Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 36

Văn bản gốc(Tây Tạng)

Trang 14 / 20 (50.000 ký tự/trang)
འབྲངས་ནས། །ཞེས་པ་ནི་གོང་དུ་བཤད་དོ། །བླ་མའི་ཁ་ལས་རྟོགས་པར་བྱ། །ཞེས་པ་ནི་བླ་མའི་མན་ངག་ལས་ཁོང་དུ་ཆུད་པར་བྱའོ། །དེ་ནི་མདོར་བསྡུས་པའོ། །དེ་

ནས་རླུང་གི་དེ་ཁོ་ན་ཉིད་རྒྱས་པར་བཤད་པའི་ཕྱིར། དེ་ལ་དང་པོ་ཁོ་ན་ཞེས་པ་ལ་སོགས་པ་སྨོས་ཏེ། རླུང་གི་དེ་ཁོ་ན་ཉིད་ནི་རླུང་གི་དེ་ཁོ་ན་ཉིད་དོ། །དེ་སྟོན་པ་ནི་གཞུང་གི་ཚོགས་སོ། །རྩ་བ་ཡང་ཡིན་ལ་རྒྱུད་ཀྱང་ཡིན་པས་རྩ་བའི་རྒྱུད་དོ། །དེ་ལ་འཇུག་པ་ནི་དེ་ལ་འཇུག་པ་སྟེ་དེའི་རྗེས་སུ་
འབྲངས་པའོ། །དེ་ཉིད་སྟོན་པ། སྣ་ཡི་རྩེ་མོར་ཡུངས་ཀར་བསམ། །ཞེས་པ་ནི་རང་གི་སྣའི་རྩེ་མོར་བྱང་ཆུབ་སེམས་ཀྱི་ཐིག་ལེ་ཡུངས་ཀར་ཙམ་པའོ། །འགྲོ་དང་མི་འགྲོ་ཞེས་པ་ནི་འབྱུང་བ་དང་འཇུག་པ་གཉིས་སོ། །ཡུངས་ཀར་ལ་ཞེས་པ་ནི་ཐིག་ལེ་ཡུངས་ཀར་གྱི་རྣམ་པ་ཙམ་ལ་བློ་གཏད་དེ་ལ་བསྒོམ་པའོ། །
གསང་བའི་སྔགས་ཀྱིས་ཞེས་པ་ནི་ཡི་གེ་གསུམ་གྱིས་ཤེའོ། །ཅི་བྱེད་ཅེ་ན། ཡེ་ཤེས་མཆོག་གི་གནས་བསྒོམ་མོ། །ཞེས་པ་སྟེ། ཡེ་ཤེས་མཆོག་ནི་ཡེ་ཤེས་མཆོག་སྟེ། དེ་ལས་སྐྱེས་པའི་ཡེ་ཤེས་སོ། །ཡེ་ཤེས་ནི་མཆོག་སྟེ་སེམས་ཅན་ཐ་མལ་པ་ལས་ཁྱད་པར་དུ་གྱུར་པའོ། །ཡང་ན་ཡེ་ཤེས་མཆོག་སྟེ་
ས་དང་ཕ་རོལ་ཏུ་ཕྱིན་པ་ལས་ཁྱད་པར་དུ་བྱས་པའོ། །ཡང་ན་ཡེ་ཤེས་ཀྱི་མཆོག་སྟེ་དེ་ལ་དམིགས་པ་ལས་སྐྱེས་པའི་ཡེ་ཤེས་ཀྱི་མཆོག་འགྲུབ་པའོ། །གནས་ཞེས་པ་ནི་རྒྱུའི་དོན་ཏོ། །རྒྱུ་དེས་འབྲས་བུ་མཆོག་ཐོབ་པར་འགྱུར་ཏེ། ཡང་ན་གནས་ནི་བརྟེན་པར་བྱ་བ་སྟེ་དེ་ལ་བརྟེན་ཏེ་འགྲུབ་པའི་
ཕྱིར་རོ། །ཡང་ན་གནས་ཀྱིས་ནི་སྐྱོབ་པར་བྱེད་དེ་གང་ལ་བློ་གཏད་པ་དེས་རྣམ་པར་རྟོག་པ་ལས་རིང་དུ་གྱུར་པའོ། །ཡང་ན་སྣ་རྩེ་དང་འདྲ་བས་སྣ་རྩེ་སྟེ། རྩ་རྣམ་པ་བཞིའི་རྩེ་མོ་པདྨ་ཁ་བྱེ་བའི་ཚུལ་ཅན་ནོ། །ཡུངས་ཀར་ནི་ཐིག་ལེ་ཡུངས་ཀར་ཙམ་བསམ་པའོ། །གཞན་གོང་དང་འདྲ། ཡང་ན་
སྣའི་རྩེ་མོ་ནི་རྣོ་བར་བྱེད་པ་སྟེ། དེ་ལ་གནས་པའི་རྩ་ཤིན་ཏུ་རྣོ་བར་བྱེད་པའོ། །རྣམ་པར་རྟོག་པའི་དྲ་བ་གཅོད་པའི་ཕྱིར་ཡེ་ཤེས་ནི་དེ་དང་འདྲ་བར་གྱུར་པར་རོ། །དེའི་དོན་ནི་ཤེས་པ་ཐམས་ཅད་སྐྱེ་བའི་རྟེན་སྙིང་གའི་དབུས་སུ་བྱང་ཆུབ་སེམས་ཀྱི་ཐིག་ལེ་བསམ་མོ། །འགྲོ་དང་མི་འགྲོ་ཞེས་
པ་ནི་སྣོད་དང་བཅུད་ཀྱི་འཇིག་རྟེན་ཏེ་ཐམས་ཅད་དེའི་སྣང་བར་བསམ་པའོ། །གཞན་ལས། །དངོས་དང་འདྲ་བར་བྱེད་པའི་དབང་། །སྣ་རྩེ་དག་ནི་རྣམ་པ་གསུམ། །ཕྱི་རོལ་སྣའི་རྩེ་མོ་དང་། །སྙིང་ག་ཐིག་ལེ་བསམ་པར་བྱ། །འབྱུང་དང་འཇུག་དང་གནས་པ་ཡི། །ཡེ་ཤེས་གསུམ་གྱི་སྦྱོར་

བ་ཡིས། །སེམས་ནི་ཐིག་ལེར་གཞག་པར་བྱ། །ཞེས་འབྱུང་བ་ལྟ་བུའོ། །རིན་ཆེན་ཁ་དོག་སྣ་ལྔ་པ། །ཞེས་པ་ནི་རིན་པོ་ཆེ་ཡིན་པས་རིན་པོ་ཆེ་སྟེ། རིན་པོ་ཆེ་འབར་བའི་འོད་ཟེར་ཁ་དོག་སྣ་ལྔ་པའོ། །ཚད་ཇི་ཙམ་ཞེ་ན། ཡུངས་ཀར་གྱི་འབྲུ་ཙམ་ཞེས་པ་སྟེ། ཆེ་ཆུང་ཡུངས་ཀར་ཙམ་
པའོ། །གནས་གང་དུ་ཞེ་ན། སྣའི་རྩེ་མོར་ཏེ་རང་གི་སྣའི་རྩེ་མོར་སོར་བརྒྱད་དང་བཅུ་དྲུག་ཚུན་ཆད་དུའོ། །གང་གིས་ཤེ་ན། རྣལ་འབྱོར་རིག་པ་སྟེ། ཐམས་ཅད་ལ་བསྒོམ་ཞེས་སྦྱར་རོ། །རྣལ་འབྱོར་ནི་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ནི་རྣལ་འབྱོར་རོ། །དུས་ཇི་ཙམ་ཞེ་ན། རྟག་ཏུ་བསྒོམ་ཞེས་སྨོས་ཏེ།
ཇི་སྲིད་དུ་མཐར་ཕྱིན་པའི་ལམ་མ་ཐོབ་བ་དེ་སྲིད་ཀྱི་བར་དུ་བསྒོམ་ཞེས་སོ། །དེའི་དོན་ནི་དང་པོར་མཚན་ཉིད་ཐམས་ཅད་དང་ལྡན་པའི་རྣལ་འབྱོར་གྱི་ཡིད་དང་མཐུན་པའི་གནས་སུ་ཉེ་བར་སོང་སྟེ། སེམས་ཅན་གྱི་དོན་ཡིད་ལ་དྲན་པ་དང་། བསྐྱེད་པའི་རིམ་པ་རིགས་བརྒྱ་ལ་སོགས་པའི་དབྱེ་བས་
མཐར་ཕྱིན་པར་བྱས་ལ། སྔགས་ཀྱི་བསྙེན་པའི་དུས་སུ་སྙིང་གར་ཡེ་ཤེས་སེམས་དཔའ་སྐུ་གསུང་ཐུགས་ཀྱི་ངོ་བོར་གནས་པ་བསམས་ཏེ། རང་གི་སྣའི་རྩེ་མོར་རིན་པོ་ཆེ་འབར་བ་ཁ་དོག་ལྔ་དང་ལྡན་པ་བསམས་ཏེ་རྩེ་གཅིག་པའི་བཟླས་པ་བྱའོ། །ཡང་ན་རིན་པོ་ནི་རྡོ་རྗེ་རྩེ་ལྔ་པ་རྩེ་མོ་ལ་
འོད་ཟེར་ཁ་དོག་ལྔ་དང་ལྡན་པ་སྟེ། དེས་སེམས་རིན་པོ་ཆེར་མ་སྦྱོར་བས་རིན་པོ་ཆེའོ། གཞན་གོང་དང་འདྲ། ཡང་ན་མནལ་འདོད་པའི་དོན་འབྱུང་བ་དེ་ནི་རིན་པོ་ཆེ་སྟེ། བྱང་ཆུབ་སེམས་ཀྱི་ཁུ་བ་འབྱུང་བས་བདེ་བ་ཆེན་པོའི་འཁོར་ལོའི་སྦྱོར་བ་གསུམ་གྱི་རྩ་བའོ། །ཁ་དོག་ལྔ་ནི་འདི་
ལྟར་མངོན་དུ་བྱ་བ་དང་མཛེས་པའོ། །ལྔ་ནི་ལྔ་སྟེ་སྦས་པའི་འཁོར་ལོའི་ཐིག་ལེ་ལྔའོ། །ཐིག་ལེའང་ཇི་ཙམ་ཞེ་ན། ཡུངས་ཀར་གྱི་འབྲུ་ཙམ་མོ་ཞེའོ། །གང་དུ་ཞེ་ན། སྣའི་རྩེ་མོ་སྟེ། སྣའང་ཡིན་ལ་རྩེ་མོའང་ཡིན་པས་སྣའི་རྩེ་མོ་སྟེ། ཨ་ཝ་དྷཱུ་ཏཱིའི་སྣའི་རྩེ་མོར་རྣལ་འབྱོར་པས་
བསྒོམ་པའོ། །ཡང་ན་རིན་པོ་ཆེ་ནི་སེམས་རིན་པོ་ཆེར་གྱུར་པས་ན་རིན་པོ་ཆེ་སྟེ་སྲོག་འཛིན་པའི་རླུང་ལ་སོགས་པའོ། །ཁ་དོག་ལྔ་ནི་ཁ་དོག་ལྔ་སྟེ་དཀར་པོ་ལ་སོགས་པའོ། །སྣ་ནི་དངོས་སོ། །དེ་དག་གི་དོན་ཡང་བསྐྱེད་པའི་རིམ་པ་མཐར་ཕྱིན་པའི་རྣལ་འབྱོར་པས་རང་གི་སྤྱི་བོར་བདེ་བ་ཆེན་

པོ་ནི་རྩ་བདུན་ཅུ་རྩ་གཉིས་ལ་སོགས་པའོ། །དེའི་དབུས་ཀྱི་སྦས་པའི་འཁོར་ལོའི་འདབ་མ་བཞི་ལ་ཐིག་ལེ་བཞི་དབུས་དང་ལྔར་བསམས་ཏེ། འབྱུང་བ་རླུང་གི་དུས་སུ་འགྲོ་བ་དང་འཇུག་པའི་རླུང་གི་དུས་སུ་འོང་བ་གནས་པ་ལ་བསླབ་པ་ནི་གོང་མའི་དབང་དུ་བྱས་པའོ། །འོག་མའི་
དབང་དུ་བྱས་པ་ནི་དཀྱིལ་འཁོར་བཞིའི་འོད་ཟེར་སོ་སོ་ལས་ཁ་དོག་ལྔ་བྱུང་བའི་དུས་སུ་འོད་ཟེར་ལ་ཤེས་པའི་ངོ་བོ་ཡི་གེ་ཧཱུཾ་གི་ཕྲེང་བར་གྱུར་ཏེ་སྤྲོ་བ་དང་། འཇུག་པའི་དུས་སུ་ཨོཾ་གྱི་ཕྲེང་བས་འཇུག་པ་དག་གནས་པ་ལ་བརྟན་པར་བྱ་བའོ། །ཡང་ན་རིན་པོ་ཆེ་ནི་འདོད་པ་འབྱུང་བར་བྱེད་པའི་ཕྱིར་ཏེ་
ཤེས་པ་ཐམས་ཅད་སྐྱེ་བའི་རྟེན་སྙིང་གར་རོ། །དེར་བྱང་ཆུབ་སེམས་ཀྱི་ཐིག་ལེ་བསམ་པ་རིན་པོ་ཆེ་སྟེ། གང་ལ་དགོས་པ་འབྱུང་བ་དེ་ནི་རིན་པོ་ཆེའོ། །ཁ་དོག་ལྔ་ནི་འབྱུང་བ་ལྔ་མཚོན་པར་བྱེད་པ་སྟེ། འདི་ལྟར་ས་ལ་སོགས་པའི་རྣམ་པ་ལྟར་སྣང་བའོ། །དེ་ནི་ཡུངས་ཀར་ཙམ་སྣ་རྩེ་སྟེ་སྙིང་
གར་བསམ་པའོ། །ཆགས་པ་ལ་དགའ་བའི་རྣལ་འབྱོར་གྱི་དབང་དུ་བྱས་ཏེ་བཤད་པ། རིན་པོ་ཆེ་ཁ་དོག་སྣ་ལྔ་ནི། བྱང་ཆུབ་སེམས་ཀྱི་ཐིག་ལེ་ལྔ་མདུད་པ་ལྔའི་ནང་ན་གནས་པའོ། །ཚད་གོང་དང་འདྲ། གང་དུ་ཞེ་ན། སྣའི་རྩེ་མོར་ཏེ། ཐབས་ཀྱི་ནོར་བུ་ལ་གནས་པའི་རྩའི་ནང་དུའོ། །གང་
གིས་ཤེ་ན། རྣལ་འབྱོར་པ་ཡིས་ཏེ། རྣལ་འབྱོར་པ་ཏིང་ངེ་འཛིན་དང་ལྡན་པས་བསྒོམ་པའོ། །དེའི་དོན་ཡང་བསྐྱེད་པའི་རིམ་པ་མཐར་ཕྱིན་པའི་རྣལ་འབྱོར་པས་བྱང་ཆུབ་སེམས་ཀྱི་རྩའི་མདུད་པར་ཐིག་ལེ་ལྔ་བསམས་ཏེ། ཕྱག་རྒྱ་མོ་དང་སྙོམས་པར་འཇུག་པས་དགའ་བ་ལ་སོགས་པ་
སྐྱེ་བ་ནི་བཟའ་བའི་དབང་དུ་བྱས་པའོ། །ཡང་ན་ལྷའི་སྐུ་འབྱུང་བས་རིན་པོ་ཆེ་སྟེ། རང་གི་རྡོ་རྗེའི་ཁར་བྱང་ཆུབ་སེམས་ཀྱི་ཁུ་བ་ཕབ་སྟེ། ཡུམ་གྱི་མཁའ་ལ་བཏོན་ལ་རིམ་གྱིས་ལྷའི་སྐུར་བྱས་ཏེ་བཏོན་པ་ནི་བསྐྱེད་པའི་རིམ་པའི་དབང་དུ་བྱས་པའོ། །དགོངས་པས་བཤད་པ་ནི་དགོངས་
པས་བཤད་པ་སྟེ། སྒྲ་ཇི་བཞིན་པ་མ་ཡིན་ཞིང་འདོད་པ་འབྱུང་བ་ལ་སོགས་པ་ལ་དགོངས་ཏེ་སྨྲས་པའོ། །རྡོ་རྗེའི་ཚིག་ཅེས་པ་ནི་ཆོས་ཉིད་རྡོ་རྗེ་ཡིན་པས་རྡོ་རྗེའི་ཚིག་སྟེ་རྟོགས་པར་དཀའ་བའི་ཕྱིར་རོ། །ཡང་ན་རྡོ་རྗེ་འཆང་གི་ཚིག་ཡིན་པས་ན་རྡོ་རྗེའི་ཚིག་གི་བཤད་པའོ། །ལྷ་མོ་ཡང་ཡིན་

ལ་བཞི་ཡང་ཡིན་པས་ལྷ་མོ་བཞིའོ། །དེས་ཞུས་པ་ནི་ལྷ་མོ་བཞིས་ཞུས་པའོ། །རྩ་བའི་རྒྱུད་མ་ཡིན་པས་བཤད་པའི་རྒྱུད་དོ། །དེ་ལས་རྡོ་རྗེའི་ཚིག་བཤད་ཅེའོ། །སྙིང་པོ་ལས་ནི་སྙིང་པོ་མཆོག །ཅེས་པ་ནི་སྙིང་པོ་རྩ་བའི་ཐིག་ལེའོ། །དེ་ལས་བྱུང་བ་ནི་སྙིང་པོ་མཆོག་གི་ཐིག་ལེའོ། །ཡང་
ན་རྩ་བ་དང་ཡན་ལག་གི་རླུང་ངོ་། །སངས་རྒྱས་ཀུན་གྱི་གསང་བ་ནི་སངས་རྒྱས་ཀུན་གྱི་གསང་བ་སྟེ། སངས་རྒྱས་ཐམས་ཅད་ཀྱི་གསང་བར་བྱའོ། །ཡོན་ཏན་ཐམས་ཅད་འབྱུང་བའི་གནས། །ཞེས་པ་ནི་ཡོན་ཏན་ཐམས་ཅད་འབྱུང་བའི་རྒྱུར་གྱུར་པའོ། །དེ་ནི་ལྷ་མོ་ཞེས་པ་ནི་བོད་པའོ། །བཤད་
པར་བྱ་ཞེས་པ་ནི་དམ་བཅའ་བའོ། །ཡེ་ཤེས་ལྔའི་དངོས་དེ་ཉིད། །ཅེས་པ་ནི་ཡེ་ཤེས་ལྔའི་ངོ་བོ་རིན་པོ་ཆེ་དང་རྡོ་རྗེ་ལ་སོགས་པའོ། །ཡུངས་ཀར་གྱི་ནི་འབྲུ་ཚོད་ཙམ། །ཞེས་པ་ནི་གོང་དུ་བཤད་དོ། །དེ་ཡི་དབུས་ན་གནས་པའི་ལྷ། །ཞེས་པ་ནི་རིན་པོ་ཆེ་ལ་སོགས་པའི་དབུས་སུ་ཆུད་པའི་རླུང་
ལྷའོ། །མི་གསལ་གསལ་བའི་བདག་ཉིད་ཅན། །ཞེས་པ་ནི་གཞན་པའི་ཡུལ་དུ་མ་གྱུར་ཅིང་རྣལ་འབྱོར་པའི་ཡུལ་དུ་གྱུར་པའོ། །གསང་བ་འདུས་པ་ལ་སོགས་པ་ནི་གོང་དུ་བཤད་པའོ། །གསལ་བར་གསུངས་ཞེས་པ་ནི་རྒྱས་པར་གསུངས་ཞེས་སྦྱར་རོ། །ཡེ་ཤེས་ལྔ་ནི་ཆོས་ཀྱི་དབྱིངས་དང་། མེ་ལོང་
ལྟ་བུ་དང་། མཉམ་པ་ཉིད་དང་། སོ་སོར་རྟོག་པ་དང་། བྱ་བ་ནན་ཏན་གྱི་ཡེ་ཤེས་སོ། །དེའི་རང་བཞིན་ནི་དེའི་ངོ་བོ་སྟེ། དབུགས་ལྔའོ། །དེ་ཉིད་འབྱུང་བ་ས་ལ་སོགས་པའི་ངོ་བོའོ། །གོང་བུའི་གཟུགས་ཀྱིས་ཕྱུང་ཞེས་པ་ནི་ཐིག་ལེའི་གཟུགས་ཀྱིས་ཕྱུང་ཞེས་པའོ། །ཡང་ན་རགས་པའི་རྣམ་པའི་གོང་
བུའི་གཟུགས་ཏེ། འདི་ལྟར་རྡོ་རྗེ་དང་རིན་པོ་ཆེ་དང་ཁ་དོག་ལྔའོ། །སྣ་ཡི་རྩེ་མོར་རབ་ཏུ་བསྒོམ། །ཞེས་པ་ནི་གོ་སླའོ། །རིན་ཆེན་ཁ་དོག་སྣ་ལྔ་ནི་གོང་དུ་བཤད་པས་སོ། །སྲོག་དང་རྩོལ་བ་ནི་རྩ་བའི་རླུང་དང་ཡན་ལག་གི་རླུང་ངོ་། །ཡང་ན་གཉིས་ཏེ་འབྱུང་བ་དང་འཇུག་པ་ཡིན་ཞེས་སོ། །རང་སྔགས་སྙིང་གར་
བསམས་ནས་ནི། །ཞེས་པ་ནི་ཡི་གེ་ཨ་བསམ་པའོ། །སྲོག་ནི་ཐིག་ལེ་གནས་པར་གཞག །ཅེས་པ་ནི་རླུང་གནས་པ་ལ་བསླབ་པར་བྱའོ། །དོན་དེ་ཉིད་ཤིན་ཏུ་རྒྱས་པར་བཤད་པ་ལ་སླར་བཤད་པ་ཞེས་པའོ། །རྡོ་རྗེ་ཡང་ཡིན་ལ་ཕྲེང་བ་ཡང་ཡིན་པས་རྡོ་རྗེ་ཕྲེང་བའི་རྒྱུད་དོ། །རྡོ་རྗེ་ཕྲེང་བ་ཡང་ཡིན་ལ་བཤད་

པའི་རྒྱུད་ཀྱང་ཡིན་པས་རྡོ་རྗེ་ཕྲེང་བའི་བཤད་པའི་རྒྱུད་དོ། །དེ་ལས་བཤད་ཅེས་སྦྱར་རོ། །སྣ་རྩེར་ཡུངས་ཀར་ཞེས་པ་ནི་གོང་དུ་བསྟན་པ་དེའོ། །སྲོག་དང་རྩོལ་བའི་བརྟགས་པ་སྟེ། །ཞེས་པ་ནི་སྣའི་རྩེ་མོར་ཡུངས་ཀར་བསྒོམས་པས་སྲོག་དང་རྩོལ་པའི་རླུང་ཟློས་པར་བྱེད་
ཅེའོ། །ཇི་ལྟར་ཞེ་ན། འོད་ལྔ་སངས་རྒྱས་རྣམས་སུ་བསྒོམ། །ཞེས་པ་སྟེ། སངས་རྒྱས་ལྔའི་ངོ་བོ་འོད་ཟེར་ལྔར་བསྒོམ་ཞེས་པའོ། །དེའི་དོན་ཡང་གནས་བཞི་པོ་གང་རུང་ནས་འོད་ཟེར་ཁ་དོག་ལྔ་འཕྲོ་བ་དང་གསལ་བར་བསམ་མོ། །སྟེང་གི་སྣ་ནས་ངེས་འབྱུང་བ། །ཞེས་པ་ནི་
འོག་གི་སྣ་མ་ཡིན་པས་སྟེང་གི་སྣའི་བུ་ག་ནས་འབྱུང་བའོ། །གང་དང་གང་ནས་འབྱུང་ཞེ་ན། །གཡོན་དང་གཡས་དང་གཉི་ག་དང་། །དལ་བར་རྒྱུ་དང་ཞེས་པ་འོག་ནས་སྟོན་ཏོ། །གང་ནས་གང་ཞེ་ན། ལྐོག་མ་སྙིང་ག་ལྟེ་བ་དང་། གསང་བའི་པདྨར་ཞེས་པའོ། །ཅི་བྱེད་ཅེ་ན། འགྲོའོ་
སྟོན་ཞེས་པའོ། །དེ་དག་གི་དོན་ཡང་ལྐོག་མ་ན་གནས་པའི་རླུང་དེའི་དཀྱིལ་འཁོར་དུ་གནས་ཏེ་གཡས་ནས་འགྱུར་བའོ། །གཞན་ལ་ཡང་དེ་བཞིན་དུ་སྦྱར་རོ། །གཡས་པ་ནས་ནི་འབྱུང་བ་ཡི། །ཞེས་པ་ནི་ལྐོག་མའི་རླུང་སྣ་བུག་གཡས་པ་ནས་འབྱུང་བའོ། །གང་གི་དཀྱིལ་འཁོར་ཡིན་ཞེ་ན།
མེ་ཡི་དཀྱིལ་འཁོར་ཉིད་ཡིན་ཏེ། །ཞེས་པ་ནི་སྨིན་པར་བྱེད་པའི་ཕྱིར་ཏེ། དེ་ནི་མེའི་དཀྱིལ་འཁོར་རོ། །ཁ་དོག་དམར་ཞིང་གསལ་བས་དམར་ཞིང་གསལ་བའོ། །གང་འགྱུར་ཞེ་ན་པདྨ་མགོན་པོ་སྟེ་ཚེ་དཔག་མེད་འགྱུར་ཞེའོ། །དེ་ནི་ཚེ་དཔག་མེད་དང་འདྲ་བས་ཚེ་དཔག་མེད་ཅེའོ། །ཡང་
ན་ས་བོན་བྱེད་པའི་ཕྱིར་རོ། །དེའི་དབྱིངས་ནི་གྲུ་གསུམ་དུ་གནས་ཏེ། དབུགས་འབྱུང་འཇུག་དང་ཟས་ཟ་བ་དང་སྟོད་དུ་དངས་སྙིགས་འབྱེད་པའི་ལས་ཅན་ནོ། །དེས་ནི་ལྟ་བས་ཐག་བཅད་པའོ། །མན་ངག་ཉམས་སུ་ལེན་པའི་རྣལ་འབྱོར་པས་སློབ་པ་དེ་ནི་རྣམ་པ་གཉིས་ཏེ། །འདི་ལྟར་སྤྱིར་
སློབ་པ་དང་བྱེ་བྲག་ཏུ་སློབ་པའོ། །བྱེ་བྲག་ཏུ་སློབ་པ་ལ་གཉིས་ཏེ་རྟེན་ཅན་དང་རྟེན་མེད་པའོ། །དེ་ལ་རྟེན་ཅན་གྱི་དབང་དུ་ནི་དྲི་ཚོར་བར་བྱེད་པའི་རྩ་རྣམ་པ་གཉིས་སྣའི་རྩེ་མོ་ལ་གནས་ཏེ། རྩེ་མོ་མེ་ཏོག་ཁ་བྱེ་བའི་རྣམ་པར་ཐིག་ལེ་ཕྲ་མོ་བསམས་ལ་སྙིང་གར་བྱང་ཆུབ་སེམས་ཀྱི་ཐིག་ལེ་བསམ་

མོ། །གང་གི་ཚེ་རླུང་འབྱུང་བའི་དུས་ཀྱི་ཚེ་བ་ཐག་གི་རྣམ་པར་བྱུང་ནས་རྩེ་མོའི་ཐིག་ལེ་ལ་ཐིམ་པ་ནི་འབྱུང་བ་ལ་སློབ་པའོ། །དེ་ཉིད་བློ་གཏད་པ་ནི་འབྱུང་བའི་ཆ་ལ་བརྟེན་པའི་གནས་པ་ལ་སློབ་པའོ། །དེ་ནས་དེའི་རྣམ་པ་དེ་ལ་ཐིམ་པ་ནི་འཇུག་པ་ལ་སློབ་པའོ། །སྙིང་གའི་ཐིག་
ལེ་ལ་བློ་གཏད་པ་ནི་འཇུག་པའི་ཆ་ལ་བརྟེན་པའི་གནས་པ་ལ་བསླབ་པ་སྟེ་སློབ་མ་ལ་བཤད་པའོ། །རྟེན་མེད་མགྲིན་པར་ཡི་གེ་ཨ་བསམས་ཏེ་དེ་ལས་སྣ་བུག་གཡས་སུ་འོད་ཟེར་ཁ་དོག་དམར་པོར་གྱུར་ནས་གནས་པ་ལ་སློབ་པ་ནི་མན་ངག་གོ། །གཞན་གོ་སླའོ། །སྔགས་
ཀྱི་དེ་ཁོ་ན་ཉིད་སྟོན་པའི་རྩ་བའི་རྒྱུད་ལ་འཇུག་པར་བྱ། །ཞེས་པ་ནི་གསང་བ་འདུས་པའི་རྒྱུད་ཀྱི་རྗེས་སུ་འབྲང་ཞེས་པའོ། །གང་ཞེ་ན་སྔགས་ཏེ། དེ་བཞིན་གཤེགས་པ་ཞེས་པ་ནི་འདས་པའི་སངས་རྒྱས་ལ་སོགས་པ་མ་ལུས་པའོ། །སྐུའི་གསང་བ་ནི་སྐུ་གཅིག་བསྟན་པས་
སྣ་ཚོགས་པར་སྣང་བའོ། །གསུང་གི་གསང་བ་ནི་གསུང་གཅིག་གིས་ཐམས་ཅད་གོ་བར་བྱེད་པའོ། །དེའི་སྙིང་པོ་ནི་ཡི་གེ་གསུམ་མོ། །དེ་ནི་སྔགས་ཐམས་ཅད་ཀྱི་སྙིང་པོ་ཡིན་པས་སྔགས་ཐམས་ཅད་ཀྱི་སྙིང་པོའོ། །ཀུན་དུ་བསྐུལ་བ་ནི་སངས་རྒྱས་ཐམས་ཅད་སད་པར་བྱེད་པའོ། །
སྦ་བར་བྱ་བས་ན་མཆོག་ཏུ་གསང་བའོ། །དེ་ལྟ་བུ་འདི་རྡོ་རྗེ་འཆང་ཆེན་པོས་གསུངས་ཞེས་སྦྱར་རོ། །ཡང་ན་དེ་བཞིན་གཤེགས་པ་ཐམས་ཅད་ནི་རྩ་བ་དང་ཡན་ལག་གི་རླུང་ངོ་། །སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་ནི་འབྱུང་བ་དང་འཇུག་པ་དང་གནས་པའོ། །སྔགས་
ཐམས་ཅད་ཀྱི་སྙིང་པོ་ནི་གནས་པ་ལ་དབང་ཐོབ་པའོ། །བསྐུལ་བ་ནི་འོང་བས་བྱེད་པ་སྟེ་དངོས་གྲུབ་ཐམས་ཅད་འབྲེལ་པའོ། །ཡང་ན་དེ་བཞིན་གཤེགས་པ་ཐམས་ཅད་ནི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་སོ། །སྐུ་གསུང་ཐུགས་ཀྱི་གསང་བ་ནི་ཁྲག་དང་ཁུ་བ་དང་ཆུའི་རྩ་བའོ། །
སྙིང་པོའི་རྩེ་དབུས་ཀྱི་བྱང་ཆུབ་སེམས་སོ། །སྐུལ་པ་ནི་འཕྲོ་བར་བྱེད་པའོ། །གཞན་ལས། སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི། །རྩ་ནི་དུས་གསུམ་སངས་རྒྱས་ཏེ། །སྐུ་གསུང་ཐུགས་ཞེས་གྲགས་པ་ཡི། །ཁུ་བ་ཁྲག་དང་ཆུ་ཡི་རྩ། །སྙིང་པོ་བྱང་ཆུབ་སེམས་ཞེས་བྱ། །རླུང་

བསྐྱོད་མེ་ནི་འབར་བྱས་པ། །རྩ་ནས་ཁུ་བ་འོག་ཏུ་འཕྲོ། །ཞེས་འབྱུང་བ་ལྟ་བུའོ། །དོན་རྟོགས་པ་ཡི་བཟླས་པ་ནི། །ཞེས་པ་ཡང་དག་པའི་དོན་རྟོགས་པའི་བཟླས་པ་ནི་ངོ་བོ་ཉིད་མེད་ཅེས་སྦྱར་རོ། །དེ་ལ་དོན་ནི་དོན་ཏེ་བརྗོད་པར་བྱའོ། །དེ་གང་
གིས་རྟོགས་པའི་བཟླས་པ་དེ་ནི་བཟང་པོ་ཡིན་ཞེའོ། །ཡང་ན་དབུགས་ཀྱི་ཕྲེང་བ་འབྲས་བུ་དང་བཅས་པ་ནི་དོན་ཏེ་དེ་རྟོགས་པ་ནི་བཟླས་པ་བཟང་བའོ། །དུས་གསུམ་སངས་རྒྱས་ཀྱིས་བརྟགས་པ། །ཞེས་པ་ནི་དུས་ཀྱང་ཡིན་ལ་གསུམ་ཡང་ཡིན་པས་དུས་གསུམ་མོ། །
དེར་གཤེགས་པས་དུས་གསུམ་གྱི་སངས་རྒྱས་ཏེ། །དེས་བརྟགས་པ་ནི་གཏན་ལ་ཕབ་པའོ། །དེ་ནི་རྡོ་རྗེ་བཟླས་པ་སྟེ། རྡོ་རྗེ་ནི་དེ་བཞིན་གཤེགས་པ་རྣམས་ཏེ། དེས་གཏན་ལ་ཕབ་པའི་བཟླས་པ་ནི་རྡོ་རྗེ་བཟླས་པའོ། །ཡང་ན་འབྱུང་བ་དང་འཇུག་པ་དང་གནས་པ་ནི་དུས་གསུམ་
སངས་རྒྱས་ཏེ། ཀྱི་ཞེས་པ་ནི་ལ་ཞེས་པའོ། །བརྟགས་པ་ཞེས་པ་ནི་དེ་ལ་གོམས་པར་བྱེད་པའོ། །དེ་ལྟ་བུ་དེ་ནི་རྡོ་རྗེ་བཟླས་པ་སྟེ། འདིར་རྡོ་རྗེ་ནི་མི་ཕྱེད་པའི་ཕྱིར་རོ། །གང་གི་ཕྱིར་མི་ཕྱེད་པའི་བཟླས་པ་ནི་རྡོ་རྗེ་བཟླས་པའོ། །དེའི་དོན་ཡང་དང་པོར་སྙིང་གར་ཡི་གེ་ཨ་བསམས་ལ་དེ་ལས་
འོད་ཟེར་ཁ་དོག་ལྔ་བྱུང་བས་སོར་བཅུ་དྲུག་ཚུན་ཆད་བྱུང་ནི་ཡི་གེ་གསུམ་གྱི་སྦྱོར་བས་བསླབ་པར་བྱའོ། །ཡང་ན་དུས་གསུམ་སངས་རྒྱས་ནི་ཁྲག་དང་ཆུ་དང་བྱང་ཆུབ་སེམས་ཀྱི་རྩ་སྟེ་བསྒོམ་པའོ། །དེའི་དབུས་ཀྱི་ཕྱོགས་སུ་ཐིག་ལེ་འཕོ་འཇུག་དང་བཅས་པ་ནི་རྡོ་རྗེ་བཟླས་པའོ། །ཇི་ལྟ་བུར་
བཟླས་ཤེ་ན། སློང་མོ་ཟ་ཞིང་མི་བཟླས་ཏེ། །ཞེས་པ་ནི་གཟུགས་ལ་སོགས་པ་གཞན་ལ་བསླང་བར་མི་བྱའོ། །མ་བསླངས་པ་ལ་ཆགས་མི་བྱ། །ཞེས་པ་ནི་རང་གི་རྫས་རྣམས་ལའང་ཆགས་པར་མི་བྱའོ། །གཞན་ལས། སེམས་དཔའ་ཆེན་པོ་སེམས་ཅན་ལ་ལ་དག་རང་གི་རྫས་དང་
གཞན་གྱི་རྫས་ལ་ཆགས་པར་བྱེད་པ་ནི་རྟག་ཏུ་སྡུག་བསྔལ་གྱི་བཙོན་ར་ན་གནས་པའོ་ཞེས་འབྱུང་བ་ལྟ་བུའོ། །འདོད་པ་ཀུན་ལ་ལོངས་སྤྱོད་ཅིང་། །ཞེས་པ་ནི་འདོད་པར་བྱ་བས་འདོད་པ་སྟེ་གཟུགས་ལ་སོགས་པའོ། །དེ་ལ་ལོངས་སྤྱོད་པ་ནི་དེ་ལ་ལོངས་སྤྱོད་པའོ། །དེའི་དོན་ཡང་

བསྐྱེད་པའི་རིམ་པའི་ཕྱག་རྒྱ་ཆེན་པོའི་སྐུས། གཟུགས་ཀྱི་ལྷ་མོ་ནས་རེག་བྱའི་ལྷ་མོའི་བར་གྱིས་མཉེས་པར་བྱེད་པར་བསམ་མོ། །ཡང་ན་འདོད་པའི་དོན་ཐོབ་པར་བྱེད་པར་འདོད་པའོ། །དེ་ལ་ལོངས་སྤྱོད་ནི་ཏིང་ངེ་འཛིན་གྱི་ཡུལ་དུ་བྱས་ཏེ་བསྒོམ་པ་སྟེ་དེའི་དོན་ནི་འབྱུང་བ་དང་འཇུག་
པ་དང་གནས་པ་ཡི་གེ་གསུམ་གྱི་སྦྱོར་བས་བསླབ་པར་བྱའོ། །ཡང་ན་འདོད་པའི་ཞེན་པ་བཟློག་པར་འདོད་པ་སྟེ། གང་གི་ཚེ་དམིགས་པ་ལ་སོགས་པ་ལ་གནས་པའི་རྩ་ཁ་བྱེ་བའི་སྟེང་དུ་ཟླ་བ་དང་ཐིག་ལེ་གནས་ཏེ་རླུང་འབྱུང་འཇུག་ཚར་བཅད་པ་དེའི་ཚེ་ཡུལ་གྱི་རྟོག་པ་ལྡོག་པར་
འགྱུར་རོ། །སྔགས་ཀྱི་ཡན་ལག་མ་ཉམས་བཟླས། །ཞེས་པ་ནི་སྔགས་ཀྱི་ཡན་ལག་གི་གྲོགས་ཏེ། འདི་ལྟར་དམ་ཚིག་དང་ཤེས་རབ་དང་ཏིང་ངེ་འཛིན་དང་བྱང་ཆུབ་སེམས་ལ་སོགས་པ་དང་ལྡན་པར་བཟླས་ཤེའོ། །སླར་བཤད་པ་ནི་སྔགས་ཀྱི་དེ་ཁོ་ན་ཉིད་སླར་བཤད་པའོ། །
གང་ལས་ཤེ་ན། དགོངས་པ་ལུང་དུ་བསྟན་པ་ལས་ཤེའོ། །དེ་ནས་དཔལ་ལྡན་སྣང་མཛད་ཆེ། །ཞེས་པ་ནི་དཔལ་ལྡན་ཡང་ཡིན་ལ་སྣང་མཛད་ཀྱང་ཡིན་པས་དཔལ་ལྡན་སྣང་མཛད་དོ། །རིགས་ཐམས་ཅད་ཀྱི་གཙོ་བོར་གྱུར་པས་ཆེན་པོའོ། །ཁྱབ་བདག་ནི་ཁྱབ་བདག་སྟེ་དངོས་པོ་དག་པའི་ངོ་བོ་ནི་ཁྱབ་པ་སྟེ།
གང་ལ་དེ་ཡོད་པ་དེ་ནི་ཁྱབ་བདག་གོ། །ཡང་ན་ཐམས་ཅད་ལ་ཁྱབ་པར་བྱེད་པའི་སྙིང་རྗེ་ཆེན་པོ་དང་ལྡན་པ་ནི་ཁྱབ་བདག་གོ། །དེ་ལ་གསོལ་བ་བཏབ་པ་ནི་སླར་གསོལ་བའོ། །གསོལ་བ་ནི་གང་ཞེ་ན། དེ་བསྟན་པའི་ཕྱིར། སེམས་ཅན་ཐམས་ཅད་བསྐྱེད་པའོ། །སྣ་ཚོགས་གཟུགས་
ཅན་ཞེས་སྨོས་ཏེ་གང་གི་ཕྱིར་སེམས་ཀྱིས་ནི་སེམས་ཅན་ཐམས་ཅད་སྐྱེད་པ་པོར་གྱུར་པའོ། །སྣ་ཚོགས་གཟུགས་ཅན་ནི་ལུས་སྣ་ཚོགས་སྟོན་པའི་ཕྱིར་དེ་ལ་དེ་སྐད་ཅེས་བྱའོ། །གང་ཞེ་ན་སེམས་འདི་ཞེས་པ་སྟེ། སྣ་ཚོགས་པ་དང་དོན་ལ་སེམས་པའི་ཕྱིར་རོ། །ཤཱ་རིའི་བུས་
ཞུས་པའི་མདོ་ལས་ཀྱང་། རིགས་ཀྱི་བུ་སེམས་འདིས་ནི་སེམས་ཅན་ཐམས་ཅད་བསྐྱེད་པའོ། །ལུས་འདི་ནི་སེམས་ཀྱིས་བསླངས་པའོ། །དེ་ཅིའི་ཕྱིར་ཞེ་ན། དངོས་པོ་ཐམས་ཅད་ནི་སེམས་ཉིད་ཀྱི་ངོ་བོ་ཡིན་པའི་ཕྱིར་རོ་ཞེས་འབྱུང་བ་ལྟ་བུའོ། །སེམས་རྣམ་པར་དག་

པ་ཉིད་ཡིན་པ་དེའི་ཕྱིར། དངོས་པོ་མེད་པར་གྱུར་ཀྱང་ཞེའོ། །སྲིད་པ་གསུམ་ན་རབ་ཏུ་གྲགས། །ཞེས་པ་ནི་འདོད་པ་དང་གཟུགས་ལ་སོགས་པའི་སྲིད་པ་གསུམ་ན་སེམས་ཡོད་པར་གྲགས་སོ། །བྱང་ཆུབ་སེམས་ནི་མཁའ་མཉམ་པ། །ཞེས་པ་ནི་
དོན་དམ་པའི་བྱང་ཆུབ་ཀྱི་སེམས་ནམ་མཁའ་དང་མཉམ་པའོ། །ལེགས་པར་རྗེས་སུ་མྱོང་མཛད་པ། །ཞེས་པ་ནི་ཐོབ་པར་བྱེད་པའི་ཐབས་སོ། །འགྲོ་བའི་དོན་ནི་མཛད་པའོ། །ཞེས་པ་ནི་སེམས་ཅན་གྱི་དོན་ཐོགས་པ་མེད་པར་བྱེད་པའོ་ཞེས་བོས་པའོ། །ཅི་བྱེད་ཅེ་ན། བསྟན་
དུ་གསོལ་བ་སྟེ། སྐྱེ་བོ་མཆོག་ལ་ཐབས་དེ་བསྟན་དུ་གསོལ་ཞེས་སྦྱར་རོ། །མ་བསྟན་ན་སྐྱོན་ཅི་ཡོད་ཅེ་ན། དེའི་ཕྱིར། བསྐྱེད་པའི་རིམ་པ་དག་ཤེས་ནས། །ཞེས་པ་སྟེ། བསྐྱེད་པའི་རིམ་པའི་ཕྱོགས་ཙམ་ཤེས་ནས་དེ་ལ་མཆོག་ཏུ་འཛིན་པའོ། །རྒྱུད་ལ་རྒྱབ་ཀྱིས་ཕྱོགས་ཞེས་
པ་ནི་རྒྱུད་ཐོས་པ་དང་དུ་མི་ལེན་པའོ། །འདི་ལྟར་བདག་ནི་སློབ་དཔོན་ཞེས། །མ་འོངས་པ་ན་སྨྲ་བར་འགྱུར། ཞེས་པ་ནི་བདག་ནི་བསྐྱེད་པའི་རིམ་པ་གོམས་པའི་ཕྱིར། སེམས་ཅན་གྱི་སློབ་དཔོན་དུ་གྱུར་པའོ་ཞེས་བརྗོད་པའོ། །བདག་གི་ཚིག་ནི་འདི་དག་ཉིད། །ཡིན་
ཞེས་པ་ནི་བདག་གིས་སྨྲས་པའི་ཚིག་འདི་ནི་ཡང་དག་པའི་ལྟ་བ་སྟོན་པའི་ཚིག་གོ་ཞེས་སྨྲ་ཞིང་བྱིས་པ་འཇིག་པའོ། །དེས་ནི་དགོངས་པའི་བྱང་ཆུབ་སེམས། །ཇི་བཞིན་དོན་ཞེས་མི་ཤེས་སོ། །ཞེས་པ་ནི་གང་ཟག་དེ་ལྟ་བུས་དགོངས་པས་བཤད་པ་མ་ཡིན་པ་མི་ཤེས་པའོ། །
གང་གི་ཚེ་དགོངས་པ་བཞི་དང་བཅས་པ་མ་ཤེས་པ་དེའི་སྒྲ་ཇི་བཞིན་པར་བཟུང་སྟེ་ལོག་པ་འཇུག་གོ། །གང་གི་ཚེ་ལོག་པ་ལ་ཞུགས་པ་དེའི་ཚེ་དེས་རྐྱེན་བྱས་ཏེ་མནར་མེད་དམྱལ་བར་རྟག་ཏུ་གནས་པར་འགྱུར་རོ། །དེས་ན་བདག་པོ་བཅོམ་ལྡན་འདས། །ཞེས་པ་ནི་སྐལ་བ་ཕུན་
སུམ་ཚོགས་པ་དང་བདུད་བཞི་བཅོམ་པའི་ཕྱིར་བཅོམ་ལྡན་ནོ། །སྣང་མཛད་གོང་དུ་བཤད་པར་བས་སོ། །ཐུབ་ཆེན་ནི་ཐུབ་ཆེན་ཏེ། སྡོམ་པ་ཐམས་ཅད་རང་བཞིན་གྱིས་ཐུབ་པའོ། །ལེགས་ཞེས་ལན་གསུངས་ཞེས་པ་ནི་གོ་སླའོ། །སྔགས་ཀྱི་དབྱེ་བ་བསྟན་པའི་ཕྱིར། །

བརྗོད་དང་ཞེས་པ་ལ་སོགས་པ་སྨོས་སོ། །དེ་ལ། ཚིག་གི་བརྗོད་པ་ཐུན་མོང་སྟེ། །ཞེས་པ་ནི་ཚིག་ཏུ་བརྗོད་པ་ནི་ངག་ཏུ་བརྗོད་པ་སྟེ། གང་ལ་རྗོད་པར་བྱེད་པའི་སྔགས་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །འདིས་ནི་ཉན་ཐོས་ལ་སོགས་པ་དང་ཐུན་མོང་དུ་བྱས་པས་ཐུན་མོང་ངོ་། །
གང་གི་ཕྱིར་དམིགས་པའི་སྔགས་རྒྱས་པར་འདོད་པ་དེའི་ཕྱིར། དམིགས་པར་བཅས་པ་སངས་རྒྱས་ཉིད། །ཅེས་སྨོས་ཏེ། དེ་ལ་དམིགས་པ་ནི་ཡུལ་དུ་གྱུར་པའོ། །སངས་རྒྱས་ཉིད་ཅེས་པ་ནི་སངས་རྒྱས་ཀྱི་སྐུ་ཉིད་ཅེས་པ་སྟེ། །དེ་ཡུལ་དུ་བྱེད་པའི་ཏིང་ངེ་འཛིན་
གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །སྔགས་ཀྱི་དེ་ཉིད་བརྡ་རུ་བཤད། །ཅེས་པ་སྔགས་ནི་ཡི་གེ་གསུམ་སྟེ། རླུང་དང་འདྲེས་པ་འདི་ནི་བརྡ་རུ་བཤད་ཅེའོ། །དོན་དམ་པའི་སྔགས་བསྟན་པ་ནི། དོན་དམ་དེ་བཞིན་ཉིད་ཡིན་ནོ། །ཞེས་པ་སྟེ། དོན་དམ་པའི་སྔགས་ནི་དེ་
བཞིན་ཉིད་དེ་ཆོས་བདག་མེད་པ་ཉིད་དོ། །ལར་གཞན་ལས་ཀྱང་། མིག་གི་དེ་བཞིན་ཉིད་རྟོགས་ན། །དེ་བཞིན་ཉིད་གཞན་ཤུགས་ཀྱིས་རྟོགས། །གང་དུ་དེ་བཞིན་ཉིད་རྟོགས་པའི། །རྣལ་འབྱོར་དེས་ནི་ཆོས་སྐུ་མཐོང་། །ཞེའོ། །དེ་ནས་སྔགས་བཏུ་བ་བསྟན་པའི་ཕྱིར།
དང་པོ་གཅིག་ནི་དགུ་དབུས་ནས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་དང་པོ་ཡང་ཡིན་ལ་གཅིག་ཀྱང་ཡིན་པས་ཡི་གེ་ཨའོ། །དེ་ནི་ཐབས་ཀྱི་ཡི་གེ་སྡེ་ཚན་བདུན་དང་། རིང་པོ་དང་ཐུང་ངུའི་སྡེ་ཚན་གྱིས་ཤེས་རབ་ཀྱི་ཡི་གེའི་སྡེ་ཚན་གཉིས་ཏེ་དགུའི་དབུས་ན་ཞེའོ། །བཅུ་
ཡིས་མ་བཅིངས་ཞེས་པ་ནི་སྡེ་ཚན་བཅུ་ཞེས་པའི་ངག་ནི་མེད་དོ། །ལ་ལ་དག་ཡི་གེ་ཨེས་མ་བཅིངས་ཞེས་འཆད་དེ། འདི་ལ་ནི་སྤང་བྱ་དང་བླང་བྱ་གང་ཡང་མེད་དོ། །བཅིངས་མེད་ནི་གོང་མ་ཉིད་དོ། །དེ་ཤེས་པ་ནི་མཆོག་གི་གནས། །ཞེས་པ་ནི་མཆོག་གྲུབ་པའི་རྒྱུའོ། །
དབྱངས་དང་གསལ་བྱེད་ཡི་གེ་སྟེ། །ཞེས་པ་ནི་ཨཱ་ལི་དང་ཀཱ་ལིའོ། །གྲངས་དགུ་ནི་སྡེ་ཚན་དགུའོ། །དེའི་རྗེས་སུ་འཇུག་པ་ནི་དེའི་སྒོ་ནས་དཔོག་པར་བྱེད་པའོ། །ཨས་བཅིངས་ཞེས་པ་ནི་ཨ་ལས་བྱུང་བའོ། །གཞན་ལས་ཀྱང་། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་

དམ་པ་ཡིན། །ཁོང་ནས་བྱུང་བ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཚིག་ཀུན་རབ་ཏུ་གསལ་བར་བྱེད། །ཅེས་འབྱུང་བ་ལྟ་བུའོ། །གང་གིས་ཤེས་པ་འགྲོ་བའི་བླ། །ཞེས་པ་ནི། གང་གིས་ཨའི་དོན་ཤེས་པ་
ནི་འགྲོ་བ་མཐའ་དག་གི་བླ་མར་གྱུར་པའོ། །ཡང་ན་དང་པོ་ཞེས་པ་ནི་སྔོན་དུ་སྟེ། གཅིག་ནི་བྱང་ཆུབ་སེམས་ཀྱི་ཐིག་ལེའོ། །དགུ་དབུས་ན་ཞེས་པ་ནི་འདི་ལྟར་རླུང་དགུ་སྟེ། དེའི་དབུས་སྙིང་གར་བསམ་པའོ། །བཅུས་མ་བཅིངས་ཞེས་པ་ནི་ཁྱབ་བྱེད་ཀྱི་རླུང་རྒྱུ་བ་དང་བྲལ་བའི་ཕྱིར་
རོ། །བཅིངས་མེད་ནི་ཁྱབ་བྱེད་འགྱུར་བ་མེད་ཅེའོ། །དེ་ཤེས་པ་ནི་དེ་བསྒོམ་པའོ། །མཆོག་གི་གནས་ནི་རྒྱུ་ཞེས་བྱ་བའི་དོན་ཏོ། །གྲངས་དགུ་ནི་རླུང་དགུའོ། །ཨས་བཅིངས་པ་ནི་སྲོག་འཛིན་པའི་རླུང་གིས་བསྐྱེད་ཅེའོ། །ཡང་ན་དང་པོའི་ཡི་གེ་ཨ་ནི་དང་པོ་གཅིག་སྟེ་དེ་བསྒོམ་
པའོ། །གང་དུ་ཞེ་ན། བུ་ག་དགུའི་དབུས་ན་སྙིང་གའི་ཉི་ཟླའི་སྟེང་དུའོ། །བཅུ་ཡིས་མ་བཅིངས་ཏེ་བུ་ག་བཅུ་ནི་མེད་དོ། །དེ་ཤེས་པ་ནི་མཆོག་གི་གནས། །ཞེས་པ་ནི། བསྒོམས་ན་མཆོག་འགྲུབ་པའི་རྒྱུར་འགྱུར་ཞེས་པའོ། །དབྱངས་དང་གསལ་བྱེད་ཡི་གེ་ཞེས་པ་ནི། ཉི་མ་དང་ཟླ་
བ་ལ་ཨཱ་ལི་ཉིས་སྐོར་དང་ཀཱ་ལི་ཉིས་སྐོར་བའོ། །གཞན་གོ་སླའོ། །འབྱུང་བའི་མཐའ་དང་ཡང་དག་ལྡན། །ཞེས་པ་ནི་ཝ་སྟེ་ཐིག་ལེའོ། །ཆ་ལ་སོགས་པ་བཅུ་དྲུག་གནས། །ཞེས་པ་ནི། ཨ་ལ་སོགས་པ་བཅུ་དྲུག་ལ་བརྟེན་པའོ། །ལྔ་པ་ལྔ་དང་ཡང་དག་ལྡན། །ཞེས་པ་ཡི་གེ་ཉི་ཤུ་ལྔ་སྟེ་
དབུགས་ཉི་ཤུ་རྩ་ལྔ་དང་སྦྱར་རོ། །བཞི་ནི་གསུམ་དུ་ཡང་དག་སྦྱར། །གཡས་འགྱུར་བ་ལ་སོགས་པ་འབྱུང་བ་དང་འཇུག་པ་དང་གནས་པར་འགྱུར་བའོ། །ཐུང་ངུ་མ་ལུས་ངག་ཏུ་འགྱུར། །ཞེས་པ་ཨ་ཐུང་ངུ་ངག་ཏུ་འགྱུར་བའོ། །ཡི་གེ་ཨཱཾ་བཅས་རིང་པོར་བཅས། །ཞེས་པ་ནས་རིང་པོར་འགྱུར་ཉིད་དང་། །རིང་
པོ་སྒྲ་དང་བཅས་པ་ཉིད་ཏོ། །ཡོན་ཏན་སྦྱོར་སོགས་ཕྱིས་དང་མཚུངས། །ཞེས་པ་གཞན་འགྱུར་གྱི་ཡི་གེ་ཕྱིས་པ་སྟེ། གང་ཞིག་གང་མེད་ན་དེར་འགྱུར་བའོ། །ཡི་གེ་གང་ཞིག་སྔར་བཤད་པ་ནི་གོང་དུ་བཤད་པ་དེ་ཁོ་ནའོ། །གང་ཡང་མངོན་པར་ཕྱོགས་པ་ནི་འོག་ནས་སྟོན་པའོ། །བུད་

མེད་སྐྱེས་པ་མ་ནིང་ཞེས་པ་ནུས་པ་ཆེ་ཆུང་གི་བྱེ་བྲག་གིས་འདྲ་བའི་ཕྱིར་རོ། །འབྱུང་བ་དང་འཇུག་པ་དང་གནས་པ་ནི་ནུས་པ་དང་གསུམ་དུ་འདྲ་བའི་ཕྱིར་དེ་སྐད་ཅེས་བྱའོ། །འོག་དང་སྟེང་དུ་བཅས་པ་ནི། །ཞེས་པ་གང་ལ་འོག་དང་སྟེང་ཡོད་པ་ནི་སྟེང་དང་འོག་སྟེ། ཐབས་དང་ཤེས་
རབ་ཀྱི་བདག་ཉིད་ཅན་ནོ། །འདིར་གསུངས་པ། འབྱུང་བ་དང་ནི་འཇུག་པའི་བདག །ཐབས་དང་ཤེས་རབ་ངོ་བོ་སྟེ། །གནས་པ་གཉིས་སུ་མེད་པའོ། །རླུང་ནི། སྟོང་པ་གནས་པ་ཐབས་ཡིན་ཏེ། འོག་ཏུ་གནས་པ་ཤེས་རབ་ཡིན། །དུས་གཅིག་སྟེང་དུ་འབྱུང་བ་ཡིན། །གཉིས་
སུ་མེད་པར་གྲགས་པའོ། །གང་དུ་འགྲོ་དང་འོང་བ་ཡི། །རླུང་ནི་བཞོན་བྱ་ཤེས་རབ་སྟེ། །དེ་ལ་སེམས་ཀྱི་ངོ་བོ་ཡི། །ཡི་གེ་ཞོན་བྱེད་ཐབས་སུ་བཤད། །གང་དུ་རྩ་བ་ཤེས་རབ་སྟེ། །ཡན་ལག་དེ་ལས་བྱུང་བ་ཐབས། །གཅིག་ཏུ་སྡུད་པ་གཉིས་མེད་པ། །འཇིག་རྟེན་གྲགས་དང་རྗེས་
མཐུན་པར། །སྟེང་དང་འོག་ཅེས་རབ་ཏུ་བརྗོད། །ཅེའོ། །ཡང་ན་སྟེང་དང་འོག་ནི་སྟེ་འདིར་སྣའི་རྩེ་མོ་ལ་འཛིན་པ་ནི་སྟེང་དུ་བཤད་དོ། །རྡོ་རྗེའི་རྩེ་མོ་ལ་འཛིན་པ་ནི་འོག་ཏུ་བཤད་དོ། །ཤེས་པ་ནི་ཤེས་པ་སྟེ་དེ་ཤེས་པའི་རྣལ་འབྱོར་པའོ། །བློ་ནི་ངེས་པར་སྦྱར་ཞེས་པ་ནི་དེ་ལ་གཏད་དེ་
བསྒོམ་ཞེས་པའོ། །བརྗོད་པ་ནི་སྔགས་འདི་དག་ཅེས་པ་ནི་ཚིག་ཏུ་བརྗོད་པའི་སྔགས་འདི་དག་གོ། །དངོས་མེད་ངོ་བོ་ལས་བྱུང་བའོ། །ཞེས་པ་ནི་ཆོས་ཐམས་ཅད་ཡོངས་སུ་དག་པ་ལས་བྱུང་ཞེས་པའོ། །དེའི་དོན་ཡང་ཇི་སྐད་དུ། རྣལ་འབྱོར་བླ་ན་མེད་པ་ལས། །བརྗོད་པ་ཡི་ནི་སྔགས་
རྣམས་ཀུན། །ཐབས་དང་ཤེས་རབ་ཡི་གེ་ལས། །དེ་ཡང་རང་བཞིན་མེད་པ་སྟེ། །ཀུན་གྱི་རྒྱུད་ནི་དེ་བཞིན་ཉིད། །ཅེས་འབྱུང་བ་ལྟ་བུའོ། །དེ་ནི་ཡོངས་སུ་གྱུར་པའི་གཟུགས། །ཞེས་པ་ནི་དམིགས་པའི་སྔགས་དེ་ནི་ཧཱུཾ་དང་རྡོ་རྗེ་ལ་སོགས་པ་ཡོངས་སུ་གྱུར་པའི་གཟུགས་ལྷའི་སྐུར་ཉེ་བར་
མཚོན་པའོ། །བརྡ་ནི་བརྡའི་སྔགས་སོ། །གང་ཞེ་ན། དེ་ཉིད་དེ་ཡི་གེ་གསུམ་མོ། །གནས་པ་ནི་སེམས་ཅན་ལ་གནས་པ་སྟེ། །བཅོས་མ་མ་ཡིན་པས་སེམས་ཅན་ལ་རང་བཞིན་གྱིས་གནས་པའི་མཚན་ཉིད་དོ་ཞེའོ། །དེ་ཉིད་རྒྱས་པར་བཤད་པའི་ཕྱིར། །ཨ་ཡིས་བཤད་པའི་ཡེ་ཤེས་ནི། །སངས་

རྒྱས་ཀྱི་ནི་སྙིང་པོར་འགྱུར། །ཞེས་པ་ནི། ཨ་ནི་གནས་པ་སྟེ་དེ་ནི་སངས་རྒྱས་ཐོབ་པའི་རྒྱུར་གྱུར་པའོ། །ཨ་ནི་ཨ་སྟེ་དེ་ལས་བྱུང་བའི་ཡི་གེ་ནི་སངས་རྒྱས་སོ། །དེ་འབྱུང་བའི་རྒྱུར་གྱུར་པས་ན་སྙིང་པོའོ། །ཧྲྀ་ད་སྟེ་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་ནོ། །
ཨ་ནི་བྱང་ཆུབ་སེམས་ཀྱི་ཐིག་ལེའོ། །དེ་ནི་སངས་རྒྱས་སྙིང་པོ་སྟེ་སངས་རྒྱས་ཀྱི་མཆོག་ཐོབ་པའི་རྒྱུར་གྱུར་ཞེས་པའོ། །ཨ་ནི་མི་གཡོ་བའི་ཕྱིར་ཏེ་ཆོས་ཀྱི་སྐུའོ། །སངས་རྒྱས་སྙིང་པོ་ནི་སངས་རྒྱས་ཀྱི་ཡང་དག་པའི་ཐུགས་ཡིན་པའི་ཕྱིར་རོ། །ཡང་ན་འདི་ནི་ཐུགས་ལས་བྱུང་བའི་
ཕྱིར་སྙིང་པོའོ། །ཧཱུཾ་གིས་སེམས་ཅན་ཡང་དག་སྤྲོ། །ཞེས་པ་ནི། འོག་གི་དབང་དུ་བྱས་པ་སྟེ་གང་ལས་བྱང་ཆུབ་སེམས་འཕྲོ་བས་སེམས་བསྐྱེད་ཅེའོ། །སྟེང་གི་དབང་དུ་སེམས་དང་ལྡན་པས་སེམས་ཅན་ཏེ་སེམས་ཀྱི་ངོ་བོ་ཡི་གེ་ཕྲེང་བ་ལྡན་པའི་འོད་ཟེར་འབྱུང་བའོ། །
སངས་རྒྱས་སྐུ་ནི་རབ་ཏུ་བསྒོམ། །ཞེས་པའང་དེ་ཉིད་དེ། བྱང་ཆུབ་སེམས་ལས་གསང་བའི་གཞལ་ཡས་ཁང་དུ་ལྷའི་འཁོར་ལོ་བསྐྱེད་པ་དང་། སྟེང་གི་སྣ་རྩེ་ལས་ལྕེའི་འཁོར་ལོ་བསྐྱེད་པ་ཡང་དེ་ཉིད་དེ་འབྱུང་བའི་རླུང་གི་དབང་དུ་བྱས་པའོ། །ཨོཾ་གྱིས་སེམས་ཅན་ཡང་དག་སྡུད། །
ཅེས་པ་ནི་དབུགས་ཀྱི་ཕྲེང་བ་སྡུད་པར་བྱེད་པའོ། །སངས་རྒྱས་སྡུད་པར་བྱེད་པ་ནི་ཤུགས་ཀྱིས་ཤེས་པར་བྱའོ། །ཨ་ནི་གནས་པར་གྱུར་པའོ། །ཞེས་པ་ནི་གཉིས་ཏེ་འབྱུང་བའི་ཆ་ལ་བརྟེན་པའི་གནས་པ་དང་། འཇུག་པའི་ཆ་ལ་བརྟེན་པའི་གནས་པའོ། །གཞན་གོ་སླའོ། །
གོས་དཀར་ལ་སོགས་བཟླས་བཤད་པ། །ཞེས་པ་ནི་ཐུན་ཕྱེད་ཀྱི་དུས་སུ་ཆུ་དང་མེ་དང་རླུང་གི་དབང་དུ་བྱས་པའི་བཟླས་པའོ། །བརྒྱ་ཕྲག་གཉིས་དང་ཉི་ཤུ་ལྔ། །ཞེས་པ་ནི་སྔ་དྲོའི་དུས་ཀྱི་ཐུན་ཕྱེད་ཀྱི་དབང་དུ་བྱས་ཏེ་མེ་དང་མཉམ་དུ་གནས་པའི་རླུང་ཉིས་བརྒྱ་ཉི་ཤུ་རྩ་ལྔ་མེ་དང་མཉམ་
དུ་གནས་པའི་བར་དུ་ཉིས་བརྒྱ་ཉི་ཤུ་རྩ་ལྔ་སྟེ་དགུ་བརྒྱའོ། །དེ་ལྟ་བུའི་དབང་དུ་བྱས་པ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའོ་ཞེའོ། །ནང་གི་དུས་ནི་ནང་གི་དུས་སོ། །འདི་ཉིད་གསལ་བར་བྱ་བའི་ཕྱིར། །ཞེས་པ་ནི། ཁོང་དུ་ཆུད་པར་བྱ་བའི་ཕྱིར། །ཞེས་པའོ། །གསང་བ་འདུས་པའི་

རྒྱུད་ཀྱང་ཡིན་ལ་ཕྱི་མའང་ཡིན་པས་གསང་བ་འདུས་པའི་རྒྱུད་ཕྱི་མ་སྟེ། དེ་ལས་བཤད་ཅེས་སྦྱར་རོ། །གང་གི་ཕྱིར་ཞེ་ན། གོང་མ་ཉིད་དོ། །དངོས་པོའི་ས་དེ་ཉིད་རྒྱས་པར་བསྟན་པའི་ཕྱིར། རིག་པའི་ཆོ་ག་འདི་ཡིས་ནི། །ཞེས་པ་ལ་སོགས་པ་སྨོས་ཏེ། རིག་པའི་
ཆོ་ག་ནི་རྡོ་རྗེ་བཟླས་པའོ། །ཐུན་མཚམས་བཞི་རུ་རབ་སྦྱོར་ལ། །ཞེས་པ་ནི་སྔ་དྲོ་ལ་སོགས་པའི་སྦྱོར་བས་སོ། །གྲངས་འབུམ་ནི་གྲངས་འབུམ་སྟེ་དེའི་མཚན་ཉིད་ཅན་ནོ། །སྔགས་ཀྱི་ཡན་ལག་མ་ཉམས་བཟླས། །ཞེས་པ་ནི་གོང་དུ་བཤད་པ་བས་སོ། །དེ་ཉིད་ཀྱིས་
སྤང་བར་བྱ་བ་བསྟན་པའི་ཕྱིར། བསྒོམ་པའི་ནི་བར་ཆད་ཅེས་སྨོས་ཏེ་སྤང་ཞེས་སྦྱར་རོ། །གང་ཞེ་ན་བར་ཆད་དོ། །དེ་ཡང་གང་གི་ཞེ་ན། སྒོམ་པའི་སྟེ་བསམ་གཏན་གྱི་བར་ཆད་སྤང་བའོ། །གང་གིས་ཤེ་ན་རྣལ་འབྱོར་ཏེ་ཏིང་ངེ་འཛིན་དང་ལྡན་པས་སོ། །བར་ཆད་དངོས་
བསྟན་པའི་ཕྱིར། རྣལ་འབྱོར་ཕྱི་རོལ་བཟླས་པ་སྤང་། །ཞེའོ། །དེ་ཅིའི་ཕྱིར་ཞེ་ན། ཕྱི་རོལ་གྱི་བཟླས་པ་ལ་དགའ་བ་ནི་བར་དུ་གཅོད་པའི་རྒྱུ་ཡིན་པའི་ཕྱིར་རོ། །བཟླས་པའི་ཐབས་བསྟན་པའི་ཕྱིར། སྔགས་དོན་བཅོམ་ལྡན་རྡོ་རྗེ་ཅན། །རྡོ་རྗེ་བདག་ཉིད་ཇི་ལྟར་ཟློས། །ཞེས་
སྨོས་ཏེ་དེ་ལ་སྔགས་ཀྱི་དོན་བཅོམ་ལྡན་འདས་རྡོ་རྗེ་ཅན་ཟློས་པ་བཞིན་བཟླས་ཤེའོ། །ཕྱི་རོལ་གྱི་བཟླས་པའི་སྐྱོན་དཔེ་དང་བཅས་པ་བསྟན་པའི་ཕྱིར། དཔེར་ན་གླང་པོ་རྙེད་གྱུར་ནས། །ཞེས་པ་ལ་སོགས་པ་སྨོས་ཏེ་གོ་སླའོ། །དེ་ནས་ཡེ་ཤེས་ཀྱི་འཁོར་ལོ་བསྒྲུབ་པ་
བསྟན་པའི་ཕྱིར། །གཞན་ཡང་རྡོ་རྗེ་འཛིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་དེ་ལ་རྡོ་རྗེ་འཛིན་ནི་རྡོ་རྗེ་འཛིན་པ་སྟེ་རྡོ་རྗེ་འཆང་ཆེན་པོའོ། །གང་ཞིག་སྦྱོར་བ་གསུམ་དང་ལྡན་པ་ཡིས། །ཞེས་པ་ནི་སྦྱོར་བ་གསུམ་ཡི་གེ་གསུམ་གྱིས་སྦྱོར་བ་དང་ལྡན་པའི་རྣལ་འབྱོར་པ་གང་ཡང་རུང་བ་
ཞིག་གིས་ཤེའོ། །སྤྱན་དྲངས་ཞེས་པ་ལ་སོགས་པ་ནི་འོག་ནས་སྟོན་ཏེ་འདི་ལྟར། འཇུག་པ་ཡིས་ནི་སྤྱན་དྲངས་ཏེ། །ཞེས་པ་ནི་རླུང་འཇུག་པ་ལྕགས་ཀྱུའི་སྦྱོར་བས་སྤྱན་དྲངས་པའོ། །མྱུར་བ་ཡིས་ནི་གཤེགས་སུ་གསོལ། །ཞེས་པ་ནི་འབྱུང་བའི་རླུང་གིས་ལྷ་གཤེགས་

སུ་གསོལ་བའོ། །གཉི་ག་མིན་པས་བཞུགས་སུ་གསོལ། །ཞེས་པ་ནི་གནས་པའི་གླུ་གང་གིས་བཞུགས་སུ་གསོལ་བའོ། །ཡང་ན་རྡོ་རྗེ་འཆང་ནི་རང་གི་སེམས་ཏེ། སྣ་སྒོ་ལ་འགྲོ་ལྡོག་བྱེད་པ་ནི་གཤེགས་པ་བཞུགས་པའི་སྦྱོར་བའོ། །ཡང་
ན་ལྟེ་བའི་ཕྱོགས་ནས་འབར་བ་ནི་འབྱུང་བའི་དབང་དུ་བྱས་པ་སྟེ་བདེ་བ་ཆེན་པོའི་གནས་ནས་ཁུ་བ་འགུགས་པ་ནི་འཇུག་པའི་དབང་དུ་བྱས་པའོ། །སྙིང་ག་དང་རང་གི་གནས་སུ་བརྟེན་པ་ནི་དེར་བཞུགས་པ་སྟེ་གནས་པའོ། །སྣ་ཚོགས་བླ་མེད་གནས་གྲུབ་པའོ། །
ཞེས་པ་ནི་དངོས་གྲུབ་རྣམ་པ་གཉིས་ཐོབ་པའོ། །མྱུར་བ་ཅན་ལ་སོགས་པ་ནི་གོ་སླའོ། །གང་ཞིག་བསམས་པ་ཙམ་གྱིས་ནི། །ཞེས་པ་རྡོ་རྗེ་བཟླས་པ་བྱས་པ་ཙམ་གྱིས་སོ། །དེས་ཅིར་འགྱུར་ཞེ་ན། རྣལ་འབྱོར་ཅན་ལ་མཆོག་སྟེར་འགྱུར། །ཞེས་པ་སྟེ་ཏིང་ངེ་
འཛིན་ཁྱད་པར་ཅན་དང་ལྡན་པའི་རྣལ་འབྱོར་པ་ལ་ནི་མཆོག་གི་དངོས་གྲུབ་འབྱུང་ཞེའོ། །དང་པོའི་ཡི་གེ་ནི་ཨོཾ་སྟེ་དེའི་སྦྱོར་བ་ནི་བསམ་པའོ། །དེས་ཅིར་འགྱུར་ཞེ་ན། རྟག་ཏུ་དབུགས་ནི་རྔུབ་པར་བྱེད། །ཅེས་སྨོས་ཏེ། ཨོཾ་གྱི་སྦྱོར་བ་ལ་གནས་པ་དེ་སྲིད་དུ་དབུགས་
རྔུབ་པར་འགྱུར་རོ། །བརྒྱད་པའི་མཐའ་ནི་ཧ་སྟེ། ཨུ་ནི་དངོས་སོ། །ཐིག་ལེ་ནི་ཐིག་ལེ་སྟེ་ཧཱུཾ་ཞེས་པའོ། །དེས་ཅི་བྱེད་ཅེ་ན། དབུགས་གཏོང་བར་བྱེད་དོ། །འདི་ནི་ཅི་དགའི་བཟླས་པར་བཤད། །ཅེས་པ་ནི་འབྱུང་བ་དང་འཇུག་པ་གང་ལ་དགའ་བའོ། །ཡང་ན་ནུས་པའི་སྒོ་
ནས་བསྡུས་པ་དང་རྒྱས་པ་ལ་སོགས་པའི་མན་ངག་གང་ལ་འཕྲོད་པ་བསམ་པའོ། །གྲངས་གོང་དུ་བཤད་པར་བས་སོ། །དེའི་རྣམ་གྲངས་བསྟན་པའི་ཕྱིར། །དེ་འདིར་གསང་ཞེས་པ་ནི་བཟླས་པ་དེ་འདིར་གསང་བྱ་ཡིན་པས་ན་གསང་བའི་བཟླས་པའོ། །ཕྲ་མོ་ནི་དབང་པོ་ལ་
སོགས་པའི་ཡུལ་དུ་མ་གྱུར་པའི་ཕྱིར་རོ། །ཀློག་གམ་ཁ་ཏོན་བྱེད་མོད་ཀྱི། །ཞེས་པ་ནི་ཀློག་པ་དང་ཁ་ཏོན་བྱེད་པའོ། །འོན་ཀྱང་ཞེས་པ་ནི་ཀློག་པ་དང་ཁ་ཏོན་བྱེད་པ་མེད་ཀྱང་བཟླས་པ་ཡིན་ཞེའོ། །གང་གིས་གསུངས་ཤེ་ན། དེ་བཞིན་གཤེགས་པ་དྲུག་པས་དེ་

སྐད་ཅེས་གསུངས་པ། དེའི་ཕྱིར་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་ཀྱི་ཡོན་ཏན་བསྟན་པའི་ཕྱིར། རྡོ་རྗེ་བཟླས་པའི་བསམ་གཏན་འདི་ཡིས་ཤེའོ། །ཅི་བྱེད་ཅེ་ན་བསྒྲུབ་པར་བྱ། །ཞེས་སྦྱར་རོ། །ཆོ་ག་ཇི་བཞིན་བསྟེན་བྱ་ཞིང་། །ཞེས་པ་ཆོ་ག་བཞིན་དུ་བསྒྲུབ་ཅེས་པ་ནི་ཞི་བ་ལ་
སོགས་པའི་ལས་འགྲུབ་ཅེས་སོ། །གང་ལ་དེ་ལྟ་བུའི་ནུས་པ་ཡོད་པ་དེ་ནི་ཡོན་ཏན་ནོ། །དེ་བས་ན་ཞེས་བྱ་བ་ནི་དེའི་ཕྱིར་ཏེ། གང་གི་ཕྱིར་རྡོ་རྗེ་བཟླས་པས་ཞི་བ་ལ་སོགས་པ་འགྲུབ་པ་དེའི་ཕྱིར། །གཉིས་སུ་མེད་པར་མཉམ་པར་རྣམ་པར་རྒྱལ་བའི་རྒྱུད་ལས་ཀྱང་དེ་ཉིད་ཀྱི་སྦྱོར་བ་
གསུངས་ཤེ་ན། དེ་ཉིད་བསྟན་པའི་ཕྱིར། མཉམ་མེད་སྔགས་རབ་བཟླས་ནས་སྒྲུབ། །ཅེས་སྦྱར་རོ། །དེ་ཡང་མཉམ་པ་མེད་པ་ནི་མཉམ་མེད་དེ་གང་ལ་དེ་ལྟ་བུའི་ཆོས་ཡོད་པ་དེ་ནི་མཉམ་པ་མེད་དོ། །དེའི་སྔགས་བཟླས་ནས་འགྲུབ་ཅེས་སྦྱར་རོ། །གང་གིས་ཤེ་ན། བསྒྲུབ་པའི་
བདག་ཉིད་ཅན་གྱིས་ཏེ། །ཞི་བ་ལ་སོགས་པའི་སྦྱོར་བ་དང་ལྡན་པའི་རྣལ་འབྱོར་པ་ཡིས་བསྒྲུབ་ཅེའོ། །དུས་ཇི་ཙམ་གྱིས་ཤེ་ན། ཟླ་བ་གཅིག་གིས་འགྲུབ་ཅེའོ། །གང་འགྲུབ་ཅེ་ན། ཁམས་གསུམ་འགྲུབ་པར་གདོན་མི་ཟ། །ཞེས་པ་སྟེ། ཁམས་གསུམ་ཐམས་
ཅད་བདག་གིས་དབང་དུ་འགྱུར་ཞེའོ། །ཡང་ན་ཟླ་བ་ནི་བྱང་ཆུབ་སེམས་ཀྱི་ཐིག་ལེའོ། །གཅིག་ནི་བྱང་ཆུབ་སེམས་ཀྱི་ཐིག་ལེ་གཅིག་ཟླ་བ་སྣ་ལ་ཐུག་གི་བར་དུ་གཟུང་ངོ་། །དེས་ཅིར་འགྱུར་ཞེ་ན། ལུས་ངག་ཡིད་གསུམ་ཡོངས་སུ་དག་པར་འགྱུར་བའོ། །གཞན་ལས། ཟླ་བའི་
སྦྱོར་བ་ཐིག་ལེ་བྱང་ཆུབ་སེམས། །རླུང་གི་འཕོ་བས་ཐིག་ལེ་སྣ་རྩེར་ཕྱིན། །སྡུད་པར་བྱེད་པས་རང་གི་སྣ་རྩེར་བཞག །གནས་ལ་བརྟེན་ན་ལུས་ངག་ཡིད་གསུམ་སྡིག་སྦྱོང་ཞེས། །ཞེས་པ་ལྟ་བུའོ། །ཡང་ན་ཟླ་བ་སྟེ་ལྟེ་བར་ཟླ་བ་བསམ་པའོ། །གཅིག་ནི་བྱང་ཆུབ་སེམས་ཀྱི་
ཐིག་ལེའོ། །འབྱུང་འཇུག་གིས་མགྲིན་པ་ལ་ཐུག་གི་བར་དུ་འགྲོ་འོང་བྱས་པས་ལུས་ངག་ཡིད་གསུམ་གྱི་སྡིག་པ་སྦྱོང་བ་དེ་ལ་དེ་སྐད་ཅེས་བྱའོ། །རྣམ་ཤེས་ལས་ནི་བྱུང་བའི་སྔགས། །ཞེས་པ་ནི་རྡོ་རྗེ་བཟླས་པའོ། །མཚན་ཉིད་དྲུག་ལྡན་ཞེས་པ་ནི་ཡོན་ཏན་དྲུག་དང་ལྡན་

པས་བཟླས་ནས་ཀྱང་འགྲུབ་ཅེའོ། །ཇི་ལྟར་བྱས་ན་འགྲུབ་ཅེ་ན། རྡོ་རྗེ་སེམས་ལ་ཕྱག་བྱས་ནས། །ཞེས་པ་ནི་རྡོ་རྗེ་སེམས་དཔའ་མཉེས་པར་བྱས་ནས་ཞེས་པའོ། །ཅིར་འགྱུར་ཞེ་ན། ཟླ་བ་ཉ་ལ་རྡོ་རྗེ་སེམས་དཔའ་ཉིད་འགྲུབ་པའོ། །ཡང་ན་མཚན་ཉིད་
དྲུག་ནི་ཁ་དོག་གསལ་བ་དང་དབྱིབས་གསལ་བ་དང་གྲངས་གསལ་བ་དང་གནས་གཞན་ནས་གཞན་དུ་འགྲོ་བ་དང་བརྟག་པ་དང་ཡུན་ཐུབ་པའོ། །རྡོ་རྗེ་སེམས་ལ་ཕྱག་བྱས་ནས། །ཞེས་པ་ནི་ས་བོན་ལ་རླུང་འདུས་པའོ། །ཟླ་བ་ཉ་ནི་ཟླ་བ་རྒྱས་པ་སྟེ་ཟག་པ་མེད་པའི་ས་བོན་རྒྱས་
ཏེ་དེའི་ཚེ་འགྲུབ་ཅེའོ། །དེ་ལ་བརྟུལ་ཞུགས་བཤད་པ་མེད། །ཅེས་པ་ནི་སྤྱོད་པ་མ་བསྟན་པའོ། །ཕྲེང་བ་མི་དགོས་ཞེས་པ་ནི་གོ་སླའོ། །གཟུང་དང་ཞེས་པས་ས་གཟུང་བ་དང་རིག་མ་གཟུང་བའོ། །སྦྱིན་སྲེག་ནི་ཞི་བ་ལ་སོགས་པའོ། །གཅིག་ནས་གཅིག་ཏུ་ལྡོག་ཅེས་པ་ནི་
གང་སྦྱིན་སྲེག་གཙོར་བྱེད་པ་དེའི་ཚེས་བསླང་བ་ལ་སོགས་པ་གྲོགས་སུ་འགྱུར་རོ། །གང་གི་ཚེས་སློང་བར་བྱེད་པ་དེའི་ཚེ་སྦྱིན་སྲེག་ལ་སོགས་པ་གྲོགས་སུ་འགྱུར་རོ། །གང་གི་ཚེ་བསམ་གཏན་ལ་གནས་པ་དེའི་ཚེ་ཚོགས་ལ་སོགས་པ་ཐམས་ཅད་གྲོགས་སུ་འགྱུར་རོ། །གང་གི་ཚེ་སྤྱོད་པ་
ལ་གནས་པ་དེའི་ཚེ་བསམ་གཏན་གྲོགས་སུ་འགྱུར་རོ། །ལ་ལ་དག་དགག་པ་སྒྲུབ་པ་ལ་ཚད་མ་མེད་དོ། །ཡ་ཡི་དོན་གྱིས་ཅི་ཡང་རུང་། །ཞེས་པ་ནི་རླུང་གིས་ཐམས་ཅད་འགྲུབ་པར་འགྱུར་རོ། །ར་ལ་སོགས་པ་གསུམ་ཉིད་ཀྱིས། །ཞེས་པ་ནི་མེ་དང་ཆུའི་དཀྱིལ་འཁོར་གྱི་བཟླས་པ་བྱའོ། །
གང་གི་དོན་དུ་ཞེ་ན། གཞན་གྱི་དོན་ཏེ། གཞན་སྨིན་པ་དང་གྲོལ་བར་བྱ་བའི་ཕྱིར་ལས་རྣམས་ལ་འཇུག་པ་བྱེད་ཅེའོ། །གཞན་གོ་སླའོ། །འགྲོ་ན་བྱིས་པ་བཞིན་དུ་སྤྱོད། །ཅེས་པ་ནི་རྟོག་པ་མེད་པར་སྤྱོད་པའོ། །དེས་ན་མི་རྟོག་ཆོས་ཅན་གྱིས། །ཞེས་པ་ནི་གཟུང་བ་དང་འཛིན་པ་
ལ་མི་རྟོག་པའི་རྣལ་འབྱོར་གྱིས་འགྲུབ་པར་འགྱུར་ཞེས་སྦྱར་རོ། །གང་འགྲུབ་ཅེ་ན། གསང་སྔགས་རྣམས་ནི་འགྲུབ་པར་འགྱུར། །ཞེས་པ་སྟེ་རྡོ་རྗེ་བཟླས་པ་འགྲུབ་ཅེའོ། །དེ་ནས་བསྒྲུབ་པའི་མིང་བསྟན་པའི་ཕྱིར། གསུང་གི་རྡོ་རྗེ་བསྒྲུབ་པ་སྟེ། །ཞེས་སྨོས་ཏེ་གསུང་གི་སྔགས་

སོ། །དེས་ཉོན་མོངས་པའི་རིགས་གཅོད་པས་རྡོ་རྗེའོ། །དེ་སྟོན་པའི་གཞུང་གི་ཚོགས་ལའང་དེ་སྐད་ཅེས་བྱའོ། །དེ་ནས་གོ་རིམས་བསྟན་པའི་ཕྱིར། །སྔགས་ཀྱི་དེ་ཉིད་རབ་གསལ་ནས། །ཞེས་པ་ནི་རྡོ་རྗེས་བཟླས་པ་མཐར་ཕྱིན་ནས་སྦྱར་ཞེའོ། །གང་ལ་ཞེ་ན། སེམས་
ཙམ་ལ་ནི་སྦྱར་ཞེས་པ་སྟེ་སེམས་ཙམ་ལ་དམིགས་པ་བསྒོམ་ཞེའོ། །གང་གི་སྒོ་ནས་བསྒོམ་ཞེ་ན། །ཡེ་ཤེས་གསུམ་གྱི་དབྱེ་བ་ཡིས། །ཞེས་པ་སྟེ་སྣང་བའི་ཡེ་ཤེས་ལ་སོགས་པ་བསྒོམ་ཞེའོ། །རྡོ་རྗེ་བཟླས་པའི་སྣོད་མ་ཡིན་པ་བསྟན་པའི་ཕྱིར། །བླ་མ་ལ་བརྙས་ཞེས་བྱ་བ་ལ་
སོགས་པ་སྨོས་པ་སྟེ་བླ་མ་ནི་གཉིས་ཏེ་འདྲ་བ་དང་མི་འདྲ་བའོ། །གང་ལ་མན་ངག་སྟོན་པ་དེ་ནི་རྡོ་རྗེ་སེམས་དཔའ་དང་འདྲ་བས་འདྲ་བའོ། །གང་ལ་དབང་བསྐུར་བའི་སློབ་དཔོན་དེ་ནི་རྡོ་རྗེ་སེམས་དཔའ་བས་ཀྱང་ཁྱད་པར་དུ་གྱུར་པའོ། །འདི་ལྟ་སྟེ་སློབ་དཔོན་ལ་བརྙས་པ་ན་ཡུལ་དང་
དུས་དང་བྱེད་པ་དང་ལས་ཀྱིས་ལྕི་བ་འོང་བའོ། །བརྙས་པ་བྱེད་པ་ནི་ལུས་ངག་ཡིད་གསུམ་གྱིས་བརྙས་པ་བྱེད་པའོ། །དེར་ཡང་མ་ཟད་སྒྱུ་ཅན་ཏེ་སྒྱུ་དང་གཡོའི་དབང་དུ་གྱུར་པའོ། །དེ་ཡང་དད་པ་མེད་དེ་གསང་བ་ལ་མ་དད་པའོ། །དེ་ཡང་སྔགས་ཀྱིས་རློམ་སྟེ་ཟློས་པ་དང་
ཐོས་པས་སེམས་ཁེངས་པའོ། །དེ་ཡང་གླེགས་བམ་མཐོང་བས་ཁེངས་པ་སྟེ་ང་རྒྱལ་གྱི་དབང་དུ་གྱུར་པའོ། །དབང་བསྐུར་དམན་པ་ནི་དབང་མ་ཐོབ་པའོ། །དེ་ལྟ་བུའི་གང་ཟག་ལ་དབང་དང་བཟླས་པ་གཏམ་གྱི་རིམ་པའང་བརྗོད་པར་མི་བྱ་ཞེའོ། །གང་གི་བླ་མ་ལ་གུས་ཞེས་
པ་ལ་སོགས་པ་ནི་གོ་སླའོ། །རིམ་པ་ལྔའི་དཀའ་འགྲེལ་དོན་གསལ་བ་ཞེས་བྱ་བ་སློབ་དཔོན་ཀླུའི་བྱང་ཆུབ་ཀྱིས་མཛད་པ་ལས་རིམ་པ་དང་པོའི་བཤད་པའོ།། །།གང་གི་ཕྱིར་ཆོས་ཐམས་ཅད་ནི་སེམས་ཙམ་མོ་ཞེས་འབྱུང་བ་དེའི་ཕྱིར་དེ་ལ་དེ་བསྟན་ཏོ། །ཕྱག་འཚལ་
འདུད་ཅིང་ཕྱག་འཚལ་འདུད། །ཅེས་པ་ནི་སྣང་བ་དང་སྣང་བ་མཆེད་པ་རྟོགས་པའོ། །ཕྱག་འཚལ་ཕྱག་འཚལ་ཕྱག་འཚལ་འདུད། །ཅེས་པ་ནི་སེམས་གསུམ་གྱི་རིམ་པས་ཕྱག་འཚལ་ཞེའོ། །ཇི་ལྟར་བསྟོད་ཅིང་ཕྱག་འཚལ་བ། །ཞེས་པ་ནི་ཇི་ལྟར་བསྟོད་ཅེ་ན།

རྟོགས་པའི་ཚུལ་གྱིས་སོ། །ཇི་ལྟར་ཆུ་ལ་ཆུ་གཞག་ཅེས་པ་ནི་དཔེ་བརྗོད་པའོ། །མར་ལ་མར་གཞག་གི་རྣམ་པའང་དེ་བཞིན་ཏེ་དེ་ནི་དཔེ་བཀོད་པའོ། །རང་གི་ཡེ་ཤེས་རང་གིས་ནི། །ལེགས་མཐོང་ཞེས་པ་ནི་རང་གི་ཡེ་ཤེས་ནི་རང་གི་ཡེ་ཤེས་སོ། །
རང་གིས་མཐོང་བ་ནི་རང་མཐོང་བ་སྟེ་རང་གི་ཡེ་ཤེས་ཀྱིས་རང་གི་ཡེ་ཤེས་ལྟ་བ་བཞིན་རྟོགས་ཞེས་པ་སྟེ་དེས་ནི་སེམས་དང་སེམས་ལས་བྱུང་བའི་རང་རིག་པ་བསྟན་ཏོ། །འདིར་ཕྱག་ཡིན་ཞེས་པ་ནི་མཐོང་བ་དེ་ཉིད་འདིར་ཕྱག་འཚལ་བ་ཡིན་ཞེའོ། །འོན་ཀྱང་ཀུན་མཁྱེན་
མ་ཐོབ་པར། །ཞེས་པ་ནི་ཐམས་ཅད་མཁྱེན་པའི་དོན་མ་ཐོབ་ཀྱི་བར་དུའོ། །ཅིར་འགྱུར་ཞེ་ན། རིག་པ་དེ་ནི་ཉེ་བར་དམིགས་མི་འགྱུར་ཏེ་རྟོགས་པའམ་ཁོང་དུ་ཆུད་པར་མི་འགྱུར་ཞེའོ། །མུན་ནག་ནི་མུན་ནག་སྟེ་རབ་རིབ་ཀྱིས་ཁེབས་པ་ནི་ཡུལ་མི་གསལ་བའི་རྣམ་
པར་གྱུར་པ་སྟེ། དེས་ནི་དཔེ་བསྟན་ཏོ། །དེའི་དྲིན་གྱིས་ཅིར་འགྱུར་ཞེ་ན། སྣང་བ་ཐོབ་པར་འགྱུར་ཏེ། སྣང་བ་འདི་ནི་ཡུལ་དུ་གྱུར་པའོ། །དེ་ལ་དབང་ཐོབ་པ་ནི་སྣང་བ་ཐོབ་པའོ། །སྟོང་པ་ཉིད་ནི་སྣང་བའི་ཡེ་ཤེས་སོ། །ཤིན་ཏུ་སྟོང་པ་ཉིད་སྣང་བ་མཆེད་པའི་ཡེ་ཤེས་
ཏེ། དེ་ལ་ཅིའི་ཕྱིར་ཞེ་ན། རང་བཞིན་དེ་དང་དེ་དག་གི་རྣམ་པ་དང་བྲལ་བའི་ཕྱིར་རོ། །བཞི་པ་ཐམས་ཅད་སྟོང་པ་ནི་འོད་གསལ་བའི་ཡེ་ཤེས་སོ། །རྒྱུ་དང་འབྲས་བུའི་བྱེ་བྲག་གོ། །ཞེས་པ་ནི་གང་གི་ཚེ་སྣང་བ་རྒྱུར་གྱུར་པ་དེའི་ཚེ་སྣང་བ་མཆེད་པ་ནི་དེ་ལས་བྱུང་བས་འབྲས་
བུའོ། །དེ་བཞིན་དུ་གཞན་ལ་ཡང་ཤེས་པར་བྱའོ། །དེ་ཉིད་ཀྱི་དོན་གཞན་ཡང་སྟོན་པའི་ཕྱིར་ཤེས་རབ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཤེས་རབ་ནི་སྣང་བ་སྟེ་འབྱེད་པར་བྱེད་པའི་ཆོས་དང་ལྡན་པའི་ཕྱིར་རོ། །ཐབས་ནི་མཆེད་པའི་ཡེ་ཤེས་ཏེ་ཡུལ་གྱི་རྣམ་
པར་རྟོག་པ་ལྡོག་པའི་ཐབས་མཁས་པའི་ཕྱིར་རོ། །རྫོགས་པ་ནི་རྫོགས་པ་སྟེ་སྣང་བ་ཐོབ་པའི་ཡེ་ཤེས་སོ། །དེ་ཅིའི་ཕྱིར་ཞེ་ན། རྫོགས་པ་ཆེན་པོ་དང་ཤིན་ཏུ་ཉེ་བའི་ཕྱིར་རྫོགས་པ་སྣང་བ་ཐོབ་པའི་ཡེ་ཤེས་བསྐྱེད་ནས་ཅིར་འགྱུར་ཞེ་ན། ཐམས་ཅད་སྟོང་པ་འོད་གསལ་

འཐོབ། །ཅེས་སྦྱར་རོ། །ཐམས་ཅད་སྟོང་པ་ནི་སྣང་བ་ཐོབ་པ་ལ་སོགས་པ་རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར་རོ། །གཞན་གོ་སླའོ། །དེའི་རྣམ་གྲངས་བསྟན་པའི་ཕྱིར་སྣང་བ་སྟོང་པ་ལ་སོགས་པ་སྨོས་ཏེ་སྣང་བ་དང་སྟོང་པ་ནི་གོ་སླའོ། །དེ་ནི་སེམས་ཏེ་བསགས་པའི་ཕྱིར་
རོ། །རྒྱུ་རྐྱེན་གྱིས་བསྐྱེད་པའི་ཕྱིར་གཞན་དབང་ངོ་། །ཡང་ན་སྙིང་གར་བྱང་ཆུབ་སེམས་ཀྱི་ཐིག་ལེ་བསམ་པ་ནི་ཡུལ་དུ་གྱུར་པས་སྣང་བའོ། །དེ་ལ་དམིགས་པས་དེའི་རང་བཞིན་དང་བྲལ་བ་ནི་སྣང་བ་མཆེད་པའོ། །དེས་འབྱེད་པའི་ཕྱིར་ཤེས་རབ་བོ། །དེས་ནི་ཤེས་པ་རང་གི་
ངོ་བོ་སྟེ་དགེ་བ་ལ་སོགས་པའི་བག་ཆགས་བསགས་པ་དང་ལུས་སྣ་ཚོགས་པའི་ཕྱིར་སེམས་སོ། །སྣང་བའི་ཡེ་ཤེས་ནི་རྒྱུ་རྐྱེན་གྱིས་བསྐྱེད་པའི་ཕྱིར་གཞན་དབང་ངོ་། །དེས་ཅིར་འགྱུར་ཞེ་ན། དེའི་རང་བཞིན་དང་བྲལ་བར་འགྱུར་རོ། །རང་བཞིན་ཡང་དགང་དང་འབྲལ་བར་འགྱུར་
ཞེ་ན་དེ་བསྟན་པའི་ཕྱིར་ཆགས་བྲལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཆགས་པ་དང་བྲལ་བ་ནི་ཆགས་བྲལ་ཏེ་ཆགས་པ་མེད་ཅེའོ། །བར་མ་ནི་བར་མ་སྟེ་ཆགས་པ་དང་བྲལ་བའང་མ་ཡིན། ཆགས་པ་ཆེན་པོའང་མ་ཡིན་པའོ། །ཆེན་པོ་ནི་ཆགས་པ་ཆེན་པོ་སྟེ་ཡུལ་ཐམས་
ཅད་ལ་ལྷག་པར་ཆགས་པའོ། །ཡིད་ལ་འགྲོ་དང་འོང་བ་ནི་འགྲོ་བ་དང་འོང་བ་འདོད་པའོ། །མྱ་ངན་ལ་སོགས་གསུམ་ཞེས་པ་ནི་མྱ་ངན་ཆེན་པོ་ལ་སོགས་པའོ། །ཞི་བ་ནི་ཞི་བ་སྟེ་ངེས་པའོ། །རྣམ་པར་རྟོག་པ་ནི་གཟུང་བ་དང་འཛིན་པར་རྟོག་པའོ། །ཡང་ཕྱི་རོལ་གྱི་ཡུལ་ལ་རྟོག་པ་
གང་ཡིན་པ་དེ་ལ་དེ་སྐད་བྱའོ། །འཇིགས་པ་གསུམ་ནི་གོ་སླའོ། །སྲེད་པ་ནི་སྲེད་པ་སྟེ་སྐོམ་པའོ། །ཉེ་བར་ལེན་པ་ནི་ལས་དང་འབྲས་བུ་ལེན་པའོ། །མི་དགེ་བ་ནི་དགེ་བ་མ་ཡིན་པའོ། །བཀྲེས་པ་ནི་ཟས་འདོད་པའོ། །སྐོམ་པ་ནི་སྐོམ་འདོད་པའོ། །ཚོར་བ་ནི་མྱོང་བའོ། །དེ་ནི་གསུམ་
སྟེ་ཚོར་བ་ནི་མྱོང་བ་ཙམ་མོ། །ཚོར་བ་བར་མ་ནི་མྱོང་བ་བར་མ་སྟེ་འོག་མ་ཆེར་མྱོང་བའོ། །ཤིན་ཏུ་ཚོར་བ་ནི་ཚོར་བ་ཆེན་པོའོ། །སྐད་ཅིག་ནི་སྐད་ཅིག་པའོ། །རིག་པ་པོ་ནི་བདག་གིས་ཤེས་སྙམ་པའོ། །སོ་སོར་རྟོགས་པ་ནི་སོ་སོར་འབྱེད་པའོ། །ངོ་ཚ་ཤེས་པ་ནི་བདག་གམ་

ཆོས་ཀྱི་དབང་དུ་བྱས་ཏེ་ཁ་ན་མ་ཐོ་བ་ལ་འཛེམ་པའོ། །སྙིང་རྗེ་ནི་སྙིང་རྗེའོ། །སྙིང་བརྩེ་བ་ནི་སྙིང་བརྩེ་བའོ། །དོགས་པ་ནི་དོགས་པ་སྟེ། མི་འགྲུབ་པའི་བསམ་པའོ། །ཕྲག་དོག་ནི་གཞན་གྱི་ཡོན་ཏན་ཕུན་སུམ་ཚོགས་པ་ལ་སེམས་ཁོང་ནས་འཁྲུགས་པའོ། །དེ་ལྟ་བུ་
དེ་གང་གིས་ལྡོག་ཅེ་ན་གོང་བཞིན་བསྒོམས་པས། །རང་བཞིན་སུམ་ཅུ་རྩ་གསུམ་ནི་རྒྱུའི་སྒོ་ནས་དབྱེ་བ་སྟེ། རྟེན་གྱི་སྒོ་ནས་ནི་རང་བཞིན་བསམ་གྱིས་མི་ཁྱབ་ཅེའོ། །ལུས་ཅན་ནི་ལུས་ཅན་ཏེ་ལུས་དང་ལྡན་པའི་ཕྱིར་ལུས་ཅན་ནོ། །རང་རིག་པ་ནི་རང་རིག་པ་སྟེ་རང་གི་དོན་རིག་པའོ། །ཀུན་
རྫོབ་ནི་རྒྱུ་རྐྱེན་གྱིས་བསྐྱེད་པའི་ཕྱིར་རོ། །མཚན་མོ་ནི་ལྡོག་པ་གསུམ་ལས་ལོག་པའོ། །འཇམ་པོ་དང་གཡོན་པ་ཡང་དེ་བཞིན་ཏེ་ཟླ་བའི་དབང་དུ་བྱས་པའོ། །དེའི་མན་ངག་ནི་འདི་ཡིན་ཏེ། ཟླ་བའི་དཀྱིལ་འཁོར་པདྨ་ཅན། །ཞེས་པ་ནི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་པདྨ་འདབ་མ་
བརྒྱད་པ་བསམ་པའོ། །དང་པོའི་ཡི་གེ་ནི་ཨ་སྟེ་ཐིག་ལེ་དང་བཅས་པ་ནི་ཨི་བསམ་པའོ། །གང་དུ་ཞེ་ན་སྙིང་གར་བསམ་པའོ། །ཡང་ན་དཀར་པོའི་ངོ་བོ་ནི་ཟླ་བའོ། །དངོས་སུ་པདྨ་སྟེ་རྩ་པདྨ་བཞི་པའོ། །དེའི་དབུས་སུ་ཨ་ནི་གནས་པ་སྟེ་གནས་པའི་ཐིག་ལེའོ། །དེ་བསྒོམ་པའོ། །
ཡང་ན་དབུས་སུ་ཨ་བསམས་ཏེ་ཕྱི་རོལ་དུ་ཐིག་ལེ་བསམས་པ་དེ་ལ་དེ་སྐད་ཅེས་བྱའོ། །དེས་ཅིར་འགྱུར་ཞེས། ཟླ་བའི་འོད་ཟེར་ལྟར་སྣང་སྟེ་ཟླ་བ་དང་འདྲ་བས་གསལ་བར་གྱུར་པའོ། །དེ་ནི་རང་བཞིན་སུམ་ཅུ་རྩ་གསུམ་གྱི་སྒྲིབ་པ་དང་བྲལ་བའོ། །དེ་ནས་སྣང་བ་མཆེད་པ་བསྟན་པའི་ཕྱིར།
ཤིན་ཏུ་སྟོན་པ་ཐབས་ལྡན་པ། །ཞེས་སྨོས་ཏེ་དེ་ནི་གོ་སླའོ། །ཆགས་པ་ནི་གོང་དང་འདྲ། ཞེན་པ་ནི་ཡུལ་ལ་དབྲལ་དཀའ་བའོ། །དགའ་བ་ལ་སོགས་པ་ནི་གོ་སླ་བའོ། །རགས་པ་ནི་རགས་པའོ། །གཞན་གོ་སླའོ། །རྒྱུའི་སྒོ་ནས་ནི་འདི་ལ་རང་བཞིན་བཞི་བཅུ་སྟེ་རྟེན་གྱི་སྒོ་ནས་ནི་
བསམ་གྱིས་མི་ཁྱབ་པའོ། །དེ་བསྒོམ་པའི་ཐབས་ནི་ཉི་མའི་དཀྱིལ་འཁོར་ཞེས་པ་ནི་སྙིང་གར་ཉི་མའི་དཀྱིལ་འཁོར་བསམས་ཏེ་དེའི་སྟེང་དུ་རྡོ་རྗེ་བསམས་པ་ནི་རྡོ་རྗེའི་མིང་ངོ་། །ཐིག་ལེ་གཉིས་ཀྱི་རྡོ་རྗེའི་དབུས་སུ་ཨ་ལ་ཐིག་ལེ་གཉིས་ཀྱིས་བརྒྱན་པའོ། །ཡང་ན་ཉི་མ་དང་འདྲ་

བས་ཉི་མ་སྟེ་ཤིན་ཏུ་གསལ་བའི་ཕྱིར་རོ། །རྡོ་རྗེ་ནི་རྡོ་རྗེ་སྟེ་བྱང་ཆུབ་སེམས་དབབ་པའི་ལམ་དུ་གྱུར་པ་དང་བདེ་བ་སྐྱེ་བའི་སྐྱོན་དུ་གྱུར་པ་སྟེ། སྙིང་ག་ལ་སོགས་པའི་རྩ་རྣམས་སོ། །དེའི་དབུས་སུ་ཐིག་ལེ་བྱང་ཆུབ་སེམས་སུ་བསམ་པ་ནི་ཐིག་ལེའོ། །གཉིས་ནི་ཐིག་ལེ་
དངོས་དང་ནཱ་དའི་ཐིག་ལེའོ། །ཡང་ན་ཉི་མ་ནི་ཉི་མ་སྟེ་འཇུ་བར་བྱེད་པའི་ཕྱིར་རོ། །དེའི་དོན་ནི་སྙིང་གའི་ཐིག་ལེའོ། །དེས་བདག་དང་ཁམས་གསུམ་ཐམས་ཅད་འོད་དུ་ཞུ་བའོ། །དེ་ནི་སྣང་བ་མཆེད་པ་སྟེ་དེ་ལས་དེའི་རྣམ་པར་གྱུར་པའི་ཕྱིར་རོ། །དེ་ནི་འཇོམས་པར་བྱེད་པའི་
ཕྱིར་རྡོ་རྗེའོ། །ཐིག་ལེ་གཉིས་ནི་ཐིག་ལེ་གཉིས་ཏེ་བདག་དང་བདག་ལས་གཞན་པའོ། །ཡང་ན་ཉི་མ་ནི་ཉི་མ་སྟེ་གང་དུ་ཉི་མའི་འོད་ཀྱིས་པདྨ་ཁ་འབྱེད་པ་བཞིན་དུ་ཐབས་ཀྱི་རྡོ་རྗེས་པདྨ་ཁ་ཕྱེ་ནས་རྡོ་རྗེ་འཇུག་པ་ནི་རྡོ་རྗེའོ། །ཐིག་ལེ་གཉིས་ཀྱིས་བརྒྱན་པ་ནི་རྡོ་རྗེའི་རྩེ་མོ་དང་པདྨའི་ནང་གི་བྱིའུ་
མགོ་ལ་བསམ་པའོ། །དེ་དག་གིས་ཅིར་འགྱུར་ཞེ་ན། ཉི་མའི་འོད་ཟེར་འདྲ་བ་འབྱུང་། །ཞེས་པའོ། །དེ་ནས་སྣང་བ་ཐོབ་པ་བསྟན་པའི་ཕྱིར། སྣང་བ་ཐོབ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་སྣང་བ་ཐོབ་པའི་རང་བཞིན་ནི་ཆགས་པ་བར་མ་ལ་སོགས་པའོ། །རྟེན་
གྱིས་ནི་བདུན་གྱི་བདག་ཉིད་དོ། །དེའི་མན་ངག་སྟོན་པའི་ཕྱིར། །ས་བོན་ཐིག་ལེར་ལྡན་མིན་ལ། །ཞེས་སྨོས་ཏེ་ས་བོན་ནི་ཐིག་ལེ་སྟེ་ས་བོན་ཡང་ཡིན་ལ་ཐིག་ལེ་ཡང་ཡིན་པས་ན་ས་བོན་ཐིག་ལེ་སྟེ། ཉི་མ་དང་ཟླ་བ་དང་རྡོ་རྗེ་ལ་སོགས་པ་འདུས་ཏེ་ཐིག་ལེར་གྱུར་པ་ནི་དེའོ། །
ཡང་ན་ས་བོན་དང་ཐིག་ལེ་ནི་ས་བོན་དང་ཐིག་ལེ་སྟེ། སྙིང་གའི་ས་བོན་ལ་ཐམས་ཅད་འདུས་པའོ། །ཡང་ན་བྱང་ཆུབ་ཀྱི་སེམས་སྐྱེད་པར་བྱེད་པས་ན་ས་བོན་ཏེ་རྩ་རྣམས་ཀྱི་སྨད་ཀྱི་ཆར་བྱུང་ནས་བུ་ཕོ་དང་བུ་མོ་དང་ཡེ་ཤེས་སྐྱེད་པར་བྱེད་པའི་ཕྱིར་རོ། །དེ་ནི་ཐོབ་སྟེ་བདག་གི་དབང་དུ་
འདུས་པའོ། །ཡང་ན། སྣང་བ་སྙིང་གར་ཟླ་བའི་སྟེང་། །སྣང་བ་མཆེད་པ་མགྲིན་པར་དང་། །ཐོབ་པ་སྤྱི་བོའི་དབུས་སུ་བསམ། །གང་དང་གང་དུ་བསམ་པ་དེའི། །རང་བཞིན་རྣམས་དང་བྲལ་བར་འགྱུར། །ཞེའོ། །རང་བཞིན་ཕྲ་བ་ནི་རེ་རེ་ལ་གསུམ་གསུམ་གྱི་དབྱེ་བས་སོ། །

ཅིར་འགྱུར་ཞེ་ན། བརྒྱ་དང་དྲུག་ཅུས་སོ། །འཁྲུལ་པ་སྐྱེ་བའི་ཚུལ་རྒྱུ་བསྟན་པའི་ཕྱིར། །རླུང་གི་བཞོན་པའི་རྒྱུ་ཡིས་ནི། །ཞེས་སྨོས་ཏེ་རླུང་ལ་རྣམ་པར་ཤེས་པ་ཞོན་ནས་ཉིན་དང་མཚན་དུ་ཡུལ་ལ་དམིགས་པར་འགྱུར་ཞེའོ། །དུས་ཇི་ཙམ་དུ་ཞེ་ན།
སྐད་ཅིག་དང་སྐད་ཅིག་བརྒྱ་ཉི་ཤུ་ལ་ཐང་ཅིག །དེ་ལས་ཡུད་ཙམ་དེའི་བར་དུ་སྐྱེ་ཞེའོ། །དེ་ནས་སེམས་ཙམ་གྱི་མཚན་ཉིད་བསྟན་པའི་ཕྱིར་རང་རིག་ཙམ་གྱི་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་རང་རིག་པ་ནི་རང་གི་སེམས་ཀྱིས་དོན་རིག་པ་ནི་རང་རིག་པའོ། །དེ་ཇི་ལྟ་བུ་ཞེ་
ན། ནམ་མཁའ་ལྟ་བུ་སྟེ་ནམ་མཁའ་དང་འདྲ་བར་རང་བཞིན་མེད་པའོ། །དཔལ་ནམ་མཁའ་དང་མཉམ་པའི་རྒྱུད་ལས་ཀྱང་། རིགས་ཀྱི་བུ། གཟུགས་དང་སྒྲ་དང་དྲི་དང་རོ། །དེ་བཞིན་རེག་དང་ཆོས་ལ་སོགས། །ཐམས་ཅད་སེམས་ཀྱི་སྣང་བ་སྟེ། །སེམས་ལས་གཞན་
ན་ཅི་ཡང་མེད། །ཡོད་མེད་གང་དུའང་མ་གྲུབ་པར། །ཤེས་པ་དེ་ནི་རང་རིག་སྟེ། །གང་དུ་ནམ་མཁའ་འདྲར་ཤེས་པའི། །རྣལ་འབྱོར་དེ་ཡིས་སེམས་ཉིད་མཐོང་། །ཇི་ལྟར་ནམ་མཁའ་དངས་པ་ལས། །ཁ་དོག་མེད་ཅིང་དབྱིབས་མེད་ཅིང་། །གློ་བུར་སྤྲིན་གྱི་སྣང་བ་བཞིན། །
ནམ་མཁའ་དང་འདྲའི་སེམས་ཉིད་ལ། །ཉོན་མོངས་དྲི་མས་གོས་པར་འགྱུར། །ཇི་ལྟར་གནས་གཞི་མེད་བཞིན་དུ། །མཁའ་ལས་འཇའ་ཚོན་རླུང་འབྱུང་ལྟར། །སེམས་ལས་སེམས་བྱུང་དེ་ལས་ནི། །དེ་རྣམས་འབྱུང་ངོ་དེ་ཡི་ཚེ། །སྐྱེ་གནས་བཞི་ལ་སོགས་པར་སྣང་། །ཞེས་
འབྱུང་བ་ལྟ་བུའོ། །དེ་ལྟར་ལྟ་བས་ཐག་བཅད་ནས་ད་ནི་དེའི་མན་ངག་བསྒོམ་པ་བསྟན་པའི་ཕྱིར། དེ་ཡི་སྒྲུབ་པ་བརྗོད་པར་བྱ། །ཞེས་པ་ལ་སོགས་པ་སྨོས་ཏེ་དེ་ཞེས་པ་ནི་སེམས་ལ་དམིགས་པའོ། །སྒྲུབ་པ་ནི་སྒྲུབ་པའི་ཐབས་ཏེ་བསྒོམ་པའི་མན་ངག་གོ། །དེ་བརྗོད་པ་ནི་བཤད་
པའོ། །རླུང་རྣམས་ཕྲ་བའི་གཟུགས་ཀྱིས་ནི། །ཞེས་པ་ནི་སྲོག་འཛིན་པའི་རླུང་ལ་སོགས་པའོ། །ཤེས་དང་ཡང་དག་འདྲེས་འགྱུར་ནས། །ཤེས་པ་རླུང་དང་འདྲེས་པར་འགྱུར། །ཞེས་པའོ། །དབང་པོའི་ལམ་ནས་བྱུང་ནས་ནི། །ཞེས་པ་ནི་དབང་པོའི་ལམ་གྱི་རྩ་བརྒྱུད་ནས་

ཤེས་པའོ། །ཅི་བྱེད་ཅེ་ན། ཡུལ་རྣམས་ལ་ནི་དམིགས་པར་བྱེད། །ཅེས་པས་གཟུགས་ལ་སོགས་པ་ལ་དམིགས་པའོ། །རླུང་ཕྲ་བ་ནི་རླུང་ཕྲ་བ་སྟེ། བདག་ཏུ་འབྱུང་བའོ། །ཤེས་པ་དང་འདྲེས་པ་ནི་ཤེས་པ་དང་འདྲེས་པ་སྟེ་གཉིད་ལ་སོགས་པའི་དུས་སོ། །ཤེས་པ་དང་འདྲེས་
པས་ནི་ཤེས་པ་དང་འདྲེས་པ་སྟེ་མཉམ་པར་བཞག་པའི་དུས་སུ་བདག་ལ་ཨཱ་ལི་ཀཱ་ལིའི་ཕྲེང་བར་གྱུར་པའོ། །དེས་ཅི་བྱེད་ཅེ་ན། དམིགས་པར་བྱེད་ཅེས་སྦྱར་རོ། །གང་ནས་འབྱུང་བ་ནི་གོང་དང་འདྲ། ཡུལ་ལ་དམིགས་པ་ནི་ཡུལ་ལ་དམིགས་པ་སྟེ། དབང་པོ་ལྔའི་རྩ་ཁ་བྱེ་
བའི་ཐིག་ལེ་ལ་ཏིང་ངེ་འཛིན་གཏོད་ཅེས་སྦྱར་རོ། །ཡང་ན་རླུང་ཕྲ་བ་ནི་རླུང་ཕྲ་བ་སྟེ་ཁམས་ཕྲ་བའི་རླུང་ལྗང་གུའི་མདོག་ཅན་ནོ། །ཤེས་པ་དང་འདྲེས་པ་ནི་དེའི་བསམ་གཏན་གསལ་ནས་ཤེའོ། །ཅི་བྱེད་ཅེ་ན། དབང་པོའི་ལམ་ནས་བྱུང་ནས་ཡུལ་ལ་དམིགས་ཏེ་བྱང་ཆུབ་སེམས་
ཀྱི་རྩ་ནི་ཡར་འཕར་ཏེ་བྱང་ཆུབ་སེམས་ཀྱི་བདེ་བ་སྐྱེ་བའོ། །གང་ཚེ་སྣང་བ་ལྡན་འགྱུར་ཞིང་། །ཞེས་པ་ནི་ཐིག་ལེ་ལ་སོགས་པ་གང་དང་གང་དུ་གསལ་བའོ། །རླུང་གི་བཞོན་པ་ཉིད་གྱུར་པ། །ཞེས་པ་ནི་ཤེས་པའི་བཞོན་པར་གྱུར་པའོ། །དེའི་ཚེ་རང་བཞིན་དེ་དག་ཀུན། །མ་ལུས་ལུས་པ་མེད་
པར་འཇུག །ཅེས་པ་ནི་གང་གི་ཚེ་རླུང་དང་ཤེས་པ་འདྲེས་པར་གྱུར་པའི་བསམ་གཏན་མཐར་ཕྱིན་པ་དེའི་ཚེ་རང་བཞིན་དེ་དང་དེ་དག་ཀུན་དགག་པར་འགྱུར་ཞེའོ། །རླུང་ནི་གང་དང་གར་གནས་པར། །ཞེས་པ་ནི། རླུང་མིག་དང་རྣ་བ་ལ་སོགས་པ་ལ་གནས་ནས་ཡུལ་ལ་དམིགས་པའི་
དུས་ནའོ། །ཅི་འབྱུང་ཞེ་ན། རང་བཞིན་གཟུགས་དང་སྒྲ་ལ་སོགས་པ་བསྟེན་ཏེ་འབྱུང་ཞེའོ། །ཇི་སྲིད་རླུང་ནི་རྒྱུ་བ་ཞེས་བྱ་བ་ནི་འབྱུང་བ་དང་འཇུག་པའོ། །སྣང་བ་མི་གཡོ་བར་གྱུར་པ། །ཞེས་པ་ནི་ཐིག་ལེ་བརྟན་པར་འགྱུར་བའོ། །སྣང་བ་གཉིས་ཀྱི་རྒྱུར་གྱུར་པ། །ཞེས་པ་ནི་སྣང་བ་
མཆེད་པ་དང་། ཐོབ་པ་གཉིས་ཀྱི་རྒྱུར་གྱུར་པ་ཞེས་པའོ། །བདག་གི་དངོས་པོར་རྣམ་པར་བརྟགས། །ཞེས་པ་ནི་གཉིས་ཏེ་ཕྱོགས་སྔ་མ་དང་དེའི་ལས་ཕྱོགས་ཕྱི་མ་བསྟན་པའོ། །སྔ་མ་ལྟར་ན་བདག་རྟག་པ། །ཞེས་བྱ་བ་དང་འབྲེལ་ཏོ། །ཕྱོགས་ཕྱི་མ་ལྟར་ན་ཐམས་ཅད་སེམས་

ཀྱི་སྣང་བར་གྱུར་པའོ། །སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །ཞེས་པ་ནི་གང་གི་ཚེ་བུད་མེད་ལ་བརྟེན་པར་གྱུར་པ་དེའི་ཚེ་རྣལ་འབྱོར་གྱི་ཡེ་ཤེས་སྐྱེ་བར་འགྱུར་རོ། །ཡེ་ཤེས་གསུམ་གྱི་དབྱེ་བ་ནི། །ཞེས་པ་ནི་སྣང་བ་ལ་
སོགས་པའི་དབྱེ་བའོ། །གསལ་བར་འདི་ལས་མཚོན་པར་འགྱུར། །ཞེས་པ་ནི། གསལ་བར་བུད་མེད་ལ་བརྟེན་པས་རྟོགས་པར་འགྱུར་བའོ། །འདོད་ཆགས་ཉིད་དང་ཆགས་བྲལ་དང་། །དེའི་བར་དེ་ཞེས་པ་ནི་སྣང་བ་ལ་སོགས་པ་གསུམ་པོ་ནི་ཞེས་པའོ། །དབང་པོ་གཉིས་
ནི་སྦྱོར་ལས་འབྱུང་། །ཞེས་སྦྱར་རོ། །དེ་ལ་དབང་པོ་ནི་དབང་པོ་སྟེ་བྱང་ཆུབ་སེམས་ཀྱི་ཐིག་ལེའོ། །འདི་ལ་གཉིས་ཡོད་པས་ན་དབང་པོ་གཉིས་སོ། །གང་ཞེ་ན། རྡོ་རྗེ་དང་པདྨ་འདུས་པ་སྟེ་ཧཱུཾ་དང་ཕཊ་ཀྱིས་སྦྱོར་བས་སོ། །དེའི་དོན་ནི་བསྐྱེད་པའི་རིམ་པ་མཐར་ཕྱིན་པའི་རྣལ་
འབྱོར་གྱིས་རྡོ་རྗེ་དང་པདྨ་ལ་ཧཱུཾ་དང་ཕཊ་བསམས་ལ་སྙོམས་པར་འཇུག་པའི་ཆོ་ག་བྱ་བའོ། །ཡང་ན་དབང་པོ་གཉིས་ནི་བདེ་ཆེན་དང་ལོངས་སྤྱོད་དོ། །དེའི་བདེ་བའི་རོ་མྱང་བ་ནི་དབང་པོ་སྦྱོར་བ་ལ་སོགས་པའོ། །ཡེ་ཤེས་གཉིས་ནི་མཉམ་སྦྱོར་བས། །ཞེས་པ་ནི་ཡེ་ཤེས་སྣང་བ་དང་
སྣང་བ་མཆེད་པ་གཉིས་སུ་མེད་པའོ། །ཡང་ན། ཡེ་ཤེས་གཉིས་ནི་མཉམ་སྦྱོར་དང་། །ཞེས་པ་ནི་ཐབས་དང་ཤེས་རབ་ཀྱི་ཕ་རོལ་པའོ། །ཇི་སྐད་བཤད་པའི་བྱ་བ་ཡིས། །ཞེས་པ་ནི་འཕྱང་བ་དང་འཁྱུད་པ་དང་སེན་མོ་ལ་སོགས་པའོ། །འབད་པས་ཡེ་ཤེས་གང་ཐོབ་པ། །ཞེས་
པ་ནི་སྙོམས་པར་ཞུགས་པས་བྱང་ཆུབ་སེམས་ཕབ་སྟེ་མགྲིན་པ་དང་སྙིང་ག་དང་ལྟེ་བ་གསུམ་དུ་ཡེ་ཤེས་གསུམ་སྐྱེ་བ་ནི་སྣང་བ་ཐོབ་པ་གསུམ་སྐྱེ་བའོ། །ས་སྟེ་ཐ་མ་བསྟན་པའོ། །གང་ཞིག་ཆུ་སྐྱེས་རྡོ་རྗེ་སྦྱོར། །ཞེས་པ་ནི་པདྨར་རྡོ་རྗེ་འཇུག་པའོ། །ཡང་ན་སྙིང་གའི་པདྨ་ལས་ཤེས་
རབ་ཀྱི་མེ་འབར་ཏེ་བདེ་བ་ཆེན་པོའི་བྱང་ཆུབ་སེམས་འགུགས་པར་བྱེད་ཅེས་པ་ནི་ཆུ་སྐྱེས་རྡོ་རྗེ་སྦྱོར་ཞེས་པའོ། །ཡང་ན་ཡེ་ཤེས་ཉིད་མ་ཆགས་རྣམ་པར་རྟོག་པའི་སྐྱོན་གྱིས་མ་གོས་པས་པདྨའོ། །དེ་ཉིད་ནི་རྡོ་རྗེ་སྟེ་རྣམ་པར་རྟོག་པའི་ངོ་བོ་འཇོམས་པར་བྱེད་པའི་ཕྱིར་རོ། །

དགའ་བ་ཉམས་སུ་མྱོང་བ་ནི་དགའ་བ་ཉམས་སུ་མྱོང་བའོ། །ལན་ཅིག་ཙམ་ནི་མྱོང་ནས་ཀྱང་། །ཞེས་པ་ནི་ལན་ཅིག་ཙམ་ཕྱག་རྒྱ་མ་ལ་བརྟེན་པའི་བདེ་བས་ཀྱང་ཞེའོ། །རྣལ་འབྱོར་སྟོབས་ཀྱིས་འགྲུབ་པར་འགྱུར། །ཞེས་པ་ཕྱིས་ཏིང་ངེ་འཛིན་གྱིས་སྤྱན་དྲངས་པ་
གཤེགས་སུ་གསོལ་བས་འགྲུབ་ཅེའོ། །ཡེ་ཤེས་འཇུག་པའི་ངོ་བོ་ཡིས། །ཞེས་པ་ནི་ཡེ་ཤེས་གསུམ་གྱི་སྦྱོར་བས་རང་བཞིན་སྡུད་པར་བྱེད་ཅེའོ། །དབྱེ་བ་ཇི་བཞིན་ཤེས་བྱ་ལ། །ཞེས་པ་ནི་སྣང་བ་ལ་སོགས་པ་དང་དེའི་རང་བཞིན་ཤེས་པར་བྱས་ལ་ཞེའོ། །ཅི་བྱེད་
ཅེ་ན། རང་བཞིན་དེ་ཡང་སླར་ལ་ནི། །རྟག་ཏུ་རྣལ་འབྱོར་པས་མཚོན་བྱ་སྟེ་སྒོམ་པ་པོས་ལྟེ་བའི་ས་བོན་ལ་བློ་གཏད་པའི་འདི་ལྟར་དབུས་སུ་བྱང་ཆུབ་སེམས་ཀྱི་ཐིག་ལེ་བསམས་ཏེ་དེའི་སྟོབས་ཀྱིས་ལྟེ་བའི་འཁོར་ལོ་རྒྱས་པ་དང་སླར་ཐིག་ལེ་ལ་གནས་པར་བྱའོ། །ཇི་ལྟར་སྤྲིན་ནི་
སྣ་ཚོགས་ཤིང་། །ཞེས་པ་ལ་སོགས་པ་ནི་གོ་སླའོ། །དེ་བཞིན་རང་བཞིན་ཐམས་ཅད་ནི། །ཞེས་པ་གོང་དུ་སྨོས་པའོ། །སྣང་བ་གསུམ་གྱི་རྒྱུ་ཅན་དེ། །ཞེས་པ་ནི། ཐམས་ཅད་སྣང་བ་གསུམ་ལས་འབྱུང་། །ཞེའོ། །མ་ལུས་ཡུལ་ལ་ཞུགས་པ་ནི་ཆགས་པ་ལ་སོགས་པ་སྐྱེས་པའོ། །
འོད་གསལ་བར་ནི་ཞུགས་པར་གྱུར། །ཞེས་པ་ནི་འོད་གསལ་བའི་ངང་དུ་རྣམ་པར་དག་ཅེས་པའོ། །དེས་ནི་རང་བཞིན་འཁྲུལ་པ་དཔེ་དང་བཅས་པ་བསྟན་ཏོ། །དེ་ནས་རང་བཞིན་མ་ཤེས་པའི་རྐྱེན་བསྟན་པའི་ཕྱིར་དེ་འདྲའི་རང་བཞིན་མ་ཤེས་པས་ཞེས་པ་ནི་གོང་མ་ལྟ་བུའི་རང་བཞིན་
རྒྱུ་ལ་སོགས་པ་དང་བཅས་པ་མ་ཤེས་པས་ཞེས་པའོ། །མི་ཤེས་མུན་པས་ཁེངས་ནས་ནི། །ཞེས་པ་ནི་གཏི་མུག་གི་མུན་པས་ཁེབས་པའོ། །ཅིར་འགྱུར་ཞེ་ན། འཁོར་བར་འགྱུར་ཞེས་ཏེ། གང་དུ་གང་གིས་ཤེ་ན། དེ་ཉིད་བསྟན་པའི་ཕྱིར། དགེ་དང་མི་དགེའི་ལས་བྱས་
ནས། འགྲོ་བ་ལྔར་ནི་འཁོར་ཞེའོ། །དེའི་དོན་ཡང་དགེ་བ་བཅུ་གཅིག་ལ་སོགས་པའོ། །གང་གི་ཕྱིར་མི་དགེ་བའི་ལས་དང་འབྲས་བུ་བསྟན་པའི་ཕྱིར། །མཚམས་མེད་ལ་སོགས་བྱས་ནས་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཚམས་མེད་པ་ནི་མཚམས་མེད་པ་སྟེ་མཚམས་

མེད་པའི་ལས་སོ། །གང་ཞེ་ན། ཕ་གསོད་པ་ལ་སོགས་པའོ། །དེས་ཅིར་འགྱུར་ཞེ་ན། དམྱལ་ལ་སོགས་པར་འཚོད་པར་འགྱུར། །ཞེས་ཏེ། མནར་མེད་པ་ནས་ཡང་སོས་ཀྱི་བར་དུ་སྐྱེ་ཞེས་པའོ། །གང་གི་ཕྱིར་དགེ་བའི་ལས་དང་ལས་ཀྱི་རྣམ་པར་
སྨིན་པ་བསྟན་པའི་ཕྱིར། སྦྱིན་པ་ལ་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཆོས་སྦྱིན་པ་ཡོངས་སུ་བཏང་བར་གྱུར་པ་དེས་རྟག་ཏུ་ཕྱུག་པོར་འགྱུར་རོ། །དེ་བཞིན་དུ་ཚུལ་ཁྲིམས་དང་བཟོད་པ་ལ་སོགས་པས་ལྷ་དང་མིའི་གོ་འཕང་གཟུགས་བཟང་པོ་ལ་སོགས་པར་
འགྱུར་རོ། །གཞན་ལས་ཀྱང་། ཕ་གསོད་པ་དང་མ་གསོད་དང་། །དགྲ་བཅོམ་ཕོ་མོ་གསོད་པ་ནི། །སེམས་ཀྱིས་བྱས་པས་ངན་སོང་རྒྱུ། །དེ་བཞིན་སྦྱིན་ལ་སོགས་པ་རྣམས། །སེམས་ཡིན་དེའི་བསྐྱེད་བླ་མེད་འགྱུར། །དཔེར་ན་མཁའ་ལ་འདབ་གཤེག་བཞིན། །ཞེས་པ་ལྟ་བུའོ། །དེ་ནས་སེམས་
ས་བོན་དུ་གྱུར་པ་བསྟན་པའི་ཕྱིར། །སྐྱེ་བ་དཔག་མེད་སྟོང་ཕྲག་ནི། །ཞེས་པ་སྐྱེ་བ་དཔག་ཏུ་མེད་ཅིང་བགྲང་བ་ལས་འདས་པའོ། །འདིས་ནི་ཡང་དང་ཡང་ཐོབ་པ། །ཞེས་པ་ནི་སེམས་ཀྱིས་ཡང་དང་ཡང་དུ་ཐོབ་པའོ། །ལོག་པར་རྟོག་པ་བསྟན་པའི་ཕྱིར། །འདི་ནི་སྔོན་
ལས་རྣམ་སྨིན་ཏེ། །ཞེས་པ་ནི་ལུས་ཀྱི་བདེ་བ་དང་སྡུག་བསྔལ་འདི་ནི་སྔོན་ལས་ཀྱི་རྣམ་པར་སྨིན་པའོ་ཞེས་སེམས་ལ་རྨོངས་པ་རྣམས་མྱ་ངན་བྱེད་དོ། །དེ་ནས་ཡང་དག་པའི་རྟོག་པ་ཡོན་ཏན་དང་བཅས་པ་བསྟན་པའི་ཕྱིར། རང་བཞིན་སྣང་བའི་ཚུལ་གྱིས་ནི། །ཞེས་བྱ་བ་
ལ་སོགས་པ་སྨོས་ཏེ་རང་བཞིན་བརྒྱ་དྲུག་ཅུ་ལ་སོགས་པ་སྣང་བ་གསུམ་ལས་སྐྱེ་བའི་ཚུལ་གྱིས་ཞེས་པའོ། །ཉོན་མོངས་པ་དེ་ཉིད་ཤེས་ན། །ཞེས་བྱ་བ་ནི་གོང་དང་འབྲེལ་པའོ། །ཅི་བྱེད་ཅེ་ན། གྲོལ་བར་འགྱུར་ཞེའོ། །གང་གིས་གང་། གང་ལས་ཤེ་ན། གོང་མ་དང་
ནི་དང་པོ་དང་སྦྱར་ཏེ། ཡེ་ཤེས་ཅན་ནི་ཡེ་ཤེས་ཅན་ཏེ། གང་ལ་རང་གི་གནས་པའི་དོན་ཤེས་པ་དེ་ལ་དེ་སྐད་ཅེས་བྱའོ། །སྲིད་པའི་གཟེབ་ལས་གྲོལ་བར་འགྱུར། །ཞེས་པ་ནི་སྲིད་པ་གསུམ་སྟེ་འདོད་པའི་སྲིད་པ་ལ་སོགས་པ་ལས་གྲོལ་བར་འགྱུར་ཞེས་པའོ། །ཤེས་རབ་

ངོ་བོ་འདི་ཉིད་ནི། །ཞེས་པ་ནི་སྣང་བའི་ཡེ་ཤེས་སོ། །ཟླ་བའི་དཀྱིལ་འཁོར་དག་ཏུ་བརྟག །ཅེས་པ་ནི་སྙིང་གར་ཟླ་བའི་དཀྱིལ་འཁོར་བསམ་པ་ནི་སྣང་བའོ། །སེམས་ཉིད་རང་གིས་མཐོང་འགྱུར་ཏེ། །ཞེས་པ་ནི་སྣང་བ་ཡང་སེམས་སྣང་བའོ། །རང་ཉིད་ཟླ་བའི་གཟུགས་
བཞིན་ནོ། །ཞེས་པ་ནི་རང་གི་སེམས་ཉིད་ཟླ་བ་ལྟར་བསམ་པའོ། །དེ་ནས་ཟླ་བ་ལ་དམིགས་པས། །ཞེས་པ་ནི་ཟླ་བའི་དཀྱིལ་འཁོར་གསལ་བའི་རྣལ་འབྱོར་པས་ཤེའོ། །རྡོ་རྗེ་མཚན་མར་རབ་ཏུ་བརྟག །ཅེས་པ་ནི་དེའི་སྟེང་དུ་རྡོ་རྗེ་བསམ་པའོ། །ཐབས་ནི་སྣང་བ་མཆེད་
པའོ། །ཟླ་བ་རྡོ་རྗེ་མཉམ་སྦྱོར་བས། །ཞེས་པ་ནི་ཟླ་བའི་དཀྱིལ་འཁོར་གསལ་བའི་རྣལ་འབྱོར་པ་ཞེའོ། །ཡང་ན་ཡེ་ཤེས་ཀྱི་ཚོགས་ཀྱི་ཡན་ལག་གི་རྗེས་ལ་ཟླ་བ་དང་རྡོ་རྗེ་དང་ལྷའི་སྐུ་བསམ་པའོ། །ཕྱག་རྒྱ་བཞིས་རྒྱས་བཏབ་པ་ནི་ཆོས་དང་ལས་དང་དམ་ཚིག་དང་ཕྱག་རྒྱ་ཆེན་པོས་
ཐེབས་པའོ། །ཡང་ན་ཆོས་ནི་ལོངས་སྤྱོད་ཀྱི་འཁོར་ལོའོ། །ལས་ནི་ལྟེ་བའི་འཁོར་ལོའོ། །དམ་ཚིག་ནི་སྙིང་གའི་འཁོར་ལོའོ། །ཕྱག་རྒྱ་ཆེན་པོ་ནི་བདེ་བ་ཆེན་པོའོ། །ཡང་ན་ལས་ཀྱི་རླུང་ནི་ལས་ཀྱི་ཕྱག་རྒྱའོ། །ལས་ཀྱི་རླུང་ནི་ལས་ཀྱི་ཕྱག་རྒྱ་སྟེ་དེས་དེའི་གནས་ནས་ཕབ་
པའོ། །ཡང་ན་ཆོས་ཀྱི་ཕྱག་རྒྱ་ནི་མགྲིན་པ་ལས་བྱུང་བའི་ལྷ་མོའོ། །ལས་ཀྱི་ཕྱག་རྒྱ་ནི་ཞིང་སྐྱེས་དང་སྔགས་སྐྱེས་ལ་སོགས་པའོ། །དམ་ཚིག་གི་ཕྱག་རྒྱ་ནི་སྙིང་ག་ལས་བྱུང་བའི་ལྷ་མོའོ། །དེས་དངོས་གྲུབ་ཐོབ་པ་ནི་ཕྱག་རྒྱ་ཆེན་པོའོ། །ལྷའི་ང་རྒྱལ་འཆང་བ་ནི་ལྷའི་རྣམ་པ་བསྒོམ་
པའོ། །དེ་ནི་ཡོངས་རྫོགས་རྣལ་འབྱོར་གྱི། །ཞེས་པ་ནི་རྫོགས་པའི་ཏིང་ངེ་འཛིན་བསྟན་ཏེ། སྟོང་པ་གསུམ་ནི་རྣམ་དག་གང་། །ཞེས་པ་ནི་སྟོང་པ་དང་རབ་ཏུ་སྟོང་པ་ལ་སོགས་པའོ། །རྣམ་པར་དག་པ་ནི་དབྱེར་མེད་པའོ། །འོད་གསལ་བ་ནི་འོད་གསལ་བ་སྟེ་རྣམ་པར་རྟོག་པའི་མུན་
པ་སེལ་བའོ། །ཐམས་ཅད་སྟོང་པའང་དེ་ཉིད་དེ་རང་བཞིན་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །ཡེ་ཤེས་གསུམ་ནི་རྣམ་དག་པ། །ཞེས་པ་ནི་སྣང་བ་ལ་སོགས་པ་རྣམ་པར་དག་པའོ། །ཐམས་ཅད་མཁྱེན་པ་ནི་ཐམས་ཅད་མཁྱེན་པ་སྟེ་གང་ལ་དེ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །འགྱུར་བ་

མེད་ཅིང་སྣང་བ་མེད་ཅེས་པ་ནི་ཁ་དོག་ལ་སོགས་པར་མི་འགྱུར་བའོ། །སྣང་བ་མེད་པ་ནི་སྣང་བ་དང་བྲལ་བའོ། །གཉིས་སུ་མེད་པ་ནི་གཉིས་སུ་དབྱེར་མེད་པའོ། །མཆོག་ཏུ་ཞེས་པའང་དེ་ཉིད་རྣམ་པར་རྟོག་པ་དང་ཉོན་མོངས་པའི་རྣམ་པ་ཞི་བའི་ཕྱིར་རོ། །ཡོད་
པ་ནི་ཡོད་པའོ། །མེད་པ་ནི་མེད་པའོ། །གང་ལ་ཡོད་པ་དང་མེད་པ་མི་དམིགས་པ་དེ་ལ་དེ་སྐད་ཅེས་བྱའོ། །ཚིག་གི་སྤྱོད་ཡུལ་མིན་ཞེས་པ་ནི་བརྗོད་པར་བྱ་བའི་ཡུལ་དུ་མ་གྱུར་པའོ། །དེ་བས་ཞེས་པ་ནི་དེའི་ཕྱིར་ཞེས་པའོ། །འོད་གསལ་དག་པ་ལས་ཞེས་པ་ནི་འོད་གསལ་བའི་ངང་ལས་
ཞེས་པའོ། །ཡེ་ཤེས་གསུམ་འབྱུང་ཞེས་པ་ནི་ཟླ་བ་དང་རྡོ་རྗེ་དང་ལྷའི་སྐུ་འབྱུང་ངོ་། །སུམ་ཅུ་རྩ་གཉིས་མཚན་འཆང་བ། །ཞེས་པ་ནི་མཚན་སུམ་ཅུ་རྩ་གཉིས་བརྒྱན་པའོ། །ཡང་ན་སྤྱི་བོའི་འཁོར་ལོའི་རྩ་སུམ་ཅུ་རྩ་གཉིས་ལ་དེ་སྐད་ཅེས་བྱའོ། །དཔེ་བྱད་བཟང་པོ་བརྒྱད་ཅུ་ནི་
གསང་བའི་རྩ་བརྒྱད་པ་དང་བཅས་པའོ། །གཞན་ལས་དྲུག་ཅུ་རྩ་བཞི་བཅུ་དྲུག་བཅས་ཤེའོ། །གཞན་གོ་སླའོ། །དེ་སྐད་དུ་ཞེས་པ་ནི་བསྐྱེད་པའི་དབང་དུའོ། །རྒྱ་ཆེ་བ་ཡང་ཡིན་ལ་རོལ་པ་ཡང་ཡིན་པས་རྒྱ་ཆེར་རོལ་པའི་མདོའོ། །ཤཱཀྱ་ཐུབ་པ་དེ་བཞིན་གཤེགས། །ཞེས་
པ་ནི་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའོ། །དེ་བཞིན་ཉིད་དུ་གཤེགས་པས་དེ་བཞིན་གཤེགས་པའོ། །ཡང་ན་དེ་བཞིན་ཉིད་ལས་གཤེགས་པས་དེ་བཞིན་གཤེགས་པའོ། །མངོན་པར་བྱང་ཆུབ་འདི་བཞེད་ན། །ཞེས་པ་ནི་མངོན་པར་བྱང་ཆུབ་པ་རྣམ་པ་ལྔའི་སྒོ་
ནས་སངས་རྒྱས་པར་འདོད་ནས་ཞེས་པའོ། །གང་གིས་ཇི་ལྟར་དགོངས་ཤེ་ན། །སྟོང་པ་ཆེན་པོ་སངས་རྒྱས་ཉིད། །ཐོབ་པར་བྱ་ཞེས་དགོངས་ནས་ཀྱང་། །ཞེས་པ་སྟེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་དོན་དང་ལྡན་པས་དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་
སེམས་ཅན་གྱི་ཕྱིར་སངས་རྒྱས་ཉིད་ཐོབ་པར་བྱའོ་ཞེས་དགོངས་ནས་སྙོམས་པར་ཞུགས་ཤེའོ། །གང་དུ་གང་ལ་ཞེ་ན་དངོས་པོ་དང་འབྲེལ་པ་སྟེ། ནཻ་རཉྫ་ནའི་ཆུ་འགྲམ་དུ། །ཞེས་པ་ནི། ཆུ་བོ་ནཻ་རཉྫ་ནའི་འགྲམ་དུ། མི་གཡོ་ཏིང་ངེ་འཛིན་སྙོམས་པའི། །ཞེས་པ་ནི་མི་

གཡོ་བ་ཡང་ཡིན་ལ་ཏིང་ངེ་འཛིན་ཀྱང་ཡིན་པས་མི་གཡོ་བའི་ཏིང་ངེ་འཛིན་ཏེ། ཏིང་ངེ་འཛིན་གང་ལ་མིང་དེ་སྐད་ཅེས་བྱ་བ་ཡོད་པའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ནས་ཤེའོ། །དེའི་ཚེ་ཞེས་བྱ་བ་ནི་སྙོམས་པར་ཞུགས་པ་དེའི་ཚེ་བཞུགས་ཞེས་སྦྱར་རོ། །གང་ཇི་ལྟར་
ཞེ་ན། རྡོ་རྗེ་རྒྱལ་བས་སངས་རྒྱས་ཐམས་ཅད་དོ། །ནམ་མཁའི་རྡོ་རྗེ་སྟེ་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུའོ། །ཇི་ལྟར་ན། ཏིལ་གྱི་གོང་བུ་བཞིན་དུ་སྟེ། །དཔེར་ན་ཏིལ་དང་འདྲ་བས་ན་ཏིལ་ཏེ་ཏིལ་འབྲུའི་གོང་བུ་བཞིན་དུ་གང་ནས་བཞུགས་སུ་ཞེས་སྦྱར་རོ། །དེ་ནས་གླེང་
བསླང་བའི་ཕྱིར། རྒྱལ་བའི་སྲས་ལ་སེ་གོལ་དང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱལ་བའི་སྲས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་བཅོམ་ལྡན་འདས་སེ་གོལ་དང་དབྱངས་ཀྱིས་གསུངས་པ། བསམ་གཏན་འདི་ནི་རྣམ་དག་མིན། །ཞེས་པ་ནི་ཀུན་རྫོབ་ཀྱི་བསམ་
གཏན་འདིས་རྣམ་པར་དག་པའང་ཐོབ་པར་མི་འགྱུར་ཞེའོ། །འདིས་ནི་མཐར་ཐུག་མི་ཐོབ་སྟེ། །ཞེས་པ་ནི་བསམ་གཏན་འདིས་ཆོས་ཀྱི་སྐུ་མི་ཐོབ་ཅེའོ། །གང་གིས་ཐོབ་ཅེ་ན། ནམ་མཁའི་ངོས་ལྟར་མཆོག་གྱུར་པ། །ཞེས་པ་ནི་ནམ་མཁའ་དང་འདྲ་བར་དངོས་པོ་མེད་
པའོ། །གང་ཡིན་ཇི་ལྟར་བྱ་ཞེ་ན། འོད་གསལ་བ་ནི་ཆོས་ཀྱི་སྐུའོ། །དམིགས་ཤིག་པ་ནི་སྒོམས་ཤིག་པའོ། །དེས་ཅིར་འགྱུར་ཞེ་ན། དེ་ཉིད་བསྟན་པའི་ཕྱིར། འོད་གསལ་བ་ཡི་གནས་ཐོབ་ནས། །ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ལ་འོད་གསལ་བ་ནི་ཆོས་ཀྱི་
སྐུའོ། །དེའི་གནས་ཐོབ་པ་ནི་ཆོས་ཀྱི་སྐུ་ཐོབ་པའོ། །ཐོབ་ནས་ཅིར་འགྱུར་ཞེ་ན། རང་དགའི་གཟུགས་སུ་སྐྱེ་བར་འགྱུར་ཏེ་ལོངས་སྤྱོད་རྫོགས་པའི་སྐུ་དང་སྤྲུལ་པའི་སྐུ་སྣ་ཚོགས་ཀྱིས་སེམས་ཅན་གྱི་དོན་ཐོགས་པ་མེད་པར་འགྱུར་རོ། །དེའི་ཚེ་ཞེས་བྱ་བ་ནི་དེའི་དུས་ན་ཐོབ་
པར་འགྱུར་རོ་ཞེས་སྦྱར་རོ། །གང་ཞེ་ན། རབ་དགའ་རྡོ་རྗེའི་སྐུ། །ཀུན་གྱི་དབང་ཕྱུག་ཐོབ་པར་འགྱུར་རོ། །རབ་དགའ་རྡོ་རྗེ་ནི་རབ་ཏུ་དགའ་བའི་རྡོ་རྗེ་སྟེ་བདེ་བ་ཆེན་པོའི་སྐུའོ། །ཀུན་གྱི་དབང་ཕྱུག་ཀྱང་དེ་ཉིད་དེ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པའི་སྐུ་ཐོབ་པར་

འགྱུར་རོ་ཞེས་སྦྱར་རོ། །འདི་ལྷའི་སྒྲ་དེ་གསན་པ་དང་ཞེས་བྱ་བ་ནི་གོ་སླའོ། །འདི་ལྟར་ནམ་ཕྱེད་དུས་སུ་ཞེས་པ་ལ་སོགས་པ་ནི་འོད་གསལ་བསྒོམ་པ་བསྟན་ཏེ། དེ་ལ། འདི་ལྟར་ནམ་ཕྱེད་དུས་སུ་ནི། །ཞེས་པ་ནི་ནམ་ཕར་ཕྱེད་ཚུར་ཕྱེད་དུའོ། །
ཡང་ན་ཉི་ཟླ་ཁ་སྦྱོར་དུ་བསམས་པ་དེ་ལ་དེ་སྐད་ཅེས་བྱའོ། །རྒྱལ་བའི་སྲས་ནི་སངས་རྒྱས་ཤཱཀྱ་ཐུབ་པ་སྟེ་དེས་དེ་ཁོ་ན་ཉིད་ཀྱི་དོན་ལ་བསྒོམ་པའོ། །ཇི་ལྟར་ཞེ་ན། སྐུ་ནི་དྲང་པོ་མ་ཡིན་ཞིང་། །ཞེས་པ་ནི་དྲང་པོར་མི་འདུག་པའོ། །གཞན་གོ་སླའོ། །ཐམས་ཅད་སྟོང་
པ་རྨད་ཆེན་པོ། །ཞེས་པ་ནི་འོད་གསལ་བའོ། །དེ་ནི་རྨད་དུ་བྱུང་བ་སྟེ། །ཡ་མཚན་དུ་གྱུར་པའོ། །དངས་ཤིང་གསལ་བའི་ཡེ་ཤེས་ཆེ། །ཞེས་པ་ནི་རྣམ་པར་རྟོག་པའི་རྙོག་པ་དང་བྲལ་བས་དངས་པའོ། །དེ་གསལ་བའི་ཤེས་པ་ནི་ཡེ་ཤེས་ཆེན་པོ་ཡིན་པའི་ཕྱིར་དེ་
ལ་དེ་སྐད་ཅེས་བྱའོ། །གང་ལ་བརྟེན་ནས་ཅིར་འགྱུར་ཞེ་ན་དེ་ཉིད་བསྟན་པའི་ཕྱིར། བླ་མ་ཉིད་ཀྱི་བཀའ་དྲིན་གྱིས། །དེས་ན་དེ་ནི་གསལ་མཐོང་འགྱུར། །ཞེས་ཏེ། བླ་མ་རྡོ་རྗེ་སློབ་དཔོན་གྱི་བཀའ་དྲིན་གྱིས་དེ་མ་ཐག་ཏུ་དེ་གསལ་བར་འགྱུར་ཞེའོ། །འདས་པ་དང་
ནི་མ་འོངས་དང་། །ད་ལྟར་བྱུང་བའི་སྲིད་གསུམ་ནི། །སྐད་ཅིག་དེ་ལ་མ་ལུས་མཐོང་། །ཞེས་པ་ནི་ཁམས་གསུམ་དང་དུས་གསུམ་སྐད་ཅིག་ཙམ་གྱིས་མ་ལུས་པར་མཐོང་བའོ། །འོད་གསལ་བ་ནི་རྣམ་དག་འཆར། །ཞེས་པ་ནི་འོད་གསལ་བ་མི་གཏོང་བའམ་
མངའ་བའོ། །རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །ཞེས་པ་ནི་རྡོ་རྗེ་དང་འདྲ་བས་རྡོ་རྗེའོ། །དེ་བས་ན་གང་ལ་འཇོམས་པར་བྱེད་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །སྐྱ་རེངས་འཆར་བའི་དུས་སུ་ནི། །ཞེས་པ་ནི་ཐོ་རངས་ཀྱི་དུས་སུའོ། །ཆུ་ཟླ་དང་ནི་ཞེས་པ་ལ་སོགས་པ་གོ་སླའོ། །
བྱང་ཆུབ་སྙིང་པོར་ཞུགས་ནས་ནི། །ཞེས་པ་ནི་ཆོས་ཀྱི་སྐུའི་ངང་ལ་གནས་པའོ། །དེ་ཡི་བདུད་རྣམས་འཇོམས་པར་མཛད། །ཅེས་པ་ནི་བདུད་དང་བར་དུ་གཅོད་པ་ནི་དེའི་བདུད་དེ་ཕུང་པོའི་བདུད་ལ་སོགས་པའོ། །ཤཱཀྱའི་མགོན་པོས་ཡང་དག་པའི། །ཡེ་

ཤེས་བླ་མེད་ལེགས་ཐོབ་ནས། །ཞེས་པ་ནི་ཆོས་ཀྱི་སྐུ་མཐོང་ནས་ཞེས་པའོ། །ཅི་བྱེད་ཅེ་ན། སྟོན་པར་མཛད་ཅེས་སྦྱར་རོ། །གང་གི་ཕྱིར་ཞེ་ན། འགྲོ་བ་ལ་སྐྱོབ་ཅིང་ཕན་པའི་ཕྱིར་ཏེ། འགྲོ་བ་དང་ངན་སོང་ལས་བསྐྱབ་པའི་ཕྱིར་རོ། །དེ་ཉིད་འདིར་ནི་སྟོན་པར་
མཛད། །ཅེས་པ་ནི་འོད་གསལ་བ་དེ་ཉིད་འདིར་སྟོན་པའོ། །མངོན་པར་བྱང་ཆུབ་སྟོན་པ་ནི། །ཞེས་པ་ཟླ་བ་དང་རྡོ་རྗེ་ལ་སོགས་པའོ། །དེ་ཉིད་ཡེ་ཤེས་ཞེས་བྱར་བཤད། །ཅེས་པ་ནི་མངོན་པར་བྱང་ཆུབ་པ་ལྔ་ཉིད་ཡེ་ཤེས་ཀྱི་སྣང་བ་ཡིན་ཞེས་སོ། །གཞན་གོ་སླའོ། །
སྤྱོད་པ་ཅི་དགའ་སྤྱོད་བྱེད་དེ། །ཞེས་པ་ནི་གཟུགས་ལ་སོགས་པ་གང་ལ་དགའ་བ་དེས་དེ་ལ་སྤྱོད་ཅེས་བྱའོ། །འདི་ནི་མ་འོངས་རྫོགས་ས