Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 46

Văn bản gốc(Tây Tạng)

Trang 16 / 23 (50.000 ký tự/trang)
་ཙརྩི་ཀ་དག་གིས་སོ། །ཁྱོད་ནི་བཅོམ་ལྡན་འདས་ཏེ་མཐོང་བ་ནི་ཡུལ་དུ་གྱུར་པའི་སྐུ་ཤིན་ཏུ་འཇིགས་པའོ། །ཁྲོས་པའི་རང་བཞིན་ནི་ཁྲོས་པའི་རྒྱུ་སྟེ། འདི་ཐོང་མཛོད་ཅེས་བྱ་བ་ནི་བྱམས་པ་ལས་ཕྱོགས་གཞན་དུ་གྱུར་པའི་ཐ་ཚིག་གིས་
སོ། །འདི་ནི་བྱམས་པ་ཉིད་ཀྱིས་ཞེ་སྡང་གི་རྟགས་མངོན་པར་མཐོང་བའི་སྐུ་ལ་ཆེད་དུ་བརྗོད་པའི་མཆོད་པའོ། །གཞན་ཡང་གསུངས་པ། མཐོ་རིས་ས་སྟེང་ས་འོག་བཅས། །ཁྱོད་ཀྱི་གར་གྱིས་གཡོས་པར་མཛོད། །ཨ་ཛ་ནག་པོ་བཅག་འདྲ་ཡི། །ཁྲོ་ཁྱོད་རོ་ལངས་བཞིན་
གར་མཛོད། །ཅེས་བྱ་བ་ནི་རྡོ་རྗེ་ཕག་མོའི་གླུ་སྟེ། མཐོ་རིས་ནི་ལྷ་དང་ལྷ་མ་ཡིན་གྱི་གནས་སོ། །ས་སྟེང་ནི་མི་དང་བྱོལ་སོང་གི་གནས་སོ། །ས་འོག་ནི་ཡི་དགས་དང་དམྱལ་བའི་གནས་སོ། །བཅས་པ་ནི་འགྲོ་བ་མ་ལུས་པའི་དོན་ཏོ། །གར་གྱིས་ཞེས་བྱ་བ་ནི་བཤད་པའི་རྒྱུད་ལས།
སངས་རྒྱས་ཧེ་རུ་ཀ་ཡི་གར། །བླ་ན་མེད་པའི་མཆོག་འདི་དག །མགོན་པོས་འགྲོ་ལ་ཕྲག་དོག་པའི། །སྟབས་ཀྱིས་ཐམས་ཅད་གཡོས་པར་མཛད། །ཅེས་འབྱུང་བའི་ཕྱིར་རོ། །གཡོས་པར་མཛད་པ་ནི་རབ་ཏུ་གཟིར་ཞིང་སྡུག་བསྔལ་བར་མཛད་པའོ། །དེའི་སྐུ་མདོག་
ཀྱང་ཨ་ཛན་ཏེ་མིག་སྨན་གྱི་ཐང་ཆུའོ། །བཅག་པ་འདྲ་བ་ནི་གནག་ཅིང་འཚེར་བ་སྟེ་འཇིགས་སུ་རུང་བའོ། །ཁྲོས་པ་ནི་ཐ་དད་ཀྱི་རྟོག་པ་ལས་ཁྲོས་ཤིང་ཕྲག་དོག་པའི་ཡིད་ཅན་ནོ། །རོ་ལངས་ནི་གཞན་གྱི་བྱིན་གྱིས་བརླབས་པས་ལངས་པ་སྟེ་རང་གིས་གཞན་ལ་སྡང་བའི་འདུན་པ་དང་བྲལ་
བའོ། །དེ་བཞིན་དུ་བྱིན་གྱིས་རླབས་ལས་བྱུང་བའི་སྐུས་ཁྲོ་བོའི་གཟུགས་དེ་དག་ཐོང་མཛོད་ལ། སངས་རྒྱས་ཀྱི་གཟུགས་ཀྱིས་འགྲོ་བ་རྣམས་སྡུག་བསྔལ་ལས་ངེས་པར་སྒྲོལ་བར་མཛད་ཅིག་པའོ། །ཞེས་བྱ་བ་ནི་སྙིང་རྗེའི་གླུ་སྟེ་ཐུགས་རྗེ་ཆེན་པོ་ཡིད་ཀྱིས་ཚར་གཅོད་པའི་ཕྲིན་ལས་

མཛད་པ་ལ་ཆེད་དུ་བརྗོད་པའི་གླུའོ། །གཞན་ཡང་གསུངས་པ། རྣམ་པ་སྣ་ཚོགས་གཟུགས་སྤྲུལ་ཞིང་། །མདོག་ནག་ཚད་ནི་ཐུང་བ་ལ། །བདེ་ཆེན་ངོ་བོར་ཁྱོད་གར་མཛོད། །རྡོ་རྗེ་དབྱངས་ཅན་མ་གསོལ་འདེབས། །ཞེས་བྱ་བ་ནི་དབྱངས་ཅན་མའི་གླུ་སྟེ་རྣམ་པ་ནི་
ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའོ། །དེ་ཡང་སེམས་ཅན་གྱི་དོན་གཟིགས་པས་དགའ་བར་གྱུར་ནས་གཟུགས་རྣམ་པ་སྣ་ཚོགས་པ་སྤྲུལ་ཞིང་སེམས་ཅན་གྱི་དོན་མཛོད་ཅིག་ཅེས་བྱ་བའི་དོན་ཏོ། །དེ་ཡང་ཇི་ལྟ་བུའི་གཟུགས་ཀྱིས་ཤེ་ན། མདོག་ནག་ཚད་ནི་ཐུང་བ་ལ་ཞེས་བྱའོ། །བདེ་
ཆེན་ནི་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དོ། །དེ་ཡང་བཤད་པའི་རྒྱུད་ལས། སྤངས་དང་ཡེ་ཤེས་ཕུན་ཚོགས་པའོ། །བདེ་བ་ཆེན་པོ་ཞེས་བྱ་སྟེ། །སེམས་ཅན་རྣམས་ཀྱི་སྣང་བ་ལ། །དགའ་བར་མཛད་ཁྱོད་དགར་མཛོད་ཅིག །ཅེས་བྱ་བ་ཉིད་དོ། །རྡོ་རྗེ་དབྱངས་ཅན་མ་ནི་
དགའ་བའི་བདག་ཉིད་དེ་སངས་རྒྱས་ལ་ཡང་སེམས་ཅན་རྗེས་སུ་དགའ་བའི་དོན་དུ་གསོལ་བ་འདེབས་པ་ནི་དགའ་བའི་གླུའོ། །བཅོམ་ལྡན་འདས་བསྐྱོད་པ་མེད་པའི་ཡེ་ཤེས་ཀྱིས་འགྲོ་བ་རྣམས་དགའ་བར་མཛད་པའི་ཕྱིར་ཆེད་དུ་བརྗོད་པའི་མཆོད་པའོ། །གཞན་ཡང་གསུངས་པ།
ཧྲཱིཿཥྚྲྀཿའི་སྔགས་དང་གར་གྱིས་ཁྱོད། །སྲིད་པ་གསུམ་གྱི་འཁྲུལ་པ་ཆོད། །སྙིང་རྗེས་ཁྲོས་པའི་དད་སྒྲོལ་གར། །འགྲོ་བས་མཐོང་ན་ངོ་མཚར་འགྱུར། །ཞེས་བྱ་བ་ནི་རྡོ་རྗེ་གཽ་རཱི་མའི་གླུ་སྟེ། ཧྲཱིཿཥྚྲྀཿའི་སྔགས་ནི་ཧྲཱིཿཥྚྲྀཿལ་སོགས་པའི་ཐུགས་ཀྱི་སྔགས་རྣམས་སོ། །གར་ནི་སྔགས་ཀྱི་ང་རོ་
དྲག་པོ་བསྒྲགས་པ་དང་འབྲེལ་པའི་གར་གྱིས་སོ། །སྲིད་པ་གསུམ་གྱི་འཁྲུལ་པ་ནི་འཇིག་རྟེན་གྱི་ཆོས་བརྒྱད་དོ། གཟུང་བ་དང་འཛིན་པའི་ངོ་བོ་དེ་སྤོང་བར་བྱེད་པ་ནི་སྔགས་ཀྱི་དེ་ཉིད་དང་གར་གྱི་དེ་ཉིད་དེ་དེའི་རང་བཞིན་བཏང་སྙོམས་ཆེན་པོས་ཆོད་ཅེས་བྱའོ། །སྙིང་རྗེས་ཁྲོས་པ་ནི་སྙིང་རྗེའི་
དབང་གིས་སྤྲུལ་པ་སྟེ་དད་པ་ཅན་སྒྲོལ་བར་བྱེད་པའི་ཕྱིར་དད་སྒྲོལ་གར་རོ། །འགྲོ་བ་ནི་སེམས་ཅན་ཏེ་དེས་ཁྱོད་ཀྱི་གཟུགས་མཐོང་ན་ལྟ་བས་ཆོག་ཤེས་པར་མི་འགྱུར་བའི་ཕྱིར་ངོ་མཚར་དུ་གྱུར་ཞེས་བྱ་བ་ནི་བཏང་སྙོམས་ཀྱི་གླུའོ། །འདི་དག་གིས་ནི་དེ་བཞིན་གཤེགས་པའི་ཐུགས་བསམ་

གྱིས་མི་ཁྱབ་པའི་ཆེད་དུ་བརྗོད་པའི་མཆོད་པའོ། །ད་ནི་བཟླས་པའི་རབ་ཏུ་བྱེད་པ་གསུངས་པ། དེ་ཡང་ཡང་དག་བཤད་བྱ་བ། །བཟླས་པ་ཡི་ནི་མཚན་ཉིད་མཆོག །བཟླས་པ་གང་ཞིག་རབ་བཟླས་ན། །དངོས་གྲུབ་ཡངས་པ་ཐོབ་པ་ནི། །མྱུར་བར་མ་ཡིན་དལ་བར་མིན། །རིང་དུ་མ་
ཡིན་ཐུང་ངུ་མིན། །སྔགས་ནི་ཅུང་ཟད་ཐོས་པར་བཟླས། །ཞེས་པ་ལ་བཟླས་པ་ནི་གང་གི་རྗེས་སུ་འགྲོ་བའོ། །མཚན་ཉིད་ནི་འབྱུང་འཇུག་རྗེས་སུ་དྲན་པའོ། །མཆོག་ནི་དེ་བཞིན་གཤེགས་པའི་ཐུགས་ཀྱི་སྙིང་པོའོ། །བཟླས་པ་གང་ཞིག་ནི་སྐུ་དང་གསུང་དང་ཐུགས་ཀྱི་སྔགས་སོ། །
བཟླས་པ་ནི་སྐྱེས་པ་དང་བུད་མེད་དང་མ་ནིང་གིའོ། །སྐྱེས་པ་ནི་ངག་གཙོ་བོར་རོ། །བུད་མེད་ནི་སེམས་གཙོ་བོར་རོ། །མ་ནིང་ནི་ནང་དུ་གཞག་སྟེ་ལུས་ངག་ཡིད་གསུམ་གྱི་འབྲེལ་པ་རྗེས་སུ་དྲན་པས་ན་རབ་བཟླས་ཞེས་བྱའོ། །དེའི་ཁྱད་པར་ཅི་ཞེ་ན། དངོས་གྲུབ་ཡངས་པ་སྟེ་ཕྱག་རྒྱ་
ཆེན་པོ་དེ་ཉིད་ཐོབ་པའོ། །དེ་དག་བཟླས་པའི་ཐབས་ཀྱི་བདག་ཉིད་ཇི་ལྟ་བུ་ཞེ་ན་མྱུར་བར་མ་ཡིན་ཏེ་མཐུག་པོ་མི་རྫོགས་ཤིང་རིང་པོ་ཐུང་ངུར་འགྱུར་བའི་ཕྱིར་རོ། །དལ་བར་མ་ཡིན་ཏེ་སྟུག་པོ་ལྷག་པར་འགྲེལ་པར་འགྱུར་ཞིང་ཐུང་ངུ་རིང་པོར་འགྱུར་བའི་ཕྱིར་རོ། །རིང་པོར་མ་ཡིན་ཏེ་
ལྷག་པར་འཇུག་པའི་ཕྱིར་རོ། །ཐུང་ངུ་མ་ཡིན་ཏེ་ཁོང་ནས་འབྱུང་བ་མེད་པར་འགྱུར་བའི་ཕྱིར་རོ། །སྔགས་ནི་ཅུང་ཟད་ཅེས་བྱ་བ་ནི་སྒྲ་ཆེ་བར་མ་ཡིན་པར་རོ། །ཐོས་པར་བཟླས་པ་ནི་རང་གི་ངག་རང་གི་ཡུལ་ལ་འབྲེལ་ཞིང་གཞན་གྱིས་མི་ཐོས་པར་རོ། །བཟླས་པ་དེ་དག་དང་ལྡན་
པའི་ཕྲེང་བ་གསུངས་པ། གཤིན་རྗེ་སློབ་དཔོན་མི་མཆོག་གིས། །མ་ཧེ་མི་དང་སོ་གཉིས་དང་། །བ་གླང་དག་དང་རྟ་དག་དང་། །བོང་བུ་རྔ་མོ་རུས་པ་ལས། །བཟླས་པའི་ཕྲེང་བ་རབ་བསྒྲུབ་བྱ། །ཞེས་པ་ལས་གཤིན་རྗེ་སློབ་དཔོན་ནི་གཤིན་རྗེ་གཤེད་རྡོ་རྗེ་སློབ་དཔོན་གྱི་དབང་
ཐོབ་པའོ། །མི་མཆོག་གིས་ཞེས་བྱ་བ་ནི་དམ་ཚིག་དང་ལྡན་པའོ། །མ་ཧེ་ནི་གླང་རྒོད་དེ་གསད་པ་ལའོ། །མི་ནི་དངོས་གྲུབ་སྒྲུབ་པ་ལའོ། །སོ་གཉིས་ནི་གླང་པོ་ཆེ་སྟེ་ཞི་བ་ལའོ། །བ་གླང་ནི་རྒྱས་པ་ལའོ། །རྟ་ནི་དབང་དུ་བྱ་བ་ལའོ། །བོང་བུ་ནི་ཁུར་སྐྱེས་དེ་དགུག་པ་ལའོ། །

རྔ་མོ་ནི་བསྐྲད་པ་ལའོ། །དེ་དག་གི་རུས་པ་ལས་བྱས་པའི་བཟླས་པའི་ཕྲེང་བ་གྲངས་ནི་ཉི་ཤུ་རྩ་གཅིག་དང་བརྒྱད་དང་ལྷའི་གྲངས་དང་ཉེ་བར་མཐུན་པ་དང་བརྒྱ་རྩ་བརྒྱད་དང་། ལྔ་བཅུ་དང་ཉི་ཤུ་རྩ་ལྔ་དང་། བཞི་བཅུ་རྩ་བརྒྱད་དེ། དེ་དག་ལ་དེ་བཞིན་གཤེགས་པའི་འཁོར་ལོ་
རབ་ཏུ་གནས་པ་བྱ་སྟེ། གསང་བའི་གནས་སུ་རབ་ཏུ་བསྙེན་བཀུར་བའི་ཕྱིར་སྦ་བར་བྱའོ། །དེ་དམིགས་པ་རྗེས་སུ་དྲན་པར་བྱ་བ་གསུངས་པ། མཁས་པས་ཡང་ན་མི་མགོ་སྟེ། །ཁྲག་གིས་སྦགས་པའི་མགོ་བསྒོམ་བྱ། །ཞེས་པ་ལ་མཁས་པ་ནི་ཤེས་རབ་དང་ལྡན་པའི་རྣལ་འབྱོར་པ་སྟེ་
མིའི་མགོ་བོ་ནི་ཐོད་པ་སྐམ་པོའོ། །ཁྲག་གིས་སྦགས་པའི་མགོ་བོ་ནི་རློན་པ་སྟེ་དབང་པོ་ལྔ་དང་ལྡན་པ་བསྒོམ་པར་བྱའོ། །བཟླས་པ་དེ་ཉིད་ཡང་དག་པར་སྦྱོར་བའི་ཚོགས་གསུངས་པ། ཟླ་བ་ཅོག་གི་བཅུ་བཞི་ལ། །བདུད་རྩི་ལྔ་དང་ལྡན་པ་ཡི། །ཤ་ལྔ་ཡིས་ནི་བསྐུས་བྱས་ནས། །བཟླས་ན་དངོས་
གྲུབ་སྒྲུབ་པའི་མཆོག །རི་ལུ་དག་ནི་སོ་སོ་ལ། །རྣལ་འབྱོར་པ་ཡི་གཤིན་རྗེ་བསྒོམ། །ཞེས་བྱ་བ་ལ་ཟླ་བ་ཅོག་གི་ཞེས་བྱ་བ་ནི་ལོ་གཅིག་ཆའི་རྣམ་གྲངས་བཅུ་གཉིས་པའོ། །བཅུ་བཞི་པ་ནི་དཀར་པོའི་ངོ་དང་ནག་པོའི་ངོ་བཅུ་བཞི་པའོ། །བདུད་རྩི་རྣམ་པ་ལྔ་དང་ལྡན་པའི་ཤ་ལྔ་ནི་བདུད་རྩིའོ། །
དེ་ཡིས་བསྐུ་བར་བྱ་བའི་རྫས་ནི་བཟའ་བ་དང་བཅའ་བ་དང་། མྱང་བ་དང་། བལྡག་པ་དང་། བཏུང་བའི་བྱེ་བྲག་འབྲས་ཆན་དང་ཉ་ཤ་ལ་སོགས་པའོ། །བཟླས་ན་ཞེས་བྱ་བ་ནི་གཅིག་ནས་ཁྲིའི་བར་ཏེ་མཚན་མོའི་ཕྱེད་ཀྱི་དུས་སོ། །གོང་གི་མན་ངག་གིས་བཟླས་ན་དངོས་གྲུབ་སྒྲུབ་པའི་མཆོག་
ཏུ་འགྱུར་རོ། །དངོས་གྲུབ་སྒྲུབ་པའི་ཕྲེང་བའི་དམིགས་པ་ཁྱད་པར་དུ་གསུངས་པ། དྲིལ་བུ་དག་ནི་ཕྲེང་བའོ། །སོ་སོ་ནི་འབྲུ་རེ་རེ་ལའོ། །རྣལ་འབྱོར་པ་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱིས་ཉམས་སུ་མྱོང་བ་ནི་ཡིད་དང་མི་འབྲལ་བའོ། །གཤིན་རྗེ་གཤེད་བསྒོམ་ཞེས་པ་ནི་མཚན་དང་དཔེ་བྱད་
ཡོངས་སུ་རྫོགས་པའི་སྐུའོ། །བཟླས་པའི་གྲངས་ཀྱི་སྦྱོར་བ་གསུངས་པ། ཁྲི་ཙམ་གྱིས་ནི་འབྱུང་པོ་རྣམས། །མཁའ་འགྲོ་མ་ནི་སྟོང་ཕྲག་དང་། །བདུད་དང་ཡི་དགས་ཚོགས་ཀྱང་འཆི། །གཤིན་རྗེ་རྡོ་རྗེ་སྦྱོར་བ་ཡིས། །རྣལ་འབྱོར་བདག་ཉིད་འབུམ་བཟླས་ན། །དེས་ནི་ལས་ཀུན་བྱེད་པར་

འགྱུར། །བྱེ་བ་བཟླས་ན་དངོས་གྲུབ་སྟེར། །བྱེ་བ་ལྔ་བཟླས་སྨོས་ཅི་དགོས། །ཞེས་པ་ལ་ཁྲི་ནི་སྟོང་ཕྲག་བཅུའོ། །ཙམ་གྱིས་ནི་ཞེས་བྱ་བ་ནི་ལྷག་མི་དགོས་པའོ། །འབྱུང་པོ་རྣམས་དང་མཁའ་འགྲོ་མ། །ཞེས་བྱ་བ་ནི་གཉིས་ཀྱི་དོན་གྱིས་དྲུག་སྟེ་འཆིང་བའམ་ཚར་གཅོད་པར་ནུས་སོ། །
སྟོང་ཕྲག་གཅིག་གིས་བདུད་དང་ཡི་དགས་ཀྱི་ཚོགས་འཆིང་བར་ནུས་ཏེ་དཔའ་བོ་སྟོབས་ཅན་གྱི་སེམས་ཀྱི་བྱེ་བྲག་གིས་སོ། །གཤིན་རྗེ་གཤེད་རྡོ་རྗེ་ནི་དེ་བཞིན་གཤེགས་པ་སྟེ། སྦྱོར་བས་ཞེས་བྱ་བ་ནི་རྣལ་འབྱོར་པ་བདག་ཉིད་དེ་ཉིད་དུའོ། །རྣལ་འབྱོར་ནི་དཔའ་བོའི་རྣལ་འབྱོར་དང་
རྗེས་ཀྱི་རྣལ་འབྱོར་དང་། ཤིན་ཏུ་རྣལ་འབྱོར་ཆེན་པོའི་བདག་ཉིད་ཀྱིས་སོ། །འབུམ་བཟླས་ནས་ཞེས་བྱ་བ་ནི་ཁྲི་ཕྲག་བཅུའོ། །དེས་ནི་ལས་ཀུན་ཞེས་བྱ་བ་ནི་ཞི་བ་དང་རྒྱས་པ་དང་དབང་དང་དྲག་པོ་དང་། དགུག་པ་དང་བསྐྲད་པ་ལ་སོགས་པ་བྱེད་པ་ཡིན་ནོ། །བྱེ་བ་ནི་འབུམ་
ཕྲག་བཅུ་སྟེ། བཟླས་ནས་ཐུན་མོང་གི་དངོས་གྲུབ་སྒྲུབ་པོ། །བྱེ་བ་ལྔ་བཟླས་པས་རང་གི་སེམས་དག་པར་གྱུར་ཏེ་དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས་སོ། །དེ་ཡང་བཤད་པའི་རྒྱུད་ལས། ཧེ་རུ་ཀ་ཡི་རྣལ་འབྱོར་གྱིས། །ཆོས་འབྱུང་བྱང་ཆུབ་སེམས་ཀྱིས་བྱུག །སྒྲོན་མ་བཅུ་
བཅས་གཏོར་མ་སྦྱིན། །གསང་སྔགས་བཟླས་པའི་བསྙེན་བྱས་ནས། །འབྱུང་པོ་མཐུ་ཡིས་གཟུང་བྱས་ལ། །འབྲུ་རེ་བ་དང་སྡེ་ཚན་གྱི། །ཡི་གེ་ཆོ་གའི་སྦྱོར་བ་བརྩམ། །ཞེས་འབྱུང་བ་ལྟར་ཤེས་པར་བྱའོ། །དེ་ཡང་ཅི་ཞེ་ན། ཏིང་ངེ་འཛིན་གྱི་འོད་ཟེར་ལྕགས་ཀྱུ་ལྟ་བུས་བཀུག་
ནས་བསྒྲུབ་བྱའི་ལུས་ལ་བཅུག་ཅིང་སྙིང་གར་ཉི་མའི་སྟེང་དུ་ཡི་གེ་ཧཱུཾ་འབར་བར་འཕྲོས་པའི་ལྕགས་སྒྲོག་གིས་བཅིངས་ལ། བདག་ཉིད་ཀྱི་ཡི་གེའི་འོད་ཟེར་རབ་ཏུ་རྣོ་བ་དག་གིས་སྤྱི་གཙུག་ནས་རྐང་པའི་བར་དུ་འབིགས་ཤིང་ཨེ་ལས་ཆོས་ཀྱི་འབྱུང་གནས་རབ་ཏུ་དཀར་བའི་
ནང་དུ་རེ་ཕ་ལས་མེའི་དཀྱིལ་འཁོར་རབ་ཏུ་འབར་བར་བསམས་ཏེ། དེའི་འོད་ཀྱིས་རབ་ཏུ་གཡེངས་པའི་བསྒྲུབ་བྱ་ལ་ཐལ་ཆེན་དང་ཡུངས་ཀར་བརྡེག་ཅིང་། སརྦ་བིགྷྣཱན་ནཱ་ཤ་ཡ་བྷི་དེ་ཤ་ཡ་ཨཱ་ཀཪྵ་ཡ་ཧཱུཾ་ཕཊ་ཕཊ་ཕཊ་ཅེས་ཉི་ཤུ་རྩ་གཅིག་གམ་བརྒྱ་རྩ་བརྒྱད་དུ་བརྗོད་པས་གྲོལ་བར་

འགྱུར་རོ། །གཅིག་པའི་བུད་མེད་དང་གཅིག་པའི་སྐྱེས་པའི་ཐོད་པ་དུར་ཁྲོད་ཀྱི་ཐལ་བས་བྱུགས་ལ་ཤིང་གི་ལོ་མ་ལ་བསྒྲུབ་བྱའི་གཟུགས་དུ་མ་དང་མིའི་ཚིལ་བུ་བསྲེས་པས་བྲིས་ཏེ་འཇིགས་བྱེད་ཀྱི་རླུང་བུར་བཅུག་ལ་ཏིང་ངེ་འཛིན་གྱིས་དགུག་ཅིང་བསྟིམ་པའི་སྦྱོར་བ་བྱ་
སྟེ། གདུག་པའི་རྫས་ཀྱིས་གོང་ལྟར་བསྐྲད་ལ་དུད་པས་བདུག་པ་ཡང་བྱའོ། །དེ་ནས་སྤྲུལ་པའི་ཁྲོ་བོའི་འོད་ཟེར་དུ་བ་ལྟར་རབ་ཏུ་འཁྲུག་ཅིང་གདུག་པ་དག་གི་གསང་བའི་ལམ་ནས་ཡར་ཞུགས་པས་སེམས་མར་མེ་ལྟ་བུར་མོག་མོག་པོར་བྱས་ཤིང་སྐྱོབ་པའི་ལྷ་དང་ཡང་
བྲལ་ཏེ། མདོག་ཐལ་སྐྱར་གྱུར་ཅིང་སྐྲ་གྲོལ་བར་བསམ་མོ། །དེ་ནས་དུག་དང་ཚྭ་དང་སྐེ་ཚེ་ལ་སོགས་པས་བྱུགས་ལ་གཟུགས་བརྙན་ཐོད་པ་གཉིས་ཀྱི་བར་དུ་བཅུག་ནས་ནམ་ཕྱེད་ན་དུར་ཁྲོད་ཀྱི་དཀྱིལ་འཁོར་དུ་མནན་ཏེ་དུར་ཁྲོད་ཀྱི་གཡམ་པས་ཁ་བཀབ་ལ། ཁྲོ་བ་དང་བཅས་
པའི་སྒོ་ནས་གཤིན་རྗེ་གཤེད་ཆེན་པོ་རྣམས་ཆེ་གེ་མོ་འདི་ཟུང་ལ་བདག་ཉིད་ཀྱི་སྒྲུབ་པ་རྫོགས་པར་གྱིས་ཤིག་ཅེས་བསྐུལ་བའི་ཚིག་ཅི་རིགས་པ་གདགས་པར་བྱའོ། །གློ་བུར་བ་རྣམས་ལ་ནི་ལག་པ་གཉིས་རབ་ཏུ་ཁྲོ་བའི་མཚོན་ཆས་གཡས་གཡོན་དུ་ཉེ་བར་བྱ་ཞིང་གོང་གི་
སྔགས་བཟླས་སོ། །ལས་ཀྱི་སྦྱོར་བ་ནི་མར་ངོའི་བརྒྱད་ཀྱང་རུང་ངོ་། །བདག་ཉིད་ནི་དཔའ་བོ་རྣམས་ཀྱིས་ཁྱད་པར་བྱའོ། །སྔོན་དུ་བསྙེན་པ་སོང་བ་དག་གིས་འགྲུབ་པར་འགྱུར་བ་ནི་བཤད་ཟིན་ཏོ། །སྒྲུབ་པའི་གཏོར་མའི་ཆོ་ག་གསུངས་པ། ཉིན་རེའམ་ཡང་ན་ཟླ་རེའམ། །དེ་
བཞིན་ལོ་ནི་རེ་རེ་ལ། །གཏོར་མ་དྲུག་ཅུ་རྩ་བཞི་སྦྱིན། །དབྱུ་གུ་དྲུག་ཅུ་རྩ་བཞིར་ཤེས། །ཞེས་པ་ལ་ཉིན་རེའམ་ཞེས་པ་ནི་རྟག་ཏུའོ། །ཟླ་རེའམ་ཞེས་བྱ་བ་ནི་ཟླ་བ་རེའི་བཅུ་བཞི་ལའོ། །དེ་བཞིན་ལོ་ནི་རེ་རེ་ཞེས་བྱ་བ་ནི་གཅིག་གི་དུས་ཆེན་པོ་ཉི་མ་གཅིག་ལའོ། །གཏོར་མ་ནི་གཏོར་མ་ཆེན་
པོའོ། །དྲུག་ཅུ་རྩ་བཞི་སྦྱིན་ཞེས་བྱ་བ་ནི་གཏོར་མའི་གྲངས་ཏེ་སྦྱིན་པ་ནི་མགྲོན་ཉེ་བར་མཆོད་པའོ། །དུས་ནམ་ཞེ་ན། དབྱུ་གུ་ཞེས་བྱ་བ་དང་དུས་མཉམ་པའི་ཕྱེད་ནི་ཐུན་བཞིའོ། །དེ་ལྟར་ཞག་གཅིག་ལ་ཐུན་བརྒྱད་དོ། །ཐུན་གྱི་བརྒྱད་ཆ་བརྒྱད་ནི་དབྱུ་གུའོ། །དེའི་ཁྱད་པར་ཡང་རླུང་གིས་

གཟུང་བར་བྱ་སྟེ་དཀར་པོ་ནི་ཚེས་གཅིག་ལ་གཡོན་པའི་སྣ་བུག་ནས་ཟླ་བ་ཞེས་བྱ་བའི་རླུང་བྱུང་བས་ཐུན་དང་པོའི་ཕྱེད་ཁྱབ་པར་གནས་སོ། །དེ་ནས་འཕོས་ཏེ་ཐུན་བདུན་གྱི་ཕྱེད་ཀྱི་ཆ་ནི་སྔར་བཞིན་ནོ། །འཕོ་བ་ནི་ཇི་སྲིད་པའི་ཕྱེད་ནུབ་པར་འགྱུར་རོ། །ཉིན་མོ་ཇི་ལྟ་བ་བཞིན་དུ་མཚན་མོ་ཡང་དེ་
བཞིན་ཏེ། དེ་དག་ནི་འཕོ་བ་བཅུ་དྲུག་གོ། །དེའི་ཕྱེད་ནི་ཆུ་ཚོད་དེ། ཆུ་ཚོད་རེ་རེ་ལ་དབང་ཆེན་གྱི་སྐད་ཅིག་གཉིས་གཉིས་སོ། །སྐད་ཅིག་རེ་ལ་དབྱུ་གུ་ཞེས་བྱ་སྟེ་གང་གི་ཚེ་སྟེང་དུ་རྒྱུ་བ་ནི་མེ་ཡིན་ནོ། །ལོགས་གཉིས་སུ་བྱུང་བ་དེ་ནི་རླུང་ཡིན་ནོ། །ཐུར་ལ་འབྱུང་བ་ནི་ཆུ་ཡིན་ནོ། །དབུས་
ནས་འབྱུང་བ་ནི་དབང་ཆེན་ཡིན་ནོ། །དེ་ཡང་བཤད་པའི་རྒྱུད་ལས། དེ་ལ་གང་ཚེ་དབུས་གནས་ཏེ། །གང་ཚེ་གང་གི་བློ་གཉིས་ནས། །གང་ཚེ་འོག་ཆར་ཁྱབ་པ་ནི། །སྐད་ཅིག་སྐད་ཅིག་རླུང་འབྱུང་བ། །འཕོ་བ་བཞི་ནི་ཤེས་བྱས་ལ། །དབྱུ་གུ་བཞི་ལ་བལྟ་བར་བྱ། །ཇི་ལྟར་དབྱུ་
གུ་དབྱུ་གུ་བཞིན། །རང་སྦྱོར་བདག་ཉིད་གཏོར་མ་སྦྱིན། །དེ་བཞིན་དུ་མར་ངོའི་ཚེས་གཅིག་ལ་ཉི་མ་ཞེས་བྱ་བའི་རླུང་སྣ་བུག་གཡས་པ་ནས་འབྱུང་སྟེ། དེ་ལྟར་ཚེས་གཉིས་དང་གསུམ་གྱི་བར་དུའོ། །བཞི་ལ་ཉི་མ་ནས་ཟླ་བར་འཕོ། དེ་ལྔ་པ་དང་དྲུག་པའི་བར་དུ་འབྱུང་ངོ་། །དེ་ནས་ཡང་ཉི་
མ་འཕོ་སྟེ། བདུན་དང་བརྒྱད་དང་དགུའི་བར་དུ་འབྱུང་ངོ་། །དེ་ནས་ཡང་ཟླ་བར་འཕོ་སྟེ་བཅུ་པ་དང་། བཅུ་གཅིག་པ་དང་། བཅུ་གཉིས་ཀྱི་བར་དུ་འབྱུང་ངོ་། །དེ་ནས་ཡང་ཉི་མར་འཕོ་སྟེ་བཅུ་གསུམ་པ་དང་། བཅུ་བཞི་པ་དང་། བཅོ་ལྔའི་བར་དུ་འབྱུང་ངོ་། ཟླ་བ་ཕྱེད་གང་ལས་དང་པོར་
འབྱུང་བ་དེར་ཐ་མར་ནུབ་པར་འགྱུར་རོ། །ཉིན་མོ་ཇི་ལྟ་བ་བཞིན་དུ་མཚན་མོ་ཡང་ངོ་། །འདི་ཡང་མཚན་མོའི་སྦྱོར་བ་ལ་བརྩམ་པར་བྱ་སྟེ། ས་དང་ཆུ་ལ་དགེ་བའི་ལས། །མེ་དང་རླུང་ལ་གསད་པའི་ལས། །ཟླ་བ་ཡང་དག་ཉིད་ཤེས་བྱ། །ཉི་མ་ལ་ནི་འབྲིང་པོ་ཡིན། །མི་དགེ་གལ་ཏེ་ཉི་མར་
བྱ། །དེ་ནི་ངེས་པར་འཆི་བ་སྟེ། །དེ་ཉིད་ཟླ་བར་འབྱུང་བ་སྟེ། །ཤིན་ཏུ་སྡུག་བསྔལ་སྟེར་བ་མིན། །ཞེས་བཤད་པའི་རྒྱུད་ལས་སོ། །ད་ནི་རྣལ་འབྱོར་པས་ཐུན་མོང་གི་དངོས་གྲུབ་ཀྱི་བྱ་བ་གསུངས་པ། རྟག་ཏུ་ཅུང་ཟད་ཅི་ཟ་དང་། །དེ་བཞིན་ཅུང་ཟད་འཐུང་བ་དང་། །གཞན་ཡང་

བཟའ་བ་ཐམས་ཅད་ཀྱི། །ཕུད་ནི་གཤིན་རྗེ་གཤེད་ལ་དབུལ། །ཞེས་བྱ་བ་ལ་རྟག་ཏུ་ནི་ཇི་སྲིད་འཚོའི་བར་དུའོ། །ཅུང་ཟད་ནི་ཐམ་སྟེ་ཆེན་པོ་ཅི་ཟ་བ་ལ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་བཞིན་དུ་ཅུང་ཟད་ཅི་འཐུང་བ་ནི་དུས་ཀྱིའོ། །གཞན་ཡང་བཟའ་བ་ཐམས་ཅད་ཀྱི། །
ཞེས་བྱ་བ་ནི་དུས་མེད་ཅིང་རིས་སུ་མ་ཆད་པའི་ལོངས་སྤྱོད་དོ། །ཕུད་ནི་ལོངས་སྤྱོད་སྟེ་ཕྱི་དང་ནང་གི་གཤིན་རྗེ་གཤེད་མཉེས་པར་བྱ་བའི་ཕྱིར་དབུལ་བའོ། །དེ་ལས་གཞན་པ་ནི་འཁོར་བའི་ཡོ་བྱད་ཀྱང་བསྡུ་བར་བྱ་སྟེ། རང་གི་ཡེ་ཤེས་ཁྱད་པར་དུ་འགྲོ་བའི་དོན་གྱིས་སོ། །ད་ནི་
མཆོག་གི་དངོས་གྲུབ་བླ་མ་མཉེས་པ་ལས་དངོས་གྲུབ་ཆེན་པོ་འགྲུབ་པའི་ཕྱིར་བསྒྲུབ་པར་བྱ་སྟེ། དེ་ནས་ཡང་དག་བཤད་བྱ་བ། །བླ་མ་ལ་ནི་ཡོན་དབུལ་བའོ། །ལས་ནི་ཐམས་ཅད་བསྒྲུབ་པ་དང་། །བདག་ཉིད་ཞི་བར་བྱ་བའི་ཕྱིར། །ཞེས་པ་ལ་བླ་མ་ནི་ཡོན་ཏན་འབྱུང་བའི་གཞི་
ཡིན་པས་སོ། །ཡོན་དབུལ་བ་ནི་ཐུགས་མཉེས་པར་བྱེད་པའི་རྩ་བའོ། །ལས་ནི་འཁྲུལ་འཁོར་ལ་སོགས་པ་བསྒྲུབ་པ་དང་། བདག་ཉིད་ཉེ་བར་ཞི་བ་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པར་བྱ་བའི་ཕྱིར་འབད་པས་ཉེ་བར་བསྟེན་པ་ནི་དགོས་པའོ། །བསྙེན་བཀུར་གྱི་ལས་ནི། བདག་
ཉིད་ཀྱང་ནི་དབུལ་བ་དང་། །ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །བརྟུལ་ཞུགས་ཅན་ནི་བཤད་པའི་རྒྱུད་ལས། འདི་དང་དོན་ཉེ་བར་གཞག་སྟེ། །མ་འོངས་གཞན་དོན་སེམས་དཔའ་ནི། །བློ་ལྡན་གཏོང་བ་མཐུ་ཡིས་བརྒྱན། །དཔའ་བོ་སེམས་ཀྱིས་བརྟུལ་ཞུགས་འཆང་། །ཞེས་པ་ཉིད་
དོ། །དེས་བླ་མ་ལ་ཡོན་དབུལ་བར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེ་གཤེད་ནག་པོའི་རྒྱུད་ནི་བཤད་ཟིན་ཏོ། །ཉེ་བར་མཁོ་བ་ནི་རྣལ་འབྱོར་པའི་ལོངས་སྤྱོད་ཀྱི་བདག་ཉིད་དུ་འཚམ་པའོ། །ལས་ཀྱི་ཁྱད་པར་ནི་བསྙེན་པ་དང་གཏོར་མའོ། །
ཐམས་ཅད་པ་ཞེས་བྱ་བ་ནི་དམ་པ་བསྙེན་བཀུར་བའོ། །རིམ་པར་ཕྱེ་བ་ནི་དེ་རེ་རེའི་ཁྱད་པར་རོ། །བཅུ་གཉིས་པ་ནི་བཅུ་གཅིག་པས་གཞག་པའོ། །ནག་པོ་ཞབས་ཀྱིས་བཤད་པའི་ལེའུ་བཅུ་གཉིས་པ་རྒྱ་ཆེར་གསལ་བར་བྱས་པའོ།། །།ད་ནི་སེམས་ཅན་མི་ཤེས་པ་

རྨོངས་པ་དག་ལ་ཕྱག་མཚན་གྱི་རྣམ་པར་དག་པ་གསུངས་པ། དེ་ནས་སེམས་ཅན་ཐམས་ཅད་ཀྱི། །སྡིག་པའི་ལས་རྣམས་ཇི་སྙེད་པ། །དེ་དག་གཅོད་པས་གྲི་གུག་སྟེ། །ཞེ་སྡང་གཅོད་པས་ཤུགས་ཅན་ནོ། །ཞེས་བྱ་བ་ལ་གཞན་དག་ནི་འདིར་མི་རིགས་ཏེ་སེམས་ཅན་གསོད་པའི་
ངང་ཚུལ་ཅན་ཡིན་ཏེ་དེ་དག་གིས་ཐར་པའི་ས་བོན་མ་རུང་བར་བྱེད་པའོ་ཞེ་ན་མ་ཡིན་ཏེ། སེམས་ཅན་རྣམས་ཀྱི་སྡིག་པ་ནི་ཉོན་མོངས་པས་ཀུན་ནས་བསླང་ཞིང་བསྐྱེད་པའི་ཕྱིར་སྒོ་གསུམ་དུ་བཅུ་སྐྱེད་པ་ནི་ལས་སོ། །ཇི་སྙེད་པ་ཞེས་བྱ་བ་ནི་མ་ལུས་པའི་དོན་ཏེ་དེ་དག་གཅོད་ཅིང་མ་ལུས་པར་བྱེད་
པས་ན་གྲི་གུག་གོ། །ཞེ་སྡང་ནི་མཚོན་པ་ཙམ་དུ་ཟད་དེ་ལྔའོ། །དེ་གཅོད་ཅིང་གཤེག་པས་ཟད་པར་བྱེད་པས་ན་ཤུགས་ཅན་ཞེས་བྱ་བ་སྟེ་རལ་གྲིའོ། །ད་ནི་འབད་པ་མེད་པར་གཞན་དང་གཞན་གྱི་ཤེས་རབ་ཀྱི་མཐུ་བདག་གིས་ཐོས་ཤིང་ཁོང་དུ་ཆུད་པར་བྱ་བ་བསྒྲུབ་པའི་ཕྱིར་གསུངས་པ། དེ་ནས་ཡང་
དག་བཤད་བྱ་བ། །རིང་པོའི་ཐོས་པ་བསྒྲུབ་པའི་ཕྱིར། །ཞེས་བྱ་བའི་དོན་ནི་དགོས་པ་སྟེ། རིང་པོ་ནི་ཉེ་བར་མཚུངས་པའི་གནས་མ་ཡིན་པར་གཞན་ནོ། །ཐོས་པ་ནི་བདག་གི་ཡུལ་དུ་བྱའོ། །སྒྲུབ་པ་ནི་དེའི་ལུས་ལ་སྐྱེད་པར་བྱེད་པའི་ཆོ་ག་འདི་ཉིད་དོ། །ཕྱིར་ནི་དེ་ལ་འདི་དགོས་པའི་དོན་གྱིས་ནའོ། །
དེ་ནས་རྡོ་རྗེ་མཁའ་འགྲོ་མའི་སྒྲུབ་པ་གསུངས་པ། རྡོ་རྗེ་མཁའ་འགྲོ་མ་སྒྲུབ་ཐབས། །ནམ་མཁའི་ཁམས་ཀྱི་དབུས་གཏོགས་པར། །ཉི་མའི་དཀྱིལ་འཁོར་མཆོག་བསམ་བྱ། །གནས་དེར་རྩེ་ལྔ་པ་ཡང་བསྒོམ། །ཞེས་བྱ་བ་ལ་རྡོ་རྗེ་ནི་ཡེ་ཤེས་སོ། །མཁའ་འགྲོ་མ་ནི་མཁའ་དང་ལྡན་པའི་
བཅོམ་ལྡན་འདས་སོ། །འདིར་ཡང་ཚོགས་བསགས་པ་སྔོན་དུ་འགྲོ་བའི་ཚངས་པའི་གནས་བཞིས་སྦྱངས་པ་སྟོང་པ་ཉིད་དུའོ། །ནམ་མཁའི་ཁམས་ཀྱི་ཞེས་བྱ་བ་ནི་ཟླ་བ་རྡོ་རྗེའི་སྦྱོར་བས་ཆོས་ཀྱི་འབྱུང་གནས་དཀར་པོ་རྣམ་ཐར་གྱི་བདག་ཉིད་ཅན་ནོ། །དབུས་ནི་དེའི་དབུས་ཏེ་གཏོགས་པར་
ནི་ཁོར་ཡུག་སྟེ་ཉེ་བར་བསྡུ་བ་ཟླ་བར་འཁོར་ལོའི་སྦྱོར་བས་གཞལ་ཡས་ཁང་ངོ་། །དེའི་དཀྱིལ་དུ་རེ་ཕ་ལས་ཉི་མའི་དཀྱིལ་འཁོར་འོད་ཟེར་རྣོ་བ་དང་བཅས་པའི་མཆོག་བསམ་པར་བྱའོ། །གནས་དེར་ཞེས་བྱ་བ་ནི་དཀྱིལ་དུའོ། །དེས་ས་བོན་གྱི་ཡི་གེ་ལས་རྡོ་རྗེ་རྩེ་ལྔ་པ་ནི་ནོར་བུའི་མདངས་ལ་

རབ་ཏུ་འཁྲུགས་པའི་འོད་ཟེར་ཅན་བསྒོམ་པར་བྱའོ། །དེའི་སྟེང་དུ་ཞེས་བྱ་བ་ནི་ལྟེ་བ་ལ་སྟེ་གནས་པ་ནི་ཉི་མའོ། །དགོས་པ་ནི་མདོག་ནག་པོ་ལས་འཕྲོས་ཤིང་འདུས་པ་ལས་ཤིན་ཏུ་འཇིགས་སུ་རུང་བའི་སྐུ་ཞལ་གསུམ་པ་གཡས་དང་གཡོན་ནི་དཀར་བ་དང་དམར་བ། ཕྱག་དྲུག་
པའི་དང་པོའི་ཕྱག་ཏུ་རྡོ་རྗེ་རྩེ་ལྔ་པ་རྣམ་པར་བསྒོམ་པར་བྱའོ། །གཞན་ནི་ཞེས་བྱ་བ་ནི་རལ་གྲི་དང་གྲི་གུག་དང་འཁོར་ལོ་དང་པདྨ་དང་ཐོད་པའི་མཚན་མ་སྟེ་ཕྱག་གཞན་དག་ལ་ཞེས་བྱ་སྟེ་ལྔ་ཡོངས་སུ་གང་བར་དགོད་དོ། །ཤར་དུ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །སྦྱོར་བ་ནི་ཟླ་
བ་སྟེ་དེའི་དཀྱིལ་དུ་སངས་རྒྱས་མཁའ་འགྲོ་མའོ། །རིམ་པ་ཞེས་བྱ་བ་ནི་མཁའ་འགྲོ་མ་ལྔ་པོ་དཀྱིལ་འཁོར་གྱི་དབུས་སུ་སྟེ། འདིས་ནི་དཀྱིལ་འཁོར་རིམ་པ་གཉིས་སུ་ཤེས་པར་བྱའོ། །དཀྱིལ་འཁོར་ནི་རྩ་བའི་དཀྱིལ་འཁོར་ལ་སྣ་ཚོགས་རྡོ་རྗེ་རྒྱ་གྲམ་མེད་པར་བྱས་པ་ཀ་བ་བརྒྱད་
ཀྱི་ཁྱད་པར་ཅན་ནོ། །དེ་ཡང་བཤད་པའི་རྒྱུད་ལས། མཁའ་འགྲོ་མ་ཡི་དཀྱིལ་འཁོར་མཆོག །ཀ་བ་བརྒྱད་ཀྱིས་མཛེས་བྱས་པ། །རྡོ་རྗེ་རིན་ཆེན་པདྨ་དང་། །རལ་གྲི་རང་བཞིན་ཀ་ཆེན་པོ། །ཞེས་འབྱུང་བ་བཞིན་ནོ། །མེ་ལ་སོགས་པ་ནི་བདེན་བྲལ་དང་རླུང་ལྷ་དང་དབང་ལྡན་གྱི་མཚམས་
བཞི་རུའོ། །ལྷ་མོ་ནི་ལཱ་སྱེ་མ་དཀར་མོ་སྒེག་པའི་ཚུལ་དང་། ཕྲེང་བ་མ་སེར་མོ་ཕྲེང་བ་འཛིན་པའི་ཚུལ་དང་། གླུ་དབྱངས་མ་དམར་མོ་པི་ཝང་འདྲེན་པའི་ཚུལ་དང་། གར་མ་སྔོ་བསངས་གར་བྱེད་པའི་ཚུལ་དེ་བསྒོམ་པར་བྱ་བ་ཡང་ཕྱག་གཉིས་པ་ཞལ་གཅིག་པ་གཡས་པ་
བསྐུམ་ཞིང་གཡོན་བརྐྱང་བ་རིན་པོ་ཆེའི་ཕྲེང་བ་དོ་ཤལ་དུ་འཛིན་པ་ཅུང་ཞིག་ཁྲོས་པའི་ཚུལ་ཅན་ནོ། །ལས་ཀྱི་ཆོ་ག་ནི་བསྙེན་པ་དང་སྒྲུབ་པ་སྟེ། མཐོང་བ་ནི་མཁས་ཤིང་ངེས་པར་སྦྱངས་པ་དེས་སོ། །དེར་ནི་ཞེས་བྱ་བ་དཀྱིལ་འཁོར་གྱི་ཤར་ལ་སོགས་པ་རྣམས་སུའོ། །སྒོ་སྐྱོང་ནི་ལས་
བྱེད་ཅིང་བགེགས་སྲུང་བར་བྱེད་པས་སོ། །དེ་ཡང་ཐོ་བ་ལ་སོགས་ཏེ་སྔར་བཞིན་ནོ། །དེ་དག་ལ་བྱིན་གྱིས་བརླབ་པ་དང་དབང་དང་། དགུག་པར་བྱས་ལ་མཆོད་པ་དང་བསྟོད་པ་དང་བདུད་རྩི་མྱང་བ་ཡང་བྱའོ། །དེ་ནས་སྤྲོ་བ་དང་བསྡུ་བ་སྔོན་དུ་འགྲོ་བས་བཟླས་པ་བྱ་སྟེ། །ཨོཾ་བཛྲ་ཌཱ་ཀི་ནཱི་ཞེས་

བྱ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་མཁའ་འགྲོ་མའི་སྔགས་སོ། །ཨོཾ་ཀརྨ་ཌཱ་ཀི་ནཱི་ཞེས་བྱ་བ་ནི་བཅོམ་ལྡན་འདས་ལས་ཀྱི་མཁའ་འགྲོ་མའི་སྔགས་སོ། །ཨོཾ་པདྨ་ཌཱ་ཀི་ནཱི་ཞེས་བྱ་བ་ནི་བཅོམ་ལྡན་འདས་པདྨ་མཁའ་འགྲོ་མའི་སྔགས་སོ། །ཨོཾ་བུདྡྷ་ཌཱ་ཀི་ནཱི་ཞེས་བྱ་བ་ནི་བཅོམ་ལྡན་འདས་སངས་
རྒྱས་མཁའ་འགྲོ་མའི་སྔགས་སོ། །ཨོཾ་རཏྣ་ཌཱ་ཀི་ནཱི་ཞེས་བྱ་བ་ནི་བཅོམ་ལྡན་འདས་རིན་ཆེན་མཁའ་འགྲོ་མའི་སྔགས་སོ། །ལཾ་མཾ་ནཾ་གཾ་ཞེས་བྱ་བ་ནི་མཚམས་ཀྱི་ལཱ་སྱེ་ལ་སོགས་པའི་སྔགས་སོ། །ཨོཾ་མུངྒ་ར་ཛཿ ཨོཾ་དྷ་ན་དྷ་ཧཱུཾ། ཨོཾ་པདྨ་བཾ། ཨོཾ་ཁདྒ་ཧོཿཞེས་པ་ནི་ཐོ་བ་ལ་སོགས་
པ་བཞིའི་སྔགས་སོ། །འདི་དག་ནི་སྔོན་དུ་བསྙེན་པའི་ཆོ་ག་སྟེ། ལེའུ་བཅུ་གཉིས་པ་ལས་རྒྱ་ཆེར་ཤེས་པར་བྱའོ། །ད་ནི་སྒྲུབ་པ་བརྩམ་པར་བྱ་སྟེ། དགོས་པ་ནི་སྔར་དང་རྗེས་སུ་མཐུན་པ་ཉིད་ལ་གསུངས་པ། དེ་ནི་གསང་སྔགས་ཀྱི་དངོས་གྲུབ་འབྱུང་བར་འགྱུར་ཏེ་ཞེས་བྱ་བ་ལ།
གསང་སྔགས་ནི་སྙིང་པོ་ཉེ་བར་ལེན་པའོ། །དངོས་གྲུབ་ནི་ཤེས་རབ་ཀྱི་མཐུ་ཐོབ་པའོ། །དེ་དག་གི་སྦྱོར་བ་ཐོགས་པ་མེད་པར་བྱེད་པ་འདི་དག་སྟེ། ཨོཾ་ཨ་ཀ་ཤ་ཙ་ར་ཌཱ་ཀི་ནཱི་སྭཱ་ཧཱ། ཞེས་ཁྲི་དང་ལྡན་པ་དག་གིས་འགྲུབ་པར་འགྱུར་རོ། །དེའི་ཉེ་བར་ལེན་པ་སྒྲུབ་པའི་ལས་ཀྱང་ག་
བུར་དང་གུར་གུམ་དང་ཛཱ་ཏི་ཕ་ལ་དང་། བྱང་ཆུབ་ཀྱི་ཤིང་གི་མེ་ཏོག་རྣམས་ལ་མངོན་པར་བསྔགས་ཏེ་མཆོད་པ་དང་བཏུང་བ་དང་བྱུག་པ་བྱའོ། །བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་སྣང་བ་རབ་ཏུ་བྱིན་གྱིས་བརླབས་ཏེ་ཨུཏྤལ་སྔོན་པོའི་དབྱིབས་སུ་བལྟ་བར་བྱའོ། །དེས་
གང་དང་གང་ཐོས་པ་དེ་དག་ཐམས་ཅད་ཀྱང་ཚིག་གི་གཟུངས་དང་། དོན་གྱི་གཟུངས་དང་། མི་བརྗེད་པའི་གཟུངས་དང་ལྡན་པར་འགྱུར་རོ། །ད་ནི་རྡོ་རྗེ་ས་འོག་གི་དངོས་གྲུབ་སྒྲུབ་པའི་ཕྱིར་གསུངས་པ། ས་འོག་རྣམ་པར་སྒྲུབ་དོན་དུ། །གནོད་མཛེས་རྣམ་པར་བསྒོམ་པར་བྱ།
ཞེས་པ་ལ་རྡོ་རྗེ་ནི་ནུས་པ་རྗེས་སུ་གནས་པའོ། །ས་འོག་ནི་ས་འོག་གི་གཏེར་རོ། །དེ་མཐོང་ཞིང་ཐོབ་པར་བྱ་བའི་དོན་དུ་རབ་ཏུ་གྲུབ་པའི་འཁོར་ལོ་རྡོ་རྗེ་གནོད་མཛེས་ལ་སོགས་པ་བསྒོམ་པར་བྱའོ། །དེ་ཡང་སྔོན་དུ་ཚོགས་བསགས་པ་དང་སྟོང་པ་ཉིད་དང་སྲུང་བའི་མཚམས་ཀྱི་འཁོར་ལོའི་

རྗེས་ལ་དེའི་ནང་དུ་གཞལ་ཡས་ཁང་ཉི་མ་དང་བཅས་པ་སྤྲུལ་ཏེ། དེའི་དཀྱིལ་དུ་ཧྲཱི་ལས་བསྐྱེད་པའི་རྡོ་རྗེ་ཡོངས་སུ་གྱུར་པ་ལས་ཁྲོ་བོ་གནོད་མཛེས་སྐུ་མདོག་ཐམས་ཅད་སྔོ་བ་གཡས་དང་གཡོན་གྱི་ཞལ་དཀར་བ་དང་དམར་བ་ཕྱག་དྲུག་པ་རབ་ཏུ་འཇིགས་པའི་ཕྱག་ཏུ་གཏུན་ཤིང་དང་
རལ་གྲི་དང་འཁོར་ལོ་དང་། ཆུ་སྐྱེས་དང་གྲི་གུག་དང་ཐོད་པ་དགོད་པར་བྱའོ། །དཀྱིལ་འཁོར་གྱི་ནི་ཞེས་བྱ་བ་ནི་ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས་པ་སྔ་མ་བཞིན་ནོ། །དཀྱིལ་དུ་ཞེས་བྱ་བ་ནི་དཀྱིལ་ནི་ཉི་མ་ལའོ། །འདི་ནི་རབ་ཏུ་དགོད་པར་བྱ། །ཞེས་བྱ་བ་ནི་གནོད་མཛེས་སོ། །ཕྱོགས་བཞི་སྔགས་ཀྱི་ས་བོན་གྱི་
ཡི་གེ་ལས། ཤར་དུ་སྤྱན་མ་དགོད་པར་བྱ། །དེ་བཞིན་ལྷོ་རུ་མཱ་མ་ཀཱི། །ནུབ་ཏུ་ལྷ་མོ་གོས་དཀར་མོ། །སྒྲོལ་མ་བྱང་གི་ཕྱོགས་སུ་དགོད། །ཅེས་བྱ་བ་ལ་ཤར་ནི་ཤར་གྱི་ཟླ་བ་ལའོ། །སྤྱན་མ་ནི་ཞལ་གསུམ་ཕྱག་དྲུག་མདོག་དཀར་བ་དགོད་པར་བྱ་སྟེ་ཞལ་གཡས་པ་དང་གཡོན་པ་ནི་སྔོ་བ་དང་དམར་
བ་དང་། ཕྱག་མཚན་ནི་རལ་གྲི་དང་རིན་པོ་ཆེ་དང་པདྨ་འཛིན་པའོ། །དེ་བཞིན་ལྷོ་རུ་མཱ་མ་ཀཱི་ཞལ་གསུམ་ཕྱག་དྲུག་པ་མདོག་སྔོ་བ་སྟེ། ཞལ་གཡས་པ་དང་གཡོན་པ་དཀར་བ་དང་དམར་བ། ཕྱག་མཚན་ནི་རྡོ་རྗེ་དང་རལ་གྲི་དང་རིན་པོ་ཆེ་དང་པདྨ་བསྣམས་པའོ། །ནུབ་ཏུ་ལྷ་མོ་གོས་དཀར་མོ་ཞལ་གསུམ་
པ་ཕྱག་དྲུག་པ་དམར་བ་གཡས་པ་དང་གཡོན་པ་སྔོ་བ་དང་དཀར་བ། ཕྱག་མཚན་ནི་པདྨ་དང་རལ་གྲི་དང་འཁོར་ལོ་དང་ནོར་བུ་བསྣམས་པའོ། །སྒྲོལ་མ་ནི་བྱང་གི་ཕྱོགས་སུ་དགོད་པར་བྱ་སྟེ་ཞལ་གསུམ་ཕྱག་དྲུག་མདོག་སྔོ་བསངས་ཞལ་གཡས་པ་དང་གཡོན་པ་དམར་བ་དང་དཀར་བ། ཕྱག་མཚན་ནི་རལ་
གྲི་དང་འཁོར་ལོ་དང་ནོར་བུ་དང་པདྨ་བསྣམས་པའོ། །རྩ་བའི་ཕྱག་གྲི་གུག་དང་ཐོད་པས་ཐུགས་ལ་རབ་ཏུ་འཁྱུད་པའི་ཚུལ་ལོ། །དེ་དག་ཐམས་ཅད་ཀྱི་ཞབས་ཀྱང་གཡས་བསྐུམ་ཞིང་གཡོན་བརྐྱང་བ། ཁྲོ་བོ་དང་བཅས་པའི་ཁྲོ་བོའི་རྒྱན་གྱིས་རབ་ཏུ་སྤྲས་པ་སྤྱན་དགུ་རྣམ་པར་བཟློག་ཅིང་བལྟ་བ་མཆེ་བ་བཅུ་
གཉིས་ཀྱི་ཕྲེང་བ་རབ་ཏུ་གཙིགས་པའོ། །མེ་ཏོག་དང་སྤོས་དང་དྲི་དང་མར་མེ་མ་བཞི་ནི་མེ་ལ་སོགས་པ་ཞེས་བྱ་སྟེ་བདེན་བྲལ་དང་རླུང་དང་དབང་ལྡན་མཚམས་སུ་དགོད་དོ། །དེ་ཡང་སྔར་གྱི་ས་བོན་ལས་བསྐྱེད་པའི་ལྷ་མོ་ཞལ་གཅིག་ཕྱག་གཉིས་པ་མདོག་དཀར་བ་དང་དམར་བ་དང་ལྗང་གུའི་མདོག་ཅན་ནོ། །

མེ་ཏོག་དཀར་པོའི་ཕྲེང་བ་དང་སྤོས་ཀྱི་སྣོད་དང་། མར་མེ་དང་། དྲིའི་དུང་ཕོར་ལག་ན་ཐོགས་པ་གཙོ་བོ་ལ་མངོན་པར་ཕྱོགས་པའོ། །ཐོ་བ་ལ་སོགས་པ་ཞེས་བྱ་བ་ནི་དབྱུག་པ་དང་པདྨ་དང་རལ་གྲི་གཤིན་རྗེ་གཤེད་བཞི་སྒོ་བཞི་རུ་དགོད་པར་བྱ་སྟེ། ཞལ་གསུམ་ཕྱག་དྲུག་པའི་ཁྲོ་བོ་སྦྲུལ་གྱི་རྒྱན་དང་སྐ་
རགས་བྱས་པ་ཡ་ཙ་ནི་ར་བཞི་ལས་བསྐྱེད་པའི་སྐུ་ནི་ལས་ཀྱི་ཆོ་ག་མཐོང་ནས་དཀྱིལ་འཁོར་གྱི་འཁོར་ལོ་འདི་ལྟར་བསྒོམ་པར་བྱའོ། །སྔགས་གོང་ནས་འབྱུང་བ་ཉིད་ཀྱིས་བསྙེན་པ་འབུམ་བྱས་ནས་རྡོ་རྗེ་ས་འོག་གི་སྦྱོར་བ་རྣམ་པ་དེ་དག་ལ་ངེས་པར་ལྡན་པས་བཅོམ་ལྡན་འདས་ཀྱིས་རྨི་ལམ་གྱི་མཚན་
མར་ས་འོག་གི་གཏེར་དང་བསྒྲུབ་པའི་ལམ་མཐོང་བར་འགྱུར་རོ། །རྨི་ལམ་དང་རྗེས་སུ་མཐུན་པར་རྡོ་རྗེ་ས་འོག་གི་རྣལ་འབྱོར་པ་དེར་འཇུག་པར་བྱའོ། །ད་ནི་མཁའ་སྤྱོད་ཀྱི་དངོས་གྲུབ་བསྒྲུབ་པ་གསུངས་པ། དེ་ནས་ཡང་དག་བཤད་བྱ་བ། །བདུན་པའི་རྒྱལ་པོའི་དཀྱིལ་འཁོར་དེ། །མཁའ་
སྤྱོད་ཉིད་ནི་རབ་བསྒྲུབ་ཕྱིར། །རྟ་ཡི་མཆོག་ནི་རབ་ཏུ་བསྒྲུབ། །ཅེས་པ་ལ་བདུན་པ་ནི་རྟ་སྟེ། དེས་འདུལ་བའི་གདུལ་བྱ་རྣམས་ཀྱི་རྒྱུད་ལ་རྒྱལ་པོ་ལྟ་བུར་གནས་པས་ན་རྒྱལ་པོའོ། །དཀྱིལ་འཁོར་ཞེས་བྱ་བ་ནི་རྟེན་གྱི་དཀྱིལ་འཁོར་ཏེ་སྔོན་དུ་འགྲོ་བ་དང་བཅས་པས་སྔ་མ་བཞིན་ནོ། །དེ་ལ་བརྟེན་
པའི་ཁྱད་པར་བསྒོམ་པ་ནི་དགོངས་པའི་མཁའ་སྤྱོད་ཅེས་བྱ་སྟེ། ཁམས་གསུམ་གྱི་ནམ་མཁའ་ལ་རྒྱུ་ཞིང་ཇི་ལྟར་འདོད་པ་དག་ཏུ་བྱེད་དོ། །དེ་ཉིད་རབ་ཏུ་བསྒྲུབ་པའི་ཕྱིར་རྟའི་མཆོག་རབ་ཏུ་བསྒྲུབ་པར་བྱ་སྟེ། དེའི་ཁྱད་པར་ཡང་ཉི་མའི་སྟེང་དུ་ཧྲཱིཿལས་སྐྱེས་པའི་མོན་སྲན་གྲེའུ་ཡོངས་སུ་གྱུར་པ་ལས་
ཕྱག་གཉིས་པ་ཞལ་གཅིག་པ་སྐུ་མདོག་ཐམས་ཅད་ལྗང་གུ་རབ་ཏུ་འཇིགས་པར་བྱེད་པའི་སྟངས་ཅན་ཉི་མའི་སྟེང་དུ་གནས་པ་རྟའི་གདོང་པ་རྔོག་མ་སེར་པོས་རབ་ཏུ་མཛེས་པ། གཡས་པ་ན་མོན་སྲན་གྲེའུ་རྩ་བ་དང་བཅས་པ་ཁུ་ཚུར་གྱིས་བཅངས་པ། ཕྱག་གཡོན་ན་ཐོད་པ་ཐོགས་པའོ། །སྔགས་ནི་
ཨོཾ་ལ་སོགས་པའི་འབྲུ་བདུན་པ་དག་ལས་ཧཱུཾ་ཕཊ་སྭཱ་ཧཱ། ལེགས་པར་བཏགས་ཏེ་མན་ངག་ལ་མཁས་པས་བཟླས་ན་རྟ་མཆོག་གི་རྒྱལ་པོར་གྲགས་ཤིང་ཉི་མ་ལྟར་ནམ་མཁའ་ལ་དབང་བར་འགྱུར་རོ། །སྔགས་འདིས་ནི་ཞེས་བྱ་བ་ནི་ཧྲཱིཿསྟེ། ཐམས་ཅད་དུ་ཞེས་བྱ་བ་ནི་ལྷའི་ཚོགས་སོ། །

གཤེགས་སུ་གསོལ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་ཐུགས་ཀ་ནས་ཕྱུང་བ་སྟེ་འཁོར་རྣམས་རང་གི་ཐུགས་ཀ་ནས་སྤྲུལ་ཞེས་བྱ་བར་རབ་ཏུ་གྲགས་སོ། །དེ་ཡང་གོང་གི་སྔགས་ཀྱིས་རབ་ཏུ་བསྐུལ་བའི་རྗེས་ལ་སྨྱུག་མའི་གླིང་བུ་ནི་བུག་པ་བདུན་པ་ཉིད་དོ། །པི་ཝང་ནི་གཞུ་རྒྱུད་དང་བཅས་
པའོ། །རྔ་ཟླུམ་ནི་ཁོག་པ་གཅིག་གི་སྟེང་འོག་ཡོངས་སུ་དྲིལ་བའོ། །རྔ་བྲན་ནི་པ་ཧྲ་ཧ་ཆེན་པོ་སྟེ་རྔ་བོ་ཆེའི་དབྱིབས་ཅན་ལ་རྐེད་པ་ཅུང་ཟད་ཕྲ་བ་རྔ་མའི་སྐུད་པས་སྦྲེལ་བ་ལུས་ཀྱི་གཡོན་ཕྱོགས་སུ་འཕྱང་སྟེ་སྟེང་ནས་བརྡུང་བ་དེ་དག་གོ། །མཚམས་ཞེས་བྱ་བ་ནི་མེ་ལ་སོགས་པ་བཞིར་ཡིད་ཀྱིས་གཞག་པའོ། །
བ་གླང་སྣ་དང་གླང་པོ་ཆེའི་སྣ་ཞེས་བྱ་བ་ནི་དེ་ཉིད་ཀྱི་གདོང་པ་ཅན་ནོ། །དེ་བཞིན་མདོག་བཟང་ཞེས་བྱ་བ་ནི་རབ་ཏུ་ཞི་བའི་མདངས་རབ་ཏུ་རྒྱས་པའི་ཞལ་ལོ། །མདོག་ངན་ནི་ཁྲོས་པའི་བཞིན་རབ་ཏུ་བསྡུས་པའོ། །གཡས་ཀྱི་ཕྱག་རྣམས་སུ་གཏུན་ཤིང་དང་སྟ་རེ་དང་ལྕགས་ཀྱུ་དང་ཞགས་པའོ། །གར་ལ་
སོགས་པ་གཡས་བསྐུམ་ཞིང་གཡོན་བརྐྱང་བའོ། །རྣལ་འབྱོར་གྱི་ཞེས་བྱ་བ་ནི་རྣལ་འབྱོར་གྱི་བློའི་ཡུལ་གྱིས་སོ། །གནས་ནི་སྒོ་བཞི་རུའོ། །རྟག་ཏུ་བསྒོམ་པ་ཞེས་བྱ་བ་ནི་བསྒྲུབ་བྱ་ཡོངས་སུ་མ་ཐོབ་པའི་བར་དེ་སྲིད་དུའོ། །མོན་སྲན་གྲེའུ་སྔོ་བསངས་ཕྱག་གཡོན་པར་བསྒོམ་པར་བྱའོ། །རང་གི་ཕྱག་མཚན་
གོང་དུ་བཤད་པ་དེ་བཞིན་དུ་གཡས་སུའོ། །སྒྲུབ་པ་དེ་དག་གི་ཁྱད་པར་གྱི་འབྲས་བུ་ཅི་ཞེ་ན། ཇི་ལྟར་རྟ་མཆོག་སྔགས་ཀྱིས་ནི། །རྡོ་རྗེ་ས་འོག་གི་ཡང་སྟེ། །རྟ་མཆོག་རྣལ་འབྱོར་ཉིད་ཀྱིས་ནི། །ཁམས་གསུམ་ནམ་མཁའི་ཁམས་སུ་རྒྱུ། །ཞེས་བྱ་བ་ལ་རྟ་མཆོག་གི་སྔགས་ནི་བསྐྱེད་པ་དང་བཟླས་
པའི་སྔགས་སོ། །བསྐྱེད་པ་ནི་ས་འོག་གི་དཀྱིལ་འཁོར་དང་རིང་པོའི་ཐོས་པ་བསྒྲུབ་པ་དག་ཀྱང་ཧྲཱིཿའི་ས་བོན་ལས་སྤྲུལ་པ་དང་། ཡང་ན་ས་འོག་དང་མཁའ་སྤྱོད་གཉིས་ཀྱི་ཡི་གེ་བདུན་པའི་སྔགས་ཀྱིས་བསྒྲུབ་པའོ། །རྟ་མཆོག་ནི་བསྒྲུབ་པར་བྱ་སྟེ་རྣལ་འབྱོར་སྒྲུབ་པ་བྱེད་པ་རྩེ་གཅིག་པའི་ཡིད་ཀྱིས་སོ། །
ཁམས་གསུམ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་སོ། །ནམ་མཁའི་ནི་སྲིད་པའི་རྩེ་མོ་མཐར་ཐུག་པའི་བར་རོ། །ཁམས་གསུམ་རྒྱུ་བ་ནི་ཐོགས་པ་མེད་པར་དབང་དུ་བྱས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེ་གཤེད་ནག་པོའི་རྒྱུད་ནི་བཤད་ཟིན་ཏོ། །

བཤད་པ་ནི་ཐུན་མོང་གི་དངོས་གྲུབ་སྟེ། ངེས་པར་བསྟན་པ་ནི་ལས་ཀྱི་ཆོ་ག་མ་ལུས་པར་བསྟན་པས་སླུ་བ་མེད་པའི་དོན་ཏོ། །བཅུ་གསུམ་པ་ནི་བཅུ་གཉིས་པས་གཞག་པའོ། །ནག་པོ་ཞབས་ཀྱིས་བཤད་པའི་ལེའུ་བཅུ་གསུམ་པ་རྒྱ་ཆེར་གསལ་བར་བྱས་པའོ།། །།ད་ནི་སྔོན་དུ་བསྙེན་པར་
རྫོགས་པ་དག་གིས་སའི་ཆོ་ག་དང་སྟ་གོན་དུ་གནས་པ་ཡོངས་སུ་རྫོགས་པའི་རྗེས་ལ། སྲད་བུ་མངོན་པར་བསྔགས་པའི་སྔགས་གསུངས་པ། དེ་ལ་འདི་ནི་སྲད་བུ་རྐྱོང་བའི་དམ་ཚིག་གི་མཆོག་སྟེ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱ་ཨ་དྱཱ་ནུཏྤན་ན་ཏྭཱཏ་ཅེས་བྱ་བ་ལ། སྲད་བུ་ནི་ཡེ་ཤེས་ཀྱི་སྲད་བུ་སྟེ་ཉི་ཤུ་རྩ་ལྔའི་བྱེ་བྲག་
ལྔ་ལྔའི་བསྒྲིལ་བ་ལྔའོ། །དེ་ལྟར་དབྱེ་བ་བྱས་པའི་དོག་པ་ལྔ་བསང་བར་བྱས་པའི་རྗེས་ལ་ས་བོན་བྱིན་གྱིས་བརླབ་པ་སྟེ། ཡེ་ཤེས་ཀྱི་སྒྲ་ལྔས་སྤྱན་དྲངས་ནས་གཉིས་སུ་མེད་པར་གྱུར་པ་རྡོ་རྗེའི་ཐིག་སྟེ། ཕུན་སུམ་ཚོགས་པ་དེ་དག་བྱིན་གྱི་རླབས་ཀྱི་ནུས་པས་སེམས་ཅན་བསྡུ་ཞིང་རྒྱུད་སྨིན་པར་བྱས་པ་ལས་
མི་འདའ་བར་བྱ་བའི་ཕྱིར་དམ་ཚིག་གི་མཆོག་སྟེ། རྡོ་རྗེ་ལས་ཀྱི་ཛ་ཞེས་བསྐུལ་བས་དྲང་བར་བྱའོ། །སྔགས་འདིས་ནི་ལུས་བྱིན་གྱིས་བརླབས་པའི་དཀྱིལ་འཁོར་དང་། མ་རིག་པ་བསལ་བའི་དཀྱིལ་འཁོར་དང་། བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར་གསུམ་གྱི་སྤེལ་བ་ནི་དེ་ཁོ་ན་ཉིད་གསུམ་གྱིས་སྤེལ་བ་
ཡིན་པར་ཤེས་པར་བྱའོ། །དེ་ཡང་ཨ་ནི་སྐྱེ་བ་མེད་པ་སྟེ། ཨ་ཀཱ་རོ་མུ་ཁཾ་ནི་དེ་ལས་སྐྱེས་པའི་ཞལ་དང་མདོག་ཅན་ནོ། །སརྦ་ནི་ཐམས་ཅད་དེ་དྷརྨཱ་ནི་ཆོས་སོ། །ཎཱཾ་ནི་གནས་ཏེ་འབྱུང་གནས་སུ་ཤེས་པར་བྱའོ། །ཨ་དྱཱ་ནི་འཕགས་པ་སྟེ། ནུཏྤན་ནི་རྟོགས་པའི་གནས་ལུགས་སོ། །ན་ནི་རང་སྟེ་ཉམས་སུ་
མྱོང་བའོ། །ཏྭཱཏ་ནི་དེ་ཁོ་ན་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་ཏེ་དེ་ལྟར་ལྷའི་སྐུའི་དེ་ཁོ་ན་ཉིད་དང་། གསུང་གི་དེ་ཁོ་ན་ཉིད་དང་། ཐུགས་ཀྱི་དེ་ཁོ་ན་ཉིད་ཀྱི་ནུས་པ་བཅོམ་ལྡན་འདས་ཀྱིས་དེ་ཁོ་ན་ཉིད་ཀྱིས་བྱིན་གྱིས་བརླབ་པའོ། །སློབ་དཔོན་དང་སློབ་མའི་རྗེས་སུ་མཐུན་པའི་ཏིང་ངེ་འཛིན་ཡང་། དཔལ་ལྡན་
གཤིན་རྗེ་གཤེད་བསྒོམས་པས། །སློབ་མ་རྣམ་སྣང་མཛད་དུ་བསྒོམ། །ཡེ་ཤེས་ཐིག་མཆོག་རྩེ་མོའི་རྩེ། །ཤིན་ཏུ་མཉམ་པར་གཞག་པས་གདབ། །ཅེས་བྱ་བ་ལ་གཤིན་རྗེ་གཤེད་ཀྱི་སློབ་དཔོན་གྱིས་བསྒོམ་པར་བྱའོ། །སློབ་མས་བསྒོམ་པར་བྱ་བ་ནི་རྣམ་པར་སྣང་མཛད་གཏི་མུག་རྡོ་རྗེ་སྟེ་

ཡེ་ཤེས་ནི་ཡཀྵེ་མ་མེ་དྷའི་ས་བོན་ལས་བྱུང་བའོ། །ཐིག་མཆོག་ནི་དྲི་ཞིམ་པ་རྣམ་པ་ལྔ་དང་ཁྱད་པར་གྱི་རྫས་བདུད་རྩི་རྣམ་པ་ལྔ་བྱུགས་པའོ། །རྩེ་མོ་ནི་ཡེ་ཤེས་ཀྱི་ཐིག་སྟེ་རྩེ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་འཁོར་ལོས་བྱིན་གྱིས་བརླབས་ནས་སོ། །ཤིན་ཏུ་མཉམ་པར་བཞག་ནས་ཞེས་
བྱ་བ་ནི་ཕྱོགས་དང་ས་ལ་མཁས་པས་འདེབས་པའི་དུས་སུ་ཕྱོགས་དང་ས་ཐམས་ཅད་མཉམ་པར་བྱའོ། །གདབ་པ་ནི་ཐིག་གི་བྱེ་བྲག་གིས་ནམ་མཁའ་དང་ས་ལ་གདབ་པར་བྱའོ། །དེ་ལ་འདི་ནི་དཀྱིལ་འཁོར་དུ་འཇུག་པའི་དམ་ཚིག་གོ། །ཨོཾ་ཨཱཿཧཱུཾ། ཞེས་བྱ་བ་ལ་དེ་ལ་ནི་སློབ་མ་སྟེ་
གོན་དུ་གནས་པའི་ཆོ་ག་ཡོངས་སུ་རྫོགས་ནས་སོ། །འདི་ནི་ཞེས་བྱ་བ་ནི་འོག་ནས་འབྱུང་བའི་བྱ་བ་རྣམས་སོ། །དཀྱིལ་འཁོར་ཆེན་པོ་ནི་རྩ་བའི་དཀྱིལ་འཁོར་རོ། །འཇུག་པ་ནི་སློབ་མ་སྟེ་ལུས་ངག་ཡིད་གསུམ་བག་མེད་པས་འདའ་བར་མི་བྱ་བས་ན་དམ་ཚིག་གོ། །དེ་ཉིད་བག་དང་
ལྡན་པའི་བརྡའི་དོན་དུ་ཨོཾ་ནི་ལུས་ཚད་ལས་མི་འདའ་བ་དང་ལུས་བྱིན་གྱིས་བརླབ་པ་འདི་ཉིད་དོ། །ཨཱཿནི་ངག་ཚད་ལས་མི་འདའ་བ་དང་ངག་གི་དམ་ཚིག་གོ། །ཧཱུཾ་ནི་ཡིད་ཚད་ལས་མི་འདའ་ཞིང་ཡིད་བྱིན་གྱིས་བརླབ་པའི་དེ་ཉིད་དོ། །དེ་ལྟར་ཡི་གེ་གསུམ་བདག་སློབ་མ་དཀྱིལ་
འཁོར་དུ་འཇུག་པ་དང་། །དཀྱིལ་འཁོར་བྲི་བའི་དུས་གཉིས་ཀར་བཟླས་པ་བྱ་སྟེ། འདི་དག་གིས་བྱིན་གྱིས་བརླབས་པའི་རེ་ཁཱ་དང་ཐིག་ལ་ནང་དུ་འཇུག་པ་དང་། ཕྱིར་དབྱུང་བས་འགོང་བའི་ཉེས་པ་ཟད་པར་བྱས་སོ། །ད་ནི་ཐིག་སྐུད་ཀྱི་ཁྱད་པར་གསུངས་པ། །དཀྱིལ་འཁོར་
ཉིས་འགྱུར་རིང་བར་བྱ། །དེར་ནི་སྒོ་ཡི་ཉི་ཤུ་ཚད། །བ་ཡི་རྣམ་ལྔས་མཉམ་བྱུགས་པའི། །སྐུད་པ་སངས་རྒྱས་ཀྱིས་རབ་བརྟགས། །ཞེས་བྱ་བ་ལ་ཐིག་སྐུད་དཀྱིལ་འཁོར་གྱི་ཉིས་འགྱུར་དུ་རིང་བའི་བརྡ་ནི་ཕྱི་དང་ནང་གི་དཀྱིལ་འཁོར་ལ་ཉེ་བར་དགོངས་པ་ཡིན་ནོ། །སྦོམ་ཕྲ་སྒོའི་ཉིས་འགྱུར་ཚད་དུ་
བྱ་བ་ནི་ཚོན་རྣམ་པ་ལྔ་ལ་ཉེ་བར་དགོངས་པ་ཡིན་ནོ། །བའི་རྣམ་པ་ལྔའི་ནི་ལྕི་བ་དང་གཅིན་དང་འོ་མ་དང་ཞོ་དང་མར་ཏེ། སྙོམས་པར་བྱུགས་ཤིང་སྐྱང་ནུལ་བྱས་པའི་ས་གཞི་ལ་གདབ་པར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཐབས་དང་ཤེས་རབ་གསང་བའི་རྒྱུད་ཐམས་ཅད་དུ་རབ་ཏུ་བསྔགས་སོ། །ད་ནི་

གསང་བ་དང་ཤེས་རབ་ཡེ་ཤེས་ཀྱི་དབང་གི་ཕྱིར་སློབ་མས་གསོལ་བ་གདབ་པ་གསུངས་པ། དེ་ལ་འདི་ནི་རྡོ་རྗེ་ཆེན་པོས་གསོལ་བ་གདབ་པའི་དམ་ཚིག་གོ། །ཨེ་མའོ་སངས་རྒྱས་སློབ་དཔོན་ཆེ། །ཨེ་མའོ་ཆོས་དང་ཚོགས་ཀྱི་གཙོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་
བདག་ལ་སྩོལ། །ཞེས་བྱ་བ་ལ་དེ་ལ་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་འཁོར་ལོ་དང་བཅས་པའི་སློབ་དཔོན་ནོ། །འདི་ནི་ཞེས་བྱ་བ་ནི་འོག་ནས་འབྱུང་བའི་ཚིག་གོ། །རྡོ་རྗེ་ནི་སངས་རྒྱས་ཡེ་ཤེས་ཏེ་ཆེན་པོ་ནི་ཆོས་ཐམས་ཅད་དེའི་བདག་ཉིད་དུ་བྱེད་པའི་བྱང་ཆུབ་ཀྱི་སེམས་སོ། །དེའི་རྩ་བ་ནི་རྡོ་རྗེ་སློབ་
དཔོན་ཡིན་པའི་ཕྱིར་གསོལ་བ་གདབ་པ་སྟེ་དད་པ་ཅན་གུས་པ་དང་འབྲས་བུ་ལ་དམིགས་པ་དང་བརྩེ་བ་ཡོངས་སུ་མི་གཏོང་བ་འདི་ནི་དམ་ཚིག་གོ། །ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་བའི་འབྱུང་བ་སྟེ་གདོལ་པ་མོ་ལས་འཁོར་ལོས་སྒྱུར་པའི་རྒྱལ་པོ་སྐྱེས་པ་བཞིན་ནོ། །སངས་རྒྱས་ནི་བྱིན་གྱིས་བརླབས་
པའི་རང་བཞིན་ཉེ་བར་རྟོགས་པ་དང་། སྨོན་ལམ་ཆེན་པོའི་རྒྱུན་གྱིས་འབྱུང་བ་སྟེ་རྡོ་རྗེ་སློབ་དཔོན་དེའི་ངོ་བོ་ཉིད་ཡིན་པས་ཆེ་བའོ། །ཆོས་ནི་ཞི་བ་མྱ་ངན་ལས་འདས་པ་དང་། ཚོགས་ནི་བྱང་ཆུབ་སེམས་དཔའི་དགེ་འདུན་ཏེ་དེའི་རང་བཞིན་ཡིན་པའི་ཕྱིར་གཙོ་བོ་ཞེས་བྱའོ། །དམ་ཚིག་ནི་སངས་རྒྱས་དང་ཆོས་དང་
དགེ་འདུན་གྱི་དམ་ཚིག་སྟེ། ཤེས་རབ་ཡེ་ཤེས་དང་གསང་བ་དང་བུམ་པ་རྣམས་སྦྱར་བར་བྱའོ། །དེ་ཡང་། སྐད་ཅིག་ཡེ་ཤེས་བདེ་ཡེ་ཤེས། །ཨེ་བཾ་ལ་ནི་རབ་ཏུ་གནས། །ཞེས་པ་དང་། སངས་རྒྱས་ཀུན་གྱི་སྡོམ་པ་ནི། །ཨེ་བཾ་ལ་ནི་རབ་ཏུ་ཞུགས། །ཞེས་བྱ་བ་དང་། གང་ལ་བདེ་གཤེགས་
བཞུགས་པ་དང་། །འཆག་པ་དང་ནི་བཞེངས་པ་དང་། སེང་གེ་ལྟ་བུར་གཟིམས་བརྟགས་པའི། །གནས་དེ་ལ་ནི་བདག་ཕྱག་འཚལ། །ཞེས་བྱ་བས་ཤེས་རབ་ཡེ་ཤེས་ནི་སངས་རྒྱས་ཀྱི་དམ་ཚིག་གོ། །རྗེ་བཙུན་དང་ནི་རྗེ་བཙུན་མ། །སྦྱར་ལས་བཏུང་བ་བྱང་ཆུབ་སེམས། །བསྒྲོད་དང་བསྒྲོད་མིན་
སྤངས་པ་ནི། །འདི་ནི་གཉིས་བྲལ་ཆོས་ཀྱི་མཆོག །ཅེས་བྱ་བས་གསང་བ་ནི་ཆོས་ཀྱི་དམ་ཚིག་གོ། །སྒྲུབ་པོས་རིག་པའི་དབང་བླངས་ནས། །སློབ་དཔོན་དག་གིས་གཞན་སྨིན་བྱེད། །ནུས་པ་བུམ་པའི་དབང་ཐོབ་པ། །སྐྱེས་བུ་འདི་ནི་ཚོགས་ཀྱི་མཆོག །ཅེས་བྱ་བས་བུམ་པའི་དབང་ནི་

དགེ་འདུན་གྱི་དམ་ཚིག་གོ། །དེ་ཉིད་ཅེས་བྱ་བ་ནི་གྲོལ་བར་བྱ་བའི་གོ་རིམས་ཏེ་བསྐྱེད་པའི་རིམ་པ་དང་བདག་བྱིན་གྱིས་བརླབ་པ་དང་རྫོགས་པའི་རྣལ་འབྱོར་རོ། །དེ་ལྟ་བུའི་སྨིན་པ་དང་གྲོལ་བ་བདག་ལ་སྩོལ་ཞེས་བྱའོ། །བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་ནི་བཞི་པ་སྟེ། ཀྱང་ནི་ཉེ་བར་བསྡུ་
བ་སྔ་མ་ལས་ཕྱོགས་པའོ། །དེ་ལྟ་བུའི་བཞི་པ་དམ་ཚིག་དང་བཅས་པ་བདག་ལ་སྩོལ་ཞེས་བྱའོ། །དེ་ལས་ས་སྲུང་བ་ཡན་ཆད་བྱས་པའི་རྗེས་ལས་གཟུང་བ་གསུངས་པ། དེ་ལ་འདི་ནི་ས་ཆེན་པོ་ཡོངས་སུ་གཟུང་བའི་ཆོ་ག་སྟེ་རྡོ་རྗེ་ས་མའི་ལྷ་མོ་བཀུག་ལ། ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །སྐྱོབ་པ་སངས་
རྒྱས་ཐམས་ཅད་ཀྱི། །སྤྱོད་པ་ཡི་ནི་ཁྱད་པར་དང་། །ས་དང་ཕ་རོལ་ཕྱིན་པ་ལའོ། །ཞེས་བྱ་བ་ལ་ས་ཆེན་པོ་ནི་བྱིན་གྱིས་བརླབས་པའི་སའོ། །ཡོངས་སུ་གཟུང་བ་ནི་སའི་བདག་པོས་ཡོངས་སུ་གཟུང་བའོ། །ཆོ་ག་ནི་དཀྱིལ་འཁོར་གྱི་ནུབ་ཕྱོགས་སུ་དཀྱིལ་འཁོར་དང་ཉེ་བར་གནས་
པའི་མཆོད་པའོ། །རྡོ་རྗེ་ས་མ་ནི་སའི་ལྷ་མོ་སྟེ་རབ་ཏུ་མཛེས་ཤིང་རྒྱས་པ་གསེར་གྱི་མདོག་ཅན་ནོ། །བཀུག་ལ་ཞེས་བྱ་བ་ནི་ལུས་ཀྱི་ཕྱེད་ཆུང་ངུ་གནས་པ་ཡོངས་སུ་བརྟོལ་ནས་གནས་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བུའི་སའི་ལྷ་མོ་ཁྱོད་ནི་ཐར་པའི་གྲོང་མཆོག་འདིར་སྐྱེས་བུ་དམ་པ་འཇུག་པའི་
དཔང་དུ་འགྱུར་བའོ། །དེ་དག་ཀྱང་གང་ཞེ་ན། སྐྱོབ་པ་སྟེ་སེམས་ཅན་ཐམས་ཅད་ཀྱི་ཡིད་སྐྱོབ་པའི་སངས་རྒྱས་ཐམས་ཅད་ནི་མར་མེ་མཛད་ལ་སོགས་པའོ། །སྤྱོད་པའི་ཁྱད་པར་ནི་མཛད་པ་བཅུ་གཉིས་སོ། །ས་ནི་བཅུ་གཅིག་གོ། །ཕ་རོལ་ཏུ་ཕྱིན་པ་ནི་བཅུ་ལྟ་བུ་སྟེ། དེ་ལྟ་བུའི་དཀའ་བ་
མཛད་པའི་དཔང་པོ་ཡིན་པ་བཞིན་དུ་བདག་རྡོ་རྗེ་སློབ་དཔོན་མིང་འདི་ཞེས་བྱ་བས་སློབ་མ་འདིའི་ཆེད་དུ་དཀྱིལ་འཁོར་ཆེན་པོ་འདི་བྲི་ཞིང་འདི་ཉིད་དུ་དབང་བསྐུར་བའི་དཔང་གྱིས་ཤིག་པའོ། །དེ་ནས་དཀྱིལ་འཁོར་གྱི་མཚན་ཉིད་གསུངས་པ། སྒོ་ནི་དཀྱིལ་འཁོར་བརྒྱད་ཆ་སྟེ། །ཁྱམས་ཆེན་དག་
ནི་བོར་བ་ལས། །བདག་ཉིད་ཆེན་པོས་ཤེས་པར་བྱ། །ཡིད་དུ་འོང་ཞིང་ལེགས་སྤྲས་པས། །སྒོ་ཡི་ཁྱུད་ཙམ་ཤེས་པར་བྱ། །ལྷ་ཡི་སྣམ་བུའང་དེ་ཙམ་མོ། །རྡོ་རྗེ་ལྷ་མོ་ལྡན་པ་ཡིས། །གླུ་དང་རོལ་མོ་གར་ཡང་དགོད། །མཆོད་སྣམ་སྒོ་ཡི་ཕྱེད་ཡིན་ཏེ། །འགྲམ་དང་ཁྱུད་ཀྱང་དེ་ཙམ་མོ། །

དོ་ཤལ་སེ་མོ་དོ་དང་ནི། །ཉི་མ་ཟླ་བ་མེ་ཏོག་ཕྲེང་། །དེ་ལ་གོས་དང་འཕན་དག་གོ། །རྩ་བའི་ལྷ་ཡི་ཐིག་རྒྱབ་ཏུ། །ཚོན་རྩི་སྣམ་བུ་དེ་ཡི་ཕྱེད། །ཅེས་བྱ་བ་ལ་སྒོ་ནི་ཞེས་བྱ་བ་ལ་སྒོ་བཞིའོ། །དཀྱིལ་འཁོར་ཞེས་བྱ་བ་ནི་ཁོར་ཡུག་ཐམས་ཅད་ཉེ་བར་བསྡུ་བའོ། །མཉམ་པ་ནི་ཆ་ཆེན་པོ་བཅུ་དྲུག་གོ། །
ཚངས་པའི་ཐིག་ནས་ཉེ་བར་བཟུང་སྟེ་ཕྱེད་ལ་ནི་ཆ་བརྒྱད་དོ། །དེའི་ཆ་གཅིག་ནི་སྒོ་སྟེ་ནུབ་ནས་ཤར་གྱི་སྒོར་ཡང་ཆ་བརྒྱད་ངེས་པར་གཟུང་ངོ་། །དེ་ལྟར་བརྒྱད་ཆ་བརྒྱད་པ་ལས་ངེས་པར་རྙེད་པའི་སྒོ་ནི་མཉམ་པ་སྟེ། ཤར་དང་ལྷོའི་བྱེ་བྲག་གིས་ཆ་བཞི་བཞི་བརྒྱད་དུ་ཡང་ཤེས་པར་བྱའོ། །
ཁྱམས་ཆེན་ནི་ནང་གི་ཁྱམས་དང་གཙོ་བོའི་དཀྱིལ་འཁོར་གྱི་ཕྱིའི་ཁྱམས་སོ། །དེ་ཡང་གཤིན་རྗེ་གཤེད་ཀྱི་བདག་ཉིད་ཀྱི་རྣལ་འབྱོར་པས་འདི་ལྟར་ཤེས་པར་བྱ་སྟེ། གཙོ་བོའི་དཀྱིལ་འཁོར་ནི་ནང་དང་ཕྱི་ཐམས་ཅད་ཡིད་དུ་འོང་ཞིང་ལེགས་པར་སྤྲས་པའི་མཚན་ཉིད་ཅན་ཡིན་ལ། ཕྱི་རོལ་གྱི་ཁྱམས་
ནི་གཞལ་ཡས་ཁང་གི་གྲིབ་མ་མ་བྱུང་ཞིང་རྟེན་ཁྱད་པར་ཅན་དང་མི་ལྡན་པས་ཁྱད་པར་དུ་རྒྱན་གྱིས་སྤྲས་ཤིང་མི་མཛེས་པ་དང་བྲལ་བ་ཡིན་ནོ། །ནང་གི་ཁྱམས་ནི་བརྟེན་པའི་ལྷ་དང་མི་ལྡན་པས་བོར་ཞེས་བྱའོ། །སྒོ་ཁྱུད་ནི་སྒོའི་ཚད་དང་མཉམ་པས་སྒོ་ཙམ་ཤེས་པར་བྱ་ཞེས་བྱའོ། །ལྷའི་སྣམ་བུ་ནི་
སྒོ་སྐྱོང་གནས་པའི་ཁོར་ཡུག་སྟེ། སྒོའི་ཚད་ཙམ་ཡང་དེ་ཙམ་མོ། །གཞན་དག་ནི་ཁྱམས་ཆེན་པོར་ཞེས་བྱ་བའི་ནང་དུ་སྟོང་པར་བོར་བ་སྟེ་དེའི་ཚད་སྒོ་དང་མཉམ་ཞེས་ཟེར་རོ། །རྡོ་རྗེ་ལྷ་མོ་ནི་གཟུགས་རྡོ་རྗེ་མ་ལ་སོགས་པ་སྟེ། ལྡན་པའི་ས་ཞེས་བྱ་བ་ནི་སྒོ་ཁྱུད་ཀྱི་མེ་ལོང་དང་། པི་ཝང་དང་། སྤོས་ཕོར་དང་།
ལྷུང་བཟེད་ཞོས་བཀང་བ་དང་། ལྷའི་ན་བཟའ་པཉྩ་ལི་ག་རྣམས་ཏེ་གར་དང་ལྡན་པ་རྣམས་ཀྱིས་ཐོགས་པ་དགོད་དོ། །དེའི་གནས་ཀྱང་ཅི་ཞེ་ན། མཆོད་སྣམ་ཞེས་བྱ་བ་སྟེ་ཁ་ཁྱེར་རོ། །འགྲམ་པ་ནི་ཡ་ཕུབས་ཀྱི་གཡས་དང་གཡོན་ནོ། །ཁྱུད་ཀྱང་ཞེས་བྱ་བ་ནི་སྒོ་ཁྱུད་ཀྱི་ཕྱི་རོལ་གྱི་སྟེ་མཆོད་སྣམ་
གྱི་ཁུངས་སོ། །དེ་ཙམ་ཞེས་བྱ་བ་ནི་ཆ་ཆུང་གཉིས་གཉིས་སོ། །དོ་ཤལ་ནི་ཕྲེང་བའི་ཕྱིའི་རིམ་པའོ། །སེ་མོ་དོ་ནི་ནང་གི་རིམ་པའོ། །ཉི་མ་དང་ཟླ་བ་ནི་མཆོག་གི་གཞིའོ། །མེ་ཏོག་ཕྲེང་བ་ནི་དེ་འཕྱང་བའི་རྩ་བའོ། །དེ་ལ་ནི་རྟ་བབས་ཏེ་གོས་ནི་རྟ་བབས་ཀྱི་གཡས་གཡོན་དུ་བ་དན་དུ་འབར་བའོ། །

འཕན་ནི་རྟ་བབས་ལ་བརྒྱན་པ་གཉིས་གཉིས་སོ། །རྩ་བའི་ས་ནི་ཆ་གསུམ་གྱི་ཐ་མ་རྡོ་རྗེ་ར་བ་ཕྱི་མའོ། །དེའི་ཐིག་གི་རྒྱབ་ཏུ་ཚོན་རྩིའི་སྣམ་བུ་ནི་པཉྩ་ར་གའི་གཞི་སྟེ། དེའི་ཕྱེད་ཅེས་བྱ་བ་ནི་ཁ་ཁྱེར་ཕྱེད་དོ། །དེ་ནས་དཀྱིལ་འཁོར་སྒྲུབ་པ་གསུངས་པ། དེ་ལ་སྙིང་པོ་ཆེན་པོ་
འདིས། །བདག་ཉིད་འཁོར་ལོ་རྣམ་པར་དགོད། །དེར་ནི་རང་གི་ཕྱག་རྒྱའང་བསྟེན། །དམ་ཚིག་ཡི་གེ་གཞུག་པ་སྟེ། །དེ་ལྟར་དཀྱིལ་འཁོར་བསྒྲུབ་པར་བྱ། །ཞེས་བྱ་བ་ལ་དེ་ལ་ཞེས་བྱ་བ་ནི་ཕྱི་རོལ་གྱི་རྟེན་གྱི་དཀྱིལ་འཁོར་རོ། །སྙིང་པོ་ནི་སྔགས་ཏེ་ཆེན་པོ་ནི་ལྷ་སོ་སོའི་རྩ་བའི་སྔགས་
སོ། །འདིས་ཞེས་བྱ་བ་ནི་དེའི་མཐུས་སོ། །བདག་ཉིད་ནི་དཀྱིལ་འཁོར་གྱི་བདག་པོ་སྟེ། འཁོར་ལོ་ནི་གཏི་མུག་ལ་སོགས་པའོ། །རྣམ་པར་དགོད་ཅེས་བྱ་བ་ནི་ནང་ནས་འབྱུང་ཞིང་ཕྱི་རོལ་དུ་དགོད་དོ། །ནང་གི་དེ་དག་ཇི་ལྟར་རྫོགས་ཞེ་ན། དེར་ནི་ཞེས་བྱ་བ་སྟེ་རྣལ་འབྱོར་པ་གཉིས་སྔོན་དུ་སོང་
ནས་སོ། །རང་གི་ཕྱག་རྒྱ་ནི་རང་སྣང་བའི་ཡུལ་རྡོ་རྗེ་ཕག་མོའི་ཆུ་སྐྱེས་སོ། །རྟེན་ཞེས་བྱ་བ་ནི་ཁང་བུ་བརྩེགས་པའི་གནས་སུ་དཀྱིལ་འཁོར་གྱི་འཁོར་ལོ་མངོན་པར་སྤྲུལ་ལོ། །དེ་སྐྱེད་པའི་རྒྱུ་ཡང་ཅི་ཞེ་ན། དམ་ཚིག་ཡི་གེ་ཞེས་བྱ་བ་སྟེ་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ས་བོན་ཏེ་ཡི་གེ་ཡའོ། །
གཞུག་སྟེ་ཞེས་བྱ་བ་ནི་འཕྲོས་ཤིང་བསྡུས་ནས་ཞུ་བར་གྱུར་པའོ། །དེ་དག་ཀྱང་གང་ལས་འབྱུང་ཞེ་ན། ཡབ་ཡུམ་གྱི་བརྡས་དབྱིབས་ཀྱི་ཨེ་ཝཾ་བྱིན་གྱིས་བརླབས་པས་འབྱུང་བ་སྟེ། དེས་མཚོན་པའི་དོན་གྱི་ཨེ་ཝཾ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་ཉིད་ལས་སྐྱེས་པ་སྟེ། དེ་ཉིད་ལས་སྐྱེ་བ་
གནས་པ་ནི་བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར་རོ། །དེ་ལྟར་ཞེས་བྱ་བ་ནི་རྣལ་འབྱོར་རྣམ་པ་བཞིའི་དཀྱིལ་འཁོར་བསྒྲུབ་པའོ། །དེ་བཞིན་དུ་དཔལ་གསང་བ་འདུས་པ་ལས་ཀྱང་། དཀྱིལ་འཁོར་རྣམ་པ་གསུམ་དུ་བརྟག །ཅེས་གསུངས་པ་ནི་བྷ་ག་རིག་པའི་དཀྱིལ་འཁོར་དང་། །བྱང་
ཆུབ་སེམས་ཀྱི་དཀྱིལ་འཁོར་དང་། ལུས་ཀྱི་དཀྱིལ་འཁོར་གསུམ་དུ་ཤེས་པར་བྱའོ། །དཀྱིལ་འཁོར་གྱི་མདོག་གསུངས་པ། ཤར་དུ་དཀར་པོ་ཞེས་བྱ་བ་ལ་སོགས་པས་ནི་ཞི་བ་དང་རྒྱས་པ་དང་དབང་དང་དྲག་པོ་དང་རང་བཞིན་མི་འགྱུར་བ་མཚོན་པ་ཉིད་དོ། །དེ་ནས་མཚན་མ་གདབ་པར་

བྱ་སྟེ། །དེ་ལ་ཕྱག་རྒྱ་དགོད་པར་བྱ། །ལས་ཀྱི་ཆོ་ག་མཐོང་ནས་ནི། །རྟག་ཏུ་ཕྱག་རྒྱ་མཉམ་གཞག་པ། །ཕྱག་རྒྱ་དེ་ཉིད་རྟག་ཏུ་བྲི། །ཞེས་བྱ་བ་ལ་དེ་ལ་ནི་དག་པར་བྲིས་པའི་དཀྱིལ་འཁོར་རོ། །ཕྱག་རྒྱ་ནི་ལྷའི་མཚན་མའོ། །དགོད་པ་ནི་ཇི་ལྟ་བར་འོས་པའོ། །ལས་ཀྱི་ཆོ་ག་ནི་བསྙེན་
པ་དང་སྒྲུབ་པའི་ཆོ་ག་མཐོང་ནས་སོ། །རྟག་ཏུ་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་ནམ་མཁའ་དང་མཉམ་པའི་འཁོར་ལོ་བསྒོམ་པ་དག་གིས་སོ། །ཕྱག་རྒྱ་དེའི་ངོ་བོ་ཉིད་ནི་མཚན་མ་བྱིན་གྱིས་བརླབ་པ་སྟེ། རྟག་ཏུ་བྲི་ཞེས་བྱ་བ་ནི་དཀྱིལ་འཁོར་བྲི་བ་དེ་སྲིད་དུའོ། །དེའི་བྱེ་བྲག་གསུངས་པ།
དེ་ཡི་དཀྱིལ་དུ་རྡོ་རྗེ་བྲི། །ཞེས་བྱ་བ་ནི་སོར་བཅུ་པའོ། །ཤར་དུ་འཁོར་ལོ་ནི་ཆོས་ཀྱི་འཁོར་ལོའོ། །དེ་ལྟ་བུ་ལ་སོགས་པ་ནི་རིན་པོ་ཆེ་ཆ་དགུ་པ་དང་། པདྨ་འདབ་མ་བརྒྱད་པ་དང་། རལ་གྲི་འབར་བ་རྣམས་སོར་དྲུག་པའི་ཚད་དེ་ཤར་ལ་སོགས་པའི་རྡོ་རྗེའི་རྩིབས་རྣམས་ལའོ། །
གཞན་ཡང་འཁོར་ལོ་དང་རྡོ་རྗེ་དང་པདྨ་དང་རལ་གྲི་རྣམས་ནི་མེ་ལ་སོགས་པའི་མཚམས་བཞིར་རོ། །ཐོ་བ་དང་དབྱུག་པ་དང་པདྨ་དང་རལ་གྲི་རྣམས་ནི་ཤར་ལ་སོགས་པའི་སྒོ་བཞི་རུའོ། །སྐྱེ་མཆེད་དང་ལྡན་པའི་ཐོད་པ་བྱང་ཆུབ་སེམས་ཀྱིས་གང་བ་བཞི་ནི་དཀྱིལ་འཁོར་གྱི་ཕྱིའི་མཚམས་བཞི་
རུའོ། །ཕྱག་མཚན་ཀུན་དུ་ཞལ་དང་མཚུངས། །ཞེས་བྱ་བ་ནི་རྩ་བའི་ཞལ་དང་ཕྱག་མཚན་གྱི་མདོག་མཚུངས་པའོ། །དེ་ནས་དགང་གཟར་དང་བླུགས་གཟར་གྱི་ཚད་གསུངས་པ། དེ་ལ་འདིར་ནི་དགང་གཟར་ནི། །དེ་ཡི་ཡུ་བའི་ཚད་དུ་བྱ། །ཁྲུ་གང་དང་ནི་ལྡན་པར་བྱ། །དེ་ཡི་རྩེ་མོའི་དཀྱིལ་
འཁོར་ནི། །སོར་བཞི་པ་ལ་ཟླུམ་པོར་བྱ། །གཏིང་དུ་སོར་གཉིས་ཟབ་པ་ལ། །དེ་ལ་སོར་ཕྱེད་མཆུར་བཅས་པའོ། །ཞེས་བྱ་བ་ལ་འདིར་ནི་ཞེས་བྱ་བ་ནི་རྒྱུད་འདི་རུའོ། །དགང་གཟར་ནི་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱེད་པའི་ཟས་ཀྱི་མཆོག་བྱིན་གྱིས་བརླབས་པ་བདུན་ནམ་ཉི་
ཤུ་རྩ་གཅིག་གིས་དགང་བར་བྱ་བ་ཡིན་པས་སོ། །གཟར་ཞེས་བྱ་བ་ནི་ཐལ་བ་ལ་ཕྱོགས་པ་ཡིན་པས་སོ། །ཡུ་བའི་ཚད་དུ་བྱ་བ་ནི་ཁྲུ་གང་སྟེ་སོར་ཉི་ཤུ་རྩ་བཞིའོ། །དེའི་རྩེ་མོ་ཞེས་བྱ་བ་ནི་དེ་ལས་ལྷག་པའོ། །དཀྱིལ་འཁོར་ནི་ཟླུམ་པོའི་གཞི་གྲུ་བཞི་དང་བཅས་པའོ། །སོར་བཞི་པ་ལས་ཟླུམ་པོར་བྱ་

བ་ནི་ནང་གི་ཚད་དོ། །གཏིང་དུ་སོར་གཉིས་ཟབ་དང་ལྡན་པ་ལ་རྡོ་རྗེ་ཧཱུཾ་གིས་མཚན་པ་བྲིའོ། །དེ་ལ་སོར་ཕྱེད་ཀྱི་བུ་ག་དང་བཅས་པ་ནི་སོར་བཞི་པ་རྡོ་རྗེ་རྩེ་གསུམ་པའི་དབྱིབས་ཅན་ནོ། །དེ་ལྟ་བུའི་དགང་གཟར་གྱི་ཚད་དོ། །གཞན་ཡང་། བླུགས་གཟར་པདྨའི་འདབ་འདྲ་བ། །ཁ་ནི་མཐེ་
བོའི་ལྟོ་གང་ལ། །དེ་ལ་སོར་ནི་གཅིག་ཟབ་པ། །རྒྱུད་འདི་རུ་ནི་རབ་ཏུ་བསྔགས། །ཞེས་བྱ་བ་ལ་བླུགས་གཟར་གྱིས་བླུགས་པར་བྱེད་པའོ། །པདྨའི་འདབ་འདྲ་བ་ནི་དབྱིབས་སོ། །མཐེ་བོང་གི་ལྟོ་གང་ནི་སོར་གཉིས་ཀྱི་ཚད་དོ། །དེ་ལ་སོར་གཅིག་ཙམ་ཟབ་པ་ལ་རྡོ་རྗེ་ཧཱུཾ་གིས་མཚན་པ་
བྲིས་པ་ནི་བླུགས་གཟར་རོ། །རྒྱུད་ནི་སྙིང་པོའི་རྒྱུད་འདི་ཉིད་དུ་རབ་ཏུ་བསྔགས་སོ། །དེ་ནས་རྒྱུད་ཀྱི་ཆེ་བ་བསྟན་པར་བྱ་སྟེ། དཀྱིལ་འཁོར་དུ་ནི་མ་ཞུགས་དང་། །མཚམས་མེད་ལྔ་ནི་བྱས་པ་དང་། །སེམས་ཅན་སྲོག་ནི་གཅོད་པ་དང་། །ཉ་དང་ཤ་ནི་མངོན་ཟ་དང་། །ཆང་ལ་མངོན་པར་དད་པ་དང་། །ཆད་
ལྟའི་བརྟུལ་ཞུགས་འཛིན་པ་དང་། །མངོན་པར་དབང་ནི་མ་བསྐུར་དང་། །ཀུན་དུ་འཁྱམ་ཞིང་ལྡོམ་པ་དང་། །གྲོང་གི་བླ་མ་མི་བྱེད་པས། །གཤིན་རྗེ་གཤེད་རྒྱུད་མངོན་གཞོལ་ན། །ནག་པོའི་ཚིག་ནི་ཇི་ལྟ་བར། །འགྲུབ་པར་འདི་ལ་ཐེ་ཚོམ་མེད། །ཅེས་བྱ་བ་ལ་གལ་ཏེ་དཀྱིལ་འཁོར་དུ་མ་
ཞུགས་པ་ནི་རྒྱུད་སྨིན་པར་མ་བྱས་པ་སྟེ་འདིར་ཞུགས་ཀྱང་གྲོལ་བར་མི་འགྱུར་རོ། །གལ་ཏེ་གྲོལ་ན་དེ་བཞིན་གཤེགས་པ་ཐམས་ཅད་སླུས་པའོ་ཞེ་ན་མ་ཡིན་ཏེ། རྒྱུད་འདི་ཉིད་ཀྱིས་སྨིན་པར་མ་བྱས་ཀྱང་མན་ངག་འདི་ཉིད་ཀྱིས་རབ་ཏུ་གྲོལ་བར་འགྱུར་བ་དང་རྒྱུད་མ་ལུས་པ་གཞན་ཐམས་ཅད་ཀྱིས་
དབང་བསྐུར་བ་འདི་དག་འདིར་མ་བསྐུར་ཀྱང་དེ་ལ་དགོངས་པའོ། །མཚམས་མེད་པ་ལྔ་ནི་ཕ་དང་མ་དང་དགེ་སློང་དགྲ་བཅོམ་པ་བསད་པ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་། དགེ་སློང་མ་སུན་ཕྱུང་བའི་ལས་བྱས་པས་ཀྱང་འགྲུབ་པར་འགྱུར་ཏེ་རབ་ཏུ་ཟབ་པའི་དོན་
གྱིས་སོ། །སེམས་ཅན་གྱི་སྲོག་གཅོད་པ་ནི་རྩ་བའི་ལྟུང་བ་སྟེ་དེ་དག་གིས་མ་བསྒྲིབས་པ་ཅི་ཞེ་ན། ཞེ་སྡང་ལ་སོགས་པ་ཉོན་མོངས་པ་ལམ་དུ་བྱེད་པའི་ཕྱིར་རོ། །ཉ་ཤ་མངོན་པར་ཟ་བ་དང་ཆང་ལ་མངོན་པར་དད་པ་ནི་འདོད་པ་ལ་འདུན་པའི་བདུད་ཀྱིས་ཀུན་ནས་སླུས་པའོ་ཞེ་ན། མ་ཡིན་ཏེ་

འདོད་ཆགས་ལམ་དུ་བྱེད་པའི་ཕྱིར་གྲོལ་བར་འགྱུར་རོ། །ཆད་པར་ལྟ་བའི་བརྟུལ་ཞུགས་འཛིན་པ་ནི་རང་གི་གྲུབ་པའི་མཐའ་བོར་ཏེ་འདི་ཉིད་ལ་གཞོལ་ལོ། །ཀུན་དུ་འཁྱམ་ཞིང་ལྡོམ་པ་དང་། །གྲོང་གི་བླ་མ་མི་བྱེད་པ་རྣམས་སྤྲོས་པ་དང་བྲལ་བས་གཡེངས་པ་སྟེ་སྤྱོད་པའི་དུས་སུ་ཤིན་ཏུ་འཚམ་མོ། །མངོན་
པར་དབང་ནི་མི་བསྐུར་དང་། །ཞེས་བྱ་བ་ནི་གོང་དུ་བསྡུའོ། །གཤིན་རྗེ་གཤེད་རྒྱུད་ནི་ཚིག་གི་རྒྱུད་དང་དོན་གྱི་རྒྱུད་དོ། །མངོན་གཞོལ་ཞེས་བྱ་བ་ནི་ཚིག་གི་རྒྱུད་ལ་ཞུགས་པས་གཞོལ་ཞིང་དོན་གྱི་རྒྱུད་གོམས་པར་བྱ་བའི་ཕྱིར་ལམ་ཉིད་དུ་གཞོལ་ན་ནག་པོའི་ཚིག་ཇི་ལྟ་བར་ཞེས་གསུངས་པ་ཁོ་ན་བཞིན་
དུ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འགྲུབ་པར་ཐེ་ཚོམ་མེད་དོ། །དེ་ཡང་གོང་གི་བྱ་བ་མ་ལུས་པ་གཏོང་བ་ལས་འབྱུང་ངོ་། །དེ་ནས་ངོ་མཚར་བའི་ཆེད་དུ་བརྗོད་པ་གསུངས་པ། དེ་ནས་བྱམས་པ་ལ་སོགས་ཀྱིས། །རྡོ་རྗེ་ངེས་པ་འདི་ཐོས་ནས། །རྡོ་རྗེ་བྱང་ཆུབ་སེམས་དཔའ་ཀུན། །མི་སྨྲ་བར་
ནི་སྡོད་པར་འགྱུར། །དེ་ནས་ཞེས་བྱ་བ་ནི་རྒྱུད་ཀྱི་ཁྱད་པར་བརྗོད་མ་ཐག་ཏུའོ། །བྱམས་པ་ནི་བྱང་ཆུབ་སེམས་དཔའ་བྱམས་པ་སྟེ། ལ་སོགས་པ་ནི་སའི་སྙིང་པོ་དང་། ཕྱག་ན་རྡོ་རྗེ་དང་། ནམ་མཁའི་སྙིང་པོ་དང་། འཇིག་རྟེན་དབང་ཕྱུག་དང་། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་།
ཀུན་དུ་བཟང་པོ་དང་། དཔའ་བར་འགྲོ་བ་དང་། རྡོ་རྗེ་ངེས་པ་ནི་དབྱེར་མི་ཕྱེད་པའི་བདེ་བ་ཆེན་པོའི་ཡེ་ཤེས་རྣམ་པ་ལྔའི་བདག་ཉིད་གནས་ལུགས་ཀྱི་ངེས་པ་ཉིད་ནི་ཐོས་ནས་རྡོ་རྗེའི་བྱང་ཆུབ་སེམས་ལ་ཀུན་ཅང་མི་སྨྲ་བར་སྡོད་པར་གྱུར་པ་ནི་བརྡ་སྟེ། ཕྱི་ནང་གི་རྟོག་པ་མ་ལུས་པ་ཐམས་ཅད་དེ་
ཁོ་ན་ཉིད་དུ་ཐིམ་པར་གྱུར་ནས་ངག་གི་སྤྱོད་ཡུལ་ལས་འདས་པའི་དེ་བཞིན་ཉིད་མངོན་སུམ་དུ་བྱས་པའི་དོན་ཏོ། །ད་ནི་དཀྱིལ་འཁོར་དུ་སློབ་མ་ཡིད་ཆེས་པ་དང་ངོ་མཚར་དུ་ཞུགས་པའི་ཕྱིར་རྡོ་རྗེ་དབབ་པ་གསུངས་པ། འབྱུང་བཞིའི་ས་བོན་ཆེན་པོ་ཡིས། །འཁོར་ལོ་བཞི་ནི་རབ་བསྒྲུབ་
བྱ། །གནས་བཞིར་རབ་ཏུ་སྦྱོར་བ་བརྩམ། །ཞེས་བྱ་བ་ནི་མདོར་བསྟན་པ་སྟེ། འབྱུང་བ་བཞི་ནི་རླུང་དང་མེ་དང་ས་དང་ཆུའོ། །ས་བོན་ཆེན་པོ་ནི་ཡཾ་རཾ་ལཾ་བཾ་ངོ་། །དཀྱིལ་འཁོར་བཞི་ནི་རླུང་གི་དཀྱིལ་འཁོར་ཟླ་གམ་བ་དན་བྱེ་བས་མཚན་པ། མེའི་དཀྱིལ་འཁོར་གྲུ་གསུམ་པ་ཡི་གེ་རེ་ཕས་

མཚན་པ་དང་། སའི་དཀྱིལ་འཁོར་གྲུ་བཞི་པ་རྡོ་རྗེ་རྩེ་གསུམ་གྱིས་མཚན་པ་དང་། ཆུའི་དཀྱིལ་འཁོར་ཟླུམ་པོ་བུམ་པས་མཚན་པ་བཞི་ནི་སློབ་མའི་ལུས་ལ་རབ་ཏུ་བསྒྲུབ་པར་བྱའོ། །གནས་བཞིར་ཞེས་བྱ་བ་ནི་གསང་བ་དང་ལྟེ་བ་དང་སྙིང་ག་དང་མགོ་བོའོ། །སྦྱོར་བ་བསམ་ཞེས་
བྱ་བ་ནི་ས་བོན་ལས་བྱུང་བའི་མཚན་མ་མཚོན་པ་ནམ་མཁའ་ལ་གཡོ་བར་བྱེད་ཅེས་པ་ནི་རླུང་གིས་སོ། །རྒྱས་པར་བཤད་པ་ནི་གོ་སླའོ། །ཆེད་དུ་དབབ་པའི་སྦྱོར་བ་ནི། རྒྱ་མཚོ་དུ་མ་ཆུས་བཀང་བའི། །གངས་ཀྱི་རི་བོ་ལྟར་བསིལ་བ། །གནས་བཞི་རུ་ནི་སྦྱོར་བས་ན། །ཞེས་བྱ་བ་ལ་རླུང་གི་སྟེང་ན་ཛྲཻཾ་
དྲག་ཅིང་བཟོད་པར་དཀའ་བའི་འོད་ཀྱིས་རྒྱ་མཚོ་དུ་མ་ཆུས་བཀང་བ་ལྟ་བུ་རབ་ཏུ་རྒྱ་ཆེ་ཞིང་ཡངས་པ་གངས་ཀྱི་རི་བོ་ལྟར་བསིལ་བ་ལ་རེག་པས་བྱང་ཆུབ་སེམས་ཀྱི་རྒྱུན་གནས་བཞི་རུ་རབ་ཏུ་གང་བའི་སྦྱོར་བས་ཕབ་པར་བསམས་ལ། རབ་ཏུ་བསྔགས་པའི་སྤོས་སྦྱིན་ཞིང་སིནྡྷུ་རས་བྲིས་པའི་སྔགས་དང་
ལྡན་པའི་སྒྲ་དཀྲོལ་བར་བྱའོ། །དེ་ནས་ལུས་ངག་ཡིད་གསུམ་ཕེབས་པའི་རྟགས་བྱུང་བ་དང་དྲི་བའི་ཆོ་ག་གསུངས་པ། ཁར་ནི་སྣང་བ་མཐའ་ཡས་ཏེ། །སློབ་མ་རྡོ་རྗེར་བསྒོམ་པར་བྱ། །མྱུར་བ་རུ་ནི་འབེབས་པར་བྱེད། །ཅེས་བྱ་བ་ལ་སློབ་མ་འདོད་ཆགས་གཤིན་རྗེ་གཤེད་དུ་དམིགས་ཏེ། དེའི་
ཁར་ཨ་ལས་སྣང་བ་མཐའ་ཡས་ཏེ་དེ་ཡོངས་སུ་གྱུར་པ་ལས་སློབ་མ་དེའི་མགྲིན་པ་རྡོ་རྗེས་རབ་ཏུ་བརྒྱན་པའི་པདྨ་འདབ་མ་བཅུ་དྲུག་པ་བསྒོམ་པར་བྱའོ། །དེ་ནས་སྔགས་བརྗོད་པ་ཙམ་གྱིས་མྱུར་བ་ནི་དེ་མ་ཐག་ཏུ་སྟེ་འབེབས་པར་བྱེད་དོ། །དེ་ནས་སློབ་དཔོན་གྱིས་འདོད་ཆགས་རྡོ་རྗེར་བྱིན་གྱིས་
བརླབས་པའི་རྡོ་རྗེ་སློབ་མའི་ལྕེ་ལ་གཞག་ལ། །རྡོ་རྗེ་ཆོས་ནི་ཞེས་བྱ་བ་ལ་སོགས་པའི་དམ་ཚིག་བརྗོད་དོ། །དེ་ནས་བར་ཆད་དུ་མི་འགྱུར་བའི་བྱ་བ་གསུངས་པ། ཁྲུ་གང་ནས་ཞེས་བྱ་བ་ལ་སོགས་པ་སྟེ། གལ་ཏེ་རིང་དུ་འགྲོ་ན་ལཾ་ལས་བྱུང་བའི་དབང་ཆེན་གྱི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་བྱུང་བའི་
སྣ་ཚོགས་རྡོ་རྗེ་དང་ཧཱུཾ་ལས་སྐྱེས་པའི་རི་རབ་ཀྱིས་མནན་པར་བྱའོ། །དེ་ནས་གནོད་སྦྱིན་ཕོ་མོའི་སྒྲུབ་ཐབས་གསུངས་པ། འཇིགས་གཟུགས་རི་མོའི་མཚན་ཉིད་ནི། །དེ་ནས་ཡང་དག་བཤད་པར་བྱ། །ས་ནི་འཇམ་པོ་བླངས་བྱས་ལ། །བརྟུལ་ཞུགས་ཅན་གྱིས་བཟླས་པ་བྱ། །ཞེས་བྱ་བ་ལ་

འཇིགས་པའི་གཟུགས་ཀྱི་ལྡེར་སོ་དང་། བྲིས་པའི་གཟུགས་ཀྱི་རི་མོ་དང་། དཀྱིལ་འཁོར་དུ་བྱ་བའི་མཚན་ཉིད་ནི་ཆུ་ཀླུང་གི་ས་འཇམ་པོ་བླངས་ལ། རྣལ་འབྱོར་པ་གཤིན་རྗེ་གཤེད་ཀྱི་བརྟུལ་ཞུགས་ཅན་གྱིས་འོག་ནས་འབྱུང་བའི་རྫས་དང་བསྲེས་ལ་ལྡེར་སོ་བརྩིགས་པ་དང་རི་
མོའི་རས་གདུལ་བའམ་དཀྱིལ་འཁོར་བཅའ་བ་བྱའོ། །དེ་ནས་ཡང་མོན་སྲེན་གྲེའུ་དང་བའི་འོ་མ་དང་སྲན་མ་ཤ་དང་བུ་རམ་དང་ཏིན་ཏི་ནའི་བའི་རྣམ་པ་ལྔ་དང་ལ་སོགས་པ་ནི་བྱེ་མའི་ས་དང་ཏིལ་གྱི་སྣུམ་དང་། ཤིང་ནིམ་པའི་ལོ་མ་དང་། ན་ཏི་སྟེ་ལྕགས་ཀྱི་ཕྱེ་མ་དང་། ཛ་གེ་ས་ཏེ་དུར་
ཁྲོད་ཀྱི་ཕྱེ་མ་ལ་བྱའོ། །ས་ཚོན་གྱི་སྦྱོར་བ་གསུངས་པ། དང་པོ་དཀར་པོར་བྲི་བར་བྱ། །ཞེས་བྱ་བ་ནི་གཞིའི་ཚོན་ནོ། །ཁ་དོག་གཞན་གྱིས་དེ་ནས་བསྒོ། །ཞེས་བྱ་བ་ནི་གོ་སླའོ། །དེ་ལ་འཛིན་བྱེད་དུ་བིལ་བའི་སྙིང་པོ་གཞུག་པར་བྱའོ། །གཟུགས་ཀྱི་མཚན་ཉིད་གསུངས་པ། གཟུགས་
ནི་ཁྲོ་དང་ཞི་བ་ཡི། །མཚན་ཉིད་དག་ནི་བཤད་པར་བྱ། །རོལ་པ་ཞི་བར་གསུངས་པ་སྟེ། །ཁྲོ་བོ་སྦོམ་ལ་ཐུང་བར་བཤད། །ཅེས་བྱ་བ་ལ་རོལ་པ་ནི་རིང་ཞིང་ལྕུག་པའི་གཟུགས་སོ། །གཞན་ནི་གསུངས་པར་ཟད་དོ། །ད་ནི་ལྡེར་སོ་བརྩིགས་པ་དང་སྐུ་བྲི་བའི་ཚད་གསུངས་པ། སྣ་
ནི་རང་གི་སོར་བཞིའོ། །དཔྲལ་བ་དང་ཀོསྐོ་མཆུ་དང་བཅས་པ་ཡང་དེ་བཞིན་ནོ། །འགྲམ་པ་ལ་ཡང་སོར་བཞི་སྟེ་སྣ་མཆན་གཡས་གཡོན་དུ་སོར་གཉིས་གཉིས་སོ། །མཚན་མ་ལ་སོར་བཞིའོ། །ལག་པའི་གྲུ་མོ་དང་གུང་མོའི་བར་དུ་སོར་ཉི་ཤུ་རྩ་བཞིའོ། །དཔུང་པ་ནས་གྲུ་མོའི་བར་
དུ་སོར་ཉི་ཤུའོ། །ལག་མཐིལ་དང་རྐང་མཐིལ་ནི་གདོང་པའི་ཚད་དོ། །མིག་མཐེ་བོང་གང་ཙམ་སྟེ་སོར་གསུམ་པའོ། །མིག་གི་འབྲས་བུ་ལ་སུམ་ཆ་སྟེ། ཁུགས་ལ་ངེས་པ་མེད་དོ། རྣ་བའི་བུ་ག་འཁྱིལ་བ་སོར་གཉིས་སོ། །རྣ་མཆོག་དང་སྙན་ཤལ་ལ་ངེས་པ་མེད་དོ། །འབྲས་བུ་
ནི་ནུ་མ་སྟེ་སོར་བཞི་བཞིའོ། །མཆུ་གཉིས་བསྡོམས་པ་སོར་གཉིས་སོ། །ལྟེ་བའི་གཏིང་དུ་སོར་གཅིག་ཟབ་པས་སོ། །གདོང་པའི་སུམ་འགྱུར་ལུས་ལ་དགོད། །བརླ་ལ་གདོང་དོའོ། །ངར་གདོང་ལ་དེ་དང་མཚུངས་སོ། །ཆུ་སོ་དང་པུས་མོ་དང་ལོང་མོ་ནས་མཚམས་སུ་སོར་བཞིའོ། །མིའུ་ཐུང་

ལ་ནི་ཆུ་སོ་གསུམ་གྱིས་པུས་མོ་ཡན་ཆད་ཁྱབ་པར་གནས་སོ། །རོལ་པ་ལུས་གདོང་དོའི་ཚད་དོ། །རལ་པ་དང་ཅོད་པན་ལ་ནི་སོར་དྲུག་སྟེ་གདོང་གང་གི་ཚད་དོ། །དེ་ནས་གནོད་སྦྱིན་མོ་བསྒྲུབ་པར་འདོད་པས་རལ་པ་གཅིག་མའི་སྒྲུབ་པ་གསུངས་པ། རལ་པ་གཅིག་མ་
རབ་སྒྲུབ་ཐབས། །དེ་ནས་ཡང་དག་བཤད་བྱ་བ། །གནོད་སྦྱིན་མོ་ནི་སྒྲུབ་འདོད་པ། །རལ་པ་གཅིག་མ་བསྒྲུབ་པར་བྱ། །ཞེས་བྱ་བ་ནི་བྲན་དང་ཇོ་མོའི་ཚུལ་དང་ཕན་བཏགས་པ་ལ་ལན་ལྡོན་པའི་ཚུལ་ལྟ་བུ་ཡོད་པས། དེ་ཡང་ཚོགས་བསགས་པ་དང་། སྟོང་པ་དང་སྲུང་བའི་
འཁོར་ལོ་དང་གཞལ་ཡས་ཁང་སྔ་མ་ཁོ་ན་བཞིན་དུ་བསྐྱེད་པའི་དཀྱིལ་དུ་ཧཱུཾ་ལས་སྐྱེས་པའི་གྲི་གུག་ཡོངས་སུ་གྱུར་པ་ལས་རལ་པ་གཅིག་མ་ཕྱག་གཉིས་པ་ལ་ཞལ་གཅིག་སྟེ། ཕྱག་གཉིས་ན་གྲི་གུག་རྡོ་རྗེའི་ཡུ་བ་ཅན་དང་གཡོན་ཐོད་པ་བསྣམས་པ། ཤིན་ཏུ་སྦོམ་ལ་མདོག་སྔོ་བ་དཀྱིལ་
འཁོར་གྱི་དབུས་སུ་བསྒོམ་པར་བྱའོ། །དེ་ནས་ས་བོན་གྱི་ཡི་གེ་ལས་ལྷ་བཅུ་གཉིས་པོ་གོ་རིམས་ཀྱི་ཚུལ་གྱིས་ཕྱུང་ལ་དགོད་པར་བྱའོ། །དེའི་མདོག་དང་ཕྱག་མཚན་གསལ་བར་གསུངས་པ། འཁོར་ལོ་སྔ་མ་མཐོང་བ་བཞིན། །དེ་བཞིན་མདོག་ནི་རབ་སྦྱར་བྱ། །ཕྱག་མཚན་
བདག་པོ་ལྟར་འཛིན་པ། །ཞེས་བྱ་བས་གསལ་ལོ། །དཀྱིལ་འཁོར་དེ་དག་ཐམས་ཅད་ལ་ཡང་བྱིན་གྱིས་བརླབ་ཅིང་དབང་བསྐུར་ལ་བཀུག་ཅིང་བསྟིམས་ཏེ་མཆོད་པ་ལ་སོགས་པས་མཉེས་པར་བྱེད་པ་ནི་སྔ་མ་ཁོ་ན་བཞིན་ནོ། །དེ་ནས་བསྙེན་པ་བྱ་སྟེ་རྣལ་འབྱོར་པ་བློ་གྲོས་དང་
ལྡན་པ་མཁས་པས་བྱའོ། །ཕྱི་ནང་གི་ལྷ་པ་སྐྱེད་པའི་བྱེ་བྲག་གོ། །སྔགས་བཟླས་ཏེ་ཞེས་བྱ་བ་ནི་ཨོཾ་ལ་སོགས་པ་འདི་ཉིད་དོ། །དེ་ནས་འབུམ་དུ་བཟླས་ཏེ། རལ་གཅིག་མའི་རྣལ་འབྱོར་དང་ལྡན་པས་བུ་མོ་གཞོན་ནུ་རྡོ་རྗེའི་མདས་མ་ཕོག་པ་ལོ་བཅུ་གཉིས་ཀྱི་ཚད་ཙམ་བ་སོ་ཤིང་བཏུས་
ནས་བཏུང་དུ་བཅུག་པའི་བལ་རམས་ཀྱིས་ཚོས་སུ་བཙོས་ཏེ། མཁལ་ཞིང་འཐག་ཏུ་བཅུག་པའི་སྣམ་བུ་ལ་སྔར་གྱི་རྫས་ཀྱིས་བྱུགས་ཏེ། རི་མོ་མཁན་རིགས་ངན་གྱི་བུའམ་བུ་མོ་དང་ལྷན་ཅིག་ཏུ་གནས་པ་དག་གིས་རྩྭ་དཱུར་བ་ལ་པིར་བྱས་ཏེ། གནོད་སྦྱིན་མོའི་གཟུགས་རྒྱན་རྣམས་ཀྱིས་བརྒྱན་པ་

ལོ་བཅུ་དྲུག་ལོན་པའི་ཚད་ཙམ་སྒེག་པའི་མདངས་ཀྱིས་རབ་ཏུ་བརྒྱན་པ་ཨ་རུ་རའི་ཤིང་ལ་ལག་པ་གཡོན་པ་བརྟེན་པ། ལག་པ་གཡས་པ་པདྨའི་མདངས་རབ་ཏུ་རྒྱས་པས་མཆོག་སྦྱིན་པདྨ་དང་ཟླ་བའི་གདན་དང་ལྡན་པ་མདངས་རབ་ཏུ་འཕྲོ་བ་བྲིས་ལ། བདག་གི་ས་བོན་གྱི་འོད་ཀྱིས་བྱང་གི་ཕྱོགས་དུར་
ཁྲོད་ཀྱི་གནས་ནས་བཀུག་པའི་གནོད་སྦྱིན་མོ་བསྟིམ་པར་བྱའོ། །དེ་ནས་དེའི་མདུན་དུ་མཆོད་པའི་ཡོ་བྱད་སྣ་ཚོགས་པས་མཆོད་ལ། གོང་གི་སྔགས་ལ་ཡཀྵ་ནི་ཨཾ་ཀུ་ཤ་ཛ་ཛཿཞེས་རང་རྣལ་འབྱོར་དང་ལྡན་པས་ཉི་མ་ནུབ་ནས་སྐྱ་རེངས་མ་ཤར་གྱི་བར་དུ་བཟླས་ན་མཚན་མོ་བདུན་གྱིས་འོང་བར་འགྱུར་
རོ། །བྱུག་པ་དང་མེ་ཏོག་ལ་སོགས་པས་མཆོད་དེ། སྒྲོན་མ་དང་ལེགས་པར་སྦྱར་བའི་ཆང་ལ་བདུད་རྩི་མྱང་བའི་ཚོགས་བྱིན་གྱིས་བརླབས་ཏེ། ཨེ་མ་དམ་ཚིག་ཆེན་པོའི་ཆུ་འདི་དག་འཐུང་ལ་ཇི་ལྟར་འོས་པའི་དངོས་གྲུབ་ཁྱོད་ཀྱིས་བདག་ལ་སློང་ངོ་། །དེ་ཡང་མ་དང་སྲིང་མོ་དང་ཆུང་མའི་ཚུལ་
གྱིས་བྱུང་ན་འདོད་པའི་གཏམ་ངེས་པར་གླེང་བ་དང་། ཤིན་ཏུ་ཁྲོས་པས་ལས་བཅོལ་བ་དང་། རྩེད་མོ་བྱས་ལ་ལས་བཅོལ་བའི་བྱེ་བྲག་ཤེས་པར་བྱའོ། །ཤིན་ཏུ་འཇིགས་པ་སྟོན་ན་ཡིད་འཇིགས་པར་མི་བྱའོ། །ངག་སྨྲ་བར་མི་བྱའོ། །འདོད་པའི་རྩེད་མོ་བྱས་ན་གང་འདོད་པའི་དངོས་གྲུབ་སྟེར་རོ། །ད་
ནི་གདུག་པ་ཅན་ཚར་གཅོད་པའི་ཕྱིར་སྦོས་མོའི་སྒྲུབ་ཐབས་གསུངས་པ། པུཀྐ་སཱི་ནི་རབ་སྒྲུབ་ཐབས། །དེ་ནས་ཡང་དག་བཤད་པར་བྱ། ཞེས་པ་ལ་པུ་ནི་པུའི་ས་བོན་ལས་སྐྱེད་པའོ། །ཀ་སཱི་ནི་སྦོས་པར་བྱེད་པ་མ་སྟེ་འཇིག་རྟེན་གསུམ་ལ་གནོད་ནུས་པའི་པུཀྐ་སཱིའོ། །དེ་ཡང་སྔོན་དུ་ཚོགས་
བསགས་པ་དང་། སྟོང་པ་དང་སྲུང་བའི་འཁོར་ལོའི་ནང་དུ་པདྨའི་ལྟེ་བ་ལ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་པུ་ཡོངས་སུ་གྱུར་པ་ལས་ཞགས་པ། དེ་ལས་སྐྱེས་པའི་པུཀྐ་སཱི་སྐུ་མདོག་སེར་མོ་ཞལ་བཞི་པ་ཕྱག་བཞི་དང་ལྡན་པ་བོང་བུ་ལ་ཆིབས་པ། ཞལ་གཡས་པ་དང་གཡོན་པ་དཀར་བ་དང་དམར་
བ་ནམ་མཁའི་ཞལ་སྔོ་བ། ཕྱག་གཡས་ཀྱི་དང་པོ་དང་གཡོན་གྱི་དང་པོ་ཞགས་པ་དང་ཐོ་བ་བསྣམས་པ། འོག་མ་གཉིས་ན་མདའ་དང་གཞུ་བསྣམས་པ་བསྒོམ་མོ། །སྙིང་གའི་པུའི་ས་བོན་ལས་འོད་འཕྲོས་པས་ལྷོ་ཕྱོགས་ཀྱི་དུར་ཁྲོད་ནས་བཀུག་ཅིང་བསྟིམས་ཏེ། ཨོཾ་པུཀྐ་སཱི་ཨོཾ་ཞེས་འབུམ་

དུ་བརྗོད་དོ། །དེའི་ལས་ནི་འདི་ཡིན་ཏེ་ཡི་གེ་གྷཾ་ལས་ལྕེ་པདྨ་ལྕགས་ཀྱུས་མཚན་པར་བསམས་ལ། དེའི་ལྟེ་བ་ལ་གནས་པའི་ཛ་དམར་པོའི་འོད་ཀྱིས་བསྒྲུབ་བྱའི་གཟུགས་སྦྱིན་སྲེག་གི་ཐལ་བས་བྲིས་པ་ལ་བཀུག་ཅིང་བསྟིམས་ཏེ། དེ་ལ་ཡང་འོད་ཟེར་སྣ་ཚོགས་
འཕྲོས་པས་སྙིང་ཕུག་སྟེ་ནང་ཁོང་སྟོང་དུ་བྱས་པའི་ཡི་གེ་བཾ་དཀར་པོ་ལས་སེམས་ཀྱི་འོད་དམར་པོ་ལྟ་བུ་འཕྲོ་བ་བསམས་ཏེ། ཡང་ལྕེའི་འོད་ཀྱིས་དྲངས་པ་ཁ་ནས་ལྟོ་བར་གཞུག་པར་བྱའོ། །དེས་ནི་བསྒྲུབ་བྱ་ཐམས་ཅད་འཚེ་བར་བྱེད་དོ། །ད་ནི་མི་སྣང་བའི་དོན་དུ་འཇམ་པའི་རྡོ་རྗེའི་སྒྲུབ་
ཐབས་གསུངས་པ། འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་ནི། །དེ་ནས་ཡང་དག་བཤད་པར་བྱ། །དེ་ཡི་མོད་ལ་མི་སྣང་བར། །འཇམ་པའི་རྡོ་རྗེ་གྲགས་འགྱུར་བ། །ཞེས་བྱ་བ་འཇམ་པའི་རྡོ་རྗེ་ནི་གཙོ་བོ་སྟེ་དཀྱིལ་འཁོར་རོ། །འཁོར་ལོ་ནི་མཛེས་པ་ལ་སོགས་པའོ། །བསྒོམ་པ་རབ་ཀྱི་
མཐར་ཕྱིན་པའི་ཁྱད་པར་ནི་དེའི་མོད་ལ་མི་སྣང་བར་ནུས་སོ། །དེ་ལ་འཇིག་རྟེན་དུ་བྱང་ཆུབ་སེམས་དཔའ་འཇམ་པའི་རྡོ་རྗེ་ཞེས་གྲགས་པར་འགྱུར་རོ། །དེ་ཡང་སྔོན་དུ་གསུངས་པའི་གཞལ་ཡས་ཁང་དང་ནང་དུ་ཡི་གེ་མཾ་ཡོངས་སུ་གྱུར་པ་ལས། ཨུཏྤལ་སྔོན་པོ་རལ་གྲིས་མཚན་པ་ཅན་ལས་སྐྱེས་པའི་འབར་
བ་ནི་གསེར་བཙོ་མ་སྟེ་དེའི་འོད་དང་འདྲ་བའི་སེར་མོ་ཞལ་གསུམ་གྱི་གཡས་དང་གཡོན་སྔོན་པོ་དང་དཀར་པོ། ཕྱག་དྲུག་པའི་རྩ་བ་གྲི་གུག་དང་ཐོད་པ། ལྷག་མ་རྣམས་ན་རལ་གྲི་དང་མདའ་དང་ཨུཏྤལ་སྔོན་པོ་དང་གཞུ་བསྣམས་པ། གཞོན་ནུ་ལོ་བརྒྱད་ལོན་པའི་གཟུགས་མགོན་པོ་འཇམ་པའི་རྡོ་རྗེ་
མི་མཐོང་བར་བྱ་བའི་དོན་དུ་བསྒོམ་པའོ། །རང་གི་སྙིང་གའི་ས་བོན་མུཾ་ལས་ཕྱུང་སྟེ། ཤར་ལ་སོགས་པའི་ཕྱོགས་སུ་གཞག་པ་ནི་མཛེས་མ་ལ་སོགས་པ་བཞི་སྟེ། གཏི་མུག་རྡོ་རྗེ་ལ་སོགས་པ་བཞི་དང་མཚུངས་པ་སྟེ། དེའི་ཕྱིར་ཐམས་ཅད་ལག་ན་རལ་གྲི་དང་འཁོར་ལོ་ལ་སོགས་པ་གཞན་ལ་དགོད་
ཅེས་བྱ་བའོ། །གཞན་ཞེས་བྱ་བ་ནི་ཕྲག་དོག་རྡོ་རྗེ་དང་མཚུངས་པའི་ཉེ་བའི་སྐྲ་ཅན་མ་སྔོན་དུ་སྨོས་པར་ཟད་དོ། །འདིའི་ཁྱད་པར་གསུངས་པ། ས་བོན་ཡི་གེ་མཾ་ལས་བྱུང་། །ཞེས་བྱ་སྟེ་གཙོ་བོ་ནི་མཾ་ལས་བསྐྱེད་པ་ཡིན་ལ། གཞན་རྣམས་ནི་མཾ་ལས་ཕྱུང་བའོ། །དཀྱིལ་འཁོར་དབུས་ན་བཞུགས་

པ་ནི་ལྔ་སྟེ། ཐམས་ཅད་ཀྱི་དབུས་ན་བཞུགས་པ་ནི་འཇམ་པའི་རྡོ་རྗེའོ། །ཕྱིའི་དཀྱིལ་འཁོར་དགོད་པ་གསུངས་པ། འོད་ཟེར་ཅན་ལ་སོགས་པའི་ལྷ་མོ་བཞི་སྟེ། བསྡུས་པ་དགོད་བྱ་སྙིང་པོ་ལ། །ཞེས་བྱ་བ་ནི་ཕྱི་ནང་གི་ལྷ་མོ་ཀུན་གྱི་བདག་ཉིད་ཡིན་པས་བསྡུས་པ་དགོད་བྱ་ཞེས་བྱའོ། །སྙིང་པོ་ལ་ཞེས་བྱ་ནི་གཙོ་
བོའི་དཀྱིལ་འཁོར་དུའོ། །ལྷ་མོ་བཞིའི་ཕྱག་མཚན་གྱི་གཙོ་བོ་གསུངས་པ། མྱ་ངན་མེད་དང་ཡལ་འདབ་དང་། །འབྲས་ཀྱི་སྙེ་མ་དབྱུག་པའོ། །ཞེས་བྱ་བ་ལ་མྱ་ངན་མེད་པ་ནི་བྱང་ཆུབ་ཀྱི་ཤིང་ངོ་། །ཡལ་འདབ་ནི་ལྗོན་པའི་ཤིང་ངོ་། །འབྲས་ཀྱི་སྙེ་མ་ནི་ཡུ་བའོ། །དབྱིག་པ་དཀར་པོ་ནི་གཏུན་ཤིང་
ངོ་། །ཕྱག་མཚན་གཞན་རྣམས་ནི་ཙརྩི་ཀ་ལ་སོགས་པའི་ལྷ་མོ་བཞི་དང་རྗེས་སུ་མཐུན་པའོ། །སྐུ་མདོག་གི་ཁྱད་པར་ནི་སེར་བ་དང་ཞེས་བྱ་བ་ལ་སོགས་པའོ། །མཚན་ཉིད་ཀུན་ཀྱང་ཞལ་གསུམ་ཞེས་བྱ་བ་ལ་སོགས་པའོ། །ཐོ་བ་ལ་སོགས་བཞི་ཞེས་བྱ་བ་ནི་སྒོ་སྐྱོང་སྟེ་རྩ་བའི་དཀྱིལ་འཁོར་དང་
མཚུངས་པའོ། །བསྒོམས་ནས་ཞེས་བྱ་བ་ནི་སྐྱེ་མཆེད་དང་ལུས་ལ་སོགས་པ་བྱིན་གྱིས་བརླབ་ཅིང་དབང་དང་དགུག་པ་དང་བསྟིམ་པ་དང་མཆོད་པ་དང་བསྟོད་པས་མཉེས་པར་བྱས་ལ། ཨོཾ་ཝཱ་གཱི་ཤྭ་རི་མུཾ་ཞེས་འབུམ་དུ་བཟླས་པར་བྱའོ། །དེ་ནས་རྣལ་འབྱོར་པས་སེམས་བརྟེན་པ་དང་བདག་ཉིད་འཇམ་པའི་རྡོ་རྗེར་
གནས་པའི་ལུས་ཀྱི་བ་སྤུའི་བུ་གའི་ནང་དུ་ཡི་གེ་ལཾ་བཀོད་ན་མཐོང་བར་མི་འགྱུར་རོ། །དེ་དག་གི་དུས་སུ་ཉེ་བར་མཚུངས་པའི་སྦྱོར་བ་ནི་ཙནྡན་དང་ག་བུར་དང་སྦྲང་རྩིའི་ཆུས་བྱུག་པར་ཡང་བྱའོ། །གདུལ་བྱ་བསམ་པ་ཁྱད་པར་ཅན་དང་ལྡན་པ་རྣམས་ཀྱིས་མཐོང་ཞིང་རེ་བ་ལྟར་སྤྱོད་པར་ཡང་འགྱུར་རོ། །
གཞན་གྱིས་ནི་མ་ཡིན་ཏེ་ཐུན་མོང་མ་ཡིན་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེ་གཤེད་ནག་པོའི་རྒྱུད་ནི་བཤད་ཟིན་ཏོ། །འཇམ་པའི་རྡོ་རྗེའི་སྒྲུབ་ཐབས་ནི་རྒྱུད་དང་རྗེས་སུ་མཐུན་པའི་ཞི་བའི་སྒྲུབ་ཐབས་དེ་ཉིད་ཀྱི་ཕྱིར་གཙོ་བོའོ། །རིམ་པར་ཕྱེ་བ་ནི་
བཅུ་བཞི་པའི་ཆོ་གས་ཇི་སྙེད་པ་གསལ་བར་བྱས་པའོ། །བཅུ་བཞི་པ་ནི་བཅུ་གསུམ་པས་གཞག་པའོ། །ནག་པོ་ཞབས་ཀྱིས་བཤད་པའི་ལེའུ་བཅུ་བཞི་པ་གསལ་བར་བྱས་པའོ།། །།དེ་ནས་སེམས་ཅན་རྗེས་སུ་མོས་ཤིང་གུས་པ་བསྐྱེད་པའི་ཕྱིར་ཆུ་རེངས་པའི་སྦྱོར་བ་

གསུངས་པ། འཕགས་མ་ཛྷཾ་གུ་ལིའི་སྒྲུབ་པའི་ཐབས། དེ་ནས་ཡང་དག་བཤད་བྱ་བ། །གང་ཞིག་བསྒོམས་པ་ཙམ་གྱིས་ནི། །ཆུ་ཡི་སྟེང་དུ་འགྲོ་འགྱུར་བ། །ཞེས་བྱ་བ་ལ་འཕགས་མ་ཞེས་བྱ་བ་ནི་བཅོམ་ལྡན་འདས་མའོ། །ཛྷཾ་གུ་ལི་ནི་འགྲོ་བ་མོས་པས་བྱེད་པའོ། །
བསྒྲུབ་པར་བྱ་བ་ནི་འདིའི་རྣལ་འབྱོར་ཏེ་ཐབས་ནི་འོག་ནས་འབྱུང་བར་ཟད་དོ། །དེའི་བསྒོམ་པ་རབ་ཀྱི་མཐར་ཕྱིན་པ་ནི་བཅོམ་ལྡན་འདས་མ་གང་ཞིག་བསྒོམ་པ་དང་བཟླས་པའོ། །ཙམ་གྱིས་ནི་འབུམ་ལས་ལྷག་མི་དགོས་པ་སྟེ་ཆོག་པའོ། །ཆུ་ནི་ཟབ་ཅིང་རྒྱ་ཆེ་བའི་སྟེང་དུ་ཚེགས་
མེད་པར་འགྲོ་བར་འགྱུར་རོ། །འདིར་ཡང་ཚོགས་བསགས་པ་ལ་སོགས་པ་སྔར་བཞིན་ཏེ་གཞལ་ཡས་ཁང་གི་དབུས་སུ་ཉི་མའི་སྟེང་དུ་ཟླ་བ་ལ་གནས་པའི་ཧྲཱིཿདང་སྦྲུལ་ཞགས་ལས་སྐྱེད་པ་ནི་སེར་མོ་ཞལ་གསུམ་ཕྱག་དྲུག་པ་གཡས་དང་གཡོན་པའི་ཞལ་ནི་སྔོ་བ་དང་དཀར་བ་དང་
དམར་བ། ཕྱག་དྲུག་ནི་སྦྲུལ་དང་རལ་གྲི་དང་འཁོར་ལོ་དང་གཏུན་ཤིང་དང་གྲི་གུག་དང་ཐོད་པ་འཛིན་པ། བསྐྱེད་པའི་ས་བོན་ཡི་གེ་ཕུ་ལས་ཡང་དག་པར་བྱུང་བ་སྐུ་ཆེན་པོའི་ཕྱག་གཉིས་པའི་དང་པོ་ན་སྦྲུལ་ཞགས་བསྣམས་པ་རྨ་བྱ་ལ་ཞོན་ནས་རབ་ཏུ་དགྱེས་པའི་གད་མོ་དགོད་པར་
བསམ་པར་བྱའོ། །ཤར་ལ་སོགས་པའི་ཕྱོགས་བཞི་རུ་རྨ་བྱ་ལ་སོགས་པ་དགོད་དོ། །དེའི་ཕྱག་མཚན་གྱི་ཁྱད་པར་གསུངས་པ། རྨ་བྱའི་སྒྲོ་ཞེས་བྱ་བ་ལ་སོགས་པ་སྟེ་ལོ་མ་ནི་ཡལ་ག་དང་བཅས་པའི་འདབ་མའོ། །ལྕགས་སྒྲོག་ནི་རྡོ་རྗེའི་ལྕགས་སྒྲོག་གོ། །ཁ་དོག་གི་དབྱེ་བ་
གསུངས་པ། སེར་དང་ཞེས་བྱ་བ་ལ་སོགས་པའོ། །མཁས་པ་ཞེས་བྱ་བ་ནི་སྦྱོར་བ་འདི་ཉིད་ལ་རབ་ཏུ་མཁས་པའི་རྣལ་འབྱོར་པའོ། །འདི་ལྟར་བསྒོམ་པར་བྱ་ཞེས་བྱ་བ་ནི་ལྷ་བཅུ་གསུམ་པའི་འཁོར་ལོའི་ཚོགས་སོ། །དེ་བཞིན་སྔགས་འདི་དག་ཀྱང་ཞེས་བྱ་བ་ནི་རྣལ་འབྱོར་དང་ལྡན་པས་
སྔགས་འདི་དག་རྡོ་རྗེའི་བཟླས་པས་བཟླ་བར་བྱའོ། །ཨོཾ་ཕུ་ཛ། ཐོ་བ་ལ་སོགས་སྒོ་རུ་དགོད། །མེ་ཏོག་ལ་སོགས་མཚམས་སུ་དགོད། །ཅེས་བྱ་བ་ལ་སྔར་བཤད་པ་བཞིན་ནོ། །དེ་དག་ཐམས་ཅད་ཞལ་གསུམ་ཕྱག་དྲུག་པའོ། །རྨ་བྱ་ལ་སོགས་པ་བཞི་ནི་གཏི་མུག་ལ་སོགས་པ་བཞི་དང་

མཚུངས་པ་སྟེ་རང་གི་ཕྱག་མཚན་གྱི་ཁྱད་པར་གྱིས་བྱས་པའོ། །མེ་ཏོག་ལ་སོགས་པ་བཞི་ནི་རྡོ་རྗེ་སེམས་མ་ལ་སོགས་པ་དང་རྗེས་སུ་མཚུངས་པ་སྟེ་རང་གི་ཕྱག་མཚན་གྱིས་ཁྱད་པར་བྱས་པའོ། །བདག་ཉིད་ཛྷཾ་གུ་ལིའི་རྣལ་འབྱོར་གྱིས་སྔགས་བཟླས་ཤིང་ཆུའི་དཀྱིལ་འཁོར་ཐམས་ཅད་ཡི་
གེ་ལཾ་ལས་གསེར་གྱི་ས་གཞི་རབ་ཏུ་བརྟན་པར་བསམས་ལ་ཆུའི་སྟེང་ནས་བཅག་ཅིང་རྟག་ཏུ་འགྲོ་བར་