Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 46

Văn bản gốc(Tây Tạng)

Trang 13 / 23 (50.000 ký tự/trang)
ན་
པོའོ། །ན་ནི་སྤྲོས་པ་སྟེ་གཞན་གྱི་ནུས་པ་སེལ་བར་བྱེད་པའོ། །ཧ་ཨུ་ཨ་ནི་ཧཱུྃ་སྟེ་རྒྱུ་མེད་པ་དང་། ཚོགས་དང་བྲལ་བ་དང་། མཐར་མི་འཛིན་པ་སྟེ་དེ་རྟོགས་པས་སངས་རྒྱས་ཀྱི་ཡོན་ཏན་སྡུད་པའོ། །ཧཱུྃ་གཉིས་པས་ནི་ཆེད་དུ་ཉུང་བ་ཉིད་དུ་སྡུད་པའོ། །ཞེ་སྡང་ཟད་པར་བྱེད་པས་ན་ཕཊ་དོ། །

ཞེ་སྡང་ཆེན་པོའི་ཉམས་དང་ལྡན་པས་ན་ཕཊ་གཉིས་པའོ། །མཐུ་རྒྱུན་མི་འཆད་པའི་དོན་གྱིས་ན་སྭཱ་ཧཱ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་གཏི་མུག་རྡོ་རྗེ་ཆེན་པོའི་སྔགས་གསུངས་པ། ཨོཾ་ཛི་ན་ཛི་ཀ་ཅེས་བྱ་བ་སྨོས་ཏེ་ཛི་ནི་བྱང་ཆུབ་ཀྱི་སེམས་
ཏེ། ན་ནི་གཏི་མུག་མི་གནས་པར་བྱ་བའི་དོན་ཏོ། །ཛིཀ་ནི་འཛིན་པ་སྟེ་གཏི་མུག་ཆེན་པོས་འགྲོ་བ་ཐམས་ཅད་སངས་རྒྱས་སུ་འཛིན་པའོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་ཕྲ་མ་རྡོ་རྗེའི་སྔགས་གསུངས་པ། ཨོཾ་རཏྣ་དྷྲྀཀ་ཅེས་བྱ་བ་སྨོས་ཏེ། རཏྣ་ནི་རིན་
པོ་ཆེ་སྟེ། སངས་རྒྱས་པའི་བར་དུ་ཆེ་བའི་ཡོན་ཏན་ཟད་མི་ཤེས་པའི་དོན་ཏོ། །དྷྲྀཀ་ནི་བརྟུལ་ཞུགས་ཏེ་ཕྲ་མ་ཆེན་པོའི་བརྟུལ་ཞུགས་ཀྱིས་དྲི་མ་མ་ལུས་པ་འབྱེད་པར་བྱེད་པའི་དོན་ཏོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་འདོད་ཆགས་རྡོ་རྗེའི་སྔགས་གསུངས་
པ། ཨོཾ་ཨ་རོ་ལྀཀ་ཅེས་བྱ་བ་སྨོས་ཏེ་ཨ་ནི་མ་སྐྱེས་པའོ། །རོ་ནི་ཉམས་སུ་མྱོང་བའོ། །ལྀཀ་ནི་མངོན་པར་ཞེན་པ་སྟེ་འདོད་ཆགས་ཆེན་པོས་སེམས་ཅན་འདུལ་བར་བྱེད་པའི་དོན་ཏོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་ཕྲག་དོག་རྡོ་རྗེའི་སྔགས་
གསུངས་པ། ཨོཾ་པྲཛྙཱ་དྷྲྀཀ་ཅེས་བྱ་བ་སྨོས་ཏེ། པྲཛྙཱ་ནི་ཤེས་རབ་སྟེ། ཆོས་ཐམས་ཅད་གཅིག་དང་དུ་མ་དང་བྲལ་བས་རང་བཞིན་མེད་པ་ཉིད་དུ་བྱས་པའོ། །དྷྲྀཀ་ནི་རང་ལ་གནས་པ་སྟེ་ཡོན་ཏན་དང་ལྡན་པའི་འབྲས་བུ་གཞན་ལ་ཕྲག་དོག་པའོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་བདག་པོས་རྡོ་རྗེ་ཐོ་བའི་སྔགས་གསུངས་པ། ཨོཾ་མུངྒ་ར་དྷྲྀཀ་ཅེས་བྱ་བ་སྨོས་ཏེ། མུངྒ་ར་ནི་ཐོ་བ་སྟེ་དད་པ་རྣམ་པར་དག་པའི་སྟོབས་དང་ལྡན་པའོ། །དྷྲྀཀ་ནི་བརྟུལ་ཞུགས་ཏེ་ཕུང་པོའི་བདུད་ཟད་པར་བྱེད་པའོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་
ཐམས་ཅད་ཀྱི་བདག་པོས་རྡོ་རྗེ་དབྱུག་པའི་སྔགས་གསུངས་པ། ཨོཾ་དཎྜ་དྷྲྀཀ་ཅེས་བྱ་བ་སྨོས་ཏེ། དཎྜ་ནི་དབྱུག་པའོ། །དེས་འཇོམས་པར་བྱེད་པ་སྟེ་བརྩོན་འགྲུས་རྣམ་པར་དག་པའི་སྟོབས་དང་ལྡན་པའོ། །དྷྲྀཀ་ནི་བརྟུལ་ཞུགས་ཏེ་ཉོན་མོངས་པའི་བདུད་ཟད་པར་བྱེད་པའོ། །དེ་ནས་བཅོམ་

ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་རྡོ་རྗེ་པདྨའི་སྔགས་གསུངས་པ། ཨོཾ་པདྨ་དྷྲྀཀ་ཅེས་བྱ་བ་སྨོས་ཏེ་པདྨ་ནི་ཆགས་པའི་དོན་ཏོ། །དྲན་པ་རྣམ་པར་དག་པ་ཉིད་ཡོད་པས་སོ། །དྷྲྀཀ་ནི་བརྟུལ་ཞུགས་ཏེ་འཆི་བདག་གི་བདུད་ཟད་པར་བྱེད་པའོ། །དེ་ནས་
བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་རྡོ་རྗེ་རལ་གྲིའི་སྔགས་གསུངས་པ། ཨོཾ་ཁཏྒ་དྷྲྀཀ་ཅེས་བྱ་བ་སྨོས་ཏེ། ཁཏྒ་ནི་རལ་གྲིའོ། །དེ་ནི་ཟག་པ་མེད་པའི་དོན་ཤེས་རབ་ཀྱི་རང་བཞིན་ཏེ་ཏིང་ངེ་འཛིན་གྱི་སྟོབས་རྣམ་པར་དག་པའོ། །དྷྲྀཀ་ནི་བརྟུལ་ཞུགས་ཏེ་ལྷའི་
བུ་རྣམ་པར་གཡེང་བྱེད་ཀྱི་བདུད་ཕམ་པར་བྱེད་པའོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་རྡོ་རྗེ་ཙརྩི་ཀའི་སྔགས་གསུངས་པ། ཨོཾ་མོ་ཧ་ར་ཏི་ཞེས་བྱ་བ་སྨོས་ཏེ། མོ་ཧ་ར་ནི་རྣམ་པར་དག་པ་སྟེ་བདེ་བ་ཆེན་པོས་ཡོངས་སུ་གང་བའི་ཡིད་དེ། གཏི་མུག་
གཤིན་རྗེ་གཤེད་ལ་གཉིས་སུ་མེད་པ་རྫོགས་པས་ཏིའོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་རྡོ་རྗེ་ཕག་མོའི་སྔགས་གསུངས་པ། ཨོཾ་དྷྭེ་ཤྭ་ར་ཏི་ཞེས་བྱ་བ་སྨོས་ཏེ། དྷྭེ་ཞེས་བྱ་བ་ནི་ལྷ་སྟེ་བདེ་བའི་རོལ་པས་མངོན་པར་རྩེ་བའོ། །ཞེ་སྡང་ཆེན་པོའི་
ཐུགས་ལ་རབ་ཏུ་དབང་བའི་ཕྱིར་ཤྭ་ར་སྟེ་དབང་ཕྱུག་གོ། །བཅོམ་ལྡན་འདས་ཀྱི་སྐུ་ལ་མངོན་པར་རྫོགས་པས་ན་ཏིའོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་རྡོ་རྗེ་དབྱངས་ཅན་མའི་སྔགས་གསུངས་པ། ཨོཾ་རཱ་ག་ར་ཏི་ཞེས་བྱ་བ་སྨོས་པས་རཱ་ག་ནི་ཚོན་ཏེ་
སྣ་ཚོགས་པའི་མདངས་དང་ལྡན་པའོ། །ར་ནི་ཁྲག་སྟེ་མཉེས་པར་བྱེད་པའོ། །འདོད་ཆགས་རྡོ་རྗེའི་སྐུ་ལ་ཡོངས་སུ་རྫོགས་པས་ཏིའོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་རྡོ་རྗེ་གཽ་རཱི་མའི་སྔགས་གསུངས་པ། ཨོཾ་བཛྲ་ར་ཏིའི་ཞེས་བྱ་བ་སྨོས་ཏེ། བཛྲ་
ནི་རྡོ་རྗེ་སྟེ་དབྱེར་མི་ཕྱེད་པའི་དོན་ཏོ། །ར་ནི་ཁྲག་སྟེ་སྙིང་རྗེས་ཉེ་བར་འཛིན་པའོ། །ཕྲག་དོག་རྡོ་རྗེའི་སྐུ་ལ་རྫོགས་པ་ཉིད་ཀྱིས་ཏིའོ། །དེ་ཡང་ཐམས་ཅད་གསང་བ་ལས། བཅོམ་ལྡན་འདས་ཀྱིས་བྱིན་བརླབས་པའི། །ནོར་བུ་ལྟ་བུའི་སྔགས་རྣམས་ནི། །གསང་ཆེན་རབ་ཏུ་སྦྱོར་བ་ཡིས། །འདི་ནི་བསམ་དཔག་དཀའ་བ་སྟེ། །འདི་

ཡི་དགྲོལ་བ་འདིར་རིགས་མིན། །མཁས་པ་རྣམས་ཀྱིས་ཕྱོགས་ཙམ་བརྗོད། །ཅེས་འབྱུང་བས་ཤེས་པར་བྱའོ། །དེ་ནས་བཅོམ་ལྡན་འདས་རྫོགས་པའི་དཀྱིལ་འཁོར་གྱི་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་ནི་ལུས་ངག་ཡིད་གསུམ་འབར་བར་བྱ་བའི་དོན་ཏོ། །དེ་ཡང་ཅི་ཞེ་ན།
དེ་ནས་བཅོམ་ལྡན་འདས་ཀྱིས་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའི་སྔགས་གསུངས་པ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཱཀ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བ་སྨོས་ཏེ། སྐུའི་གནས་ནི་དཔྲལ་
བའོ། །གསུང་གི་གནས་ནི་ལྐོག་མའོ། །ཐུགས་ཀྱི་གནས་ནི་སྙིང་གའོ། །ཡིག་འབྲུ་ནི་ཨོཾ་ཨཱཿཧཱུཾ་ངོ་། །དེ་ནས་སྐྱེས་པའི་མཚན་མ་ནི་འཁོར་ལོ་དང་པདྨ་དང་རྡོ་རྗེའོ། །དེ་ལས་སྐྱེས་པའི་སྐུ་རྡོ་རྗེ་དང་གསུང་རྡོ་རྗེ་དང་ཐུགས་རྡོ་རྗེའོ། །དེ་དག་མཚན་མའི་ནང་ན་ཆུད་པ་ལ་བྱིན་གྱིས་
བརླབ་པ་ནི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་ཡེ་ཤེས་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་སྤྱན་དྲངས་ཏེ་གཉིས་སུ་མེད་པར་རོ་གཅིག་པར་བྱེད་པ་ནི་སྔགས་སོ། །བྱིན་གྱིས་བརླབ་པའི་སྔགས་ཀྱི་དོན་ནི། སརྦ་ནི་ཐམས་ཅད་དོ། །ཏ་ཐཱ་ག་ཏ་ནི་དེ་བཞིན་གཤེགས་པའོ། །ཀཱ་ཡ་ནི་སྐུའོ། །སྭ་བྷཱ་བ་ནི་རང་
བཞིན་ནོ། །ཨཱཏྨ་ནི་བདག་གོ། །ཀོ྅ཧཾ་ནི་ཡིན་པའོ། །བཱཀ་བཛྲ་ནི་གསུང་རྡོ་རྗེའོ། །ཙིཏྟ་བཛྲ་ནི་ཐུགས་རྡོ་རྗེའོ། །དེ་དག་ནི་མཐུས་བྱིན་གྱིས་བརླབ་པ་ཉིད་དུ་འགྱུར་རོ། །ད་ནི་ཡོངས་སུ་རྫོགས་པར་འགྱུར་བའི་མདོག་དང་ཞལ་དང་མཚན་མ་བསྟན་པར་བྱ་སྟེ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་
པ་ཐམས་ཅད་ཀྱི་བདག་པོས་ཞེ་སྡང་གི་སྐུ་ངེས་པར་བསྟན་པ། ཞལ་གསུམ་ཕྱག་དྲུག་ཁྲོས་པ་ལ། །ཨིནྡྲ་ནཱི་ལ་འདྲ་བའི་འོད། །ཕྱག་ན་རྡོ་རྗེ་བསྣམས་པ་ཉིད། །གཤིན་རྗེ་གཤེད་ནི་བསྒོམ་པར་བྱ། །ཞལ་གསུམ་ཕྱག་དྲུག་ཞི་བ་ལ། །གསལ་བའི་གཟུགས་དང་མཚུངས་པའི་འོད། །ཕྱག་
ན་འཁོར་ལོ་བསྣམས་པ་ཉིད། །གཏི་མུག་རྡོ་རྗེ་རྣམ་བསྒོམ་བྱ། །ཞལ་གསུམ་ཕྱག་དྲུག་རྒྱས་འགྱུར་བ། །གསེར་གྱི་རྣམ་པའི་འོད་དང་ལྡན། །ཕྱག་ན་རིན་ཆེན་བསྣམས་པ་ཉིད། །ཕྲ་མ་རྡོ་རྗེ་རྣམ་བསྒོམ་བྱ། །ཞལ་གསུམ་ཕྱག་དྲུག་དབང་བྱེད་པ། །པདྨ་རཱ་ག་མཚུངས་པའི་

འོད། །ཕྱག་ན་པདྨ་བསྣམས་པ་ཉིད། །འདོད་ཆགས་རྡོ་རྗེ་རྣམ་བསྒོམ་བྱ། །ཞལ་གསུམ་ཕྱག་དྲུག་ཐམས་ཅད་ལ། །རིན་ཆེན་མརྒད་འོད་དང་ལྡན། །ཕྱག་ན་ཤུགས་ཅན་བསྣམས་པ་ཉིད། །ཕྲག་དོག་རྡོ་རྗེ་རྣམ་བསྒོམ་བྱ། །ཞེས་བྱ་བ་སྨོས་ཏེ། ཞལ་གསུམ་ནི་གཡས་དང་གཡོན་དང་
དབུས་སུའོ། །ཕྱག་དྲུག་ནི་གཡས་ཀྱི་དང་པོ་དང་། བར་མ་དང་། ཐ་མ་དང་། གཡོན་གྱི་དང་པོ་དང་། བར་མ་དང་། ཐ་མའོ། །ཁྲོས་པ་ལ་ཞེས་བྱ་བའི་སྤྱན་དགུ་མདངས་དམར་ཞིང་རབ་ཏུ་བཟློག་པ་དང་། ཞལ་གསུམ་ལ་མཆེ་བ་བཅུ་གཉིས་ཀྱིས་རབ་ཏུ་གཙིགས་ཤིང་ལྗགས་འདྲིལ་བའི་འོད་ཟེར་
གྱིས་འཁྲུགས་པ་དང་ཁྲོ་བོའི་རྟགས་མ་ལུས་པས་བརྒྱན་པའོ། །ཨིནྡྲ་ནཱི་ལ་ནི་རིན་པོ་ཆེ་སྟེ་དཔེ་དང་འདྲ་བ་འོད་དོ། །ཕྱག་ན་ཞེས་བྱ་བ་ནི་གཉིས་ཀྱི་དང་པོ་སྟེ། རྡོ་རྗེ་རྩེ་ལྔ་པ་འབར་བ་བསྣམས་པ་ཉིད་དོ། །གཤིན་རྗེ་གཤེད་དུ་བསྒོམ་པ་ནི་རྣལ་འབྱོར་བདག་ཉིད་དོ། །ཞལ་གསུམ་
ཕྱག་དྲུག་པ་ནི་སྔར་བཞིན་ནོ། །ཞི་བ་ལ་ཞེས་བྱ་བ་ནི། ཁྲོ་ཞིང་ཞི་ལ་ཞི་བའི་ལས། །གདོན་མ་ཟ་བར་མཛད་པའོ། །དེ་དང་མཚུངས་པའི་སྐུ་མདོག་ནི། །གསལ་བའི་གཟུགས་དང་མཚུངས་པའི་འོད། །ཅེས་བྱ་བ་སྟེ། སྟོན་ཀའི་དུས་ཀྱི་ཟླ་བའི་གཟུགས་དང་མཚུངས་པའི་འོད་དོ། །
ཕྱག་ནི་གཉིས་ཀྱི་དང་པོ་སྟེ། ཆོས་ཀྱི་འཁོར་ལོ་རྩིབས་བརྒྱད་པ་བསྣམས་པ་ཉིད་དོ། །གཏི་མུག་རྡོ་རྗེ་ལ་སོགས་པ་ནི་ཤེས་པའི་རྣམ་པ་ལྟར་བསྒོམ་པར་བྱའོ། །རྒྱས་འགྱུར་བ་ཞེས་བྱ་བ་ནི་བསོད་ནམས་མ་ལུས་པ་རྒྱས་པར་གདོན་མི་ཟ་བར་མཛད་པས་སོ། །དེ་དག་གི་མདོག་ནི་
གསེར་ལྟ་བུ་སྟེ། རྣམ་པའི་འོད་དང་ལྡན་ཞེས་བྱ་བ་ནི་བཙོ་མའི་འོད་ལྟར་འཁྲུག་པའོ། །ཕྱག་གཉིས་པའི་དང་པོའི་རིན་པོ་ཆེ་ནི་ཟུར་བརྒྱད་པ་འབར་བ་བསྣམས་པ་ཉིད་དོ། །དེ་ཉིད་ཕྲ་མ་རྡོ་རྗེའི་རྣམ་པར་བསྒོམ་པར་བྱའོ། །ཞལ་གསུམ་ཕྱག་དྲུག་ནི་སྔར་བཞིན་ནོ། །དབང་བྱེད་པ་ཞེས་བྱ་བ་ནི་ས་སྟེངས་
དང་ས་འོག་དང་ས་བླ་སྟེ། ཐམས་ཅད་དབང་དུ་གྱུར་པའི་ལས་གདོན་མི་ཟ་བར་མཛད་པས་སོ། །པདྨ་རཱ་ག་ནི་རིན་པོ་ཆེའི་བྱེ་བྲག་གོ། །དེ་དག་ནི་ལས་དང་མཚུངས་པའི་འོད་དོ། །ཕྱག་གཉིས་པའི་དང་པོའོ། །པདྨ་ནི་པདྨ་བཅུ་དྲུག་པ་སྟེ་འཕྱར་ལ་བསྣམས་པ་ཉིད་ཅེས་བྱའོ། །ཞལ་

གསུམ་ཕྱག་དྲུག་ནི་སྔར་བཞིན་ནོ། །ཐམས་ཅད་ནི་ཕྲིན་ལས་ཏེ་དགུག་པ་དང་བསྐྲད་པ་དང་སོགས་པའི་ལས་ཀྱང་གདོན་མི་ཟ་བར་མཛད་པའོ། །མརྒད་ནི་མདོག་ལྗང་གུར་གནས་པའི་ནོར་བུ་སྟེ། ཕྲིན་ལས་རབ་ཏུ་ཤེས་པའི་ཕྱིར་རིན་པོ་ཆེ་མརྒད་ཀྱི་འོད་དང་ལྡན་པའོ། །ཕྱག་
ནི་གཉིས་ཀྱི་དང་པོའོ། །ཤུགས་ཅན་ནི་རལ་གྲིའི་ཤུགས་དང་ལྡན་པ་སྟེ་རལ་གྲི་ནི་ཕྱག་ན་བསྣམས་པ་ཉིད་དོ། །དེ་ཉིད་ཕྲག་དོག་རྡོ་རྗེའི་རྣམ་པར་བསྒོམ་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་གཤིན་རྗེ་གཤེད་ནག་པོའི་རྒྱུད་ཅེས་བྱ་བ་ནི་བཤད་ཟིན་ཏོ། །མངོན་
པ་ནི་བསྒྲུབ་བྱ་སྟེ་འབྲས་བུའོ། །རྟོགས་པ་ནི་སྒྲུབ་པའི་ཐབས་སོ། །རིམ་པར་ཕྱེ་བ་ནི་རྣལ་འབྱོར་རྣམ་པ་བཞི་སྟེ་དང་པོ་ཞེས་བྱ་བ་ནི་བཅོ་བརྒྱད་ཀྱི་ཐོག་མར་སྨོས་པའོ། །ནག་པོ་ཞབས་ཀྱིས་བཤད་པའི་ལེའུ་དང་པོ་སྟེ་རྒྱ་ཆེར་བཤད་པའོ།། །།དེ་ལྟར་མངོན་པར་རྟོགས་པས་བདག་ཉིད་ཀྱི་
དངོས་གྲུབ་ཀྱི་རོ་ཐོབ་པའམ་ཡིད་ཆེས་པ་ཆེན་པོ་གྲུབ་ནས། ད་ནི་སེམས་ཅན་རྣམས་དབང་བསྐུར་བ་ལ་སོགས་པས་སྐལ་བ་བསྐྱེད་དེ་གསང་བ་བཤད་པར་བྱའོ། །དེ་ཡང་སྔོན་དུ་དཀྱིལ་འཁོར་མཉེས་པ་ལས་དངོས་གྲུབ་འབྱུང་བའི་ཕྱིར་བྱིན་གྱིས་བརླབས་ཤིང་མཆོད་པའི་དཀྱིལ་འཁོར་ལ་
བསྟོད་པར་བྱ་སྟེ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཆེན་པོ་ལ་བསྟོད་པ་ཞེས་བྱ་བ་སྨོས་ཏེ། ཆེན་པོ་ནི་ཡོད་པ་དང་མེད་པའི་ཡུལ་དང་། གཉིས་དང་གཉིས་མེད་ཀྱི་རྣམ་པར་རྟོག་པ་ཐམས་ཅད་ལས་འདས་པའི་ཡེ་ཤེས་ཏེ་སངས་
རྒྱས་ཀྱི་སའི་དེ་ཁོ་ན་ཉིད་དོ། །དེའི་ཕྱིར་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། ངོ་བོ་ཉིད་ཀྱི་རྣལ་འབྱོར་སྒྲོ་འདོགས་བྲལ། །གང་གིས་བལྟས་ཀྱང་དེ་ཉིད་མཐོང་བ་མིན། །དེ་ཡི་ཡོན་ཏན་གཞལ་བར་མི་ནུས་ཀྱང་། །རྣམ་དག་བསྟོད་པ་བློ་ཡིས་ངེས་པ་བརྗོད། །ཅེས་གསུངས་པའི་ཕྱིར་རོ། །ཕྱོགས་
ཙམ་ཅིག་གིས་བསྟོད་པ་བརྗོད་པར་བྱ་སྟེ། གཤིན་རྗེ་གཤེད་པོ་རབ་འཇིགས་པ། །གཏི་མུག་རྡོ་རྗེའི་ངོ་བོ་ཁྱོད། །སྟོན་པ་སངས་རྒྱས་ཀུན་རང་བཞིན། །རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད། །ཅེས་བྱ་བ་སྨོས་ཏེ། གཤིན་རྗེ་གཤེད་པོ་ནི་གཏི་མུག་རྡོ་རྗེ་སྟེ། དངོས་པོར་འཛིན་པ་དང་ཉོན་

མོངས་པའི་གཏི་མུག་རབ་ཏུ་འཇིགས་པར་བྱེད་པའོ། །གཏི་མུག་རྡོ་རྗེ་དེ་དག་ཀྱང་དབྱེར་མི་ཕྱེད་པའི་ངོ་བོ་སྟེ། ཙརྩི་ཀ་སྟེ་ཁྱོད་ཅེས་བྱའོ། །སྟོན་པ་ནི་བཅོམ་ལྡན་འདས་དེ་སྤངས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པ་སྟེ་སངས་རྒྱས་སོ། །དེ་ཀུན་གྱི་རང་བཞིན་ནི་ཐོ་བ་རྡོ་རྗེ་སྟེ། དབྱེར་མི་ཕྱེད་པའི་
རྡོ་རྗེ་ལས་སྐུའི་རིགས་སུ་མངོན་པར་སྣང་བ་རྣམས་ལ་ཕྱག་འཚལ་བ་ནི་ལུས་ངག་ཡིད་གསུམ་གྱི་སྟོབས་མ་ལུས་པ་སྟེ། དབྱངས་འཛིན་པའི་དོན་གྱིས་ན་བསྟོད་པའོ། །གཤིན་རྗེ་གཤེད་པོ་རབ་འཇིགས་པ། །ཕྲ་མ་རྡོ་རྗེའི་རང་བཞིན་ཁྱོད། །རྡོ་རྗེ་ཐུགས་དང་རབ་མཚུངས་པ། །
རིན་ཆེན་རྡོ་རྗེ་ཕྱག་འཚལ་བསྟོད། །ཅེས་བྱ་བ་སྨོས་ཏེ། གཤིན་རྗེ་གཤེད་པོ་ནི་ཕྲ་མ་རྡོ་རྗེ་སྟེ། དེས་ཉོན་མོངས་པའི་ཕྲ་མ་རབ་ཏུ་འཇོམས་པར་བྱེད་པའོ། །ཕྲ་མ་ཆེན་པོ་ནི་དབྱེར་མི་ཕྱེད་པའི་དོན་གྱིས་ན་ཕྲ་མའོ། །དེའི་ངོ་བོ་ནི་ཕག་མོ་སྟེ་ཁྱོད་ཅེས་བྱའོ། །རྡོ་རྗེ་ཐུགས་ནི་ཞེ་སྡང་རྡོ་རྗེ་སྟེ། དེ་དང་རབ་
ཏུ་མཚུངས་པ་ནི་རྡོ་རྗེ་དབྱུག་པའོ། །དབྱེར་མི་ཕྱེད་པའི་རྡོ་རྗེ་ལས་རིན་པོ་ཆེའི་རིགས་སུ་གྱུར་པ་ལ་ཕྱག་འཚལ་བ་དང་བསྟོད་པ་བྱའོ། །འདོད་ཆགས་རྡོ་རྗེའི་ངོ་བོ་ཁྱོད། །གཤིན་རྗེ་གཤེན་པོ་རབ་འཇིགས་པ། །རྡོ་རྗེ་གསུང་དང་རབ་མཚུངས་པ། །རྡོ་རྗེ་གསུང་ལ་ཕྱག་འཚལ་བསྟོད། །ཅེས་བྱ་བ་
སྨོས་ཏེ། གཤིན་རྗེ་གཤེད་པོ་ནི་འདོད་ཆགས་རྡོ་རྗེ་སྟེ། ཉོན་མོངས་པའི་འདོད་ཆགས་རབ་ཏུ་འཇིགས་པར་བྱེད་པའོ། །འདོད་ཆགས་ཆེན་པོ་ནི་དབྱེར་མི་ཕྱེད་པའི་དོན་གྱིས་ནི་རྡོ་རྗེའོ། །དེའི་ངོ་བོ་ནི་རྡོ་རྗེ་དབྱངས་ཅན་མ་སྟེ་ཁྱོད་ཅེས་བྱའོ། །རྡོ་རྗེ་གསུང་ནི་དབྱངས་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
མཆོག་ཉིད་དོ། །གཙོ་བོ་དེ་དང་རབ་ཏུ་མཚུངས་པ་ནི་པདྨ་རྡོ་རྗེའོ། །དབྱེར་མི་ཕྱེད་པའི་རྡོ་རྗེ་ལས་གསུང་གི་རིགས་སུ་མངོན་པར་འབྱུང་བ་རྣམས་ལ་ཕྱག་འཚལ་བ་དང་བསྟོད་པ་བྱའོ། །ཕྲག་དོག་རྡོ་རྗེའི་ངོ་བོ་ཁྱོད། །གཤིན་རྗེ་གཤེད་པོ་ལས་ཀུན་པ། །རྡོ་རྗེ་སྐུ་དང་རབ་ཏུ་མཚུངས། །ཕྱག་ན་རལ་གྲི་
ཕྱག་འཚལ་བསྟོད། །ཅེས་བྱ་བ་སྨོས་ཏེ། གཤིན་རྗེ་གཤེད་པོ་ནི་ཕྲག་དོག་རྡོ་རྗེ་སྟེ། ཉོན་མོངས་པའི་ཕྲག་དོག་ཟད་པར་བྱེད་པ་ལས་ཞེས་བྱའོ། །རིགས་གཞན་ཡང་འགྲུབ་པར་བྱེད་པས་ཀུན་ཞེས་བྱའོ། །དབྱེར་མི་ཕྱེད་པའི་ཡེ་ཤེས་ནི་རྡོ་རྗེ་སྟེ། སྐུ་དང་ཞེས་བྱ་བ་ནི་སྐུའི་རིགས་སུ་མངོན་པར་

བསྡུས་པའོ། །རབ་ཏུ་མཚུངས་པ་ནི་རྡོ་རྗེ་པདྨའོ། །ཕྲག་དོག་ཆེན་པོ་ནི་ཕྲག་དོག་རྡོ་རྗེ་སྟེ་དེའི་ངོ་བོ་ནི་རྡོ་རྗེ་གཽ་རཱི་མ་ཡིན་པའི་ཕྱིར་ཁྱོད་ཅེས་བྱའོ། །ཕྱག་ན་རལ་གྲི་ནི་ཕྲིན་ལས་མཐར་འབྱིན་པའི་དོན་ཏེ་དེ་ལ་ཕྱག་འཚལ་བ་དང་བསྟོད་པ་བྱའོ། །སངས་རྒྱས་ཀུན་གྱི་དངོས་པོ་ཁྱོད། །སངས་
རྒྱས་ཐམས་ཅད་གཅིག་བསྡུས་པ། །སངས་རྒྱས་ཀུན་མཆོག་གཙོ་བོའི་གཙོ། །དཀྱིལ་འཁོར་གཙོ་ལ་ཕྱག་འཚལ་བསྟོད། །ཅེས་བྱ་བ་སྨོས་ཏེ། སངས་རྒྱས་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་གྱིའོ། །དེ་ཀུན་གྱི་ངོ་བོ་ནི་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་སྟེ་ཡེ་ཤེས་ཀྱི་ཆ་ལ་ཁྱོད་ཅེས་བྱའོ། །
སངས་རྒྱས་ཐམས་ཅད་ནི་གཏི་མུག་རྡོ་རྗེ་ལ་སོགས་པའོ། །ཡབ་ཡུམ་གཉིས་སུ་མེད་པར་སྙོམས་པར་ཞུགས་ཏེ་བདེ་བའི་རོ་ལྷན་ཅིག་སྐྱེས་པ་གཅིག་གི་རང་བཞིན་དུ་བསྡུས་པའོ། །སངས་རྒྱས་ཀུན་གྱི་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་སྟེ་མཆོག་གི་སྙིང་པོའི་ཡེ་ཤེས་སེམས་དཔའ་སྟེ།
དེ་ནི་བཅོམ་ལྡན་འདས་ཀྱི་གཙོ་བོར་གྱུར་པ་སྟེ། ཞེ་སྡང་རྡོ་རྗེ་བས་ཀྱང་ལྷག་པས་ན་གཙོ་བོའི་གཙོ་ཞེས་བྱའོ། །དཀྱིལ་ནི་ཐུན་མོང་མ་ཡིན་པ་སྟེ་འཁོར་ནི་ཐུན་མོང་ངོ་། །གཙོ་བོ་ནི་མཆོག་ཏུ་གྱུར་པའི་ཞེ་སྡང་རྡོ་རྗེ་གཤིན་རྗེ་གཤེད་དོ། །དེ་ལ་ཕྱག་འཚལ་བ་དང་བསྟོད་པར་བྱའོ། །ཡོན་ཏན་
གྱི་མངོན་པར་བསྟོད་པ་དེ་དག་ཀྱང་ཡུལ་འོས་སུ་རུང་བར་བྱིན་གྱིས་བརླབས་པའི་དཀྱིལ་འཁོར་ལ་བསྟོད་དགོས་པའི་ཕྱིར་བཅོམ་ལྡན་འདས་རྣམས་ཀྱི་སྐྱེ་མཆེད་བྱིན་གྱིས་བརླབ་པར་བྱ་སྟེ། རྡོ་རྗེ་མིག་དང་། རྡོ་རྗེ་རྣ་བ་དང་། རྡོ་རྗེ་སྣ་དང་། རྡོ་རྗེ་ལྕེ་དང་། རྡོ་རྗེ་ལུས་དང་། རྡོ་རྗེ་ཐུགས་ཞེས་བཅོམ་
ལྡན་འདས་ཀྱིས་གསུངས་པ་ནི་མིག་ལ་སོགས་པ་བྱིན་གྱིས་བརླབ་པའི་ཆོ་གའོ། །ཞེས་བྱ་བ་སྨོས་ཏེ། མིག་རང་བཞིན་མེད་པར་མོས་པ་བྱས་པ་ལས་རི་བོང་ཅན་གྱི་སྟེང་དུ་ཡི་གེ་ཀྵིཾ་བཀོད་དེ། དེ་ལས་སྐྱེས་པའི་འཁོར་ལོ་ལས་ཡོངས་སུ་གྱུར་པ་གཏི་མུག་རྡོ་རྗེ་དང་འདྲ་བའི་སའི་སྙིང་པོ་བསྐྱེད་པ་ནི་རྡོ་རྗེ་མིག་གོ། །རྣ་བར་
ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཛྲྀཾ་ལས་སྐྱེས་པའི་རྡོ་རྗེ་ཡོངས་སུ་གྱུར་པ་ལས་ཞེ་སྡང་རྡོ་རྗེ་དང་འདྲ་བའི་ཕྱག་ན་རྡོ་རྗེ་བསྐྱེད་པ་ནི་རྡོ་རྗེ་རྣ་བའོ། །སྣར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཁཾ་ལས་སྐྱེས་པའི་རིན་པོ་ཆེ་ཡོངས་སུ་གྱུར་པ་ལས་ཕྲ་མ་རྡོ་རྗེ་དང་འདྲ་བའི་ནམ་མཁའི་སྙིང་པོ་ནི་རྡོ་རྗེ་སྣའོ། །

ལྕེ་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་གྷཾ་ལས་སྐྱེས་པའི་པདྨ་ཡོངས་སུ་གྱུར་པ་ལས་འདོད་ཆགས་རྡོ་རྗེ་དང་འདྲ་བའི་འཇིག་རྟེན་དབང་ཕྱུག་བསྐྱེད་པའི་རྡོ་རྗེ་ལྕེའོ། །དཔྲལ་བར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཀཾ་ལས་སྐྱེས་པའི་རལ་གྲི་ཡོངས་སུ་གྱུར་པ་ལས་ཕྲག་དོག་རྡོ་རྗེ་དང་མཚུངས་པའི་སྒྲིབ་པ་
ཐམས་ཅད་རྣམ་པར་སེལ་བ་བསྐྱེད་པ་ནི་ལུས་རྡོ་རྗེའོ། །ལྷེའུ་སྣར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་སཾ་ལས་སྐྱེས་པའི་རྡོ་རྗེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་འཛིན་པ་དང་འདྲ་བའི་ཀུན་དུ་བཟང་པོ་བསྐྱེད་པ་ནི་ཡིད་རྡོ་རྗེའོ། །བཅོམ་ལྡན་འདས་ཀྱིས་གསུངས་པ་ནི་ཚད་མ་ཉིད་དེ་མི་སླུ་བར་བྱ་བའི་དོན་ཏོ། །མིག་ལ་
སོགས་པ་བྱིན་གྱིས་བརླབ་པ་ནི་བསྐྱེད་པས་ཆོག་པ་མ་ཡིན་གྱི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་སྐྱེ་མཆེད་ཀྱི་བཅོམ་ལྡན་འདས་སྤྱན་དྲངས་ཏེ། མཆོད་པས་ཅུང་ཟད་མཉེས་པར་བྱས་ལ་གཉིས་སུ་མེད་པར་བྱ་བ་ནི་སྔར་བཞིན་ནོ། །ཆོ་ག་ཞེས་བྱ་བ་ནི་རེ་ཞིག་གསལ་བར་བྱེད་པའི་དོན་ཏོ། །དཀྱིལ་
འཁོར་ཡོངས་སུ་རྫོགས་པར་མ་བྱས་ན་གཞན་སྨིན་པར་མི་ནུས་པའི་ཕྱིར་དཀྱིལ་འཁོར་བརྩམ་པར་བྱ་སྟེ། དེ་ཡང་ལས་དང་པོ་པའི་ཤེས་པ་འཇུག་པ་ནི་དེ་ཡང་བྱ་བ་ལ་རག་ལས་པའི་ཕྱིར་ཆེད་དུ་བརྗོད་པ་དང་ཐིག་དང་ཚོན་གྱི་ཆོ་ག་བརྗོད་པར་བྱའོ། །དེ་ནས་ཡང་དག་བཤད་བྱ་བ། །འདོད་པའི་དོན་
ཀུན་སྒྲུབ་བྱེད་པ། །གཤིན་རྗེ་གཤེད་པོ་ཉིད་མཚུངས་པ། །གཤིན་རྗེ་འཇིགས་པའི་དཀྱིལ་འཁོར་རོ། །ཞེས་བྱ་བ་སྨོས་ཏེ། དེ་ནས་ཞེས་པ་ནི་ཚིག་ངེས་པར་འབྱེད་པ་དང་རྒྱན་ནོ། །ཐམས་ཅད་མཁྱེན་པའི་སྐུའི་གཙོ་བོར་གྱུར་པས་ན་ཡང་དག་གོ་གསལ་བར་བྱ་བའི་དོན་གྱིས་བཤད་པར་
བྱ་ཞེས་སོ། །འདི་ལ་དགོས་པའི་ཁྱད་པར་ཅི་ཡོད་ཅེ་ན། མ་སྨིན་པ་སྨིན་པར་ནུས་ཤིང་ཞི་བ་ལ་སོགས་པ་འདོད་པའི་དོན་དང་། ཐུན་མོང་མཆོག་གི་དངོས་གྲུབ་ཀུན་སྒྲུབ་པར་བྱེད་པའོ། །གལ་ཏེ་དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་པ་ཉིད་མཐུ་དང་ལྡན་པར་རིགས་ལ། གང་ཟག་
གིས་བྱས་པ་ལ་གོང་གི་ཡོན་ཏན་འབྱུང་བར་མི་རིགས་སོ་ཞེ་ན། གཤིན་རྗེ་གཤེད་པོ་ཉིད་མཚུངས་པ། །ཞེས་པ་སྨོས་ཏེ་ཡེ་ཤེས་ལྔ་དབྱེར་མེད་པའི་རང་བཞིན་ཉིད་དོ། །དེ་ཉིད་ཀྱི་མཐུས་མངོན་པར་རྟོགས་པས་བྱིན་གྱིས་བརླབས་པའི་དཀྱིལ་འཁོར་བདག་ལ་འཇུག་སྟེ་དེ་མཚུངས་ཞེས་བྱའོ། །

དེའི་ཕྱིར་ཐམས་ཅད་གསང་བ་ལས། རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། །རྫས་ཀྱི་ཁྱད་པར་གང་དེ་ལ། །སྐུ་གསུང་ཐུགས་ཀྱིས་བརླབས་པ་ནི། །སྔགས་པ་དཔའ་བོ་ནུས་པ་ཡིས། །ཇི་ལྟ་བ་བཞིན་འབྱུང་བ་སྟེ། །དཔེར་ན་མཆོད་སྡོང་གྲུབ་པ་ཡིས། །མཐུ་ཡི་བྱེ་བྲག་དེ་
བཞིན་ནོ། །ཞེས་འབྱུང་བ་ཉིད་ཀྱི་ཕྱིར་རོ། །དཀྱིལ་འཁོར་དེ་དག་གི་མཚན་མ་ཡང་ཅི་ཞེ་ན། གཤིན་རྗེ་ཞེས་བྱ་བ་ནི་ལྔའོ། །འཇིགས་པ་ནི་ཟད་པར་བྱེད་པའི་དོན་དེ་གཤེད་དོ། །དཀྱིལ་འཁོར་ནི་བཤད་ཟིན་ཏོ། །ཆེད་དུ་བརྗོད་པ་དང་ལྡན་པའི་དཀྱིལ་འཁོར་དེ་དག་ཀྱང་སྟ་གོན་ཆོ་ག་སྔོན་དུ་
སོང་བས་ནང་པར་ཉི་མ་འཆར་ཀར་ཐིག་གདབ་པར་བྱའོ། །སྐུད་པ་སར་པ་ལེགས་བསྒྲིམས་པ། །ལེགས་པའི་ཚད་ལ་མཛེས་པ་ཡི། །སྐུད་པ་ཤེས་པས་ཐིག་གདབ་པ། །གཤིན་རྗེ་ཚོགས་ཀྱི་དཀྱིལ་འཁོར་རོ། །ཞེས་བྱ་བ་སྨོས་སོ། །སྐུད་པ་ནི་སྲད་བུའོ། །སར་པ་ནི་སྨས་པ་དང་
ཉམས་པར་མ་གྱུར་པའོ། །ལེགས་པ་ནི་ལྔ་བསྒྲིལ་ཞིང་འཇུར་བ་ལ་སོགས་པ་མེད་པའོ། །བསྒྲིམས་པ་ནི་བུ་མོ་གཞོན་ནུ་མས་ལེགས་པར་བཀལ་བའོ། །ལེགས་པའི་ཚད་ལ་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་ཉིས་འགྱུར་ལ་སྒོའི་ཉི་ཤུའི་ཚད་དོ། །མཛེས་པ་ནི་འཇམ་པ་ལ་སྣུམ་པར་
བསྒྲིལ་ཞིང་དྲི་ཁྱད་པར་ཅན་གྱིས་བསྒོས་པའི་སྐུད་པ་ཤེས་པས་ཞེས་བྱ་བ་ནི་ཤེས་རབ་ཅན་ཏེ་མཁས་པའོ། །དེ་ཡང་ཡེ་ཤེས་ཀྱི་ཐིག་དང་ལས་ཀྱི་ཐིག་སྟེ། ཡེ་ཤེས་ཀྱི་ཐིག་ནི་སྔར་ལྔར་བསྒྲིལ་བའི་དོག་པ་ཁ་དོག་ལྔར་བྱས་པ་དག་སྣོད་བཟང་པོའི་ནང་དུ་གོ་རིམས་ཀྱིས་བཞག་
སྟེ། ཡིག་འབྲུ་ལྔར་བྱིན་གྱིས་བརླབས་ལ་སྐུད་པས་ནམ་མཁའ་ལ་གདབ་པ་ནི་ལེའུ་བཅུ་བཞི་པ་ལས་གསལ་ལོ། །ལས་ཀྱི་ཐིག་གིས་དཀྱིལ་འཁོར་གྱི་ཆ་དགོད་པ་ཡང་ལེའུ་བཅུ་བཞི་པ་ལས་སྒོ་ནི་དཀྱིལ་འཁོར་བརྒྱད་ཆ་ལ་སོགས་པས་བཤད་དོ། །དེ་ལྟར་ཐིག་གདབ་པ་ནི་གཤིན་རྗེ་
གཤེད་ལྷ་བཅུ་བདུན་པའི་ཚོགས་ཀྱི་དཀྱིལ་འཁོར་རོ། །དེ་ལྟར་ཐིག་གདབ་པའི་དཀྱིལ་འཁོར་ལ་ཚོན་བྲི་བར་བྱ་སྟེ། མཚན་རྣམས་ཐམས་ཅད་རབ་རྫོགས་ཤིང་། །བར་ཆད་ཐམས་ཅད་རབ་ཉམས་པའི། །ཞི་བ་ལ་སོགས་རབ་འཇུག་པའི། །དཀྱིལ་འཁོར་འཁོར་ལོའི་ཆ་བྱད་ལ། །རྩེ་

མོ་ལྔ་དང་མཉམ་ལྡན་པའི། །ལས་ཀྱི་རྡོ་རྗེ་དེ་ལ་བྲི། །ཞེས་བྱ་བ་སྨོས་ཏེ། མཚན་ནི་སུམ་ཅུ་རྩ་གཉིས་རྣམས་ཞེས་པའོ། །མཚན་ནི་དཔེ་བྱད་བཟང་པོ་བརྒྱད་ཅུ་སྟེ་དེ་རབ་ཏུ་རྫོགས་པའི་རྒྱུར་གྱུར་པའོ། །ཤིང་ཞེས་བྱ་བ་ནི་ངེས་པར་འབྱིན་པའི་རྒྱུའོ། །བར་ཆད་ནི་ཕྱི་དང་ནང་དང་ཤིན་ཏུ་གསང་
བའི་བར་ཆད་དོ། །ཐམས་ཅད་རབ་ཏུ་ཉམས་པར་བྱེད་པ་ནི་དཀྱིལ་འཁོར་འདིའི་བྱིན་གྱིས་རླབས་སོ། །ཞི་བ་ལ་སོགས་པ་ནི་རྒྱས་པ་ལ་སོགས་པ་གཞན་ཡང་ངོ་། །དཀྱིལ་འཁོར་འདི་ལ་རབ་ཏུ་འཇུག་པས་རྒྱུད་ཐམས་ཅད་ཀྱི་ཐོགས་པ་མེད་པར་རབ་ཏུ་འཇུག་པར་འགྱུར་རོ། །དཀྱིལ་འཁོར་
ནི་བཅོམ་ལྡན་འདས་རྣམས་སོ། །འཁོར་ལོ་ལ་ནི་གཞལ་ཡས་ཁང་ངོ་། །ཆ་བྱད་ནི་ཁ་དོག་དང་དབྱིབས་སོ། །རྩེ་མོ་ལྔ་ནི་ཕྱོགས་རེ་རེ་སྟེ་འཇིག་ཚོགས་ཀྱི་རི་བོ་ཉི་ཤུ་འཇོམས་པར་བྱ་བའི་དོན་ཏོ། །མཉམ་ལྡན་པའི་ཞེས་བྱ་བ་ནི་མི་མཉམ་པ་མེད་པ་སྟེ་ནོར་བུ་རིན་པོ་ཆེ་མུ་ས་ར་གལ་པའི་རི་མོ་བཞིན་
ནོ། །ལས་ནི་སྣ་ཚོགས་རྡོ་རྗེ་སྟེ་དབྱིབས་སོ། །དེ་ལ་བྲི་ཞེས་བྱ་བ་ནི་སྟ་གོན་བྱས་པའི་ས་གཞི་ཐིག་བཏབ་པ་དེ་ལ་ཚད་དང་མཐུན་པར་བྲིའོ། །དེ་དག་གི་ཁ་དོག་དང་བྱེ་བྲག་ཀྱང་ལེའུ་བཅུ་བཞི་པ་ལས། ཤར་དུ་དཀར་པོ་ཆེན་པོ་སྟེ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡང་དེ་ཉིད་ལས། དེ་ལ་ཕྱག་རྒྱ་དགོད་
པར་བྱ། །ཞེས་བྱ་བ་ནི་འདི་ཉིད་དེ། །རྡོ་རྗེ་འབར་བ་དཀྲིགས་པ་ཡི། །རྡོ་རྗེ་དེ་ཡི་དབུས་སུ་བྲི། །འཁོར་ལོ་འོད་ཀྱིས་དཀྲིགས་བསྐོར་བའི། །འཁོར་ལོ་ཤར་གྱི་ཕྱོགས་སུ་བྲི། །འོད་ཀྱི་ཕྲེང་བ་མཉམ་འཕྲོ་བའི། །རིན་པོ་ཆེ་ནི་ལྷོ་རུ་བྲི། །པདྨ་རཱ་གའི་མདངས་འདྲའི་འོད། །པདྨ་ནུབ་ཀྱི་ཕྱོགས་སུ་བྲི། །
འོད་ཟེར་ལྔ་དང་མཉམ་ལྡན་པའི། །རལ་གྲི་བྱང་གི་ཕྱོགས་སུ་བྲི། །ཤར་ལྷོའི་མཚམས་སུ་འཁོར་ལོ་བྲི། །ལྷོ་ནུབ་རྡོ་རྗེ་བྲི་བར་བྱ། །ནུབ་བྱང་པདྨའི་མེ་ཏོག་ནི། །ཡུ་བ་དང་བཅས་ཁ་དོག་གསལ། །འོད་ཀྱི་ཕྲེང་བ་མཉམ་འཕྲོ་བ། །ཨུཏྤལ་རལ་གྲི་བྱང་དུ་བྲི། །ཤར་གྱི་སྒོར་ནི་ཐོ་བ་བྲི། །
དབྱུག་པ་དེ་བཞིན་ལྷོ་ཡི་སྒོར། །འདམ་ལས་སྐྱེས་པ་ནུབ་ཀྱི་སྒོར། །བྱང་དུ་རྡོ་རྗེ་རལ་གྲིའོ། །ཞེས་བྱ་བ་སྨོས་ཏེ། རྡོ་རྗེ་འབར་བ་ནི་འོད་འཕྲོ་བའོ། །དཀྲིགས་པ་ནི་འོད་ཀྱི་ཕྲེང་བའོ། །རྡོ་རྗེ་ནི་དེ་བཞིན་གཤེགས་པའི་རྡོ་རྗེ་སྟེ། སྣ་ཚོགས་རྡོ་རྗེའི་དབུས་སུ་ཤར་དུ་ཕྱོགས་པར་བྲིའོ། །འཁོར་ལོ་

འོད་ཀྱི་ཞེས་བྱ་བ་ནི་འོད་ཟེར་འཕྲོ་བ་སྟེ། དཀྲིགས་པ་ནི་འོད་ཀྱི་ཕྲེང་བས་བསྐོར་བའོ། །འཁོར་ནི་ཆོས་ཀྱི་འཁོར་ལོ་སྟེ་ཤར་ཕྱོགས་ཀྱི་རའི་དཀྱིལ་དུ་གཙོ་བོའི་མདུན་ལ་ཕྱོགས་པར་བྲིའོ། །འོད་ཀྱི་ཕྲེང་བ་ནི་སྣ་ཚོགས་པའི་འོད་ཟེར་རོ། །མཉམ་འཕྲོ་བ་ཞེས་པ་ནི་ཕྱོགས་མེད་པར་འཕྲོ་
བའོ། །རིན་པོ་ཆེ་ཟུར་བརྒྱད་པ་སྟེ་ལྷོའི་ཕྱོགས་ཀྱི་རའི་དཀྱིལ་དུ་གཙོ་བོའི་གཡས་ལ་ཕྱོགས་པར་བྲིའོ། །པདྨ་རཱ་ག་ནི་ཤིན་ཏུ་དམར་བའི་མདངས་སོ། །དེ་དང་འདྲ་བའི་འོད་འཕྲོ་བ་ནི་པདྨ་རབ་ཏུ་རྒྱས་པ་སྟེ། ནུབ་ཕྱོགས་ཀྱི་རྡོ་རྗེའི་རའི་དཀྱིལ་དུ་གཙོ་བོའི་རྒྱབ་ལ་ཕྱོགས་པར་བྲིའོ། །འོད་ཟེར་ནི་དཀར་
སེར་དམར་ལྗང་མཐིང་ག་སྟེ་ལྔའོ། །དེ་དང་མཉམ་པར་ལྡན་པའི་འོད་འཕྲོ་བ་ནི་རལ་གྲི་འབར་བའོ། །དེ་བྱང་ཕྱོགས་སུ་རྡོ་རྗེ་རའི་དཀྱིལ་དུ་གཙོ་བོའི་གཡོན་ལ་ཕྱོགས་པར་བྲིའོ། །དེ་ལྟར་བཞི་ནི་སོར་དྲུག་པའི་ཚད་དོ། །ཤར་ལྷོའི་མཚམས་ཀྱི་འཁོར་ལོ་ནི་ཤར་གྱི་འཁོར་ལོ་དང་མཚུངས་པར་བྲིའོ། །
ལྷོ་ནུབ་མཚམས་ཀྱི་རྡོ་རྗེ་ནི་དབུས་ཀྱི་རྡོ་རྗེ་དང་མཚུངས་པར་བྲི་བར་བྱའོ། །ནུབ་བྱང་མཚམས་ཀྱི་པདྨའི་མེ་ཏོག་ནི་ཡུ་བ་སྟེ་རྩ་བ་དང་བཅས་པའོ། །དེ་ཡང་ཁ་ཕྱེ་བའི་ནང་ནས་སྐྱེས་པ་རབ་ཏུ་རྒྱས་པ་ན་གསལ་བའོ། །དེ་དག་ཐམས་ཅད་ཀྱང་འོད་ཀྱི་ཕྲེང་བ་གཙོ་བོ་རྣམས་དང་མཉམ་པར་འཕྲོ་བ་
བྲི་བར་བྱའོ། །ཨུཏྤ་ལ་ནི་རྩ་བ་སྟེ་དེ་ལས་སྐྱེས་པའི་རལ་གྲི་བྱང་ཤར་མཚམས་སུ་བྲིའོ། །དེ་དག་ཐམས་ཅད་ཀྱང་གཙོ་བོ་ལ་མངོན་པར་ཕྱོགས་ཤིང་སོར་བཞི་པའི་ཚད་དོ། །ཤར་གྱི་སྒོར་ཐོ་བ་ནི་རྩིབས་ཉི་ཤུའོ། །དབྱུག་པ་རྡོ་རྗེས་མཚན་པ་དེ་བཞིན་དུ་ལྷོའི་སྒོར་བྲིའོ། །མཚོའི་འདམ་ལས་སྐྱེས་
པ་ནི་པདྨ་སྟེ་ནུབ་ཀྱི་སྒོར་བྲིའོ། །བྱང་དུ་རྡོ་རྗེ་ཡུ་བ་ཅན་གྱི་རལ་གྲི་སོར་ལྔ་པའི་ཚད་ཙམ་ལ་སྔར་བཞིན་འོད་རབ་ཏུ་འཁྲུགས་པས་དངོས་གྲུབ་འདོད་པ་དང་བར་ཆད་སེལ་བའི་བྱེ་བྲག་གིས་ནང་དང་ཕྱིར་མངོན་པར་ཕྱོགས་པ་དག་བྲི་བར་བྱའོ། །དེ་དག་ཐམས་ཅད་ཀྱང་རེག་ལ་མ་རེག་པ་ནི་རབ་ཏུ་ངོ་མཚར་
བའོ། །དེ་དག་ཐམས་ཅད་ཀྱི་མདོག་ནི་ལེའུ་བཅུ་བཞི་པ་ལས་ཕྱག་མཚན་ཀུན་ཞལ་དང་མཚུངས་པའི་ཕྱིར་རོ། །དེ་དག་བྲི་བའི་ཐབས་ཀྱང་། ལས་ཀྱི་ཆོ་ག་མཐོང་ནས་ནི། །ཞེས་འདི་ཉིད་ལས་བྱུང་བ་ཉིད་དོ། །དེ་ལྟར་རྫོགས་པའི་དཀྱིལ་འཁོར་བྱིན་གྱིས་བརླབ་པར་བྱ་བ་ནི། ཤེས་པས་

དཀྱིལ་འཁོར་རྫོགས་པ་ལ། །ཞེས་བྱ་བ་སྨོས་ཏེ། ཤེས་པས་ཞེས་བྱ་བ་ནི་ཤེས་རབ་ཅན་བསྙེན་ཅིང་སྒྲུབ་པ་ལ་རབ་ཏུ་རྫོགས་པའོ། །དཀྱིལ་འཁོར་རྫོགས་པ་ལ་ཞེས་བྱ་བ་ནི་རྣལ་འབྱོར་བཞིས་ཡོངས་སུ་སྨིན་པར་བྱས་པའོ། །དེ་ལྟར་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་ལ་མཆོད་
པས་མཉེས་པར་བྱ་བ་ནི། མཆོད་པ་ཁྱད་པར་འཕགས་པ་ནི། །འདོད་པའི་ཡོན་ཏན་ལྔ་དག་གིས། །འཇིགས་པ་མེད་པར་མངོན་པར་མཆོད། །ཅེས་བྱ་བ་སྨོས་ཏེ། མཆོད་པ་ནི་དགྱེས་པ་བསྐྱེད་པར་བྱ་བའི་ཐབས་སོ། །དེ་ཡང་ཕྱི་དང་ནང་དང་། གསང་བ་དང་བླ་ན་མེད་པའོ། །ཁྱད་པར་
འཕགས་པ་ནི་ཏིང་ངེ་འཛིན་གྱི་མཐུ་མ་ལུས་པའི་ཆོ་འཕྲུལ་ལོ། །འདོད་པའི་ཡོན་ཏན་ལྔ་དག་གིས། །ཞེས་བྱ་བ་ནི་དེ་དག་ཐམས་ཅད་ཀྱི་གཞི་ཡང་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་དག་ཏུ་མཐུན་ནོ། །མཆོད་པའི་དུས་སུ་འཇིགས་པ་མེད་པར་བྱ་བ་ནི་དོགས་པ་དང་ངེས་པའི་ཤེས་པ་དང་བྲལ་བ་
དང་། དངོས་པོར་ལྟ་བ་དང་རེ་བ་དང་བཅས་པ་མེད་པས་མངོན་པར་མཆོད་པ་ཁོ་ནའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེ་གཤེད་ནག་པོའི་རྒྱུད་བཤད་ཟིན་ཏོ། །དཀྱིལ་ནི་སྙིང་པོ་སྟེ་འཁོར་ནི་ལེན་པའོ། །ཆེན་པོ་ནི་རྒྱུའི་གཙོ་བོའོ། །རིམ་པར་ཕྱེ་བ་ནི་དཀྱིལ་འཁོར་
གསལ་བར་བྱས་པའི་དོན་ཏོ། །གཉིས་པ་ནི་དང་པོ་ལ་ལྟོས་ནས་གཞག་པའོ། །ནག་པོ་ཞབས་ཀྱིས་བཤད་པའི་ལེའུ་གཉིས་པ་གསལ་བར་བྱས་པའོ།། །།དཀྱིལ་འཁོར་ཆེན་པོ་དེ་དག་ཀྱང་གསོལ་བ་མ་བཏབ་པར་བྲི་བར་མི་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། དངོས་གྲུབ་ནི་བླ་མ་ལ་
རག་ལས་ཤིང་དེ་ཡང་གསོལ་བ་བཏབ་པ་ལས་མངོན་པར་རྙེད་པར་བྱ་བའི་ཕྱིར་དང་མ་འོངས་པའི་འགྲོ་བ་རྣམས་སྐལ་བ་བཟང་པོ་ལ་བསླབ་པའི་ཕྱིར་དང་། དེ་བཞིན་གཤེགས་པ་ལ་གསོལ་བ་གདབ་པར་བྱ་སྟེ། དེ་ཡང་བསྟོད་པ་སྔོན་དུ་འགྲོ་བ་དག་གིས་སོ། །དེའི་ཕྱིར་དེ་ནས་བཅོམ་ལྡན་འདས་དེ་
བཞིན་གཤེགས་པ་ཐམས་ཅད་ཀྱིས་བསྟོད་པའི་རྒྱལ་པོ་འདིས་བསྟོད་ནས་ཞེས་བྱ་བ་སྨོས་སོ། །གསོལ་བ་བཏབ་པ་ཞེས་བྱ་བ་ནི་མཆོག་ཏུ་གྱུར་པའི་གཙོ་བོ་དེ་དག་ལ་ཇི་ལྟར་གསོལ་བ་གདབ་ཅེ་ན། གཤིན་རྗེ་གཤེད་འཇིགས་དཀྱིལ་འཁོར་ནི། །དཀྱིལ་འཁོར་ཀུན་གྱི་གཙོར་གྱུར་པ། །

སྡིག་པ་ཐམས་ཅད་འཇོམས་པ་ཡི། །མགོན་པོས་དཀྱིལ་འཁོར་བྲི་བར་མཛོད། །ཅེས་བྱ་བ་སྨོས་ཏེ། གཤིན་རྗེ་གཤེད་སྨོས་པར་ཟད་དེ་འཇིགས་པ་ནི་དགྲ་རྣམས་སོ། །ལེན་པར་གྱུར་པ་རབ་ཏུ་ཐོས་པ་ན་དཀྱིལ་འཁོར་རོ། །དཀྱིལ་འཁོར་ཀུན་གྱི་གཙོར་གྱུར་པ་ནི་
འདིར་དབང་བསྐུར་བའི་སྒྲུབ་པ་པོས་དཀྱིལ་འཁོར་ཐམས་ཅད་ཀྱི་ཡེ་ཤེས་ཐོབ་པར་གྱུར་པས་ནའོ། །སྲོག་གཅོད་པ་ལ་སོགས་པའི་སྡིག་པ་ཐམས་ཅད་ཟད་པར་བྱེད་པས་ན་འཇོམས་པའོ། །མགོན་པོས་ནི་དཀྱིལ་འཁོར་གྱི་བདག་པོ་དང་ཐ་མི་དད་པའི་རྡོ་རྗེ་སློབ་དཔོན་ནོ། །དཀྱིལ་འཁོར་ནི་
སྔར་བཤད་པ་བཞིན་བྲི་བར་མཛོད་ཅེས་བྱ་བའི་ཐ་ཚིག་གོ། །དེ་ནས་རྣལ་འབྱོར་ཆེན་པོ་རྒྱས་པར་གསུངས་པ་ནི་བདུད་རྩི་མྱང་བ་དང་དགུག་གཞུག་བྱ་བ་སྟེ། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོ་ཉིད་ཀྱི་སྐུ་གསུང་ཐུགས་ལས་བདུད་རྩི་མྱང་བའི་ཆོ་ག་ངེས་པར་ཕྱུང་བ། ཨོཾ་ཨཱཿཧཱུྃ།
རྡོ་རྗེ་ལྕེ་ཡི་སྦྱོར་བ་ཡིས། །རྡོ་རྗེ་ཅན་ཀུན་མཉེས་པ་དང་། །རྫོགས་པའི་སངས་རྒྱས་ཐམས་ཅད་གཞུག །ཡེ་ཤེས་འབྱུང་གནས་ངོ་བོ་ཉིད། །དགུག་པ་དང་ནི་གཞུག་པ་དང་། །བཅིང་དང་དེ་བཞིན་དབང་བྱ་ཉིད། །ཐོ་བ་ལ་སོགས་སྔགས་བཞི་ཡིས། །མཉམ་པར་བཞག་པས་རྣམ་པར་བསྒོམ། །
ཞེས་བྱ་བ་སྨོས་ཏེ། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་ནི་ཡེ་ཤེས་ལྔའི་ངོ་བོ་ཉིད་དེ་བཞིན་གཤེགས་པ་ལྔའོ། །དེ་རྣམས་ཀྱི་དེའི་བདག་ཉིད་འཛིན་པའོ། །ཆེན་པོ་ནི་བྱང་ཆུབ་ཀྱི་སེམས་རྡོ་རྗེའོ། །ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་རྣམས་ལས་བདུད་རྩི་ཞེས་བྱ་བ་ནི་ཆོས་ཐམས་ཅད་རོ་གཅིག་པའི་
བྱང་ཆུབ་ཀྱི་སེམས་སོ། །མྱང་བ་ནི་བདག་ཉིད་ཀྱིས་ཏེ་དངོས་སུ་སྟེ་འདའ་བར་མི་ནུས་པས་ན་དམ་ཚིག་གི་ཆོ་གའོ། །ངེས་པར་ཕྱུང་བ་ཞེས་བྱ་བ་ནི་དེའི་བདག་ཉིད་བདག་གིས་མངོན་པར་སྤྲོས་པའོ། །དེའི་བྱིན་གྱིས་བརླབ་པའི་ཆོ་ག་ནི། ཨོཾ་ཨཱཿཧཱུྃ། ཆོས་ཐམས་ཅད་སྐྱེ་བ་མེད་པ་ཉིད་ནི་
ཨའོ། །སྐྱེས་པ་མ་སྤངས་པ་ཨོའོ། །སྐྱེས་པ་ཐམས་ཅད་ཀྱི་རང་བཞིན་ཆུ་ཟླ་ལྟ་བུར་རྟོགས་པ་ནི་མའོ། །འདི་དག་འདུས་པ་ལ་ཨོཾ་ཞེས་བྱའོ། །ཆོས་ཐམས་ཅད་གདོད་མ་ནས་མ་སྐྱེས་པ་ནི་ཨཱཿསྟེ་མཚན་མ་མེད་ཅེས་པའི་དོན་ཏོ། །རང་བཞིན་མེད་པ་ལས་རང་བཞིན་མེད་པའི་ཆོས་རབ་

ཏུ་ཕྱུང་སྟེ་ཟད་པ་མེད་པའི་ཆོས་ཐམས་ཅད་ངོ་བོ་ཉིད་རྒྱུ་མེད་པ་སྟེ་ཧའོ། །རྣམ་པར་དཔྱད་པས་དཔྱད་པ་ཉིད་མངོན་པར་སྤངས་པ་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དེ་ཨུའོ། །དེའི་ཕྱིར་འདི་ལྟར་སྨོན་པའི་དངོས་པོ་ཉིད་པས་སྒྱུ་མ་ལྟ་བུའོ། །འདི་རྣམས་འདུས་པ་ནི་ཧཱུྃ་ངོ་། །བདུད་རྩི་རྣམ་པ་ལྔ་
ཉེ་བར་སྤྱོད་པ་ནི་དེའི་དོན་གྱིས་དམ་ཚིག་ལས་འདའ་བར་མི་ནུས་པ་སྟེ། དེ་བྱིན་གྱིས་བརླབ་པའི་སྔགས་ཀྱིས་ངོ་བོ་ངེས་པར་ཕྱུང་བའོ། །དེའི་ཕྱིར་ཨོཾ་ཨཱཿཧཱུཾ་གིས་བྱིན་གྱིས་བརླབ་པའོ། །དེ་མྱང་བའི་ཐབས་ནི་ལྕེ་མི་དམིགས་པའི་སྦྱོར་བས་ཡི་གེ་ཧཱུྃ་ལས་སྐྱེས་པའི་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ཁོང་སེང་ཅན་
བསྐྱེད་པར་བྱའོ། །དེ་ནི་རྡོ་རྗེ་ལྕེ་ཞེས་བྱ་སྟེ་འོད་ཟེར་སྦུ་གུའི་དབྱིབས་ཀྱི་སྦྱོར་བས་རྡོ་རྗེ་ཅན་ཀུན་མཉེས་པར་བྱའོ། །ཡང་ན་རྡོ་རྗེ་ནི་མེ་ལོང་ལྟ་བུ་དང་མཉམ་པ་ཉིད་དང་སོ་སོར་རྟོག་པ་དང་བྱ་བ་ནན་ཏན་ནོ། །ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་སོ། །དེའི་ཕྱིར་དཔལ་གསང་བ་འདུས་པ་ལས་
ཀྱང་རྒྱུ་ལྔ་རྡོ་རྗེ་ཞེས་གསུངས་སོ། །དེ་ལ་ཡོད་པས་རྡོ་རྗེ་ཅན་ནོ། །ཡེ་ཤེས་ཀྱི་བདག་ཉིད་ཅན་ནི་དེ་བཞིན་གཤེགས་པ་ལྔ་སྟེ་དེ་རྣམས་ཐམས་ཅད་རྡོ་རྗེ་ཅན་ནོ། །ཐམས་ཅད་ཀྱི་སྒྲས་ནི་རིགས་ཐམས་ཅད་ཀྱི་ཡོངས་སུ་གཟུང་ངོ་། །དེ་ཡང་བདག་གི་བླ་མའི་ཞལ་ནས་ནི་མ་ལུས་པའི་འཇིག་རྟེན་
གསུམ་ན་བཞུགས་པའི་སངས་རྒྱས་འཁོར་དང་བཅས་པ་ཐམས་ཅད་རང་གི་ལུས་ལ་བཅུག་སྟེ་བདུད་རྩི་མྱང་བ་བྱའོ་ཞེས་གསུངས་སོ། །བདུད་རྩི་སྒྲུབ་པ་གསུངས་པ་ནི། རྫོགས་པའི་སངས་རྒྱས་ཐམས་ཅད་བཞུགས། །ཞེས་བྱ་བ་སྟེ། དེ་ཡང་རླུང་དང་མེ་དང་ཐོད་པ་ལ་གནས་པའི་པདྨའི་སྣོད་དུ་
དབུས་དང་ཕྱོགས་ཀྱི་བྱེ་བྲག་གིས། བི་མུ་ཤུར་མ་དང་། དྷ་ཧ་ན་གྷོ་ཀུ་ཁ་རྡོ་རྗེས་བརྒྱན་པ་བྱས་དག་པ་འོད་ཟེར་གྱིས་བསྐྱོད་ཅིང་སྤངས་པས་རབ་ཏུ་ཞུ་ནས་ཨོཾ་གྱི་འོད་ཟེར་གྱིས་བཀུག་པའི་རིགས་ལྔའི་རྡོ་རྗེ་དང་བཅས་པ་གཅིག་ཏུ་ཞུགས་པར་བྱས་ཏེ་བྱིན་གྱིས་བརླབ་པའི་དོན་ཏོ། །དམ་ཚིག་གི་དཀྱིལ་འཁོར་
རྫོགས་པ་ལ་ཡེ་ཤེས་ཀྱི་དཀྱིལ་འཁོར་ཡོངས་སུ་གཞུག་པ་ནི། ཡེ་ཤེས་འབྱུང་གནས་ཞེས་བྱ་བ་སྨོས་ཏེ། ཡེ་ཤེས་རྣམ་པ་ལྔའི་དོན་ཏོ། །ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་ངོ་བོ་ཉིད་ཅེས་བྱའོ། །དམ་ཚིག་གི་འཁོར་ལོ་དང་མཐུན་པས་ཀྱང་ངོ་བོ་ཉིད་དོ། །ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས་

ལ་བགེགས་བསྐྲད་པར་བྱ་བ་སྟེ། དགུག་པར་བྱ་བ་ནི་དཀྱིལ་འཁོར་དང་ཉེ་བ་ཉིད་དུ་སྤྱན་དྲངས་པའོ། །གཞུག་པ་ནི་དཀྱིལ་འཁོར་ཉིད་དུའོ། །བཅིང་བ་ནི་དམ་ཚིག་དང་གཉིས་སུ་མེད་པའི་མི་གཡོ་བའི་ངོ་བོའོ། །དབང་ཞེས་བྱ་བ་ནི་དགྱེས་པ་བསྐྱེད་པ་ཉིད་དོ། །ཐོ་བ་ལ་སོགས་ཞེས་
བྱ་བ་ནི་ལེའུ་བཅུ་པ་ལས་ཤེས་པར་བྱའོ། །སྔགས་ནི་གོང་དུ་བཤད་པ་ལ་ཛཿཧཱུཾ་བཾ་ཧོཿལྷག་པ་ཉིད་དུ་བརྗོད་པར་བྱའོ། །བཞི་ཡིས་ཞེས་བྱ་བ་ནི་དབྱུག་པ་དང་། པདྨ་དང་རལ་གྲིའོ། །མཉམ་པར་གཞག་པ་ནི་དཀྱིལ་འཁོར་གྱི་བདག་པོའི་ང་རྒྱལ་ཏེ། རྣམ་པར་བསྒོམ་པ་ནི་ཐོ་བ་ལ་སོགས་པའི་ང་རྒྱལ་
འཛིན་པ་ཉིད་ཀྱིས་སོ། །དེ་ལྟ་བུའི་དཀྱིལ་འཁོར་གྱི་ཆོགས་དེ་དག་ཀྱང་གང་ལ་གནས་ཏེ་གང་ལ་བསྒོམ་པར་བྱ་ཞེ་ན། མ་ཧེ་རྡོ་རྗེ་གདན་ཉིད་ལ། །དཀྱིལ་འཁོར་གཙོ་བོ་རྣམ་བསྒོམ་བྱ། །ཟླ་བའི་དཀྱིལ་འཁོར་དབུས་གནས་པ། །གཏི་མུག་རྡོ་རྗེ་རྣམ་བསྒོམ་བྱ། །རྟ་བདུན་ལྡན་པའི་
དབུས་གནས་པར། །ཕྲ་མ་ཞེས་བྱ་རྣམ་བསྒོམ་བྱ། །དཀྱིལ་འཁོར་དམར་པོའི་དབུས་གནས་པ། །འདོད་ཆགས་རྡོ་རྗེ་རྣམ་བསྒོམ་བྱ། །ལས་ཀྱི་དཀྱིལ་འཁོར་དབུས་བཞུགས་པ། །རྡོ་རྗེ་ལས་ནི་བསྒོམ་པར་བྱ། །ཞེས་བྱ་བ་སྨོས་ཏེ། དཀྱིལ་འཁོར་གྱི་གཙོ་བོ་ནི་མ་ཧེ་སེར་སྐྱའམ་
སྔོན་པོ་སྟེ་ཁ་ལྷོ་ཕྱོགས་སུ་བལྟས་པ་དག་ནི་རྡོ་རྗེ་གཤིན་རྗེ་གཤེད་ཀྱི་གདན་ནོ། །ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་གཏི་མུག་རྡོ་རྗེའོ། །རྟ་བདུན་དང་ལྡན་པ་ནི་བདུན་གྱི་བདུན་དང་ལྡན་པ་སྟེ་ཉི་མའོ། །དེའི་དབུས་སུ་ཕྲ་མ་རྡོ་རྗེའོ། །དཀྱིལ་འཁོར་དམར་པོ་ཉི་མ་སྟེ་དེའི་དབུས་སུ་འདོད་
ཆགས་རྡོ་རྗེའོ། །རྡོ་རྗེ་ལས་ནི་དཀྱིལ་འཁོར་ལྗང་གུ་ལས་ཀྱི་རིགས་ཏེ་དེ་ནས་ཡང་ཉི་མའི་དཀྱིལ་འཁོར་རོ། །དེའི་དབུས་སུ་རྡོ་རྗེ་ལས་སོ། །ཞི་བ་གཏི་མུག་རྡོ་རྗེ་སྟེ། །རྒྱས་པ་དེ་བཞིན་ཕྲ་མ་ཡིས། །འདོད་ཆགས་རྡོ་རྗེ་དབང་དུ་བྱས། །རྡོ་རྗེ་ལས་ཀྱི་ཐམས་ཅད་དུ། །ཞེས་བྱ་བ་ནི་ལེའུ་དང་པོ་
ལས་གསལ་བར་བཤད་དོ། །གལ་ཏེ་འདིར་སྨོས་པ་ལ་དགོས་པ་མེད་དོ་ཞེ་ན། བསྒོམ་པའི་ཞར་ལས་བྱུང་བའི་ཕྱིར་དང་། ལས་སྦྱོར་གྱི་སྔོན་དུ་རིགས་ཀྱི་བསྙེན་པ་འགྲོ་བའི་ཕྱིར་རོ། །ད་ནི་རྣལ་འབྱོར་པ་མཚན་མ་ཐོབ་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་མི་ནུས་པ་ལ་མིག་སྨན་ལ་སོགས་པའི་

དངོས་གྲུབ་གསུངས་པ་ནི། རྡོ་རྗེ་ལས་ཀྱི་སྦྱོར་བ་ཡིས། །མི་ཡི་ཚིལ་བུ་ཐོད་པར་གཞག །དེ་བཞིན་མི་སྐྲས་སྡོང་བུ་བྱ། །དུར་ཁྲོད་དག་ཏུ་དུ་བ་བསྒྲུབ། །མིག་སྨིན་དག་ནི་དེ་བཞིན་དུ། །མིག་སྨན་ལས་ཀྱིས་བསྒོམས་པ་ལ། །ལས་ཀྱི་བཟླས་པའི་སྦྱོར་བ་ཡིས། །མིག་སྨན་འདི་ནི་
འགྲུབ་པར་འགྱུར། །ཞེས་བྱ་བ་སྨོས་ཏེ། རྡོ་རྗེ་ལས་ཀྱི་སྦྱོར་བ་ཞེས་བྱ་བ་ནི་ཚོགས་བསགས་པ་སྔོན་དུ་འགྲོ་བས་སྲུང་བའི་འཁོར་ལོ་དང་ལྡན་པའི་ནང་དུ་རཾ་ལས་བསྐྱེད་པའི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་དྷས་རབ་ཏུ་བརྒྱན་པར་བྱའོ། །དེ་ལ་རལ་གྲི་འབར་བས་རབ་ཏུ་བརྒྱན་པས་རྡོ་རྗེ་
ལས་རིག་པ་དང་བཅས་པ་བསྐྱེད་པར་བྱའོ། །དེ་ནས། ཨ་པྲཛྙཱ་དྷྲྀཀ་ཧཱུཾ་ཧཱུཾ་ཕཊ་ཕཊ་བསྙེན་པ་འབུམ་བྱའོ། །མིའི་ཚིལ་བུ་ནི་ལྕགས་ཀྱི་སྣོད་དུ་ལེགས་པར་བཞུ་བ་དག་གོ། །རྩེ་མོ་ཅན་གྱིས་ཕུག་པ་དང་། སྟེང་དུ་བཏགས་པ་དང་། མཚོན་གྱིས་ཕོག་པའི་མིའི་ཐོད་པར་མིའི་ཚིལ་བུ་བླུགས་ལ་གཞག་
པར་བྱའོ། །དེ་བཞིན་དུ་མི་དེའི་སྐྲ་དང་ཨ་རྒའི་རས་བལ་དང་ལྷན་ཅིག་ཏུ་གཞག་སྟེ་མེ་སྦར་བའི་སྡོང་བུ་བྱའོ། །དུར་ཁྲོད་ཀྱི་གནས་དག་ཏུ་མིའི་ཐོད་པ་དེ་དང་མཚུངས་པ་སྟེ་བཀབ་སྟེ་མེ་སྦར་ལ་དུད་པས་བསྡུས་ལ་ཐོད་པ་དེར་གཞག་གོ། །ཡང་ལས་ཀྱི་རྡོ་རྗེ་བསྒོམས་ཏེ། ཟླ་བའི་ནག་པོའི་
གནམ་སྟོང་གི་ནུབ་མོ་ལ་ལག་པ་གཡོན་པས་སྟེང་དུ་ཁ་བཀབ་སྟེ་ཇི་སྲིད་དུ་འབར་བ་དེ་སྲིད་དུ་བཟླས་ཏེ། མིག་ལ་བསྐུས་པ་ཙམ་གྱིས་གང་གིས་ཀྱང་མི་མཐོང་བར་འཇིག་རྟེན་གསུམ་དུ་སྤྱོད་པར་འགྱུར་རོ། །དུ་བ་ཡིས་ནི་ས་ལ་སྤྱོད་པར་འགྱུར་རོ། །དྲོ་བ་ཡིས་ནི་ས་བླའི་འཇིག་རྟེན་ཐམས་ཅད་
ལ་ཉེ་བར་སྤྱོད་པའི་ཐབས་སོ། །ད་ནི་རྐང་བྱུག་བསྒྲུབ་པར་བྱ་སྟེ། ཁྲག་དང་གུར་གུམ་གཟུང་བྱས་ནས། །རྐང་པ་བྱུག་པ་བསྒྲུབ་པར་བྱ། །རྡོ་རྗེ་ལས་ཀྱི་སྦྱོར་བ་ཡིས། །རྐང་པ་བྱུག་པ་འགྲུབ་པར་འགྱུར། །ཞེས་བྱ་བ་སྨོས་ཏེ། ཁྲག་ནི་རང་གི་སྟེ་སྲིན་ལག་གོ། །གུར་གུམ་ནི་བྷ་ག་ལས་
སྐྱེས་པའི་ཁྲག་གོ། །དེ་ཡང་སྔོན་གྱི་གནས་སུ་གཟུང་བར་བྱས་ནས་རྐང་པའི་བྱུག་པ་བསྒྲུབ་པར་བྱ་སྟེ། རྡོ་རྗེ་ལས་ཀྱི་རྣལ་འབྱོར་གྱིས་གནམ་སྟོང་གི་དུས་སུ་གོང་གི་རྫས་སྔོན་དུ་སོང་བའི་སྣོད་དུ་བཅུག་སྟེ་ཁ་བཀབ་ལ་བསྙེན་པ་ཁྲིའི་སྦྱོར་བས་རྐང་པ་ལ་བྱུགས་པ་ཙམ་གྱིས་ཡང་བར་ནུས་ཤིང་ཉི་མ་

གཅིག་ལ་དཔག་ཚད་བརྒྱད་ཅུ་རྩ་གཉིས་སུ་ཕྱིན་པར་འགྲུབ་པར་འགྱུར་རོ། །ད་ནི་རི་ལུ་བསྒྲུབ་པར་བྱ་སྟེ། བདུད་རྩི་ལྔ་ནི་མཉམ་པ་ལ། །ཤ་ལྔ་དང་ནི་ལྡན་པ་ཡིས། །ལྕགས་གསུམ་དུ་ནི་བཅུག་བྱས་ནས། །ལས་ཀྱི་སྦྱོར་བས་འགྲུབ་པར་འགྱུར། །
ཞེས་བྱ་བ་སྨོས་ཏེ། བདུད་རྩི་ལྔ་ནི་བཻ་རོ་ཙ་ན་དང་། བི་ཤྭ་དང་། ཤུ་ཀྲ་དང་། རཀྟ་དང་། ཨ་ཀྲོ་ཏེ་ཀ་དང་རྣམས་སོ། །ཤ་ལྔ་ནི་མི་ཤ་དང་། གླང་པོ་ཆེའི་ཤ་དང་། བ་གླང་གི་ཤ་དང་། རྟའི་ཤ་དང་། ཁྱིའི་ཤ་རྣམས་སོ། །དེ་དག་གི་ཚད་མཉམ་པ་ན་ཙ་ན་ཀའི་རུས་པའི་ཚད་ཙམ་མོ། །
ལྕགས་གསུམ་ནི་གསེར་དང་། དངུལ་དང་། ཟངས་རྣམས་སོ། །དེ་གསུམ་ཡང་ཆ་མཉམ་པ་སྟེ་སྲང་བཞིའོ། །དེ་ཡང་མན་ཆའི་རི་ལུ་བཅིངས་པས་ཐུབ་པར་དྲིལ་ཏེ་ཟླ་བ་གཟས་གཟུང་བའི་དུས་སུ་རྡོ་རྗེ་ལས་ཀྱི་རྣལ་འབྱོར་གྱིས་ལག་པ་གཡོན་པའི་སྟེང་དུ་གཞག་སྟེ་གཡས་པས་
ཁ་བཀབ་ལ། བཟླས་པའི་སྦྱོར་བས་ཇི་སྲིད་དུ་འབར་བ་དེ་སྲིད་དུ་སྒྲུབ་ན་འགྲུབ་པར་འགྱུར་ཏེ། དེ་ནས་ཁར་བཅུག་པ་ཙམ་གྱིས་ཇི་སྲིད་དུ་འགྲོ་བ་དེར་བསམས་པ་ཙམ་གྱིས་འགྲོ་སྟེ་ནུས་པ་ཐོགས་པ་མེད་དོ། །ད་ནི་རལ་གྲི་བསྒྲུབ་པར་བྱ་སྟེ། ཀན་ཏའི་ལྕགས་ཀྱི་རལ་གྲི་ནི། །ལས་ཀྱི་སྦྱོར་
བས་བསྒྲུབ་པར་བྱ། །ལས་ཀྱི་རྡོ་རྗེ་སྦྱོར་བ་ཡིས། །ལས་ཀྱི་རལ་གྲི་འགྲུབ་པར་འགྱུར། །ཞེས་བྱ་བ་སྨོས་ཏེ། །ཀན་ཏ་ནི་གཞོན་ནུ་གདོང་དྲུག་གི་ས་བོན་རྫོགས་པའི་ལྕགས་བཟང་པོའི་ངོ་བོ་ལས་རལ་གྲི་བརྡུངས་ཏེ། ཚོགས་བསགས་པ་སྔོན་དུ་སོང་བའི་སྲུང་བའི་ཁང་པར་པདྨའི་སྟེང་
དུ་ཨ་ལས་སྐྱེས་པའི་ཟླ་བའི་དཀྱིལ་འཁོར་ལ་ཡི་གེ་དྷི་སེར་པོ་བཀོད་དོ། །དེ་ལས་གསེར་ལས་བྱས་པའི་མདའ་གཞུར་གྱུར་ནས་དེ་ལས་སྐྱེས་པའི་གཞོན་ནུ་གདོང་དྲུག་སྐུ་མདོག་གསེར་བཙོ་མའི་ཁ་དོག་ལྟ་བུ་དང་། དཀར་པོ་གཉིས་དང་། རབ་ཏུ་དམར་བ་གཉིས་དང་། མཐིང་ནག་ནི་ནམ་
མཁའ་ལ་ལྟ་བའི་ཞལ་ཏེ། ཤེས་རབ་རལ་གྲི་མདའ་གཞུ་འཛིན་པའི་ཕྱག་དང་ལྡན་པ་བསྒོམས་ལ་ལས་ཀྱི་རལ་གྲི་སོར་བརྒྱད་པ་ལག་ཏུ་ཐོགས་ཏེ། ཨོཾ་ཀ་ལ་རཱུ་པ་ཧཱུཾ་ཞེས་བྱ་བའི་སྦྱོར་བས་བསྒྲུབ་པར་བྱའོ། །དེ་ནས་ལག་ཏུ་ཐོགས་ཏེ་གར་འདོད་པ་དེར་བསྟན་པ་ཙམ་གྱིས་མངོན་

སྤྱོད་ནུས་སོ། །འཇིག་རྟེན་གསུམ་ནི་གནས་པ་དག་ལ་ཁྲོས་ཀྱང་མི་རྒོལ་ལོ། །དེ་ཡང་ལས་ཀྱི་རྡོ་རྗེའི་ང་རྒྱལ་གྱི་སྦྱོར་བས་ལས་ཀྱི་རལ་གྲི་ཡང་འགྲུབ་པར་འགྱུར་རོ། །གཞན་ཡང་ཞེ་སྡང་རྡོ་རྗེའི་སྦྱོར་བས་གཏེར་གྱི་བདག་ཉིད་ལས་རྡོ་རྗེའི་རིག་པ་འཛིན་པ་བསྒྲུབ་པའོ། །གཏི་མུག་རྡོ་
རྗེའི་སྦྱོར་བས་དངུལ་གྱི་འཁོར་ལོ་ལ་འཁོར་ལོའི་རིག་པ་འཛིན་པ་བསྒྲུབ་པའོ། །ཕྲ་མ་རྡོ་རྗེའི་སྦྱོར་བས་རིན་པོ་ཆེ་མརྒད་ཆ་དགུ་པ་ལས་རིན་པོ་ཆེའི་རིག་པ་འཛིན་པ་བསྒྲུབ་པའོ། །འདོད་ཆགས་རྡོ་རྗེའི་སྦྱོར་བས་ཟངས་དང་པདྨ་ལ་པདྨའི་རིག་པ་འཛིན་པ་བསྒྲུབ་པོ། །རལ་གྲིའི་རྡོ་རྗེ་
སྦྱོར་བས་རྒྱུད་གཞན་ལས་འབྱུང་བའི་དངོས་གྲུབ་ཀྱང་བསྒྲུབ་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེ་གཤེད་ནག་པོ་ལས་ཞེས་བྱ་བ་ནི་བཤད་ཟིན་ཏོ། །ཐབས་སྣ་ཚོགས་པ་ནི་ལས་ཏེ་བྱ་བ་ནི་ལྷའི་ངོ་བོ་ཉིད་ཀྱི་སྦྱོར་བ་མཆོག་གོ། །བསྒྲུབ་བྱ་ཐ་དད་
པས་ནི་རིམ་པས་ཕྱེད་པའོ། །གཉིས་ལས་ལྟོས་ནས་གསུམ་པ་སྟེ་ལེའུ་གསུམ་པའི་བཤད་པ་ནག་པོ་ཞབས་ཀྱིས་རྒྱ་ཆེར་གསལ་བར་བྱས་པའོ།། །།དེ་ལྟར་དངོས་གྲུབ་ཀྱི་ལས་ཀྱི་སྦྱོར་བ་བཤད་ནས། ད་ནི་གཞན་ཐམས་ཅད་དྲག་པོ་ལ་གཞུག་པའི་སྦྱོར་བས་བདག་ཉིད་
ལ་གཞུག་པར་བྱ་བའི་ཕྱིར་འཁོར་ལོའི་ལེའུ་བཤད་པར་བྱ་སྟེ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོ་ལ་བསྟོད་པའི་རྒྱལ་པོ་འདིས་བསྟོད་ནས་གསོལ་བ་བཏབ་པ། ལས་ཀྱི་དབྱེ་བའི་རབ་དབྱེ་ལ། །སེམས་ཅན་འཇུག་པ་ཇི་
ལྟར་འགྱུར། །རྡོ་རྗེ་ཆེན་པོས་བཤད་དུ་གསོལ། །ཉོན་ཅིག་ཡེ་ཤེས་ཆེན་པོ་རྣམས། །ཞེས་བྱ་བ་སྨོས་ཏེ། བསྟོད་པའི་རྒྱལ་པོ་ནི་སྔར་བཞིན་ནོ། །དེ་དང་འབྲེལ་པའི་ཚིག་ནི་འོག་ནས་འབྱུང་བའི་ཚིག་གིས་གསོལ་བ་བཏབ་པའོ། །ལས་ཀྱི་དབྱེ་བ་ནི་དམ་ཚིག་སྟེ་ཞི་བ་དང་རྒྱས་པ་དང་དབང་
དང་དྲག་པོ་དང་དགུག་པ་དང་བཅིང་བ་དང་བསད་པའོ། །རབ་ཏུ་དབྱེ་བ་ནི་ཐམས་ཅད་ཀྱི་བྱེ་བྲག་གིས་རེ་རེ་ཞིང་སྣ་ཚོགས་པའོ། །སེམས་ཅན་ནི་མ་རུངས་པ་དང་། བཏང་སྙོམས་དང་མཉམ་པ་ལ་འཇུག་པ་ཇི་ལྟར་འགྱུར། དབྱེར་མི་ཕྱེད་པའི་རྡོ་རྗེ་ཆེན་པོ་ཐུགས་སུ་ཆུད་པའི་ཐམས་ཅད་མཁྱེན་པ་

ཁྱེད་ཀྱིས་ཇི་ལྟར་ནུས་པ་དང་ལྡན་པ་བཤད་དུ་གསོལ། ཐུན་མོང་མ་ཡིན་པའི་འཁོར་སོ་སོ་དག་དང་བྱེ་བྲག་ཏུ་ཉོན་ཅིག་ཅེས་སྨྲས་ཏེ། སངས་རྒྱས་ཀྱི་ཡེ་ཤེས་ཡོན་ཏན་རྒྱ་མཚོ་དང་ལྡན་པ་རྣམས་ཡིད་ལ་བྱོས་ཤིག་ཅེས་བྱ་བའི་དོན་ཏོ། །དེ་ནས་རྡོ་རྗེ་འཛིན་དཀྱིལ་
འཁོར་ཐམས་ཅད་ཀྱི་བདག་པོར་གྱུར་པས་རྒྱལ་པོ་སྟེ། ལས་ནི་ཞི་བ་ལ་སོགས་པ་ཐམས་ཅད་རབ་ཏུ་གྲུབ་པ་གདུལ་བྱའི་ཉེས་པ་ཀུན་གསོ་བའི་བདག་ཉིད་ཀྱིས་འོག་ནས་འབྱུང་བ་འདི་སྐད་ཀྱི་ཚིག་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྡོ་རྗེ་ཉིད་ཀྱི་
མཐུས་ཕྱག་འཚལ་ཞིང་མཆོད་པ་བྱས་ནས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་ཡང་དང་ཡང་དུ་ཕྱག་འཚལ་ནས་བཅོམ་ལྡན་འདས་ཉིད་ཀྱི་གསུང་ཉན་ཏོ། །ཞེས་བྱ་བ་ནི་སྒྲ་ཇི་བཞིན་པ་ལས་ལྷག་པར་གྱུར་པའི་དོན་མེད་དོ། །དེ་ནས་རྡོ་རྗེ་འཆང་རྒྱལ་པོས་གསོལ་
བ་བཏབ་པའི་དོན་གསུངས་པ་ནི། དབང་དུ་བྱ་བའི་འཁྲུལ་འཁོར་བསྟན། །གཤིན་རྗེ་འཁོར་ལོ་འཁོར་ལོའི་མཆོག །མ་བྱུང་འབྱུང་བར་མི་འགྱུར་རོ། །ཞེས་བྱ་བ་སྨོས་ཏེ་དབང་དུ་བྱ་བ་ནི་བུད་མེད་ལ་སོགས་པའོ། །འཁྲུལ་པ་ནི་སྔགས་ཏེ་ཡབ་རྒྱལ་པོ་ཉིད་དོ། །བཟླས་པའི་ནུས་
པ་ནི་འཁོར་བར་འབྱུང་བས་མཐུ་ཐུན་མོང་མ་ཡིན་པར་བསྟན་ཏོ། །གཤིན་རྗེ་འཁོར་ལོ་ནི་ལྟོ་བའོ། །འཁོར་ལོ་གཉིས་པ་ནི་ལེགས་པར་བཀོད་ཅིང་བྲིས་པའོ། །མཆོག་ནི་དམིགས་པ་ཁྱད་པར་དུ་གྱུར་པས་བྱིན་གྱིས་བརླབས་པའོ། །མ་བྱུང་བ་ནི་སངས་རྒྱས་རབ་བདུན་ཏེ་གཞན་ལའོ། །
ཞིང་དག་པའི་བསྟན་པ་ལ་སངས་རྒྱས་པར་འདོད་པ་དག་གིས་བྱམས་པའི་བསྟན་པ་ལ་ཡང་འབྱུང་བར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། གསང་སྔགས་ནི་ཉོན་མོངས་པ་ལམ་དུ་ཁྱེར་བའི་ཕྱིར་རོ། །བུད་མེད་དབང་དུ་བྱ་བ་དང་། །བསྲུང་བའི་དོན་དུ་དེ་བཞིན་དུ། །ཞི་བའི་རོ་ཙ་ནས་བཟུང་
སྟེ། །གྲོ་ག་དེ་བཞིན་ཤིང་ཤུན་ལ། །འཁོར་ལོ་གཉིས་ནི་མཉམ་བྲིས་ལ། །ན་མ་ན་མས་མཐའ་བརྟེན་ལ། །གནག་དང་སྤུ་ཅན་མ་ཡིན་པའི། །ཁམ་ཕོར་གཉིས་ནི་ཁ་སྦྱར་ཏེ། །མར་དང་སྦྲང་རྩིས་བཀང་བ་གཞུག །སྐུད་པ་དཀར་པོས་ཁམ་ཕོར་བཅིང་། །ཤར་དུ་མངོན་པར་

ཕྱོགས་པ་ཡིས། །མེ་ཏོག་དཀར་པོས་དུས་གསུམ་གཏོར། །གཤིན་རྗེ་མཐར་བྱེད་ཆུ་ཤེལ་འདྲ། །བདག་ཉིད་བསྒོམས་ནས་མདུན་དུ་དགོད། །ཟླ་བའི་དཀྱིལ་འཁོར་ལ་གནས་པའི། །བསྒྲུབ་བྱ་བལྟས་ནས་དབང་བསྐུར་བྱ། །བདུད་རྩི་ལྔ་ཡིས་གང་བ་ཡི། །བུམ་པ་དཀར་
པོ་ཟླ་བ་འདྲ། །སངས་རྒྱས་དུ་མས་དབང་བསྐུར་བ། །བལྟས་དང་སྔགས་ཀྱི་བཟླས་པ་བརྩམ། །ཨོཾ་ཆེ་གེ་མོ་ན་མ་ཧྲཱིཿཥྚཱྀཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་དེ་བ་དཏྟ་ཡ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བྱ་བ་སྨོས་ཏེ་འདིར་བུད་མེད་དབང་དུ་གྱུར་པ་ནི་སེམས་ཞི་བར་གྱུར་པ་ལ་བྱའོ། །སྐྱེས་པ་
དབང་དུ་བྱ་བ་ལ་ནི་ཁྱད་པར་གྱི་རྫས་བྷ་ག་ལས་བྱུང་བའི་གུར་གུམ་གྱིས་བྱའོ། །གཞན་གྱི་གདུག་པའི་སྦྱོར་བ་ཐམས་ཅད་ནི་ཞི་བའི་འཁོར་ལོར་ཞི་བར་ནུས་པས་ནི་བསྲུང་བའི་དོན་དུ་ཡང་འགྱུར་རོ། །དེ་བཞིན་དུ་ཞི་བའི་འཁོར་ལོ་བྲི་བ་ལ་ནི་ཁྱད་པར་གྱི་རྫས་རོ་ཙ་ན་སྟེ་རྔུལ་དང་
ཀླད་པ་གང་ཡང་རུང་བས་བྱའོ། །འཁོར་ལོ་དེ་དག་ཀྱང་གྲོ་གའམ་སྨྱུག་མའི་ཤུན་པ་སོར་བཅུ་དྲུག་པའི་འཁོར་ལོ་གཉིས་ཁ་སྦྱར་ཏེ། སྟེང་འོག་གི་ཡི་གེ་དང་ལྕགས་ཁང་དང་འཁོར་ཡུག་མཉམ་པ་བྲིས་ཏེ་ན་མ་དང་མིང་སྤེལ་བས་ན་མས་མཐའ་རྟེན་བྱའོ། །གནག་པ་དང་ཡུ་བ་
དང་རྩ་བ་ཅན་ནི་ལྷག་པར་གྱུར་པ་སྟེ་ཞི་བའི་ལས་མི་འགྲུབ་པོ། །དེ་མ་ཡིན་པའི་ཁམ་ཕོར་ཟླུམ་ཞིང་བྱིལ་བ་ལྷུང་བཟེད་ཁ་བྲེགས་པ་ལྟ་བུ་སོ་མ་བཏང་བ་གཉིས་ཁ་སྦྱར་ཏེ་མར་དང་སྦྲང་རྩིས་བཀང་ལ་དེར་འཁོར་ལོ་གཞུག་པར་བྱའོ། །སྐུད་པ་མ་སྤྱད་པ་དང་མ་རྨས་པ་དཀར་པོས་རྒྱ་གྲམ་དུ་ཁམ་
ཕོར་བཅིངས་ཏེ་མདུད་པ་མེད་པར་བྱས་ལ། འགན་སྟན་དཀར་པོ་གསོ་རས་ཀྱིས་བཀང་བའི་སྟེང་དུ་བཞག་སྟེ་རྐང་པ་རྩྭ་ཀུ་ཤ་ལ་མཉམ་པར་གནས་ནས་ཞི་བའི་སེམས་ཀྱིས་ཁ་ཤར་དུ་མངོན་པར་ཕྱོགས་པས་མེ་ཏོག་སྤང་རྒྱན་དཀར་པོ་ལ་ག་པུར་གྱིས་བསྒོས་ཏེ། ཉིན་ལན་གསུམ་མཚན་ལན་
གསུམ་དུ་དུས་དྲུག་ཏུ་གཏོར་རོ། །ཚོགས་བསགས་པ་སྔོན་དུ་སོང་བས་བསྲུང་བ་མཚམས་ཀྱི་འཁོར་ལོའི་ནང་དུ་བདག་ཉིད་གཤིན་རྗེ་མཐར་བྱེད་ཨ་ལས་སྐྱེས་པའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཀྵཾ་དཀར་པོ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྩེ་ལྔ་པ་དཀར་པོ་དེ་ལས་སྐྱེས་པ་ཆུ་ཤེལ་དང་ཟླ་བའི་

དཀྱིལ་འཁོར་དང་འདྲ་བའི་བདག་ཉིད་བསྒོམས་ནས། མདུན་དུ་མཎྜལ་དཀར་པོ་ག་བུར་གྱིས་བྱུགས་པའི་སྟེང་དུ་འཁོར་ལོ་བཀོད་ལ། །འཁོར་ལོ་ཨ་ལས་སྐྱེས་པའི་ཟླ་བའི་དཀྱིལ་འཁོར་ཁ་སྦྱོར་དུ་བསམས་ལ་དེར་གནས་པའི་བསྒྲུབ་བྱ་ཡིད་ཀྱིས་བལྟས་ནས་
དབང་བསྐུར་བྱ་སྟེ། བདུད་རྩི་རྣམ་པ་ལྔ་དང་འོ་མ་བསྲེས་པའི་ཁུ་བ་ལ་ཙནྡན་དཀར་པོའི་བདར་བུ་བདར་ནས་གང་བར་བྱས་པའི་བུམ་པ་དཀར་པོ་བྱིན་གྱིས་བརླབས་ཏེ་བུམ་པ་ཆུས་བཀྲུ་ཞིང་དབང་བསྐུར་བར་བྱའོ། །གཞན་ཡང་བུམ་པ་དཀར་པོ་ཟླ་བ་འདྲ་བའི་རྫོགས་པའི་སངས་རྒྱས་དུ་
མས་ཐོགས་ཏེ་དབང་བསྐུར་ཞིང་ཁྲུས་བྱེད་པར་ཡིད་ཀྱིས་བལྟས་ནས་སྔགས་ཀྱི་བཟླས་པ་ཁྲིའི་བར་དུ་བྱའོ། །འདི་དག་གིས་ནི་ཞི་བའི་དམ་ཚིག་གི་ཆོ་ག་གསུངས་སོ། །ད་ནི་རྒྱས་པའི་དམ་ཚིག་བཤད་པར་བྱ་སྟེ། སྐྱེས་པ་ཞི་བའི་གུར་གུམ་གྱིས། །བྲི་བྱ་དེ་བཞིན་རྒྱས་པ་ཡང་། །འཁོར་ལོ་
གཉིས་ནི་ཁ་ཕྱེ་ཡིས། །སྭཱ་ཧཱས་མིང་ནི་བརྒྱན་པ་ཡི། །བསྒྲུབ་བྱའི་མིང་ནི་བྲིས་བྱས་ལ། །མར་དང་སྦྲང་རྩིས་བཀང་བ་ཡི། །ཁམ་ཕོར་ཁ་སྦྱོར་ནང་དུ་གཞུག །སྐུད་པ་སེར་པོས་བཅིངས་ནས་ནི། །མེ་ཏོག་སེར་པོས་དུས་གསུམ་གཏོར། །བྱང་དུ་ཁ་བལྟས་མདོག་སེར་བའི། །གཤིན་རྗེ་
གཤེད་དུ་བདག་ཉིད་དམིགས། །བསྒྲུབ་བྱ་ཟླ་བ་སེར་ནག་ལ། །བུམ་པ་སེར་པོས་བཀྲུས་བྱས་ནས། །དབང་བསྐུར་བར་ནི་བསྒོམ་བྱས་ལ། །སྤྲོས་ལ་རྒྱས་པའི་བཟླས་པ་བྱ། །ཨོཾ་ཧྲཱིཿཥྚྲྀཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། དེ་བ་དཏྟ་པུཥྚིཾ་ཀུ་རུ་སྭཱ་ཧཱ། བཽ་ཥཊ་ཀྱང་རུང་། ཨོཾ་ཧྲཱིཿཥྚྲྀཿ
ཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་བཽ་ཥ་ཊ་ན་མཿདེ་བ་དཏྟ་སྱ་བ་ཤཾ་ཀུ་རུ་བཽ་ཥཊ་ན་མཿའདི་ནི་བཅོམ་ལྡན་འདས་ཀྱིས་རྒྱས་པའི་ཆོ་ག་གསུངས་སོ་ཞེས་བྱ་བ་སྨོས་ཏེ། སྡིག་པ་མ་ཞི་ན་བསོད་ནམས་མི་རྒྱས་པའི་ཕྱིར་ཞི་ནས་རྒྱས་པའི་ལས་བརྩམ་པའི་ཕྱིར་རྒྱལ་པོ་སྟོད་གཡོགས་ཀྱི་རས་ལ་སོར་
བཅུ་དྲུག་པོའི་ཚད་འཁོར་ལོ་གཉིས་མཉམ་པར་བྱས་ཏེ། སྭཱ་ཧཱས་མིང་བརྒྱན་པར་བྱས་པའི་བསྒྲུབ་བྱའི་མིང་འཁོར་ལོ་ལ་བྲིས་ལ་ཁམ་ཕོར་གྲུ་བཞི་པ་ཁྱིམ་བདག་གི་གདན་ལྟ་བུ་གཉིས་ཁ་སྦྱར་ལ་དེའི་ནང་མར་དང་སྦྲང་རྩིས་བཀང་སྟེ་དཀྱིལ་དུ་འཁོར་ལོ་གཞུག་པར་བྱའོ། །སྐུད་པ་

མ་རྨས་ཤིང་མ་ཉམས་པ་སེར་པོ་གུར་གུམ་གྱི་དྲིས་བསྒོས་པས་བཅིངས་ལ་མདུད་པ་མེད་པར་བྱས་ནས་རྩེ་མོ་ནས་གུང་མོ་དང་། མཐེ་བོང་གིས་བཟུང་སྟེ་ཙམ་པ་ཀ་གུར་གུམ་གྱིས་བྱུགས་པའི་མེ་ཏོག་སེར་པོས་ཉིན་ལན་གསུམ་མཚན་ལན་གསུམ་སྟེ་དུས་དྲུག་གམ་གསུམ་དུ་གཏོར་རོ། །ལྷོ་ཕྱོགས་
སུ་འགན་སྟན་ཨ་ཤྭཏྠའི་ལོ་མ་སེར་པོས་བཀང་བའི་སྟེང་དུ་འདུག་སྟེ། ཚོགས་བསགས་པ་སྔོན་དུ་འགྲོ་བའི་སྲུང་བའི་འཁོར་ལོའི་ནང་དུ་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་སྭ་ལས་རིན་པོ་ཆེ་དེ་ལས་མདོག་སེར་པོ་གཤིན་རྗེ་གཤེད་དུ་བདག་ཉིད་དམིགས་ལ། བསྒྲུབ་བྱ་ཡང་རཾ་ལས་ཟླ་བའི་
དཀྱིལ་འཁོར་ཁ་སྦྱར་གྱི་ནང་ན་གནས་པ་ཡིད་ཀྱིས་བལྟས་ལ། བདུད་རྩི་རྣམ་པ་ལྔ་དང་སྦྲང་རྩི་དང་གུར་གུམ་གྱིས་གང་བར་བྱས་པའི་བུམ་པ་སེར་པོ་བྱིན་གྱིས་བརླབས་ལ་དབང་བསྐུར་ཏེ། བཀྲུ་བར་བྱ་ཞིང་རྫོགས་པའི་སངས་རྒྱས་དུ་མས་ཀྱང་བུམ་པ་སེར་པོ་ཐོགས་ཏེ་དབང་བསྐུར་ཞིང་བསོད་
ནམས་བསྒྲུབ་པར་བྱས་ལ་རང་གི་རིགས་ཀྱི་བདག་པོ་སྤྲོས་ལ་བསྒྲུབ་བྱའི་ལུས་ལ་བཅུག་སྟེ་ཡང་དག་པར་མཆོད་པས་བསོད་ནམས་དང་གཟི་མདངས་མ་ལུས་པར་རྒྱས་པར་བསམ་མོ། །དེ་ནས་རྒྱས་པའི་བཟླས་པ་ཁྲི་བྱའོ། །འདི་དག་གིས་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་
བསོད་ནམས་མཉམ་པར་གྱུར་ཏོ། །འདི་ནི་བཅོམ་ལྡན་འདས་ཀྱིས་རྒྱས་པའི་ཆོ་གའི་དམ་ཚིག་གསུངས་སོ། །ད་ནི་དབང་གི་དམ་ཚིག་བཤད་པར་བྱ་སྟེ། གྲོ་གའམ་རས་ལ་རྒྱ་སྐྱེགས་ཀྱི། །ཁུ་བའམ་ཙནྡན་དམར་པོའམ། །སྲིན་ལག་གི་ནི་ཁྲག་ཀྱང་རུང་། །ཡི་གེ་ཧོ་
ཡིས་བརྟེན་པ་ཡི། །འཁོར་ལོ་གཉིས་ནི་མཉམ་པར་བྲི། །འཁོར་ལོ་ནག་སོགས་བྲལ་བ་ཡི། །ཁམ་ཕོར་གཉིས་ནི་ཁ་སྦྱར་དུ། །མར་དང་སྦྲང་རྩིས་བཀང་བར་གཞག །སྐུད་པ་དམར་པོས་བཅིངས་བྱས་ལ། །ནུབ་ཕྱོགས་སུ་ནི་ཁ་བལྟས་ནས། །མེ་ཏོག་དམར་པོས་མཆོད་པར་བྱ། །བདག་ཉིད་གཤིན་རྗེ་མཐར་
བྱེད་པ། །ཁ་དོག་དམར་པོ་ཆེར་འབར་བ། །ཟླ་བ་དམར་པོ་ལ་གནས་པའི། །བསྒྲུབ་བྱ་ཡང་ནི་རྣམ་བསམ་བྱ། །རང་གི་ལུས་ལས་བྱུང་བ་ཡི། །འོད་ཟེར་དམར་པོའི་ལྕགས་ཀྱུ་ཡིས། །བསྒྲུབ་བྱ་བཀུག་པར་བསམ་པར་བྱ། །སྔགས་ནི་སྤྲོ་ཞིང་ཁྲི་བཟླས་པས། །དེས་ནི་བསྒྲུབ་བྱ་ཉམས་གྱུར་

ནས། །རྐང་པ་གཉིས་སུ་ལྷགས་ནས་ནི། །གོས་བྲལ་སྐྲ་ནི་བཤིག་འགྱུར་བ། །རྣམ་པར་བསམས་ལ་བཟླས་པ་བརྩམ། །གལ་ཏེ་དབང་དུ་མ་གྱུར་ན། །མར་ལ་སོགས་པའི་བྲལ་བཅས་པའི། །དུ་བ་མེད་པའི་སེང་ལྡེང་མེས། །འཁོར་ལོ་དེ་ནི་སྒྲུབ་པོས་བསྲོ། །
ཨོཾ་ཧྲཱིཿཥྚྲྀཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ། ཧོ་དེ་བ་དཏྟ་སྱ། ཡ་ཛྙ་དཏྟ་བ་ཤཾ་ཀུ་རུ་ཧོ། ཨོཾ་ཧྲཱིཿཥྚཱྀཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་བཽ་ཥཊ། དེ་བ་དཏྟ་སྱ་བཽ་ཤ་མ་ནཱ་ཡ་བཽ་ཥཊ་ཅེས་བྱ་བ་སྨོས་སོ།། །།བམ་པོ་གསུམ་པ། དེ་ལྟར་བསོད་ནམས་མ་རྒྱས་ན། གཞན་དབང་དུ་བྱ་བར་མི་ནུས་
པས་བསོད་ནམས་རྒྱས་པས་གཞན་དབང་དུ་བྱ་བ་ནི་འཁོར་ལོའི་རྒྱུ་གྲོ་གའམ་སྨད་འཚོང་མའི་ཤམ་ཐབས་ཀྱི་རས་ལ་རྒྱ་སྐྱེགས་སར་པའི་ཁུ་བའམ། ཡང་ན་ཙནྡན་དམར་པོ་སྔར་ཁུ་བ་ལ་བདར་བ་དག་གམ་སྲིན་ལག་གཡོན་པའི་ཁྲག་ཉི་ཤུ་གསུམ་ལ་ཕྱུང་བ་དག་ཀྱང་རུང་སྟེ་ཡི་
གེ་ཧོ་དང་བརྟེན་ཞེས་བྱ་བ་ནི་བསྒྲུབ་བྱའི་མིང་དང་སྤེལ་བའོ། །འཁོར་ལོ་གཉིས་ནི་གཞི་གཅིག་ལ་ཡི་གེ་དང་ཁོར་ཡུག་དང་བཅས་པ་མཉམ་པའོ། །བྲི་བ་ནི་དགོངས་མོའི་དུས་སོ། །འཁོར་ལོ་ལ་དཀར་ནག་ལ་སོགས་པ་དང་རང་གི་དྲི་མ་དང་བྲལ་བར་བྱའོ། །ཁམ་ཕོར་ཟླ་གམ་གྱི་
དབྱིབས་སུ་བྱས་པ་གཉིས་སོ་བཏང་སྟེ་མ་ཏང་གའི་རྩི་བཏང་ལ་ཁ་སྦྱར་བའི་ནང་དུ་མར་དང་སྦྲང་རྩིས་བཀང་སྟེ་དེའི་བར་དུ་འཁོར་ལོ་བཅུག་ལ་གཞག་གོ། །སྐུད་པ་དམར་པོས་སྐུད་པ་ལུ་གུ་རྒྱུད་དུ་སྦྲེལ་བས་རྒྱ་གྲམ་དུ་བཅིང་བ་བྱས་ལ། ཤར་གྱི་ཕྱོགས་སུ་འགན་སྟན་དམར་པོའི་ནང་དུ་ཚེར་མ་
ལྕགས་ཀྱུ་ཡོད་པའི་འདབ་མ་བརྫངས་ལ། ནུབ་ཀྱི་ཕྱོགས་སུ་ཁ་བལྟས་པ་དེའི་ཕྱོགས་སུ་འདུག་པར་བྱའོ། །སྐྱེར་པའི་འབྲུམ་བུའམ་མེ་ཏོག་དམར་པོས་ཉིན་ལན་གསུམ་མཚན་ལན་གསུམ་སྟེ་དུས་དྲུག་གམ་གསུམ་དུ་དབང་དུ་བྱ་བའི་ཡིད་ཀྱིས་མཆོད་པར་བྱའོ། །བདག་ཉིད་ཚོགས་
བསགས་པ་སྔོན་དུ་སོང་བས་སྲུང་བའི་འཁོར་ལོའི་ནང་དུ་རཾ་ལས་ཉི་མ་མ་ལས་པདྨ་དེ་ལས་སྐྱེས་པའི་གཤིན་རྗེ་མཐར་བྱེད་ཁ་དོག་དམར་པོ་རབ་ཏུ་འཚེར་བར་བསྒོམ་མོ། །མདུན་དུ་ར་ལས་སྐྱེས་པའི་ཟླ་བ་དམར་པོ་གཉིས་ཀྱི་མདུན་དུ་གནས་པའི་བསྒྲུབ་བྱ་བློའི་རྣམ་པར་བསམ་པར་བྱའོ། །རང་

གི་ལུས་ཀྱི་བ་སྤུའི་བུ་ག་ལས་བྱུང་བའི་འོད་ཟེར་དམར་པོ་ལྕགས་ཀྱུའི་དབྱིབས་ལྟ་བུ་འདོད་ཆགས་རྡོ་རྗེ་ལ་སོགས་པའི་ཁྲོ་བོའི་ཚོགས་ལག་ན་ལྕགས་ཀྱུ་དང་ཞགས་པ་ཐོགས་པས་བསྒྲུབ་པར་བྱ་བའི་སྙིང་ཕུག་སྟེ། ཡིད་ཀྱིས་དངོས་སུ་བཀུག་ལ་འཁོར་ལོ་ལ་ཐིམ་པར་བསམ་པར་བྱའོ། །
དེ་ནས་སྔགས་བཟླས་པའི་ངག་ལས་འོད་ཀྱི་ཚོགས་འཕྲོས་པས་ཇི་སྲིད་ཁྲིའི་བཟླས་པ་བྱེད་ཀྱི་བར་དུ་འོད་ཟེར་དེས་བསྒྲུབ་བྱའི་སྤྱི་གཙུག་ནས་རྐང་པའི་མཐིལ་དུ་འཕྲོས་པས་མདངས་ཉམས་པར་གྱུར་ནས་མདངས་ཐམས་ཅད་རྐང་པའི་མཐིལ་གཉིས་སུ་ལྷགས་པར་བསམ་མོ། །དེ་ནས་
བསྒྲུབ་བྱ་དེ་དག་ཀྱང་གོས་དང་བྲལ་ཞིང་སྐྲ་རབ་ཏུ་བཤིག་པ་མདོག་ཐལ་སྐྱར་གྱུར་པ་དག་རྣམ་པར་བསམས་ལ་བཟླས་པ་གཉིས་ལ་བརྩམ་པར་བྱའོ། །གལ་ཏེ་དབང་དུ་མ་གྱུར་ན་མར་དང་སྦྲང་རྩི་དང་ཁམ་ཕོར་ལ་སོགས་པ་དང་བྲལ་བར་བྱས་ཏེ། དུ་བ་མེད་པའི་སེང་ལྡེང་གི་སོལ་བའི་མེས་
འཁོར་ལོ་དེ་དག་གི་སྒྲུབ་པོས་སྔགས་གཉིས་དང་ལྡན་པས་ནི་ནང་ནུབ་ཏུ་བསྲོ་བར་བྱའོ། །འདི་དག་གིས་ནི་སྲིད་པའི་རྩེ་མོ་མན་ཆད་དབང་དུ་འགྱུར་རོ། །འདི་ནི་བཅོམ་ལྡན་འདས་ཀྱིས་དབང་དུ་བྱ་བ་ཆེན་པོའི་ཆོ་གའི་དམ་ཚིག་གསུངས་སོ། །ད་ནི་དགུག་པའི་སྦྱོར་བ་བཤད་པར་བྱ་སྟེ།
དུར་ཁྲོད་རས་སམ་ཡང་ན་ནི། །རང་འབྱུང་གིས་བསྐུས་རས་ལ་ནི། །ཁྲག་དང་རྒྱ་སྐྱེགས་བསྲེས་པ་ཡིས། །འཁོར་ལོ་གཉིས་ནི་མཉམ་བྲིས་ལ། །ཡི་གེ་ཛ་དང་ཡི་གེ་ཧྲིས། མིང་ནི་རྣམ་པར་བརྟེན་བྱས་ལ། །བཙུན་མོ་ཡི་ནི་པདྨའི་སྣོད། །ཁ་སྦྱོར་ནང་དུ་བཅུག་བྱས་ཏེ། །སྐུད་པ་དམར་
པོས་བཅིང་བྱས་ལ། །མེ་ཏོག་དམར་པོས་མཆོད་པར་བྱ། །བདག་ཉིད་གཤིན་རྗེ་མཐར་བྱེད་པ། །ནུབ་ཀའི་ཉི་མ་འདྲ་བ་བསམ། །ལྕགས་ཀྱུ་དམར་པོས་བཀུག་པ་ཡིས། །བསྒྲུབ་བྱ་དག་ནི་རྣམ་བསྒོམ་བྱ། །སྙིང་ལ་ལྕགས་ཀྱུས་བརྒྱབ་ནས་ནི། །སྐེ་ནས་ཞགས་པས་བཅིང་བྱ་སྟེ། །
གཅེར་བུ་སྐྲ་ནི་མ་བཅིངས་པས། །རླུང་གི་དཀྱིལ་འཁོར་སྦྱོར་བ་ཡིས། །ཡི་གེ་དམར་པོའི་སྟེང་འདུག་ལ། །རྫས་ལྔ་ཡིས་ནི་བཀྲུས་བྱས་ཏེ། །འོངས་པ་རུ་ནི་བསམ་པར་བྱ། །གལ་ཏེ་བསྒྲུབ་བྱ་མི་འོངས་ན། །སེང་ལྡེང་གི་ནི་མེ་བཏང་ལ། །དེར་ནི་བཟླས་པ་བརྩམ་པར་བྱ། །བརྟུལ་ཞུགས་ཅན་

གྱིས་འཁོར་ལོ་བསྲོ། །དེ་ལ་གཟུགས་དེ་བསམ་པར་བྱ། །ཨོཾ་ཧྲཱིཿཥྚྲྀཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ། ཧྲི་ཨ་མུ་ཀི་ཨཱ་ཀཱཪྵ་ཡ་ཧྲི། ཨོཾ་ཧྲཱིཿཥྚྲྀཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་ཛ་དེ་བ་དཏྟ་ཨཱ་ཀཱཪྵ་ཡ་ཛཿཞེས་བྱ་བ་སྨོས་ཏེ། དེ་ལྟར་དབང་དུ་མ་འདུས་ན་དགུག་པར་མི་ནུས་པའི་ཕྱིར་ཏེ་དབང་དུ་བྱས་ནས་དགུག་
པར་བསམ་པར་བྱ་སྟེ། དུར་ཁྲོད་ཀྱི་གོས་ནི་རོའི་རས་སོ། །དེ་མ་རྙེད་ན་རང་བྱུང་གིས་སྨད་འཚོང་མའི་ཤམ་ཐབས་ཀྱི་རས་ལ་བསྐུས་ལ། རང་བྱུང་གི་ཁྲག་དང་རྒྱ་སྐྱེགས་ཀྱི་ཁུ་བ་ཕྱེད་ཕྱེད་དུ་བསྲེས་པས་འཁོར་ལོ་གཉིས་ཀྱི་ལྟེ་བ་དང་རྩིབས་དང་ཁོར་ཡུག་ཏུ་མཉམ་པར་སྤྲོད་པ་བྲིས་ལ། ཡི་གེ་ཛ་དང་
ཡི་གེ་ཧྲིས་མིང་དབུས་ན་གནས་པའི་ཐ་མ་རྣམ་པར་བརྟེན་པར་བྱས་ལ། བཙུན་མོ་ནི་བུད་མེད་དེ། པདྨའི་སྣོད་ནི་ཐོད་པའོ། །དེ་ཁ་སྦྱར་བའི་ནང་དུ་འཁོར་ལོ་བཅུག་ལ་སྐུད་པ་དམར་པོ་གཉིས་བསྒྲིལ་བས་རྒྱ་གྲམ་དུ་བཅིང་བར་བྱས་ལ། ཀླུ་ཀ་ལ་ལ་སོགས་པའི་མེ་ཏོག་དམར་པོས་ཉིན་ལན་གསུམ་མཚན་
ལན་གསུམ་དུས་དྲུག་གམ་དུས་གསུམ་དུ་མཆོད་པར་བྱའོ། །ཚོགས་བསགས་པ་སྔོན་དུ་སོང་བའི་སྲུང་བའི་འཁོར་ལོའི་ནང་དུ་ཡི་གེ་རཾ་ལས་ཉི་མའི་དཀྱིལ་འཁོར། དེའི་སྟེང་ཛཾ་ལས་པདྨ་ཡོངས་སུ་གྱུར་པ་ལས་བདག་ཉིད་གཤིན་རྗེ་མཐར་བྱེད་པ་མདོག་ནུབ་ཀའི་ཉི་མ་དང་འདྲ་བ་དམར་སེར་དུ་
བསྒོམས་ཏེ། སྙིང་གའི་ས་བོན་གྱི་འོད་ཟེར་དམར་པོ་ལྕགས་ཀྱུ་འདྲ་བས་བཀུག་པའི་བསྒྲུབ་བྱ་དག་ནི་རྣམ་པར་བསྒོམ་པར་བྱའོ། །དེ་ནས་ཁྲོ་བོ་ལག་ན་ལྕགས་ཀྱུ་དང་ཞགས་པ་ཐོགས་པ་སྤྲོས་ཏེ་བསྒྲུབ་བྱའི་སྙིང་ག་ནས་ལྕགས་ཀྱུ་བརྒྱབ་སྟེ་སྐེ་ནས་ཞགས་པ་དམར་པོས་བཅིང་བ་བྱས་ཏེ།
བསྒྲུབ་བྱ་དེ་ཡང་སྐྲ་མ་བཅིངས་པར་གྲོལ་བ་ཡཾ་ལས་བསྐྱེད་པའི་རླུང་གི་དཀྱིལ་འཁོར་བ་དན་གྱིས་གཡོབ་ཅིང་ཕྱར་བའི་སྦྱོར་བ་བྱས་པའི་སྟེང་དུ་ཨ་ལས་སྐྱེས་པའི་སེང་གེ་དམར་པོ་ལ་ཞོན་པའམ་སྟེང་དུ་འདུག་པར་བསམས་ལ་དམ་ཚིག་གི་རྫས་རྣམ་ལྔས་བདག་ཉིད་བཀྲུ་བར་བྱ་སྟེ་སྔགས་བཟླས་
པས་རླུང་གི་དཀྱིལ་འཁོར་གྱིས་བཏེག་ནས་མྱུར་བ་ཉིད་དུ་ནི་འོང་བར་བསམ་པར་བྱའོ། །སྔགས་ཁྲི་བཟླས་ཀྱང་གལ་ཏེ་བསྒྲུབ་བྱ་མི་འོང་ན། སེང་ལྡེང་གི་མེ་མདག་ལ་སྒྲུབ་པ་པོ་བརྩོན་འགྲུས་ཀྱི་བརྟུལ་ཞུགས་ཅན་གྱིས་འཁོར་ལོ་དུས་ཐམས་ཅད་ནས་ཐམས་ཅད་དུ་བསྲོ་ཞིང་དེར་བཟླས་པ་

གཉིས་པ་བརྩམ་པར་བྱའོ། །འཁོར་ལོ་དེ་ལ་བསྒྲུབ་བྱ་དེ་ཉིད་དངོས་སུ་བསམས་ན། ཨུ་མ་དེ་ཉིད་ཀྱང་འགུགས་པར་འགྱུར་རོ། །འདི་ནི་བཅོམ་ལྡན་འདས་ཀྱིས་དགུག་པའི་ཆོ་ག་གསུངས་པའོ། །ད་ནི་རེངས་པར་བྱ་བའི་དམ་ཚིག་བཤད་པར་བྱ་སྟེ། དུར་ཁྲོད་གོས་ལ་མཁས་པས་ནི། །
ཡུང་བ་ཡི་ནི་ཁུ་བ་ཡིས། །འཁོར་ལོ་གཉིས་ནི་མཉམ་པར་བྲི། །ཡི་གེ་ལཾ་གྱིས་བརྟེན་པ་ཡི། །བསྒྲུབ་བྱའི་མིང་ནི་བྲི་བར་བྱ། །ཁམ་ཕོར་ཁ་སྦྱར་ནང་དུ་སྟེ། །ཁམ་ཕོར་སེར་པོའི་སྟེང་དུ་གཞག །དེ་ལ་མཁས་པས་རེ་ཁཱ་བྲི། །རེ་ཁཱ་བདུན་ནམ་ཡང་ན་བཞི། །མཉམ་པར་བཞག་པས་
བྲི་བར་བྱ། །རི་རབ་ལྕོག་བརྒྱད་ཅེས་གྲགས་པ། །དེ་ཡི་སྟེང་དུ་མཉམ་པར་བྲི། །ཡི་གེ་ཧཱུཾ་དང་ཡི་གེ་བཾ། །རི་རབ་དེ་ནི་བསྟེན་པར་བྱ། །དེ་ཡི་སྟེང་དུ་ལཾ་ཡིག་ལས། །དབང་ཆེན་དཀྱིལ་འཁོར་དགོད་པར་བྱ། །སྣ་ཚོགས་རྡོ་རྗེས་མནན་པ་ལས། །སྐུད་པ་སེར་པོས་བཅིངས་ནས་ནི། །གཤིན་རྗེ་
གཤེད་པོ་མདོག་སེར་པོ། །བདག་ཉིད་རྣམ་པར་བསམ་པར་བྱ། །རྣལ་འབྱོར་ལྷོ་ཕྱོགས་ཁ་བལྟས་ཏེ། །དབང་ཆེན་དཀྱིལ་འཁོར་ལ་གནས་པ། །བསྒྲུབ་བྱ་སེར་པོ་རྣམ་བསམས་ལ། །རི་རབ་ཀྱིས་ནི་མནན་བྱས་ནས། །དབང་ཆེན་དཀྱིལ་འཁོར་གྱི་འོག་ཏུ། །མནྡཱ་ར་སོགས་རི་བོ་དང་། །སྣ་ཚོགས་རི་བོ་
རྣམས་ཀྱིས་ཀྱང་། །བསྒྲུབ་བྱ་མནན་པར་བསྒོམ་པར་བྱ། །དེ་ལ་གནས་ནས་བཟླས་པ་བརྩམ། །ཨོཾ་ཧྲཱིཿཥྚྲྀཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་ལཾ་དེ་བ་དཏྟ་སྟཾ་བྷ་ཡ་ལཾ། དེ་ལྟར་དགུག་པར་མ་ནུས་ན་རེངས་པ་མི་འགྲུབ་པའི་ཕྱིར་བཀུག་ནས་རེངས་པ་བརྩམ་པར་བྱ་སྟེ་དུར་ཁྲོད་ཀྱི་གོས་ལ་མཁས་པས་བསྙེན་པ་སྔོན་དུ་
སོང་ཞིང་ལས་ཀྱི་སྦྱོར་བ་མན་ངག་འབྲེལ་བ་ཤེས་པ་སྟེ། ཡུང་བ་ཆང་དུ་སྦངས་པའི་ཁུ་བས་འཁོར་ལོ་གཉིས་ནི་མ་འགྲུས་པར་མཉམ་པར་བྱས་ཏེ་སྔ་དྲོའི་དུས་སུ་བྲིའོ། །ཡི་གེ་ལཾ་གྱིས་བརྟེན་ཞེས་པ་ནི་བསྒྲུབ་བྱའི་མིང་བླ་དགས་དང་བཅས་པ་བྲི་བར་བྱ། ཁམ་ཕོར་སྐྱེར་པའི་མེ་ལ་སོ་བཏང་བའི་གྲུ་བཞི་
པ་ཁ་སྦྱར་བའི་ནང་དུ་འཁོར་ལོ་བཅུག་སྟེ། གཅིག་སའི་ཁ་དོག་ཏུ་བཞག་ལ། ཁམ་ཕོར་གཅིག་ས་སེར་པོས་བྱུགས་ཏེ་སྟེང་དུ་གཞག་གོ། །དེ་ལ་ཤེས་རབ་དང་ལྡན་པའི་མཁས་པས་སྐྲ་ཤད་ཀྱི་པིར་གྱིས་ཡུང་བའི་ཁུ་བ་བླངས་ཏེ། རེ་ཁཱ་བྲི་བ་ནི་བར་ན་སོར་རེ་ཡོད་པའི་མདུན་ནམ་ཡང་ན་ཞི་བ་ལྷའི་རྣལ་

འབྱོར་ལ་མཉམ་པར་བཞག་པས་བྲི་བར་བྱའོ། །རི་རབ་ཀྱི་རྩེ་མོའི་འཇིག་རྟེན་ན་ལྕོག་བརྒྱད་ཅེས་གྲགས་པ་དེའི་སྟེང་དུ་ཆེ་ཆུང་མེད་པ་མཉམ་པར་བྲི་བར་བྱའོ། །ཡི་གེ་ཧཱུཾ་དང་ཡི་གེ་ལཾ་གཉིས་ནི་རྩེ་མོ་བརྒྱད་ལ་རབ་ཏུ་སྤེལ་བར་བྱ་སྟེ་དེའི་ཕྱིར། རི་རབ་དེ་ནི་བསྟེན་པར་བྱ། །ཞེས་གསུངས་
སོ། །དེའི་སྟེང་དུ་ཡི་གེ་ལཾ་སེར་པོ་ལས་དབང་ཆེན་གྱི་དཀྱིལ་འཁོར་གྲུ་བཞི་པ་ཐ་མ་རྡོ་རྗེ་རྩེ་གསུམ་པས་མཚན་པ་དགོད་པར་བྱའོ། །དེའི་སྟེང་དུ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེས་མནན་པ་ལ། གཤིན་རྗེ་མཐར་བྱེད་སེར་པོས་རབ་ཏུ་མི་གཡོ་བར་བསམ་མོ། །སྐུད་པ་སེར་པོ་ལ་རྡོ་རྗེ་མདུད་པ་ཉི་
ཤུ་རྩ་གཅིག་བྱས་ཏེ་རྒྱ་གྲམ་དུ་བཅིངས་ནས་སྲིན་ལག་གིས་གཟུང་བར་བྱའོ། །ཚོགས་བསགས་པ་སྔོན་དུ་འགྲོ་བའི་འཁོར་ལོའི་ནང་ན་སྔར་ཡང་བསྐྱེད་པའི་གཤིན་རྗེ་གཤེད་མདོག་སེར་པོའི་བདག་ཉིད་རྣམ་པར་བསམ་པར་བྱའོ། །བྱང་གི་ཕྱོགས་སུ་འགན་སྟན་སེར་པོའི་ནང་ན་ཤྭ་ཏྭའི་ལོ་མས་
བརྫངས་ལ་རྣལ་འབྱོར་པས་དེའི་སྟེང་དུ་ཁ་ལྷོ་ཕྱོགས་སུ་བལྟས་ཏེ་སྐྱིལ་མོ་ཀྲུང་བཅའོ། །མདུན་དུ་ལཾ་ལས་དབང་ཆེན་གྱི་དཀྱིལ་འཁོར་ཁ་སྦྱར་བའི་དབུས་སུ་བསྒྲུབ་བྱ་སེར་པོ་སྐྲ་གྲོལ་བའི་རྣམ་པ་ཡིད་ཀྱིས་བསམས་ལ། དེའི་སྟེང་དུ་ལཾ་ལས་བསྐྱེད་པའི་རི་རབ་ཀྱིས་མནན་པ་བྱས་ནས། ཧཱུཾ་ལས་བསྐྱེད་
པ་སྣ་ཚོགས་རྡོ་རྗེས་ཀྱང་མནན་པར་བསམ་མོ། །དེའི་སྟེང་དུ་ལཾ་ལས་བསྐྱེད་པའི་དབང་ཆེན་གྱི་དཀྱིལ་འཁོར་གྱིས་ཀྱང་མནན་པ་དེའི་འོག་ཏུ་འཇིགས་པའི་རླུང་ལྟར་སྣང་བའི་རི་ནི་མནྡཱ་ར་ལ་སོགས་པའི་རི་བོ་དང་ཞེས་བྱ་བ་སྟེ། གཞན་ཡང་གསེར་གྱི་རི་བདུན་ལ་སོགས་པའི་སྣ་ཚོགས་པའི་རི་བོ་རྣམས་ཀྱིས་
བསྒྲུབ་བྱ་མནན་པར་བསམ་པར་བྱའོ། །ཏིང་ངེ་འཛིན་དེ་ལ་མི་གཡེང་བར་གནས་ནས་བཟླས་པ་བརྩམ་པར་བྱའོ། །དེ་དག་གིས་ནི་གསང་བའི་བདག་པོ་ཡང་ནོན་ཅིང་རེངས་པར་གྱུར་ན་གཞན་ལྟ་སྨོས་ཀྱང་ཅི་དགོས། འདི་ནི་བཅོམ་ལྡན་འདས་ཀྱིས་ཤིན་ཏུ་རེངས་པར་བྱེད་པའི་རྡོ་རྗེའི་གོ་ཆའི་
དམ་ཚིག་གོ། །ད་ནི་ངག་བཅིང་བར་བྱ་སྟེ། ངག་ནི་རེངས་པར་འདོད་པ་ལས། །དེ་བཞིན་འཁོར་ལོ་གཉིས་བྲིས་ལ། །བསྒྲུབ་བྱའི་མིང་ཡང་བྲི་བར་བྱ། །དེར་ནི་སྔགས་ཀྱང་སྤྲོས་ནས་བཟླས། །ཨོཾ་ཧྲཱིཿཥྚྲྀཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ། ལཾ་དེ་བ་དཏྟ་སྭཱ་ཧཱ་ཐ་ནེ་སྟཾ་བྷ་ན་ཀུ་རུ་ལཾ། དེའི་དོན་ནི་འདི་ཡིན་ཏེ།

ངག་ནི་ལྕེ་སྟེ་དེ་རེངས་པར་འདོད་པས་སྔར་གྱི་དེ་བཞིན་དུ་འཁོར་ལོ་གཉིས་བྲིས་ལ་བྱིས་པའི་ཐོད་པ་ཁ་སྦྱར་གྱི་ནང་དུ་བཅུག་སྟེ་བསྒྲུབ་བྱའི་མིང་དང་། ཐ་ནེ་དང་། སྟཾ་བྷ་དང་། ལཾ་དུ་སྤེལ་ལ་སྔར་བུད་མེད་ཀྱི་ནུ་ཞོས་བྲི་བར་བྱའོ། །བདག་ཉིད་གཤིན་རྗེ་མཐར་བྱེད་སེར་པོ་སྔར་བཞིན་དུ་བསྐྱེད་ལ། བསྒྲུབ་བྱ་མུན་ཁུང་
ན་གནས་པའི་ལྕེ་ལ་ཡི་གེ་ལཾ་ལས་སྐྱེས་པའི་དབང་ཆེན་གྱི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་གྱུར་པའི་སྣ་ཚོགས་རྡོ་རྗེ་གཤིན་རྗེ་གཤེད་སེར་པོས་མནན་པར་བསྒོམ་མོ། །དེ་ནས་ནིམ་པའི་ལོ་མའི་ཁུ་བ་ལ་སྔགས་བཟླས་ཤིང་བྱུགས་པས་སྤྲུལ་པའི་སྨྲ་བ་ཡང་ལུག་བཞིན་དུ་འགྱུར་རོ། །བཅོམ་ལྡན་
འདས་ཀྱིས་ངག་རེངས་པར་བྱེད་པའི་ཆོ་གའི་དམ་ཚིག་འདི་སྐད་ཅེས་གསུངས་སོ། །ད་ནི་གསད་པའི་དམ་ཚིག་བསྟན་པར་བྱ་སྟེ། ཤིན་ཏུ་ལེགས་པར་སྦས་པ་ཡི། །ཇི་ལྟར་གསུངས་པ་བཞིན་དུ་བྱ། །གཤིན་རྗེ་གཤེད་ནག་སྦྱོར་བ་ཡིས། །ཉི་མ་གཅིག་གིས་འགྲུབ་པར་འགྱུར། །དེ་ཡི་དོན་ནི་འདི་ཡིན་
ཏེ། །ཤིན་ཏུ་བླ་ན་མེད་པའོ། །ལེགས་པ་ནི་གསང་བའི་དོན་ཏོ། །སྦས་པ་ནི་རྒྱུད་གཞན་དུ་བལྟའོ། །ཇི་ལྟར་གསུངས་པ་ནི་སྔགས་དང་འོག་ནས་གསུངས་པའི་སྦྱོར་བའོ། །མི་ཉམས་པར་བྱ་བའི་དོན་གྱིས་ན་བཞིན་དུ་བྱ་ཞེས་སོ། །གཤིན་རྗེ་གཤེད་ནག་པོའི་སྦྱོར་བ་ནི་གཉིས་ཏེ་སྔོན་དུ་བྱ་བ་ནི་རྣལ་འབྱོར་
བཞིའི་དོན་ཏོ། །དེ་ཟླ་བ་དྲུག་སྔོན་དུ་སོང་བའི་སྦྱོར་བས་བསྒྲུབ་པའི་སྦྱོར་བ་འདི་ལ་གནས་ན་ཉི་མ་གཅིག་གིས་གདོན་མི་ཟ་བར་འགྲུབ་པར་འགྱུར་རོ། །འཁོར་ལོའི་རྒྱུ་གསུངས་པ། སྔར་བཞིན་དུར་ཁྲོད་ཀྱི་རས་ལ། །བརྟུལ་ཞུགས་ཅན་གྱིས་འཁོར་ལོ་བྲི། །ཞེས་པ་སྟེ་དུར་ཁྲོད་ཀྱི་རས་ནི་རོའི་རས་སོ། །
དེ་ཁྱད་པར་དུ་མཚོན་གྱིས་བསྣུན་པའོ། །གདུག་པའི་རྫས་ཀྱིས་བཏུལ་ལ་ལུས་ངག་ཡིད་གསུམ་གྱི་བརྟུལ་ཞུགས་ཅན་གྱིས་ཚོགས་ཀྱི་འཁོར་ལོ་བསྐོར་ཏེ་འཁོར་ལོ་བྲི་བར་བྱའོ། །བརྩམ་པར་བྱའོ། །རས་གདུལ་བའི་རྫས་ནི། སྐེ་ཚེ་དང་ནི་ཚ་དང་ནི། །དུག་དང་གཞན་ཡང་ནིམ་པ་དང་། །ཚ་
བ་གསུམ་དང་ཚ་བའི་མར། །ད་དུ་ལོ་མའི་ཁུ་བ་དང་། །ཙནྡན་འབྲས་བུ་མཛུབ་མོའི་ཁྲག །ཙི་ཏྲ་ཀ་ཡི་ཁུ་བ་དང་། །ཚ་སྒོ་ཅན་གྱི་ས་བླངས་ཏེ། །གདོལ་པའི་རྫ་མའི་དྲེག་པ་དང་། །ཞེས་བྱ་བ་ལ། སྐེ་ཚེ་ནི་རིགས་ངན་གྱི་ལྡུམ་ར་ནས་སྐྱེས་པའི་འབྲས་བུའོ། །ཚ་ནི་བོང་བུས་གཅིན་བཏང་བའི་

སའོ། །དུག་ནི་མཆེ་བ་གཙིགས་པའོ། །ནིམ་པ་ནི་ནིམ་པའི་ལོ་མ་སྐྱུར་དུ་སྦངས་པའོ། །ཚ་བ་གསུམ་ནི་པི་པི་ལིང་དང་ན་ལེ་ཤམ་དང་རྫར་རྫའོ། །ཚ་བའི་མར་ནི་ཡུངས་ཀར་ནག་པོའི་མར་ཁུའོ། །ད་དུ་རའི་ལོ་མའི་ཁུ་བ་ནི་ཏིལ་མཁན་གྱི་ཏིལ་རྡོ་ལས་བྱུང་བའོ། །ཙནྡན་
གྱི་འབྲས་བུ་ནི་གཏུམ་པོའི་ས་བོན་ནོ། །མཛུབ་མོ་ནི་གཡུང་མོའི་མཛུབ་མོ་སྟེ་དེའི་ཁྲག་གོ། །ཙི་ཏྲ་ཀའི་ཁུ་བ་ནི་བྱ་རོག་གི་སྒོ་ང་དང་བསྲེས་ཏེ། ཚ་སྒོ་ཅན་གྱི་ས་ནི་ཆུ་ཟད་པར་བྱས་པའོ། །གདོལ་པ་ནི་རོའི་མཁར་ལེན་པ་སྟེ་རྫ་མ་ནི་འབྲས་ཆན་འཚེད་པའི་སྣོད་དོ། །དྲག་པ་ནི་དུ་བ་ཆགས་པའོ། །དེ་
དག་གིས་ནི་བྲི་བ་ཡང་བྱའོ། །དེའི་སྦྱོར་བ་གསུངས་པ་ནི། རབ་ཏུ་ལྟོགས་པའི་མྱུ་གུ་ཡིས། །བཅུ་བཞི་ལ་ནི་བརྟུལ་ཞུགས་ཅན། །ཁྲོས་པའི་སེམས་ཀྱིས་ཉི་ཕྱེད་ན། །གདུག་པ་ཅན་རྣམས་གསད་པའི་ཕྱིར། །སེམས་ཅན་གནོན་པ་བྱེད་པའི་མི། །ཡི་གེ་ཧཱུཾ་གིས་བརྟེན་བྱས་ལ། །ཞེས་གསུངས་
པ་ལ། རབ་ཏུ་ལྟོགས་པ་ནི་རྒྱུན་དུ་ལྟོགས་པ་སྟེ་བྱ་རོག་གོ། །དེའི་གཤོག་པ་གཡས་ཀྱི་སྒྲོའི་མྱུ་གུས་ཚེས་བཅུ་བཞིའི་ནམ་ཕྱེད་ཀྱི་དུས་སུ་མན་ངག་གི་ལུགས་ཀྱིས་བྲི་བར་བྱའོ། །དེ་ཡང་བརྟུལ་ཞུགས་ཅན་ཤིན་ཏུ་ཁྲོས་པའི་སེམས་ཀྱིས་གདུག་པ་ཅན་རྣམས་གསད་པར་བྱ་བའི་ཕྱིར་ཐེ་ཚོམ་མེད་པ་
ལ་ལྟ་བའི་ང་རྒྱལ་དང་མི་འབྲལ་བའི་ཏིང་ངེ་འཛིན་གྱིས་སེམས་ཅན་གང་གནོད་པར་བྱེད་པའི་མིང་དང་ཧཱུཾ་སྤེལ་བ་ཉིད་ཀྱིས་བརྟེན་བྱས་ལ་ཞེས་བྱའོ། །བསྒོམ་པར་བྱ་བ་གསུངས་པ་ནི། བདག་ཉིད་གཤིན་རྗེ་མཐར་བྱེད་པའི། །སྦྱོར་བས་ལྷོ་ཕྱོགས་ཁ་བལྟས་ཏེ། །ཁྲོ་ཆེན་རབ་ཏུ་དྲག་
པོའི་གཟུགས། །རུས་པས་མགོ་བོ་བསམ་བརྒྱན་པ། །ཞེས་གསུངས་ཏེ། བདག་ཉིད་ནི་རྣལ་འབྱོར་པ་བདག་ཉིད་དོ། །གཤིན་རྗེ་མཐར་བྱེད་པའི་སྦྱོར་བ་ནི་ཏིང་ངེ་འཛིན་ཏོ། །ལྷོ་ཕྱོགས་སུ་ཁ་བལྟས་པ་ནི་རབ་ཏུ་བསད་པ་ལ་ཤིས་པའི་ཕྱོགས་སོ། །ཁྲོ་བོ་ཆེན་པོ་ནི་ཐམས་ཅད་ཀྱི་གཙོ་བོར་
གྱུར་པའོ། །རབ་ཏུ་དྲག་པོའི་གཟུགས་ནི་རྣོ་ཞིང་འབར་བའི་ཆ་བྱད་ཐུན་མོང་མ་ཡིན་པའོ། །རུས་པ་ནི་རང་བཞིན་གྱིས་བརྒྱན་པའོ། །མགོ་བོ་ནི་བྱིན་གྱིས་བརླབ་པའི་གནས་སོ། །བསམ་པ་ནི་མེད་ན་བསྒོམ་པར་བྱ་བའི་དོན་ཏོ། །བརྒྱན་པ་ནི་དངོས་སུ་བགོ་བར་བྱའོ། །དེ་ཡང་འདི་ལྟར་གསལ་

བར་བྱ་བ་སྟེ། མ་ཧེ་ལ་བཞུགས་ལྕེ་ཕྱུང་འདྲིལ། །གསུས་པ་ཆེ་ལ་རབ་འཇིགས་པ། །སྲེག་བྱེད་སྐྲ་འབར་གྱེན་དུ་འགྲེང་། །སྨ་ར་སྨིན་མ་དེ་བཞིན་སེར། །གཡས་ན་རྡོ་རྗེ་ཆེན་པོ་དང་། །གཉིས་པ་ན་ནི་རལ་གྲི་དང་། །གསུམ་པའི་ཕྱག་ན་གྲི་གུག་གོ། །ད་ནི་གཡོན་པའི་བྲི་བར་བྱ། །འཁོར་ལོ་དང་ནི་
པདྨ་ཆེ། །ཐོད་པ་ཉིད་ནི་གཡོན་ནའོ། །རྩ་བའི་ཞལ་ནི་ཤིན་ཏུ་གནག །གཡས་པ་ཟླ་འོད་བཟང་པོ་འདྲ། །གཡོན་པ་དམར་པོ་ཡིན་པར་བརྟན། །ཞེས་པ་སྨོས་ཏེ། རྡོ་རྗེ་རྒྱན་གྱིས་རབ་ཏུ་བརྒྱན། །བ་སྤུའི་ཁུང་ནས་འཇིགས་ཆེན་པོ། །རང་རིག་བདག་པོ་རབ་འཕྲོ་བ། །ཉི་མའི་དཀྱིལ་འཁོར་
སྟེང་ན་ནི། །ཞབས་ནི་གཡོན་པ་བརྐྱང་བས་གནས། །མཆེ་བ་གཙིགས་ཤིང་འགྱིང་བ་ཡི། །བསྐལ་པ་འབར་བའི་མེ་དང་མཚུངས། །ཞེས་བྱ་བ་སྨོས་ཏེ། མ་ཧེ་ནི་དེའི་འཁོར་བའི་སེམས་ཅན་ཏེ་དེ་ལ་བཞུགས་པ་ནི་འགྲོ་བ་ཐམས་ཅད་ཀྱི་དྲི་མ་སྡུད་པར་མཛད་པའོ། །ལྕེ་ཕྱུང་ཞིང་འདྲིལ་བ་ནི་
གདུག་པ་ཅན་མྱུར་བ་ཉིད་དུ་གསོད་པར་མཛད་པའོ། །གསུས་པ་ཆེ་བ་ནི་སྲིད་པ་གསུམ་ལྟོ་བ་ན་གནས་པའོ། །རབ་ཏུ་འཇིགས་པ་ནི་ཞེ་སྡང་གི་བདག་ཉིད་གཙོར་གྱུར་པའོ། །བ་སྤུའི་བུ་གའི་འོད་ཟེར་གྱིས་འབྱུང་པོ་སྲེག་པར་བྱེད་དོ། །སྐྲ་འབར་བ་ནི་མེ་ལྟ་བུ་སྟེ་སྲིད་པ་གསུམ་ཟིལ་གྱིས་གནོན་པའི་
བརྡར་དབུ་སྐྲ་གྱེན་དུ་