Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 46

Văn bản gốc(Tây Tạng)

Trang 12 / 23 (50.000 ký tự/trang)
ྟེ། །ཞེས་གསུངས་སོ། །དེ་ལྟ་ན་དེ་ཉིད་གནོད་པར་འགྱུར་རོ་སྙམ་ན། ནམ་མཁའ་
འདི་ལྟར་བདག་ཉིད་མེད། །ཅེས་གསུངས་ཏེ་དེ་གནས་ཡོངས་སུ་གྱུར་པ་ན་རང་བཞིན་གྱིས་འོད་གསལ་བའི་ཕྱིར་ནམ་མཁའ་ལྟ་བུ་ཡིན་གྱི་ཡང་དག་པའི་ཡེ་ཤེས་ལ་གཟུང་བ་དང་འཛིན་པའི་བདག་ནི་ཅི་ཡང་མེད་པས་འདི་ལ་གནོད་པ་མེད་དོ་ཞེས་བསྟན་པའོ། །དེ་ཉིད་ནི། ཆོས་འདི་བདེ་བ་ཆེན་པོ་ཡིན། །
ཞེས་གསུངས་ཏེ་ཇི་སྐད་དུ་བདེ་བ་གང་ཞེ་ན། གང་ལ་ཀུན་དུ་རྟོག་པ་མེད་པ་དེ་བདེ་བའོ་ཞེས་གསུངས་སོ། །འདི་དོན་དམ་པར་ཡོད་པ་ཉིད་དེ་འདི་ཙམ་ཡང་སུན་འབྱིན་པ་ནི་བྱ་རབ་གནོན་དང་སྟག་གི་དཔེས་མདོ་ལས་གསལ་ཏོ། །འདི་ནི་རག་ལས་པ་དང་བྲལ་བའི་ཆོས་རང་དབང་དུ་གྱུར་པ་ཡིན་པས་
ན། །ས་མིན་ཆུ་དང་མེ་མ་ཡིན། །རླུང་མིན་དེ་བཞིན་ནམ་མཁའ་མིན། །ཞེས་གསུངས་ཏེ། ཚུལ་ཁྲིམས་དང་ནི་ཡེ་ཤེས་བསམ་གཏན་གྱིས། །མྱ་ངན་འདས་ཞི་དུལ་བ་དྲི་མེད་པའི། །གོ་འཕང་མི་རྒ་མི་འཆི་ཟད་མི་འཚལ། །ས་ཆུ་མེ་རླུང་ཉི་ཟླ་བྲལ་ཐོབ་མཛོད། །ཅེས་བཤད་པ་ལྟ་བུའོ། །གོ་འཕང་
དེ་ཡང་ཆོས་ཀྱི་དབྱིངས་རྟོག་པ་འབྱུང་བར་བསྟན་པའི་ཕྱིར། རྡོ་རྗེ་སེམས་དཔའི་སྦྱོར་བ་ཡི། །སྐྱེ་བ་འདི་ནི་རབ་ཏུ་གནས། །ཞེས་གསུངས་ཏེ། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་མི་ཕྱེད་པ་དང་སངས་རྒྱས་ཀྱི་ཆོས་སྣ་ཚོགས་པའི་རྒྱུར་གྱུར་པས་ཆོས་ཀྱི་དབྱིངས་ཏེ། དེ་ལ་རབ་ཏུ་སྦྱར་བ་ཡིས། །ཞེས་བྱ་

བ་ནི་རབ་ཏུ་ཡང་གསལ་བ་ཟུང་དུ་འཇུག་པས་སྔར་བསྟན་པའི་མི་གནས་པའི་མྱ་ངན་ལས་འདས་པ་ཕྱག་རྒྱ་ཆེན་པོ་ཟུང་དུ་འཇུག་པ་བྱུང་བས་ན། སྐྱེ་བ་འདི་ནི་རབ་ཏུ་གནས། །ཞེས་གསུངས་ཏེ། ཇི་སྐད་དུ། རྒྱལ་བས་ཆོས་ཉིད་ལུས་མེད་རབ་ཞི་བ། །གཉིས་མེད་རང་བཞིན་
མེད་པ་ཐུགས་ཆུད་ནས། །གཟུགས་སྐུ་བཟང་པོ་མཚན་གྱིས་བརྒྱན་པ་ཡིས། །འགྲོ་བ་མ་ལུས་བཀའ་བཞིན་སྟོན་པར་མཛད། །ཅེས་གསུངས་པས་སོ། །དེ་ཙམ་ཞིག་བདེན་གྱི་གཞན་དུ་གྱུར་པའི་དངོས་ཀུན་དངོས་པོ་ཞེས་བྱ་བ། དེ་ནི་དངོས་པོ་མེད་པར་གྲགས། །ཞེས་བྱ་བ་གསུངས་ཏེ།
རིགས་པས་འཇལ་བ་རྣམས་ལ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །ཇི་ལྟར་ཞེ་ན་རྣལ་འབྱོར་པའི་སེམས་ཡུལ་ཁྱད་པར་ཅན་དུ་སྣང་བ་རྣལ་འབྱོར་ཟུང་དུ་འཇུག་པ་དང་བྲལ་བར་གྱུར་པའི་ཚེ་དེའི་ཤེས་པ་དོན་ཁྱད་པར་ཅན་འཛིན་པ་དེ་ལ་རྟག་པ་སྣང་བ་མ་ཡིན་ཞིང་། དེ་བཞིན་དུ་ཆད་པ་ཡང་མིན་ལ་ཕྱག་དང་
ཞལ་དང་ཁ་དོག་ཀྱང་སྣང་བ་མ་ཡིན་པས། དེའི་ཕྱིར་གྲགས་ཞེས་བྱ་བ་ནི་དོན་ཇི་ལྟར་ཉམས་སུ་མྱོང་བ་གཅིག་ནས་གཅིག་ཏུ་མཆོད་པ་བྱེད་པ་ཡིན་པའི་ཕྱིར་རོ། །འོན་ཀྱང་དེའི་ཡུལ་དུ་སྔར་བསྟན་པའི་དམ་པའི་དགའ་བའི་མཚན་ཉིད་དེ་ཁོ་ན་ཉིད་ཙམ་ཞིག་གནས་པར་ཟད་དོ། །དེའི་མཚན་ཉིད་
གཞན་ཡང་། སྲིད་པ་ཀུན་དང་ཆགས་བྲལ་བ། །ཐོག་མ་བར་དག་སྤང་པའོ། །ཞེས་གསུངས་ཏེ་སྲིད་པ་ནི་འཁོར་བ་རྒྱུན་དུ་འཇུག་པའི་སེམས་ཏེ་འདོད་ཆགས་ལ་སོགས་ཉོན་མོངས་ཚོགས་ལྡན་པའི། །སེམས་ནི་འཁོར་བ་ཡིན་པར་ཀུན་དུ་བརྗོད། །ཅེས་གསུངས་པ་ལྟ་བུ་སྟེ་དེ་རབ་ཏུ་སྤངས་པ། ཉོན་
མོངས་རྣམས་གྲོལ་ཤེལ་དང་ཟླ་འདྲ་བ། །སྲིད་པའི་རྒྱ་མཚོའི་མཐར་ནི་ཡོངས་སུ་བསྒྲགས། །ཞེས་གསུངས་པའི་བདག་ཉིད་དོ། །དེ་བས་ན་ཀུན་ཞེས་བྱ་བ་ནི་སྲིད་པའི་རྩེ་མོའི་བར་གྱི་སེམས་ལས་འདི་མ་གཏོགས་པར་གྱུར་པའོ། །ཆགས་བྲལ་དང་ཞེས་བྱ་བ་ནི། འཕགས་པ་ཉན་ཐོས་གང་དག་
སྲིད་པས་རབ་ཏུ་སྐྲག་པས་ཞི་བའི་བདག་ཉིད་རྣམ་པར་ཤེས་པ་མར་མེ་རྒྱུན་ཆད་པ་ལྟར་གྱུར་པའི་བདེ་བ་མེད་པ་ལ་བདེ་བར་འདུ་ཤེས་པ། སྐུ་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ལ་རྒྱབ་ཀྱིས་ཕྱོགས་པ། ཞུམ་པ་མེད་པའི་ལུས་ཀྱིས་ནི། །ཚོར་བ་སྟ་གོན་གནས་པར་བྱ། །མར་མེ་འདྲ་བའི་རྣམ་པར་

ཐར། །དེ་ཡི་སེམས་ནི་མྱ་ངན་འདས། །ཞེས་བྱ་བ་གང་ཡིན་པ་འདི་ནི་ཁམས་གསུམ་དང་མི་གནས་པའི་མྱ་ངན་ལས་འདས་པ་ལ་ཡང་ཆགས་པ་དང་བྲལ་བའོ། །འདི་ནི་དེ་ལྟར་ཡང་མ་ཡིན་ཏེ། བསྐལ་པ་གྲངས་མེད་པའི་བར་དུ་རྒྱུ་ལ་ནན་ཏན་བྱས་པས་འཁོར་བའི་མཐའ་མེད་པ་ལྟར་འདིའི་
སྐུ་ཚེ་ཡང་མཐའ་མེད་པ་སྟེ། །ནམ་མཁའི་མཐར་ཐུག་གྱུར་པ་ཇི་ཙམ་པར། །སེམས་ཅན་མ་ལུས་མཐའ་ཡང་དེ་བཞིན་ཏེ། །ཅི་ཙམ་ལས་དང་ཉོན་མོངས་མཐའ་གྱུར་པ། །བདག་གི་སྨོན་ལམ་མཐའ་ཡང་དེ་ཙམ་མོ། །ཞེས་གསུངས་ལ། སྨོན་ལམ་ཡང་ཇི་ལྟར་སྨོན་པའི་འབྲས་བུ་འབྱིན་པ་སྟེ། ཆོས་རྣམས་
ཐམས་ཅད་རྐྱེན་བཞིན་ཏེ། །འདུན་པའི་རྩ་ལ་རབ་ཏུ་བརྟེན། །གང་གིས་སྨོན་ལམ་ཅི་བཏབ་པ། །དེ་དང་འདྲ་བའི་འབྲས་བུ་ཐོབ། །ཅེས་གསུངས་པས་སོ། །ཐོག་མ་བར་དག་སྤངས་པའོ། །ཞེས་བྱ་བ་ནི་སྔར་འཁོར་བའི་ཐོག་མ་མེད་པར་བསྟན་པ་འདིས་ཐོག་མ་སྤངས་པ་ཡིན་ལ། གང་ལ་ཐོག་མ་མེད་པ་དེ་ལ་
བར་ཡོད་མི་སྲིད་དེ། བར་ནི་ཐོག་མ་དང་ཐ་མའི་ཆ་ལས་ལྟོས་པ་ཙམ་ཡིན་པའི་ཕྱིར་རོ། །དེས་ན་བར་སྤངས་པའོ། །དེ་ཉིད་ཀྱིས་ན་འདི་ལ་ཐ་མ་མེད་པ་ནི་རབ་ཏུ་ཡང་གསལ་བས་མ་གསུངས་སོ། །གལ་ཏེ་བསྟན་དུ་མེད་པ་དགེ་བའི་རྩ་བས་མྱ་ངན་ལས་འདས་པ་ཡང་འདི་མིན་ལ། མར་མེ་ཆད་པ་ལྟ་བུའི་མྱ་ངན་ལས་
འདས་པ་ཡང་འདི་མིན་ན། དེ་བཞིན་གཤེགས་པ་རྣམས་ཀྱི་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་གསུངས་པ་ཇི་ལྟ་བུ་ཡིན་ཞེ་ན། དོན་གྱི་དབང་བཅུས་རྒྱུན་ཆད་པ་མེད་ཅིང་སྐུ་གཞན་དུ་སྣང་བ་སྐྱེད་པ་ཙམ་ལ་མྱ་ངན་ལས་འདས་པར་བཞག་སྟེ། ཇི་སྐད་དུ་འཕགས་པ་འཇིག་རྟེན་ལས་འདས་པའི་ལེའུ་
ལས། ཀྱེ་རྒྱལ་བའི་སྲས་དག་སངས་རྒྱས་ཀྱི་ཕྲིན་ལས་རྫོགས་པར་མཛད་ཟིན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་དོན་བཅུའི་དབང་གཟིགས་ནས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་སྟོན་ཏེ། བཅུ་གང་ཞེ་ན། འདི་ལྟར་ཡང་དག་པ་ཇི་ལྟ་བ་
བཞིན་དུ་འདུ་བྱེད་མི་རྟག་པ་ཡོངས་སུ་བསྟན་པ་དང་། འདུས་བྱས་ཐམས་ཅད་ཡིད་བརྟན་དུ་མི་རུང་བར་བསྟན་པ་དང་། མྱ་ངན་ལས་འདས་པའི་ཕྱོགས་བདེ་བར་འགྲོ་བས་འཇིགས་པ་དང་བག་ཚ་བ་ཐམས་ཅད་དང་བྲལ་བ་ཡང་དག་པར་བསྟན་པ་དང་། གཟུགས་ཀྱི་ལུས་ལ་ཞེན་པའི་ལྷ་དང་མི་རྣམས་ལ་

གཟུགས་ཀྱི་ལུས་མི་རྟག་པ་ཉིད་དུ་ཡང་དག་པར་བསྟན་པ་དང་། ཆོས་ཀྱི་སྐུ་ལ་ཡང་དག་པར་སྦྱར་བ་དང་། རྣམ་པར་འགྱུར་བའི་མཐུ་ཕྱིར་མི་བཟློག་པར་ཡོངས་སུ་བསྟན་པ་དང་། འདུ་བྱེད་ཐམས་ཅད་མདོར་རྒྱུར་མི་རུང་ཞིང་དབང་བསྒྱུར་དུ་མེད་པ་ཡོངས་སུ་བསྟན་པ་དང་
མྱ་ངན་ལས་འདས་པ་ནི་སྙིང་པོ་དམ་པ་སྟེ། མི་འཇིགས་པའི་ཆོས་ཉིད་དུ་ཡང་དག་པར་བསྟན་པ་དང་། ཀུན་འབྱུང་ཞིང་འཇིག་པ་བྲལ་བར་འགྱུར་བ་ཡོངས་སུ་བསྟན་པ་དང་། ཀྱེ་རྒྱལ་བའི་སྲས་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ཉིད་ཀྱིས་ཀྱང་དེ་བཞིན་ཏེ། སངས་རྒྱས་ཀྱི་ཕྲིན་ལས་ཐམས་
ཅད་རྫོགས་པར་མཛད་དེ། དགོངས་པ་ཐམས་ཅད་ཡོངས་སུ་རྫོགས་ཤིང་ཆོས་ཀྱི་འཁོར་ལོ་ཤིན་ཏུ་བསྐོར་ཏེ་གདུལ་བྱ་ཐམས་ཅད་ཤིན་ཏུ་དུལ་ནས། བྱང་ཆུབ་སེམས་དཔའ་ཐམས་ཅད་ཤིན་ཏུ་ལུང་བསྟན་པར་འགྱུར་ཏེ། མཉམ་པ་མེད་པའི་གོ་འཕང་ཡོངས་སུ་མྱ་ངན་ལས་འདས་པ་
ཆེན་པོར་ཡོངས་སུ་མྱ་ངན་ལས་འདའོ། །ཀྱེ་རྒྱལ་བའི་སྲས་དོན་བཅུ་པོ་དེ་དག་ཡང་དག་པར་གཟིགས་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཉམ་པ་མེད་པའི་གོ་འཕང་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཡོངས་སུ་སྟོན་ཏོ་ཞེས་
གསུངས་སོ། །དེ་ལྟར་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཇི་སྐད་དུ་གསུངས་པ་དེ་ཉིད་དང་རྗེས་སུ་མཐུན་པར་རྣལ་འབྱོར་པས་མོས་པ་ཡིད་ལ་བྱེད་པའམ། དེ་ཁོ་ན་ཡིད་ལ་བྱེད་པས་གནས་པར་བྱ་སྟེ། དེ་བས་ན་འདི་ནི་ལམ་དང་དེའི་འབྲས་བུ་གཉིས་ཀར་རྣམ་པར་གཞག་གོ། །དོན་དེ་ཉིད་
བཙུན་མོ་རྣམས་ཀྱིས་ཀྱང་གསལ་བར་བསྟན་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གོ་བར་སླ་ཞིང་སྔར་ཇི་སྐད་བཤད་པ་ཙམ་ཞིག་འདིས་ཀྱང་རྗོད་པར་བྱེད་དོ། །མྱ་ངན་ལས་འདས་པ་ཆེན་པོ་འདིའི་མཚན་ཉིད་ནི་གཞན་ལས། ཇི་ལྟར་ནམ་མཁའ་ཕྱོགས་རྣམས་ནི། །ཀུན་ལ་
རྟག་པར་མི་གནས་པ། །དེ་བཞིན་ཆོས་རྣམས་ཐམས་ཅད་ལ། །གསང་སྔགས་མགོན་པོ་མི་གནས་སོ། །ཇི་ལྟར་དངོས་རྣམས་ནམ་མཁའ་ལ། །གནས་ཤིང་རྟག་ཏུ་རྣམ་སྣང་ཡང་། །དེ་ནི་གནས་སུ་མི་འགྱུར་བ། །གསང་སྔགས་མགོན་པོའང་དེ་བཞིན་ནོ། །ནམ་མཁའ་དུས་གསུམ་

ལ་སོགས་དང་། །ཇི་ལྟར་བྲལ་བར་འདོད་པ་བཞིན། །དེ་ལྟར་གསང་སྔགས་མགོན་པོ་ཡང་། །དུས་གསུམ་མེད་ཀྱང་རྣམ་པར་སྣང་། །མིང་ཙམ་དུ་ནི་གདགས་པའི་གནས། །བྱེད་པ་པོ་ལ་སོགས་དང་བྲལ། །ནམ་མཁའ་ལ་ནི་ཐ་སྙད་དུ། །མཁས་པ་རྣམས་ནི་འདོགས་པར་བྱེད། །མིང་མ་གཏོགས་
པར་ཅུང་ཟད་ཀྱང་། །ཡོད་པ་མ་ཡིན་ནམ་མཁའ་བཞིན། །དེ་བཞིན་གསང་སྔགས་དབང་ཕྱུག་ཀྱང་། །ཐ་སྙད་ཙམ་དུ་སྣང་བར་ཟད། །མེ་དང་ཆུ་དང་རླུང་མ་ཡིན། །ས་དང་ཉི་མའང་མ་ཡིན་ཞིང་། །ཟླ་བ་ལ་སོགས་གཟའ་ཀུན་མིན། །ཉིན་པར་དང་ནི་མཚན་མོའང་མིན། །སྐྱེ་བ་དང་ནི་འགག་པའང་མིན། །འཆི་
བ་དང་ནི་རྒུད་པ་མིན། །སྐད་ཅིག་མ་ཡིན་ཡུད་ཙམ་མིན། །ལོ་ལ་སོགས་ཀྱང་མ་ཡིན་ཞིང་། །འཇིག་པ་དང་ནི་ཆགས་པའང་མིན། །བསྐལ་པའི་གྲངས་ཀྱང་ཡོད་མ་ཡིན། །དགེ་དང་མི་དགེ་ལས་བྱུང་བའི། །དབུས་སུའང་ཡོད་པ་མ་ཡིན་ནོ། །ཀུན་མཁྱེན་གོ་འཕང་འདོད་པ་ཡིས། །རྟོག་པ་རྣམ་པ་སྣ་
ཚོགས་པ། །དེ་ཀུན་གང་ལའང་མེད་འགྱུར་བ། །དེ་ལ་རྟག་ཏུ་བརྩོན་པར་བྱ། །ཞེས་གསུངས་སོ། །བྱང་ཆུབ་ཅེས་བྱ་བ་ནི་རྣམ་པར་མི་རྟོག་པ་རང་བཞིན་གྱིས་འོད་གསལ་བ་སྟེ། བྱང་ཆུབ་ནམ་མཁའི་མཚན་ཉིད་དེ། །ཀུན་དུ་རྟོག་པ་ཐམས་ཅད་སྤངས། །ཞེས་གསུངས་སོ། །དེའི་བདག་ཉིད་
ཀྱི་སེམས་ནི་བྱང་ཆུབ་ཀྱི་སེམས་ཏེ། ཡང་ཤཱ་རིའི་བུ་སེམས་དེ་ནི་བྱང་ཆུབ་ཀྱི་རང་བཞིན་ཏེ་དེའི་ཕྱིར་བྱང་ཆུབ་ཀྱི་སེམས་ཞེས་བྱའོ་ཞེས་གསུངས་པས་སོ། །གླེང་གཞི་ཞེས་བྱ་བ་ནི་མ་ལུས་པའི་མན་ངག་འདིར་བྱིན་པས་སོ། །ལེའུ་ཞེས་བྱ་བ་ནི་སྔོན་བཞིན་ནོ། །ལེའུ་བཅུ་བདུན་པའི་
བཤད་པའོ།། །།ད་ནི་གཞུང་ཉེ་བར་བསྡུ་བའི་ཕྱིར། གསང་བའི་བདག་པོ་ཆེན་པོ་རྡོ་རྗེའི་རིགས་ཁྱད་པར་ཅན་གྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གནོད་སྦྱིན་གསང་སྔགས་དྲག་པོ་འཆང་བ་རྣམས་ནི་གསང་བ་སྟེ། དེ་དག་གདུལ་བའི་ཕྱིར་དེ་དག་གི་དབང་ཕྱུག་ཏུ་སྐྱེས་པས་ན་བདག་པོའོ། །
གཞན་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དོན་འཛིན་པར་དབང་བསྐུར་བས་ན་གསང་བའི་བདག་པོའོ། །དེ་ཉིད་མཐུའི་ཁྱད་པར་རབ་ཏུ་ཕྱེ་བས་ན་ཆེན་པོའོ། །རྡོ་རྗེའི་མཚན་མ་ལས་བྱུང་བས་ན་རྡོ་རྗེའི་རིགས་སོ། །ཡང་ན་གནོད་སྦྱིན་ལག་ན་རྡོ་རྗེ་དག་གི་རིགས་སུ་སྐྱེས་པས་ན་རྡོ་རྗེའི་རིགས་

སོ། །སྔར་བསྟན་པའི་ཡོན་ཏན་དང་བཅས་པས་ན་ཁྱད་པར་ཅན་ནོ། །དེས་ན་དེ་སྐད་ཅེས་གསུངས་སོ། །དེ་ཅིའི་ཕྱིར་གསུངས་ཤེ་ན། ན་ཊ་ཀུ་བེ་ར་ཞེས་བྱ་བ་སྨོས་ཏེ། འདི་དག་ནི་ལྷ་མོའི་བུད་མེད་ཀྱི་སྒྱུ་མ་རབ་ཏུ་མང་པོ་དང་། རབ་ཏུ་འཇིགས་སུ་རུང་བའི་གར་བྱེད་པས་ན་གར་
མཁན་ན་ཊ་སྟེ་བདུད་ཀྱི་སྡེའོ། །དེས་ནི་འགྲོ་བ་མ་ལུས་པ་ལམ་ལས་བཟློག་ཅིང་ཆུད་གསོན་པས་ན་ངན་པ་སྟེ་ཀུའོ། །བདུད་ཀྱི་ལས་ནི་ངན་པ་ཡིན་པས་སོ། །དེ་བཟློག་པའི་ཕྱིར་ན་བེ་ར་སྟེ་དེ་སྐད་ཅེས་གསུངས་སོ་ཞེས་སྦྱར་རོ། །བདུད་ཀྱི་སྡེ་ལོག་པ་ཉིད་ཅི་ལ་དགོངས་ཤེ་ན། བརྒྱ་བྱིན་ལོག་པར་རྣམ་
པར་སྣང་བྱེད་དུ་གྱུར་པའི་ལས་ཀྱི་འབྲས་བུ་ཆུད་མི་ཟ་བར་བསྟན་པ་དང་དགོས་པ་བཅུའི་ཆེད་དུ་སྟེ་དེ་ནི་ཇི་སྐད་དུ་འཕགས་པ་འཇིག་རྟེན་ལས་འདས་པའི་ལེའུ་ལས། ཀྱེ་རྒྱལ་བའི་སྲས་དོན་རྣམ་པ་བཅུ་པོ་འདི་དག་གི་དབང་ཡང་དག་པར་མཐོང་ནས་སྙིང་པོ་བྱང་ཆུབ་མཆོག་ལ་འདུག་པའི་བྱང་
ཆུབ་སེམས་དཔའ་བདུད་འདུལ་བ་སྟོན་ཏེ། བཅུ་གང་ཞེ་ན་འདི་ལྟར་ཀུན་ནས་ཉོན་མོངས་པའི་འཇིག་རྟེན་གྱི་ཁམས་འབྱམས་ཀླས་པ་ན། འཐབ་མོ་དང་གཡུལ་ལ་སོགས་པ་མོས་པའི་སེམས་ཅན་རྣམས་ལ། བྱང་ཆུབ་སེམས་དཔའི་སྟོབས་ཀྱི་ཆེ་བ་ཉིད་ཡང་དག་པར་བསྟན་པའི་ཕྱིར་
བྱང་ཆུབ་སེམས་དཔའ་བདུད་འདུལ་བ་སྟོན་ཏོ། །ཡིད་གཉིས་དང་ཐེ་ཚོམ་དུ་གྱུར་པའི་མི་དང་། ལྷ་རྣམས་ཀྱི་ཡིད་གཉིས་དང་ཐེ་ཚོམ་གཅོད་པའི་ཕྱིར་བདུད་འདུལ་བ་སྟོན་ཏོ། །བདུད་ཀྱི་སྡེ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བདུད་འདུལ་བ་སྟོན་ཏོ། །འཐབ་མོ་དང་
གཡུལ་ལ་མོས་པའི་མི་དང་། ལྷ་རྣམས་ཀུན་ནས་བསྡུ་བ་དང་། ཀུན་ནས་འདུས་པའི་ལྷ་དང་། མི་རྣམས་འདུལ་བའི་དབང་གི་ཕྱིར་བདུད་འདུལ་བ་སྟོན་ཏོ། །བྱང་ཆུབ་སེམས་དཔའི་མཐུ་ལ་ཐུབ་པ་མེད་པར་ཡོངས་སུ་བསྟན་པའི་ཕྱིར་བདུད་འདུལ་བ་སྟོན་ཏོ། །སེམས་ཅན་
གཞན་མོས་ཤིང་སྤྲོ་བར་བྱ་བའི་ཕྱིར་བདུད་འདུལ་བ་སྟོན་ཏོ། །ཕྱི་མའི་སྐྱེ་བོ་རྣམས་ལ་སྙིང་བརྩེ་བའི་ཕྱིར་བདུད་འདུལ་བ་སྟོན་ཏོ། །སྙིང་པོ་བྱང་ཆུབ་ཀྱི་བར་གྱི་བདུད་ཀྱི་ལས་ཡོངས་སུ་བསྟན་པ་དང་། བྱང་ཆུབ་སེམས་དཔའ་བདུད་ཀྱི་ལམ་ཐམས་ཅད་ལས་འདས་པར་ཡོངས་

སུ་བསྟན་པའི་ཕྱིར་བདུད་འདུལ་བ་སྟོན་ཏོ། །ཉོན་མོངས་པའི་སྟོབས་ཀྱི་ཉམས་སྨད་ཅིང་སྟོབས་མེད་པར་བྱས་པ་ཡོངས་སུ་བསྟན་པ་དང་། དགེ་བའི་རྩ་བ་བརྗོད་པ་དང་། བྱམས་པའི་སྟོབས་ཡང་དག་པར་བསྟན་པའི་ཕྱིར་བདུད་འདུལ་བ་སྟོན་ཏོ། །ཀུན་ནས་ཉོན་མོངས་པའི་འཇིག་རྟེན་
གྱི་ཁམས་འབྱམས་ཀླས་པ་དག་ཏུ་ཆོས་ཉིད་རྗེས་སུ་འབྲང་བར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་བདུད་འདུལ་བ་སྟོན་ཏོ། །ཀྱེ་རྒྱལ་བའི་སྲས་དོན་བཅུ་པོ་དེ་དག་གི་དབང་མཐོང་བས་ན་བྱང་ཆུབ་སེམས་དཔའ་བདུད་འདུལ་བ་སྟོན་ཏོ་ཞེས་གསུངས་སོ། །གཞན་དག་འདི་འགྲོ་བ་
ཆགས་པར་བྱེད་པའི་གར་གྱི་ཉམས་དགུའོ། །སྒེག་དང་དཔའ་དང་འཇིགས་སུ་རུང་། །དགོད་དང་ཁྲོ་དང་འཇིགས་པར་བྱེད། །སྙིང་རྗེ་ངོ་མཚར་ཞི་བ་སྟེ། །འབར་བའི་གར་དགུའི་ཉམས་དང་ལྡན། །ཞེས་པས་གར་མཛད་པས་ན་ཎ་ཊ་ཀུ་སྟེ་ཀུ་ཞེས་བྱ་བ་ནི་ཀུརྦན་ཏི་སྟེ་བྱེད་པའམ་མཁན་
པོའོ། །དེ་ཉིད་འགྲོ་བ་ལམ་དམ་པ་ལ་དགོད་པས་གར་ཏེ་མཆོག་དམ་པའོ། །དེ་བས་ན་འདི་ནི་གར་མཁན་མཆོག་ཡིན་པས་ན་ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་དུ། ཚུར་ཤོག་ཎ་ཊ་ཀུ་བེར། །ཞེས་བཅོམ་ལྡན་འདས་ཤཱ་ཀྱ་ཐུབ་པ་ཉིད་ཀྱིས་འདི་ལ་སྙན་པར་བོས་པའོ་ཞེས་འཆད་དེ་
མི་འཐད་པ་མེད་དོ། །དེས་ན་རྒྱུད་འདིར་ཡང་གང་དག་དོན་གྱི་དབང་བཅུ་པོ་འདི་མཐོང་བ་དང་། གསང་སྔགས་ཀྱི་མཐུ་རབ་ཏུ་བསྟན་པའི་ཕྱིར་བདུད་བཏུལ་བ་མཉམ་པ་མེད་པ་བསྟན་ཞིང་འགྲོ་བ་འབྱུང་བར་འགྱུར་བ་རྣམས་ལ་ཡང་གོ་འཕང་འདི་ལྟ་བུ་སྒྲུབས་ཤིག་ཅེས་སྟོན་པའོ།། །།རྩོད་
པའི་དུས་སུ་སྙིགས་མ་ལྔས་གཟིར་བ། །བློ་དམན་བདག་འདྲས་འདིར་བསྡུས་རྣམས་ཕྱེ་བས། །བདག་ནི་དཔལ་ལྡན་གཤིན་རྗེས་མ་སྡང་བར། །གཅིག་པུ་བདེ་མཆོག་གོ་འཕང་ཐོབ་པར་ཤོག །དཔལ་གཤིན་རྗེའི་དགྲ་ནག་པོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་དཀའ་འགྲེལ་རིན་པོ་ཆེའི་
སྒྲོན་མ་ཞེས་བྱ་བ་སློབ་དཔོན་མཁས་པ་ཆེན་པོ་རཏྣཱ་ཀ་ར་ཤནྟིས་ཉུང་བར་སྦྱར་བ་འདི་ཡོངས་སུ་རྫོགས་སོ།། །།ཨཱ་ཙཱརྱ་བི་ན་ཡ་ཙནྡྲ་དང་། ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་དད་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།

༄༅༅། །རྒྱ་གར་སྐད་དུ། ཀྲྀཥྞ་ཡ་མཱ་རི་ཏནྟྲ་རཱ་ཛ་པྲ་ཀ་ན་ཕྲ་དཱི་པ་ནཱ་མ་ཊཱི་ཀཱ། བོད་སྐད་དུ། གཤིན་རྗེ་གཤེད་ནག་པོའི་རྒྱུད་ཀྱི་རྒྱལ་པོ་མངོན་པར་མཐོང་བ་ལམ་གྱི་སྒྲོན་མ་ཞེས་བྱ་བའི་རྒྱ་ཆེར་བཤད་པ། བཅོམ་ལྡན་འདས་སྨྲ་བའི་སྐྱེས་མཆོག་འཇམ་དཔལ་གཞོན་
ནུར་གྱུར་པ་ལ་ཕྱག་འཚལ་ལོ། །བདེ་གཤེགས་ཡོན་ཏན་མཐའ་རྒྱས་སྙིང་པོའི་སྙིང་པོ་ཉིད། །དབྱིངས་དག་རྣམ་པའི་མཐའ་བྲལ་ཞི་བ་ཆོས་ཀྱི་རྗེ། །ཕྱིར་མི་ལྡོག་དབང་སེམས་དཔའ་རྒྱལ་བ་མཆོག་གི་སྲས། །ཀླུ་སྒྲུབ་སྙིང་པོ་ལ་སོགས་འཕགས་མཆོག་དེ་རྣམས་དང་། །
བདེ་བ་ཆེན་པོས་ངེས་པར་གང་བ་ནག་པོའི་མཆོག །མཚན་དང་དཔེ་བྱད་རབ་ཏུ་རྒྱས་པ་ལོངས་སྤྱོད་རྫོགས། །དགྲ་རྣམས་བདག་པོར་མཐར་བྱེད་སྤྲུལ་པའི་འཁོར་ལོ་དང་། །རྗེ་བཙུན་འཇམ་པའི་རང་བཞིན་དེ་ལ་ཕྱག་འཚལ་ཏེ། །མཆོད་པ་ཆེན་པོ་ཞེ་སྡང་དགའ་བྱེད་དགྲ་ཡི་རྒྱུད། །མ་ལུས་
ཡིད་འདུས་ཡིད་ལ་དགའ་བར་བྱེད་པའི་གཙོ་བོ་སྟེ། །ཐབས་དང་ཤེས་རབ་དབྱེར་མེད་བླ་ན་མེད་པའི་ཉག་གཅིག་པུ། །བྱང་ཆུབ་སེམས་དགའ་སྦྱིན་པ་རྣམ་དག་ཤེས་རབ་ཕ་རོལ་ཕྱིན་པ་དང་། །བརྩོན་འགྲུས་བརྟུལ་ཞུགས་ལ་སོགས་གཞན་ཡང་དེ་ཡི་ཆོགས། །རྒྱུད་རྒྱལ་གསལ་བྱེད་ལམ་དུ་
གྱུར་པ་ནག་པོ་ཞབས་ཀྱིས་བཤད། །ངེས་དོན་འདི་ནི་རིག་འདོད་ན། །སྒྲ་ཡི་རྣམ་པ་མཆོག་གྱུར་ཅེས། །སངས་རྒྱས་རྣམས་དང་དེ་སྲས་ཀྱི། །སྤྱི་ཡི་རྣམ་པ་འདིར་འདོད་ཡིན། །བདུན་པ་ཡི་ནི་དང་པོ་ལས། །བདུན་པའི་དྲུག་པའི་གཉིས་པ་བྱིན། །བརྒྱད་པའི་གཉིས་པའི་དང་
པོས་བརྒྱན། །བདུན་པའི་བདུན་པའི་གསུམ་པ་ལ། །བདུན་པའི་བཞི་པའི་མཐས་བརྒྱན་པ། །བདུན་པའི་དྲུག་པའི་དང་པོ་དང་། །བདུན་པའི་ལྔ་པའི་ཐ་མ་དང་། །བདུན་པའི་དྲུག་པའི་གཉིས་པ་ལ། །བརྒྱད་པའི་གཉིས་པའི་གཉིས་པས་བརྒྱན། །བདུན་པའི་གསུམ་པའི་དང་པོ་ལ། །བདུན་པའི་གསུམ་
པའི་ཐ་མ་བྱིན། །བདུན་པའི་བཞི་པའི་དང་པོ་ལ། །བདུན་པའི་དྲུག་པའི་གཉིས་པས་བརྒྱན། །བདུན་པའི་དྲུག་པའི་གཉིས་པ་དང་། །བདུན་པའི་གཉིས་པའི་དང་པོ་ནི། །སྒྲ་བཞི་པོ་ནི་བསྡུས་པའི་དོན། །ཛི་ནི་ལ་ཡི་སྒྲ་དག་ལས། །མཚན་གྱི་མཆོག་ནི་མངན་པར་རྙེད། །

དེ་ཡང་ངེས་པར་གཞག་པ་ལས། །འདི་ཡི་དེ་ཉིད་དེ་རིག་བྱ། །ཁུངས་བཙུན་ཡིད་ཆེས་བླ་མ་དྲན། །བཀྲ་ཤིས་རང་བཟོར་མི་འཇུག་དང་། །འཇུག་དོན་རྟོགས་ལས་བསྟན་པའི་འོད། །སྒྲ་ཡི་ཡན་ལག་རྣམ་པ་བརྒྱད། །བསྟན་བཅོས་དེ་ཡི་ལུས་ཤེས་པས། །མཁས་པ་
བཤད་བྱ་འདིར་འོས་ཡིན། །དྲང་བའི་དོན་དང་ངེས་པའི་དོན། །དགོངས་པས་བཤད་དང་དགོངས་མིན་དང་། །ཇི་བཞིན་སྒྲར་བཤད་སྒྲར་མིན་དོན། །ཚོགས་དང་སློབ་མའི་མཐའ་དྲུག་ནི། །བཤད་པའི་རྒྱུད་ཀྱི་རྗེས་འབྲངས་ནས། །རྒྱུད་ཀྱི་མཆོག་ལ་དེས་སྦྱར་བྱ། །འདིར་རྒྱུད་
ཀྱི་རྒྱལ་པོ་ཉིད་ཀྱིས་བརྗོད་པར་བྱ་བ་ནི་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པའོ། །དེ་ཡང་བཅོམ་ལྡན་འདས་གཤིན་རྗེ་གཤེད་ནག་པོ་དང་དེའི་ཡེ་ཤེས་ཀྱི་ཆའོ། །རྒྱུད་ཀྱི་རྒྱལ་པོ་འདི་ཉིད་དང་དགེ་བའི་བཤེས་གཉེན་གྱི་གསུང་གི་དམ་པ་སྒྲ་དོན་ལས་མཚམས་བཅད་པ་སྒྲ་རང་གི་
མཚན་ཉིད་སློབ་དཔོན་གྱི་རྒྱུད་ཀྱིས་བསྡུས་པའམ། སྒྲ་སྤྱིའི་རྣམ་པ་དེ་ལས་གཞན་པའི་རྒྱུད་ཀྱིས་བསྡུས་པ་དག་གོ། །དེ་ཡང་། སངས་རྒྱས་རྣམས་ཀྱི་ཡེ་ཤེས་ནི། །དེ་ཁོ་ན་ཡི་རང་བཞིན་ཉིད། །ལམ་དང་གཞུང་གི་སྒྲར་བཤད་དེ། །གཉིས་སུ་མེད་པ་བརྗོད་བྱའི་དོན། །
ཞེས་འབྱུང་བ་དང་། སངས་རྒྱས་རྣམས་ལས་གང་ཐོས་ཤིང་། །དེ་སྟོན་པ་ནི་གང་ཡིན་དང་། །བསྲེགས་བཅད་བདར་བའི་གསེར་བཞིན་དུ། །ཡོངས་སུ་བརྟགས་ནས་བླང་བར་བྱ། །ཞེས་འབྱུང་བའི་ཕྱིར་རོ། །འདིར་དགོངས་པ་ནི་བདག་ཉིད་དུ་བྱ་བ་ཡིན་ལ་དེ་ཡང་དད་པ་དང་
ཡིད་ཆེས་པའོ། །ཐམས་ཅད་ཀྱང་དེའི་རང་བཞིན་དུ་ཤེས་པ་དང་། ཐམས་ཅད་ཀྱང་དེའི་ངོ་བོར་རྟོགས་པས་ནན་ཏན་དུ་བྱས་པའོ། །དེ་ཡང་། སྟོན་པའི་བཀའ་ལ་ཅི་ཡོད་དང་། །གང་སུས་བསྟན་པ་བཟང་པོའི་མཆོག །གཞན་བསྟེན་པ་ཡི་མཐུ་ཉིད་ཀྱིས། །ཐེ་ཚོམ་
དང་ནི་བྲལ་བྱས་པའོ། །འདིར་དགོས་པ་ནི་བདག་གི་དོན་ཕུན་སུམ་ཚོགས་པ་ནི་ཐ་མི་དད་པའི་ཡེ་ཤེས་ཀྱི་ཆོས་ཐམས་ཅད་ཀྱི་རང་བཞིན་བདེ་བ་ཆེན་པོའོ། །ཡང་དགོས་པ་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པའི་འབྲས་བུ་སྟེ་མཚན་དང་དཔེ་བྱད་ཀྱི་ངོ་བོ་དང་། གཞན་སྣ་

ཚོགས་པའི་གདུལ་བྱ་དང་། མངོན་པར་སྣང་བ་སྤྲུལ་པ་ཉིད་དོ། །དེ་ཡང་གཞན་དོན། ཕུན་སུམ་ཚོགས་པ་སངས་རྒྱས་ཀྱི། །འབྲས་བུ་གཙོ་བོར་བཤད་པ་སྟེ། །སེམས་ཅན་རྣམས་ཀྱི་དོན་སྤངས་ནས། །ཆེན་པོའི་འབྲས་བུ་གཞན་མ་ཡིན། །ཞེས་འབྱུང་བའི་
ཕྱིར་རོ། །འདིར་འབྲེལ་པ་ནི་མེད་ན་མི་འབྱུང་བའི་དོན་ཏེ། དངོས་ཀྱིས་འབྲེལ་པ་ལས་ཕྱོགས་གཞན་པའི་བློའི་འབྲེལ་པ་དེ་ལས་བྱུང་བ་ནི་དོན་དང་ཚིག་གི་རང་བཞིན་དེ་དང་དེས་གཞན་དང་གཞན་ལ་གོ་བར་བྱེད་པ་ཉིད་དོ། །དེ་ཡང་། གཞུང་གི་ཚིག་གི་གཞི་དག་ལས། །དམ་པའི་ངག་ནི་རྨད་པོ་ཆེ། །
རྒྱུད་ཀུན་གྱི་ནི་གསང་བའི་དོན། །གང་དང་གང་ལ་དེར་བརྗོད་ཡོད། །ཅེས་འབྱུང་བའི་ཕྱིར་རོ། །དེ་ཡང་རྒྱུད་ནི་ཤིན་ཏུ་གསང་བའི་དོན་ཏེ་བླ་ན་མེད་པ་ཉིད་དུ་འོང་བ་ཡིན་ནོ། །གསང་སྔགས་ཀྱི་དོན་མངོན་པར་རྟོགས་པ་ཉིད་ནི་ཤིན་ཏུ་དགོངས་པའི་དོན་དམ་པ་ལ་རག་ལས་པ་སྟེ་བླ་ན་མེད་པའི་
སྙིང་པོ་བསྡུས་པའི་དོན་ཏོ། །དེ་ནི་མངོན་སུམ་དང་རྗེས་སུ་དཔག་པའི་ཡུལ་མ་ཡིན་ཏེ། འདི་དག་ནི་རང་གི་ལྷ་ལས་འོངས་པ་དང་མཆོག་ཏུ་གྱུར་པའི་བརྒྱུད་པའི་རིམ་པ་ལས་མངོན་པར་རྟོགས་པའོ། །དེ་ཡང་། ཕྱི་རོལ་སྒྲ་དང་ཚད་མ་དང་། །མངོན་སུམ་རྗེས་དཔག་རིགས་པའི་མདུང་། །
བློ་རབ་མངོན་ཤེས་ཕྲ་མོས་ཀྱང་། །རྟོགས་པར་མི་ནུས་མན་ངག་ཡིན། །ཞེས་འབྱུང་བའི་ཕྱིར་རོ། །རྒྱུད་ནི་རྒྱུན་ཏེ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ཉིད་དོ། །དེ་ཡང་སངས་རྒྱས་པའི་ཡེ་ཤེས་ཏེ་སེམས་ཅན་ཐམས་ཅད་དང་རྒྱུད་གཅིག་པའི་བློ་གྲོས་ཆེན་པོ་འདི་ནི་བསམ་གྱིས་
མི་ཁྱབ་པའི་ངོ་བོའོ། །དེ་དག་ཉིད་ནི་རྒྱུའི་རྒྱུད་དང་། ཐབས་ཀྱི་རྒྱུད་དང་། འབྲས་བུའི་རྒྱུད་བསྡུས་པའི་ངོ་བོ་སྟེ། དེ་ཡང་ཙནྡན་ལྟ་བུ་དང་། ཨུཏྤལ་ལྟ་བུ་དང་། པདྨ་དཀར་པོ་ལྟ་བུ་དང་། པདྨ་ལྟ་བུ་དང་། རིན་པོ་ཆེ་ལྟ་བུའི་གང་ཟག་སྟེ། ཞེ་སྡང་གི་རིགས་ནི་མཆོག་ཏུ་གྱུར་པ་སྟེ་དེ་ཡང་གཞི་
དང་། རང་བཞིན་དང་། དབྲོག་ཏུ་མེད་པ་ཉིད་དོ། །དེ་ཉིད་རིང་བ་དང་ཉེ་བའི་ཆ་ཤས་ཀྱིས་རྒྱུའི་རྒྱུད་མངོན་པར་རྟོགས་པར་བྱ་བ་ཉིད་དོ། །སྒྲུབ་པར་བྱེད་པའི་ཐབས་ནི་བྱ་བའི་རྒྱུད་དང་། སྤྱོད་པའི་རྒྱུད་དང་། རྣལ་འབྱོར་གྱི་རྒྱུད་དང་། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དང་། དེ་ཡང་

ཐབས་ཀྱི་རྒྱུད་དང་ཤེས་རབ་ཀྱི་རྒྱུད་ནི་ཡོངས་སུ་རྫོགས་པ་དང་ངོ་བོ་ཉིད་ཀྱིས་ཡོངས་སུ་རྫོགས་པར་བྱེད་པའོ། །འབྲས་བུའི་རྒྱུད་ནི་གཤིན་རྗེ་གཤེད་ནག་པོ་ཐོབ་པ་སྟེ། དེའི་གཟུགས་ཅན་ནི་སྔར་བཤད་པ་ལྟ་བུའོ། །དེ་དག་ཉེ་བར་གདགས་སུ་རུང་བ་ནི་འབྲེལ་པ་དང་ཚོགས་པ་སྟེ་དེའི་ཕྱིར་རྒྱུད་
ཉིད་དུ་ཤེས་པར་བྱའོ། །མཚན་ཉིད་ནི་རྒྱུ་དང་འབྲས་བུ་སྟེ་ཐབས་ཀྱི་བདག་ཉིད་དུ་བྱས་པའོ། །དེའི་ཕྱིར། བསྐྱེད་པ་ཡི་ནི་རིམ་པ་དང་། །རྫོགས་པ་ཡི་ནི་རིམ་པ་དང་། །རིམ་པ་གཉིས་ལ་བརྟེན་ནས་ནི། །རྡོ་རྗེ་འཆང་གིས་ཆོས་སྟོན་ཏོ། །ཞེས་འབྱུང་བའི་ཕྱིར་རོ། །དེ་དག་རབ་ཏུ་འབྱེད་
པ་ནི་ཚིག་གི་རྒྱུད་དང་། རང་བཞིན་གྱི་རྒྱུད་དོ། །དེ་དག་ཡི་གེ་དང་སྒྲ་ཉིད་ཀྱིས་གཟུགས་བརྙན་གྱི་ཚོགས་དང་དོན་སྤྱིའི་རྣམ་པ་ཉིད་འཛིན་པ་ཡིན་ལ། དོན་ཅན་གྱི་དཔེ་དང་བསམ་གྱིས་མི་ཁྱབ་པ་རྒྱུད་ཀྱིས་མྱོང་བ་དེ་ཁོ་ན་ཉིད་དུ་བྱེད་པའོ། །གཉིས་པ་གཉིས་ནི་གཞན་སེལ་བ་སྟེ། ཐ་དད་པ་ཉིད་
དུ་འབྱེད་པ་ནི་བློའོ། །གཉིས་མེད་ལ་གཉིས་མི་གནས་ཤིང་དེ་ཉིད་ཀྱི་འདུ་ཤེས་པ་དང་བྲལ་བ་ནི་སངས་རྒྱས་ཀྱི་སའི་དེ་ཁོ་ན་ཉིད་དོ། །ཐབས་དང་ཤེས་རབ་ཀྱི་རྒྱུད་གཤིན་རྗེ་གཤེད་ནག་པོའི་རང་བཞིན་ནི་རྣལ་འབྱོར་གཙོ་བོར་གྱུར་པ་སྟེ་དང་པོའི་རྣལ་འབྱོར་དང་། རྗེས་སུ་རྣལ་འབྱོར་
དང་། ཤིན་ཏུ་རྣལ་འབྱོར་དང་། རྣལ་འབྱོར་ཆེན་པོའོ། །དེ་བས་ན་ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུ་བསྒོམ་པ་ལས་ཡོངས་སུ་གྱུར་པ་སྟེ། དེའི་ཕྱིར་ཡང་དག་ཡང་དག་མིན། །གང་གང་ཤིན་ཏུ་བསྒོམས་པ་ལས། །བསྒོམ་པའི་སྟོབས་ནི་
རྫོགས་པ་ན། །བདེ་གསལ་མེ་ཏོག་བློ་འབྲས་ཅན། །ཞེས་འབྱུང་བའི་ཕྱིར་རོ། །གཞན་ཡང་། ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །སྙིང་པོ་དོན་ཅན་བླ་མེད་པ། །འདི་ནི་ཡོངས་སུ་བསྒོམས་པ་ལས། །སངས་རྒྱས་ཀུན་གྱི་འབྲས་བུ་འབྱུང་། །ཞེས་འབྱུང་བ་ཉིད་ཀྱི་ཕྱིར་རོ། །
གལ་ཏེ་བསྒོམས་པས་མ་ཡིན་ཏེ། །བྱས་དང་བསགས་པས་འགྲུབ་པོ་ཞེ་ན་མ་ཡིན་ནོ་ཇི་ལྟར་ན། ཐུན་མོང་མ་ཡིན་པར་ནི་བཤད། །གཞན་རྣམས་རྣམ་པ་ཐམས་ཅད་དུ། །བདག་ཉིད་བདེ་དོན་རབ་ཏུ་འཇུག །བླང་དོར་ཡོངས་སུ་མི་ཤེས་པས། །ཕྱི་རོལ་ལྷ་དང་མི་རྣམས་ཀྱི། །བདེ་

བའི་དོན་དུ་འདི་ལྟར་སྤྱོད། །ཆུ་དང་མེ་སོགས་བདག་ཉིད་ནི། །ཞུགས་ནས་འབྲས་དང་འབྲས་འབྱུང་སོགས། །ཟླ་བ་གཅིག་ལ་སོགས་པར་ནི། །ལུས་ཀྱི་དཀའ་ཐུབ་བྱེད་པའོ། །དེ་ལྟར་མ་ཡིན་ཏེ། འབྲས་བུ་དཀའ་ཐུབ་སྤྱད་པས་འབྱུང་བའོ་ཞེ་ན་མ་ཡིན་ཏེ། སྡུག་
བསྔལ་དང་བཅས་དཀའ་ཐུབ་ཀྱིས། །བདེ་བའི་འབྲས་བུ་མ་ཡིན་ནོ། །ཞེས་བྱ་བས་གསལ་ལོ། །དེ་ཅིའི་ཕྱིར་ཞེ་ན། སྡུག་བསྔལ་གྱིས་ནི་གཡེང་བའི་སེམས། །རྣམ་པར་གཡེངས་པས་དངོས་གྲུབ་གཞན། །དངོས་གྲུབ་དངོས་མེད་འཁོར་བ་སྟེ། །འཁོར་བས་དམྱལ་བར་འགྲོ་བར་
འགྱུར། །ཞེས་གསུངས་པས་གསལ་ལོ། །དེའི་ཕྱིར་འཇིག་རྟེན་པའི་བསམ་གཏན་དག་ལ་དོན་མེད་པར་འགྱུར་རོ། །ཞེ་ན། འཇིག་རྟེན་པ་ཡི་ཡང་དག་ལྟ། །ཆེན་པོ་གང་ལ་ཡོད་གྱུར་ན། །དེ་ནི་བསྐལ་པ་སྟོང་དུ་ཡང་། །ངན་འགྲོར་འགྲོ་བར་མི་འགྱུར་རོ། །ཞེས་གསུངས་པས་སོ། །འཁོར་
བ་སྤངས་པ་ནི་མ་ཡིན་ཏེ། དེའི་མཐུས་དུས་རྟག་ཏུ་སྡུག་བསྔལ་བར་ནི་མ་བྱས་སོ། །ལམ་ལ་ཞུགས་པ་ལ་ཁྱད་པར་ཇི་ལྟ་བུ་ཡོད་ཅེ་ན། དངོས་པོ་མ་ལུས་རྫས་ཤེས་ཤིང་། །ཕུང་པོ་དངོས་མེད་མཆོག་མཐོང་བས། །ཉན་ཐོས་རྣམས་ཀྱི་བྱང་ཆུབ་ནི། །རང་གི་མྱ་ངན་འདས་མཆོག་འགྱུར། །ཕ་རོལ་
ཏུ་ཕྱིན་པ་ཆེན་པོའི་ཐེག་པས་ཡོན་ཏན་གྱི་ཁྱད་པར་ཅི་ཞིག་རྙེད་ཅེ་ན། ཕ་རོལ་ཕྱིན་པའི་ཐེག་པ་མཆོག །སྦྱིན་པ་ལ་སོགས་རབ་སྤྱོད་གང་། །རྟག་ཏུ་སྟོང་པའི་རོར་གཅིག་ཀྱང་། །ལོངས་སྤྱོད་རྫོགས་པ་སྤྲུལ་པའི་སྐུ། །སྐུ་གཉིས་དག་གིས་དངོས་པོ་མེད། །ཅེས་གསུངས་པ་ནི་བསམ་གྱིས་མི་
ཁྱབ་པའི་སྙིང་རྗེ་ཆེན་པོ་དང་བྲལ་བ་སྟེ། དམན་པའི་སྙིང་རྗེ་རང་གི་མྱ་ངན་ལས་འདས་པ་གཙོ་བོར་བྱས་པ་ཉིད་དོ། །གལ་ཏེ་ཁྱོད་ས་བཅུ་ཡོངས་སུ་རྫོགས་པའི་ཕྱིར་མི་ལྡོག་པའི་རབ་ཏུ་འཕེལ་བ་ཐོབ་པ་ཡང་འགེགས་པར་བྱེད་པ་ཉིད་དམ་ཞེ་ན། ཁོ་བོ་ནི་ཕྱིར་མི་ལྡོག་པའི་ས་བཅུ་པ་ཐོབ་པ་ལ་ཡང་
སངས་རྒྱས་པ་ཉིད་དུ་མི་བྱེད་དེ། །དེ་ལྟ་ཉིད་དུ་ངེས་ན་ས་བཅུ་པའི་བྱང་ཆུབ་སེམས་དཔའ་ཉིད་སངས་རྒྱས་ཡིན་པར་ཐལ་བར་འགྱུར་རོ། །དེ་བས་ན་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་ནི་སངས་རྒྱས་ཀྱི་ས་ལ་གནས་པ་སྟེ། འདས་པའི་ཁྱད་པར་ཅན་གྱིས་དེ་ལྟར་ཟབ་མོ་གང་མངོན་དུ་

བྱེད་པ་ཡིན་ན་དེ་ལྟ་ན་ཡང་སེམས་ཅན་གྱི་དོན་གྱི་དངོས་པོ་མེད་དོ། །དེ་བས་འགྲོ་བ་མ་ལུས་པ་ཉེ་བར་འཚོ་བ་མེད་པ་དང་། ཐམས་ཅད་མཁྱེན་པ་ལ་ཤུགས་ཀྱིས་གནོན་པ་འབྱུང་བར་འགྱུར་རོ། །བདག་མེད་པ་རབ་ཏུ་འཕེལ་བ་ནི་རྟག་པའི་མི་མཐུན་པའི་ཕྱོགས་སོ། །དེའི་ཕྱིར་གསུངས་
པ། དངོས་མེད་གཅིག་པུ་བསྒྲུབ་པ་ཡང་། །ཐབས་ནི་སྤང་བྱར་བྱ་བ་མིན། །བདག་གཞན་ནུས་པ་མེད་པ་ནི། །དངོས་མེད་རི་བོང་རྭ་བཞིན་ནོ། །གལ་ཏེ་སྦྱིན་པ་ལ་སོགས་པའི་ཐབས་ནི་སྨོན་ལམ་གྱི་ཐབས་ཀྱིས་འགྱུར་བ་སྟེ། དེའི་ཕྱིར་སྨོན་ལམ་ནི་མཆོག་ཏུ་གྱུར་པའོ་ཞེ་ན། གང་གི་ཕྱིར་
མ་བསྒོམས་པར་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་བདག་ཉིད་འཐོབ་ཅེས་པ་ནི་ཐེ་ཚོམ་ཟ་སྟེ། ཇི་ལྟར་ངེས་པར་འགྱུར་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡང་དག་པའི་དབུགས་ཕྱུང་བ་མེད་དོ། །དེ་ལྟར་ན་ན་ཆོས་ཀྱི་སྐུ་ཡང་སྨོན་ལམ་གྱི་སྟོབས་ཀྱིས་ཅིའི་ཕྱིར་མི་འགྱུར་ཏེ་
འགྱུར་བར་རིགས་སོ། །དེ་བས་ན་ཁྱོད་བསྒོམ་པས་རབ་ཏུ་ཉོན་མོངས་པས་ཅི་ཞིག་བྱ་སྟེ་དོན་མེད་པ་ཉིད་དུ་ཟད་དོ། །གལ་ཏེ་ཆོས་ཀྱི་སྐུ་ནི་བསྒོམས་པ་དང་། དེ་གོམས་པ་ལས་ཐོབ་པར་འགྱུར་རོ་ཞེ་ན་མི་རིགས་ཏེ། གསུམ་པོ་ཉིད་ཀྱང་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་སྟེ།
འབྲས་བུ་གཅིག་པ་ཉིད་ལ་གང་གི་ཕྱིར་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་གཉིས་ཉེས་པ་ཅི་ཞིག་བྱས་ནས་གང་མི་བསྒོམ་པར་འགྱུར། དེ་བས་ན་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་རྣམས་ཀྱིས་སྐུ་གསུམ་གྱི་བདག་ཉིད་ཅན་གྱི་སངས་རྒྱས་ཁས་བླང་བ་ཙམ་དུ་ཟད་ཀྱི་དེ་གསལ་བར་བསྒོམ་པ་དང་བྲལ་
བའི་ཕྱིར་ཐོབ་པར་མི་འགྱུར་བའི་ཕྱིར་རོ། །དེའི་ཕྱིར། སངས་རྒྱས་ཉིད་དུ་བསྒྲུབ་པའི་རྒྱུ། །སངས་རྒྱས་སྦྱོར་བ་རྣམ་ཀུན་དུ། །རྒྱུ་དང་འདྲ་བའི་འབྲས་བུ་ནི། །རྣམ་པ་ཀུན་དུ་བལྟ་བར་བྱ། །ཞེས་འབྱུང་བ་དང་། ཐམས་ཅད་གསང་བ་ལས་གསུངས་པ། ཏིང་འཛིན་ཡེ་ཤེས་ལས་བྱུང་བ། །འདི་ལྟར་
མདོར་བསྡུས་སངས་རྒྱས་ཉིད། །སངས་རྒྱས་སྦྱོར་བ་མ་ཡིན་ན། །བསྒྲུབས་པས་སངས་རྒྱས་ཐོབ་མི་འགྱུར། །ཞེས་འབྱུང་བའི་ཕྱིར་རོ། །དེ་ཉིད་གསལ་བར་བྱེད་པའི་གཞུང་གཞན་ཡང་བཤད་པར་བྱ་སྟེ། དེར་ནི་སངས་རྒྱས་སྦྱོར་བ་ཀུན། །སེམས་ཅན་མ་ལུས་འདུལ་བ་ལ། །ཁྲོ་བ་ཉིད་ནི་ཞི་བ་ཡི། །

བདག་ཉིད་གཤིན་རྗེ་གཤེད་ནག་པོ། །བྱ་བ་སྤྱོད་པའི་ཐེག་པ་ཡང་། །བསྒྲུབ་བྱའི་དུས་ནི་རྗེས་འཇུག་མིན། །དེ་ཡི་རྟོག་པ་རབ་ཏུ་འགྱུར། །དེར་ནི་བྲིས་སྐུ་ལ་སོགས་པ། །སྟོབས་ཀྱི་དངོས་གྲུབ་འགྲུབ་ཕྱིར་རོ། །རྣལ་འབྱོར་རྒྱུད་ཀྱི་བྱེ་བྲག་ནི། །རང་གི་ལྷག་པའི་
ལྷ་སྦྱོར་བའི། །བྲིས་སྐུ་ལ་སོགས་འགྱུར་བའི་ལྷ། །དམིགས་པས་མཉམ་པའི་དངོས་གྲུབ་འགྲུབ། །རྣལ་འབྱོར་བླ་ན་མེད་པའི་གཙོ། །འཐོབ་པའི་རྒྱུར་ནི་བཤད་པར་བྱ། །ཞེས་བྱ་བས་རབ་ཏུ་གསལ་བ་ཉིད་དུ་ཤེས་པར་བྱའོ། །འདིར་ནི་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་སྦྱོར་
བས་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་བདག་ཉིད་འགྲོ་བ་མ་ལུས་པ་ལ་ཕན་པར་བྱེད་པ་ནི་གཙོ་བོ་སྟེ། མཆོག་ཏུ་ཟག་པ་མེད་པ་བདེ་བའི་རང་བཞིན་བསྟན་པའི་ཕྱིར་དེ་བས་ན་ཐུན་མོང་མ་ཡིན་པའི་ཕྱིར་འབྲས་བུ་ཐོབ་པའི་རྒྱུ་དེ་ནི་བླ་ན་མེད་པའོ། །ཚ་བ་འཇོམས་པའི་ཀླུ་ཏཀྵ་ཀའི་གཙུག་
ཕུད་ཀྱི་རིན་པོ་ཆེ་བཞིན་དུ་སྒྲུབ་པར་མི་ནུས་པ་མ་ཡིན་ནོ། །ཇི་ལྟར་བསྒྲུབ་ཅེ་ན། འདོད་པའི་ཡོན་ཏན་གྱི་ཡུལ་ཐུན་མོང་མ་ཡིན་པ་ཉེ་བར་བསྙེན་པས་བསྒྲུབ་པ་གསལ་བར་འགྱུར་རོ། །དེ་དག་གིས་འཁོར་བར་འགྱུར་རོ་ཞེ་ན། སྔགས་ལ་སོགས་པ་འདུས་བྱས་པས་ཉེ་བར་སྤྱོད་པའི་དུག་བཞིན་དུ་
ཁྱད་པར་ཅན་གྱི་འབྲས་བུ་འབྱུང་བར་མི་འགྱུར་རོ། །དེའི་ཕྱིར། ཇི་ལྟར་དུག་གི་དེ་ཉིད་ཤེས། །དུག་གིས་དུག་ཉིད་སེལ་བར་བྱེད། །དེ་བཞིན་འདོད་པ་ཡིན་ཕྱིར་རོ། །ཀུན་དུ་རྟོག་པའི་རལ་བའི་རྩེ། །ཞེས་འབྱུང་བ་དང་། དཔལ་གསང་བ་འདུས་པ་ལས། དཀའ་ཐུབ་བརྟུལ་ཞུགས་སྡུག་བསྔལ་
གྱིས། །བསྙེན་པ་དག་ནི་མི་འགྲུབ་པོ། །འདོད་པའི་ཡོན་ཏན་ཉེ་བར་སྤྱད། །བསྟེན་པས་མྱུར་དུ་འགྲུབ་པའོ། །དེའི་ཕྱིར་འདི་དག་ནི་ཐུན་མོང་མ་ཡིན་པར་ཤེས་པར་བྱའོ། །དེས་སྒོས་འབྲེལ་དང་། མདོར་བསྡུས་པ་དང་། རྩོད་པ་ཡོངས་སུ་སྤང་བར་བྱ་བ་བཤད་ཟིན་ཏོ། །ད་ནི་རྒྱུད་ཀྱི་རྒྱལ་པོ་
ཉིད་མངོན་པར་དགྲོལ་བར་བྱ་སྟེ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཞེས་བྱ་བ་ནི་བསྟན་པའི་ཆོས་དང་། སྡུད་པ་པོ་དང་། ཕུན་སུམ་ཚོགས་པ་ལྔ་དང་། ཁྱད་པར་དུ་གྱུར་པ་གསུམ་སྟོན་པ་ཉིད་དུ་བྱེད་པའོ། །འདི་སྐད་ཅེས་བྱ་བ་ནི་སྡུད་པར་བྱེད་པ་ཕྱག་ན་རྡོ་རྗེས་རྒྱུད་ཐམས་ཅད་ཀྱི་

དོན་དང་ཚིག་ཐུགས་ལ་ཡང་དག་པར་བཞག་སྟེ། རང་གི་ཤེས་པའི་རྗེས་སུ་ཡེ་ཤེས་ཀྱི་རྒྱུན་གྱི་ངོ་བོར་རྒྱུད་མ་ལུས་པའི་དོན་བཤད་པའི་གཙོ་བོར་ཕྱིན་ཅི་མ་ལོག་པའི་དེ་ཁོ་ན་ཉིད་གསུངས་པའོ། །དེ་ཡང་འདི་སྐད་ཉིད་དུ་ཐོས་ཀྱི་དེ་ལ་ཕྲི་བ་དང་བསྣན་པ་ནི་ཅུང་ཟད་ཀྱང་མ་བྱས་པ་
ཉིད་དུ་བསྟན་ཏོ། །བདག་གིས་ཞེས་བྱ་བ་ནི་བདག་ཉིད་ཀྱིས་མ་བྱས་པ་དང་། གཞན་དང་གཞན་ལས་ཐོས་པ་དང་། བརྒྱུད་པ་ནི་མ་ཡིན་ཏེ། བཅོམ་ལྡན་འདས་ལས་བདག་ཉིད་ཀྱིས་མངོན་སུམ་དུ་ཐོས་པའོ། །ཐོས་པ་ཞེས་བྱ་བ་ནི་གང་དུ་གང་ལས་གང་གི་ཚེ་ཐོས་པ་ཞེས་
བྱ་བ་སྟེ་རང་གི་ལྷག་པར་མོས་པས་སོ། །དེ་ཡང་གཞན་ཐམས་ཅད་དུ་བཀག་པ་ནི་མ་ཡིན་ཏེ། མ་ཏི་ཙི་ཏྲས་སྨྲས་པ། གསུང་གཅིག་དག་ནི་གསུངས་པ་ནི། །གྲངས་མེད་པ་ཡི་མཚོན་པའོ། །འདི་ལྟར་བདག་ལ་གསུངས་པ་ཞེས། །འགྲོ་བ་ཀུན་གྱི་རྗེས་སུ་ཤེས། །ཞེས་པ་ཉིད་ཀྱིས་
སོ། །དེ་ཡང་ཐོས་པའི་དུས་ན་བྱང་ཆུབ་སེམས་དཔའ་སྟེ། སྡུད་པའི་དུས་ན་སངས་རྒྱས་སོ། །ཅིའི་ཕྱིར་ཞེ་ན། ལེའུ་བཅོ་བརྒྱད་པ་ལས་གསུངས་པ། དེའི་ཚེ་བཅོམ་ལྡན་འདས་ལས་ཇི་བཞིན་དུ་གསུངས་པ་ཐོས་ཏེ་སྐད་ཅིག་ལ་བཟུང་ཞིང་དོན་བཟུང་བས་བསྡུས་ནས་ལེགས་པར་རབ་ཏུ་ཡིད་
ལ་བྱས་སོ་ཞེས་གསུངས་པ་ཤིན་ཏུ་ཚད་མའོ། །དེ་བས་ན་སློབ་དཔོན་མེད་པར་རང་བཟོ་ནི་མ་བྱས་པ་སྟེ་ཡང་དག་པར་ཤེས་ནས་བྱས་པའོ། །དུས་གཅིག་ན་ཞེས་བྱ་བ་ནི་འདིར་རྙེད་པར་དཀའ་བ་དང་། བདག་ཉིད་ཐོས་པ་དང་ལྡན་པ་དང་ཕུན་སུམ་ཚོགས་པའི་ཤེས་རབ་ཆེན་པོའོ། །བྱིན་གྱི་རླབས་ཀྱིས་
ལྡན་པ་ཉིད་དུ་སྟོན་ཏོ། །གཞན་ནི་ཕྱིན་ཅི་མ་ལོག་པའི་ཟབ་མོའི་ཆོས་གཞན་དུ་སྟོན་པར་མི་འགྱུར་བའི་ཕྱིར་འདིས་ནི་མ་འོངས་པའི་འགྲོ་བ་ལ་གུས་པ་དང་དེ་བརྟན་པོ་ཉིད་དུ་བྱེད་པའོ། །དུས་གཅིག་ལ་བདག་གིས་འདི་ཐོས་ལ་གཞན་དུ་ཡང་གཞན་གྱི་རྒྱུད་ཐོས་པའི་ཕྱིར་རབ་ཏུ་ཐོས་པ་ཆེ་བར་
གསུངས་སོ། །གལ་ཏེ་ཡི་གེ་ཐ་དད་པ་དང་བཤད་པ་དང་ཚིག་དཀའ་བ་སོ་སོ་དག་ཇི་ལྟར་དུས་གཅིག་ན་ཤེས་ཤེ་ན། སྡེ་ཚན་གཅིག་ནི་རྒྱུན་མ་ཆད་ལ་བར་ཆད་མེད་པར་ཐོས་པའོ། །རྒྱུད་རེ་རེ་ཞིང་དེ་སྙེད་ཉིད་དུའོ། །དེ་དག་འཛིན་པར་མི་ནུས་སོ་ཞེ་ན། སངས་རྒྱས་ཀྱི་མཐུས་བདག་གིས་

བསམ་དུ་མེད་པའི་རྣམ་པར་ཐར་པའི་སྒོ་ཐོབ་པའོ། །གཤིན་རྗེ་གཤེད་ནག་པོའི་རྒྱུད་ཤིན་ཏུ་གསང་བའི་དོན་ནི་ཨེ་བྃ་མ་ཡ་སྟེ་བཤད་པའི་རྒྱུད་གཞན་ལས་ཤེས་པར་བྱའོ། །དེ་དག་ནི་རེ་ཞིག་བསྡུས་པའི་དོན་ཏོ། །དེ་ཡང་གང་ལས་ཐོས་ཞེ་ན་བཅོམ་ལྡན་འདས་ལས་ཏེ་ལྷའི་
བུའི་བདུད་དང་། ཉོན་མོངས་པའི་བདུད་དང་། འཆི་བདག་གི་བདུད་དང་། ཕུང་པོའི་བདུད་དེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང་། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དང་། བྱམས་པ་ཆེན་པོའི་ཏིང་ངེ་འཛིན་དང་། རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་གྱིས་ས་བོན་དང་བཅས་པའི་ཉོན་མོངས་པ་མ་ལུས་
པ་བླ་ན་མེད་པ་ཤེས་རབ་ཀྱི་ཆའི་རིག་པ་ཉིད་དེ་བཅོམ་པའོ། །དེ་བས་ན་ཤེས་རབ་ཆེན་པོས་བཅོམ་པར་གསུངས་སོ། །དེ་ཅིའི་ཕྱིར་ཞེ་ན། ཏིང་ངེ་འཛིན་གྱི་བདུད་བཅོམ་པས་ན་ཤེས་རབ་ཀྱིས་མི་མཐུན་པའི་ཕྱོགས་དེ་ཉིད་དུ་བྱས་པའོ། །གཞན་ཡང་། དབང་ཕྱུག་དང་ནི་གཟུགས་བཟང་
དང་། །དཔལ་དང་གྲགས་དང་ཡེ་ཤེས་དང་། །བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ། །དྲུག་པོ་དེ་ལ་སྐལ་བར་བརྗོད། །ཅེས་འབྱུང་བ་ནི་ཤུགས་ཀྱིས་རྫོགས་པའོ། །དེ་ཉིད་ནི་ཕྱིན་ཅི་མ་ལོག་པའོ། །དེའི་ཕྱིར་བཅོམ་ལྡན་འདས་གལ་ཏེ་དེ་ལས་ཐོས་པའོ། །ཡང་དག་པ་ཉིད་
དུ་ནི་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་རྩ་བ་ལྷན་ཅིག་སྐྱེས་པ་སྟེ་གཉིས་སུ་མེད་པའི་ཡེ་ཤེས་སོ། །དེའི་ཕྱིར། ང་ཉིད་སྟོན་པ་ང་ཉིད་གནས། །ང་ནི་འཁོར་ལྡན་དེ་ཡི་ཆོས། །ང་ནི་དུས་གསུམ་ངེས་འབྱུང་བ། །དཔལ་མཆོག་དང་པོའི་སྐྱེས་བུ་ཡིན། །ཞེས་འབྱུང་བ་ཡིན་ནོ། །དེ་ལ་གང་
དུ་གནས་ནས་ཐོས་ཤེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བཙུན་མོ་ཐམས་ཅད་ཀྱི་བྷ་ག་རྣམས་ལ་བཞུགས་ཏེ་ཞེས་བྱ་བ་སྟོན་ཏོ། །དེ་བཞིན་གཤེགས་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོའོ། །རང་གི་རང་བཞིན་ནི་ཆོས་ཀྱི་སྐུ་ཉིད་ཡིན་ཏེ། ཀུན་རྫོབ་
ཏུ་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་ངོ་བོས་རང་རང་གི་ལྷག་པའི་མོས་པའི་དབང་གིས་གང་དང་གང་གི་རབ་ཏུ་འབྱེད་པར་གྱུར་པའི་སྐུ་འཇིག་རྟེན་པ་རབ་ཏུ་དགའ་བ་དེ་དང་དེའི་གཟུགས་སུ་འགྲོ་བར་བྱེད་པ་ནི་དོན་དམ་པའི་ཡེ་ཤེས་བློ་གྲོས་ཡུལ་དུ་མ་བྱས་པ་ཇི་བཞིན་པ་དེ་བཞིན་ཉིད་ལས་གཟུགས་སྐུ་

སེམས་ཅན་གྱི་དོན་ལ་རབ་ཏུ་གཤེགས་སོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་རང་རིག་དངོས་འཛིན་ཅིང་སྣ་ཚོགས་པས་འཁྲུལ་ཏོ་ཞེ་ན། རང་རིག་དངོས་འདོད་ཆོས་སྐུ་ལས། །རྗེས་ཐོབ་སྒྱུ་མའི་གཟུགས་སུ་ནི། །མཉམ་པར་བཞག་པས་འབྱུང་སྨྲ་བ། །སྐྱེས་བུ་ཐ་ཤལ་བརླག་པར་འགྱུར། །
ཞེས་པ་ཉིད་ཀྱིས་རིགས་པ་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ་ཆོས་ཀྱི་སྐུ་ཉིད་སྙིང་རྗེ་ཆེན་པོའི་དབང་གིས་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུ་དང་སྣ་ཚོགས་པར་ཡང་སྣང་སྟེ། དོན་དམ་པར་མ་ལུས་པའི་རྟོག་པའི་དངོས་པོ་མེད་པས་གང་དུ་ཡང་མ་སོང་ངོ་། །ཐམས་ཅད་ཀྱང་ཡིན་ལ་དེ་
བཞིན་གཤེགས་པ་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་དོ། །དེ་ཡང་གཏི་མུག་གཤིན་རྗེ་གཤེད་ལ་སོགས་པའོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཞེས་བྱ་བ་ནི་རྣམ་པ་དང་མཚན་ཉིད་དོ། །སྤྱོད་ལམ་རྣམ་པ་བཞིས་བཞུགས་པའི་སྐུའི་ཕྲིན་ལས་གང་ཇི་སྙེད་པའོ། །ཆོས་བཤད་
པས་བཞུགས་པ་ནི་གསུང་གི་ཕྲིན་ལས་གང་ཇི་སྙེད་པས་བཞུགས་པའོ། །མཉམ་པར་བཞག་པས་བཞུགས་པ་ནི་ཐུགས་ཀྱི་ཕྲིན་ལས་གང་ཇི་སྙེད་པའོ། །དེ་རྣམས་དབྱེར་མེད་པའི་དོན་ནི་རྡོ་རྗེ་སྟེ། བྱང་ཆུབ་སེམས་ཀྱི་ངོ་བོ་བླ་ན་མེད་པའི་ངོ་བོ་ཉིད་ཀྱིས་ཚིམ་པའི་རྒྱུ་ཉིད་དོ། །དེ་ཉིད་མཚོན་
པར་བྱེད་པ་ནི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་སྟེ་བདེ་བ་དང་སྟོང་པ་དང་གསལ་བའོ། །རོ་གཅིག་པ་ཉིད་ཀྱིས་རྡོ་རྗེ་སྟེ་དེའི་རང་བཞིན་ནི་བྷ་ག་སྟེ་གྲུ་གསུམ་ཆོས་ཀྱི་འབྱུང་གནས་ཀྱི་ཕྱག་རྒྱའོ། །དེ་ཡང་བརྡ་ཉིད་དུ་ཤེས་པར་བྱ་སྟེ། འདོད་པ་དང་། གཟུགས་དང་། གཟུགས་མེད་པའི་ཁམས་གསུམ་
རྣམ་པར་དག་པའི་རང་བཞིན་ནོ། །ཡེ་ཤེས་སྐྱོན་མེད་པ་ཉིད་མངོན་སུམ་དུ་བྱེད་པས་དགའ་བའོ། །ས་དང་པོ་རབ་ཏུ་དགའ་བ་ནས་སངས་རྒྱས་ཀྱི་སའི་བར་དུ་རྟོག་པ་ངེས་པ་འཕེལ་བར་བྱེད་པས་ན་གྱེན་དུ་འཕགས་པའོ། །གཤིན་རྗེ་གཤེད་ནག་པོ་ཤིན་ཏུ་གསང་བའི་དོན་གྱིས་ན་ཁང་བུ་བརྩེགས་
པའོ། །ཆོས་ཐམས་ཅད་ཉེ་བར་འཛིན་པས་ན་ཆོས་ཀྱི་འབྱུང་གནས་སོ། །ཆོས་ཐམས་ཅད་ལ་རོ་གཅིག་པའི་རྒྱས་འདེབས་པས་ན་ཕྱག་རྒྱའོ། །ཁྱབ་ཅིང་མ་འདྲེས་པའི་དོན་སྟོན་པས་ན་བྷ་ག་སྟེ། ཇི་སྲིད་འདོད་ཆགས་ལ་སོགས་པ་མ་ལུས་པ་སེལ་བའི་སེམས་ཅན་རྗེས་སུ་འཛིན་པའི་དོན་དུ་

གཤིན་རྗེ་གཤེད་ནག་པོའི་གཟུགས་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འབྱུང་གནས་ཀྱི་དབུས་སུ་གཞལ་ཡས་ཁང་བརྩེགས་པར་བཞུགས་ཏེ་དེར་འདི་ལྟར་ཐོས་སོ། །དེ་གང་ལ་ཡོད་ཅེ་ན། བཙུན་མོ་ཞེས་བྱ་བ་ནི་ཤེས་རབ་ལ་བྱའོ། །ཐམས་ཅད་ཀྱི་སྒྲས་
ནི་སྤྱན་མ་དང་། མཱ་མ་ཀཱི་དང་། གོས་དཀར་མོ་དང་། སྒྲོལ་མ་ལ་སོགས་པའོ། །རྣམས་ཞེས་བྱ་བ་ལ་ཡང་དེ་ཉིད་དུ་བསྡུ་བར་བྱའོ། །དེ་ཞེས་བྱ་བ་ནི་རྒྱུད་ཡོངས་སུ་རྫོགས་པར་བྱེད་པ་ཉིད་དོ། །དེ་ལྟ་བུས་ནི་གནས་ཕུན་སུམ་ཚོགས་པ་གསུངས་སོ། །དེ་ལྟར་ཁྱད་པར་ཅན་གྱི་གནས་སུ་
འདོད་ཆགས་ཆེན་པོས་འདུལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་སེམས་ཀྱིས་ཇི་ལྟར་ཡང་གྱུར་པའི་རྟོག་པ་ནུབ་པར་གྱུར་ཏོ། །དེ་ནི་སེམས་ཅན་རྣམས་ཀྱི་སྟེ་འདི་ནི་རྗེས་སུ་གཟུང་བ་ཆེན་པོའོ། །གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེའི་སེམས་བདེ་བ་ཆེན་པོའི་ཏིང་ངེ་
འཛིན་ལ་སྙོམས་པར་ཞུགས་པའི་སེམས་ཀྱིས་ཇི་ལྟར་གྱུར་པའི་ཤེས་པ་རྒྱས་པ་ཞེས་བྱ་བ་གསུངས་སོ། །འཇིག་རྟེན་གསུམ་པོ་མ་ལུས་པའི་རྡུལ་ཕྲ་རབ་སོ་སོའི་ནང་ན་བཞུགས་པའི་ཆོས་ཀྱི་འབྱུང་གནས་ཀྱི་ནང་ན་གཞལ་ཡས་ཁང་བརྩེགས་པར་དཀྱིལ་འཁོར་མ་ལུས་པ་དང་ལྷན་ཅིག་ཏུ་
བཅོམ་ལྡན་འདས་རང་གི་རིག་མ་དང་གཉིས་སུ་མེད་པའི་བདག་ཉིད་རབ་ཏུ་དགའ་བར་བཞུགས་སོ། །དེ་ནི་རྫུ་འཕྲུལ་སྣ་ཚོགས་ཀྱི་ཚོགས་འགྲོ་བ་འདུལ་བའི་ཡིད་འཕྲོག་པ་ཞེས་བྱ་བའི་དོན་ཏོ། །གང་དང་ལྷན་ཅིག་ཏུ་ཐོས་ཤེ་ན། བཅོམ་ལྡན་འདས་ཐབས་ཆེན་པོས་དབང་པོ་དང་བཅས་པར་
དུས་ཤེས་པའི་དོན་དུ་ཐུན་མོང་མ་ཡིན་པའི་འཁོར་འདུས་པ་གསུངས་པ་ནི། གཏི་མུག་རྡོ་རྗེ་གཤིན་རྗེ་གཤེད་དང་། ཕྲ་མ་རྡོ་རྗེ་གཤིན་རྗེ་གཤེད་དང་། འདོད་ཆགས་རྡོ་རྗེ་གཤིན་རྗེ་གཤེད་དང་། ཕྲག་དོག་རྡོ་རྗེ་གཤིན་རྗེ་གཤེད་དང་། ཞེ་སྡང་རྡོ་རྗེ་གཤིན་རྗེ་གཤེད་དང་། ཐོ་བ་གཤིན་རྗེ་
གཤེད་དང་། དབྱུག་པ་གཤིན་རྗེ་གཤེད་དང་། པདྨ་གཤིན་རྗེ་གཤེད་དང་། རལ་གྲི་གཤིན་རྗེ་གཤེད་དང་། རྡོ་རྗེ་ཙརྩི་ཀ་དང་། རྡོ་རྗེ་ཕག་མོ་དང་། རྡོ་རྗེ་དབྱངས་ཅན་མ་དང་། རྡོ་རྗེ་གཽ་རཱི་མ་སྟེ་མཚམས་སུའོ་ཞེས་བྱ་བ་སྨོས་ཏེ། ཆོས་ཐམས་ཅད་ནི་གཅིག་དང་དུ་མ་དང་བྲལ་བ་ཉིད་

ཀྱིས་མི་ཤེས་པ་སྟེ། ཤེས་པ་མེད་པ་ཉིད་ནི་གཏི་མུག་ཆེན་པོའོ། །ཆོས་ཐམས་ཅད་གཟུགས་བརྙན་དང་འདྲ་བའི་རང་གི་ངོ་བོ་མི་ཕྱེད་པ་དེ་ལས་གཞན་འབྱེད་པ་ནི་རྡོ་རྗེ་སྟེ། དངོས་སུ་བྱས་པའི་སྔགས་ཆེན་པོ་ཅན་གྱི་སྔགས་དོན་དམ་པར་སྨྲ་བ་རྒྱུ་འབྲས་ཀྱི་མྱ་ངན་ལས་འདས་པ་ནི་བདུད་དེ་
གཤིན་རྗེའོ། །དེའི་གཤེད་ནི་དངོས་སུ་བྱས་པའི་སྔགས་ཆེན་པོ་ཅན་གྱིས་བསྐྱེད་པ་སྟེ་གཏི་མུག་རྡོ་རྗེ་གཤིན་རྗེ་གཤེད་དོ། །དེས་དེར་ཐོས་ཞེས་བྱའོ། །གཞན་འབྱེད་པའི་ཚིག་ནི་ཕྲ་མ་སྟེ། གཞན་ཕྱི་རོལ་གྱི་རིག་པའི་གྲུབ་མཐའ་ངག་ཅན་རིགས་པ་དང་ལུང་གིས་བྱེ་བྲག་ཏུ་སུན་འབྱིན་
པར་བྱེད་པ་རང་གི་མཉམ་པ་ཉིད་རང་རྒྱུད་ལ་སྦྱོར་ཞིང་དེ་ཉིད་དུ་བྱེད་པ་ནི་ཕྲ་མ་ཆེན་པོའོ། །མཉམ་པ་ཉིད་ཀྱི་ངོ་བོ་དབྱེར་མི་ཕྱེད་པ་དེ་དག་ལས་གཞན་འབྱེད་པ་ནི་རྡོ་རྗེ་སྟེ། མི་མཉམ་པ་དང་མྱ་ངན་ལས་འདས་པ་ནི་གཤིན་རྗེའོ། །དེའི་གཤེད་ནི་ཕྲ་མ་རྡོ་རྗེ་གཤིན་རྗེ་གཤེད་དོ། །ཡུལ་ཡིད་
དུ་འོང་བ་ལ་ཞེན་པ་ནི་འདོད་ཆགས་ཏེ་སེམས་ཅན་གྱི་དོན་ལ་སོ་སོར་རྟོག་ཅིང་དམིགས་པ་མེད་པའི་སྙིང་རྗེས་ཉེ་བར་ཁྱད་པར་ནུས་པ་ནི་འདོད་ཆགས་ཆེན་པོའོ། །དེའི་ངོ་བོ་མི་ཕྱེད་པ་ལས་གཞན་འབྱེད་པ་ནི་རྡོ་རྗེ་སྟེ། དགའ་བ་ཆེན་པོའི་ངོ་བོ་མངོན་སུམ་དུ་བྱས་ཏེ་ཆགས་པ་དང་བྲལ་བ་
སྐྱེད་པ་མྱ་ངན་ལས་འདས་པ་ནི་བདུད་དེ་གཤིན་རྗེའོ། །དེའི་གཤེད་ནི་འདོད་ཆགས་རྡོ་རྗེ་གཤིན་རྗེ་གཤེད་དོ། །ཕ་རོལ་གྱི་ཡོན་ཏན་ལ་ཡིད་འཁྲུགས་པ་ནི་ཕྲག་དོག་སྟེ། བདག་གིས་རང་གི་དོན་ཕུན་སུམ་ཚོགས་པ་འགྲུབ་ནས་སེམས་ཅན་གཞན་གྱི་དོན་ཕུན་སུམ་ཚོགས་པར་
བྱེད་པ་ལ་བདག་པོ་ཁོ་ན་ཉིད་ཀྱིས་བྱའོ། །ཞེས་པ་གཞན་རྣམ་པར་བཅད་པ་ནི་ཕྲག་དོག་ཆེན་པོའོ། །བྱ་བ་ནན་ཏན་ནི་མི་ཕྱེད་པ་གཞན་འབྱེད་པས་རྡོ་རྗེ་སྟེ། བཏང་སྙོམས་ཆེན་པོ་མངོན་དུ་བྱེད་པ་དང་རང་གི་དོན་ཙམ་དུ་མྱ་ངན་ལས་འདས་པ་ནི་བདུད་དེ་གཤིན་རྗེའོ། །དེའི་གཤེད་ནི་ཕྲག་དོག་རྡོ་
རྗེ་གཤིན་རྗེ་གཤེད་དོ། །གཞན་ཡང་གཞན་ལ་བརྩེ་བ་མ་ཡིན་པའི་སེམས་དང་གནོད་པ་བྱེད་པའི་མནར་སེམས་པ་ནི་ཞེ་སྡང་ངོ་། །ཤེས་པ་དང་ཤེས་བྱ་ལ་སོགས་པའི་ཆོས་ཐམས་ཅད་ཀྱི་ངོ་བོ་རང་རང་གི་གནས་པ་ལ་བདག་མེད་པའི་ངོ་བོ་འཇོམས་པར་བྱེད་པ་ནི་ཞེ་སྡང་ཆེན་པོའོ། །

ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དབྱེར་མི་ཕྱེད་པ་ཉིད་ལས་གཞན་འབྱེད་པ་ནི་རྡོ་རྗེ་སྟེ། སྙིང་རྗེ་ཙམ་མངོན་དུ་བྱས་པའམ་སྟོང་པར་ལྟ་བ་དག་ནི་སྙིང་རྗེ་ཆེན་པོ་མངོན་དུ་བྱས་ནས་ངོ་བོ་ཉིད་ཀྱིས་སེམས་ཅན་གྱི་དོན་བྱེད་པ་དང་བྲལ་བའི་མྱ་ངན་ལས་འདས་པའི་འགྲོ་བ་ནི་གཤིན་
རྗེ་སྟེ། དེའི་གཤེད་ནི་ཞེ་སྡང་རྡོ་རྗེ་གཤིན་རྗེ་གཤེད་དོ། །དད་པའི་སྟོབས་རྣམ་པར་དག་པ་ནི་ཐོ་བ་སྟེ་འཇིག་ཚོགས་ལ་ལྟ་བ་དང་། ཤེས་བྱའི་སྒྲིབ་པ་དང་། ཕུང་པོའི་བདུད་ལ་སོགས་པ་མི་མཐུན་པའི་ཕྱོགས་ནི་གཤིན་རྗེ་སྟེ། དེའི་གཤེད་ནི་ཐོ་བ་གཤིན་རྗེ་གཤེད་དོ། །བརྩོན་འགྲུས་ཀྱི་
སྟོབས་རྣམ་པར་དག་པ་ནི་དབྱུག་པ་སྟེ་མཐར་འཛིན་པའི་ལྟ་བ་དང་། འདོད་པའི་སྒྲིབ་པ་དང་། ཉོན་མོངས་པའི་བདུད་ལ་སོགས་པ་མི་མཐུན་པའི་ཕྱོགས་ནི་གཤིན་རྗེའོ། །དེའི་གཤེད་ནི་དབྱུག་པ་གཤིན་རྗེ་གཤེད་དོ། །དྲན་པའི་སྟོབས་རྣམ་པར་དག་པ་ནི་པདྨ་སྟེ་ལོག་པར་ལྟ་བ་དང་ལས་ཀྱི་
སྒྲིབ་པ་དང་འཆི་བདག་གི་བདུད་ལ་སོགས་པ་མི་མཐུན་པའི་ཕྱོགས་ནི་གཤིན་རྗེའོ། །དེའི་གཤེད་ནི་པདྨ་གཤིན་རྗེ་གཤེད་དོ། །ཏིང་ངེ་འཛིན་གྱི་སྟོབས་རྣམ་པར་དག་པ་ནི་རལ་གྲི་སྟེ་ལྟ་བ་མཆོག་ཏུ་འཛིན་པ་དང་། སྐྱེ་བའི་སྒྲིབ་པ་དང་། ལྷའི་བུ་རྣམ་པར་གཡེང་བྱེད་ཀྱི་བདུད་ལ་སོགས་པ་
མི་མཐུན་པའི་ཕྱོགས་ནི་གཤིན་རྗེ་སྟེ། དེའི་གཤེད་ནི་རལ་གྲི་གཤིན་རྗེ་གཤེད་དོ། །སའི་ཁམས་དང་། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྱམས་པ་ཆེན་པོ་ཉིད་ཀྱིས་གཞན་འདུལ་བས་སེམས་མ་ཞེས་བྱ་སྟེ། དབྱེར་མི་ཕྱེད་པའི་དོན་གྱིས་རྡོ་རྗེ་སྟེ། དེའི་ཕྱིར་རྡོ་རྗེ་སེམས་མའོ། །དེའི་གཤེད་
ནི་གཏི་མུག་རྡོ་རྗེ་གཤིན་རྗེ་གཤེད་དེ་དེ་མངོན་དུ་ཐོབ་པ་ཉིད་དོ། །ཆུའི་ཁམས་དང་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྙིང་རྗེ་ཆེན་པོའི་ངོ་བོ་ཉིད་ཀྱིས་མངོན་པར་རྫོགས་པར་བྱང་ཆུབ་པ་ཡང་རང་གི་དབང་པོ་དང་གཉིས་སུ་མེད་པར་གྱུར་པ་སྟེ་དབྱེར་མི་ཕྱེད་པས་རྡོ་རྗེའོ། །རྣམ་པར་དག་པའི་
ཡེ་ཤེས་སྐྱེ་ཞིང་རྟོག་པ་མཐའ་དག་དང་བྲལ་བས་སེམས་ཅན་གྱི་རྒྱུད་དེ་ཉིད་དུ་འགོག་པ་ནི་ཕག་མོའོ། །དེ་ཉིད་ཞེ་སྡང་སྤངས་ནས་ཞེ་སྡང་གཤིན་རྗེ་གཤེད་ཆེན་པོའི་བདག་ཉིད་དོ། །འདི་ལྟར་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་དེ་མངོན་དུ་ཐོབ་པའོ། །མེའི་ཁམས་དང་སྨོན་ལམ་གྱི་ཕ་རོལ་

ཏུ་ཕྱིན་པ་དང་། དགའ་བ་ཆེན་པོའི་ངོ་བོ་ཉིད་ནི་དེ་ཡང་དབྱེར་མི་ཕྱེད་པས་རྡོ་རྗེ་སྟེ། གཞན་འདུལ་བའི་ཚོགས་ཀྱི་གནས་ཅན་ནི་པདྨའོ། །དེའི་རང་བཞིན་ནི་དབྱིངས་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཅན་ནི་འདོད་ཆགས་གཤིན་རྗེ་གཤེད་ཀྱི་བདག་ཉིད་དེ་དེ་དང་ལྷན་ཅིག་སྐྱེས་པ་མཆོག་མངོན་དུ་
བྱེད་པ་ནི་གཉིས་སུ་མེད་ཅིང་རབ་ཏུ་དགའ་བར་གྱུར་པ་སྟེ་དེ་ཉིད་དུ་གྱུར་པའི་དོན་ཏོ། །རླུང་གི་ཁམས་དང་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བཏང་སྙོམས་ཆེན་པོའི་ངོ་བོ་ཉིད་རང་གིས་འཛིན་པ་སྟེ། གཽ་ནི་མིག་ལ་སོགས་པ་དབང་པོ་ལྔའི་གཞིར་གྱུར་པའོ། །དེས་སེམས་ཅན་གྱི་དོན་
ངོ་བོར་འགྲོ་བ་འཛིན་པ་ཉེ་བར་མཚོན་པས་ན་རཱིའོ། །དེ་བས་ན་བླ་ན་མེད་པ་ལྷན་ཅིག་སྐྱེས་པ་གཉིས་སུ་མེད་པའི་ངོ་བོ་ཉིད་གཽ་རཱིའོ། །རང་གི་བྱ་བས་གཞན་གྱི་དོན་བྱེད་པ་ནི་རྡོ་རྗེ་སྟེ་ཕྲག་དོག་གཤིན་རྗེ་གཤེད་ཀྱི་བདག་ཉིད་དོ། །དེས་དེའི་བདག་ཉིད་མངོན་དུ་ཐོབ་པོ་ཞེས་བྱ་བའི་དོན་
ཏོ། །མཚམས་སུའོ་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་མཚམས་བཞི་སྟེ་གཟུགས་ལ་སོགས་པ་ཡུལ་དྲུག་རྣམ་པར་དག་པའི་དོན་དུ་ཐོ་བ་གཤིན་རྗེའི་རྒྱལ་པོ་བཞི་གནས་སོ། །དེ་ལས་གཞན་པའི་འདུས་པ་མེད་དམ་ཞེ་ན། ཐུན་མོང་གི་འཁོར་འདུས་པ་ཡང་བཤད་པར་བྱ་སྟེ། དེ་དག་
ལ་སོགས་པ་གཤིན་རྗེ་གཤེད་ཀྱི་ཚོགས་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཞེས་བྱ་བ་སྨོས་སོ། །དེ་དག་ནི་གཙོ་བོ་སྟེ་ལ་སོགས་པ་ནི་གཤིན་རྗེ་གཤེད་ཆེན་པོ་ལ་རྩ་བའི་ལྷར་གྱུར་པ་རྣམས་སོ། །ཚོགས་ཞེས་བྱ་བ་ནི་སྐྱེ་མཆེད་དང་སྐུ་གསུང་ཐུགས་རྣམ་པར་དག་པ་སྟེ་ནང་གི་བདག་ཉིད་
ཅན་གྱི་མིག་རྡོ་རྗེ་དང་། རྣ་བ་རྡོ་རྗེ་དང་། སྣ་རྡོ་རྗེ་དང་། ལྕེ་རྡོ་རྗེ་དང་། ལུས་རྡོ་རྗེ་དང་། ཡིད་རྡོ་རྗེ་དང་། གཞན་ཡང་སྐུ་རྡོ་རྗེ་དང་། གསུང་རྡོ་རྗེ་དང་། ཐུགས་རྡོ་རྗེ་སྟེ་རིགས་ལ་རིགས་ཉིད་ཀྱིས་རྒྱས་བཏབ་པ་སྤངས་པའི་ཕྱིར་སའི་སྙིང་པོ་དང་། ཕྱག་ན་རྡོ་རྗེ་དང་། ནམ་མཁའི་སྙིང་པོ་དང་།
འཇིག་རྟེན་དབང་ཕྱུག་དང་། སྒྲིབ་པ་རྣམ་སེལ་དང་། ཀུན་དུ་བཟང་པོ་དང་། གཞན་ཡང་སྐུའི་རིགས་དང་། གསུང་གི་རིགས་དང་། ཐུགས་ཀྱི་རིགས་ཏེ་འདི་དག་གིས་ནི་བྱིན་གྱིས་བརླབ་ཉིད་འགྲུབ་པའོ། །ལ་ལ་ནི་བཅོམ་ལྡན་འདས་གཤིན་རྗེ་གཤེད་ཁོ་ནའི་སྐྱེ་མཆེད་དང་སྐུ་གསུང་ཐུགས་

བྱིན་གྱིས་བརླབས་པས་ཐམས་ཅད་ནས་ཐམས་ཅད་དུ་ཐམས་ཅད་མཁྱེན་པ་འགྲུབ་བོ་ཞེ་ན་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱི་སྐུ་ནི་ཇི་ལྟ་བཞིན། །འཁོར་རྣམས་ཇི་སྙེད་མ་ལུས་གང་དེ་ལ། །བྱིན་གྱིས་བརླབ་པ་འདི་ནི་མཆོག་ཡིན་ཏེ། །དེ་ལས་ཁྱད་པར་གཙོ་ལས་
གཞན་མ་མཆིས། །ཞེས་པས་གསལ་ལོ། །གལ་ཏེ་མངོན་པར་རྟོགས་པའི་ཆོ་གར་བཅོམ་ལྡན་འདས་མ་ཡིན་པ་གཞན་གྱིས་བྱིན་གྱིས་བརླབ་པར་མ་གསུངས་པ་ཅིའི་ཕྱིར་ཞེ་ན། འདི་དག་ཉིད་ཀྱིས་བླ་མ་རྗེ་བཙུན་པ་གཙོ་བོར་བྱེད་པ་སྟེ། ཐུན་མོང་དང་མཆོག་གི་དངོས་གྲུབ་ནི་བླ་མ་ལ་རག་
ལས་པ་སྟེ་བླ་མའི་ཞལ་གཙོ་བོར་བྱས་པའི་ཐ་ཚིག་གོ། །ཐབས་ཅིག་ཏུ་བཞུགས་སོ་ཞེས་བྱ་བ་ནི་གོང་གི་ཐུན་མོང་མ་ཡིན་པའི་འཁོར་དང་ཐབས་ཅིག་སྟེ་རྟ་མཆོག་ལ་སོགས་པའི་འཁོར་ཡང་བྱིན་གྱིས་བརླབས་པ་ཉིད་དུ་བཞུགས་སོ། །འདིར་ནི་དཀྲུགས་པར་འབྲེལ་པ་དྲན་པར་བྱ་སྟེ་ཅིའི་ཕྱིར་
དཀྲུགས་ཤེ་ན་ཐེ་ཚོམ་མི་ཟ་བར་བྱ་བའི་དོན་ཏོ། །ཇི་ལྟར་ཐེ་ཚོམ་མི་ཟ་ཞེ་ན་དཀྲུགས་པ་འབྲེལ་པ་ནི་བླ་མ་ལ་རག་ལུས་པ་སྟེ། བླ་མ་ལ་འབྲས་བུ་འབྱིན་པར་བྱས་པའི་དོན་ཏོ། །ཅིའི་ཕྱིར་འབྲེལ་ཞེ་ན། ལེའུ་བཅོ་བརྒྱད་པ་ལས། བཅོམ་ལྡན་འདས་མངོན་པར་བྱང་ཆུབ་པའི་དུས་སུ་བཅོམ་ལྡན་
འདས་ཐུབ་པ་ཆེན་པོ་ལ་བྱང་ཆུབ་ཀྱི་བར་དུ་གཅོད་པའི་ཕྱིར་ཤིན་ཏུ་འཇིགས་སུ་རུང་བའི་འཇིགས་པ་ཆེན་པོ་སྟོན་ཅིང་བདུད་ཀྱི་སྟོབས་ཀྱི་དཔུང་ཆེན་པོ་ལྷགས་ཏེ། དེའི་དུས་ན་བདུད་ཆེན་པོ་ལས་མཆོག་ཏུ་རྒྱལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བཅོམ་ལྡན་
འདས་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་གཤིན་རྗེ་གཤེད་ཀྱི་ཁྲོ་བོ་ཕྱུང་སྟེ། ངེས་པར་ཕྱུང་ནས་ཀྱང་ཕྱག་ན་རྡོ་རྗེ་བཅོམ་ལྡན་འདས་ཐུབ་པ་ཆེན་པོའི་བཀའ་བཞིན་བྱེད་པ་ལ་ཕྱག་ན་རྡོ་རྗེ་ཁྱོད་ནི་འདི་ལྟ་བུའི་གཤིན་རྗེ་གཤེད་ཀྱི་ཁྲོ་བོའི་གཟུགས་སུ་བསྒྱུར་ཏེ། བདུད་དང་ཀླུ་
དང་གནོད་སྦྱིན་དང་ལྷ་མ་ཡིན་དང་ལྷ་རྣམས་ཀྱང་ཆིངས་ཤིག་རྟོགས་ཤིག་ཅེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ལ་གསོལ་བ་བཏབ་པ་དང་། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་

ཅད་ཀྱི་བདག་པོས་བདུད་ཐམས་ཅད་འཇོམས་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཉིད་ཀྱིས་སྐུ་གསུང་ཐུགས་རྡོ་རྗེ་རྣམས་ངེས་པར་བསྟན་ཏོ་ཞེས་བྱ་བས་ངེས་པར་འབྲེལ་པའོ། །མ་དཀྲུགས་པར་འབྲེལ་པ་ཉིད་དུ་རིགས་སོ་ཞེ་ན། མ་དཀྲུགས་པར་འབྲེལ་པ་ནི་ཐེ་ཚོམ་དུ་གྱུར་པ་སྟེ་སྒྲའི་
དོན་གྲངས་མེད་པར་འགྱུར་ཞེ་ན། སེན་ཏ་བ་འོན་ཅིག་ཅེས་བརྗོད་པའི་དུས་སུ་ཆུ་དང་ལན་ཚྭ་དང་རྟ་དང་རལ་གྲི་ལ་སོགས་པ་ལ་འགྲོ་བ་བཞིན་ནོ་ཞེས་བྱ་བ་ནི་མཁས་པ་མངོན་པའི་ང་རྒྱལ་ཅན་དེ་དག་རང་བཟོར་འཇུག་པར་མ་བྱེད་ཅིག་པའོ། །དེ་ནས་ཞེས་བྱ་བ་ནི་ངེས་པར་འབྱེད་པ་དང་ཚིག་གི་རྒྱན་
ནོ། །ཕྱག་ན་རྡོ་རྗེ་ནི་རྡོ་རྗེ་འཛིན་པ་སྟེ་དབྱེར་མི་ཕྱེད་པའི་ཡེ་ཤེས་ནི་ཆོས་ཀྱི་སྐུའོ། །ཡེ་ཤེས་དེ་དང་དེ་ལ་ཡོད་པས་ནའོ། །རྡོ་རྗེ་སེམས་དཔའ་ནི་ཟག་པ་མེད་པ་དང་བདེ་བ་རོ་གཅིག་པ་ཉིད་དང་སྲིད་པ་གསུམ་དེའི་ངོ་བོར་བསྡུས་པ་དེའི་ཕྱིར། མི་ཕྱེད་རྡོ་རྗེ་ཞེས་བཤད་དེ། །སེམས་དཔའ་སྲིད་གསུམ་
གཅིག་པ་ཉིད། །ཤེས་རབ་འདི་ཡིས་སྦྱོར་བས་ན། །རྡོ་རྗེ་སེམས་དཔར་བཤད་པ་ཡིན། །ཞེས་འབྱུང་བས་ནའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ནི་གཏི་མུག་གཤིན་རྗེ་གཤེད་ལ་སོགས་པའོ། །བདག་པོ་ནི་གཙོ་བོར་གྱུར་པ་སྟེ་རྣམ་པར་ཤེས་པའི་ཕུང་
པོའི་རང་བཞིན་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ངོ་བོ་ཉིད་ཀྱིས་ཁྱབ་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ་ཞེ་སྡང་རྡོ་རྗེ་གཤིན་རྗེ་གཤེད་དོ། །ལ་ནི་བཞིའོ། །གསོལ་བ་བཏབ་པ་དང་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་དེ་
བཞིན་གཤེགས་པའི་གཟུགས་ཇི་ལྟར་བསྒོམ་ཞིང་གཟུང་སྙམ་པའི་ཕྱིར་གདམས་ངག་ཞུས་པའོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་བདུད་ཐམས་ཅད་འཇོམས་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་འདི་ཉིད་ཀྱིས་སྐུ་དང་གསུང་དང་ཐུགས་རྡོ་རྗེ་
རྣམས་ལས་ངེས་པར་སྟོན་ཏོ། །འདི་དག་གིས་ནི་མངོན་པར་བྱང་ཆུབ་པ་ལྔ་དང་། རྡོ་རྗེ་འཛིན་པ་གཤིན་རྗེ་གཤེད་པོར་བསྒོམ་པ་སྟོན་ཏེ། བདུད་ཐམས་ཅད་ནི་ཕུང་པོ་ལ་སོགས་པ་སྟེ་འཇོམས་པ་ནི་ཏིང་ངེ་འཛིན་གྱི་མཐུས་སོ། །ཏིང་ངེ་འཛིན་གྱིས་འཇོམས་པར་མི་ནུས་པ་དག་ནི་ཆོས་ཀྱི་

དབྱིངས་རྣམ་པར་དག་པའི་ཡེ་ཤེས་རྡོ་རྗེས་སོ། །ཏིང་ངེ་འཛིན་ནི་རྩེ་གཅིག་པའི་སེམས་ཏེ་གཞན་དུ་མ་གྱུར་པའི་དོན་ཏོ། །འདི་ཞེས་བྱ་བ་ནི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བདག་ཉིད་དོ། །དེ་ལས་ཅི་འབྱུང་ཞེ་ན། ངེས་པར་སྟོན་ཏོ་ཞེས་བྱ་བ་ནི་རྣམ་པར་སྤྲོས་པའི་
ཏིང་ངེ་འཛིན་གྱི་དོན་ཏོ། །དོན་དེ་དག་ཀྱང་ཅི་ཞེ་ན། མངོན་པར་རྟོགས་པ་ལས། ནམ་མཁའ་རྡོ་རྗེའི་དབུས་སུ་ནི། །སྣ་ཚོགས་རྡོ་རྗེ་འཇིགས་པ་བསམ། །རྟག་པའི་རྒྱལ་པོ་ལས་བྱུང་བ། །གཞལ་ཡས་ཁང་མཆོག་མཛེས་པ་སྟེ། །ཞེས་བྱ་བ་དེ་མ་ཐག་ཏུའོ། །ཟླ་བ་རྡོ་རྗེའི་སྦྱོར་བ་ཡིས། །
གཤིན་རྗེ་མཐར་བྱེད་བསྒོམ་པར་བྱ། །ཞེས་བྱ་བ་སྨོས་ཏེ་ཟླ་བ་ནི་དཀར་པོ་དང་དམར་པོའོ། །དེ་ཡང་ཨ་ཐུང་ངུ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿཞེས་བྱ་བའི་དབྱངས་ཀྱི་ཡི་གེ་བཅུ་དྲུག་པོ་ཉིས་ལྟབ་ཏུ་བཀོད་པ་ནི་ཤེས་རབ་
ཀྱི་བདག་ཉིད་དོ། །རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ། ཌ་ཌྷ་ད་དྷ་ཡ་ལ། ཉིས་ལྟབ་ཏུ་བཀོད་པ་ཐབས་ཀྱི་བདག་ཉིད་དེ། བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་
པའི་བྱང་ཆུབ་སྟེ། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་གཏི་མུག་གཤིན་རྗེ་གཤེད་ཀྱིས་ཉེ་བར་བརྒྱན་པའོ། །དེ་གཉིས་རོ་མཉམ་པར་གྱུར་པ་ནི་ཤེས་རབ་དང་སྙིང་རྗེ་དབྱེར་མེད་པ་ལས་བྱང་ཆུབ་ཀྱི་སྟེ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་ང་རྒྱལ་གཤིན་རྗེ་གཤེད་
ཀྱིས་ཉེ་བར་བརྒྱན་པའོ། །དེ་ལ་ཧཱུྃ་དཀར་པོ་རྩ་དམར་དུ་གྱུར་པའི་གསུང་མངོན་པར་རྟོགས་པ་ལས་བྱང་ཆུབ་པ་སྟེ། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་འདོད་ཆགས་གཤིན་རྗེ་གཤེད་ཀྱིས་ཉེ་བར་བརྒྱན་པའོ། །དེ་ལས་སྐྱེས་པ་རྡོ་རྗེའི་ནོར་བུའི་མདངས་སུ་གྱུར་པ་ནི་
ཐུགས་ཀྱི་མངོན་པར་རྟོགས་པ་ལས་བྱང་ཆུབ་པ་སྟེ། བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་རང་བཞིན་ཕྲག་དོག་གཤིན་རྗེ་གཤེད་ཀྱིས་ཉེ་བར་བརྒྱན་པའོ། །སྦྱོར་བ་ཡིས་ཞེས་བྱ་བ་ནི་རྡོ་རྗེ་ལས་རྡོ་རྗེ་འཛིན་པའི་སྐུར་གྱུར་པ་སྟེ་སྐུ་ཡོངས་སུ་རྫོགས་པ་ལས་བྱང་ཆུབ་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་

ཤེས་ཀྱི་རང་བཞིན་ཞེ་སྡང་གཤིན་རྗེ་གཤེད་ཀྱིས་ཉེ་བར་བརྒྱན་པའོ། །དེ་ཡང་རྡོ་རྗེ་འཛིན་པ་རྩ་བའི་ཞལ་དཀར་དམར་གཡས་སྔོ་གཡོན་དམར་བ་འགྱིང་ཞིང་སྒེག་པའི་ཆ་བྱད་ཉེ་བར་འཛིན་པ། ཁྲོ་བོའི་སྟངས་ལ་རང་གི་འོད་ཤེས་རབ་དང་ཡན་ལག་འཁྱུད་པ། གཡས་བསྐུམ་ནས་གཡོན་
བརྐྱང་བའི་ཞབས། ཕྱག་གཡས་ན་རྡོ་རྗེ་དང་རལ་གྲི་འཛིན་པ། ཕྱག་གཡོན་ན་འཁོར་ལོ་དང་པདྨ་འཛིན་པ། རྩ་བའི་ཕྱག་གིས་གྲི་གུག་དང་ཐོད་པས་རང་འདྲ་བའི་ཤེས་རབ་མངོན་པར་འཛིན་པའོ། །གལ་ཏེ་འདི་དག་ནི་ཞི་བ་ཉེ་བར་འཛིན་པ་སྟེ་ཁྲོ་བར་མི་རིགས་སོ་ཞེ་ན། མ་ཡིན་ཏེ་ནག་པོ་ནི་
ཞེ་སྡང་སྤྱོད་པ་ཙམ་ཉེ་བར་འཛིན་པའི་དོན་ཏོ། །དཀར་པོ་ཉིད་ཁྲོ་བོ་མ་ཡིན་ན་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཐབས་དང་ཤེས་རབ་ཀྱི་རྒྱུད་དག་དང་འགལ་ལོ། །དེ་ནས་ཡང་དགྱེས་པའི་རྡོ་རྗེ་ལས། ཟླ་བའི་འོད་ཟེར་ནོར་བུའི་མདངས། །ཞེས་གསུངས་པའི་ཕྱིར་དང་། དཔལ་
གསང་བ་འདུས་པའི་དགོངས་པ་ཡེ་ཤེས་ཞབས་ཀྱིས་བཤད་པ་ལས། གཡས་དང་གཡོན་གྱི་ཞལ་ནི་སྔོ་དང་དཀར། །གང་བའི་ཟླ་བ་དཀར་བའི་མདངས་དང་ལྡན། །ཞེས་འབྱུང་བ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ཟླ་བ་དང་རྡོ་རྗེ་རབ་ཏུ་སྦྱོར་བ་བྱས་ནས་ཐབས་དང་ཤེས་རབ་སྙོམས་པར་འཇུག་
པ་ལ་ཡོངས་སུ་གྱུར་པ་ནི་ཁུ་བའི་ཐིག་ལེའོ། །དེ་ལས་ལྷ་མོ་བཞི་འཕྲོས་ཤིང་བསྐུལ་ནས་ཉི་མ་ས་བོན་དང་བཅས་པ་ལས་སྐུ་ཡོངས་སུ་གྱུར་པའི་གཤིན་རྗེ་མཐར་བྱེད་བསྒོམ་པར་བྱའོ། །འདིར་ཕྱག་དང་ཞབས་དང་བཞུགས་སྟངས་ནི་ལེའུ་བཞི་པ་ལས་ཤེས་པར་བྱའོ། །ཅིའི་ཕྱིར་
བསྟན་ཞེ་ན། བདུད་བཞིའི་དོན་ལ་སོགས་པ་སྟེ་ཤིན་ཏུ་གསལ་ལོ། །ད་ནི་དེ་དག་གི་སྔོན་དུ་འགྲོ་བ་བཤད་པར་བྱ་སྟེ། བདུད་རྣམས་ཞི་བར་བྱ་ཕྱིར་དང་། །ཞེ་སྡང་ཐམས་ཅད་བསལ་བའི་ཕྱིར། །འོད་ཟེར་ལྔ་ཡིས་འཁྲིགས་པ་ཡི། །རྡོ་རྗེ་བསྲུང་བའི་དོན་དུ་བསྒོམ། །ཕྱི་མཚམས་
རྡོ་རྗེ་ས་གཞི་དང་། །ར་བ་དྲ་བ་དེ་བཞིན་ནོ། །ཞེས་བྱ་བ་སྨོས་ཏེ། བདུད་རྣམས་ནི་ཞེས་བྱ་བ་ནི་ཞི་བ་ལ་སོགས་པའོ། །ཞི་བར་བྱ་བའི་ཕྱིར་ཞེས་བྱ་བ་ནི་མི་མཐུན་པ་དེ་ནུས་པ་དང་མི་ལྡན་པར་བྱས་པའི་དོན་ཏོ། །ཞེ་སྡང་ནི་གཞན་གྱིས་མངོན་པར་འཁྲུགས་པའི་བསམ་པའོ། །ཐམས་

ཅད་ཅེས་བྱ་བ་ནི་གཏི་མུག་ལ་སོགས་པས་འདོད་པའི་ལྷ་སྡིག་ཅན་དང་། ཆུང་མ་པདྨའི་ཕྲེང་བ་ཅན་གཉིས་ཀྱི་སྤྱི་གཙུག་ན་མེ་ཏོག་གི་མདའ་ལྔ་ཡོད་པའོ། །བསལ་བའི་ཕྱིར་ཞེས་པའོ། །མི་གནས་པར་བྱ་བའི་དོན་དེ་དགོས་པའོ། །འོད་ཟེར་ལྔ་ཡིས་ཞེས་བྱ་བ་ནི་
སྟོང་པ་ཉིད་བསྒོམས་མ་ཐག་ཏུ་རྣལ་འབྱོར་པས་བསྲུང་བར་བྱ་བ་སྟེ། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བ་ལ་ཉི་མ་ལ་གནས་པའི་ཧཱུྃ་གི་འོད་ཟེར་ལྔ་འཕྲོས་པས་འཁྲིགས་པའི་རྡོ་རྗེ་བསྲུང་བ་ནི་རང་གི་དོན་ཕུན་སུམ་ཚོགས་པར་བྱ་བའི་དོན་དུ་
དང་། གཞན་གྱི་དོན་དུ་ཡང་བསྒོམ་པར་བྱའོ། །ཇི་ལྟར་བསྒོམ་ཞེ་ན་ཕྱི་མཚམས་ཞེས་བྱ་སྟེ་ཁོར་ཡུག་གོ། །དེའི་བར་དུ་རྡོ་རྗེའི་ས་གཞི་དང་། ཕྱི་རིམ་རྡོ་རྗེ་ར་བ་དང་། ནང་རྡོ་རྗེའི་དྲ་བ་དང་། དེ་བཞིན་དུ་གུར་ཡང་ཤེས་པར་བྱའོ། །ད་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པར་བྱ་བའི་
དོན་དུ་དཀྱིལ་འཁོར་སྤྲུལ་པ་ནི། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་སྐྱེད་པའི་བདུད་འདུལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །གཏི་མུག་རྡོ་རྗེ་གཤིན་རྗེ་གཤེད་ལ་སོགས་པའི་ས་བོན་འདི་ཉིད་ཀྱིས་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་
ངེས་པར་ཕྱུང་བ། དབུས་སུ་ཡ་ཀྵེ་མ་མེ། ད་ཡ་ཛ་ནི་རཱ་ཛ་ཡ་དོ། དོ་རུ་ཎ་ཡོ་ནི་རའོ་ཞེས་བྱ་བ་སྨོས་པ་སྟེ། དེ་ནས་ཞེས་བྱ་བ་སྨོས་པ་ནི་རྣལ་འབྱོར་གཉིས་ཡོངས་སུ་རྫོགས་པའི་དེ་མ་ཐག་ཏུའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ནི་རྩ་བའི་དཀྱིལ་
འཁོར་དུ་གྱུར་པའི་ལྷའི་ཚོགས་སོ། །བསྐྱེད་པ་ནི་བྱེད་པ་པོ་སྟེ་དཔལ་གཤིན་རྗེ་གཤེད་ནག་པོའོ། །དེ་ནི་འཇིག་རྟེན་ན་ཕ་མ་ལྟ་བུའོ། །བདུད་འདུལ་བའི་རྡོ་རྗེ་ནི་གང་དབྱེར་མེད་པའི་གཤིན་རྗེ་གཤེད་ཀྱི་ངོ་བོ་ཉིད་དོ་ཞེས་བྱ་བ་ནི་མིང་སྟེ། ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་
ནས་ཞེས་བྱ་བ་ནི་དེ་ཡང་དག་པར་ཐོབ་ནས་སེམས་རྩེ་གཅིག་ཏུ་བྱེད་པའི་རྣལ་འབྱོར་རོ། །གཏི་མུག་རྡོ་རྗེ་གཤིན་རྗེ་གཤེད་ལ་སོགས་པ་ཐམས་ཅད་ཅེས་བྱ་བ་ནི་ཉེ་བར་གདགས་སུ་རུང་བ་བཅུ་བདུན་ནོ། །ས་བོན་ཞེས་བྱ་བ་ནི་ལྷ་རྣམས་རྫོགས་པར་འགྱུར་བའི་རྒྱུའོ། །འདི་

ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་བདག་པོའོ། །དེ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ངེས་པར་འབྱུང་བ་ཞེས་བྱ་བ་ནི་འདི་ལྟར་བཤད་པར་བྱ་བ་སྟེ། རང་གི་སྙིང་ག་ནས་ཡེ་ཤེས་ཀྱི་འོད་ཟེར་ཚངས་པའི་བུ་གནས་ལྕགས་ཀྱུ་ལྟ་བུས་དེ་བཞིན་གཤེགས་པ་
ཐམས་ཅད་བཀུག་ནས་ཚངས་པའི་བུ་གར་ཞུགས་ཏེ་སྙིང་གར་རབ་ཏུ་ཞུ་བར་བྱའོ། །དེ་ནས་གསང་བ་བྱིན་གྱིས་བརླབ་པར་བྱ་སྟེ། ཧཱུྃ་དང་ཨོཾ་ལས་རྡོ་རྗེ་དང་པདྨ་བསྐྱེད་ལ་ཧོ་དམར་པོས་རྣམ་པར་དཀྲུགས་པའི་ཆོས་ཀྱི་འབྱུང་གནས་སུ་འབྱུང་བའི་རྣམ་པ་ཅན་གྱི་གཞལ་ཡས་
ཁང་མངོན་པར་སྤྲུལ་ལོ། །དེར་ཇི་སྐད་བཤད་པའི་གནས་སུ་པདྨ་དང་ཉི་མ་དང་ཟླ་བ་རྡོ་རྗེའི་ལམ་ནས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱི་ཁུ་བ་དགོད་དོ། །དེ་ནས་ས་བོན་བཅུ་བདུན་དུ་གྱུར་པར་བལྟའོ། །ལ་ལ་དག་ནི་འདིར་བཅོམ་ལྡན་འདས་སྙོམས་པར་ཞུགས་པ་མ་ཡིན་ནོ་ཞེས་ཟེར་ཏེ།
དེ་ལྟར་ནི་རྒྱུད་འདི་ཉིད་དང་འགལ་ལོ། །དེ་ཡང་ལེའུ་བཅུ་པ་ལས། བྷ་གར་ལིང་ག་བསྒོམ་པ་ཉིད། །དཀྱིལ་འཁོར་བདག་པོ་རྣམ་པར་བསྒོམ། །ཞེས་གསུངས་པ་ཉིད་ཀྱིས་སོ། །གཞན་ཡང་ཇི་ལྟར་རང་གི་ཆུ་སྐྱེས་ལ་དཀྱིལ་འཁོར་རྫོགས་པ་འདི་ལྟར་འབྱུང་བར་བྱ་སྟེ་ཞེས་བྱ་
བ་ནི་སྙོམས་པར་འཇུག་པར་བྱེད་ན་དེའི་སྒྲ་ཇི་ལྟར་རྫོགས་པ་ཉིད་དུ་འགྱུར། འདིའི་སྒྲ་དེར་མི་འཇུག་གོ་ཞེ་ན། དེའི་ཚེ་སྤྲོ་བའི་སྔགས་ལ་དགོས་པ་མེད་དོ། །དེའི་ཚེ་སྔགས་ཀྱིས་ནི་རང་གི་སྙིང་ག་ནས་ཕྱུང་བའོ་ཞེ་ན། དེའི་ཚེ་ཆུ་སྐྱེས་ཀྱི་གནས་སུ་ས་བོན་དེ་ཉིད་ཉེ་བར་བཀོད་པ་ཅིའི་ཕྱིར་དེ་མི་
རིགས་སོ། །དེ་བས་ན་འདི་ལྟར་སྔགས་ཀྱིས་ས་བོན་རྫོགས་པར་ཕྱུང་སྟེ། འདི་ལྟར་གནས་ནས་གནས་སུ་གནས་པར་བྱའོ་ཞེ་ན། གང་དམ་ཚིག་གི་དཀྱིལ་འཁོར་དུ་ཕྱུང་བའི་སྔགས་ཀྱིས་གང་དུ་ཁྱེར་བར་བྱེད། དེ་བས་ན་ངེས་པར་གསང་བའི་དཀྱིལ་འཁོར་དུ་ས་བོན་དང་མཚན་མའི་
རིམ་པ་སྐུར་བསྐྱེད་པ་ལྷག་མ་མ་ལུས་པ་སྤྲུལ་པའི་དཀྱིལ་འཁོར་ཕྱུང་སྟེ། དམ་ཚིག་གི་འཁོར་ལོ་ལ་གནས་པར་བྱའི་གཞན་སྨྲ་བ་ནི་བླུན་པོ་ཉིད་དུ་ཟད་དོ། །ད་ནི་གང་ལས་གང་བསྐྱེད་པར་གསལ་བར་བྱ་སྟེ། ཡ་སོགས་ཡི་གེ་དང་པོ་ལས། །གཤིན་རྗེ་གཤེད་དུ་གྱུར་པ་ཡིན། །ཡི་གེ་ཀྵེ་ནི་

གཏི་མུག་བརྗོད། །ཡི་གེ་མ་ནི་ཕྲ་མར་གསུངས། །ཡི་གེ་མེ་ནི་འདོད་ཆགས་ཉིད། །ཡི་གེ་ད་ནི་ཕྲག་དོག་འགྱུར། །གཤིན་རྗེ་གཤེད་སོགས་ལྔ་རུ་གྲགས། །ཡི་གེ་ཡ་ལས་ཐོ་བར་འགྱུར། །ཡི་གེ་ཛ་ལས་དབྱུག་པའི་གཙོ། །ལག་ན་པདྨ་ནི་ཡིག་ལས། །ལག་ན་
རལ་གྲི་ར་ལས་ཡིན། །ཛ་ལས་ཙརྩི་ཀ་ཞེས་བརྗོད། །ཡི་གེ་ས་ལས་ཕག་གདོང་མའོ། །ཡི་གེ་དོ་ལས་དབྱངས་ཅན་བསྒྲགས། །ཡི་གེ་རུ་ལས་གཽ་རཱི་དྲན། །ཎ་ཡོ་ནི་རཱ་མཚམས་ཀྱི་བཞི། །ཐོད་པ་བཞི་རུ་འདོད་པ་ཡིན། །ཞེས་བྱ་བ་སྨོས་ཏེ། ཡ་སོགས་ཡི་གེ་དང་པོ་ནི་ཡ་སྟེ་དེ་ཡོངས་སུ་
གྱུར་པ་ལས་རྡོ་རྗེ་རྩེ་ལྔ་པ་ཨིནྡྲ་ནཱི་ལའི་ཁ་དོག་ཅན་དེ་ལས་ཞེ་སྡང་གཤིན་རྗེ་གཤེད་དུ་གྱུར་པ་ཡིན་ནོ། །ཡི་གེ་ཀྵེ་ཡོངས་སུ་གྱུར་པ་ལས་ཆོས་ཀྱི་འཁོར་ལོ་རྩིབས་བརྒྱད་པ་ཁ་དོག་དུང་ལྟ་བུ་སྟེ་དེ་ལས་གཏི་མུག་གཤིན་རྗེ་གཤེད་དུ་བརྗོད་དོ། །ཡི་གེ་མ་ཡོངས་སུ་གྱུར་པ་ལས་རིན་པོ་ཆེ་ཟུར་བརྒྱད་
པ་ཁ་དོག་གསེར་བཙོ་མ་ལྟར་རབ་ཏུ་དང་བ་སྟེ་དེ་ལས་ཕྲ་མ་གཤིན་རྗེ་གཤེད་དུ་གསུངས་སོ། །ཡི་གེ་མ་ཡོངས་སུ་གྱུར་པ་ལས་པདྨ་འདབ་མ་བཅུ་དྲུག་པ་ཁ་དོག་ནི་པདྨ་རཱ་ག་ལྟ་བུ་སྟེ་དེ་ལས་འདོད་ཆགས་གཤིན་རྗེ་གཤེད་ཉིད་དོ། །ཡི་གེ་ད་ཡོངས་སུ་གྱུར་པ་ལས་རལ་གྲི་རབ་ཏུ་རྣོ་ཞིང་
འབར་བ་ཁ་དོག་མརྒད་ལྟ་བུ་སྟེ་ཕྲག་དོག་གཤིན་རྗེ་གཤེད་དུ་གྱུར་པ་ཡིན་ནོ། །གཤིན་རྗེ་གཤེད་ཀྱི་ཚོགས་ནི་ལྔ་སྟེ་གོང་དུ་རྡོ་རྗེ་སྒྲ་འཇུག་པའི་རྒྱུ་མཚན་གྱིས་ཁྱད་པར་དུ་བྱས་པའི་ཕྱིར་གྲགས་པའོ། །ཡི་གེ་ཡ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ཐོ་བ་རྩིབས་ཉི་ཤུས་སྤྲས་པ་ཁ་དོག་བཻ་ཌཱུརྱ་སྔོན་པོ་
ལྟ་བུ་སྟེ་དེ་ལས་ཐོ་བ་གཤིན་རྗེ་གཤེད་དུ་གྱུར་པ་ཡིན་ནོ། །ཡི་གེ་ཛ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་དབྱུག་པ་ཁ་དོག་དཀར་པོ་སྟེ་མཚན་པ་དང་ལྡན་པའི་ཕྱིར་གཙོ་བོའོ། །དེ་ལས་དབྱུག་པ་གཤིན་རྗེ་གཤེད་དུ་གྱུར་པ་ཡིན་ནོ། །ཡི་གེ་ནི་ཡོངས་སུ་གྱུར་པ་ལས་པདྨ་འདབ་མ་བརྒྱད་པ་ཁ་དོག་དམར་པོ་སྟེ་དེ་
དག་ལས་ལག་ན་པདྨ་འཛིན་པའི་པདྨ་གཤིན་རྗེ་གཤེད་དུ་གྱུར་པའོ། །ཡི་གེར་ཡོངས་སུ་གྱུར་པ་ལས་རལ་གྲི་ཁ་དོག་ལྗང་གུ་སྟེ། དེ་ལས་ལག་ན་རལ་གྲི་འཛིན་པ་རལ་གྲི་གཤིན་རྗེ་གཤེད་དུ་གྱུར་པ་ཡིན་ནོ། །ཡི་གེ་ཛ་ལས་འཁོར་ལོ་དཀར་པོ་སྟེ། དེ་ལས་ལྷ་མོ་ཙརྩི་ཀ་ཞེས་བརྗོད་དོ། །

ཡི་གེ་ས་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སྔོན་པོ་སྟེ། དེ་ལས་ལྷ་མོ་ཕག་གདོང་མར་གྱུར་ཏོ། །ཡི་གེ་དོ་ཡོངས་སུ་གྱུར་པ་ལས་པདྨ་དམར་པོ་སྟེ། ལྷ་མོ་དབྱངས་ཅན་མ་ཉིད་དུ་བསྒྲགས་སོ། །ཡི་གེ་རུ་ཡོངས་སུ་གྱུར་པ་ལས་རལ་གྲི་ལྗང་གུ་སྟེ། དེ་ལས་ལྷ་མོ་གཽ་རཱི་མ་དྲན་པར་བྱའོ། །ཎ་ཡོ་ནི་
རཱ་གོང་བཞིན་དུ་མཚམས་བཞིར་བྱང་ཆུབ་སེམས་ཀྱིས་གང་བའི་ཐོད་པ་བཞི་འདོད་པ་ཡིན་ནོ། །དེ་ནི་གནས་གང་དུ་བསྒོམ་ཞེ་ན། སྣ་ཚོགས་རྡོ་རྗེ་འཇིགས་སུ་རུང་བ་ཞེས་བྱ་བ་སྨོས་ཏེ། སྣ་ཚོགས་ནི་པཾ་དམར་སེར་ལས་པདྨ་སྣ་ཚོགས། དེའི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་འཇིགས་སུ་རུང་བ་དེ་
ཟླ་བའི་དཀྱིལ་འཁོར་གྱིས་གཡོགས་པར་བྱས་ལ་དེའི་སྟེང་ན་གཞལ་ཡས་ཁང་བརྩེགས་པའི་ངོ་བོ་གདན་དང་བཅས་པ་བསམ་པར་བྱའོ། །དེའི་ཕྱོགས་དང་ཁ་དོག་གི་བྱེ་བྲག་དང་གཟུགས་སྣ་ཚོགས་པ་རྣམས་ནི་ལེའུ་བཅུ་བཞི་པ་ལས་གསུངས་པའོ། །དཀྱིལ་འཁོར་དེ་དག་
ཀྱང་གང་ལ་བརྟེན་ཞེ་ན། ནམ་མཁའ་རྡོ་རྗེའི་དཀྱིལ་འཁོར་བསམ། །ཞེས་བྱ་བ་སྨོས་ཏེ། ནམ་མཁའ་ནི་བྷ་ག་སྟེ་ཆོས་ཐམས་ཅད་ཀྱི་རང་བཞིན་ཡིན་པས་ན་ཆོས་ཀྱི་འབྱུང་གནས་ཏེ་ཕྱག་རྒྱའོ། །དེ་ཉིད་རྟོག་པ་མ་ལུས་པ་ཟད་པའི་ཕྱིར་དབྱེར་མི་ཕྱེད་པའི་དོན་དེ་རྡོ་རྗེའོ། །དེའི་
དཀྱིལ་དུ་གོང་གི་གཞལ་ཡས་ཁང་བསམ་མོ། །དེ་ལྟ་བུའི་གཞལ་ཡས་ཁང་དེར་ལྷ་རྣམས་ཀྱི་ཕྱོགས་དང་གོ་རིམས་ཇི་ལྟར་བཞུགས་ཤེ་ན། དཀྱིལ་འཁོར་བཞུགས་པའི་གཤིན་རྗེ་གཤེད། །གནག་ཅིང་འབར་བ་བསྒོམ་པར་བྱ། །ཤར་དུ་གཏི་མུག་རྡོ་རྗེ་སྟེ། །ལྷོ་
རུ་དེ་བཞིན་ཕྲ་མའོ། །ནུབ་ཏུ་འདོད་ཆགས་རྡོ་རྗེ་སྟེ། །དེ་བཞིན་བྱང་དུ་ཕྲག་དོག་གོ། །རྡོ་རྗེ་རྩ་བའི་མཚམས་བཞི་ལ། །ཙརྩི་ཀ་སོགས་རྣམ་པར་བསྒོམ། །སྒོ་ཡི་རྡོ་རྗེ་རྩེ་བཞི་ལ། །ཐོ་བ་ལ་སོགས་རྣམ་པར་བསྒོམ། །སྣ་ཚོགས་རྡོ་རྗེའི་མཚམས་བཞི་རུ། །
མི་ཡི་མགོ་བོ་བཞི་དག་གོ། །ཞེས་བྱ་བ་སྨོས་ཏེ། འདི་དག་གིས་ནི་རང་གི་ཆུ་སྐྱེས་ལ་གཞལ་ཡས་ཁང་བརྩེགས་པ་གསལ་བར་བཤད་དོ། །དེའི་དཀྱིལ་ནི་གཞལ་ཡས་ཁང་གི་རྡོ་རྗེ་ལྟེ་བའོ། །དེ་ལ་བཞུགས་པའི་གཤིན་རྗེ་གཤེད་ནི་ཁ་དོག་གནག་ཅིང་འབར་བ་སྟེ་ཞེ་སྡང་ཆེན་པོའི་

རིགས་སུ་གྱུར་པ་དང་། ཆོས་ཀྱི་དབྱིངས་རྣམ་པར་རྟོག་པའི་ཆ་གང་གིས་ཀྱང་བསྒྱུར་བར་མི་ནུས་པའི་དོན་དང་། འགྲོ་བ་ཐམས་ཅད་ཀྱི་ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པའི་དྲི་མ་བསྡུས་པས་གཤིན་རྗེ་མཐར་བྱས་པའི་དོན་དང་། ལོངས་སྤྱོད་རྫོགས་པའི་
མཚན་དང་དཔ་བྱད་འབར་བ་བསྒོམ་པར་བྱའོ། །ཤར་དུ་ཞེས་བྱ་བ་ནི་ཤར་གྱི་ཕྱོགས་ཏེ་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་རང་བཞིན་ནོ། །དེར་རྡོ་རྗེ་རྩིབས་ཀྱི་རྩ་བ་ལ་གཏི་མུག་རྡོ་རྗེའོ། །སྟེ་ཞེས་བྱ་བ་ནི་མ་འོངས་པ་ཉེ་བར་བསྡུ་བའི་ཚིག་གོ། །ལྷོ་ནི་ལྷོའི་ཕྱོགས་ཏེ་དབང་ཡོངས་སུ་
རྫོགས་པའི་རང་བཞིན་ནོ། དེར་རྡོ་རྗེ་རྩིབས་ཀྱི་རྩ་བ་ལས་གོང་གི་དེ་བཞིན་དུ་ཕྲ་མ་རྡོ་རྗེའི་ཡིན་ཞེས་བྱ་བ་ནི་ཐམས་ཅད་ནས་ཐམས་ཅད་དུ་འཁྲུག་པ་མེད་པའི་དོན་ཏོ། །ནུབ་ནི་ནུབ་ཀྱི་ཕྱོགས་ཏེ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་རང་བཞིན་ནོ། དེར་རྡོ་རྗེ་རྩིབས་ཀྱི་རྩ་བ་ལ་འདོད་ཆགས་རྡོ་རྗེའོ། །
སྟེ་ཞེས་བྱ་བ་ནི་བྱང་ཉེ་བར་བསྡུ་བའི་ཐ་ཚིག་གོ། །དེ་བཞིན་བྱང་དུ་ཞེས་བྱ་བ་ནི་བྱང་གི་ཕྱོགས་ཏེ་ཐམས་ཅད་མ་ལུས་པར་རྒྱས་བཏབ་པའི་རང་བཞིན་ནོ། །དེར་རྡོ་རྗེ་རྩིབས་ཀྱི་རྩ་བ་ལ་རྡོ་རྗེ་ཕྲག་དོག་གོ། །རྡོ་རྗེ་ནི་སྣ་ཚོགས་རྡོ་རྗེ་སྟེ་མཚམས་བཞི་ནི་ཕྱོགས་གཉིས་ཀྱི་མཚམས་སོ། །རྩ་བ་བཞི་ལ་
ཞེས་བྱ་བ་ནི་ཤར་ལྷོ་ལ་སོགས་པའོ། །ཙརྩི་ཀ་ནི་སྭཱ་ར་སྭཱ་སྟི་སྟེ་ལ་སོགས་པ་ནི་ཕག་མོ་དང་དབྱངས་ཅན་མ་དང་གཽ་རཱིའོ། །རྣམ་པར་བསྒོམ་པ་ནི་རང་རང་གི་གཙོ་བོ་ལ་ཅུང་ཟད་ཕྱོགས་པའོ། །སྒོ་ནི་ཁྱུད་དང་ལོགས་དང་ངོས་དང་འགྲམ་དང་ཡ་ཕུབས་དང་ལྡན་པ་ལ་བྱའོ། །རྡོ་རྗེའི་རྩེ་ནི་སྣ་
ཚོགས་རྡོ་རྗེའི་རྩེ་མོ་བཞི་སྟེ། ཕྱོགས་བཞིའི་དབུས་ན་གནས་པའི་ཕྱིར་སྒོ་བཞི་ལ་ཉེ་བ་དང་འདྲ་བ་ཉིད་དུ་གནས་པའོ། །ཐོ་བ་ནི་ཐོ་བ་གཤིན་རྗེ་གཤེད་དེ།ལ་སོགས་པ་ནི་དབྱུག་པ་དང་པདྨ་དང་རལ་གྲིའོ། །རྣམ་པར་བསྒོམ་ཞེས་བྱ་བ་ནི་སྒོའི་དཀྱིལ་དུའོ། །སྣ་ཚོགས་རྡོ་རྗེ་མཚམས་བཞིར་
ནི་ཕྱི་མཚམས་ཏེ་དེ་ལ་མཆོད་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་མི་གྲགས་པར་ཟད་དོ། །མགོ་ནི་དབང་པོ་ལྔའི་གཞིའོ། །བཞི་ནི་གྲངས་དེ་དག་གོ།། །།བམ་པོ་གཉིས་པ། ད་ནི་གསང་བའི་དཀྱིལ་འཁོར་དེ་དག་གཞལ་ཡས་ཁང་རྫོགས་པར་འབྱུང་བ་ནི་སྔགས་དང་ལྡན་པའི་ཏིང་

ངེ་འཛིན་གྱིས་སོ། །དེ་ཡང་ཇི་ལྟར་འབྱུང་ཞེ་ན། ལེའུ་བཅུ་པ་ལས། སོ་སོའི་རིགས་ཀྱི་སྤྲིན་རྣམས་ནི། །བ་སྤུའི་ཁུང་ནས་སྤྲོ་བར་བྱ། །ཞེས་གསུངས་པ་ཉིད་ཀྱིས་སོ། །དེ་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་གཤིན་རྗེ་གཤེད་རྡོ་རྗེ་ཞེས་བྱ་བའི་ཏིང་
ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཞེས་བྱ་བ་སྨོས་ཏེ། རྡོ་རྗེ་ནི་མི་ཕྱེད་པ་སྟེ་དེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་གདུལ་བྱ་ལ་སྣ་ཚོགས་པར་བྱེད་པ་ཉིད་སྟོན་ཏོ། །ཇི་ལྟར་སྟོན་ཞེ་ན། སྐུ་གསུང་ཐུགས་ཡོངས་སུ་རྫོགས་པར་དེ་ཉིད་དུ་གསལ་བར་བྱེད་པའོ། །དེ་ཡང་སྔགས་ཀྱི་མཐུ་
ཁྱད་པར་ཅན་དུ་བྱ་བ་ནི་ཞེ་སྡང་ཆེན་པོའི་རིགས་ཀྱི་སྔགས་གསུངས་པ། ཨོཾ་ཧྲཱིཿཥྚྲཱིཿཝྀ་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་བྱ་བ་སྨོས་ཏེ། རིགས་གཅིག་པའི་ངོ་བོ་གཤིན་རྗེ་གཤེད་འདི་ལྟར་དབྱུང་བར་བྱའོ། །དེ་དག་གིས་འགྲོ་བ་ཐམས་ཅད་མངོན་པར་སྦྱངས་ནས་སྐལ་བ་དང་ལྡན་པར་
བྱས་ཏེ་བདག་ཉིད་ལ་བྱིན་གྱིས་བརླབ་པར་བྱའོ། །སྔགས་ནི་ཡོན་ཏན་མ་ལུས་པའི་དོན་དེ་བསམ་པར་མི་ནུས་སོ། །ཕྱོགས་གཅིག་པའི་མངོན་པར་རྟོགས་པ་བཤད་པ་ནི་ཡེ་ཤེས་ལྔ་དག་པར་འཛིན་པ་ཨོཾ་སྟེ། ཨ་ཨཱ། ཨོ་ཨཾ་ཀྸ། དེ་དག་གིས་ནི་སྐྱེ་བ་མེད་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་
དང་། སྐྱེས་པ་སོ་སོར་རྟོག་པའི་ཡེ་ཤེས་དང་། བྱ་བ་མི་སླུ་བ་བྱ་བ་གྲུབ་པའི་ཡེ་ཤེས་དང་། ཐམས་ཅད་ཆུའི་ནང་གི་ཟླ་བ་ལྟ་བུར་རྟོགས་པ་མེ་ལོང་ལྟ་བུའི་ཡེ་ཤེས་དང་། ཐིག་ལེ་དབྱེར་མི་ཕྱེད་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། འདིས་ནི་བྱིན་གྱིས་རློབ་པའོ། །ཧྲཱིཿནི་སྙིང་པོ་སྟེ་སངས་
རྒྱས་ཐམས་ཅད་ཀྱི་ཐུགས་སྡུད་པའོ། །ཥྚྲྀཿནི་སྟོབས་མ་ལུས་པ་མཐར་བྱེད་པའོ། །ཝི་ནི་ལོངས་སྤྱོད་དེ། འགྲོ་བ་ཐམས་ཅད་ཉེ་བར་འཛིན་པའོ། །ཀྲྀ་ནི་བྱས་པ་སྟེ་ཐམས་ཅད་བློ་ཉིད་སྣང་བའོ། །ཏཱ་ནི་དེ་ཁོ་ན་ཉིད་དེ་གང་ཡང་མ་སྤངས་པའོ། །ན་ནི་དམྱལ་བ་སྟེ་འཁོར་བ་ཉིད་བདེ་བ་ཆེ