Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 46

Văn bản gốc(Tây Tạng)

Trang 17 / 23 (50.000 ký tự/trang)
བྱའོ། །དེ་ནས་དགུག་པའི་སྦྱོར་བ་གསུངས་པ། ཀུ་རུ་ཀུལླེ་རབ་སྒྲུབ་ཐབས། །དེ་ནས་ཡང་དག་བཤད་བྱ་བ། །གང་ཞིག་བསྒོམས་པ་ཙམ་གྱིས་ནི། །ཀླུ་ཡི་བུ་མོ་རབ་འགུགས་པ། །ཞེས་
བྱ་བ་ལ་ཀུ་རུ་ནི་དགུག་པ་སྟེ། ཀུལླེ་ནི་རབ་ཏུ་འཇིགས་པར་མཛད་པའོ། །རབ་སྒྲུབ་ཅན་ནི་གདུག་པ་ཚར་གཅོད་པའི་ཐབས་སོ། །བསྒོམ་པ་རབ་ཀྱི་མཐར་ཕྱིན་ཙམ་ན་རྣལ་འབྱོར་པ་གང་གིས་བསྒོམས་པ་ཙམ་གྱིས་ཀླུའི་བུ་མོ་རབ་ཏུ་འགུགས་པར་ནུས་སོ། །འདིར་ཚོགས་བསགས་པ་ལ་
སོགས་པ་སྔོན་བཞིན་ཏེ། གཞལ་ཡས་ཁང་གི་དཀྱིལ་དུ་ཟླ་བ་ལ་གནས་པའི་ཧྲཱིཿའི་ས་བོན་ལས་རིན་པོ་ཆེས་མཚན་པའི་སྦྲུལ་གྱི་ཞགས་པ་ལས་སྐྱེས་པའི་ཁ་དོག་དམར་པོ་ཞལ་བཞི་པ་གཡས་པ་དང་གཡོན་པ་སྔོ་བ་དང་དཀར་བ་ནམ་མཁའི་ཞལ་གསེར་གྱི་མདོག་ཅན་ཕྱག་རྒྱ་དང་ལྡན་
པ་ལ་ཀླུའི་རྒྱལ་པོ་བརྒྱད་བཀོད་དེ། ཀླུའི་རྒྱལ་པོ་མཐའ་ཡས་དང་། ཏཀྵ་ཀ་དཀར་པོ་དང་། རིགས་ལྡན་སྣ་ཚོགས་པའི་མདོག་ཅན་དང་། དུང་སྐྱོང་སེར་པོ་དག་ནི་གཡས་ནའོ། །པདྨ་དཀར་པོ་དང་། ཀརྐོ་ཊ་ལྗང་གུ་དང་། ནོར་རྒྱས་ཀྱི་བུ་ན་རོས་དང་། པདྨ་ཆེན་པོ་པདྨའི་རྩ་བ་ལྟར་དཀར་
དམར་དུ་གནས་པ་གཡོན་དུ་དགོད། ལུས་ཐམས་ཅད་སྦྲུལ་ཐམས་ཅད་ཀྱིས་རབ་ཏུ་བརྒྱན་པ་བསྐྱེད་ལ་རྫོགས་པ་དང་བྱིན་གྱིས་བརླབ་ཅིང་དབང་བསྐུར་ལ་དགུག་ཅིང་བསྟིམ་སྟེ་མཆོད་བསྟོད་ཀྱིས་མཉེས་པར་བྱས་ལ། སྙིང་གར་ཉི་མ་ལ་གནས་པའི་ཧྲཱིཿའི་འོད་ཟེར་གྱིས་མཐའ་ཡས་ཀྱི་སྙིང་
གའི་ཧྲཱིཿབསྐུལ་ཏེ། དེའི་འོད་ཀྱིས་ཀླུའི་བུ་མོ་སྔོ་བསངས་ཀྱི་ཅོད་པན་ནས་ཉེ་བར་བཟུང་སྟེ་སྔོ་བསངས་མཛེས་མ་བཀོད་ལ་མདུན་དུ་དགོད་པར་བྱའོ། །ཏིང་ངེ་འཛིན་དང་ལྡན་པ་རྩེ་གཅིག་པའི་ཡིད་ཀྱིས་རབ་ཏུ་འཁྲུགས་པའི་བཟླས་པ་བྱ་བ་སྟེ། ཁྲི་དང་བཅུའི་ཆ་ཉིད་ཐུན་གཅིག་གིས་ཡོངས་སུ་

རྫོགས་པར་བྱའོ། །དེ་ནས་ལྷན་ཅིག་སྐྱེས་པའི་སྟོབས་རབ་ཏུ་ངོ་མཚར་བ་འཕེལ་བར་བྱ་བའི་དོན་དུ་རྡོ་རྗེ་ལུས་མེད་ཀྱི་ལྷའི་བུ་མོ་དགུག་པ་གསུངས་པ། དེ་ནས་གསང་བ་བཤད་བྱ་བ། །བསྡུས་ནས་ཡིན་གྱི་རྒྱས་པ་མིན། །གང་གིས་ཤེས་པ་ཙམ་གྱིས་ནི། །ལྷ་ཡི་
བུ་མོ་འགུགས་བྱེད་པ། །ཞེས་བྱ་བ་ལ་གསང་བ་ནི་སངས་རྒྱས་ཀུན་གྱི་ཐུགས་ཏེ་དབྱེར་མི་ཕྱེད་པའི་ཡེ་ཤེས་དེ་ཉིད་ཀྱི་ཆོས་ཐམས་ཅད་དེའི་བདག་ཉིད་དུ་བྱེད་ཅིང་དེ་ཉིད་ནི་རིག་པ་མཆོག་ལ་རག་ལས་པས་དེའི་བདག་ཉིད་མཚན་དང་ལྡན་པ་རིག་མ་བསྒྲུབ་སྟེ། ཉན་ཐོས་ལ་སོགས་པའི་ཡུལ་
མ་ཡིན་པའི་ཕྱིར་གསང་བའོ། །བསྡུས་ནས་ཡིན་གྱི་ཞེས་བྱ་བ་ནི་སྒྲུབ་པ་པོའི་བདག་ཉིད་དུ་བྱས་པའོ། །རྒྱས་པ་མིན་པ་ནི་སྤྲོས་པ་ཞི་བའི་སྒྲུབ་ཐབས་ཏེ། ན་ཏ་ཀུ་པའི་རྒྱུད་འབུམ་པ་ལས་དགུག་པའི་སྦྱོར་བ་སྟོབས་ཆེན་ལ་སོགས་པ་མིན་པས་སོ། །གང་ཞིག་ནི་བསྒྲུབ་པར་བྱ་
བ་བདག་ཉིད་དེ། །གང་གིས་ཞེས་བྱ་བ་དང་ཡང་སྦྱར་རོ། །ཤེས་པས་ནི་གུས་པའི་སྟོབས་ཅན་གྱིས་བསྒོམ་པའོ། །ཙམ་ཞེས་བྱ་བ་ནི་ལྷག་མི་དགོས་པ་སྟེ་ཡོངས་སུ་དག་པའི་སྦྱོར་བ་འདི་དག་གིས་སོ། །ལྷ་ནི་བདེ་བའི་ཡུལ་ལ་ལོངས་སྤྱོད་པ་སྟེ། བུ་མོ་ནི་རིགས་གསུམ་དུ་བསྡུའོ། །
དེ་ཡང་ལྷན་ཅིག་སྐྱེས་པའི་བདེ་བ་སྟོབས་ཆེ་བ་དང་། ལོངས་སྤྱོད་ཀྱི་མཐུ་ཐོགས་པ་མེད་པར་ཡོད་པ་དང་། སྤྱོད་ལམ་རབ་ཏུ་སྦྱངས་པ་དག་གིས་ཕན་འདོགས་པའོ། །དེ་ཡང་རྟགས་འདི་དག་གིས་ཤེས་པར་བྱ་སྟེ་སྔོ་བསངས་མེ་ཏོག་གིས་རབ་ཏུ་སྤྲས་པ་དང་། དབྱངས་དང་ལྡན་པའི་རིན་པོ་ཆེས་
རབ་ཏུ་སྤྲས་ཤིང་དམར་སེར་དུ་གནས་པ་དང་། རྒྱན་དང་བྲལ་བ་རང་བཞིན་གྱི་རྒྱན་གྱིས་སྤྲས་ཤིང་དཀར་ཤམ་གྱི་མདོག་ཅན་ནོ། །འགུགས་པར་བྱེད་པའི་སྦྱོར་བ་ནི་གསུམ་སྟེ། བཤད་པའི་རྒྱུད་ལས། རྣལ་འབྱོར་སྤྱོད་པའི་ཏིང་ངེ་འཛིན། །འགུགས་པར་གུར་གུམ་གྱི་གཟུགས་ཏེ། །
འགུགས་པ་ཡང་ནི་གཙོ་ཞེས་བྱ་བ་ནི་མན་ངག་གོ། །འདི་ཡང་སྔོན་དུ་འགྲོ་བའི་བྱ་བ་ཡོངས་སུ་རྫོགས་ནས་གཞལ་ཡས་ཁང་གི་དཀྱིལ་དུ་ཟླ་བ་ལ་གནས་པའི་ཧྲཱིཿལས་ཡང་དག་པར་བྱུང་བའི་སྐུ་ཕྱག་གཉིས་པ་ལ་ཞལ་གཅིག་པ་སྟེ། ཕྱག་གཡས་པ་ན་མུ་ཏིག་གི་མདོག་ཅན་གྱི་མདའ་དང་།

གསེར་གྱི་མདོག་ཅན་གྱི་གཞུ་གཡས་གཡོན་ན་བསྣམས་པའོ། །ལུས་སེར་པོ་དང་། དཔག་ཚད་བརྒྱད་ཁྲིའི་ཚད་ཙམ་དུ་ཁྱད་པར་དུ་ཆེ་བ་རྡོ་རྗེ་ལུས་མེད་ཅེས་བྱ་སྟེ། འཇིག་རྟེན་གྱི་ལུས་ལས་ཁྱད་པར་དུ་གྱུར་པའི་ཕྱིར་རོ། །ཤར་ལ་སོགས་པའི་ཕྱོགས་སུ་དགའ་མ་ལ་སོགས་པ་བཞི་དགོད་པར་
བྱའོ། །འདོད་པའི་ལྷ་མོ་ཞེས་བྱ་བ་ནི་གཙོ་བོ་ལ་རབ་ཏུ་ཕྱོགས་ཤིང་གུས་པ་རྙེད་པའོ། །ཐམས་ཅད་ཀྱི་ཕྱག་ཏུ་མདའ་དང་གཞུ་བསྒོམ་ཞེས་བྱ་བ་ནི་གཙོ་མོ་དང་རྗེས་སུ་མཚུངས་པར་རོ། །ཁྱད་པར་གྱི་ཁ་དོག་གསུངས་པ། སེར་དང་ཞེས་བྱ་བ་ལ་སོགས་པའོ། །མཚམས་རྣམས་ཞེས་བྱ་བ་ནི་མེ་ལ་
སོགས་པའི་མཚམས་བཞིའོ། །རྟག་དགོད་ཅེས་བྱ་བ་ནི་གཙོ་བོ་ཇི་སྲིད་གནས་པ་དེ་སྲིད་དུའོ། །མི་འགག་ཅེས་བྱ་བ་ལ་སོགས་པ་ནི་མེ་ཏོག་ལ་སོགས་པ་བཞིན་ནོ། །འདོད་པས་འགྱིང་བ་ལ་སོགས་པ་ནི་སྒོ་བཞི་སྟེ་ཐོ་བ་ལ་སོགས་པ་བཞིའོ། །དབང་བསྐུར་བའི་དུས་དྲན་པ་འབྲེལ་པ་ནི། ལྷ་རྣམས་
དེ་དག་ཐམས་ཅད་ཀྱི། །དབུ་ལ་གཤིན་རྗེ་གཤེད་པོ་བསྒོམ། །ཞེས་བྱ་བ་ལ་མི་བསྐྱོད་པའི་དཀྱིལ་འཁོར་ཆེན་པོ་ལས་འོངས་པའི་ལྷ་མོ་བཞིས་དབང་བསྐུར་བ་ནི་བསྲེགས་ཤིང་སྦྱངས་པའི་རྗེས་ལ་བསྒྲུབ་པའི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་དབུ་ལ་མཚུངས་པར་གཤིན་རྗེ་གཤེད་པོ་བསྒོམ་མོ། །དབང་
བསྐུར་བའི་དཀྱིལ་འཁོར་གྱི་གཙོ་བོ་ལ་ནི་མ་ཡིན་ནོ། །བསྒྲུབ་བྱ་དགུག་པའི་དུས་སུ་སྦྱོར་བ་གསུངས་པ། བུད་མེད་ཀྱི་ནི་པདྨ་རུ། །རྡོ་རྗེ་ལུས་མེད་བསྒོམ་པར་བྱ། །ཞེས་བྱ་བ་ལ་བུད་མེད་ནི་མངོན་པར་འདོད་པའི་ལྷ་མོའི་པདྨའོ། །རྡོ་རྗེ་ལུས་མེད་ནི་ལུས་མེད་པ་སྟེ་ཡིག་འབྲུ་དང་ཐ་མི་དད་པས་སིདྡྷི་བསྒོམ་
པར་བྱའོ། །དེ་ནས་བདག་གིས་སྦྱོར་བ་རབ་ཏུ་རྒྱས་པར་བཀང་བའི་མདའ་འཕངས་པས་རབ་ཏུ་འཚེར་ཞིང་དང་པོའི་ཁ་དོག་ལྔའི་མདངས་རིམ་གྱིས་མགོ་དང་མགྲིན་པ་དང་ལྟེ་བ་དང་གསང་བ་རྣམས་སུ་ཕུག་པར་གྱུར་པས་མྱོས་པ་དང་རྨོངས་པ་དང་འདར་བ་དང་ལྷུང་བ་དང་རྒྱས་པར་བསམ་མོ། །དེ་ནས་
འཕྲོས་པའི་འོད་ཟེར་གྱིས་བཀུག་ཅིང་བསྟིམས་ཏེ་རྐང་པའི་དྲུང་དུ་ལྷུང་བར་བསམ་མོ། །དེའི་ཕྱིར་བདག་གིས་བསྐྱེད་པའི་ཡི་གེ་ཡཾ་སིདྡྷཾ་ལས་ཡང་དག་པར་བྱུང་བའོ། །ཀུན་དུ་འཁོར་བ་རྣམ་པར་འཕྲོ་བ་ནི་འོད་ཟེར་རོ། །སྒྲུབ་པ་ནི་རང་གི་འདོད་པར་བྱའོ། །གཡེངས་པ་ནི་རང་རྒྱུད་མྱོས་པའོ། །མྱོས་པས་

བདེ་བའི་ཡིད་འདོད་ཀྱི། །ཞེས་བྱ་བ་ནི་གང་ལ་འདོད་ཆགས་ཀྱི་རོས་མྱོས་ཤིང་བདེ་བ་ཞེན་ཅིང་འདོད་པའི་ཡིད་ཀྱིས་སོ། །གོས་དམར་པོས་ཡོངས་སུ་དཀྲིས་ཤིང་རྐང་པའི་དྲུང་དུ་ལྷུང་བར་ཡང་འགྱུར་ཏེ་བསམ་པར་ཡང་བྱའོ། །དེ་ནས་ཡང་སྔོན་དུ་བསྙེན་པ་འབུམ་དང་ལས་ཀྱི་སྦྱོར་བའི་དུས་སུ་
ཁྲི་བཟླས་པར་བྱ་སྟེ། ཡི་གེ་ཨོཾ་ནི་རིང་པོར་དྲང་། །ཡི་གེ་སྭཱ་ཧཱ་ཐ་མར་བྱིན། །ཡི་གེ་སིདྡྷི་སྔགས་བཟླ་བྱ། །ཆེ་གེ་མོ་ཞིག་བདག་དབང་འགྱུར། །ཞེས་བྱ་བ་ནི་ཨོཾ་སིདྡྷི་སྭཱ་ཧཱ། བ་ཤཾ་ཀུ་རུ་ཧོ་ཧོ་ཧོ་ཞེས་བྱ་བའི་བཟླས་པ་དང་འབྲེལ་པ་དག་གིས་ཆེ་གེ་མོ་ནི་ལྷའི་བུ་མོ་སྟེ། ཞིག་ནི་བྱེ་བྲག་གང་འདོད་
པ་བདག་གི་དབང་དུ་འགྱུར་རོ། །འདིའི་ཁྱད་པར་གསུངས་པ། ཐམས་ཅད་དུ་ནི་བསྒོམ་བྱས་ན། །ནག་པོའི་ཚིགས་ནི་ཇི་བཞིན་གྱིས། །རྣལ་འབྱོར་འདོད་པ་དེས་ཐོབ་འགྱུར། །ཞེས་བྱ་བ་ལ། ཐམས་ཅད་དུ་ནི་རྟག་ཏུའོ། །བསྒོམ་བྱས་ན་ཞེས་བྱ་བ་ནི་ཏིང་ངེ་འཛིན་དང་བཟླས་པའོ། །ནག་པོའི་ཚིགས་
ནི་ཇི་བཞིན་གྱིས། །ཞེས་བྱ་བ་ནི་བསྒྲུབ་པའི་དུས་སུ་ཞག་བདུན་དུའོ། །དེས་ཅིར་འགྱུར་ཞེ་ན། རྣལ་འབྱོར་འདོད་པ་དེས་ཐོབ་འགྱུར། །ཞེས་བྱ་སྟེ་དང་པོར་བདག་གི་དོན་དུ་ལོངས་སྤྱོད་པར་བྱ་ཞིང་དེ་ནས་ཐུན་མོང་གི་དངོས་གྲུབ་ཀྱི་ལས་བཅོལ་ཏེ་གཞན་གྱི་དོན་ཕུན་སུམ་ཚོགས་པར་རོ། །བཅོམ་
ལྡན་འདས་གཤིན་རྗེ་གཤེད་ནག་པོའི་རྒྱུད་ནི་བཤད་ཟིན་ཏོ། །ལུས་མེད་རྡོ་རྗེའི་ཚད་ནི་ཤིན་ཏུ་ཆེན་པོ་ཉིད་དང་ཡིག་འབྲུའི་གཟུགས་ཏེ་བསྙེན་པ་དང་སྒྲུབ་པའི་དུས་སུ་བསྒོམ་པ་ཉིད་ལ་བྱའོ། །རིམ་པར་ཕྱེ་བ་ནི་ཛྷཾ་གུ་ལིའི་སྒྲུབ་པ་ལ་སོགས་པ་གཞན་རྣམས་ཀྱང་གསལ་བར་བྱས་པའོ། །བཅོ་ལྔ་པ་ནི་
བཅུ་བཞི་པས་གཞག་པའོ། །ནག་པོ་ཞབས་ཀྱིས་བཤད་པའི་ལེའུ་བཅོ་ལྔ་པ་རྒྱ་ཆེར་གསལ་བར་བྱས་པའོ།། །།ད་ནི་ཧེ་རུ་ཀའི་སྒྲུབ་ཐབས་གསུངས་པ། ཧེ་རུ་ཀ་ཆེན་སྒྲུབ་པའི་ཐབས། །དེ་ནས་ཡང་དག་བཤད་པར་བྱ། །རྣལ་འབྱོར་འཁོར་བར་བཅིངས་པ་ལ། །གང་ཞིག་ཤེས་པས་
མྱུར་གྲོལ་བ། །ཞེས་པ་ལ་ཧེ་ནི་ཧེ་པར་ཞེས་བྱ་བ་སྟེ་ཕྱི་ནང་གི་ཆོས་ཐམས་ཅད་བྱེད་རྒྱུ་དང་བྲལ་བའོ། །དེ་ཅིའི་ཕྱིར་ཞེ་ན། ཧ་བ་རཤྞི་ཞེས་བྱ་བ་སྟེ་ཆོས་ཐམས་ཅད་ཀྱི་རང་བཞིན་ལ་མི་མཉམ་ཞིང་མཉམ་པའི་ཆོས་འགའ་ཡང་མེད་དོ། །ཨེ་ནི་ཡི་གེ་ར་ན་སྟེ་ཆོས་ཐམས་ཅད་དམིགས་སུ་མེད་པའི་ཕྱིར་རྩོལ་བ་དང་བྲལ་

བའོ། །རུ་ནི་རུ་རུ་བ་ག་ཏ་སྟེ་ཕྱི་ནང་གི་ཆོས་ཐམས་ཅད་རང་གི་རང་བཞིན་དང་བྲལ་བའི་ཕྱིར་སྒྲ་བརྙན་ལྟ་བུའོ། །ར་ནི་ར་ག་པ་ར་ཞེས་བྱ་བ་སྟེ། ཆོས་ཐམས་ཅད་རང་གི་རང་བཞིན་དུ་མྱོང་ཞིང་ཆགས་པ་ཆེན་པོའི་བདེ་བ་དང་ལྡན་པའོ། །ཨུ་ནི་ཨུ་ཨུཥྞིན་ཞེས་བྱ་སྟེ། ཆོས་ཐམས་ཅད་གདོད་མ་ནས་གྲོལ་ཞིང་རྣམ་པར་
རྟོག་པའི་ཚོགས་བྲལ་བའོ། །ཀ་ནི་ཀ་ཞེས་བྱ་སྟེ། ཆོས་ཐམས་ཅད་དོག་པ་མེད་པའི་བདེ་བ་ཆེན་པོ་དང་ལྡན་པའོ། །ཨ་ནི་ཨ་དྷརྨཱ་ཞེས་བྱ་སྟེ། ཆོས་ཐམས་ཅད་རང་བཞིན་གྱིས་སྐྱེ་བ་མེད་པའོ། །འདིས་ནི་བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་གཉིས་སུ་མེད་པའི་བདག་དང་གཞན་གྱི་དབེན་
པ་དང་རང་ལ་གནས་པའི་ཡེ་ཤེས་རང་གི་རང་བཞིན་དུ་མཐོང་བའི་ངོ་བོ་ཉིད་མཉམ་པ་མེད་པས་མཉམ་པའི་ཞིང་ཆེན་པོའི་བདག་གི་དོན་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་ལ་ཞུགས་པའི་རྒྱུན་ཆེན་པོ་འདི་ནི་བཅོམ་ལྡན་འདས་ཧེ་རུ་ཀ་སྟེ་ངོ་བོ་ཉིད་ཀྱི་སྐུའོ། །དེ་ལས་བྱུང་བའི་གཟུགས་ཀྱི་སྐུ་གཉིས་ཀྱིས་སེམས་
ཅན་གྱི་དོན་བྱེད་པ་ནི་ཆེན་པོའོ། །བསྒྲུབ་པར་བྱ་བའི་དོན་ནི་སྔར་བཤད་པ་དག་སྟེ་དེ་སྒྲུབ་པའི་ཐབས་ནི་བསྐྱེད་པའི་རིམ་པ་འདི་དག་གིས་སོ། །འདིའི་ཁྱད་པར་ཅི་ཞེ་ན། རྣལ་འབྱོར་ཞེས་བྱ་སྟེ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་སྦྱོར་བ་སྟེ་གང་ལ་ཡོད་ཅིང་ཉམས་སུ་མྱོང་བ་དག་གིས་སོ། །འཁོར་བ་
ཞེས་བྱ་བ་ནི་འགྲོ་བ་དྲུག་ཏུ་ཤིང་རྟའི་འཁོར་ལོ་བཞིན་དུའོ། །བཅིངས་པ་ལ་ཞེས་བྱ་བ་ནི་ཕྱི་ནང་གི་རླུང་རབ་ཏུ་གཡོ་བ་མང་པོ་དག་གིས་མ་རིག་པའི་ནང་ན་གནས་པའི་ཡིད་རྣམ་པར་རྟོག་པའི་འོབས་ཀྱི་ནང་དུ་བག་ཆགས་རབ་ཏུ་མཐུག་པོའི་ཆུས་སྦངས་ཤིང་བསྐྱེད་པས་བསྐྱེད་པའི་ཤིང་ནི་འདོད་པ་དང་གཟུགས་
དང་གཟུགས་མེད་པ་སྟེ། དེ་ལ་ཡང་རླུང་དབང་པོ་ལ་རབ་ཏུ་འཕྲོ་བ་དག་གི་ཡུལ་ལ་མངོན་པར་ཞེན་པའི་བག་ཆགས་དུ་མ་དག་གིས་རབ་ཏུ་མནན་པས་མི་གནས་པའི་མྱ་ངན་ལས་འདས་པའི་གནས་ཤེས་རབ་དང་སྙིང་རྗེ་གཉིས་སུ་མེད་པ་དག་ངེས་པར་བཅིངས་ནས་གནས་པའོ། །དེ་ལྟ་བུ་དག་ལ་
གང་ཞིག་ཤེས་པ་ས་ཞེས་བྱ་སྟེ་གང་ཞིག་ནི་རིམ་པ་གཉིས་སོ། །ཤེས་པ་ནི་བསྒྲུབ་ཅིང་ཉམས་སུ་ལེན་པའོ། །མྱུར་གྲོལ་ཞེས་བྱ་བ་ནི་སྐྱེ་བ་འདི་ཉིད་ཀྱིས་བཅོམ་ལྡན་འདས་ཐོབ་པའོ། །དེའི་རིམ་པར་ཕྱེ་བ་གསུངས་པ་ནི་ཚོགས་བསགས་པ་དང་སྟོང་པ་ཉིད་དང་མཚམས་ཀྱི་འཁོར་ལོ་དང་ཆོས་

ཀྱི་འབྱུང་གནས་དང་གཞལ་ཡས་ཁང་བསྐྱེད་པ་ནི་རྩ་བའི་དཀྱིལ་འཁོར་བཞིན་ནོ། །དེ་ཡང་ཡི་དགས་ཀྱི་ལྟེ་བ་ལ་ཉི་མ་ལ་གནས་པའི་སྟེང་དུ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་སྔོན་པོ་ཡོངས་སུ་གྱུར་པ་ལས་ཧེ་རུ་ཀ་ཕྱག་གཉིས་པ་ལ་ཞལ་གཅིག་པ་སྟེ་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་
བཞུགས་པ་སྟེ། དེའི་རྡོ་རྗེ་ཕྱག་གཡས་སུ་བསྒོམ་པར་བྱའོ། །དེ་ལས་གཞན་པ་ནི་གཡོན་པ་སྟེ་ཐོད་པ་བསྒོམ་པར་བྱའོ། །སྤྱན་གསུམ་ནི་སྡང་མིག་ཏུ་རབ་ཏུ་བཟློག་ཅིང་ལྟ་བའོ། །དབུ་སྐྲ་གྱེན་དུ་འགྲེང་བ་ནི་མདོག་སེར་ལ་རབ་ཏུ་མཛེས་པའོ། །ཕྱག་རྒྱ་ལྔ་ཡིས་ཞེས་བྱ་བ་ནི་འཁོར་ལོ་
དང་རྣ་རྒྱན་དང་མགུལ་རྒྱན་དང་ལག་གདུབ་དང་སྐེ་རགས་སོ། །རྣམ་པར་བརྒྱན་ཞེས་བྱ་བ་ནི་དགྱེས་པའི་རྡོ་རྗེ་ལས། འཁོར་ལོའི་གཟུགས་ཀྱིས་མི་བསྐྱོད་པ། །རྣ་བའི་བདག་ཉིད་འོད་དཔག་མེད། །མགྲིན་དཔུང་ལ་ནི་རིན་ཆེན་ཕྲེང་། །སྐེ་རགས་རྣམ་པར་སྣང་མཛད་དེ། །ལག་གདུབ་
ལ་ནི་དོན་ཡོད་གྲུབ། །ཅེས་བྱའོ། །གལ་ཏེ་འོག་ནས་འབྱུང་བའི་ཐོད་པ་ལྔ་ལ་དགོས་པ་མེད་དོ་ཞེ་ན། །དེ་དག་ནི་རིག་པའི་དབང་རྗེས་སུ་འཛིན་པ་ཉིད་ཀྱི་ཕྱིར་ཡིན་གྱི་འདིས་ནི་རྒྱན་བྱིན་གྱིས་བརླབས་པ་དང་། མེ་ལོང་ལྟ་བུ་དང་། མཉམ་པ་ཉིད་དང་། སོ་སོར་རྟོག་པ་དང་། བྱ་བ་ནན་ཏན་དང་། ཆོས་
ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་བདག་ཉིད་ཀྱི་ཕྱིར་རོ། །ཁ་ཊྭཱཾ་ག་ནི་ཞེས་བྱ་བ་ནི་ལྷའི་སྐུ་སྟེ། གཡོན་གྱི་ཕྱོགས་སུ་གྲུ་མོ་ལ་གཟར་བའོ། །ཕྲེང་བའི་རྐང་གདུབ་ཚར་གསུམ་བྱས་པ་དག་གིས་བརྒྱན་པར་བྱའོ། །དེ་ཡང་བཤད་པའི་རྒྱུད་ལས། ཁ་ཊྭཱཾ་ག་ནི་ལྷ་ཡི་སྐུ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དྲན། །ཐོད་པ་
སྐྱེ་མཆེད་རྣམ་དག་པས། །རྐང་པ་གཅིག་པའི་ལམ་བསྒོམས་ཏེ། །གཡོན་གྱི་ཕྱོགས་སུ་གནས་པ་ཡིས། །ཆོས་རྣམས་ཀུན་ལ་ཕྱག་རྒྱ་གདབ། །རྐང་པ་གདུ་བུས་བརྒྱན་པ་ཡིས། །འདུན་པས་འགྲོ་བར་མི་བྱ་ཞེང་། །རང་གི་ཏིང་འཛིན་ཇི་སྙེད་པ། །ཇི་སྲིད་སྤྱོད་པ་བཙལ་བར་བྱ། །ཞེས་པ་
རྣམ་དག་ཏུ་ཤེས་པར་བྱའོ། །དེ་དག་གི་བསྐྱེད་པའི་ས་བོན་དང་གདན་ཇི་ལྟ་བུ་ཞེ་ན། ས་བོན་ཧཱུཾ་ལས་ཡང་དག་བྱུང་། །ཡི་དགས་ལ་གནས་ཞེས་བྱ་བའི་དོན་ནི་རོའི་སྙིང་གར་གནས་པ་སྟེ་གོང་དུ་བཤད་ཟིན་ཏོ། །རྟག་ཏུ་དགོད་ཅེས་བྱ་བ་ནི་དཔའ་བོའི་གད་མོ་བརྒྱད་དེ་དེ་ཡང་དམ་པ་དང་པོའི་རྒྱུད་ལས། ཧ་ཧ་སྡིག་

པའི་གད་མོ་དང་། །ཧེ་ཧེ་རབ་ཏུ་དགྱེས་པ་སྟེ། །ཧི་ཧི་བདེ་བ་རབ་སྒེག་ཉིད། །ཧོ་ཧོ་ཟིལ་གྱིས་གནོན་པའོ། །ཞེས་བྱའོ། །སངས་རྒྱས་ལྔ་ནི་མི་བསྐྱོད་པ་ལ་སོགས་པ་ལྔའོ། །རབ་ཏུ་སྦྱོར་ཞེས་བྱ་བ་ནི་སངས་རྒྱས་ལྔ་ནི་ཐོད་པའི་གཟུགས་སུ་སྦྱོར་བའོ། །ཐོད་པ་ནི་ཀེང་ཞེས་བྱ་བ་སྟེ་བདེ་བའོ། །དེའི་རང་
བཞིན་ནི་བྱང་ཆུབ་ཀྱི་སེམས་དང་། མ་ཆགས་པའི་དེ་བཞིན་ཉིད་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་དོགས་པ་མེད་པ་དང་། བཟོད་པ་ཆེན་པོ་སྟེ་དེ་སྐྱོང་བར་བྱེད་པས་སོ། །ཅོད་པན་ལ་ནི་ཞེས་བྱ་བ་ནི་དབུ་སྐྲ་བརྫེས་པའི་རྩེ་མོ་ལའོ། །མི་བསྐྱོད་བསྒོམ་ཞེས་བྱ་བ་ནི་བྱིན་གྱིས་བརླབས་
ཏེ་རིགས་བདག་གིས་དབང་བསྐུར་བའི་རྟགས་སུ་གཙོ་བོ་ལ་མི་བསྐྱོད་པ་བསྒོམ་པར་བྱའོ། །བཅོམ་ལྡན་འདས་རྡོ་རྗེ་འཆང་ངོ་། །དེ་དག་མ་ལུས་པའི་རྣམ་པར་རྟོག་པས་མི་འཁྲུག་པའི་ཕྱིར་མི་བསྐྱོད་པ་ཞེས་བྱའོ། །ཧེ་རུ་ཀར་གྲགས་པ་ནི་རྒྱུའི་ཧེ་རུ་ཀ་སྟེ། གྲགས་པ་ཐ་སྙད་ལ་ཡིད་འཇུག་པའི་
ཕྱིར་བློའི་ཡུལ་དུ་བསྒོམ་པར་བྱའོ། །ཤར་ལ་སོགས་པའི་ཕྱོགས་བཞིར་ནི་ཆོས་ཀྱི་འཁོར་ལོ་མ་ལ་སོགས་པ་བཞིའོ། །ཞལ་དང་ཕྱག་ནི་ཧེ་རུ་ཀ་ཉིད་དང་འདྲའོ། །ཕྱག་རྒྱ་ལྔ་ལ་སོགས་པའི་རྒྱན་ཀུན་གྱིས་བརྒྱན་པ་ཡང་རྗེས་སུ་མཐུན་ནོ། །ཁ་དོག་སྣ་ཚོགས་ཞེས་བྱ་བའི་ལྷ་མོ་རྣམས་ཀྱི་
མདོག་གམ་ཡང་ན་རིགས་ལྔའི་ཕྱག་རྒྱ་སྟེ་ལྷ་མོ་ནི་གཙོ་བོ་ཉིད་དང་མཚུངས་པའོ། །དེ་དག་ཀྱང་གཟུགས་མཛེས་ཤིང་ལྕུག་པ་སྟེ་ཡི་དགས་ཀྱི་སྙིང་གར་ཉི་མ་ལ་བཞུགས་པའོ། །གཏི་མུག་ཐམས་ཅད་ཅེས་བྱ་བ་ནི་གཙོ་བོ་སྨོས་པ་སྟེ་ང་རྒྱལ་ལ་སོགས་པ་ཉེ་བར་འཇོམས་པར་བྱེད་པའོ། །ཆོས་
ཀྱི་འཁོར་ལོ་རྩིབས་བརྒྱད་པ་དཀར་པོ་དང་། ཨ་ཤྭདྠ་ནི་བྱང་ཆུབ་ཀྱི་ཤིང་སྟེ་ལོ་མ་དང་བཅས་པ་དང་། ཡིད་བཞིན་ནོར་བུ་ནི་དཔག་བསམ་གྱི་ཤིང་དང་། ལྷ་མོ་རྣམས་ཀྱི་ཕྱག་གཡས་སུ། །རྡོ་རྗེ་ཡང་ནི་བསྒོམ་པར་བྱ། །ཞེས་བྱ་བ་ནི་རྡོ་རྗེ་རྩེ་ལྔ་པའོ། །ཐོད་པའི་སྣོད་དང་ཁ་ཊྭཱཾ་ག་ནི་གཡོན་ཕྱོགས་སུ་
སྟེ་ཐམས་ཅད་ཀྱང་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས་པའོ། །སྤྱན་མ་ལ་སོགས་པ་བཞི་ནི་མེ་ལ་སོགས་པའི་མཚམས་བཞིར་རོ། །དེ་ཡང་མདོག་སེར་བ་དང་སྔོ་བ་དང་ལྗང་བ་དང་དཀར་པོ་སྟེ། ཕྱག་གཡས་པའི་མཚན་མའི་བྱེ་བྲག་ནི་སྣ་ཚོགས་རྡོ་རྗེ་རྒྱ་གྲམ་དང་རིན་པོ་ཆེ་ཆ་དགུ་པ་དང་པདྨ་འདབ་མ་

བཅུ་དྲུག་པའོ། །འཁོར་ལོའི་ཕྱི་རོལ་ཞེས་བྱ་བ་ནི་གཤིན་རྗེ་གཤེད་ལ་སོགས་པ་བཞི་སྟེ་སྐུ་མདོག་ནི་གནག་པ་དང་སེར་བ་དང་དམར་བ་དང་ལྗང་གུའོ། །དེ་དག་མཚན་མའི་བྱེ་བྲག་ཀྱང་གཏུན་ཤིང་དང་། དབྱུག་པ་དང་། རལ་གྲིའོ། །དེ་དག་ཐམས་ཅད་ཀྱང་གཙོ་བོའི་
ཕྱག་རྒྱ་དང་རྗེས་སུ་མཚུངས་པ་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས་པ་ཡི་དགས་ཀྱི་ཉི་མའི་སྙིང་ག་ན་གནས་པ། གཡོན་པ་ནི་ཐོད་པ་དང་ཁ་ཊྭཱཾ་ག་ཡོངས་སུ་འཛིན་པའོ། །ཆོ་གའི་ལས་ནི་བསྙེན་པ་དང་སྒྲུབ་པ་སྟེ། དེ་ཡང་རྣལ་འབྱོར་རྣམ་པ་བཞིའི་གོ་རིམས་ཀྱིས་ཡོངས་སུ་རྫོགས་པར་
འགྱུར་བའི་བྱ་བ་ནི་རྩ་བའི་དཀྱིལ་འཁོར་བཞིན་ནོ། །འདིར་ཡང་སྒྲུབ་པའི་དཀྱིལ་འཁོར་ཐམས་ཅད་ནི། རྫུས་ཏེ་སྐྱེ་བ་དང་ངེས་པར་སྦྱར་བ་སྟེ་སྙིང་གའི་ས་བོན་ལས་སྐད་ཅིག་གིས་འཕྲུལ་བར་བྱའོ། །དེ་ཡང་བཤད་པའི་རྒྱུད་ལས། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །རྩ་བའི་དཀྱིལ་འཁོར་བསྙེན་
བྱས་ནས། །སྒྲུབ་པའི་དཀྱིལ་འཁོར་ཐམས་ཅད་ནི། །ཁྲི་དང་ལྡན་པའི་སྦྱོར་བས་འགྲུབ། །འདིར་ཡང་ཡེ་ཤེས་གང་སྐྱེས་པ། །བསྙེན་དང་སྒྲུབ་པའི་ཁྱད་པར་གྱིས། །ཞེས་འབྱུང་བའི་ཕྱིར་སྒྲུབ་པ་འདི་ཉིད་དུ་རིགས་པ་ནི། ཨོཾ་ཧེ་རུ་ཀ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བཟླས་པ་དང་ལྡན་པའི་སྒྲུབ་ཐབས་
ནི་རྩ་བའི་དཀྱིལ་འཁོར་ཉིད་དང་རྗེས་སུ་མཚུངས་པའི་འཁོར་ལོའོ། །འདིར་ནི་མཁས་པ་དག་གིས་རྩ་བའི་དཀྱིལ་འཁོར་སྤངས་པའི་བསྙེན་པའི་སྒྲུབ་པ་ཡང་ཤེས་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེ་གཤེད་ནག་པོའི་རྒྱུད་བཤད་ཟིན་ཏོ། །ཧེ་རུ་ཀའི་སྒྲུབ་
ཐབས་ནི་མཆོག་གི་དངོས་གྲུབ་ཀྱི་དོན་དུའོ། །རིམ་པར་ཕྱེ་བ་ནི་རིམ་པ་གཉིས་ཡོངས་སུ་རྫོགས་པར་བྱ་བའི་དོན་ཏོ། །བཅུ་དྲུག་པ་ནི་བཅོ་ལྔ་པས་གཞག་པས་སོ། །ནག་པོ་ཞབས་ཀྱིས་བཤད་པའི་ལེའུ་བཅུ་དྲུག་པ་རྒྱ་ཆེར་གསལ་བར་བྱས་པའོ།། །།ད་ནི་གཟུགས་བརྙན་གྱི་རྒྱུད་
དང་། རྒྱུད་རང་གི་མཚན་ཉིད་བསྒྲུབ་པའི་ཕྱིར་གོ་རིམས་ལ་ཐེ་ཚོམ་མེད་པར་བྱ་བ་དང་། སྤྲོ་བསྡུ་ལ་སོགས་པའི་ལས་རབ་འབྱམས་ཀྱིས་བསྡུས་ནས་ཕྱི་ནང་གི་རྣམ་པར་རྟོག་པ་བསལ་བར་བྱ་བ་དང་། བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་ཡང་དག་པར་སྟོན་པའི་དྲིན་ལན་དང་བཅས་པ་གསུངས་པ། རྣམ་

པ་ལྔ་ནི་བསྒོམ་བྱས་ལ། །སངས་རྒྱས་གཟུགས་ནི་བསྒོམ་པར་བྱ། །སངས་རྒྱས་གཟུགས་ནི་བསྒོམས་པ་ཡིས། །མཁས་པས་འཁོར་ལོ་བསྒོམ་པར་བྱ། །ཞེས་བྱ་བ་ལ་རྣམ་པ་ལྔ་ནི་ཆོ་གའི་བྱེ་བྲག་ལྔས་རྫོགས་པའི་རྡོ་རྗེ་འཆང་ངོ་། །དེ་ཡང་ཨ་དང་རེ་ཕ་ལས་གྱུར་པའི་ཟླ་བ་དང་ཉི་མ་ལ་
དབྱངས་ཡིག་དང་གསལ་ཡིག་སྤེལ་བ་དང་བཅས་པ་ཉིས་འགྱུར་དུ་བྱས་པ་ནི་དང་པོའོ། །འཁྲུག་ཅིང་རོ་མཉམ་པ་ནི་གཉིས་པའོ། །དེ་ལས་སྐྱེས་པའི་ཡོངས་སུ་རྫོགས་པའི་ཧཱུཾ་དཀར་པོ་ནི་གསུམ་པའོ། །དེ་གྱུར་པ་ལས་སྐྱེས་པའི་རྡོ་རྗེ་ནོར་བུའི་མདོག་ཏུ་གནས་པ་ནི་བཞི་པའོ། །དེ་ལས་བྱུང་བའི་
རྡོ་རྗེ་འཆང་ནི་རྒྱུའི་གཤིན་རྗེ་གཤེད་ཅེས་བྱ་སྟེ། དཀར་བའི་མདངས་དང་ལྡན་པས་ཁྱད་པར་དུ་བྱས་པ་ནི་ལྔ་པའོ། །དེ་ཡང་མེ་ལོང་ལྟ་བུ་དང་། མཉམ་པ་ཉིད་དང་། སོ་སོར་རྟོག་པ་དང་། བྱ་བ་ནན་ཏན་དང་། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །དེ་ཡང་རྒྱུ་མཚན་དུ་སྦྱར་བར་བྱ་སྟེ། ཐུན་མོང་དང་ཐུན་མོང་མ་
ཡིན་པའི་མཚན་དང་དཔེ་བྱད་རབ་ཏུ་དངས་ཤིང་གསལ་བར་རྒྱས་ཤིང་གང་བ་དང་། ཟུང་དུ་འཇུག་པ་ཉིད་དུ་ཐམས་ཅད་རོ་མཉམ་པ་དང་། དེ་ཉིད་ལས་རིགས་ལྔ་ལ་སོགས་པ་ཉིད་སྐྱེས་པས་སོ་སོར་རྟོག་པ་དང་། དེ་དག་ཐམས་ཅད་ཀྱིས་སེམས་ཅན་གྱི་དོན་གྱི་ཕྲིན་ལས་ཀྱི་བྱ་བ་ནན་ཏན་དུ་མཛད་པ་དང་།
བཞི་ཡོངས་སུ་རྫོགས་པས་གཅིག་ཏུ་གྱུར་པ་ནི་ཆོས་ཀྱི་དབྱིངས་ཀྱི་རྟགས་སོ། །དེའི་དོན་ནི་དབྱེར་མི་ཕྱེད་པའི་ཡེ་ཤེས་ལ་རྡོ་རྗེ་ཞེས་བྱ་སྟེ། དེ་གང་ལ་མངའ་བ་རྡོ་རྗེ་འཆང་ཞེས་བྱའོ། །དེ་ཡང་གཏི་མུག་རྡོ་རྗེ་དང་། ཕྲ་མ་རྡོ་རྗེ་དང་། འདོད་ཆགས་རྡོ་རྗེ་དང་། ཞེ་སྡང་རྡོ་རྗེ་ལ་སོགས་པ་ལྔའི་བདག་ཉིད་
སྤྲོས་ཤིང་བསྡུས་པའམ་གོ་རིམས་ཀྱིས་རྣལ་འབྱོར་དུ་བྱས་པ་ནི་འབྲས་བུ་ལམ་དུ་ཁྱེར་བའི་ཐབས་ཕུན་སུམ་ཚོགས་པ་སྟེ་གོང་དང་མཚུངས་པར་རོ། །དོན་དེ་ཡང་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་སྦྱར་བར་བྱ་སྟེ། དང་པོར་ཆོས་ཐམས་ཅད་ཐབས་དང་ཤེས་རབ་ཀྱི་རང་བཞིན་དུ་བརྟགས་པས་འགྲོ་
བ་བསྒོམ་པར་བྱ་སྟེ། དེ་ནས་ཟུང་དུ་འཇུག་པའི་རོ་མཉམ་པའི་བདེ་བ་ཆེན་པོའི་རང་བཞིན་གྱིས་འོད་གསལ་བ་བསྒོམ་པར་བྱའོ། །དེ་ནས་བརྟན་པ་དང་གཡོ་བ་ཐམས་ཅད་ཡེ་ཤེས་སྣང་བའི་འོད་ཟེར་ལས་འཕྲོས་ཏེ་ཤེས་རབ་ཀྱི་ཐབས་ལ་རྒྱས་གདབ་པར་བྱ་སྟེ་འདི་ནི་རང་གི་དོན་ཏོ། །དེ་ཡང་ཆད་པ་དང་བེམས་

པོའི་བདག་ཉིད་དང་བྲལ་བས་བདེ་བ་ཆེན་པོ་ཉམས་སུ་མྱོང་བ་རྒྱུན་ཆད་པ་ཉིད་ཀྱིས་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུའི་བྱེ་བྲག་གདུལ་བྱ་ལ་འབྱུང་བ་ནི་གཞན་གྱི་དོན་ཏོ། །དེ་ཡང་ཨོཾ་དྷརྨ་དྷཱ་ཏུ་ཞེས་བྱ་བ་ལ་སོགས་པ་ནི་རང་བཞིན་ཡེ་ཤེས་བཞི་དབྱེར་མི་ཕྱེད་པའི་ཆོས་ཀྱི་དབྱིངས་
ཀྱི་རང་བཞིན་བདག་ཉིད་ལ་གདོད་མ་ནས་གནས་པར་རྟོགས་པ་ནི་ཟུང་དུ་འཇུག་པ་སྟེ་ཕུན་སུམ་ཚོགས་པའོ། །དེ་ལྟར་བདག་ཉིད་བསྒོམ་པར་བྱས་ལ་དེའི་རྗེས་ལ་སངས་རྒྱས་ནི་སྤངས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པའོ། །གཟུགས་ནི་བཅོམ་ལྡན་འདས་གཤིན་རྗེ་གཤེད་ནག་པོ་སྟེ་འབྲས་བུའོ། །
བསྒོམ་པར་བྱ་ཞེས་པ་ནི་མདོག་དང་མཚན་མ་སྟེ་བཤད་ཟིན་ཏོ། །དེ་ལྟར་སངས་རྒྱས་ཀྱི་གཟུགས་བསྒོམས་པས་ཅི་བྱེད་ཅེ་ན། མཁས་པས་ཞེས་བྱ་སྟེ། ཐབས་དང་བདག་ཉིད་བསྒོམ་པའི་ལྷའི་འཁོར་ལོའི་ཚོགས་རྣམས་ལ་བསྒོམ་པའི་མངོན་པར་ཞེན་པའི་སྤྲོས་པ་མེད་པའོ། །འཁོར་ལོ་
ནི་གཏི་མུག་རྡོ་རྗེ་ལ་སོགས་པའོ། །དེ་བསྒོམ་པར་བྱ་བ་ནི་གཙོ་བོ་འོད་དང་བཅས་པའི་རྣམ་པར་འཕྲུལ་པ་ལས་སོ། །ཇི་ལྟར་ན་དཀྱིལ་འཁོར་པས་བཅོམ་ལྡན་འདས་ཁུ་བའི་རྣམ་པ་ནམ་མཁའ་ཁྱབ་པའི་ཏིང་ངེ་འཛིན་སློང་བར་བྱེད་ཅེ་ན་གསུངས་པ། གར་དང་གླུ་ཡི་སྦྱོར་བ་ཡིས། །འཁོར་ལོ་
བསྐྱོད་པར་བྱ་བ་སྟེ། །ཙ་རྩི་ཀ་སོགས་གླུ་དང་ནི། །དྲུག་ལས་སྐྱེས་སོགས་ལེན་པར་བྱེད། །ཅེས་བྱ་བ་ནི་གར་གྱི་རྒྱུ་དང་འབྲས་བུའི་དུས་ཀྱི་ཁྱད་པར་འདི་ཉིད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་དོ། །གླུ་ནི་གར་སྔོན་དུ་སོང་བའི་རྗེས་ལ་ཚིག་ཐུན་མོང་མ་ཡིན་པ་དང་ལྡན་པ་དག་གིས་འགྲོ་བ་གཞན་གྱི་
ཡིད་འཕྲོག་ཅིང་རང་གི་ཡེ་ཤེས་སྤར་ནས་རབ་ཏུ་གསལ་བའི་མན་ངག་གོ། །བཞི་ནི་ལྷ་མོ་བཞིའོ། །སྦྱོར་བས་ཞེས་བྱ་བ་ནི་བསྐུལ་བའི་ཚིག་དང་སྦྱར་བའོ། །འཁོར་ལོ་བསྐྱེད་པར་བྱ་བ་སྟེ། །ཞེས་བྱ་བ་ནི་གླུ་འདིས་བསྐུལ་བ་ཉིད་ཀྱིས་འཁོར་ལོ་བསྐྱེད་པའི་རྐྱེན་དུ་གྱུར་པའོ། །ཙརྩི་ཀ་སོགས་ཞེས་བྱ་བ་ནི་
ཕག་མོ་དང་། དབྱངས་ཅན་མ་དང་། གཽ་རཱི་མའོ། །གླུ་ནི་དབྱངས་དང་ལྡན་པའི་བརྡའོ། །དྲུག་ལས་སྐྱེས་སོགས་ནི་གླུའི་ཁྱད་པར་ཏེ་གོང་དུ་བཤད་ཟིན་ཏོ། །དེའི་ཁྱད་པར་ཕྱོགས་གཅིག་ཏུ་གསུངས་པ། སྙིང་རྗེས་ཁྲོས་པའི་དད་སྒྲོལ་བཞེངས། །ཁམས་གསུམ་གྱི་ནི་གཏི་མུག་སེལ། །དད་སྒྲོལ་རྩོལ་

བས་མ་བཞུགས་བཞེངས། །བདུད་འདི་དག་ལས་རྒྱལ་བར་མཛོད། །འཇིག་རྟེན་མགོན་པོ་སྟོང་ཉིད་ཇི་སྟེ་བཞུགས། །དད་སྒྲོལ་འཇིག་རྟེན་བསོད་ནམས་ཀྱིས་བཞུགས་ཤིང་། །བྱང་ཆུབ་འདོད་པའི་འཇིག་རྟེན་མགྲོན་བོས་ནས། །ཁྱོད་ནི་སྟོང་པ་ཉིད་ལ་སེམས་པར་བྱེད། །ཅེས་བྱ་བ་ལ་སྙིང་རྗེ་ཁྲོས་པས་ནི་སྙིང་
རྗེའི་དབང་གིས་ཁྲོ་བོ་གཤིན་རྗེ་གཤེད་ཀྱི་གཟུགས་ཟུང་ལ་ཞེས་བྱ་བའི་དོན་ཏོ། །དད་པ་ནི་ཁྱོད་ཀྱི་སྐུ་ལ་བལྟ་བས་ཆོག་མི་ཤེས་པའོ། །སྒྲོལ་བ་ནི་སེམས་ཅན་ཐམས་ཅད་འཁོར་བའི་རྒྱ་མཚོ་ལས་སྒྲོལ་བའི་མཐུ་མངའ་བ་ཁྱོད་ཉིད་དོ། །བཞེངས་ཞེས་བྱ་བ་ནི། སྟོང་པ་ཉིད་ནི་ཐོང་མཛོད་ལ། །ཞེས་བྱའོ། །ཁམས་གསུམ་
ནི་འདོད་པ་དང་གཟུགས་དང་གཟུགས་མེད་དོ། །ཀུན་ནི་ཐམས་ཅད་དང་དེ་ལྷག་མ་མ་ལུས་པའི་དོན་ཏོ། །གཏི་མུག་ནི་རྨོངས་པ་སྟེ་མ་རིག་པའི་རྒྱ་མཚོ་ཆེན་པོའོ། །སོལ་ཞེས་བྱ་བ་ནི་དག་པར་མཛོད་ཅིག་པ་སྟེ་རྡོ་རྗེ་ཙརྩི་ཀའི་གླུའོ། །རྩོལ་བས་ནི་སེམས་ཅན་གྱི་དོན་དང་བྲལ་བའི་མྱ་ངན་ལས་འདས་པའི་ཞི་བའི་བདེ་བ་ཉིད་
དེ། །དེ་ལ་མ་ཞུགས་པར་རྒྱལ་བའི་སྐུར་བཞེངས་ཞེས་བྱ་བའི་དོན་ཏོ། །བཞེངས་ནས་ཇི་ལྟར་ཞེ་ན་བདུད་ནི་རྨོངས་པ་དང་འཆི་བདག་དང་རྒྱལ་བྱེད་དང་རྣམ་པར་གཡེང་བྱེད་ལྟ་བུ་སྟེ་དེ་ལས་རྒྱལ་བར་མཛོད་ཅིག་པ་ནི་ཕག་མོའི་གླུའོ། །འཇིག་རྟེན་གྱི་མགྲོན་བོས་པ་ནི་འགྲོ་བ་རིགས་དྲུག་གི་སེམས་ཅན་ཏེ་ཁྱོད་དང་
པོ་བྱང་ཆུབ་ཏུ་ཐུགས་བསྐྱེད་པའི་དུས་སུ་སེམས་ཅན་མ་གྲོལ་བ་རྣམས་གྲོལ་བ་དང་། མ་བསྒྲལ་བ་རྣམས་བསྒྲལ་བ་དང་། དབུགས་མ་ཕྱིན་པ་རྣམས་དབུགས་དབྱུང་བ་དང་། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་བཟླའོ་ཞེས་མགྲོན་དུ་བོས་པའོ། །སྟོང་པ་ཉིད་ཀྱིས་ནམ་མཁའ་
ཁྱབ་པའི་ཏིང་ངེ་འཛིན་ཏེ་དེ་ལ་ཇི་སྟེ་བཞུགས་སོ། །དེ་ཅིའི་ཕྱིར་ཞེ་ན། དད་སྒྲོལ་ཁྱོད་འཇིག་རྟེན་པ་ཐམས་ཅད་ཀྱི་བསོད་ནམས་བསགས་པའི་རྒྱུ་ཉིད་དུ་བཞུགས་ཤིག་པ་ནི་དབྱངས་ཅན་མའི་གླུའོ། །བྱང་ཆུབ་ནི་ནམ་མཁའི་མཚན་ཉིད་དེ་ཀུན་དུ་རྟོག་པ་མ་ལུས་པ་མཐའ་དག་སྤངས་པའོ། །དེ་འདོད་
པའི་འཇིག་རྟེན་པ་རྣམས་ཁྱོད་ཉིད་སྔོན་དུ་བསྒྲུབ་པར་བྱ་བའི་ཕྱིར་རམ། དེའི་ཕུན་སུམ་ཚོགས་པ་རྙེད་ནས་གཞན་གྲོལ་བར་བྱ་བའི་དོན་དུ་འཇིག་རྟེན་པ་མགྲོན་དུ་བོས་ནས་སོ། །ད་ཁྱོད་སྟོང་པ་ཉིད་ལ་སེམས་པར་བྱེད་ན་ཐམས་ཅད་ཀུན་དུ་བསླུས་པ་ཉིད་དུ་གྱུར་པའོ། །དེའི་ཕྱིར་བཞེངས་ཤིག་ཅེས་བོས་པ་ནི་

གཽ་རཱི་མའི་གླུའོ། །དེའི་རྗེས་ལ་བསྡུ་བ་གསུངས་པ། ཇི་ལྟར་སྐར་མདའ་འཕྲོ་བ་བཞིན། །བྱང་ཆུབ་སེམས་ལ་ཞུགས་པར་འགྱུར། །རྡོ་རྗེ་འཆང་རང་ངོ་བོ་ཉིད། །སྙིང་རྗེ་དང་ནི་འདོད་ཆགས་སེམས། །ཞེས་བྱ་བ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡབ་ཡུམ་དུ་གྱུར་པའི་
རྡོ་རྗེ་འཆང་གི་སྐུ་སྲིད་པའི་བར་མ་དོ་རྣམ་པར་དག་པའི་སེམས་བདེ་བ་ཆེན་པོའི་རང་བཞིན་རྙོག་པ་མཐའ་དག་གིས་དབེན་པ། ཐབས་དང་ཤེས་རབ་ཀྱི་རང་བཞིན་ཉི་མ་དང་ཟླ་བའི་དབུས་ན་ཡེ་ཤེས་ཀྱི་ཐིག་ལེ་ཧོ་གཉིས་ཀྱིས་བརྟེན་པ་དེ་དག་སྐུ་དང་གསུང་དང་ཐུགས་ཉིད་ཀྱི་ཕྱིར་ཨོཾ་ཨཱཿཧཱུཾ་གི་མཚན་ཉིད་
ཅན་དེ་དག་ཏུ་ཇི་ལྟར་ནམ་མཁའ་ལ་སྐར་མདའ་འཕྲོ་བ་བཞིན་དུ་ལྷ་མོ་བཞི་ཡང་འདིར་འཇུག་པར་འགྱུར་རོ། །དེ་ལས་ཅིར་འགྱུར་ཞེ་ན། དབྱེར་མི་ཕྱེད་པའི་ཡེ་ཤེས་ཏེ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་མཚོན་པའི་རྟགས་སུ་རོ་གཅིག་ཏུ་གྱུར་པ་ཡིན། གལ་ཏེ་ཀུན་རྫོབ་བྱང་ཆུབ་སེམས་སུ་རོ་གཅིག་
པ་ཙམ་ཉིད་ཀྱིས་དེ་བཞིན་ཉིད་དུ་མི་འགྱུར་རོ་ཞེ་ན། ཀུན་རྫོབ་ལ་སོགས་དབྱེ་བ་ཡིས། །སེནྡ་པ་ཡི་སྒྲ་བཞིན་ནོ། །ཞེས་གསུངས་པའི་ཕྱིར་ཚིག་ཉུང་ཡང་དོན་རྒྱས་པར་མཚོན་ནུས་ཏེ། དཔེར་ན་ཡོན་ཏན་དང་ལྡན་པའི་ཤིང་ཞེས་བརྗོད་པ་ལྟ་བུའོ། །ཚིག་རྒྱས་ཀྱང་དོན་རྒྱས་པ་ལྟ་བུ་མ་ཡིན་ཏེ།
དཔེར་ན་རྩ་བ་ལ་སྡོང་པོ་དང་ཡལ་ག་དང་ལོ་མ་དང་མེ་ཏོག་དང་འབྲས་བུ་དང་ཤུན་པ་སྐྱེ་བ་དང་ལྡན་པ་ནི་ཤིང་ངོ་ཞེས་བརྗོད་པ་ལྟ་བུའོ། །ཚིག་རྒྱས་ཀྱང་དོན་མ་རྒྱས་པ་ནི་རྒྱལ་པོའི་གནས་སྐབས་ཀྱི་རྟ་དང་ཆུ་དང་ལན་ཚྭ་དང་རལ་གྲི་སེནྡ་པ་འོན་ཅིག་བརྗོད་པས་གཅིག་གིས་མང་པོའི་དོན་བྱེད་དོ། །དེ་
བས་ན་འདིར་ཡང་བྱང་ཆུབ་ཀྱི་སེམས་ཀྱིས་སྨོན་པ་དང་འཇུག་པ་དང་ཀུན་རྫོབ་ཀུནྡ་ལྟ་བུ་དང་། དོན་དམ་པ་བྱང་ཆུབ་ཀྱི་སེམས་དང་། བདེ་བ་ཆེན་པོ་བྱང་ཆུབ་ཀྱི་སེམས་བསྟན་པ་སྟེ་གང་ཟག་གི་བསམ་པའི་ཁྱད་པར་གྱིས་ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཆེན་པོར་རོ། །གཅིག་པར་གྱུར་
པས་ན་བྱང་ཆུབ་སེམས་ལ་ཞུགས་པར་གྱུར་ཞེས་པའོ། །གལ་ཏེ་གང་ཟག་མཆོག་རྣམས་ལ་འདི་ནི་བདེ་བ་ཆེན་པོའི་བྱང་ཆུབ་ཀྱི་སེམས་སུ་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་འཆང་རང་ངོ་བོ་ཉིད་ཅེས་བྱ་སྟེ་ཡེ་ཤེས་ལྔ་རོ་གཅིག་པའི་ངོ་བོ་ཉིད་ནི་རང་རིག་པ་སྟེ། དེ་ཉིད་ཤེས་རབ་ཡེ་ཤེས་ཀྱི་དུས་སུ་རིག་པ་

དང་ལམ་དུ་གོམས་པར་སྦྱངས་པས་རླུང་གནས་སུ་འཇུག་པར་འགྱུར་ཏེ། དེ་བས་ན། རང་རིག་དག་པའི་བདག་ཉིད་དེ། །དག་པ་གཞན་གྱིས་གྲོལ་མི་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །འདིར་རིག་མ་རྣམས་ཀྱིས་བསྐུལ་བའི་དགོས་པ་གང་ཞེ་ན། ཁམས་གསུམ་གྱི་སེམས་ཅན་
ཐམས་ཅད་ལ་སྙིང་རྗེ་བ་དང་། ཉིད་ཀྱི་དོན་དང་། གཞན་གྱི་དོན་ཕུན་སུམ་ཚོགས་པའི་ཡོན་ཏན་མངའ་བའི་ཕྱིར་བསྐུལ་བའོ། །དེ་བས་ན་བཅོམ་ལྡན་འདས་ཉིད་ཀྱིས་ཁུ་བའི་གནས་སྐབས་ནས་ཀྱང་ཡེ་ཤེས་ལྔ་དང་སྙིང་རྗེ་ཟུང་དུ་འཇུག་པ་ཡིན་ནོ་ཞེས་པ་ཡང་གདུལ་བྱ་ལ་དགོངས་པས་ལོངས་སྤྱོད་རྫོགས་
པའི་གཟུགས་སུ་སྣང་བའོ། །རྣལ་འབྱོར་བཞིའི་གོ་རིམས་བསྟན་པའི་ཕྱིར། དང་པོ་བསྒོམ་པ་རྣལ་འབྱོར་ཏེ། །གཉིས་པ་རྗེས་ཀྱི་རྣལ་འབྱོར་ཡིན། །གསུམ་པ་ཤིན་ཏུ་རྣལ་འབྱོར་ཏེ། །བཞི་པ་རྣལ་འབྱོར་ཆེན་པོའོ། །ཞེས་བྱ་བ་སྨོས་ཏེ། དང་པོ་ནི་དང་པོ་སྟེ་ལྷའི་རྣལ་འབྱོར་གྱི་དང་པོའོ། །བསྒོམ་
པ་ནི་རང་གི་རྣམ་པར་འཕྲུལ་ལོ། །རྣལ་འབྱོར་ནི་མངོན་པར་བྱང་ཆུབ་པ་རྣམ་པ་ལྔར་སེམས་བསྐྱེད་པའོ། །ཏེ་ཞེས་པ་ནི་རང་གཞན་ཕུན་སུམ་ཚོགས་པ་འོག་མ་ལ་ལྟོས་པའོ། །གཉིས་པ་ལ་སོགས་པ་ནི་གོ་སླའོ། །རྗེས་ནི་སེམས་བསྐྱེད་པའི་རྗེས་ཐོགས་སུའོ། །རྣལ་འབྱོར་ནི་དོན་དམ་པ་དང་ཀུན་རྫོབ་
ཟུང་དུ་འཇུག་པའོ། །ཡིན་ཞེས་པ་ནི་འདིས་རང་གི་དོན་ཕུན་སུམ་ཚོགས་པའོ། །ཤིན་ཏུ་ནི་གཞན་གྱི་དོན་ལ་ནན་ཏན་དུ་བྱ་བའི་ཐ་ཚིག་གོ། །རྣལ་འབྱོར་ནི་གསང་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དང་། བཀོད་པ་ལོངས་སྤྱོད་རྫོགས་པའི་དཀྱིལ་འཁོར་ཟུང་དུ་འཇུག་པའོ། །དེ་ནི་དེའི་ནུས་པ་
འོག་མ་ལ་ལྟོས་པའོ། །རྣལ་འབྱོར་ནི་དམ་ཚིག་དང་ཡེ་ཤེས་ཟུང་དུ་འཇུག་པའོ། །ཆེན་པོ་ནི་ཐུབ་པའི་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པ་ཡིན་ནོ། །ཡང་དེ་ཉིད་རྒྱས་པར་བསྟན་པའི་ཕྱིར། རྡོ་རྗེ་སེམས་དཔའ་རྫོགས་པ་ནི། །རྣལ་འབྱོར་ཡིན་པར་འདི་
ལྟར་འདོད། །དེ་ནི་རྒྱུ་མཐུན་ལྷ་ཡི་སྐུ། །རྗེས་ཀྱི་རྣལ་འབྱོར་ཡིན་པར་གྲགས། །འཁོར་ལོ་ཐམས་ཅད་ཡོངས་རྫོགས་པ། །ཤིན་ཏུ་རྣལ་འབྱོར་ཡིན་པར་འདོད། །སྐུ་དང་གསུང་དང་ཐུགས་རྣམས་དང་། །ལྷ་ཡི་མིག་སོགས་བྱིན་བརླབས་དང་། །ཡེ་ཤེས་འཁོར་ལོ་གཞུག་པ་དང་། །བདུད་རྩི་

མྱང་བ་དག་དང་ནི། །མཆོད་དང་བསྟོད་པ་ཆེན་པོ་ནི། །རྣལ་འབྱོར་ཆེན་པོ་ཞེས་བྱའོ། །ཞེས་བྱ་བ་སྨོས་ཏེ་རྡོ་རྗེ་ནི། སྙིང་པོ་བརྟན་ཞིང་ཁོང་སྟོང་མེད། །མི་ཆོད་མི་ཕྱེད་མཚན་ཉིད་ཅན། །མི་ཤིགས་པ་དང་མི་ཉམས་པས། །སྟོང་ཉིད་རྡོ་རྗེ་ཞེས་བཤད་དོ། །ཞེས་གསུངས་
པའི་ཕྱིར་ཐོག་མ་དང་ཐ་མ་དང་དབུས་མི་དམིགས་པའི་ཤེས་རབ་སྟོང་པ་ཉིད་དོ། །སེམས་དཔའ་ནི། །སྣ་ཚོགས་སྤངས་པའི་སྐད་ཅིག་ལ། །མཆོག་ཏུ་དགའ་བའི་ཡང་དག་རྙེད། །སྟོན་པས་བཀའ་སྩལ་སེམས་དཔའ་ཆེ། །བདེ་བ་ཆེན་པོ་ཡང་དག་གཟུང་། །ཞེས་གསུངས་པའི་ཕྱིར་
ཐུན་མོང་མ་ཡིན་པའི་སྙིང་རྗེ་བདེ་བ་ཆེན་པོ་བྱང་ཆུབ་ཀྱི་སེམས་སོ། །དེ་གཉིས་ཟུང་དུ་འཇུག་པ་བསྒྲུབ་པའི་ཕྱིར་མེ་ལོང་ལྟ་བུ་ལ་སོགས་པ་སེམས་བསྐྱེད་པར་རྫོགས་པ་ནི་རྣལ་འབྱོར་རོ། །རྒྱུ་མཐུན་ནི་རྒྱུ་དང་འབྲས་བུ་རྗེས་སུ་མཐུན་པ་སྟེ་སཱ་ལུ་དང་སཱ་ལུ་བཞིན་ནོ། །གལ་ཏེ་གཞན་དག་འདྲ་བས་
རྒྱུ་མཐུན་པའོ་ཞེ་ན་མ་ཡིན་ཏེ། གངས་རི་ལ་གནས་པའི་སེང་གེ་དང་། རྩིག་པ་ལ་བྲིས་པའི་སེང་གེ་གཉིས་ཡོན་ཏན་གྱི་ཁྱད་པར་བརྗོད་པ་ཙམ་དུ་གཅིག་གིས་ཀྱང་ཡོན་ཏན་ཉིད་དང་མི་ལྡན་པའི་ཕྱིར་རྒྱུ་མཐུན་པ་མ་ཡིན་ཏེ། །བྲིས་པའི་སེང་གེའི་བརྡས་སེང་གེ་དངོས་ཀྱི་རྣམ་པ་སྐྱེ་སྲིད་ཀྱི་ཡོན་ཏན་དང་
ལྡན་པ་དེ་ཉིད་མི་སྐྱེ་བའི་ཕྱིར་དོན་སྤྱིའི་རྣམ་པའོ། །གལ་ཏེ་དོན་སྤྱིའི་སྐྱེས་པ་ནི་རྒྱུ་མཐུན་པའོ་ཞེ་ན། བྲིས་པའི་སེང་གེས་མིག་གི་རྣམ་པར་ཤེས་པ་སྐྱེ་ནུས་ཀྱི། ཡིད་ཀྱི་རྣམ་པར་ཤེས་པ་ཡུལ་གཞན་ལ་སྤྱོད་པར་བྱེད་མི་ནུས་པས་རང་གི་མཚན་ཉིད་དོ། །གལ་ཏེ་སྤྱིའི་རྣམ་པ་སེང་གེ་དེ་ཉིད་རང་
གི་མཚན་ཉིད་དོ་ཞེ་ན། གང་ལ་མར་མེའི་ཡོན་ཏན་བརྗོད་པས་མུན་པ་སེལ་བར་ནུས་པར་ཐལ་བར་འགྱུར་རོ། །དེ་བས་ན་སེམས་བསྐྱེད་པ་ནི་ཐམས་ཅད་མཁྱེན་པའི་རྒྱུའི་གཙོ་བོ་སྟེ། དེ་ལས་འབྲས་བུ་ཟུང་དུ་འཇུག་པ་རྟགས་དང་རྗེས་སུ་མཐུན་པར་འབྱུང་བ་ནི་རྒྱུ་མཐུན་ལྷའི་སྐུ་ཞེས་བྱའོ། །གལ་
ཏེ་རྟགས་དང་རྗེས་སུ་མཐུན་པ་ཡིན་ན་རྡོ་རྗེ་སེམས་དཔའི་མདོག་དང་དཀྱིལ་འཁོར་གྱི་བདག་པོའི་མདོག་གཉིས་གཅིག་པར་འགྱུར་བའམ། ཁྱད་པར་ཡོད་ན་ཡེ་ཤེས་མི་རྟག་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ། འདི་དག་ལ་ནི་ཆེས་སྐྱོན་མེད་པའོ། །རྒྱུ་དང་འབྲས་བུ་གཉིས་མཚན་ཉིད་མཐུན་པར་

སྟོན་ཏེ། ཞལ་གསུམ་དང་ཕྱག་དྲུག་དང་ཞབས་གཉིས་དང་རིག་མ་དང་རབ་ཏུ་འཁྱུད་ཅིང་མཚོན་ཆ་དྲུག་རབ་ཏུ་འབར་བ་རྒྱན་དུ་མ་དང་ལྡན་པ་ཉིད་དུ་གཅིག་པའོ། །སྐུ་མདོག་ནི་ཆུ་ཤེལ་གྱི་ནོར་བུ་ལྟ་བུར་རྐྱེན་གྱིས་རབ་ཏུ་སྣང་བ་ཡིན་ཏེ། སྔར་རྡོ་རྗེ་སེམས་དཔའི་དུས་སུ་ནི་ཟླ་བའི་རྒྱབ་ཡོལ་གྱིས་
སོ། །དེ་ཡང་མེ་ལོང་ལྟ་བུའི་ཡེ་ཤེས་དང་སེམས་བསྐྱེད་པའི་བརྡར་ཡང་བསྟན་ཏོ། །དཀྱིལ་འཁོར་གྱི་བདག་པོའི་དུས་སུ་གཞལ་ཡས་ཁང་གི་དཀྱིལ་འཁོར་ཨིནྡྲ་ནཱི་ལ་ལྟར་གནས་པ་དང་། རིགས་ཀྱི་ཁྱད་པར་ལ་དགོངས་པ་དང་། འགྲོ་བ་ཐམས་ཅད་ཀྱི་དྲི་མ་སྡུད་པ་ལ་སོགས་
པའི་ཡོན་ཏན་གྱི་ཁྱད་པར་རོ། །གཉིས་སུ་གཞག་པ་ལ་དགོས་པ་ཡོད་དེ། གཅིག་ནི་བསྒོམ་པའི་ལམ་དང་རྗེས་སུ་མཐུན་པ་ཡིན་ལ། གཉིས་པ་ནི་མི་སློབ་པའི་ལམ་དང་རྗེས་སུ་མཐུན་པའོ། །དེ་ཡང་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། བསྐྱེད་པའི་རིམ་ལ་ལེགས་གནས་ཤིང་། །
རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་བཞིན་དུ་གསུངས། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ན་བསྐྱེད་པའི་རིམ་པ་མ་ཡིན་ནོ་ཞེ་ན། སྔར་བཞིན་རང་རིག་པས་གང་ཟག་མཆོག་རྣམས་ལ་རྫོགས་པའི་རིམ་པར་འགྱུར་ལ།
དམན་པ་ལ་ནི་བསྐྱེད་པའི་རིམ་པའོ། །གལ་ཏེ་རྫོགས་པའི་རིམ་པ་ཡིན་ན་ཞལ་ཕྱག་ལ་སོགས་འབྱུང་བར་མི་རིགས་སོ་ཞེ་ན། ཉེས་པ་མེད་དེ། སྤྲོས་པ་མེད་པའི་རང་བཞིན་ལས། །སྔགས་དང་ལྷ་ནི་ཡང་དག་གནས། །ཞེས་གསུངས་པའི་ཕྱིར་མེ་ལོང་དང་མེ་ལོང་གི་གཟུགས་བརྙན་བཞིན་ཡེ་
ཤེས་རྟོག་པ་དང་བྲལ་བ་དེ་ཉིད་གཟུགས་བརྙན་གྱི་རྣམ་པར་སྣང་བའོ། །གལ་ཏེ་ཤེས་པ་དེ་ཉིད་ཆ་གཉིས་སུ་ཐལ་ལོ་ཞེ་ན། འཁོར་བ་ཡོངས་སུ་དག་པ་ནི། །མྱ་ངན་འདས་ཞེས་དེ་ལ་བྱ། །ཞེས་གསུངས་པའི་ཕྱིར་མི་རྟོག་ལས་མི་རྟོག་པ་གཞན་མ་ཡིན་ཏེ་དབྱེར་མེད་པའོ། །གལ་ཏེ་རིགས་མཐུན་པ་
གཉེན་པོ་མི་འཐད་དོ་ཞེ་ན། ཐབས་ཆེན་རྣམས་དང་ལྡན་པ་ལ། །ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར། །སྔགས་ཀྱིས་བསད་པའི་དུག་བཞིན་དུ། །འཁོར་བ་ཞི་བའི་བདག་ཉིད་དོ། །ཞེས་གསུངས་པའི་ཕྱིར་བརྒྱུད་པའི་གཞུང་ལུགས་དང་ལྡན་པའི་རྣལ་འབྱོར་ལ་བསྐྱེད་རྫོགས་གཉིས་བྱང་ཆུབ་ཀྱི་

སེམས་སུ་རོ་གཅིག་པས་དངོས་པོས་དངོས་པོ་དག་པར་བྱེད་པ་ལ་དངོས་མེད་ཅེས་ཕྲ་བ་དག་པར་བྱེད་པ་ལ་འགལ་བ་མེད་དོ། །ཡང་ན་བདེ་བ་ཆེན་པོར་རིགས་གཅིག་ཀྱང་དེ་ཉིད་ལ་བློས་གཉིས་སུ་བརྟགས་པ་ཡིན་པས་དངོས་པོའི་ཆད་པ་སེལ་བ་དང་། དངོས་མེད་ཀྱི་རྟོག་པ་
སེལ་བ་དེ་བཞིན་ནོ། །འདིར་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་མ་སྐྱེས་ལ་རྐྱེན་གྱིས་སྐྱེས་ཏེ་དེ་ཉིད་ཐ་མི་དད་པའི་དུས་ན་འཛིན་པ་དང་བྲལ་བ་ནི་བདེ་བ་ཆེན་པོའོ། །རྒྱུ་ཟུང་དུ་འཇུག་པ་དང་འབྲས་བུ་ཟུང་དུ་འཇུག་པ་གཉིས་གཅིག་པ་མ་ཡིན་ཏེ། ཚེས་གཅིག་པའི་ཟླ་བ་དང་ཉ་གང་བ་བཞིན་ནོ། །ཐ་དད་པ་མ་
ཡིན་ཏེ་ཆོས་གཅིག་པའི་ཟླ་བ་དེ་སྤངས་པ་ལས་ཉ་གང་བའི་ཟླ་བ་དེ་རྙེད་པ་མ་ཡིན་པ་བཞིན་ནོ། །དགོས་པ་མེད་པ་མ་ཡིན་ཏེ་བྱང་ཆུབ་ཀྱི་སེམས་མ་རྟོགས་པ་རྟོགས་པར་བྱེད་པའི་ཕྱིར་ནི་མ་ཡིན་ཏེ་རྟོགས་པ་བརྟན་པར་བྱེད་པའི་ཕྱིར་རོ། ཡེ་ཤེས་ནི་མི་རྟག་པར་འབྱུང་བ་མ་ཡིན་ཏེ། རང་གི་ངོ་བོ་ལ་
འཕེལ་འགྲིབ་མེད་ཀྱང་ཡེ་ཤེས་ཀྱི་ས་ལས་ཡེ་ཤེས་ཀྱི་འབྲས་བུར་འགྱུར་བ་ནི་མ་རིག་པ་བག་ཆགས་རྩ་བ་དང་བཅས་པ་རྐྱེན་གྱི་སྟོབས་ཀྱིས་དེ་ཉིད་ཀྱི་ནུས་པ་འཕེལ་ཞིང་རྒྱས་པར་མངོན་ཏེ། དཔེར་ན་ཟླ་བ་རང་གི་ངོ་བོ་ལ་འཕེལ་འགྲིབ་མེད་ཀྱང་ཉི་མ་དང་ཉེ་བའི་དུས་ན་ཟླ་བ་འགྲིབ་པ་ཉིད་ཀྱིས་
འགྲིབ་པར་མངོན་ཏེ། ཉི་མ་དང་རིང་བ་ན་ཟླ་བ་འཕེལ་ཞིང་རྒྱས་པ་བཞིན་ནོ། །དེ་བས་རྒྱུ་མཐུན་པ་ནི་བཏགས་པ་ཙམ་མ་ཡིན་ཏེ་རང་གི་མཚན་ཉིད་ལའོ། །རྗེས་ཀྱི་རྣལ་འབྱོར་ལ་སོགས་པ་ནི་གོ་སླའོ། །འཁོར་ལོ་ནི་སྙིང་པོ་ལེན་པའི་གནས་སོ། །ཐམས་ཅད་ནི་དཀྱིལ་འཁོར་གྱི་འཁོར་ལོའོ། །
ཡོངས་རྫོགས་ནི་རྡོ་རྗེ་ཕག་མོའི་ཆོས་ཀྱི་འབྱུང་གནས་སུ་སྔོན་སངས་རྒྱས་པའི་འཁོར་ལོ་ཞུ་བའི་ངོ་བོར་བྱས་པ་ལས་ཐིག་ལེ་དང་ཡི་གེ་དང་མཚན་མ་ལ་སོགས་པ་བསྐྱེད་པའི་སྐུ་སོ་སོའི་སྔགས་ཀྱིས་ནམ་མཁའ་ལ་བཏོན་ཏེ་དེའི་བ་སྤུའི་བུ་ག་ལས་བྱུང་བའི་ཁྲོ་བོའི་ཚོགས་ཀྱི་རང་གི་རིགས་དང་མཐུན་པའི་
སེམས་ཅན་གྱི་དོན་བྱས་ནས་རང་རང་གི་གནས་སུ་བཞུགས་པའོ། །སྐུ་དང་གསུང་ཞེས་བྱ་བ་ལ་སོགས་པ་ནི་སྔར་བཤད་པ་བཞིན་ཏེ། དེ་ཡང་བཤད་པའི་རྒྱུད་ཆེན་པོ་ལས། ཡན་ལག་དྲུག་ཅེས་གསུངས་ཏེ། སྡོམ་པ་གསུམ་ནི་རྣལ་འབྱོར་རོ། །དྲུག་ལས་གཉིས་ལྡན་རྣམ་ཤེས་ཉིད། །མཆོག་

གནས་པ་ནི་རབ་གནས་སོ། །མཆོད་དང་བསྟོད་པ་ཆེན་པོས་ནི། །དམ་པ་རྣམས་ནི་མཉེས་བྱས་སོ། །ཐམས་ཅད་བདག་བྱིན་བརླབས་ནས་ཀྱང་། །མྱང་བ་དངོས་གྲུབ་ཡན་ལག་ཡིན། །ཞེས་གསུངས་སོ། །ད་ནི་ཕྱི་ནང་གི་ལས་རབ་འབྱམ་མ་ལུས་པ་ཐམས་ཅད་ཀྱི་རྩ་བར་གྱུར་པ་
དམ་ཚིག་སྟེ། བསྲུང་བར་བྱ་བ་དང་ཉམས་ན་གསོ་བའི་ཆོ་ག་ལ་མ་མཁས་ན་རྡོ་རྗེ་དམྱལ་བ་ལ་སོགས་པར་འགྱུར་བའི་ཕྱིར་བཤད་པར་བྱ་སྟེ། སློབ་དཔོན་ལ་ནི་བརྙས་མི་བྱ། །ཞེས་བྱ་བ་ནི་སློབ་དཔོན་ནི་སློབ་མ་ཐམས་ཅད་ཀྱི་དཔོན་དུ་གྱུར་པའི་གཞུང་ལུགས་དང་ལྡན་པའོ། །རྒྱུད་བཤད་
པ་དང་མན་ངག་སྟོན་པ་དང་དབང་བསྐུར་བ་གསུམ་གཅིག་དང་ལྡན་པ་དང་། གཉིས་དང་ལྡན་པ་དང་། བྱེ་བྲག་ཏུ་ལྡན་པའོ། །དེ་ཡང་། དམ་ཆོས་ཀློག་དང་སྦྱིན་པ་དང་། །འཆད་བྱེད་མན་ངག་སྟོན་པ་དང་། །དབང་བསྐུར་བ་དང་དཀྱིལ་འཁོར་ལས། །འདི་རྣམས་སློབ་དཔོན་ཡིན་
པར་བཤད། །ཅེས་གསུངས་སོ། །དེ་བས་ན་བརྙས་པར་མི་བྱ་སྟེ་དང་པོ་སེམས་བསྐྱེད་པ་ནས་བདེ་བ་ཆེན་པོའི་བར་དུ་ལུས་དང་ངག་དང་ཡིད་དང་ལོངས་སྤྱོད་ཀྱིས་བསྙེན་བཀུར་ཞིང་རང་གི་འཚོ་བས་ཀྱང་ཆེས་ལྷག་པར་བྱ་ཞིང་བསྟོད་དོ། །བདེ་གཤེགས་བཀའ་ལས་འདའ་མི་བྱ། །ཞེས་
པ་ནི་བདེ་བ་ཆེན་པོ་ནི་བདེ་བ་ཆེན་པོ་སྟེ་དགོས་པ་དང་བྲལ་བའི་དེ་བཞིན་ཉིད་ཐུགས་སུ་ཆུད་པའོ། །དེ་ལས་ཀྱང་ཐུགས་རྗེ་ཆེན་པོ་དང་སྨོན་ལམ་གྱི་རྒྱུན་གྱིས་སེམས་ཅན་གྱི་སྣང་བ་དག་པ་ལ་སོགས་པ་དང་མཐུན་པར་ལོངས་སྤྱོད་རྫོགས་པའི་གཟུགས་ཀྱིས་འགྲོ་བ་ཐམས་ཅད་ཀྱི་དོན་མཛད་པ་
ལ་གཤེགས་ཞེས་བྱའོ། །དེའི་བཀའ་ནི་དྲི་མ་མེད་པ་སྟེ་ཉན་ཐོས་དང་རང་སངས་རྒྱས་དང་ཐེག་པ་ཆེན་པོའོ། །དེ་ལས་འདའ་བར་མི་བྱ་བ་ནི་ཉན་ཐོས་ཀྱི་ཐེག་པ་ལ་གནས་པའི་དུས་སུ་སྤང་བར་བྱ་བ་བདུན་ལས། དེའི་ཡན་ལག་གི་ཁྱད་པར་གྱིས་ཕམ་པ་དང་། ལྟུང་བ་དང་། ལྷག་མ་དང་།
ཉེས་བྱས་དང་། ཕྲ་མོ་ལ་སོགས་པ་ལ་ཕྱིར་བཅོས་པ་དང་། བཤགས་པར་བྱ་བ་དང་། སྡོམ་པ་ལ་སོགས་པའི་བྱེ་བྲག་ལ་གནས་པར་བྱ་ཞིང་གཙོ་བོར་གང་ལ་ཆགས་པའི་དངོས་པོ་སྤོང་བའོ། །རང་སངས་རྒྱས་ཀྱི་ཐེག་པ་ནི་སྤྱོད་ལམ་ཉན་ཐོས་དང་རྗེས་སུ་མཐུན་ལ། འཁོར་བ་ཐམས་ཅད་ནི་

བག་མེད་པར་མཐོང་སྟེ། བག་དང་ལྡན་པས་འདུ་བྱེད་ལ་ཡིད་མི་འཇུག་གོ། །ཐེག་པ་ཆེན་པོ་ནི་སྟོང་པ་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་སྦྱོར་བས་སྨོན་པ་དང་ལྡན་པའི་འཇུག་པ་དགེ་བ་དང་སྒྲིབ་པ་གཉིས་མཐར་བྱེད་པའི་ཚོགས་གཉིས་བསགས་ཏེ་མི་དགེ་བ་བཅུ་ལ་མ་ཞུགས་མི་
འཇུག་འཇུག་པར་མི་འགྱུར་ཞིང་འཁོར་གསུམ་ཡོངས་སུ་དག་པའི་བསྔོ་བ་བདག་གིར་བྱེད་པའི་རེ་བ་ཡོངས་སུ་གཏོང་བའོ། །ཡང་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོ་ནི་གསང་སྔགས་ཀྱི་ཐེག་པ་ཆེན་པོ་སྟེ་དབང་གིས་སྨིན་པར་བྱས་ཤིང་དེའི་ཡེ་ཤེས་རིམ་པ་གཉིས་ཀྱི་ཁྱད་པར་གྱིས་རང་དང་གཞན་
གྱི་དོན་ཕུན་སུམ་ཚོགས་པའི་རྩ་བར་བསྲུང་བ་དང་སྤྱད་པ་དང་ཤེས་པར་བྱ་བ་དང་སྤྱོད་པའི་དམ་ཚིག་རྣམས་དང་ཏིང་ངེ་འཛིན་གྱི་རྟགས་ཀྱིས་བགྲོད་ཅིང་འབྲས་བུ་ལམ་དུ་ཁྱེར་བའོ། །དེ་ཡང་ཐེག་པ་ཆུང་ངུ་གཉིས་ཀྱི་དུས་སུ་སྡོམ་པ་སེམས་ཀྱིས་ཐོབ་པས་ཤེས་པ་དུས་གསུམ་རྗེས་སུ་གནས་པ་ལ་
སྡོམ་པའི་རྫས་གནས་པ་ནི། རྩིག་པ་ལ་རི་མོ་བྲིས་པ་བཞིན་ཏེ། རྟེན་གང་གི་མཐུ་ཉམས་པས་བརྟེན་པ་འཇིག་པར་འགྱུར་བའོ། །དེ་ཡང་དགེ་བའི་བཤེས་གཉེན་གྱི་སྟོབས་ཀྱིས་ཐེག་པ་གཉིས་པའི་སེམས་བསྐྱེད་ནས་སྡོམ་པ་དེ་ཉིད་ངོ་བོ་ཐེག་པ་ཆེན་པོར་འགྱུར་ཏེ། དཔེར་ན་གསེར་འགྱུར་གྱི་
རྩིའི་སྟོབས་ཀྱིས་ལྕགས་གསེར་དུ་འགྱུར་བ་བཞིན་ནོ། །ཡང་དུས་ཁས་འཆེ་བ་ཅིག་གིས་ནི་སྟོང་སྟེ། དེ་བཞིན་གཤེགས་པའི་བཀའ་མི་སླུ་བའི་ཕྱིར་དང་། དང་པོར་དུས་དེ་སྙེད་ཀྱི་བསམ་པས་ཐོབ་པའི་ཕྱིར་ཏེ། དཔེར་ན་སྐྱེས་བུ་ཞིག་གིས་ཁྲུས་བྱས་པས་ལུས་ཀྱི་དྲི་མ་ཐམས་ཅད་དག་པར་འགྱུར་
ཏེ། ཟླ་མདོག་ཏུ་སྣང་བ་བཞིན་ནོ། །དེ་བས་ན། སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་འཛིན་རང་གི་སྡོམ་པའོ། །སྡོམ་པ་གསུམ་ལ་གནས་ནས་ནི། །གསང་སྔགས་རྒྱལ་པོ་བསྒྲུབ་པར་བྱ། །ཞེས་གསུངས་ཏེ། འདི་ཉིད་ཀྱི་དམ་ཚིག་དང་ལྡན་པ་ཐམས་ཅད་བསྲུང་བར་གྱུར་པས་སོ། །གལ་
ཏེ་མཚན་ཉིད་མི་མཐུན་པས་རིགས་གཅིག་ཏུ་བསྡུར་མི་རུང་སྟེ་རྟ་དང་བ་ལང་བཞིན་ནོ་ཞེ་ན་མ་ཡིན་ཏེ། སྡོམ་པ་ཐམས་ཅད་ནི་ཤེས་པའི་ཁྱད་པར་གྱི་བཤད་པ་ཡིན་ལ། ཁྱད་པར་དེ་ཉིད་རྣམ་པར་རྟོག་པ་སྟེ་རྟོག་མེད་ཏིང་ངེ་འཛིན་ཞི་བ་རྙེད་པ་ན་རྣམ་པར་རྟོག་པ་རྟེན་མེད་པས་ཞི་ལ་དེ་བཞིན་གཤེགས་

པ་ཉིད་དེར་ཐམས་ཅད་རིག་པ་གཅིག་པ་ཡིན་ནོ། །གལ་ཏེ་མི་གཅིག་ན་སྔོན་སངས་རྒྱས་པ་རྣམས་ཀྱང་མི་རིགས་སོ། །དེ་ལྟ་བས་ན། ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་གསུངས་པའི་ཕྱིར་ངེས་པར་འབྱུང་བའི་སྒོ་ནི་བསམ་པའི་ཁྱད་པར་
ལ་བདེན་པས་མི་འགེགས་ལ། རྣམ་པར་དག་པ་ནི་རང་གི་ངོ་བོ་ཉིད་ཡིན་པའི་ཕྱིར་རིགས་སོ། །མི་རིགས་ན་སེམས་ཅན་བག་དང་ལྡན་པ་ལ་དགོད་པའི་ཕྱིར། སངས་རྒྱས་བཅོམ་ལྡན་འདས་ཀྱིས། ལས་དྲག་གང་གིས་སྐྱེ་བོ་རྣམས། །གང་དང་གང་གིས་འཆིང་འགྱུར་བ། །ཐབས་དང་
བཅས་ན་དེ་ཉིད་ཀྱིས། །སྲིད་པའི་འཆིང་བ་ལས་གྲོལ་འགྱུར། །ཞེས་གསུངས་པ་ཡང་མི་རིགས་སོ། །དེ་བས་ན་མི་བདེན་པ་ཐམས་ཅད་ནི་འཁྲུལ་པ་ཞིག་པ་ཙམ་གྱིས་བདེན་པར་རོ་གཅིག་པར་འགྱུར་རོ། །དེ་བཞིན་སྤུན་ལ་ཁྲོ་བ་དང་། །ཉེས་པ་བསྒྲགས་པར་མི་བྱའོ། །ཞེས་པ་ནི་དམ་ཚིག་
ཏུ་རིགས་མཐུན་པར་བསྡུས་པས་ན་དེ་བཞིན་ནོ། །སྐྱེས་ནས་གཅིག་པས་ན་སྤུན་ནོ། །དེ་ཡང་ཤེས་རབ་མཆོག་གི་མངལ་ན་གནས་པ་རྣམས་སྤུན་ཏེ་ཁྱད་པར་གྱི་རྡོ་རྗེ་སྤུན་དང་བྱེ་བྲག་དང་ཉེ་བའི་སྤུན་ནོ། །དེ་ལ་དཀྱིལ་འཁོར་དང་སློབ་དཔོན་དང་རིགས་པ་གཅིག་པ་ལས་དམ་ཚིག་ཐོབ་པ་ནི་ཁྱད་
པར་གྱི་རྡོ་རྗེ་སྤུན་ནོ། །བྱེ་བྲག་ཏུ་ཐོབ་པ་ནི་བྱེ་བྲག་གི་རྡོ་རྗེ་སྤུན་ནོ། །ཐེག་པ་ཆེན་པོ་ལ་ཞུགས་པ་ཐམས་ཅད་ནི་ཉེ་བའི་སྤུན་ནོ། །དེ་ཡང་གཉིས་ཀ་ལ་ནི་ལྟུང་བ་གཞག་ལ། གཞན་ལ་ནི་ཆ་མཐུན་པའོ། །ཁྲོ་བོ་ནི་ཉིད་འཁྲུག་པའོ། །ཉེས་པ་བསྒྲགས་པ་ནི་མཚང་འབྲུ་བ་ལ་སོགས་པ་མི་
བྱའོ། །བྱང་ཆུབ་སེམས་ཀྱང་གཏང་མི་བྱ། །ཞེས་པ་ལ་བྱང་ཆུབ་སེམས་ནི་སྔར་བཤད་ཟིན་ཏོ། །ཀྱང་ནི་འདུད་པར་བྱེད་པའོ། །གཏང་བར་མི་བྱ་བ་ནི་དང་པོ་དམ་བཅས་པ་ལ་ཉམས་པར་མི་བྱ་བའི་དོན་ཏོ། །བདག་གཞན་ཆོས་ལ་སྨད་མི་བྱ། །ཞེས་པ་ལ་བདག་ནི་སངས་རྒྱས་པའོ། །གཞན་
ནི་མུ་སྟེགས་ཅན་ནོ། །ཆོས་ནི་མངོན་པར་ཐོབ་པའི་ལམ་དུ་མཐོང་བའོ། །སྨད་པར་བྱ་བ་ཡང་ཐེག་པའི་རིམ་པས་ཉེས་པ་ཡང་དེ་བཞིན་དུ་འགྱུར་ཏེ། མུ་སྟེགས་ཅན་ལ་སྨད་བྱས་ན། །རྣམ་པར་སྣང་མཛད་རིང་བའི་རྒྱུ། །ཞེས་པ་དང་། ཕྱི་རོལ་པ་དང་ལམ་ཚོལ་ཞུགས། །དེ་ཕྱིར་དེ་ལ་

སྨད་མི་བྱ། །ཞེས་གསུངས་པའི་ཕྱིར་གཞན་ལ་ལྟ་སྨོས་ཀྱང་ཅི་དགོས། སྨོད་པ་ནི་ང་རྒྱལ་གྱིས་ཀུན་ནས་བསླང་བ་སྟེ་གཞན་གྱི་ཡོན་ཏན་ལ་ཕྲག་དོག་པ་ཡང་རྩ་བ་ང་རྒྱལ་ཉིད་དོ། །རང་ཉིད་ལ་མཆོག་ཏུ་མཐོང་བས་བག་ཆགས་ཐམས་ཅད་ཀྱི་མཐུ་བརྟན་པར་བྱེད་ཅིང་གཞན་ཁྱད་
དུ་གསོད་པས་ཕ་རོལ་པོའི་སེམས་འཕྲོག་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་གཞན་གྱི་དོན་དུ་མི་འགྱུར་ཞིང་རང་གི་དོན་དུ་ཡང་ཆེར་མི་འགྱུར་རོ། །སེམས་ཅན་ལ་ནི་བྱམས་པ་དག །ནམ་ཡང་གཏང་བར་མི་བྱའོ། །ཞེས་པ་ནི་ཐེག་པ་ཆེན་པོ་བས་སེམས་ཅན་ཐམས་ཅད་ལ་བུ་གཅིག་
པ་བཞིན་བསམ་པར་བྱ་ཞིང་དུས་ཐམས་ཅད་དུ་གཏང་བར་མི་བྱའོ། །སེམས་ཅན་གྱི་ཞིང་དང་བྲལ་བའི་ཐེག་པ་ཆེན་པོ་ནི་མིང་ཙམ་སྟེ། སྲིན་བུ་མེ་ཁྱེར་ཉི་མའི་འོད་ལྡན་པ། །ཞེས་མིང་དུ་བཏགས་པ་ལྟ་བུའོ། །གལ་ཏེ་སྔར་གྱི་བྱང་ཆུབ་ཀྱི་སེམས་དང་ཁྱད་མེད་དོ་ཞེ་ན། བྱང་ཆུབ་ཀྱི་
སེམས་ནི་དངོས་གཞི་ཡིན་ལ། འདི་ནི་བྱ་བ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བའི་ཕྱིར་རོ། །ཡོངས་སུ་མ་སྨིན་སེམས་ཅན་ལ། །གསང་བ་དག་ནི་བསྟན་མི་བྱ། །ཞེས་བྱ་བ་ལ་ཡོངས་སུ་མ་སྨིན་པའི་སེམས་ཅན་ནི་ལྔ་སྟེ་སྣོད་ཀྱིས་མ་སྨིན་པ་ནི་ལོག་སྲེད་ཅན་ནོ། །ཆོ་གས་མ་སྨིན་པ་ནི་བུམ་
པའི་དབང་མ་ཐོབ་པའོ། །ཆོ་ག་རྫོགས་པས་མ་སྨིན་པ་ནི་གསང་བ་དང་ཤེས་རབ་ཡེ་ཤེས་མ་ཐོབ་པའོ། །ཉམས་པས་མ་སྨིན་པ་ནི་རྩ་བའི་ལྟུང་བ་ལ་སོགས་པ་བྱུང་ནས་ཕྱིར་མ་གསོས་པས་སོ། །ཟབ་པས་འཇིགས་པའི་མ་སྨིན་པ་ནི་བཞི་པའི་དེ་བཞིན་ཉིད་མ་ཐོབ་པའོ། །གསང་བ་ནི་དཀྱིལ་
འཁོར་དང་དམ་ཚིག་གི་ཕྱག་རྒྱ་གཅིག་ཙམ་དང་། བརྡ་དང་གསང་བའི་དམ་ཚིག་དང་། ཚོགས་ཀྱི་འཁོར་ལོ་ལ་སོགས་པ་འདུས་པ་གཅིག་པ་དང་ཟུང་དུ་འཇུག་པའི་ཡེ་ཤེས་བསྟན་པར་མི་བྱ་སྟེ་བསྟན་ན་གསང་སྔགས་ཉམས་པར་འགྱུར་བ་དང་། མཁའ་འགྲོ་མ་རྣམས་ཀྱིས་འཚེ་བ་དང་། རྒྱུད་
པའི་གཞུང་ལུགས་ཀྱི་བྱིན་གྱི་རླབས་ཉམས་པར་འགྱུར་བ་དང་། ཟབ་མོ་ལ་སྐུར་པ་བཏབ་པས་བསྐལ་པ་སྟོང་དུ་ཆོས་ཀྱི་སྒྲ་མི་གྲག་ཅིང་སྡུག་བསྔལ་བར་འགྱུར་བའི་ཉེས་པ་ནི་ཕལ་ཆེར་སློབ་དཔོན་ལ་འབྱུང་བ་སྟེ་འདོད་པས་ཀུན་ནས་བསླང་བའི་ཉེས་པ་ནི་ཐམས་ཅད་དུ་སྤང་བར་བྱའོ། །བདག་གི་ཕུང་པོ་

བརྙས་མི་བྱ། །ཞེས་པ་ལ་བདག་ཏུ་བཅས་པའོ། །ཕུང་པོ་ནི་གཟུགས་ལ་སོགས་པའོ། །དེ་ཉིད་རང་བཞིན་གནས་པ་དང་བྱིན་གྱིས་བརླབས་པའི་མཐུས་རྣམ་པར་སྣང་མཛད་ལ་སོགས་པ་སྟེ་ནང་གི་སྦྱིན་སྲེག་གིས་མཆོད་པར་བྱ་ཞིང་བདེ་བས་བདེ་བ་བསྒྲུབ་པར་བྱའོ། །བརྙས་པ་ནི་འགེགས་པ་
དང་། གཡང་སར་མཆོང་བ་དང་། དམན་པའི་བརྟུལ་ཞུགས་དང་། གནས་མིན་གྱི་བཟོད་པ་དང་། ཡན་ལག་དང་ཉིང་ལག་གཅོད་པ་དང་། སྨྱུང་བར་གནས་པ་དང་། དཀའ་ཐུབ་དང་དཀའ་སྤྱད་ལ་སོགས་པ་སྟེ་རྒྱུ་སྡུག་བསྔལ་ལས་འབྲས་བུ་བདེ་བ་ཆེན་པོར་མི་འགྱུར་བའི་ཕྱིར་སྤངས་ཏེ་མི་
བྱའོ། །གྲོང་པའི་ཆོས་ནི་སུན་མི་འདོན། །ཞེས་པ་ནི་སོ་སོའི་སྐྱེ་བོ་གྲུབ་པའི་མཐས་བློ་མ་བཅོས་པ་རྣམས་དྲང་དོན་འདོད་པ་ལས། ངེས་དོན་སྟོན་པ་དང་། དོན་མ་གོ་བ་ལ་སྤྱོད་པ་སྟོན་པ་དང་། སེམས་འཇུངས་པ་ལ་ཁྱད་པར་གྱི་ལོངས་སྤྱོད་སྟོན་པ་དང་། དགེ་བ་བྱས་པས་འགྱོད་པ་སྐྱེས་པ་དང་། ཆོས་
འདོད་པ་ལ་འཇིག་རྟེན་པའི་བསྟན་བཅོས་ལ་སྦྱར་བ་དང་། ཅོ་འདྲི་བ་དང་། ཁས་ལངས་བྱས་པའི་ཉེས་པ་ནི་བྱང་ཆུབ་སེམས་དཔའ་ལ་ལྟུང་བར་འགྱུར་ཏེ་སེམས་སུན་ཕྱུང་བས་ན་ཕྱིས་མི་འཇུག་ཅིང་ཞུགས་པ་ལ་སྐུར་པ་འདེབས་པ་དང་། གཞན་འཇུག་ཏུ་མི་སྟེར་ན་མི་བྱའོ། །གདུག་ལ་རྟག་ཏུ་བྱམས་པ་
གཏང་། །ཞེས་པ་ནི་བླ་མ་དང་དཀོན་མཆོག་ལ་སྡང་བ་ནི་གདུག་པ་ཅན་ནོ། །དེ་དག་ལ་ལུས་དང་ངག་དང་མཐུ་དང་ལོངས་སྤྱོད་ཀྱིས་ཕན་འདོགས་པར་བྱེད་པ་ནི་བྱམས་པ་སྟེ་བླ་མ་དང་དཀོན་མཆོག་ཁོ་ན་སྨད་པར་ཟད་དོ། །བླ་མ་དང་དཀོན་མཆོག་སྨད་པ་ནི་འཁོར་བའི་སྡུག་བསྔལ་མ་ལུས་པ་ཐམས་ཅད་
སྐྱེད་པས་ན་ཐར་པའི་གེགས་སུ་གསུངས་སོ། །བླ་མ་དང་དཀོན་མཆོག་མཆོད་པ་ལས་སངས་རྒྱས་ཡོན་ཏན་མ་ལུས་པ་ཐམས་ཅད་འབྱུང་སྟེ། དེ་ཡང་། བླ་མ་མཆོག་ལ་བསྙེན་བཀུར་བས། །མཆོག་གསུམ་ཡོན་ཏན་རིག་པར་འགྱུར། །བདུད་རྩིས་ཡིད་ངོམས་འཁོར་ལས་བརྒལ། །འབྲས་བུ་
ངེས་པར་ལེགས་པ་འཐོབ། །དེ་ཕྱིར་དམ་པའི་ཞལ་ལས་ནི། །གསུངས་པའི་བྱ་བ་སྡིག་ཀྱང་བྱ། །དམ་པའི་ཞལ་ལས་མ་གསུངས་པའི། །དགེ་བའང་མཁས་པས་སྤང་བར་བྱ། །ཞེས་གསུངས་པའི་ཕྱིར་རོ། །ཆོས་ལ་ཚད་གཞལ་བར་མི་བྱ་ཞེས་པ་ནི། ཆོས་ནི་རྣམ་པ་གཉིས་ཏེ། ལུང་དང་རྟོགས་

པའི་ཆོས་སོ། །ལུང་ནི་རིག་པ་བཞི་སྟེ་སྒྲ་དང་། བཟོ་དང་། སྨན་དང་། བསྟན་བཅོས་དང་། རིག་པའོ། །རྟོགས་པ་ནི་དོན་རྟོགས་པ་སྟེ་དེ་ཡང་དོན་སྤྱིའི་རྣམ་པར་རིག་པ་དང་། དོན་རང་གི་མཚན་ཉིད་རིག་པའོ། །དེ་ནི་མིང་དང་ཚིག་དང་ཡི་གེ་དང་། བརྡ་དང་བརྗོད་པ་ཐམས་ཅད་དང་བྲལ་
བའི་ཡེ་ཤེས་ཏེ། དེ་ཡང་ཡིན་མིན་རྩོད་པ་དང་། ཡོད་མེད་དུ་རྟོགས་པ་ནི་ལྟུང་བའོ། །གཞན་ཡང་ལུང་དང་གཞན་རིགས་པས་བློ་བྲིད་པའི་སྟོབས་ཀྱིས་ཐེ་ཚོམ་ཟ་བ་ནི་ལྟུང་བའོ། །དོན་དེ་ཉག་གཅིག་སྒྲུབ་པར་བྱེད་པ་ལ་སྒྲོ་འདོགས་ཕྱོགས་སྣ་ཚོགས་ནས་གཅོད་ཅིང་དོན་དང་ཐབས་
སྣ་ཚོགས་ཀྱིས་ཕྲད་པར་བྱེད་པའི་ཕྱིར་ཆོས་ཐམས་ཅད་ལ་ཚད་གཞལ་བར་མི་བྱ་སྟེ། ཐོས་ཤིང་བསམས་ལ་བསྒོམ་པར་ཡང་བྱའོ། །སེམས་ཅན་དད་པ་ཅན་གྱིས་བསླུ། །ཞེས་པ་ནི་ཁ་གསག་དང་། གཞོགས་སློང་དང་། ཐོབ་ཀྱིས་འཇལ་བ་དང་། རྙེད་པས་རྙེད་པ་ཚོལ་བ་དང་། སྲང་
ལ་སོགས་པ་ལ་གཡོ་བྱེད་པ་ནི་ཟང་ཟིང་གིས་སླུ་བའོ། །གོང་མར་སྟོན་པ་ནི་རིག་བྱེད་འཆང་བ་དང་། འཇིག་རྟེན་པའི་བསྟན་བཅོས་འཆད་པ་དང་། བདུད་རྒྱུད་སྟོན་པ་དང་། སྒྱུ་མ་སྟོན་པ་དང་། འཁྲུལ་འཁོར་གྱི་སྦྱོར་བས་སེམས་ཅན་སླུ་བའོ། །གནས་ངན་གྱི་སྦྱོར་བས་སླུ་བ་ནི་རྟེན་ངན་པ་ལ་
སྐྱབས་སུ་འགྲོར་འཇུག་པ་དང་། དམན་པའི་དཀའ་ཐུབ་སྲུང་དུ་འཇུག་པ་དང་། བདག་སྒོམ་པ་ལ་སོགས་པ་ལ་སྦྱོར་བ་དང་། ཡོངས་སུ་གཅོད་པའི་བློ་ལ་སློབ་པ་ནི་དོན་སླུ་བ་སྟེ་དེ་བས་ན་དེ་དག་མི་བྱའོ། །གལ་ཏེ་སྔར་བཤད་པ་དང་ཁྱད་པར་མེད་དོ་ཞེ་ན་མ་ཡིན་ཏེ། སྔར་ནི་འདོད་པས་ཀུན་ནས་
སློང་བར་བྱེད་ལ། འདིར་ནི་ཡོད་དེ་གཅིག་ནི་སུན་འབྱིན་པ་ཡིན་ལ་འདིར་ནི་སླུ་བའོ། །རྟག་ཏུ་དམ་ཚིག་བསྟེན་པར་བྱ། །ཞེས་པ་ལ་རྟག་ཏུ་ནི་དོགས་པ་མེད་པའི་བར་དུའོ། །དམ་ཚིག་ནི་རྒྱུད་འདིར་བཤད་པ་དང་། རྒྱུད་གཞན་དུ་བཤད་པར་འགྱུར་བའི་རྩ་བ་དང་ཡན་ལག་ལ་སོགས་པའོ། །མ་
བསྟེན་པ་ནི་གཉིས་ཏེ་མཁས་པ་དང་བླུན་པའོ། །དེ་དག་གི་ཇི་ལྟར་བསྟེན་པར་བྱ་ཞེ་ན། མཁས་པས་སྡིག་པ་བྱས་པ་ནི། །དཀའ་སྤོང་བསླུས་ཏེ་ཤིན་ཏུ་ལྕི། །མི་མཁས་སྡིག་པ་བྱས་པ་ཡང་། །རང་བཞིན་བླུན་པོ་ཉིད་ཀྱིས་སོ། །ཞེས་གསུངས་པའི་ཕྱིར་མཁས་པ་རྣམས་ཀྱིས་དམ་ཚིག་ཁྱད་དུ་གསད་

པར་མི་བྱ་སྟེ་བསྟེན་པར་བྱའོ། །བླུན་པོ་རྣམས་སྤང་བའི་ཕྱིར་བག་མེད་པར་བྱའོ་ཞེ་ན་མ་ཡིན་ཏེ། མཁས་པས་སྡིག་བྱས་པ་ནི་འཕྲལ་ཞིང་སྦྱང་། །མི་མཁས་སྡིག་པ་བྱས་པ་ཐུར་དུ་འགྲོ། །ལྕགས་ཀྱི་གོང་བུ་ཆུང་ཡང་གཏིང་དུ་འགྲོ། །དེ་ཉིད་སྣོད་དུ་བྱས་ན་ཆེ་ཡང་ཁ་ན་འཕྱོ། །ཞེས་གསུངས་པའི་ཕྱིར་
བླུན་པ་དག་གིས་ཀྱང་དམ་ཚིག་ལ་བསྟེན་པར་བྱའོ། །བུད་མེད་ཤེས་རབ་རང་བཞིན་ལ། །སྨོད་པའི་ངེས་པ་དེ་བཞིན་ནོ། །ཞེས་པ་ལ་བུད་མེད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྟེ། རྡོ་རྗེ་མཁའ་འགྲོ་མ་ཐམས་ཅད་ཀྱི་སྤྲུལ་པའི་གཟུགས་སོ། །དེ་ཉིད་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང་རྣལ་
འབྱོར་པ་ལ་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་བྱེད་པ་པོར་གསུངས་པ་སྟེ། དེའི་རང་བཞིན་ལ་ཡང་རིང་བ་དང་ཉེ་བའོ། །ཉེ་བ་ནི་རྗེ་བཙུན་མ་དང་རིགས་བྱེད་མ་དང་ཕྱག་རྒྱ་མའོ། །དེའི་ཤན་འདྲ་བ་ནི་བུད་མེད་ཐམས་ཅད་ལ་སྦྱར་བར་བྱ་སྟེ། སེམས་མངོན་པར་འཁྲུགས་པ་ལ་སོགས་པས་སྨོད་པའི་ཉེས་པ་ནི་
ལྟུང་བ་ལ་སོགས་པ་འབྱུང་བས་ན་སྤང་བར་བྱའོ། །བླ་མའི་བཀའ་གནང་བ་དང་། སེམས་ཅན་གྱི་དོན་དུ་འགྱུར་བ་དང་། བྱང་ཆུབ་ཀྱི་རྒྱུར་འགྱུར་བ་དང་། ཉོན་མོངས་པའི་གཉེན་པོར་འགྱུར་བ་ནི་དངོས་པོ་བཞི་ལ་སྤང་ངོ་། །དེ་ལས་བཟློག་པ་ནི་སྤང་ཡང་དངོས་པོ་ནི་ལྕིའོ། །ལྕི་ཡང་གི་ཁྱད་པར་
གྱིས་ཉེས་པའི་བྱེ་བྲག་ཀྱང་ཤེས་པར་བྱའོ། །ད་ནི་རྟོག་པ་བསལ་བར་བྱ་བའི་ཕྱིར། རྣལ་འབྱོར་སློང་མོས་རྒྱུ་མི་བྱ། །རྣལ་འབྱོར་སྤང་བར་མི་བྱ་སྟེ། །རྟག་པར་རྒྱུན་དུ་གསང་སྔགས་བཟླས། །རྟག་ཏུ་དམ་ཚིག་ལ་སོགས་བསྟེན། །ཞེས་བྱ་བ་སྨོས་ཏེ། སློང་མོ་ནི་འདོད་པ་དང་བཅས་པའི་ཡིད་
ཀྱིས་གྲོང་དུ་འཇུག་པའོ། །དེས་རྣལ་འབྱོར་དུ་མི་འགྱུར་ཞིང་རང་རྒྱུད་ཀྱི་དྲི་མ་དང་བཅས་པས་ན་རྒྱུ་བར་མི་བྱའོ། །ཇི་ལྟར་བྱ་ཞེ་ན། རྣལ་འབྱོར་ནི་སྙོམས་པར་འཇུག་པ་སྟེ་ཟུང་དུ་འཇུག་པའི་ཉམས་སྤང་བར་མི་བྱའོ། །གལ་ཏེ་རོལ་ཅིང་གྲོང་དུ་འཇུག་པའི་བྱ་བ་དང་འགལ་ལོ་ཞེ་ན་མ་ཡིན་ཏེ། འདི་ནི་ནུས་
པ་མ་སྐྱེས་པའི་དུས་དང་པོ་ཡིན་ལ། གོམས་པའི་དུས་ནི་ནུས་པ་ཅུང་ཟད་སྐྱེས་པ་ན་ཞེས་གསུངས་ཏེ། ཆོས་ཐམས་ཅད་ལ་རོལ་ཅིང་གྲོང་དུ་ཞུགས་ན་ཞེན་པའི་རང་རྒྱུད་ཀྱི་དྲི་མས་མི་གོས་ཏེ་འདམ་གྱི་པདྨོ་བཞིན་ནོ། །རྟག་པ་ནི་རྒྱུན་དུ་སྟེ། ཀུན་ནི་ཕྱི་ནང་ངོ་། །ཕྱི་ནི་སྔགས་ཀྱི་མཚན་མའི་རྣལ་འབྱོར་

དུ་བཟླས་པ་དང་། ནང་གི་རྡོ་རྗེའི་བཟླས་པ་དང་། ཕྲ་མོའི་དང་། ཐིག་ལེའི་རྣལ་འབྱོར་བྱ་བའོ། །གསང་སྔགས་ནི་ཀུན་གྱི་སྤྱོད་ཡུལ་མ་ཡིན་པ་དང་། ཡོན་ཏན་གྱི་སྐྱེ་གནས་སུ་བསྟེན་པའོ། །བཟླས་པ་ནི་གསལ་བའོ། །རྟག་ཏུ་ནི་ཡུལ་དང་དུས་དང་གནས་སྐབས་
ལ་རག་མ་ལུས་པར་དམ་ཚིག་བསྟེན་པའོ། །ལ་སོགས་ནི་སྤྱོད་ལམ་རྒྱུན་གྱི་རྣལ་འབྱོར་ཏེ། དབང་པོའི་ཁྱད་པར་གྱིས་བདག་གཞན་མཉམ་པ་དང་། ཐ་མི་དད་པ་དང་རོ་གཅིག་བསྟེན་པར་བྱའོ། །གལ་ཏེ་དགག་པར་མི་ནུས་པའི་ཉེས་པ་བྱུང་ན་བཤགས་པར་བྱ་སྟེ། གལ་ཏེ་བག་མེད་བྱུང་
གྱུར་པས། །བླ་མའི་དམ་ཚིག་ལ་གནོད་ན། །དེས་ནི་དཀྱིལ་འཁོར་བྲིས་བྱས་ལ། །བདེ་གཤེགས་རྣམས་ལ་ཉེས་པ་བཤགས། །ཞེས་སྨོས་ཏེ། གལ་ཏེ་ཞེས་པ་ནི་ཉེས་པ་བྱུང་ན་གལ་ཏེ་འབྱུང་དཀའ་བའོ། །བག་མེད་བྱུང་གྱུར་ན་ཞེས་པ་ནི་དགག་པར་མི་ནུས་པའི་ལྟུང་བ་ལ་
སོགས་པའོ། །དེ་ཅི་ཞེ་ན། བླ་མ་ནི་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་སྟེ་དང་པོར་གསུངས་པའོ། །དམ་ཚིག་ནི་བདེ་བར་གཤེགས་པའི་བཀའ་ལ་སོགས་པ་སྟེ་དེ་ལ་གནོད་པ་ནི་ལྟུང་བ་བྱུང་བ་ན་རྣལ་འབྱོར་པ་དེས་བླ་མའམ་རྡོ་རྗེ་སྤུན་ནམ་རང་ཉིད་ཀྱི་ནུས་པས་དཀྱིལ་འཁོར་བྲི་བར་
བྱས་ལ་ཅི་འབྱོར་པའི་ཡོ་བྱད་ཀྱི་ཚོགས་ཀྱི་འཁོར་ལོ་བསྐོར་ཏེ། བླ་མ་དང་བདེ་བར་གཤེགས་པ་ལ་སོགས་པ་རྣམས་ལ་ཉེས་པ་མངོན་དུ་ཕྱུང་སྟེ་བཤགས་པར་བྱའོ། །དེ་བས་ན་དུས་ཐམས་ཅད་ཀྱི་བྱ་བ་བསྟན་པ་ནི། རྡོ་རྗེ་ཅན་གྱིས་མི་རྟག་པར། །དད་པར་བླ་མའི་དམ་ཚིག་
བསྲུང་། །ཞེས་སྨོས་ཏེ། རྡོ་རྗེ་ཅན་ནི་དམ་ཚིག་དང་ལྡན་པའི་རྣལ་འབྱོར་པའོ། །མི་རྟག་པ་ནི་འཁོར་བའི་ཆར་འགྱུར་བ་ཐམས་ཅད་ལ་བརྟག་པར་མི་བྱའོ། །དད་པ་ནི་ཡིད་ཆེས་པ་སྟེ་ཀུན་གྱི་གཞིར་གྱུར་པས་སོ། །དེ་དང་ལྡན་པས་བླ་མ་དམ་ཚིག་ལ་གཅེས་སྤྲས་སུ་བྱ་ཞིང་བསྲུང་
བའོ། །དེས་དངོས་གྲུབ་ཏུ་ཇི་ལྟར་འགྱུར་ཞེ་ན། ཉེས་པ་མ་ལུས་པ་རྣམས་སེམས་ཀྱིས་ནི། །བསམ་གཏན་ལ་སོགས་བཟླས་པ་མཆོག་གཞོལ་བས། །བྱས་ལ་རྟག་ཏུ་བླ་མར་བྱ། །ཞེས་སྨོས་ཏེ། ཉེས་པ་ནི་མི་མཐུན་པའི་ཕྱོགས་མ་ལུས་པའོ། །རྣམ་སྤངས་སེམས་ནི་སྡོམ་པ་རང་

གི་ངོ་བོ་དང་། མི་མཐུན་པའི་ཕྱོགས་དང་ངོ་བོ་ཉེས་པ་ཕྱིར་བཅོས་པའོ། །དེ་རྣམས་ལ་བརྟན་པའི་ཡིད་ཀྱིས་བསམ་གཏན་རྣལ་འབྱོར་བཞི་དང་། ལ་སོགས་ནི་ཕྲ་མོའི་ཐིག་ལེའི་སྤྲོ་བསྡུའོ། །བཟླས་པ་ནི་གོང་དུ་བཤད་ཟིན་ཏོ། །མཆོག་ནི་རྫོགས་པའི་རིམ་པ་ལ་འོག་ནས་འབྱུང་བ་ལ་གཞོལ་
བར་བྱས་ལ་རྟག་ཏུ་བླ་མར་བྱའོ། །མཆོད་པར་བྱའོ། །རི་མོར་བྱའོ། །རྣལ་འབྱོར་དུ་བྱའོ། །བླ་མ་གང་གིས་ཇི་ལྟ་བུའི་སློབ་མ་གཟུང་ཞེ་ན། བརྟན་ཞིང་དུལ་བ་སྙིང་རྗེ་གཅིག་ཏུ་སེམས། །དད་དང་ལྷག་པའི་བསམ་པས་བཟོད་པ་འཛིན། །ཞེས་སྨོས་ཏེ་བརྟན་པ་ནི་རྟོགས་པ་ལ་སེམས་བརྟན་པའོ། །
དུལ་བ་ནི་ལུས་ངག་ཡིད་གསུམ་མོ། །སྙིང་རྗེ་ནི་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་བར་འདོད་པའོ། །གཅིག་ཏུ་སེམས་པ་ནི་རྩེ་གཅིག་པའོ། །དད་པས་བཟོད་པ་འཛིན་པ་ནི་གནོད་པ་བྱེད་པ་ལ་ཇི་མི་སྙམ་པ་དང་སྡུག་བསྔལ་དང་དུ་ལེན་པའི་བཟོད་པའོ། །ལྷག་པའི་བསམ་པས་བཟོད་
པ་འཛིན་པ་ནི་ཆོས་ཉིད་སྐྱེ་བ་མེད་པ་ལ་བཟོད་པའོ། །དེ་ལྟ་བུའི་བླ་མས་སློབ་མ་ལ་ནི་གུས་པ་དང་ལྡན་པའོ། །དང་བས་གཤིན་རྗེ་གཤེད་ལ་གུས་པ་ལ། །བརྟུལ་ཞུགས་ལྡན་པས་དེ་ཉིད་ཡོངས་སྦྱིན་བྱ། །ཞེས་གསུངས་ཏེ་སློབ་མ་ལ་ཡང་གང་གི་ཡོན་ཏན་གྱི་སྟེང་དུ་དངོས་གྲུབ་ཀྱི་གནས་གཉིས་
ལ་གུས་པ་སྟེ། དེ་ལ་བརྟུལ་ཞུགས་དང་ལྡན་པའི་བླ་མ་ནི་གོང་གི་གསུང་དང་ལྡན་པས་སྒྲོ་འདོགས་གཅོད་པ་དང་། ཕྱིར་མི་ལྡོག་པ་དང་། ཉམས་སུ་མྱོང་བ་དང་། ཐེ་ཚོམ་ཟ་བ་དང་། འགྱུར་བ་དང་། སྤྱིའི་རྣམ་པ་གསུམ་ལྡོག་པར་འགྱུར་ཏེ། དེ་ལྟ་བུའི་གཞུང་ལུགས་དང་ལྡན་པ་ཡོངས་སུ་སྦྱིན་
པར་བྱའོ། །ད་ནི་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བདེ་བ་ཆེན་པོའི་ངོ་བོའི་བྱང་ཆུབ་ཀྱི་སེམས་རྫོགས་པའི་རིམ་པ་བཤད་པར་བྱ་སྟེ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མཆོག་ཏུ་དགའ་བའི་ངོ་བོ་རྡོ་རྗེ་འཆང་གི་གསུང་ངེས་པར་ཐོས་ནས་ཅང་མི་སྨྲ་བར་གྱུར་ཏོ་ཞེས་
པ་སྨོས་ཏེ། ཐམས་ཅད་ནི་གཏི་མུག་རྡོ་རྗེ་ལ་སོགས་པའོ། །ཀྱིས་ཞེས་པ་ནི་ཐུགས་ལྷན་ཅིག་སྐྱེས་པའི་ངོ་བོར་གཅིག་པར་གྱུར་པའོ། །དེ་གང་ཞེ་ན་མཆོག་ཏུ་དགའ་བ་ཆེན་པོའི་ངོ་བོའོ། །གཟུང་བ་དང་འཛིན་པས་སྟོང་པ་མཐའ་ལས་གྲོལ་བ་གཉིས་སུ་མེད་པ་རང་ཉིད་གསལ་བ་སེམས་

ཀྱི་ཡུལ་མ་ཡིན་པ་དང་། འཁོར་བ་ལས་རིང་དུ་འགྱུར་བའོ། །རྡོ་རྗེ་འཆང་ནི་རང་བཞིན་གྱི་ལུས་སོ། །གསུང་ནི་ཨེ་བཾ་མ་ཡའོ། །ངེས་པར་ཐོས་པ་ནི་མི་བསླུ་བར་རོ། །ཚིག་གམ་ཐ་སྙད་ཀྱི་ལམ་ལས་འདས་པའི་ཡེ་ཤེས་ཐོབ་པ་ནི་ཅང་མི་སྨྲ་བར་འགྱུར་བའོ། །དེ་
ལྟ་མོད་ཀྱིས་ཀྱང་དག་པ་འཇིག་རྟེན་པ་མངོན་དུ་མཛད་ནས་སྙིང་རྗེ་ཆེན་པོའི་སྟོབས་ཀྱིས་དོན་ལྐོག་ཏུ་གྱུར་པའི་སེམས་ཅན་རྣམས་གཞུག་པར་བྱ་བའི་དོན་དུ་འོག་ནས་འབྱུང་བ་འདི་ལྟ་བུ་ཆེད་དུ་བརྗོད་པ་ཆེད་དུ་མཛད་དོ། །བརྟུལ་ཞུགས་མཐར་ཐུག་ཐོད་པ་ཆེན་པོ་ལྟར། །འཁྲུལ་འཁོར་མཐར་
ཐུག་གཤིན་རྗེ་གཤེད་ཀྱི་རྒྱུད། །རྒྱུད་ཀྱི་མཐར་ཐུག་པ་ནི་འདུས་པ་ཆེ། །བྱུང་བར་མ་གྱུར་འབྱུང་བར་མི་འགྱུར་རོ། །ཞེས་བྱ་བ་སྨོས་ཏེ། ཐོད་པ་ཆེན་པོ་ནི་གསུམ་སྟེ། ཚོགས་ཀྱི་འཁོར་ལོ་རྣལ་འབྱོར་གྱི་སྣོད་དུ་ལོངས་སྤྱོད་པའི་ཕྱིར་དང་། ཀཀྐོ་ལར་བོལླ་བསྲུབས་པས་རིག་པའི་ཡེ་ཤེས་ཆེན་
པོ་རྙེད་ཅིང་བརྟན་པར་བྱེད་པའི་ཕྱིར་དང་། སྐྱེ་བ་མེད་པའི་པདྨོ་ལས་སྣ་ཚོགས་པའི་ཆོས་འབྱུང་བ་ཐམས་ཅད་གསང་བ་ཆེན་པོར་སྤྱོད་པའི་ཕྱིར་བསོད་ནམས་དང་ཡེ་ཤེས་དང་འབྲས་བུ་མཐར་ཐུག་ཏུ་ཤེས་པར་བྱས་ལ། གསང་བ་དང་རིག་པ་དང་མགོན་པོའི་བརྟུལ་ཞུགས་སུ་སྤྱད་པར་
བྱའོ། །འཁྲུལ་འཁོར་ནི་གཉིས་ཏེ། སྔགས་འཁྲུལ་ཞིང་ཞི་བ་ལ་སོགས་པའི་དངོས་གྲུབ་འཁོར་ལོར་འབྱུང་བ་ནི་དབང་པོ་དམན་པའི་འོ། །འཁྲུལ་པའི་བག་ཆགས་མ་རིག་པའི་རྩ་བ་ཐམས་ཅད་རྣམ་པར་དག་པའི་འཁོར་ལོར་སྦྱོར་བ་ནི་རྒྱུད་འདི་ཉིད་དོ། །རྒྱུད་ནི་རྒྱུན་ཏེ་རྒྱུ་དང་ཐབས་དང་འབྲས་
བུ་བཤད་ཟིན་ཏོ། །འདུས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་འདུས་པས་ཆེད་དུ་བརྗོད་པ་མཛད་ཅིང་སེམས་ཅན་ཐམས་ཅད་ཀྱི་ལམ་གྱི་གསང་བ་སྟོན་པར་མཛད་ཅིང་ཡི་གེ་གསུམ་འབའ་ཞིག་དོན་གྱི་གཙོ་བོར་གསུངས་པ་ནི་མཐར་ཐུག་གོ། །བྱུང་བར་མ་གྱུར་
པ་ནི་འདས་པ་ལའོ། །འབྱུང་བར་མི་འགྱུར་བ་ནི་མ་འོངས་པ་ལའོ། །དེ་ཡང་རྒྱུད་དེའི་ཁྱད་པར་ཇི་ལྟ་བུ་དང་ལྡན་ཞེ་ན། ཨེ་མའོ་ཞི་བ་ཆེན་པོའི་ཆོས། །ཨེ་མའོ་ཁྲོ་བོ་འཇིགས་མཛད་པ། །ཨེ་མའོ་མྱ་ངན་འདས་པའི་ཆོས། །ཨེ་མའོ་འཁོར་བ་ཞི་བ་ཉིད། །ཨེ་མའོ་འདི་ནི་རབ་ཏུ་མཚར། །ཉེས་

པ་གང་དེ་ཡོན་ཏན་འགྱུར། །ཞེས་སྨོས་ཏེ། འདིས་ནི་རང་དོན་དང་། གཞན་དོན་དང་། གཉིས་ཀ་དང་། ཁྱད་པར་དང་། ཡོན་ཏན་དང་། ངོ་བོ་བསྟན་ཏོ། །ཨེ་མའོ་ནི་ངོ་མཚར་བ་སྟེ་ཅི་ཞིག་ལ་ཞེ་ན། ཞི་བ་སྟོང་པ་ཆེན་པོའི་ངོ་བོ་དང་། ཆེན་པོ་བདེ་བ་ཆེན་པོ་འོད་གསལ་བ་བདག་ཉིད་
གཅིག་པར་གྱུར་པས་ཆོས་ཏེ་རྣམ་པར་རྟོག་པའི་ཟུག་རྔུ་དང་བྲལ་བས་སོ། །ཨེ་མའོ་ནི་སྔར་དང་མཚུངས་སོ། །ཅི་ཞིག་ལ་ཞེ་ན། རྣམ་པར་དག་པ་དེ་ཉིད་ཆུ་ཟླའི་གཟུགས་བརྙན་ལྟ་བུ་ཁྲོ་ཞིང་འཇིགས་པར་མཛད་པ་ལ་སོགས་པས་གདུག་པ་ཅན་འདུལ་ཞིང་དེ་ཉིད་ལ་དགོད་པས་
སོ། །ཨེ་མའོ་ནི་སྔར་དང་མཚུངས་སོ། །ཅི་ཞིག་ལ་ཞེ་ན། མྱ་ངན་ལས་འདས་པའི་མཆོག་ནི་མི་གནས་པ་སྟེ་རང་དོན་ལ་མི་གནས་པ་ནི་འཁོར་བ་དེ་བཞིན་ཉིད་དུ་འགྱུར་བས་ལྷུན་གྱིས་གྲུབ་པ་སྟེ་རང་དོན་ནོ། །གཞན་དོན་ལ་མི་གནས་པ་ནི་ཐུན་མོང་མ་ཡིན་པའི་སྙིང་རྗེ་དང་ལྡན་པས་
མྱ་ངན་ལས་འདས་པ་ལ་མི་གནས་ཏེ། དམ་པ་ནི་ཤིང་རྟའི་འཁོར་ལོའི་རྒྱུན་བཞིན་དུ་འབྱུང་བའོ་ཞེ་ན། །གཞན་དོན་ནི་དེ་གཉིས་བརྟག་པ་མེད་པ་ནི་བདེ་བ་ཆེན་པོའོ། །ཨེ་མའོ་ནི་སྔར་དང་མཚུངས་སོ། །ཅི་ཞིག་ལ་ཞེ་ན། འཁོར་བ་ཉིད་ཞི་བ་ཡིན་པ་དང་། ཞི་བ་ཉིད་འཁོར་བར་འགྱུར་བས་ན་
རྣམ་པར་རྟོག་པ་དང་བྲལ་བའི་གཞན་དོན་འབྱུང་བས་སོ། །ཨེ་མའོ་ནི་སྔར་དང་མཚུངས་སོ། །ཅི་ཞིག་ལ་ཞེ་ན། འོག་གི་ཡོན་ཏན་དང་ལྡན་པས་འདིར་ནི་རབ་ཏུ་མཚུངས་པར་རོ། །ཉེས་པ་ནི་སྒོ་གསུམ་དུ་འབྱུང་བའི་མི་དགེ་བ་བཅུ་དང་། དེའི་སྐྱེད་པར་བྱེད་པ་ཉོན་མོངས་པའི་ས་བོན་དང་བཅས་
པའོ། །ཡོན་ཏན་འགྱུར་ཞེས་པ་ནི་བདེ་བ་ཆེན་པོ་བྱང་ཆུབ་ཀྱི་སེམས་སུ་གྱུར་པའོ། །དེ་ཞེས་པ་ནི་དུས་མཚོན་པ་སྟེ། ལུས་ངག་ཡིད་གསུམ་གྱི་སྦྱོར་བས་ཕྱག་རྒྱ་ཆེན་པོ་མཐོང་བའོ། །ཐབས་ཀྱང་དེར་འགྱུར་བས་ན་ཡོན་ཏན་ནོ། །ད་ནི་དེ་ལྟ་བུའི་ངོ་མཚར་བའི་ཡེ་ཤེས་དེ་རྒྱས་པར་བཤད་པའི་
ཕྱིར། དངོས་པོ་མ་ཡིན་བསྒོམ་བྱ་མེད། །ཁམས་མ་ཡིན་ཞིང་རྣམ་ཤེས་མིན། །ནམ་མཁའི་དཀྱིལ་དང་མཚུངས་པ་ཉིད། །ནམ་མཁའ་ལྟ་བུར་བདག་མེད་པར། །ཆོས་འདི་བདེ་བ་ཆེན་པོའོ། །ས་ཡང་མ་ཡིན་ཆུ་མིན་ཏེ། །མེ་མིན་རླུང་མིན་ནམ་མཁའ་མིན། །ཞེས་སྨོས་ཏེ། དངོས་པོ་འདི་

ཡང་དག་ཏུ་ཡོད་དམ་ཞེ་ན། གཅིག་དང་དུ་མ་ལ་སོགས་པའི་སྦྱོར་བས་གནོད་དེ་མེད་དོ་ཞེ་ན་བརྟགས་པ་ཞིག་པའི་ཉམས་སུ་མྱོང་བ་ལ་གེགས་བྱེད་མེད་དོ། །གཉི་ག་ལའོ་ཞེ་ན། ཕན་ཚུན་སྤངས་ཏེ་གནས་པས་སོ། །གཉིས་མེད་དོ་ཞེ་ན་རྒྱུ་ལོག་པས་སོ། །བསྒོམ་བྱ་མེད་
པས་མཐའ་བཞི་ལས་གྲོལ་བར་མི་འཛིན་པའོ། །གལ་ཏེ་འགྲོ་བ་ལ་སྣང་ཚད་འདི་ཇི་ལྟར་གནས་ཤེ་ན་ཡུལ་ལ་བརྟེན་ནས་རྣམ་པར་ཤེས་པ་སྐྱེ་བར་འགྱུར་གྱི། ཡུལ་སྔར་བཞིན་མི་དམིགས་པས་རྣམ་པར་ཤེས་པ་ཞི་བ་ཉིད་དོ། །དེ་བས་ན། གཟུགས་ཞེས་བྱ་བ་སྟོང་པ་སྟེ། །དབུས་ན་
རྣམ་ཤེས་ཇི་ལྟར་མཆིས། །ཞེས་དྲི་བ་པོ་ལ། གཟུགས་མེད་མཐོང་བ་པོ་ཡང་མེད། །སྒྲ་མེད་ཉན་པ་པོ་ཡང་མེད། །ཅེས་པ་ནས། ཆོས་མེད་བསམ་པར་བྱ་བ་མེད། །ཅེས་གསུངས་པའི་ཕྱིར་ན། ཁམས་གསུམ་པ་དང་ཀུན་གཞི་རྣམ་པར་ཤེས་པ་ལ་སོགས་པ་ནི་རྣམ་པར་རྟོག་པ་སྟེ་དེ་
ཉིད་རླུང་ངོ་། །དེ་བདེ་བ་ཆེན་པོ་ལ་ཞུགས་པས་དཔེར་ན་ནམ་མཁའི་ཁམས་དང་མཚུངས་པ་ཉིད་དོ། །ནམ་མཁའ་ལྟ་བུ་དེ་ལ་བརྟགས་པས་སྒྱུ་མ་ཙམ་གྱིས་ཀྱང་སྟོང་ལ། བདག་ལ་སོགས་ཏེ་ལྟ་སྨོས་ཀྱང་ཅི་དགོས་ཏེ་མེད་པའོ། །དེ་ལྟར་ཟུག་རྔུ་མེད་པའི་ཆོས་འདི་ནི་བདེ་བ་ཆེན་པོ་སྟེ་རང་བྱུང་
བའོ། །དེ་ལ་འབྱུང་བ་ལྔ་བརྟགས་པའི་སྐྱོན་གྱིས་ཀྱང་མ་གོས་པའི་ཕྱིར་ས་ཡང་མ་ཡིན་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་སྒྲོ་འདོགས་བཅད་ནས་ཟུང་དུ་འཇུག་པ་དངོས་བསྟན་པའི་ཕྱིར། རྡོ་རྗེ་སེམས་དཔའི་སྦྱོར་བ་ཡིས། །བསྐྱེད་པ་ལ་ནི་རབ་གནས་ན། །དངོས་པོ་ཐམས་ཅད་དངོས་མེད་
བཤད། །རྣལ་འབྱོར་སྦྱོར་བ་དང་འབྲེལ་ཕྱིར། །ཆད་པ་མ་ཡིན་རྟག་པ་མིན། །ཡན་ལག་མེད་ཅིང་ཞལ་མདོག་མེད། །ཐོག་མ་བར་དང་མཐའ་ཡས་པས། །དངོས་པོ་ཐམས་ཅད་མེད་པར་འགྱུར། །མཆོག་ཏུ་དགའ་བའི་མཚན་ཉིད་དོ། །ཞེས་སྨོས་ཏེ། རྡོ་རྗེ་སེམས་དཔའི་སྦྱོར་
བ་ནི་ལྷན་ཅིག་སྐྱེས་པ་བསྐྱེད་པ་ལ་རབ་ཏུ་གནས་པ་ནི་སྣོད་བཅུད་ཀྱིས་རྣམ་པར་དག་པ་སྟེ། དེ་བས་ཕྱིའི་དངོས་པོ་ཐམས་ཅད་རྟེན་དང་བརྟེན་པ་པོ་མེད་ལ་དེ་ཉིད་མ་སྐྱེས་པའི་ངོ་བོར་དངོས་པོ་མེད་པར་བཤད་པས་དངོས་པོ་གཏན་མེད་པ་རྡོ་རྗེ་འཛིན་པ་ལ་མ་གྲགས་ཏེ། ཡེ་ཤེས་ཀྱི་ཡུལ་དང་ལྡན་པའི་

ཕྱིར་རོ། །དེ་བས་ན་རྣལ་འབྱོར་ནི་རིམ་པ་གཉིས་ཏེ། སྦྱོར་བ་ནི་ཟུང་དུ་འཇུག་པའོ། །དང་འབྲེལ་ནི་བློ་དང་དངོས་པོ་རོ་གཅིག་སྟེ་སེམས་ཀྱི་སྐལ་བར་འབྲེལ་པའི་ཕྱིར་རྟག་པ་དང་ཆད་པ་མིན་ནོ། །དེ་ཉིད་ཤེས་པའི་ཡུལ་མ་ཡིན་པས་ཡན་ལག་ལ་སོགས་པ་མེད་དོ། །རྒྱུན་མི་འཆད་
པས་ཐོག་མ་ལ་སོགས་པ་སྤངས་སོ། །སྐུར་འདེབས་དང་བྲལ་བས་དངོས་པོ་ཐམས་ཅད་མེད་པར་འགྱུར་བའོ། །སྒྲོ་བཏགས་དང་བྲལ་བས་མཆོག་ཏུ་དགའ་བའི་མཚན་ཉིད་དོ། །ད་ནི་རྫོགས་པའི་རིམ་པ་མཇུག་བསྡུ་བའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱི་ཆེད་དུ་བརྗོད་པ་
གསུངས་ནས། །ཡང་ལྷ་མོ་རྣམས་ཀྱི་ཆེད་དུ་བརྗོད་པ་བསྟན་པའི་ཕྱིར། དེ་ནས་བཅོམ་ལྡན་འདས་ལ་ཙརྩི་ཀ་ཆེན་མོ་ལ་སོགས་པས་ཆེད་དུ་བརྗོད་པ་འདི་ལྟ་བུ་ཆེད་དུ་བརྗོད་དོ། །བསོད་ནམས་སྡིག་པ་དག་དང་མ་འབྲེལ་བས། །མཆོག་ཏུ་དགའ་བ་དྲི་མེད་དག་པ་ཡིན། །མགོན་པོ་དེ་
བཞིན་ཉིད་ཀྱི་གཏེར་གཅིག་པུ། །ཀུན་ཀྱང་སྙིང་རྗེའི་སེམས་ཀྱིས་མགོན་འདི་ཡོད། །ཅེས་གསུངས་ཏེ། དོན་དམ་པ་བྱང་ཆུབ་ཀྱི་སེམས་ཀྱི་ལུས་ལ་ཡང་དག་པའི་འབྲེལ་པ་ནི་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དངོས་ཀྱི་འབྲེལ་པ་ནི་ཀུན་རྫོབ་ཙམ་དུ་ཟད་ཀྱི་དོན་དམ་པར་ནི་མ་ཡིན་ནོ། །དེ་ཡང་
ཀུན་རྫོབ་སྐྱེ་བར་བྱེད་པ་ཡིན་པ་ལ་དོན་དམ་པ་སྐྱེད་བྱེད་ཡིན་ན་རྒྱུ་མི་རྟག་པ་དང་། དུ་མ་དང་། བཅོས་མ་དང་། སྤང་བྱ་ཡིན་པ་བཞིན་འབྲས་བུ་ཡང་མི་རྟག་པ་དང་། དུ་མ་དང་། བཅོས་མ་དང་། སྤང་བྱར་འགྱུར་རོ། །གལ་ཏེ་དུས་མཚུངས་ན་རྒྱུ་ཉིད་ཡིན་ན་འབྲས་བུ་ཡིན་ལ། འབྲས་
བུ་མ་ཡིན་ན་རྒྱུ་མ་ཡིན་ནོ། །གལ་ཏེ་འབྲས་བུ་སྔོན་དུ་སོང་ན་རྒྱུ་འབྲས་འཚོལ་བར་འགྱུར་བས་རྒྱུ་མེད་པའི་འབྲས་བུའམ་རྒྱུ་ལ་དགོས་པ་མེད་པར་འགྱུར་རོ། །དཔེར་ན་ནམ་མཁའ་སྐྱེ་བ་མེད་པ་ལྟར་ཆོས་ཐམས་ཅད་ཀྱི་རང་བཞིན་གཅིག་ཉིད་ལ་བསོད་ནམས་དང་བསོད་ནམས་ཀྱི་
འབྲས་བུ་ཕན་པ་མེད་དེ། འཕེལ་བ་དང་བདེ་བ་མི་དམིགས་སོ། །སྡིག་པ་དང་སྡིག་པའི་འབྲས་བུ་གནོད་པ་མེད་དེ། འགྲིབ་པ་དང་སྡུག་བསྔལ་བ་མི་དམིགས་སོ། །ཇི་ལྟར་གནས་ན་མཆོག་ཏུ་དགའ་བའི་རང་བཞིན་བརྟགས་པའི་དྲི་མས་མ་གོས་དག་པའོ། །གལ་ཏེ་འབྲེལ་པ་མེད་

པའི་ཕྱིར་འགྲོ་བའི་དོན་མི་འབྱུང་ངོ་ཞེ་ན། མགོན་པོ་དེ་བཞིན་ཉིད་ཀྱི་གཏེར་གཅིག་པུ་ནི་ཆོས་ཀྱི་སྐུའོ། །ཀུན་ནི་འགྲོ་བའོ། །ཡང་ནི་ཆོས་ཀྱི་སྐུ་སྤྲོས་པ་མི་མངའ་བ་ལས་སྙིང་རྗེ་ཆེན་པོའི་སེམས་དང་སྨོན་ལམ་གྱི་རྒྱུན་གྱིས་གཟུགས་སྐུ་གཉིས་ལ་སོགས་པ་འདི་ཡོད་དོ། །
ད་ནི་ལྷན་ཅིག་སྐྱེས་པ་རང་གི་ངོ་བོ་བསྟན་པའི་ཕྱིར། ཆོས་རྣམས་ངོ་བོ་བདེ་བ་ཆེན་པོའི་དངོས། །མཆོག་ཏུ་དགའ་བ་འདི་ཡི་ངོ་བོ་ནི། །དེ་ལ་གཟུགས་རྣམས་མེད་ཅིང་སྡིག་པ་མེད། །སྐྱེ་དང་འགག་པ་དག་ནི་ཡོད་མ་ཡིན། །ཞེས་སྨོས་ཏེ། ཆོས་རྣམས་ནི་ཕུང་པོ་ལ་སོགས་པའོ། །ངོ་བོ་ནི་རང་
གི་ངོ་བོའོ། །བདེ་བ་ཆེན་པོ་དངོས་ནི་ཆོས་རྣམས་ཐམས་ཅད་རང་གི་ངོ་བོར་གྲོལ་བ་སྟེ་གང་གིས་མ་བརྟགས་པ་ཡེ་ཤེས་ཀྱི་རང་བཞིན་ནི་འདི་ཞེས་བརྗོད་པ་ཙམ་དང་ཡང་བྲལ་བའོ། །མཆོག་ཏུ་དགའ་བ་འདི་ཡི་ངོ་བོ་ནི། །ཞེས་པ་ནི་ལྷན་ཅིག་སྐྱེས་པ་རྒྱུན་གྱི་རྣལ་འབྱོར་དུ་འགྱུར་བའོ། །དེ་ལ་
གཟུགས་མེད་པ་ནི་དགྲ་ལ་སོགས་པ་སྤངས་ཏེ། དབང་པོ་རང་སྣང་དུ་གྱུར་པའོ། །བསོད་ནམས་མེད་ཅིང་སྡིག་པ་མེད་པ་ནི་མཉམ་གཞག་ནི་སྤྱོད་པ་ཆེན་པོ་སྟེ། ཨེ་མའོ་གསད་པ་ཡང་དག་གསད། །ཅེས་པ་དང་འབྲེལ་པའོ། །དེས་འཆིང་བར་མི་འགྱུར་བ་ཅིའི་ཕྱིར་ཞེ་ན། རྒྱུ་ལས་སྐྱེ་བ་
དང་། རྐྱེན་གྱིས་འགག་པ་མེད་པས་ན་ཤིགས་པ་མེད་པའི་ཡེ་ཤེས་ཐོབ་པའོ། །གལ་ཏེ་སྔར་བཤད་ཟིན་པས་ལྷག་པ་ལ་དགོས་པ་མེད་དོ་ཞེ་ན་མ་ཡིན་ཏེ། སྔར་ནི་རང་བཞིན་བསྟན་པ་ཡིན་ལ། འདིར་ནི་རྣལ་འབྱོར་པ་འབའ་ཞིག་གིས་ཉམས་སུ་མྱོང་བ་བཤད་པའོ། །དེ་བཞིན་གཤེགས་
པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེ་གཤེད་ནག་པོའི་རྒྱུད་ནི་བཤད་ཟིན་ཏོ། །བྱང་ཆུབ་ཀྱི་སེམས་ནི་ཀུན་རྫོབ་དང་དོན་དམ་མོ། །རིམ་པར་ཕྱེ་བ་ནི་བསྐྱེད་རྫོགས་གཉིས་སོ། །བཅུ་བདུན་པ་ནི་བཅུ་དྲུག་པས་གཞག་པའོ། །ནག་པོ་ཞབས་ཀྱིས་བཤད་པའི་ལེའུ་བཅུ་བདུན་པ་རྒྱ་
ཆེར་གསལ་བར་བྱས་པའོ།། །།དེ་ནས་གླེང་བསླང་བ་བཤད་པར་བྱ་སྟེ། གཏམ་རྒྱུད་ནི་སྔོན་བྱུང་བའི་དུས་སོ། །མངོན་པར་བྱང་ཆུབ་པའི་དུས་ནི་ཐུན་མོང་གི་ཡེ་ཤེས་ལྔ་དང་། ཐུན་མོང་མ་ཡིན་པ་ཐུགས་སུ་ཆུད་པའི་དུས་འོག་མིན་གྱི་གནས་སོ། །ཐུབ་པ་ཆེན་པོ་ནི་རྡོ་རྗེ་

འཛིན་པའི་བདེ་བ་ཆེན་པོ་བརྙེས་པའོ། །ལ་ནི་གཞིའོ། །བར་དུ་གཅོད་པའི་ཕྱིར་ནི་བདུད་རྣམས་ཀྱིས་སོ། །ཤིན་ཏུ་འཇིགས་སུ་རུང་བའི་འཇིགས་པ་ཆེན་པོ་སྟོན་པ་ནི་ཞོན་པ་འཇིགས་སུ་རུང་བ་དང་། གཟུགས་འཇིགས་སུ་རུང་བ་དང་། སྒྲ་སྐད་འཇིགས་སུ་རུང་བ་དང་། མཚོན་ཆ་འཇིགས་སུ་རུང་
བ་སྟ