོན་དུ་ཆ་བྲན་གསུམ་བསྐོར་བར་བྱ་ཞིང་ཟླུམ་པོར་བསྐོར་ལ། ཡང་བསྐོར་བ་དེའི་ནང་དུ་ཆ་ཆུང་གཅིག་གི་ཕྱེད་ཀྱི་ཚད་ཀྱིས་ཟླུམ་པོར་སྐོར་བ་གཉིས་པ་བྱའོ། །དེ་གཉིས་ཞེས་བྱ་བ་ལ་སོགས་པ་ལ་གོང་བསྐོར་བ་ཕན་ཚུན་དེ་གཉིས་བར་དུ་ཀུན་ ནས་ཆ་ཆེན་པོ་གཅིག་དང་བཞི་ཆ་དང་བཅས་པ་ཆ་ཆུང་ངུ་ནི་དབུས་མ་སྟེ་དེ་བཞིན་གཤེགས་པའི་དཀྱིལ་འཁོར་ཡིན་པར་ཤེས་པར་བྱའོ། །ལྔ་པོ་ཞེས་བྱ་བ་ལ་སོགས་པ་ལ་དཀྱིལ་འཁོར་དེ་ཡང་དབུས་དང་ཕྱོགས་བཞི་སྟེ་ལྔར་གནས་པ་དེ་ལ་སྣ་ཚོགས་པདྨ་དང་དེའི་སྟེང་དུ་ཟླ་བ་བྱ་ བ་སྟེ། ཟླ་བ་རྒྱས་པས་ལྟེ་བ་སྟེ་དབུས་དང་ཤར་ལ་སོགས་པའི་ཕྱོགས་བཞིར་བརྒྱན་པར་བྱའོ། །དེ་ལྟ་བུའི་དཀྱིལ་འཁོར་དེ་ནི་གང་གིས་ན། སངས་རྒྱས་དཀྱིལ་འཁོར་ཉིད་ཅེས་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ཡིན་པ་དེའི་ཕྱིར་འཁོར་ལོའི་ཕྲེང་ བས་ཡང་དག་པར་ལྡན་པར་བྱ་བ་སྟེ། ཟླུམ་པོར་བསྐོར་བའི་རི་མོ་གཉིས་ཀྱི་བར་དུ་འཁོར་ལོའི་ཕྲེང་བས་མུ་ཁྱུད་བརྒྱན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་སངས་རྒྱས་ཀྱི་དཀྱིལ་འཁོར་བཤད་ནས་ཤར་ཕྱོགས་ཀྱི་ཆ་ལ་རྡོ་རྗེའི་རིགས་ཀྱི་དཀྱིལ་འཁོར་བྱ་བའི་ཕྱིར་དེ་མཚུངས་ཞེས་ བྱ་བ་ལ་སོགས་པ་སྨོས་ཏེ། ཤར་གྱི་ཕྱོགས་ཆ་ལ་ཞེས་བྱ་བ་ནི་དབུས་ཀྱི་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་དཀྱིལ་འཁོར་དབུས་མ་དང་མཉམ་པའི་མི་བསྐྱོད་པའི་དཀྱིལ་འཁོར་བྱའོ། །ཆ་ཆུང་ཕྱེད་དང་བཅས་དོར་བས། །ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་དཀྱིལ་ འཁོར་ལ་ཆ་ཆུང་ཕྱེད་དང་གཉིས་དོར་ཞིང་སྤངས་པའོ། །ཚངས་པའི་ཐིག་ལས་དེ་བཞིན་བསྐོར། །ཞེས་བྱ་བ་ནི་ཚངས་པའི་ཐིག་གི་ངོས་གཉིས་ལས་ཆ་ཆུང་གསུམ་གསུམ་པའི་གནས་སུ་བསྐོར་ཞིང་ཟླུམ་པའོ། །ནང་དུ་ཆ་ཕྱེད་ལས་བསྐོར་བྱ། །ཞེས་བྱ་བ་ནི་སྔར་བསྐོར་ བའི་ནང་དུ་ཆ་ཆུང་ཕྱེད་ཀྱི་ཚད་ལས་ཟླུམ་པོར་བསྐོར་བ་གཉིས་པ་བྱའོ། །དེའི་ནང་དུ་ཡང་སྔ་མ་བཞིན་དུ་སྣ་ཚོགས་པདྨའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ཤེས་པར་བྱའོ། །དེ་བཞིན་ཞེས་བྱ་བ་ལ་སོགས་པ་ལ་དེ་ལྟར་ཤར་དང་ལྷོ་དང་ནུབ་དང་བྱང་སྟེ་ཕྱོགས་བཞིའི་གནས་ རྣམས་སུའོ། །མི་བསྐྱོད་དཀྱིལ་འཁོར་ལ་སོགས་ཞེས་བྱ་བ་ནི་མི་བསྐྱོད་པ་དང་རིན་ཆེན་འབྱུང་ལྡན་དང་། འོད་དཔག་མེད་དང་། དོན་ཡོད་གྲུབ་པ་ལ་སོགས་པའོ། །དཀྱིལ་འཁོར་ནི་ཞེས་བྱ་བ་ནི་གནས་མཉམ་པར་བྱས་པ་ལྔ་པོའི་བདག་ཉིད་ཅན་ཟླུམ་པོར་བྱའོ་ ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་རིན་ཆེན་ཆུ་སྐྱེས་དང་། །སྣ་ཚོགས་རྡོ་རྗེའི་ཕྲེང་བས་བརྒྱན། །ཞེས་བྱ་བ་ནི་དཀྱིལ་འཁོར་དེ་དག་ལ་གྲངས་ཇི་ལྟ་བ་བཞིན་དུ་རྡོ་རྗེའི་ཕྲེང་བ་དང་། རིན་པོ་ཆེའི་ཕྲེང་བ་དང་། པདྨའི་ཕྲེང་བ་དང་། སྣ་ཚོགས་རྡོ་རྗེའི་ཕྲེང་བས་བསྐོར་བས་རི་མོ་ གཉིས་ཀྱི་བར་དུ་བརྒྱན་པར་བྱའོ། །སློབ་དཔོན་ལ་ལ་དག་གི་གཞུང་གཞན་ཡང་རྡོ་རྗེའི་ར་བ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། གོང་དུ་སྨོས་པ་ལྟར་སངས་རྒྱས་ལ་སོགས་པའི་དཀྱིལ་འཁོར་དུ་འཁོར་ལོ་ལ་སོགས་པའི་ཕྲེང་བས་བསྐོར་བར་མི་བྱའོ། །རྡོ་རྗེའི་ར་བས་ཤིན་ཏུ་མཛེས་ པས་དཀྱིལ་འཁོར་ལྔ་པོ་ཐམས་ཅད་ལ་བརྒྱན་པར་བྱའོ་ཞེས་སྔོན་གྱི་སློབ་དཔོན་ཁ་ཅིག་འཆད་དེ། དེ་ཡང་རིགས་པ་ཉིད་དེ་འདི་ནི་གང་གི་ཕྱིར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཡིན་པས་ན་གཏན་ཚིགས་དེའི་ཕྱིར་སློབ་དཔོན་དེའི་གཞུང་ལུགས་དེ་ནི་མཆོག་དམ་པ་ཡིན་པས་གཟུང་བར་བྱ་བ་ ཉིད་དོ། །ཇི་ལྟར་ཞེས་པ་ལ་སོགས་པ་ལ། ཇི་ལྟར་དབུས་ཀྱི་དཀྱིལ་འཁོར་གྱི་བདག་པོ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ལ་པདྨ་དང་ཟླ་བས་བརྒྱན་པ་དེ་བཞིན་དུ་གཞན་དག་གི་ཡང་པདྨ་དང་ཟླ་བས་བརྒྱན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །རེའུ་མིག་ལའོ་ཞེས་བྱ་བ་ ལ་སོགས་པ་ལ་དེ་བཞིན་གཤེགས་པའི་དཀྱིལ་འཁོར་གྱི་རེའུ་མིག་གང་ཡིན་པ་དེའི་དཀྱིལ་འཁོར་གཉིས་ཀྱི་བར་དུ་ཆ་ཆུང་ངུ་གཅིག་པོ་ཕྱེད་དང་བཅས་པ་སྟེ། ཆ་ཆུང་ངུ་ཕྱེད་དང་གཉིས་ཀྱི་ཚད་དུ་དཀྱིལ་འཁོར་དབུས་མའི་ཕྱོགས་བཞིར་གནས་པ་དེར་ཆུ་དང་ཞེང་དུ་རང་གི་ཚད་ཇི་ཙམ་ ཡོད་པའི་གཉི་གའི་མཐའ་རུ་རྡོ་རྗེ་ཕྱེད་པས་མཚོན་པའི་ཀ་བ་བརྒྱད་བྱས་ལ། དེ་ཡང་གཅིག་ལ་གཅིག་རྡོ་རྗེའི་རྩེ་མོ་འདུས་པས་མཚམས་ཀྱི་ཟུར་བཞི་བཞིར་འགྱུར་རོ། །དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ་དཀྱིལ་འཁོར་བཞིའི་ཕྱི་རོལ་གྱི་རྒྱབ་ཏུ་ཆ་ཆུང་ཕྱེད་ཅེས་བྱ་བ་ཆ་ཆུང་ངུ་ཕྱེད་དུ་དོར་ཞིང་ སྤངས་པར་སྔར་དང་པོར་བྱས་པའི་ཟླུམ་པོར་བསྐོར་བ་གཉིས་ཀྱི་བར་དུ་རྡོ་རྗེའི་ཕྲེང་བ་བྲི་བར་བྱའོ་ཞེས་བྱ་བའི་དོན་ཏོ། །མཚམས་སུ་ཞེས་བྱ་བ་ལ་སོགས་པ་ལ་ནང་གི་དཀྱིལ་འཁོར་གྱི་མཚམས་ཏེ་མི་བསྐྱོད་པ་དང་རིན་ཆེན་འབྱུང་ལྡན་གྱི་དཀྱིལ་འཁོར་གཉིས་ཀྱི་བར་དང་། དེ་བཞིན་དུ་རིན་ ཆེན་འབྱུང་ལྡན་དང་འོད་དཔག་ཏུ་མེད་པའི་དཀྱིལ་འཁོར་གཉིས་ཀྱི་བར་དང་། འོད་དཔག་ཏུ་མེད་པ་དང་དོན་ཡོད་པའི་དཀྱིལ་འཁོར་གཉིས་ཀྱི་བར་དང་། དེ་བཞིན་དུ་དོན་ཡོད་གྲུབ་པ་དང་མི་བསྐྱོད་པའི་དཀྱིལ་འཁོར་གཉིས་ཀྱི་བར་དང་། ཤར་ལྷོ་མཚམས་ལ་སོགས་པའི་གནས་བཞི་པོ་དེ་ རྣམས་སུ་རང་རང་གི་གནས་ཚད་ཀྱི་ཞེས་བྱ་བ་རང་རང་གི་གནས་ཀྱི་ཚད་དང་འཚམ་པའི་ཟླུམ་པོར་བསྐོར་བར་བྱས་ལ། དེའི་དབུས་སུ་སྣ་ཚོགས་པདྨ་དང་ཟླ་བས་བརྒྱན་པར་བྱ་བའི་དོན་ཏོ། །དེར་ནི་ཞེས་བྱ་བ་ལ་སོགས་པ་ལས་མཚམས་ཀྱི་གནས་བཞི་པོ་དེ་དག་ཏུ་སྒེག་མོ་ལ་སོགས་ཞེས་བྱ་བ་རྡོ་རྗེ་སྒེག་ མོ་དང་། ཕྲེང་བ་མ་དང་། གླུ་དབྱངས་མ་དང་། གར་མཁན་མ་དང་། ནང་གི་མཆོད་པའི་ལྷ་མོ་དགོད་པར་བྱའོ། །དེ་ཉིད་བསྡུས་པའི་དབུས་དཀྱིལ་འཁོར། །ཞེས་བྱ་བ་ནི་དཔལ་དེ་ཁོ་ན་ཉིད་བསྡུས་པ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོའི་དབུས་མའི་དཀྱིལ་འཁོར་ཏེ་ནང་གི་དེ་བཞིན་གཤེགས་པའི་ཕོ་བྲང་ ཞེས་བྱ་བའི་དོན་ཏོ། །བདུག་སོགས་ཕྱི་ཡི་ལྷ་མོ་བཞི། །ཕྱི་ཡི་མཚམས་སུ་བྲི་བྱ་ཞིང་། །ཞེས་བྱ་བ་ནི་རྡོ་རྗེ་བདུག་པ་མ་དང་། མེ་ཏོག་མ་དང་། མར་མེ་མ་དང་། བྱུག་པ་མ་སྟེ་ཕྱིའི་མཆོད་པའི་ལྷ་མོ་བཞི་ནི་ཕྱི་རོལ་གྱི་སྣམ་བུའི་ཤར་ལྷོ་ལ་སོགས་པའི་མཚམས་བཞིར་བྲི་བར་བྱའོ། །ཇི་ བཞིན་སེམས་དཔའ་རྣམ་པར་དགོད། །ཅེས་བྱ་བ་ནི་མགྲོན་གྱི་བྱང་ཆུབ་སེམས་དཔའ་བསྐལ་པ་བཟང་པོ་བྲི་བར་བྱ་སྟེ་དེ་རྣམས་ནི་སྔར་བཤད་པའི་ངོས་ཀྱི་ནང་ན་ཕྱོགས་རེ་རེ་ཞིང་ལྷའི་གནས་བཞི་བཞིར་བྱས་པའི་ནང་དུ་དགོད་པར་བྱའོ། །སྒོ་རྣམས་སུ་ནི་སྒོ་སྲུང་བྲི། །ཞེས་བྱ་བ་ནི་ཤར་ལ་སོགས་པའི་ སྒོ་བཞིར་རྡོ་རྗེ་ལྕགས་ཀྱུ་དང་། ཞགས་པ་དང་། ལྕགས་སྒྲོག་དང་། དྲིལ་བུ་མ་སྟེ་སྒོ་སྲུང་བཞི་བྲི་བར་བྱའོ། །གཞན་ཡང་ཕྱི་རོལ་ཞེས་བྱ་བ་ལ་སོགས་པ་ལ་སྔར་བཤད་པའི་སྒོ་བཞི་དང་རྟ་བབས་བཞི་ལ་སོགས་པའི་ཕྱིའི་དཀྱིལ་འཁོར་གྱི་རྒྱབ་རྒྱན་ཟླུམ་པོར་བསྐོར་བ་གཉིས་ཀྱི་དབུས་སུ་རྡོ་རྗེའི་ ཕྲེང་བ་སྟེ་རྡོ་རྗེའི་ར་བ་གསལ་ཞིང་མཛེས་པར་བྱའོ། །དེ་ཡང་ཚད་ཇི་ཙམ་དུ་ཞེ་ན། ཆ་ཆེན་གྱི་ནི་ཕྱེད་ཀྱི་ཚད། །ཅེས་བྱ་བ་སྟེ་ཆ་ཆུང་ངུ་གཉིས་ཙམ་མམ་ཇི་ཙམ་འོས་པར་བྱའོ། །འབར་བའི་ཕྲེང་བའང་དེ་ཡི་ཚད། །ཅེས་བྱ་བ་རྡོ་རྗེ་ར་བའི་ཕྱི་རོལ་དུའང་མེ་འོད་འབར་བའི་ཕྲེང་བ་དང་ཞེང་མཉམ་ པར་བྱའོ། །ཕྱི་རོལ་ཤིང་ལ་སོགས་པས་བརྒྱན། །ཞེས་པ་ནི་དེའི་ཕྱི་རོལ་ཤར་ལ་སོགས་པ་ཚངས་པའི་ཐིག་བརྒྱད་བཏབ་པའི་མཚམས་ཐིག་ལ་སོགས་པའི་གནས་སུ་པ་ཏ་ལའི་ཤིང་དང་། པུཎྜ་རཱི་ཀ་དང་། སཱ་ལའི་ཤིང་དང་། ཤིང་ཤ་པ་དང་། ཨུ་དུ་མྦཱ་ར་དང་། ཨ་མྲ་དང་། ཨ་ ཤྭདྠ་དང་། ནཱ་ག་གེ་སར་གྱི་ཤིང་དང་། མེ་ཏོག་ལ་སོགས་པས་བརྒྱན་པར་བྱ་ཞིང་། ཤིང་གཉིས་ཀྱི་བར་དུ་མཚོ་དང་རྫིང་བུ་དང་ཨུཏྤལ་དང་། པདྨ་དང་། ཀུ་མུ་ད་དང་། པུཎྜ་རཱི་ཀ་ལ་སོགས་པ་མེ་ཏོག་རྣམས་ཀྱིས་བརྒྱན་པར་བྱ་ཞིང་། དེའི་སྟེང་ན་ངང་པ་དང་ངུར་པ་དང་བྱ་ཀ་ལན་ད་ཀ་ ལ་སོགས་པ་སྒྲ་སྒྲོགས་པ་ལྟ་བུར་མཛེས་པར་བྱའོ། །ནང་དུ་དེ་ཡི་ཕྱེད་ཕྱེད་དུ། །ཞེས་བྱ་བ་ལ་སོགས་པ་ལ་ཆ་ཆུང་ངུ་ཉི་ཤུ་རྩ་བཞི་ནི་ནང་གི་དཀྱིལ་འཁོར་ཏེ། དེ་ནི་སྒྱུ་འཕྲུལ་དྲ་བ་ལ་སོགས་པའི་དཀྱིལ་འཁོར་དུ་ནང་དུ་བགོ་བ་བྱ་བར་གསུངས་པ་གང་ཡིན་པ་དེར་ནི་ཆ་ཆུང་ཉི་ཤུ་རྩ་བཞི་པོ་དེ་ ཉིད་ཆ་ཆུང་རེ་རེ་ཞིང་ཕྱེད་ཕྱེད་དུ་བགོས་ཏེ་ཆ་གཉིས་པར་བྱས་ལ་དེ་བཞིན་དུ་གསུམ་པ་དང་ལྔ་པ་དང་བཅུ་བདུན་པ་དང་ཉི་ཤུ་པ་དང་ཉི་ཤུ་གསུམ་པ་སྟེ། དེ་ལྔ་ལ་ཐིག་གི་ཆ་གསུམ་གསུམ་དུ་བགོས་ལ་རི་མོ་གསུམ་གསུམ་དུ་བྱའི་རི་མོ་ལྔ་ལྔར་ནི་མི་བྱ་སྟེ་ཕྱིའི་ཚོན་སྣ་ལྔས་རི་མོ་བྱ་བ་ཡིན་ལ་ནང་གི་རི་མོ་ གསུམ་དུ་བྱ་བ་ཡིན་པའི་ཕྱིར་རོ། །དེ་ལྟར་བྱས་པའི་སྒོ་བཞིའི་བར་དུ་དཀྱིལ་འཁོར་གྱི་རིམ་པ་གཉིས་པ་དང་གསུམ་པ་དང་བཞི་པ་དང་ལྔ་པ་དང་བདུན་པ་ལ་སོགས་པ་སྣ་ཚོགས་པའི་རིམ་པ་བྱ་བ་ནི་རྒྱུད་ཀྱི་དབྱེ་བ་ལས་རྡོ་རྗེ་སློབ་དཔོན་ཉིད་ཀྱིས་ཤིན་ཏུ་ཞི་བའི་ཤེས་རབ་ཀྱི་བློས་ རྣམ་པར་བརྟག་ཅིང་རྫོགས་པར་བྱ་བའི་དོན་ཏོ། །ད་ནི་ཉེ་བར་བསྡུ་བའི་ཕྱིར། །རིན་ཆེན་བཟང་པོས་དཔའ་བོ་རྡོ་རྗེ་ལ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གང་གི་དོན་དུ་འདི་བྱས་ཤེ་ན་རིན་ཆེན་བཟང་པོ་སྟེ། གང་གི་ཕྱིར་མིང་རིན་ཆེན་གྱི་མཐའ་བཟང་པོ་དང་ལྡན་པ་དེས་ཚུལ་བཞིན་དུ་བཏབ་པའོ། ། གང་ལ་བཏབ་ཅེ་ན་དཔའ་བོ་རྡོ་རྗེ་ལ་སྟེ་དབང་བསྐུར་བའི་མིང་ནི་དཔའ་བོ་རྡོ་རྗེ་སྟེ་སློབ་དཔོན་དད་བྱེད་གོ་ཆ་ལའོ། །ཇི་ལྟར་བཏབ་ཅེ་ན། དད་ཅིང་གུས་པས་མང་དུ་གསོལ་བཏབ་པས། །ཞེས་བྱ་བ་སྨོས་ཏེ་གསང་སྔགས་ཀྱི་སྤྱོད་པ་དང་། དཀྱིལ་འཁོར་གྱི་ལས་ལ་དད་ཅིང་མོས་ལ་བླ་མ་ལ་གུས་པས་མང་དུ་ གསོལ་བ་བཏབ་པའོ། །ཅིའི་ཕྱིར་བྱས་ཤེ་ན་བརྩེ་ཕྱིར་ཞེས་བྱ་སྟེ་རང་གི་སློབ་མ་དང་། སེམས་ཅན་རྣམས་ལ་བརྩེ་བའི་ཕྱིར་སློབ་དཔོན་གྱི་དཔེ་མཁྱུད་སྤངས་པའོ། །གང་ཞིག་བྱས་ཤེ་ན། ཐིག་གི་ཆོ་ག་གསལ་ཕྱེ་བྱས་ཞེས་བྱ་བ་སྟེ། ནོར་བུའི་གླིང་གི་སློབ་དཔོན་བདེ་བའི་རྡོ་རྗེའི་རྗེས་སུ་ འབྲངས་ནས་གསལ་ཞིང་ཕྱིན་ཅི་མ་ལོག་པར་བྱས་པའོ། །ཉེས་འགྱུར་དམ་པས་བདག་ལ་བཟོད་པར་མཛོད། །ཅེས་བྱ་བ་ནི། བདག་གིས་སློབ་མ་དམ་པའི་དོན་དུ་ཐིག་གདབ་པའི་ཆོ་ག་མདོར་བསྡུས་པ་འདི་ལ་དམ་པ་སྟེ་བདེ་བའི་རྡོ་རྗེ་ལ་སོགས་པ་སློབ་དཔོན་བདག་ལ་བཟོད་པར་མཛོད་ཅིག་པའོ། ། བསོད་ནམས་ཡོངས་སུ་བསྔོ་བར་བྱ་བའི་ཕྱིར། འདི་བྱས་བསོད་ནམས་དམ་པ་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གོང་དུ་བཤད་པའི་ཐིག་གདབ་པའི་ཆོ་ག་བྱས་པ་ལས་དྲི་མ་མེད་པའི་བསོད་ནམས་དམ་པ། བྱང་ཆུབ་ཚོགས་གྱུར་གང་ཐོབ་དེས། །ཞེས་བྱ་བ་སྟེ། བྱང་ཆུབ་ནི་སྒྲིབ་པ་དང་ བྲལ་བའི་ཡེ་ཤེས་སོ། །དེའི་ཆོ་གས་ནི་རྫོགས་པར་བྱེད་པ་སྟེ་དེ་ལྟ་བུར་འགྱུར་བའི་བསོད་ནམས་གང་ཞིག་ཐོབ་པའི་བསོད་ནམས་དེས་ནི་འགྲོ་བ་དྲུག་ཏུ་གཏོགས་པའི་སེམས་ཅན་མ་ལུས་པ་འདི་དག་དཀྱིལ་འཁོར་གྱི་བདག་པོ་རྣམས་པར་སྣང་མཛད་དུ་རང་ཉིད་མངོན་སུམ་དུ་གྲུབ་པར་གྱུར་ཅིག་ པའོ། །གང་ཞིག་བླ་མའི་རབ་མཆོག་ཨུ་རྒྱན་མཁན་པོའི་གཞུང་། །ཡོན་ཏན་དེ་ཉིད་བཅུ་ཤེས་སངས་རྒྱས་ཞི་བ་ཡི། །ཤིན་ཏུ་གཅེས་ཤིང་སྦས་པའི་དཀྱིལ་འཁོར་བྲི་བའི་ལས། །དེ་འདིར་ཕྱེ་བས་འཇིག་རྟེན་རྡོ་རྗེ་འཛིན་གྲུབ་ཤོག །ཡུལ་ཁ་ཆེར་སྐྱེས་པའི་རྡོ་རྗེ་སློབ་དཔོན་ཤྲདྡྷ་ཀ་ར་ བརྨས་རང་ཉིད་ཀྱིས་མཛད་པའི་ཐིག་གདབ་པའི་ཆོ་གའི་འགྲེལ་པ། བོད་ཡུལ་དུ་སྐྱེས་པའི་དགེ་སློང་རིན་ཆེན་བཟང་པོས་གསོལ་བ་བཏབ་ནས་འགྲེལ་པ་བྱས་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤྲདྡྷ་ཀ་ར་བརྨ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་སྐད་གསར་ བཅད་ཀྱིས་ཞུས་ཏེ་གཏན་ལ་ཕབ་པའོ།། །།༄། །ཐིག་གདབ་པའི་ཆོ་ག་དཀའ་བ་སྤྱོད་པ་བཞུགས། ༄༅༅། །འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །དཀྱིལ་འཁོར་གྲུ་བཞིར་བྱས་པ་ལ། །ཟུར་ཐིག་ཕྱོགས་ཐིག་མཉམ་པར་གདབ། །ཆ་ཆེན་ཉི་ཤུའི་ཚད་དུ་ བྱ། །བདུན་པའི་ཐིག་ནི་གཞག་པར་བྱ། །དེ་ནས་ཆ་བྲན་བགོ་བ་ནི། །ཚངས་པའི་ཐིག་གི་ངོས་གཉིས་ཀྱི། །ཆ་ཆེན་དང་པོ་ཕྱེད་དུ་བགོ །ཕྱི་ཡི་ཆ་ཆེན་དེ་བཞིན་བགོ །ཆ་ཆེན་གཉིས་པ་ཕྱེད་དུ་བྱ། །ནང་གི་ཆ་ཕྱེད་དེ་བཞིན་བགོ །ཆ་ཆེན་ལྔ་པ་ཕྱི་ནང་གི །ཆ་རེ་གདབ་ཅིང་ དབུས་གཉིས་གཞག །ཆ་ཆེན་དྲུག་པ་ཕྱེད་དུ་བྱ། །དེ་ནས་ཐིག་སྐོར་བྱ་བ་ནི། །ཆ་ཆེན་བཅུ་པའི་ཕྱེད་ལས་བསྐོར། །ཆ་ཆེན་དགུ་དང་ཆ་ཆེན་བརྒྱད། །གཉིས་ཀའི་མཐའ་ནས་བསྐོར་བར་བྱ། །ཆ་ཆེན་གསུམ་ལས་མཐའ་ཡི་ནི། །ཆ་ཆུང་གཅིག་ལས་བསྐོར་བར་བྱ། །དེ་ལས་ གཞན་པ་ཕྱི་ནང་གི །བསྐོར་བ་རྒྱུད་ཀྱི་གཞུང་གིས་སོ། །སྒོ་གཉིས་པ་ལ་སོགས་པ་དང་། །རྒྱུད་གཞུང་གི་ནི་རྣམ་དབྱེ་ཡིས། །ཆ་རྣམས་དབྲི་དང་བསྣན་པར་བྱ། །མན་ངག་ཐོབ་ཅིང་མཁས་པ་ཡིས། །དཀྱིལ་འཁོར་ཕྱི་ནང་གང་ཡིན་པའི། །ཐིག་ནི་སྔར་བཞིན་གདབ་པར་ བྱའོ། །ཐིག་གདབ་པའི་རིམ་པ་དཀའ་བ་སྤྱོད་པ་ཞེས་བྱ་བ་སློབ་དཔོན་ཤུདྡྷི་པྲ་བྷས་མཛད་པ་རྫོགས་སོ།། ༄། །དཀྱིལ་འཁོར་གྱི་ཐིག་གི་ཆོ་ག་བཞུགས། ༄༅༅། །དཀྱིལ་འཁོར་གང་ཡང་ཐིག་གདབ་པ། །ས་གཞི་ཆ་མཉམ་འཐས་བྱས་ལ། །ཚངས་ཆེན་ལ་སོགས་ཐིག་ཆེན་བརྒྱད། ། ཤིན་ཏུ་འགྲུས་མེད་མཉམ་པོར་གདབ། །ཕྱོགས་རེ་དཀྱིལ་འཁོར་ཕྱེད་ཆ་ལ། །རེའུ་མིག་ཉི་ཤུ་བཞི་བཞིར་བྱ། །གཅིག་པ་སོར་གཉིས་ཚད་དུ་བྱ། །གཉིས་པ་སྒོ་ཁྱུད་སོར་གཉིས་ཚད། །གསུམ་པ་སོར་བཞིའི་ཚད་དུ་བྱ། །བཞི་པ་སྒོ་ལོགས་སོར་བཞིའི་ཚད། །ལྔ་པ་སོར་ གཉིས་ནམ་མཁའ་སྟེ། །དྲུག་པ་སོར་གཉིས་ཀ་བའོ། །བདུན་པ་དང་ནི་བརྒྱད་པ་གཉིས། །དེ་ནི་ལྷ་ཡི་སྣམ་བུ་སྟེ། །སོར་བརྒྱད་པ་ཡི་ཚད་དུ་བྱ། །དགུ་པ་སོར་གཉིས་སྒོ་ངོས་ཏེ། །བཅུ་པ་སོར་བཞི་གར་མཁན་ནོ། །བཅུ་གཅིག་པ་ཡི་སོར་གཉིས་ནི། །སྒོ་འགྲམ་ཕ་གུ་གཉིས་སུ་འགྱུར། ། བཅུ་གཉིས་སོར་བཞི་དྲ་ཕྱེད་སྟེ། །བཅུ་གསུམ་པ་ཡི་སོར་གཉིས་ནི། །མདའ་ཡབ་དང་ནི་ཕ་གུ་ལ། །བཅུ་བཞི་པ་ཡི་སོར་བཞི་ནི། །དེ་ནི་ནམ་མཁའ་སྟོང་པའོ། །བཅོ་ལྔ་བཅུ་དྲུག་བཅུ་བདུན་པ། །བཅོ་བརྒྱད་པ་དང་བཅུ་དགུ་པ། །དེ་བཞིན་ཉི་ཤུ་པ་རྣམས་ནི། །སོར་ནི་གཉིས་གཉིས་ཚད་ དུ་བྱ། །བཞི་ཆ་ཡི་ནི་ཆ་རུ་འདོད། །གཅིག་ནི་ཀརྨ་ཤི་རི་སྟེ། །གཅིག་ནི་པདྨའི་ཆ་ཡིན་ནོ། །ཉི་ཤུ་གཅིག་པ་སོར་བརྒྱད་ཚད། །འཁོར་ལོ་དང་ནི་གདུགས་སུ་བྱ། །ཉི་ཤུ་གཉིས་པ་གསུམ་པ་དང་། །དེ་བཞིན་དུ་ནི་བཞི་པ་རྣམས། །སོར་ནི་བཞི་བཞིའི་ཚད་དུ་འདོད། །གཅིག་ནི་སྣ་ཚོགས་པདྨར་འདོད། །རྡོ་རྗེ་ ར་བ་མེ་འོད་དོ། །སློབ་དཔོན་དྷརྨ་ཀཱིརྟིས་མཛད་པའི་ཐིག་གི་ཆོ་ག་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཏྲེེ་ལོ་ཀྱ་བི་ཛ་ཡ་ནཱ་མ་བྲྀཏྟི། བོད་སྐད་དུ། འཕགས་པ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ཞེས་བྱ་བའི་འགྲེལ་པ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ ལོ། །གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་ཀྱིའམ། ཡང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་རྣམ་པ་གཉིས་སུ་གསུངས་ཏེ། སེམས་ཅན་རྟོག་པ་མང་བ་རྣམས་ཀྱི་དོན་དུ་བྱ་བའི་རྒྱུད་རྣམས་གསུངས་སོ། །གཅིག་ཁོ་ནར་རྣལ་འབྱོར་གྱིས་བསྒྲུབ་པར་ འདོད་པ་རྣམས་ལ་རྣལ་འབྱོར་གྱི་རྒྱུད་རྣམས་བཤད་དོ། །གཉིས་ཀའི་རྒྱུད་དང་གསུམ་མོ་ཞེས་ཀྱང་ཁ་ཅིག་འཆད་དེ། དེ་ཡང་ལྷའི་བྱེ་བྲག་ནི་གཉིས་སུ་ཟད་པས་གཉི་གའི་རྒྱུད་ལོགས་ཤིག་ན་མེད་དོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྒྱུད་འདི་ནི་རྣལ་འབྱོར་གྱི་རྒྱུད་དུ་གཏོགས་ཏེ་ ལྷའི་མཚན་ཉིད་དང་། དམ་ཚིག་ལ་སོགས་པ་ཡང་རྣལ་འབྱོར་གྱི་རྒྱུད་དང་མཐུན་པའི་ཕྱིར་རོ། །དེ་ལ་རྣལ་འབྱོར་ཞེས་བྱ་བ་ནི་སེམས་མཉམ་པར་བཞག་པའོ། །དེའི་མཐུས་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་དགོས་པ་བསྒྲུབ་པའི་ཕྱིར་སྔགས་དང་ཕྱག་རྒྱ་དང་དཀྱིལ་འཁོར་དང་དབང་ སྦྱིན་པ་ལ་སོགས་པ་རྣམ་པ་སྣ་ཚོགས་པ་སྤེལ་ཞིང་རྒྱས་པས་རྣལ་འབྱོར་གྱི་རྒྱུད་ཅེས་བྱའོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྒྱུད་འདི་བཤད་པ་ཡང་གླེང་གཞིའི་ཚུལ་བསྟན་པ་དང་། རྒྱུད་ཀྱི་དངོས་པོ་བསྟན་པའོ། །དེ་ལ་གླེང་གཞིའི་ཚུལ་བསྟན་པ་ཡང་རྣམ་པ་གསུམ་སྟེ། སྟོན་པ་ཕུན་སུམ་ཚོགས་པ་དང་། གནས་ཕུན་སུམ་ཚོགས་པ་དང་། འཁོར་ཕུན་སུམ་ཚོགས་པའོ། །དེ་ལ་སྟོན་པ་ཕུན་སུམ་ཚོགས་པ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་རྒྱུད་ཀྱི་བདག་པོ་སྟེ། ཕྱག་ན་རྡོ་རྗེ་ལ་སོགས་པ་ཡང་དེའི་བྱིན་གྱི་རླབས་ཀྱིས་བྱང་ཆུབ་སེམས་དཔའི་ སྤྱོད་པ་ལ་འཇུག་པའི་ཕྱིར་རོ། །གནས་ཕུན་སུམ་ཚོགས་པ་བསྟན་པའི་ཕྱིར་གསུངས་པ། རི་རབ་རི་ཞེས་བྱ་བ་ལ་སོགས་པའོ། །རི་རབ་རིའི་སྟེང་དུ་ལྷའི་ཁང་པ་བརྩེགས་མ་དེའི་རྩེ་མོའི་ཕྱོགས་རྡོ་རྗེ་ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པའོ། །འཁོར་ཕུན་སུམ་ཚོགས་པ་བསྟན་ པའི་ཕྱིར་གསུངས་པ་བྱང་ཆུབ་སེམས་དཔའ་བྱེ་བ་ཞེས་བྱ་བ་ལ་སོགས་པའོ། །བྱེ་བ་ཕྲག་དུ་མ་ཞེས་བྱ་བ་ནི་རྒྱུད་གཞན་འཆད་པའི་ཚེ་ན་རྟག་ཏུ་བྱེ་བ་ཕྲག་དགུ་བཅུ་རྩ་དགུ་དང་ཐབས་ཅིག་ཏུ་བཞུགས་པས་ན་འདིར་ཡང་དེ་དག་ཐབས་ཅིག་ཏུ་བཞུགས་པར་ཤེས་པར་བྱའོ། །ལྷ་ནི་ལྷ་ཆེན་པོ་དང་ ཚངས་པ་དང་གཏོགས་འདོད་ལ་སོགས་པའོ། །ཀླུ་ནི་འཇོག་པོ་ལ་སོགས་པའོ། །གནོད་སྦྱིན་དང་དྲི་ཟ་ལ་སོགས་པ་ནི་ཡི་དགས་ཀྱི་ཁམས་སུ་གཏོགས་པའོ། །བལྟར་རུང་བ་ཞེས་བྱ་བ་ནི་མི་མ་ཡིན་པ་དེ་དག་མིག་གི་རྣམ་པར་ཤེས་པའི་སྤྱོད་ཡུལ་དུ་གྱུར་པའོ། །དེ་ལས་བཟློག་པ་ནི་བལྟར་མི་ རུང་བ་སྟེ་གཟུགས་མངོན་དུ་མི་སྟོན་ཅེས་བྱ་བའི་དོན་ཏོ། །དེ་དག་ཀྱང་སངས་རྒྱས་ཀྱིས་བཀའ་སྩལ་པའི་ཆོས་ལ་དད་པ་སྟེ་དེ་དག་དང་ཐབས་ཅིག་ཏུ་བཅོམ་ལྡན་འདས་སྤྱོད་ལམ་བཞིར་འགྲོ་བའི་དོན་མཛད་ཅིང་བཞུགས་ཏེ་དེ་ཡན་ཆད་ནི་གླེང་གཞིའོ། །རྒྱུད་ཀྱི་དངོས་པོ་བསྟན་པའི་ཕྱིར་ གསུངས་པ་དེ་ནས་ཕྱག་ན་རྡོ་རྗེ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པའོ། །རྡོ་རྗེ་ནི་ཡེ་ཤེས་ཀྱི་མཚན་མ་སྟེ་རྩེ་ལྔ་ནི་ཡེ་ཤེས་བཞི་དང་དེ་དག་གི་ཡུལ་ཆོས་ཀྱི་དབྱིངས་དང་ལྔར་བརྟག་གོ། །ཁ་གཉིས་སུ་གྱེས་པ་ནི་ཕྱོགས་བཅུ་ཐམས་ཅད་དུ་ཁྱབ་པའི་དོན་ཏོ། ། དེ་ལྟ་བུའི་ཡེ་ཤེས་བྱང་ཆུབ་སེམས་དཔའི་འདིས་ལག་ཏུ་ཐོབ་པ་དང་འདྲ་བར་མངོན་དུ་བྱས་པས་ན་ཕྱག་ན་རྡོ་རྗེ་སྟེ་ཡེ་ཤེས་དང་ལྡན་པ་ཞེས་བྱ་བའི་དོན་ཏོ། །རྒྱུད་འདིར་དངོས་པོ་དེ་ཁོ་ན་ཉིད་བཅུ་དྲུག་གིས་བསྟན་ཏེ་དེ་ཡང་གང་ཞེ་ན། སྙིང་པོའི་དེ་ཁོ་ན་དང་། ཕྱག་རྒྱའི་དེ་ཁོ་ན་དང་། སྔགས་ཀྱི་ དེ་ཁོ་ན་དང་། རང་རིག་པའི་དེ་ཁོ་ན་དང་། དེ་བཞིན་དུ་བྱིན་གྱིས་བརླབ་པ་དང་། དབང་བསྐུར་བ་དང་། ཏིང་ངེ་འཛིན་དང་། མཆོད་པའི་དེ་ཁོ་ན་དང་། བདག་གི་དེ་ཁོ་ན་དང་། ལྷའི་དེ་ཁོ་ན་དང་། དམ་ཚིག་དང་དཀྱིལ་འཁོར་དང་ཤེས་རབ་དང་། ཐབས་དང་རྒྱུ་དང་འབྲས་བུའི་དེ་ཁོ་ ན་རྣམས་སོ། །དེ་ཁོ་ན་ཞེས་བྱ་བ་ནི་དོན་དམ་པ་དང་། ཀུན་རྫོབ་རྣམ་པ་གཉིས་དེ་ཆོས་ཀྱི་རང་བཞིན་ཕྱིན་ཅི་མ་ལོག་པ་བརྗོད་དུ་མེད་པའི་ངོ་བོ་ནི་དོན་དམ་པའི་དེ་ཁོ་ནའོ། །དེ་ལྟ་མོད་ཀྱི་ཀུན་རྫོབ་ཏུ་འཇིག་རྟེན་གྱི་ཐ་སྙད་དང་སྦྱར་ན། མི་སླུ་བར་དགོས་པ་བསྒྲུབ་པས་ན་དེ་ཁོ་ན་ཞེས་བྱ་སྟེ། བཅུ་དྲུག་པོ་དེ་རྣམས་ཀྱིས་ཇི་ལྟར་རིགས་པར་དོན་གྲུབ་པར་བྱེད་པའི་ཕྱིར་རོ། །འདི་རྣམས་ཀྱང་ཇི་ལྟར་རིགས་པར་སྦྱར་གྱི་རིམ་བཞིན་དུ་སྦྱར་བ་ནི་མ་ཡིན་ནོ། །དེ་ལ་སྙིང་པོ་ནི་རིགས་ལྔ་སོ་སོའི་སྙིང་པོ་ཡི་གེ་འབྲུ་གཅིག་ལ་སོགས་པ་གསུངས་པའོ། །ཕྱག་རྒྱ་ནི་རྣམ་པ་བཞི་སྟེ། ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་གི་ཕྱག་རྒྱ་དང་། ཆོས་ཀྱི་ཕྱག་རྒྱ་དང་ལས་ཀྱི་ཕྱག་རྒྱ་ལ་སོགས་པའོ། །དེ་ལ་ཕྱག་རྒྱ་ཆེན་པོ་ནི་ལྷ་རྣམས་ཀྱི་ལུས་ཀྱི་ཚུལ་བསྟན་པ་སྟེ། ལུས་ཀྱི་སྒོ་ནས་ལྷའི་ཚུལ་གསལ་བར་བསྒོམ་པའི་རྒྱུར་ཆེ་བས་ན་ཕྱག་རྒྱ་ཆེན་པོ་ཞེས་བྱའོ། །དམ་ཚིག་གི་ཕྱག་ རྒྱ་ནི་ལྷ་རྣམས་ཀྱི་སེམས་ཀྱི་ཚུལ་བསྟན་པ་སྟེ། སེམས་ཀྱི་རྣམ་པར་ཐར་པའི་མཚན་མ་ཕྱག་རྒྱར་བསྟན་པས་ལྷ་རྣམས་ཀྱང་དེ་ལས་མི་འདའ་བས་ན་དམ་ཚིག་གི་ཕྱག་རྒྱར་བསྟན་པས་དམ་ཚིག་གི་ཕྱག་རྒྱ་ཞེས་པའོ། །ཆོས་ཀྱི་ཕྱག་རྒྱ་ནི་ལྷ་རྣམས་ཀྱི་ཚིག་གི་ཚུལ་བསྟན་པ་སྟེ། ལྷ་རྣམས་ ཀྱི་ཚིག་དོན་དམ་པའི་ཆོས་ཐམས་ཅད་སྟོན་པའོ། །ལས་ཀྱི་ཕྱག་རྒྱ་ནི་སྤྱོད་པའི་ཚུལ་བསྟན་པ་སྟེ། ཕྱག་རྒྱ་རྡོ་རྗེ་ཁུ་ཚུར་གཉིས་སུ་དྲལ་བ་ལ་སོགས་པའོ། །སྔགས་ནི་ཤེས་པ་དང་སྐྱོབ་པར་ལྡན་པས་ན་སྔགས་ཏེ། དོན་མ་ནོར་བར་ཤེས་པས་ངན་སོང་གསུམ་ལས་སྐྱོབ་པའི་ཕྱིར་རོ། །དེ་ ཡང་ལྷའི་སྐུ་གཟུགས་སྐྱེས་པའི་ཆ་ལུགས་འཛིན་པ་རྣམས་ཀྱིས་གསུངས་པའི་ཚིག་རྣམས་སོ། །རིག་པ་ནི་མ་རིག་པའི་མུན་པ་ཐམས་ཅད་སེལ་བའི་ཕྱིར་ལྷ་བུད་མེད་ཀྱི་ཚུལ་དུ་བཞུགས་པའི་ཚེ་གསུངས་པའི་ཚིག་རྣམས་སོ། །བྱིན་གྱིས་བརླབ་པ་ནི་རྣམ་པ་གཉིས་ཏེ་རང་བཞིན་གྱིས་ བྱིན་གྱིས་བརླབ་པ་དང་། མཐུས་བྱིན་གྱིས་བརླབ་པའོ། །བྱིན་གྱིས་བརླབ་པའི་ཆོ་ག་ཡང་བདག་རང་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་ལ་གནས་ཤིང་། དམ་ཚིག་དང་དབབ་པ་ལ་སོགས་པའི་ཕྱག་རྒྱས་ལྷ་གནས་པར་བྱའོ། །དབང་བསྐུར་བ་ནི་རྣམ་པ་གཉིས་ཏེ་སངས་རྒྱས་བཅོམ་ ལྡན་འདས་རྣམས་ལ་ནི་མཆོད་པའི་དོན་དུ་མེ་ཏོག་གི་ཕྲེང་བ་ལ་སོགས་པས་དབང་བསྐུར་བའོ། །བྱང་ཆུབ་སེམས་དཔའ་ལ་སོགས་པ་ནི་སངས་རྒྱས་ལྔའི་དབུ་རྒྱན་གྱིས་དབང་བསྐུར་བ་དང་། མིང་གིས་དབང་བསྐུར་བ་ལ་སོགས་པའོ། །ཏིང་ངེ་འཛིན་ནི་རྣམ་པར་ཐར་པའི་སྒོ་ཡིད་ ལ་བྱེད་པའོ། །མཆོད་པ་ནི་བདག་དང་གཞན་ལ་མཆོད་པ་སྟེ་ཕྱི་ནང་གི་མཆོད་པ་རྣམ་པ་བརྒྱད་ལ་སོགས་པའོ། །བདག་གི་དེ་ཁོ་ན་ནི་བདག་གི་རང་བཞིན་ཕྱིན་ཅི་མ་ལོག་པ་སྟེ། ཆོས་ལ་བདག་མེད་པའི་རང་བཞིན་མི་སྐྱེ་མི་འགོག་པ་སྟོང་པ་ཉིད་དོ། །ལྷའི་དེ་ཁོ་ན་ནི་དོན་དམ་ པ་དང་ཀུན་རྫོབ་རྣམ་པ་གཉིས་ཏེ། དོན་དམ་པར་ན་ལྷའི་རང་བཞིན་སྟོང་པ་ཉིད་མི་གཉིས་པའོ། །ཀུན་རྫོབ་ཏུ་ནི་ཡན་ལག་ཐམས་ཅད་ལྡན་པར་སྐྱེས་པ་དང་བུད་མེད་དང་། ཁྲོ་བོ་དང་ཞི་བ་ལ་སོགས་པའི་གཟུགས་སུ་སྣང་བའོ། །དམ་ཚིག་ནི་སྤྱིར་སྔགས་པ་ཐམས་ཅད་ ཀྱིས་བསྲུང་བ་དང་། རིགས་ཐ་དད་པའི་དམ་ཚིག་ཐ་དད་པར་བསྲུང་བ་རྣམས་སོ། །དཀྱིལ་འཁོར་ནི་རིགས་རེ་རེ་ཞིང་ཡང་དཀྱིལ་འཁོར་བཞི་ལ་སོགས་པ་རེ་རེ་ཡང་བཞི་བཞིར་བཤད་པའོ། །ཤེས་རབ་ནི་ཆོས་རབ་ཏུ་ཤེས་པ་སྟེ་དེ་ཁོ་ན་བཅུ་དྲུག་ལ་སོགས་པའི་མཚན་ཉིད་ལ་ མཁས་པའོ། །ཐབས་ཀྱིས་སེམས་ཅན་ཇི་ལྟ་བུས་འདུལ་བ་དེ་ལྟ་བུའི་གཟུགས་སྟོན་པ་དང་། དགོས་པ་ཅི་ལྟ་བུས་འགྲུབ་པ་དེ་ལྟ་བུའི་རྒྱུས་སྒྲུབ་པའོ། །རྒྱུ་ཞེས་བྱ་བ་ནི་གཅིག་ཏུ་ན་བྱང་ཆུབ་སེམས་དཔའི་ས་བཅུ་ནི་སངས་རྒྱས་ཀྱི་རྒྱུ་ཡིན་པས་ན་དེའི་མཚན་ ཉིད་བཤད་པ་ནི་རྒྱུ་བསྟན་པའོ། །འབྲས་བུ་ནི་སངས་རྒྱས་ཀྱིས་ཏེ་ས་བཅུ་རྣམས་ཀྱི་འབྲས་བུར་གྱུར་པའི་ཕྱིར་རོ། །གཞན་དུ་ན་རྒྱུ་ཞེས་བྱ་བ་ནི་སྔགས་ཀྱི་འབྲས་བུ་འཐོབ་པར་བྱེད་པའི་རྒྱུ་སྟེ། བཟླས་པ་དང་སྒོམ་པ་ལ་སོགས་པ་སྔགས་ཀྱི་འབྲས་བུ་གྲུབ་པ་རབ་འབྲིང་ལ་ སོགས་པ་སྒྲུབ་པའོ། །འབྲས་བུ་ནི་བཟླས་པ་དང་བསྒོམས་པ་ལ་སོགས་པའི་འབྲས་བུ་སྟེ་རིག་འཛིན་ལ་སོགས་པ་གྲུབ་པ་རྣམས་དང་། ཞི་བ་དང་རྒྱས་པ་ལ་སོགས་པ་ལས་ཀྱི་རྣམས་སོ། །དེ་ནས་ལྷ་ཆེན་པོ་ལ་སོགས་པ་གདུལ་ཞིང་དམ་ཚིག་སྩལ་བར་སྐབས་ལ་བབ་ པར་མཁྱེན་ནས་ཕྱག་ན་རྡོ་རྗེ་ནམ་མཁའ་ལས་བབས་ཏེ་བཅོམ་ལྡན་འདས་ལ་གསོལ་བ་བཏབ་པོ། །ནམ་མཁའ་ལས་བབས་པ་ནི་དོན་དམ་པར་ཆོས་ཐམས་ཅད་ནམ་མཁའ་ལྟ་བུ་སྟེ་སྟོང་པ་ཉིད་ཀྱི་རང་བཞིན་ལས་ཀུན་རྫོབ་ཀྱི་བདེན་པ་ལ་གནས་ཏེ། སེམས་ཅན་གྱི་དོན་གྱི་ཕྱིར་ བྱང་ཆུབ་སེམས་དཔའི་གཟུགས་སུ་འབྱུང་བར་སྟོན་ཏེ། འདིས་ནི་དངོས་པོ་མེད་པའི་ཆོས་ལས་དངོས་པོ་མེད་པའི་ཆོས་འབྱུང་བར་ཤེས་པར་བྱའོ། །གཞན་ཡང་འཁོར་འདུས་པ་ཐམས་ཅད་ཀྱི་ནང་ན་ཕྱག་ན་རྡོ་རྗེ་རྫུ་འཕྲུལ་ཆེན་པོ་དང་ལྡན་པར་ཡང་བསྟན་ཏོ། །བཅོམ་ལྡན་འདས་ ལ་ཕྱག་བྱ་ཞིང་ལན་གསུམ་བསྐོར་བ་ནི་སྐྱེས་བུ་དམ་པ་ཡ་རབས་ཀྱི་ཚུལ་བསྟན་པ་སྟེ། འཇིག་རྟེན་ན་ཡང་བླ་འོག་གི་རིམ་པ་ནི་ཡ་རབས་རྣམས་ལ་ཡོད་པས་ན་ཡ་རབས་ཀྱི་ཆོས་ཡིན་ཏེ། མ་རབས་མཉམ་པ་བརྒྱ་བོང་བུ་དེད་པ་རྣམས་དང་དུད་འགྲོ་རྣམས་ལ་བླ་འོག་དང་བཙུན་མི་ བཙུན་གྱི་རིམ་པ་མེད་དོ། །བཅོམ་ལྡན་འདས་ལྷ་ཆེན་པོ་ལ་སོགས་པ་སེམས་ཅན་མ་རུངས་པ་དེ་དག་དམ་ཚིག་འཛིན་དུ་སྩལ་བར་འཚལ་ཞེས་གསུངས་པ་ལ། དེ་ཁོ་ན་བསྡུས་པའི་རྒྱུད་ཀྱི་ནང་ནས་ལྷ་ཆེན་པོ་ཐབས་སྣ་ཚོགས་ཀྱིས་བཏུལ་བ་ལགས་ན་ཡང་འདིར་ལྷ་ཆེན་པོ་བདུད་ བཏུལ་བའི་ཐབས་བཤམ་པ་ཅི་འཚལ་ཞེས་སྐབས་ཚོལ་བ་བསལ་བའི་ཕྱིར་ཡང་ཞེས་གསུངས་ཏེ། སྔར་ལྷ་ཆེན་པོ་བཏུལ་ཟིན་ནས་ཡང་ལྷ་ཆེན་པོ་ལ་སོགས་པ་འདུལ་ལོ། །དེའི་དོན་ནི་འདི་སྟེ། ལས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པའི་ལྷ་ཆེན་པོ་སྔ་མ་ནི་དེ་ཁོ་ན་བསྡུས་པའི་རྒྱུད་ ལས་འབྱུང་བ་བཞིན་དུ་སྔར་བཏུལ་ལོ། །འདིར་ནི་ཡང་ལས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པའི་ལྷ་ཆེན་པོ་གཞན་འདུལ་བར་བཞེད་དོ། །དེ་ལྟར་མུ་སྟེགས་ཅན་ལྷ་ཆེན་པོ་རྟག་པར་འདོད་པ་དང་ནི་འགལ་མོད་ཀྱི། འདུས་བྱས་ཐམས་ཅད་མི་རྟག་པར་གྲུབ་པས་ན་ལྷ་ཆེན་པོ་མི་རྟག་པར་གྲུབ་པ་ལ་ ཉེས་པ་མེད་དོ། །སེམས་ཅན་མ་རུངས་པ་ཞེས་བྱ་བ་ནི་སྐྱོན་རྣམ་པ་གསུམ་དང་ལྡན་པ་སྟེ། ཁེངས་པའི་ང་རྒྱལ་སྲེལ་བས་གཞན་ཁྱད་དུ་གསོད་པ་དང་ལྟ་བ་ལོགས་པས་འཕགས་པའི་བདེན་པ་ལ་སོགས་པ་དོན་དུ་མི་གཉེར་བ་དང་། རང་བཞིན་གྱིས་གཏུམ་སྟེ་གཞན་ལ་སྙོགས་ཤིང་འདུད་པ་ ཅན་ནོ། །འོག་ནས་འབྱུང་བའི་མ་རུངས་པའང་དོན་དེ་ལྟར་སྦྱར་རོ། །དམ་ཚིག་འཛིན་ཏུ་སྩལ་ཞེས་བྱ་བ་ནི་དཀྱིལ་འཁོར་དུ་བཅུག་ལ་སྔགས་ཀྱི་དམ་ཚིག་ཁས་ལེན་དུ་གཞུག་པའོ། །ཆོས་ཀྱི་རྒྱལ་པོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ལ་མངའ་མཛད་པ་སྟེ། ཆོས་བདག་མེད་པའི་དོན་ སྟོང་པ་ཉིད་ལས་ཀྱང་རྣམ་པ་སྣ་ཚོགས་སུ་སྟོན་པའི་ཕྱིར་རོ། །གནོད་སྦྱིན་ཁྱོད་ཤིན་ཏུ་ཁེངས་པ་ཞེས་བྱ་བ་ལ་སོགས་པ་ལ། གནོད་སྦྱིན་ནི་ཉོན་མོངས་པ་ཐམས་ཅད་ཟད་པར་བྱེད་པས་ན་གནོད་སྦྱིན་ཞེས་བྱ་བ་སྟེ། ཡི་དྭགས་ཀྱི་ཁམས་གནོད་སྦྱིན་མཐུ་བོ་ཆེ་ཐམས་ཅད་ཀྱི་བདག་པོ་མཛད་པས་ ན་ཕྱག་ན་རྡོ་རྗེ་ལ་ཡང་གནོད་སྦྱིན་ཞེས་གདགས་སོ། །ཁེངས་པ་ནི་སྲུན་པའོ། །ཤིན་ཏུ་མཐུར་བ་ནི་བསར་བའོ། །དེ་ལྟར་རྩུབ་ཅིང་མི་སྲུན་པས་སེམས་ཅན་ལ་ཇི་ལྟར་ཕན་གདགས་ཞེས་གསུངས་པའོ། །དེའི་ཕྱིར་བཅོམ་ལྡན་འདས་ཞེས་བྱ་བ་ཤིན་ཏུ་ཁེངས་པའི་ཕྱིར་ཞེས་བྱ་བ་ལ་ སོགས་པའི་དོན་ཏོ། །འདོད་པའི་བདེ་བ་ཅན་ཞེས་བྱ་བ་ནི་འདོད་པ་རྣམ་པ་ལྔ་དང་ལྡན་པའི་སེམས་ཅན་རྣམས་ཏེ། དབང་དང་ཞི་བ་དང་རྒྱས་པའི་ལས་ཀྱིས་བཏུལ་ཞེས་བྱ་བའི་དོན་ཏོ། །གསང་བ་ལ་སོགས་པས་སྦྱངས་ཏེ་ཞེས་བྱ་བ་བསད་པ་ནི་རང་བཞིན་བསྒྱུར་བ་ལ་བྱའོ། །སྲོག་ གཅོད་པ་ལ་མི་བྱ་སྟེ་སྔ་མའི་རང་བཞིན་མ་རུངས་པ་བསལ་ཏེ་ཕྱི་མའི་རང་བཞིན་ཞི་བར་བསྒྱུར་ཞེས་བྱ་བའི་དོན་ཏོ། །དོན་གྱི་ཕྱིར་དང་ཕན་པའི་ཕྱིར་དང་བདེ་བའི་ཕྱིར་ཞེས་པ་ཚེ་འདི་ལ་དོན་བདེ་བ་དང་ཕྱི་མ་ལ་ཕན་པ་དང་མྱ་ངན་ལས་འདས་པའི་ཕྱིར་ཞེས་རིམ་བཞིན་དུ་སྦྱར་རོ། ། ཕྱག་ན་རྡོ་རྗེའི་སྙིང་པོའི་སྔགས་ལ་སྤྱིར་ན་དོན་བཞི་སྟེ་བྱིན་གྱིས་བརླབ་པ་དང་། རང་བཞིན་བསྟན་པ་དང་། བསྐུལ་བ་དང་བོད་པའོ། །དེ་ལ་ཨོཾ་ནི་རྒྱུད་ཀྱི་བདག་པོ་རྣམ་པར་སྣང་མཛད་ཀྱི་བྱིན་གྱིས་བརླབས་པར་བསྟན་པ་སྟེ། ཨ་དང་ཨུར་ཕྲད་པས་ན་ཨོཾ། དེ་ལ་ཨ་ནི་ཨ་ནུད་པད་ སྟེ་ཆོས་ཐམས་ཅད་མ་སྐྱེས་པའི་དོན་ཏོ། །ཨུ་ནི་ཨུ་པ་དྲ་བ་སྟེ་གནོད་པ་མེད་དེ་འཚེ་བ་མེད་པ་ཞེས་བྱ་བའི་དོན་ཏོ། །ཀླད་ཀོར་ནི་སྟོང་པ་ཉིད་ཀྱི་དོན་དུ་སྟོན་ཏོ། །སུམྦྷ་བ་ནི་ཁྲོ་བའོ། །ནི་སུམྦྷ་ནི་ཁྲོ་བ་མེད་པའོ། །ཧཱུཾ་ནི་གསོད་པའོ། །དེས་ནི་རང་བཞིན་བསྟན་ཏེ། ཕྱག་ན་རྡོ་རྗེ་འདོད་པ་ དང་ཁྲོ་བོའི་རང་བཞིན་གདུག་པ་ཐམས་ཅད་སེལ་བའོ། །གྷྲྀ་ཧྞ་གྲྀ་ཧྞ་ནི་མ་རུངས་པ་རྣམས་ཟུང་ཤིག་ཅེས་པའོ། །གྷྲྀ་ཧྞཱ་པ་ཡ་ནི་འཛིན་དུ་ཆུག་ཅིག་པའོ། །ཨཱ་ན་ཡ་ནི་ཁུག་ཅིག་པ་སྟེ་དེ་དག་ནི་བསྐུལ་བའོ། །ཧོ་བྷ་ག་བཱན་བཛྲ་ཞེས་བྱ་བ་ནི་ཀྱེ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཞེས་བོད་ པའི་ཚིག་གོ། །ཧཱུཾ་ཕཊ་ཅེས་བྱ་བས་ཀྱང་རང་བཞིན་བསྟན་ཏེ་ཕཊ་ནི་གཏན་འཕོ་བའི་དོན་དུ་བསྙེགས་པའོ། །བཅོམ་ལྡན་འདས་ག་ལ་བ་དེར་ལྷགས་ཏེ་ཞེས་བྱ་བ་ལྷ་ཆེན་པོ་ལ་སོགས་པ་རི་རབ་རྩེ་མོར་འདོང་ནུས་པ་རྣམས་ནི་བཅོམ་ལྡན་འདས་ཀྱི་ཐད་དུ་ལྷགས་སོ། །དེར་འདོང་མི་ཕོད་ པ་རྣམས་ཀྱང་གླིང་བཞི་པ་ལ་སོ་སོའི་ཡུལ་ན་འདར་ཡེད་ཡེད་དེ་འཁོད་དོ། །གླིང་བཞི་པའི་འཇིག་རྟེན་གྱི་ཁམས་སུ་ཚོགས་པའི་དཀྱིལ་འཁོར་ཆེན་པོ་ཞེས་བྱ་བ་སྐབས་འདི་དག་ཏུ་དཀྱིལ་འཁོར་ཆེན་པོ་ཞེས་བྱ་བ་ནི་རང་གི་འཁོར་རམ་ཞབས་འབྲིང་ཕལ་པོ་ཆེ་ལ་བྱའོ། །སེམས་ཅན་ ཀུན་ལ་ཕན་པའི་ཕྱིར། །སངས་རྒྱས་ཀུན་གྱི་བྱིན་གྱིས་བརླབས། །ཞེས་བྱ་བ་ལ་སོགས་པ་ནི་བཅོམ་ལྡན་འདས་ཀྱིས་ཕྱག་ན་རྡོ་རྗེའི་རང་བཞིན་བསྟན་པ་སྟེ་སེམས་ཅན་ལ་ཕན་པའི་ཕྱིར་སངས་རྒྱས་ལྔ་རྣམས་ཀྱིས་ཀྱང་བྱིན་གྱིས་བརླབས་ཤིང་བཏང་པ་ནི་ཀུན་དུ་བཟང་པོ་ཕྱག་ན་ རྡོ་རྗེའོ། །དེའང་འདོད་པ་དང་ཁྲོ་བའི་རང་བཞིན་ཏེ། ཁྲོ་བས་མ་རུངས་པ་རྣམས་འདུལ་ཞིང་འདོད་པས་བདེ་བར་སྦྱོར་བས་རྣམ་པ་ཐམས་ཅད་དུ་མཛེས་པའི་ཕྱིར་ཀུན་དུ་བཟང་པོའོ། །དེ་ཉིད་ཀུན་གྱི་བདག་པོ་སྟེ་ཁམས་གསུམ་གྱི་གཙོ་བོ་ཞེས་པའི་དོན་ཏོ། །དེ་ཉིད་སངས་རྒྱས་ཐམས་ཅད་ཀྱི་རང་ བཞིན་ལས་སྐྱེས་པ་སྟེ་སྲས་ཞེས་བྱའི་དོན་ཏོ། །སྲས་དེ་ཡང་སུ་ཞེ་ན་ཕྱག་ན་རྡོ་རྗེ་གནོད་སྦྱིན་ཆེན་པོའོ། །གནོད་སྦྱིན་ཆེན་པོ་པས་ནི་ལྷ་ཆེན་པོ་ལ་སོགས་པ་མ་རུངས་པ་རྣམས་འཆོས་ཤིང་འདུལ་བ་ལ་དབང་སྟེ། དེ་ལྟ་བུའི་ཡོན་ཏན་དང་ལྡན་པས་ན་ཕྱག་ན་རྡོ་རྗེའི་མཚན་བརྗོད་པ་ཙམ་གྱིས་ཀྱང་ མཐར་བླ་ན་མེད་པའི་བྱང་ཆུབ་འཐོབ་པར་འགྱུར་རོ་ཞེས་བཤད་དེ། དགོངས་པ་རྣམ་པ་བཞིའི་ནང་ནས་དུས་ལ་དགོངས་པའི་དོན་དང་སྦྱར་རོ། །ཀྱེ་གནོད་སྦྱིན་ང་ནི་ཐམས་ཅད་ཀྱི་བདག་པོ་བྱེད་པའོ། །འཇོམས་པ་པོ་ཞེས་པ་ཕྱག་ན་རྡོ་རྗེ་ལ་ཀྱེ་གནོད་སྦྱིན་ཞེས་བོས་ནས་ཁམས་གསུམ་ཐམས་ཅད་ ཀྱི་བདག་པོ་ཆེན་པོ་ཡང་ང་ཡིན། དངོས་པོ་ཐམས་ཅད་ཀྱི་དང་པོའི་བྱེད་པ་པོ་དང་འཇོམས་ཤིང་མེད་པར་བྱེད་པ་དང་། སྐྱེ་བོ་ཐམས་ཅད་ཀྱི་བདག་པོ་ཡང་ང་ཡིན། དེ་བཞིན་དུ་ཚངས་པ་དང་གཏོགས་འདོད་ལ་སོགས་པ་ཡང་ང་ཡིན་པས་ན་ཁྱོད་ཀྱི་ངག་ང་མི་ཉན་ཞེས་སོ། །ཁྱོད་ནི་ལུས་སྲུལ་པོ་ མིའི་ཤ་ཟ་བ་ཞེས་པ་ལུས་སྲུལ་པོ་ནི་ཡི་དགས་ཀྱི་ཁམས་ཏེ། ལྷ་ཆེན་པོ་ཡང་ཡི་དགས་ཀྱི་བདག་པོ་ཡིན་པའི་ཕྱིར་རོ། །མིའི་ཤ་ཟ་བ་ནི་མི་ཐོད་ཀྱི་ནང་དུ་ཁ་ཟས་ཟ་བ་ལ་སོགས་པའི་ཕྱིར་རོ། །ཤ་ཟའི་ལུས་སྲེལ་བ་ནི་མི་ཐོད་དང་མི་རུས་ཀྱིས་བརྒྱན་པ་ལ་སོགས་པ་ཡི་དགས་ཀྱི་ཆ་ལུགས་འཛིན་ པའི་ཕྱིར་རོ། །ཚངས་པ་ཞེས་བྱ་བ་ནི་ཐར་པའོ། །གཏོགས་འདོད་ཅེས་བྱ་བ་ནི་མི་འགྱུར་བའོ། །ཚངས་པ་ནི་ཉོན་མོངས་པ་ཐམས་ཅད་ཀྱིས་མ་གོས་པ་སྟེ་མྱ་ངན་ལས་འདས་པའོ། །གཏོགས་འདོད་ནི་དངོས་པོ་ཐམས་ཅད་ཀྱི་ནང་དུ་འཇུག་པ་སྟེ་དངོས་པོ་ཐམས་ཅད་དུ་གཏོགས་པའི་ཚིག་དེ་ མི་འགྱུར་བ་སྟེ་ཐམས་ཅད་ཀྱི་བདག་ཉིད་དུ་བཤད་པའི་ཚིག་དེ་ངེས་པ་སྟེ་གཞན་དུ་མི་འགྱུར་བའོ། །དེ་དག་གི་རང་བཞིན་ནི་ང་ཉིད་ཡིན་པས་ན་ཁྱེད་ཐམས་ཅད་གདུལ་བའི་མཐུ་ང་ལ་ཡོད་དོ་ཞེས་པའི་དོན་ཏོ། །དེ་ནས་ལྷ་ཆེན་པོ་ཁྲོས་ནས་རང་གི་གཟུགས་ཁྲོ་བོའི་མདངས་ཆེན་པོར་བསྟན་ཏོ་ཞེས་ གསུངས་པ། འཇིགས་སུ་རུང་བ་ཆེན་པོའི་གཟུགས། །ཞེས་པ་ལ་སོགས་པ་ཐབས་ཆ་སྣ་ཚོགས་ཀྱིས་སྡིགས་རུ་བྱེད་པར་སྟོན་ཏོ་ཞེས་གསུངས་པ། རྡོ་རྗེ་དང་མདུང་རྩེ་གསུམ་པ། །ཞེས་བྱ་བ་ལ་སོགས་པ་འཁོར་འཇིགས་སུ་རུང་བ་མང་པོ་བསགས་ནས་སྡིགས་རུའི་ཚུལ་ བསྟན་ཏེ་ཞེས་གསུངས་པ། མ་རྣམས་ཀྱི་ཚོགས་དང་ཞེས་བྱ་བ་དེ་དག་གིས་རང་གི་རྫུ་འཕྲུལ་དང་མཐུ་སྣ་ཚོགས་པ་བསྟན་པ་རབ་ཏུ་འཐབ་ཅིང་ཤིན་ཏུ་འགྱེད་པ་གླིང་བཞིའི་འཇིག་རྟེན་གྱི་ཁམས་ཞེས་བྱ་བ་དག་གོ། །དེ་ནས་ཕྱག་ན་རྡོ་རྗེ་ཁྲོས་པའི་ཚུལ་བསྟན་པ་ཅུང་ཟད་མཆེ་བའི་ཐོག་མ་ གཙིགས་པའི་ཞེས་བྱ་བ་དག་གོ། །མཆེ་བ་ཅུང་ཟད་ཕྱུངས་ཏེ་གཙིགས་པའི་ཆུའི་རླབས་དང་འདྲ་བའི་ཁྲོ་གཉེར་བྱས་པ་མིག་ཕྱིར་མི་གློན་པའི་རྡོ་རྗེའི་བལྟ་བ་མིག་གཉིས་པ་ཟབ་མོའི་དོན་སྙིང་པོ་ལ་སོགས་རྣམ་པར་གྲོལ་བའི་ཚིག་གིས་ཤིགས་པ་བྱེ་བྲག་ཕྱེད་པ་ལ་སོགས་པའོ། །སྙིང་པོའི་མཆོག་ ནི་ཧཱུཾ་ཞེས་བྱ་བ་ཉིད་དེ་ཕྱག་ན་རྡོ་རྗེ་དང་པོའི་སེམས་དཔའི་སྙིང་པོ་ཡིན་པའི་ཕྱིར་རོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ཞེས་བྱ་བ་ཁམས་གསུམ་གྱི་བགེགས་དང་གནོད་པར་བྱེད་པ་ཐམས་ཅད་ལས་རྣམ་པ་སྣ་ཚོགས་སུ་རྒྱལ་བས་ན་དེ་སྐད་ཅེས་བྱའོ། །ཧཱུཾ་ཞེས་བྱ་བ་ནི་ཕྱག་ན་རྡོ་རྗེའི་རང་ བཞིན་བསྟན་པ་སྟེ་མ་རུངས་པ་དང་ཉོན་མོངས་པ་ཐམས་ཅད་གཏན་འཕོ་བར་བྱེད་པའི་དོན་ཏོ། །ཧཱུཾ་ཞེས་བརྗོད་པས་དབང་ཕྱུག་ཆེན་པོ་ལ་སོགས་པ་བྱེད་དེ་བཅོམ་ལྡན་འདས་ལ་སྐྱབས་སུ་སོང་ངོ་། །བཅོམ་ལྡན་འདས་ཀྱིས་ཀྱང་ལྷ་རྣམས་སྐྱབས་སུ་གསོལ་བ་ལ་ཅང་མ་གསུང་ན་ནི་སེམས་ཅན་གྱི་ དོན་ལ་བཏང་སྙོམས་སུ་མཛད་པས་ཐུགས་རྗེ་དང་མི་ལྡན་པར་འགྱུར། དེ་ལྟར་མ་བྱེད་ཅིག་ཅེས་ཕྱག་ན་རྡོ་རྗེ་ལ་ཟློག་ཏུ་ནི་གདུལ་བར་བྱ་བ་ཐམས་ཅད་མཐར་མི་ཕྱིན་པས་བར་མ་དོའི་ཚིག་ཏུ་ཁྱོད་རབ་ཏུ་མི་བསྒྲུངས་སོ་ཞེས་གསུངས་སོ། །ཧཱུཾ་ཞེས་བྱ་བས་སྡིགས་པ་མགོ་གླེངས་ནས་སྙིང་པོ་འདིས་ ལྷ་ཆེན་པོ་ལ་སོགས་པ་སྨ་ཕབ་སྟེ་བཏུལ་ལོ། །སྙིང་པོའི་དོན་ནི་གོང་དུ་བཤད་པར་འདུས་སོ། །དེ་བས་ན་ཐུལ་ལ་དབུགས་ཕྱུང་ཤིག་ཅེས་ལྷ་ཆེན་པོ་ལ་སོགས་པ་དེ་ལྟར་བཏུལ་བ་ནི་ལེགས་ཀྱིས་དེ་ལྟར་ཐུལ་ལ་ཐལ་བྱུང་དུ་མ་གསད་པར་སླར་གསོས་ཤིག་ཅེས་པའི་དོན་ཏོ། །དེ་དག་གི་དོན་ གྱི་ཕྱིར་རྡོ་རྗེའི་གཟུངས་བཅིང་བ་འདི་གསུངས་སོ། །ལྷ་ཆེན་པོ་ལ་སོགས་པ་དེ་དག་གསོ་བའི་དོན་གྱི་ཕྱིར་ཕྱག་ན་རྡོ་རྗེའི་གཟུངས་སྔགས་ཐམས་ཅད་དུ་ལུས་སྲོག་དང་བྲལ་བ་མི་འགྱུར་བར་འཆིང་བའི་དོན་ཏོ། །ཨོཾ་ནི་རྒྱལ་པོའི་སྙིང་པོའོ། །བཛྲ་དྲྀ་ཌྷོ་མེ་བྷ་བ་ཞེས་བྱ་བ་ནི་བདག་གི་རྡོ་རྗེ་བསྟན་པར་གྱུར་པ་ སྟེ། ཡེ་ཤེས་བསྟན་པས་ཐམས་ཅད་སྲུང་། །ཞེས་པའི་དོན་ཏོ། །རཀྵ་སརྦན་ཞེས་བྱ་བ་ནི་བསྐུལ་བ་སྟེ་ཐམས་ཅད་སྲུང་བའི་དོན་ཏོ། །སྭཱ་ཧཱ་ནི་ལེགས་པར་གསུངས་པ་སྟེ་ཞི་བའི་དོན་དུ་སྦྱར་བའོ། །དེ་ལྟར་གསོས་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང་ལྷ་ཆེན་པོ་ལ་སོགས་པ་ལ་ ཕྱག་ན་རྡོ་རྗེའི་བཀའ་ཉོན་ཅིག་པར་བསྐུལ་ནས་དེ་དག་གིས་ཀྱང་དེ་ལྟར་ཁས་བླངས་ཏེ་ཡང་ཕྱག་ན་རྡོ་རྗེས་རང་གི་སྙིང་པོ་བསྟན་ཏེ་དེ་དག་དབང་དུ་བྱ་བའི་ཕྱིར། ཧཱུཾ་ཊ་ཀི་ཧོ་འདི་ནི་འདོད་པའི་ཁྲོ་བོའི་རང་བཞིན་དུ་སྟོན་ཏེ། ཧཱུཾ་ནི་གཏན་འཕོ་བར་བྱེད་པའོ། །ཊ་ཀི་ནི་འདོད་པའི་རང་བཞིན་ནོ། ། ཧ་ནི་བོད་པའོ། །གྲོགས་པོ་དག་བྱང་ཆུབ་ཀྱི་སམས་ཀྱི་སྡོམ་པ་གཟུང་བར་ཁས་ལོང་ཤིག་ཅེས་པ་བྱང་ཆུབ་ནི་ཉོན་མོངས་པ་ཟད་པའི་ཡེ་ཤེས་དང་མི་སྐྱེ་བའི་ཡེ་ཤེས་སོ། །དེ་ལ་སེམས་ཤིང་འདོད་པ་ནི་བྱང་ཆུབ་ཀྱི་སེམས་སོ། །དེ་ཡང་རྣམ་པ་ལྔ་སྟེ། རྩོམ་པ་དང་། རྩོལ་བ་དང་། འཇུག་པ་དང་། གནས་པ་དང་། ལྡང་བའོ། །དེ་ལ་རྩོམ་པ་ནི་དང་པོ་ཐོས་པའི་ཤེས་རབ་ལ་གནས་ཏེ་བྱང་ཆུབ་འདོད་པའི་ཕྱིར་བདག་བླ་ན་མེད་པའི་བྱང་ཆུབ་ཏུ་གྱུར་ཅིག །སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ཞེས་སྨོན་པའོ། །རྩོལ་བ་ནི་མོས་པས་སྤྱོད་པའི་ས་ལ་གནས་ པས་ལུང་དང་རིགས་པ་ལ་བརྟེན་ཞིང་བསམ་པའི་ཤེས་རབ་ཀྱིས་ཆོས་དང་གང་ཟག་ལ་བདག་མེད་པར་མོས་པ་སྟེ། སྟོང་པ་ཉིད་དུ་སྩོལ་བ་ཞེས་བྱ་བའི་དོན་ཏོ། །འཇུག་པ་ནི་ཆོས་བདག་མེད་པ་ལ་རང་གིས་མྱོང་བར་འཇུག་པ་སྟེ་བྱང་ཆུབ་སེམས་དཔའི་ས་དང་པོ་ཐོབ་ཅེས་པའི་དོན་ཏོ། ། གནས་པ་ནི་ཆོས་ལ་བདག་མེད་པའི་དོན་ཅི་ལྟར་རྟོགས་པ་དེ་ལ་མི་གཡོ་བར་རྩེ་གཅིག་ཏུ་གནས་པའོ། །ལྡང་བ་ནི་སེམས་རྩེ་གཅིག་ཏུ་གནས་པ་ལས་བསོད་ནམས་ཀྱི་ཚོགས་ཆེན་པོ་བསྒྲུབ་པ་དང་། སེམས་ཅན་གྱི་དོན་མང་པོ་བྱ་བའི་ཕྱིར་དེ་ལས་ལངས་ཏེ་སྤྱོད་པ་རྒྱ་ཆེན་པོ་ལ་འཇུག་པའོ། །དེ་ལྟ་ བུའི་བྱང་ཆུབ་ཀྱི་སེམས་གང་ཡང་རུང་བ་མི་གཏོང་བར་དམ་འཆའ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་སྡོམ་པའོ། །ཡང་ན་བྱང་ཆུབ་ཀྱི་སེམས་དང་སྡོམ་པ་སོ་སོར་སྦྱར་ཏེ་བྱང་ཆུབ་ཀྱི་སེམས་ནི་གོང་དུ་སྨོས་པ་ལྟ་བུ་སྟེ་དེ་གཟུང་བར་བྱའོ། །སྡོམ་པ་ནི་སྔགས་ཀྱི་སྡོམ་པ་སྟེ་རིགས་བཞིའི་ དམ་ཚིག་འོག་ནས་འཆང་བ་རྣམས་སོ། །བྱང་ཆུབ་ཀྱི་སེམས་བརྟན་པར་བྱས་ཞེས་བྱ་བ་ལ་སོགས་པ་ནི་ལྷ་ལ་སོགས་པ་དམ་འཆའ་བར་བཞུག་པའི་དོན་བརྟན་པ་སྟེ། གོང་དུ་སྨོས་པ་ལྟ་བུའི་བྱང་ཆུབ་ཀྱི་སེམས་བརྟན་པ་སྲ་བར་བྱས་པ་ནི་སེམས་ཅན་ཐམས་ཅད་ལ་འཇིག་རྟེན་དང་འཇིག་རྟེན་ལས་ འདས་པའི་བདེ་བ་ཆེན་པོ་སྩོལ་ཏོ། །དེ་བས་ན་བྱང་ཆུབ་ཀྱི་སེམས་འདོད་པའི་རང་བཞིན་དང་། ཕྱག་ན་རྡོ་རྗེ་བདག་ཉིད་ཆེན་པོ་མཐུ་ཆེན་པོ་ལ་སྨད་པར་མི་བྱ་སྟེ་འདི་སྡོམ་པའི་དོན་གསང་བ་སྟེ། དམ་ཚིག་ཅན་མ་ཡིན་པ་རྣམས་ལ་མི་བསྟན་པའི་ཕྱིར་རོ། །དེ་ནས་དམ་ཚིག་འཛིན་དུ་གཞུག་པའི་སྔགས་ གསུངས་སོ། །དེ་ལ་ཨོཾ་ནི་དོན་སྔ་མ་བཞིན་ནོ། །བཛྲ་ས་མ་ཡ་ཨ་བྷི་ཥིཉྩ་ཞེས་བྱ་བ་ནི་ཕྱག་ན་རྡོ་རྗེའི་དམ་ཚིག་གི་དབང་བསྐུར་བ་ཞེས་བྱ་བའི་དོན་ཏོ། །མ་བྷི་ར་ག་ཡ་སརྦ་ཀརྨ་ན་ཞེས་བྱ་བ་ནི་དམ་ཚིག་གི་རང་བཞིན་བསྟན་པ་སྟེ་འདོད་པ་ཐམས་ཅད་ལ་མ་སྐྱོ་ཞིག་ཅེས་བྱ་བའི་དོན་ཏོ། །ཧཱུཾ་ཕཊ་ཅེས་ བྱ་བ་ནི་གཏན་འཕོ་བ་སྟེ་སྒྲིབ་པ་ཐམས་ཅད་སེལ་བའོ། །འདི་ནི་བདུད་ཀྱིས་སྨྲས་པས་ན་བདག་ཅག་མི་ཉན་ཏོ་ཞེས་གོང་དུ་དམ་ཚིག་སྨོས་པ་ལ་འདོད་པ་ཐམས་ཅད་ལ་མི་སྐྱོ་བར་བྱ་ཞེས་འབྱུང་བ་སྟེ་མི་རིགས་སོ་ཞེས་ལྷ་ཆེན་པོ་ལ་སོགས་པས་སྨྲས་པ་སྟེ། སངས་རྒྱས་ཀྱི་བྱང་ཆུབ་ནི་འདོད་ ཆགས་དང་བྲལ་བ་ཉིད་ཀྱིས་འཐོབ་བོ་ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པས་ན་འདོད་ཆགས་དང་བྲལ་བ་ནི་རིགས་ཀྱི་དེ་ལས་བཟློག་དེ་མི་རིགས་ཞེས་སྨྲས་སོ། །ཁྱེད་ཅག་གིས་ནི་འདི་ལ་མ་བརྙས་ཤིག་ཅེས་བྱ་བ་ལྷ་ཆེན་པོ་ལ་སོགས་པ་ཁྱེད་ཀྱིས་འདོད་པ་ལ་སྐྱོ་བར་མ་བྱེད་ཅིག་ ཅེས་བསྟན་པའི་དོན་འདི་ལ་བརྙས་ཤིང་ལོག་པ་ཡིན་ནོ་ཞེས་དེ་སྙམ་དུ་མ་སེམས་ཤིག །ད་ནི་ཇི་ལྟ་བུར་འདུལ་བ་བཞིན་དུ་བྱེད་པ་སྟེ་ཞེས་པ་སངས་རྒྱས་བཅོམ་ལྡན་འདས་ནི་སེམས་ཅན་ཇི་ལྟ་བུས་འདུལ་བ་དེ་ལྟ་བུའི་ཚུལ་དུ་མཛད་ཅིང་སྟོན་པ་སྟེ། འདོད་ཆགས་ཀྱི་སྤྱོད་པས་འདུལ་བ་ལ་ཡང་ འདོད་ཆགས་ཀྱི་སྤྱོད་པ་སྟོན་ཏེ། ཁྲོ་བས་འདུལ་བའི་སྤྱོད་པ་ལ་ཡང་ཁྲོ་བའི་སྤྱོད་པ་སྟོན་ཏོ། །ཇི་ལྟར་འདུལ་བ་བཞིན་དུ་བསྟན་པ་འདི་ཉིད་ཀྱི་ཐ་མར་ན་འཇིག་རྟེན་གྱི་ཁམས་འདི་སུན་འབྱིན་ཏེ་ཆགས་པའི་དངོས་པོ་མི་རུང་བར་ཡང་རྟོགས་པར་འགྱུར་རོ། །ལྷ་ལ་སོགས་པ་སོ་སོའི་སྐྱེ་བོ་རྣམས་མྱ་ ངན་ལས་འདས་པའི་བདེ་བ་ལ་ནི་མི་ཆགས་པར་བྱེད་ཀྱི། ཁམས་གསུམ་ན་འཁོར་བའི་སྡུག་བསྔལ་བ་ལ་ཆགས་པ་འདི་དག་ལ་མྱ་ངན་ལས་འདས་པའི་བདེ་བ་ལ་མི་ཆགས་པར་མ་བྱེད་ཅིག་ཅེས་བཤད་དོ། །དེ་དག་སྦྱང་བའི་ཕྱིར་ཞེས་བྱ་བ་འདོད་ཆགས་ལ་སོགས་པ་སྒྲིབ་པ་དེ་དག་སྦྱང་ བའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཉིད་ཀུན་དུ་བཟང་པོ་སྟེ། ཕྱག་ན་རྡོ་རྗེ་དེ་སངས་རྒྱས་ལྔ་རྣམས་ཀྱི་ཡེ་ཤེས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དེ་ལྟར་རིགས་པའི་གཞུང་བཤད་ནས། དེ་ནས་ཕྱག་ན་རྡོ་རྗེས་ཡང་དམ་ཚིག་འཛིན་ དུ་གཞུག་པའི་སྔགས་གོང་མ་བཟླས་ཏེ་གསུངས་སོ། །དེ་ནས་སློབ་མ་དཀྱིལ་འཁོར་དུ་ཞུགས་ནས་ལག་ཏུ་རྡོ་རྗེ་བྱིན་ཏེ། དེའི་སྔགས་བྱིན་ནས་རྡོ་རྗེ་དབང་བསྐུར་བར་བསྟན་པ་དེ་ནས་ཡང་ཕྱག་ན་རྡོ་རྗེ་ལག་ཏུ་རྡོ་རྗེ་བྱིན་ཏེ་ཞེས་བྱ་བ་ལ་སོགས་པའོ། །རྡོ་རྗེ་དབང་བསྐུར་བ་ནི་རྡོ་རྗེའི་ རིགས་སུ་ངེས་པར་བཞག་པའི་ཕྱིར་རས་ཡང་ན་རྡོ་རྗེ་ནི་ཡེ་ཤེས་ཀྱི་མཚན་མ་སྟེ། ཡེ་ཤེས་ཀྱི་བྱིན་གྱིས་བརླབས་ཞེས་བྱ་བའི་དོན་ཏོ། །དེ་ལ་སྔགས་ཀྱི་དོན་ནི་འདི་ལྟ་སྟེ། ཨོཾ་ནི་རྒྱས་པའི་སྙིང་པོ་སྔ་མ་བཞིན་ནོ། །པ་ནས་ཏྭེའི་བར་དུ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་འཛིན་པའོ་ ཞེས་ཡེ་ཤེས་ཀྱི་མཚན་མ་རྡོ་རྗེ་དབང་བསྐུར་བ་སྟེ་རྡོ་རྗེ་འཛིན་པ་ནི་རྡོ་རྗེའི་རིགས་ཀྱི་སྔགས་པ་ཞེས་བྱ་བའི་དོན་ཏོ། །བཛྲ་པཱ་ཎི་ནི་བོད་པའི་དོན། །ཧྲཱི་ནི་བསྔགས་པ་སྟེ་གཟུགས་སྣ་ཚོགས་ཞེས་པའི་དོན་ཏོ། །ཧ་ནི་བལྟ་བའི་དོན་ཏོ། །གྲངས་བཞི་སྨོས་པ་ནི་རིངས་པའམ་བསྟན་པ་སྟེ་ གཟུགས་སྣ་ཚོགས་སུ་བལྟ་ཞེས་པའི་དོན་ཏོ། །དེ་ལྟར་རྡོ་རྗེས་དབང་བསྐུར་ནས་སྔོན་གྱི་བསྙེམས་པ་དང་བལྟ་བ་བཏང་སྟེ་ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་དུ་ཞུགས་ནས་རང་བཞིན་ཐམས་ཅད་བརྗེ་བའི་ཕྱིར་མིང་ཡང་བརྗེ་དགོས་ཏེ། དེ་བས་ན་ལྷ་ཆེན་པོ་ལ་སོགས་པ་རྡོ་རྗེ་ལས་དྲངས་པའི་མིང་ བཏགས་སོ་ཞེས་གསུངས་པ། དེ་ནས་རྡོ་རྗེ་མིང་གི་དབང་བསྐུར་བ་བྱིན་པ་ནི་ཞེས་བྱ་བ་ལ་སོགས་པའོ། །མིང་གི་དབང་བསྐུར་བ་ཞེས་བྱ་བ་ནི་མིང་ངེས་པར་བཏགས་ཞེས་བྱ་བའི་དོན་ཏོ། །མིང་ཀུན་གྱི་གླད་ལ་རྡོ་རྗེ་སྨོས་པ་ནི་ཕྱག་ན་རྡོ་རྗེས་བཏུལ་ལ་རྡོ་རྗེའི་རིགས་ ཀྱི་དཀྱིལ་འཁོར་དུ་ཞུགས་པའི་ཕྱིར་དང་། ཡེ་ཤེས་ཀྱི་མཚན་མ་རྡོ་རྗེས་བྱིན་གྱིས་བརླབས་པའི་ཕྱིར་ཀུན་ཀྱང་རྡོ་རྗེ་ལས་དྲངས་སོ། །དབང་ཕྱུག་ཆེན་པོ་ནི་ལྷ་ཆེན་པོ་སྟེ་དེ་ནི་རྡོ་རྗེའི་རིགས་པ་དམ་པར་མིང་བཏགས་ཏེ་འཇིག་རྟེན་གྱི་རིག་པ་རྣམས་ཀྱི་ནང་ན་གཙོ་བོ་ཡིན་པའི་ཕྱིར་རོ། ། གཞན་ཡང་མིང་ཁ་ཅིག་ནི་དགའ་མགུར་བཏགས་པར་ཟད་པས་དོན་བཤད་དུ་ཡང་མེད་དོ། །ཁ་ཅིག་ནི་རང་བཞིན་དང་ལས་ཀྱི་སྒོ་ནས་མིང་དུ་བཏགས་པས་བཤད་དུ་ཡོད་པ་རྣམས་ནི་ཅུང་ཟད་བཤད་པར་བྱའོ། །མཐུ་བོ་ཆེ་ནི་གཏོགས་འདོད་ལ་བྱ་སྟེ་སྒྱུ་མ་སྣ་ཚོགས་པ་སྟོན་པས་ན་སྒྱུ་ མའོ། །ཚངས་པ་ནི་ཐུབ་པའི་རྡོ་རྗེ་སྟེ་མི་སྨྲ་བའོ། །མི་སྨྲ་བ་ནི་སྙོམས་པར་འཇུག་པའི་ཕྱིར་རོ། །ས་ནང་གཞོན་ནུ་ནི་ལྷ་ཆེན་པོའི་བུའོ། །དབང་པོ་ནི་ལྷ་སྟེ་སུམ་ཅུ་རྩ་གསུམ་གྱི་བདག་པོའོ། །འཐབ་ཆ་ནི་མཚོན་ཆ་ལ་སོགས་པའོ། །འཇིག་རྟེན་གསུམ་གྱི་དབང་པོ་ཞེས་བྱ་བ་ནི་འཇིག་ རྟེན་པའི་ལྷའི་ནང་ན་གཙོ་བོ་ཡིན་པའི་ཕྱིར་རོ། །རིག་པའི་རྒྱལ་པོར་དབང་བསྐུར་བ་ནི་ཕྱི་རོལ་གྱི་རིག་པ་རྣམས་ཀྱི་གཙོ་བོར་བསྐོས་པ་སྟེ་རིག་པ་ནི་ཉེ་བར་བསྟན་གྱི། ཕ་རོལ་གྱི་སྔགས་རྣམས་ཀྱི་གཙོ་བོ་ཡིན་ནོ། །ཡང་ན་སྔགས་ཀྱང་མ་རིག་པའི་མུན་པ་སེལ་བའི་མཐུ་ཡོད་པས་རིག་པར་བཤད་དེ་ དེའི་གཙོ་བོ་ཞེས་བྱ་བའི་དོན་ཏོ། །བར་སྣང་ནི་ཉི་ཟླ་རྒྱུ་བའི་ཕྱོགས་ཀྱི་ནམ་མཁའོ། །རྡོ་རྗེ་འཁྱིལ་པ་ནི་ཉི་མའོ། །ཟླ་བ་ནི་རྡོ་རྗེ་འོད་དོ། །རྡོ་རྗེ་བེ་ཅོན་ནི་གཟའ་སྤེན་པ་ལ་བྱའོ། །སྐྱེ་བླིང་ནི་མིག་དམར་ལ་བྱའོ། །དེ་རྣམས་ནི་ཕྱི་རོལ་གྱི་ཁྲོ་བོའོ། །མ་རུངས་པ་ཐམས་ཅད་ཐག་འཛུད་ པར་དབང་བསྐུར་རོ། །ནམ་མཁའ་ལ་རྒྱུ་བ་ནི་ས་ལ་འཕགས་པའི་ནམ་མཁའ་ལ་རྒྱུ་བ་སྟེ་ཆང་གིས་མྱོས་པ་ལ་སོགས་པ་བཞི་ནི་བགེགས་ཀྱི་གཙོ་བོ་སྟེ། དེ་དག་ནི་ཕྱག་ན་རྡོ་རྗེའི་ཞམ་རིང་བའི་ཚོགས་མང་པོའི་གཙོ་བོར་དབང་བསྐུར་རོ། །ས་པ་ནི་སའི་སྟེང་ན་སྤྱོད་པ་སྟེ་ཕོ་ཉར་བསྐོས་པའོ། ། འོག་ན་གནས་པ་ནི་ས་འོག་ན་གནས་པའི་ལྷ་རྣམས་ཏེ་དེ་དག་ནི་བྲན་དུ་བསྐོས་པའོ། །དེ་དག་ཐམས་ཅད་ཀྱང་སངས་རྒྱས་བཅོམ་ལྡན་འདས་དང་ཕྱག་ན་རྡོ་རྗེའི་འཁོར་ཏེ། དཔེར་ན་འཇིག་རྟེན་གྱི་རྒྱལ་པོ་ལ་ལས་ཀྱི་སྒོ་འདིར་སྨྲས་པ་ཐམས་ཅད་དགོས་པ་དེ་བཞིན་དུ་ཆོས་ཀྱི་རྒྱལ་པོ་ཆེན་ པོ་རྣམ་པར་སྣང་མཛད་དང་། ཕྱག་ན་རྡོ་རྗེའི་འཁོར་ཐམས་ཅད་ཀྱང་ཚུལ་དེ་ལྟ་བུར་བལྟའོ། །དེ་ནས་ལྷ་ཆེན་པོ་ལ་སོགས་པ་བཙུན་མོ་རྣམས་ཀྱང་མིང་གི་དབང་བསྐུར་ཏེ། ལས་སོ་སོར་བསྐོས་པ་དེ་ནས་འཇིག་རྟེན་གསུམ་གྱི་བདག་པོ་ལྷ་ཆེན་པོ་ཞེས་བྱ་བ་ལ་སོགས་པའོ། །ཉོན་མོངས་ མ་ནི་ལྷ་ཆེན་པོའི་བཙུན་མོ་སྟེ་དེ་བཞིན་དུ་ལྷ་སོ་སོའི་བཙུན་མོར་རིམ་བཞིན་དུ་སྦྱར་རོ། །དེ་བཞིན་དུ་ས་འོག་མ་རྣམས་ཀྱི་བར་དུ་བཙུན་མོའི་རིམ་བཞིན་དུ་བཙུན་མོ་རྣམས་ཀྱང་དེ་དག་གི་བཙུན་མོ་ཡིན་པར་རིག་པར་བྱའོ། །དེ་ནས་ཕྱག་ན་རྡོ་རྗེས་བྱང་ཆུབ་སེམས་དཔའ་ཆེན་ པོ་དེ་དག་ཐམས་ཅད་བཙུད་དེ་སངས་རྒྱས་ཀྱི་ཡེ་ཤེས་བསྐྱེད་ནས་རྡོ་རྗེ་དམ་ཚིག་སྦྱིན་པ་ཞེས་བྱ་བ་སློབ་མ་དེ་དག་ཐམས་ཅད་དཀྱིལ་འཁོར་དུ་བཙུད་ནས་སངས་རྒྱས་ཀྱི་ཡེ་ཤེས་མི་གཉིས་པའི་དོན་བསྟན་ཏེ། རྟོག་པ་དང་མོས་པ་ཅི་ལྟར་བསྐྱེད་ནས་སོ་སོ་རང་གི་དམ་ཚིག་གི་སྔགས་ བརྗོད་དོ། །དམ་ཚིག་གི་སྔགས་ས་འོག་མའི་ས་ཡན་ཆད་ཀུན་ཀྱང་སྤྱིའི་དོན་དུ་འདྲ་སྟེ། དགུག་པ་དང་མཆོད་པ་དང་བྱིན་གྱིས་བརླབ་པ་ལ་སོགས་པའི་ལས་བྱེད་པའི་ཚེ་དམ་ཚིག་གི་སྔགས་འདི་དག་བརྗོད་པར་བྱའོ། །དེ་ལ་རིག་པའི་རྒྱལ་པོ་ལ་སོགས་པའི་དམ་ཚིག་གི་སྔགས་འདི། ཨོཾ་ བ་ལི་ཏོ་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་ཨོཾ་གྱི་དོན་ནི་རྒྱས་པའི་སྙིང་པོ་སྟེ་སྔ་མ་བཞིན་ནོ། །བ་ལི་ཏོ་བ་ལེ་ཏ་ཞེས་བྱ་བ་ནི་དེ་དག་གི་རང་བཞིན་བསྟན་པ་སྟེ་གཅུ་ཞིང་བསྒྱུར་བའི་གར་བྱེད་པའོ། །བཛྲ་ཀ་རི་ཤ་དང་ཛྭ། །ཞེས་བྱ་བ་ནི་ལས་བསྟན་པ་ཏེ་དགུག་པའོ། །ལྷ་རྣམས་དགུག་པའོ་ ཞེས་བྱ་བ་ནི་རིག་པ་དམ་པ་ལ་སོགས་པ་ལྷ་རྣམས་དགུག་པ་ལ་སོགས་པའི་དོན་ཏོ། །བར་སྣང་བའི་སྔགས་ནི་ཧཱུཾ། །ཞེས་བྱ་བ་ལ་སོགས་པའོ། །ཧཱུཾ་ནི་གཏན་འཕོ་བ་སྟེ་གདུག་པ་ཐམས་ཅད་སེལ་བའི་དོན་ཏོ། །བ་ནས་ཡཾ་གི་བར་དུ་རྡོ་རྗེ་མཆོག་གི་དམ་ཚིག་གིས་གཟིར་བ་སྟེ། དམ་ཚིག་ ལས་མི་འདའ་ཞེས་བྱ་བའི་དོན་ཏོ། །ཧཱུཾ་ཞེས་བྱ་བ་ནི་བྱོས་ཤིག་པར་བསྒོམ་པའོ། །ནམ་མཁའ་ལ་རྒྱུ་བའི་སྔགས་ནི་ཨོཾ་ཞེས་བྱ་བ་ལ་སོགས་པའོ། །དེ་ནི་རྡོ་རྗེ་ཕྲེང་བའི་མཆོག་བཅིངས་པའོ་ཞེས་རང་བཞིན་གྱི་དོན་བསྟན་པའོ། །ས་ལ་རྒྱུ་བ་ནི་ལྷ་རྣམས་ཏེ། ཨོཾ་ བཛྲ་བྷནྡྷ་ཧཾ་ཞེས་བྱ་བ་ནི་རྒྱས་པའི་སྙིང་པོ་དང་བཅས་པ་རྡོ་རྗེ་བཅིངས་པ་ལྟོས་ཤིག་ཅེས་པའི་དོན་ཏོ། །ས་འོག་མ་པ་རྣམས་ཀྱི་སྔགས་ནི། ཨོཾ་བཛྲ་པ་ཏ་ལ་ཞེས་བྱ་བ་ལ་སོགས་པ་སྟེ་བཛྲ་པ་ཏ་ལ་ནི་ས་འོག་མ་པ་སྟེ་རང་བཞིན་བསྟན་པའོ། །བཉྫ་དང་ཧཱུཾ་ཕཊ་ཀྱིས་ནི་ལས་བསྟན་ པ་སྟེ་མ་རུངས་པའི་ཕྱོགས་གཞོམ་པ་དང་། གཏན་འཕོ་བར་གྱིས་ཤིག་པའི་ཐ་ཚིག་གོ། །རིག་པའི་རྒྱལ་མོ་མན་ཆད་ནས་ས་འོག་མ་ཡན་ཆད་བུད་མེད་ཀྱི་དམ་ཚིག་གི་སྔགས་ནི། ཨོཾ་ཧེ་རུ་ཀ་ལ་སོགས་པའོ། །ཧེ་རུ་ཀ་བཛྲ་ས་མ་ཡ་ཞེས་བྱ་བ་ནི་རང་བཞིན་བསྟན་པ་སྟེ་ཁྲོ་བོ་རྡོ་རྗེ་ དམ་ཚིག་ཅེས་བྱ་བའི་དོན་ཏོ། །དེ་ཡན་ཆད་ཀྱིས་ནི་ལས་བསྟན་པ་སྟེ་མ་རུངས་པ་ཐམས་ཅད་ཀྱི་དམ་ཚིག་དང་ཕྱག་རྒྱ་འཇོམས་པར་བྱེད་པ་སྟོན་ཏོ། །དེ་ནས་བཅོམ་ལྡན་འདས་ལ་ཕྱག་ན་རྡོ་རྗེས་བདག་གིས་སེམས་ཅན་འདུལ་བའི་སུག་ལས་བགྱིས་པ་ནི་གོང་དུ་སྨོས་པ་ལྟ་བུ་ ནི་གཞན་ཡང་མ་རུངས་པ་མི་སྲུན་པའམ་བ