Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 36
Văn bản gốc(Tây Tạng)
Trang 15 / 20 (50.000 ký tự/trang)
ངས་རྒྱས། །ཞེས་པ་ནི་མ་འོངས་པའི་དུས་ཀྱི་གང་ཟག་རྣམས་ཀྱང་སངས་རྒྱས་པར་འགྱུར་བའོ། །ཆགས་མིན་ཆགས་དང་བྲལ་ བ་མིན། །ཞེས་པ་ནི་ཆགས་དང་ཆགས་པ་དང་བྲལ་བ་གཉི་ག་མི་དམིགས་པའོ། །སྟོང་པ་མ་ཡིན་མི་སྟོང་མིན། །ཞེས་པ་ནི་སྟོང་པ་ཞེས་བྱ་བའི་ཆོས་ཀྱི་ཚུལ་གང་ཡང་མི་འགྲུབ་པར་བསྟན་ཏོ། །དབུ་མ་ཡང་ནི་མི་དམིགས་སོ། །ཞེས་པ་ནི་གཉིས་ཀྱི་ངོ་བོ་ལས་འདས་ པའི་དབུ་མ་ཞེས་བྱ་བའི་ཚུལ་གང་ཡང་མ་གྲུབ་པར་བསྟན་ཏོ། །སངས་རྒྱས་ཀུན་གྱི་མཉམ་སྦྱོར་བ། །ཞེས་པ་ནི་སངས་རྒྱས་ཀྱིས་གཉིས་སུ་མེད་པའི་དོན་ཏོ། །ཡེ་ཤེས་གསུམ་བྲལ་དེ་ཉིད་གང་། །དགོངས་པ་ཡིས་ནི་གསུངས་པ་ཡིན། །ཞེས་པ་ནི་ཡེ་ཤེས་གསུམ་ དང་བྲལ་བ་གང་ཡིན་པ་དེས་མཆོག་ཐོབ་པོ་ཞེས་པ་ནི་དགོངས་པས་གསུངས་པའོ། །འདི་ཅི་ལ་དགོངས་ཤེ་ན། འོད་གསལ་བ་ལ་དགོངས་ནས་གསུངས་སོ། །ཡང་ན་སྣང་བའི་འཁྲུལ་པ་དང་བྲལ་བ་ལ་དགོངས་ནས་དེ་གསུངས་སོ། །དེ་བཞིན་དཔལ་ལྡན་གསང་ འདུས་ཀྱི། །བྱང་ཆུབ་སེམས་ཀྱི་ལེའུ་ལས་གསུངས། །ཞེས་སྦྱར་ཏེ། དེ་ནི་འདི་ལྟར་ཆོས་ཐམས་ཅད་རྣམ་པར་དག་པའི་དོན་གང་ཡིན་པ་སེམས་ཉིད་ཡིན་པའི་དོན་དེ་ནི་དཔལ་གསང་བ་འདུས་པའི་བྱང་ཆུབ་སེམས་ཀྱི་ལེའུ་ལས་གསུངས་ཤེའོ། །གང་གི་ཚེ་འདོད་ཆགས་ ལ་སོགས་པ་རྣམ་པར་དག་པ་ནི། འདོད་ཆགས་ལ་སོགས་རྣམ་དག་གང་། །ཞེས་པ་ལ་སོགས་པ་གསུངས་ཏེ། གང་གི་ཚེ་ཆོས་ཐམས་ཅད་སེམས་སུ་འདུས་ལ་སེམས་ཉིད་ཡོངས་སུ་དག་པར་གྱུར་པ་ནི་སེམས་མཐོང་བའོ། །དེའི་ཚེ་འདོད་ ཆགས་ལ་སོགས་པ་མི་དམིགས་པ་དེའི་ཆོས་ཀྱི་ཚུལ་མི་དམིགས་སོ། །ཉིད་དེ་དེ་བཞིན་གཤེགས་པས་ཀྱང་། ཐམས་ཅད་སྟོང་པར་གསུངས་ཞེས་པ་སྟེ། དེ་ལྟ་བུ་དེ་ནི་ཐམས་ཅད་སྟོང་པའོ། །སྣ་ཚོགས་མདོ་དང་རྒྱུད་ལས་ནི། །ཞེས་པ་མདོ་སྣ་ཚོགས་དང་རྒྱུད་སྣ་ཚོགས་ལས་ གསུངས་ཤེའོ། །དེ་བཞིན་གང་ཞིག་ཉེར་བསྟན་པ། །ཞེས་པ་ནི་དེ་བཞིན་གང་བསྟན་པ་དེ་ནི་ཐམས་ཅད་སྟོང་པའོ། །ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ནི། །ཐུབ་པ་ཆེན་པོས་གསུངས་པ་ལས། །ཞེས་པ་ནི་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་ ཤེའོ། །མངོན་པར་བྱང་ཆུབ་མཚན་ཉིད་ནི། །ཞེས་པ་མངོན་པར་བྱང་ཆུབ་པ་དེ་ཉིད་ནི་དེ་ནི་བླ་ན་མེད་པའི་མངོན་པར་བྱང་ཆུབ་པའོ། །སྙིང་པོ་ལས་ནི་སྙིང་པོར་གསུངས། །ཞེས་པ་ནི་ཟབ་པའི་ཕྱིར་རོ། །རལ་པ་གཅེར་བུ་མགོ་རེག་ལ་སོགས་པའི་དོན་ནི་གང་ལ་རྣམ་པར་རྟོག་ པ་དང་ལྡན་པའི་དུས་ན་ནི་རལ་པ་དང་གཅེར་བུ་དང་ཅོད་པན་འདུས་པ་སྤོང་བ་དང་ལེན་པའོ། །སྣ་ཚོགས་རྟགས་ཅན་དེ་དང་དེ། །ཞེས་པ་ནི་དེ་ལྟ་བུ་སྣ་ཚོགས་པའི་དོན་ཏོ། །མངོན་པར་བྱང་ཆུབ་འདོད་པ་རྣམས། །ཞེས་པ་ནི་མངོན་པར་བྱང་ཆུབ་འདོད་པའི་རྣལ་འབྱོར་པས་སྤང་ ཞེའོ། །སྤངས་ནས་ཅི་བྱེད་ཅེ་ན། གྲོལ་བར་མི་འགྱུར་ཞེས་སྦྱར་རོ། །ལུང་གཞན་ལས་ཀྱང་། སེམས་ཉིད་མཐོང་བའི་རྣལ་འབྱོར་གྱིས། །གཙང་བ་དང་ནི་མི་གཙང་དང་། །རལ་པ་དང་ནི་མགོ་རེག་དང་། །དེ་བཞིན་ཆོས་བརྒྱད་ཐམས་ཅད་ཀུན། །གང་ལ་གནས་ཀྱང་ གྲོལ་བར་འགྱུར། །གང་ཞིག་སེམས་ཉིད་མི་རྟོག་ཅིང་། །རྣམ་པར་རྟོག་ལ་རབ་གནས་པས། །སྦྱིན་པ་གཏོང་ཞིང་ཚུལ་ཁྲིམས་བསྲུང་། །བཟོད་དང་ཤེས་རབ་རབ་གནས་ཀྱང་། །དེས་ཀྱང་གྲོལ་བར་མི་འགྱུར་རོ། །བསམ་གཏན་དང་བྲལ་རྣལ་འབྱོར་པས། །རྟག་ཏུ་སྤྱོད་ལ་ འཇུག་བྱེད་ཀྱང་། །སྤྱོད་པ་ཉིད་ཀྱི་འཆང་བྱེད་འགྱུར། །ཐབས་མེད་སྤྱོད་པ་ལྕགས་གཟེབ་འདྲ། །དངོས་རྣམས་སེམས་ཀྱི་འཁྲུལ་པ་སྟེ། །ཅིར་སྣང་སེམས་ཉིད་རང་བཞིན་ནོ། །གང་ཚེ་སེམས་ལས་ཐ་དད་པར། །སྣང་བ་དམིགས་ཀྱི་ཟླ་གཉིས་བཞིན། །ཐ་དད་མེད་ ལས་ཐ་དད་པ། །དོན་མེད་པས་ན་མོ་གཤམ་བཞིན། །དང་པོ་དེ་མཐོང་དེ་ཡི་ཚེ། །ཆོས་ཀུན་སེམས་ཀྱི་འཁྲུལ་པར་སྣང་། །དོན་དམ་སེམས་ནི་ཐོག་མ་དང་། །ཐ་མ་དབུས་ལ་སོགས་པ་མེད། །སེམས་ལ་ཆོས་ཀྱི་ཚུལ་མེད་པར། །མཐོང་བ་དེ་ཡིས་སེམས་ཉིད་མཐོང་། ། ཞེས་འབྱུང་བ་ལྟ་བུའོ། །དང་པོ་ལས་ཀྱི་སྦྱོར་བ་ཡིས། །ཞེས་པ་ནི་བསྐྱེད་པའི་རིམ་པའི་རྣལ་འབྱོར་དང་རྡོ་རྗེ་བཟླས་པའོ། །ས་བརྒྱད་པ་ནི་ཐོབ་པར་འགྱུར། །ཞེས་པ་ནི་བཟོད་པ་འབྲིང་པོའི་སའོ། །གཞན་ལས་ཀྱང་། བསྐྱེད་པ་དང་ནི་བཟླས་པ་ཡིས། །བཟོད་པ་འབྲིང་ པོའི་ས་ལ་གནས། །ཞེས་པ་ལྟ་བུའོ། །སྣང་བ་གསུམ་པོ་མཐོང་བ་དག །ཅེས་པ་ནི་ཡེ་ཤེས་གསུམ་བསྐྱེད་པའོ། །ཅིར་འགྱུར་ཞེ་ན། ས་བཅུ་ལ་ནི་གནས་པར་འགྱུར། །ཞེས་པ་ནི་བུའོ། །མངོན་པར་བྱང་ཆུབ་ལེགས་ཐོབ་ནས། །ཞེས་པ་ནི་འོད་གསལ་བ་ཐོབ་ ནས་ཤེའོ། །ཅི་བྱེད་ཅེ་ན། གཙང་མའི་གནས་སུ་ཉེ་བར་འགྲོ། །ཞེས་པ་སྟེ་ཆོས་ཀྱི་སྐུ་ཐོབ་ཅེའོ། །སངས་རྒྱས་ཞིང་ནས་མི་ལྡོག་ཅེས་པ་ནི་འཁོར་བར་མི་ལྡོག་པའོ། །ཚེ་འདི་ཉིད་ཀྱིས་ཐམས་ཅད་མཁྱེན། །ཞེས་པ་ནི་ཚེ་འདི་ཉིད་ཀྱིས་ཐམས་ཅད་མཁྱེན་པའི་བྱེ་བྲག་ དང་ལྡན་པར་འགྱུར་རོ། །ཆོས་དབྱིངས་མངོན་པར་བྱང་ཆུབ་པ། །ཞེས་པ་ནི་མངོན་པར་བྱང་ཆུབ་པའི་རྒྱུའོ། །ཆགས་སོགས་རོལ་མོ་རྒྱ་ཆེན་པོ། །ཞེས་པ་ནི་འདོད་ཆགས་ཀྱི་ཆོས་སོ། །ཆོས་དབྱིངས་མངོན་པར་བྱང་ཆུབ་པ། །ཇི་ལྟར་རྙེད་པའི་སྦྱོར་བ་ཡིས། ། ཞེས་པ་ནི་རྣལ་འབྱོར་གྱི་ཡེ་ཤེས་སྐྱེ་བའི་ཐབས་ཤེས་པའོ། །མངོན་པར་རྟོགས་པར་གར་འགྱུར་བ། །ཞེས་པ་ནི་ཐབས་གང་ཁོང་དུ་ཆུད་པའོ། །བླ་མེད་མངོན་པར་བྱང་ཆུབ་པ། །ཞེས་པ་ནི་བླ་ན་མེད་པའི་མངོན་པར་བྱང་ཆུབ་པ་འདོད་པའོ། །དེས་ཇི་ལྟར་བྱ་ཞེ་ན། །སྤྲོས་བཅས་ ལ་སོགས་སྤྱོད་པ་ཡིས། །ཞེས་པ་སྟེ། སྤྱོད་པ་རྣམ་པ་གསུམ་མམ་དགུའམ་བསམ་གྱིས་མི་ཁྱབ་པའོ། །སྤྱོད་པ་དེས་ཅི་བྱེད་ཅེ་ན་སློབ་པོ་ཞེས་སྦྱར་རོ། །གང་གིས་སློབ་ཅེ་ན། རྣལ་འབྱོར་པ་ཡིས་ཏེ། ཏིང་ངེ་འཛིན་དང་ལྡན་པས་སློབ། །ཅེས་སྦྱར་ རོ། །གདོད་ནས་དག་པའི་རང་བཞིན་ཅན། །ཞེས་པ་ནི་གང་ལ་རྣམ་པར་རྟོག་པ་དང་བྲལ་བ་དེ་ལ་དེ་སྐད་ཅེས་བྱའོ། །ངོ་བོ་ཉིད་ཀྱིས་དེ་གྲུབ་ན། །ཞེས་པ་ནི། ངོ་བོ་ཉིད་ཀྱིས་དག་པར་རྟོགས་སམ་མངོན་དུ་གྱུར་ན་ཞེའོ། །བསླབ་པའི་སྦྱོར་བས་ཅི་ཞིག་བྱ། །ཞེས་པ་ནི་སྤྱོད་ པ་སྤྱད་པ་དོན་མེད་ཅེའོ། །རྟོག་ལས་དེ་བཞིན་ཉིད་མི་སྐྱེ། །ཞེས་པ་ནི་རྣམ་པར་རྟོག་པ་ལས་དེ་བཞིན་ཉིད་མི་འབྱུང་ཞེའོ། །གང་ཞིག་དེ་ལྟར་འདིར་རྟོགས་ན། །ཞེས་པ་ནི་རྣལ་འབྱོར་པ་གང་ཡང་རུང་བ་ཞིག་སྤྱོད་པ་དོན་དམ་པར་རྟོགས་ན་ཞེའོ། །ཡེ་ཤེས་རིམ་པ་ སྤངས་པ་ཡིན། །ཞེས་པ་ནི་དོན་དམ་པ་སྤངས་པ་ཡིན་ཞེས་པའོ། །དེས་ཅི་བྱེད་ཅིའི་ཕྱིར་ཞེ་ན། སྤངས་པའི་འགལ་བ་ཡིན་པའི་ཕྱིར་རོ། །གཞན་གོ་སླའོ། །རིམ་པ་ལྔའི་དཀའ་འགྲེལ་དོན་གསལ་བ་ཞེས་པ་ལས་རིམ་པ་གཉིས་ཀྱི་བཤད་པའོ།། །། དེ་ནས་རིམ་པ་གསུམ་པ་བསྟན་པའི་ཕྱིར། རྡོ་རྗེ་ཅན་རྣམས་ཀུན་གྱི་གཙོ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་རྡོ་རྗེ་དང་ལྡན་པས་རྡོ་རྗེ་ཅན་དེ་ཕྱག་ན་རྡོ་རྗེ་ལ་སོགས་པའོ། །དེའི་གཙོ་བོ་ཡིན་པས་ཀུན་གྱི་གཙོ་བོ་རྡོ་རྗེ་འཆང་ཆེན་པོའོ། །དེ་ལ་ཕྱག་འཚལ་ཏེ་ཞེས་པ་ནི་ གཞན་གྱི་དོན་སྒྲུབ་པའི་བར་དུའོ། །ཕྱག་འཚལ་ཏེ་བཤད་ཅེས་སྦྱར་རོ། །གང་བཤད་ཅེ་ན། བདག་ལ་བྱིན་གྱིས་བརླབ་པ་ཉིད། །ཅེས་པ་སྟེ། བདག་ལ་བྱིན་གྱིས་རློབ་པ་ནི་སྒྱུ་མའི་དཔེ་བཅུ་གཉིས་ཉེ་བར་མཚོན་ཏེ་རློབ་ཅེའོ། །དེ་བཤད་པ་ཡིན་པས་དེ་ལ་དེ་སྐད་ཅེས་བྱའོ། །གང་ གི་སྒོ་ནས་གང་གིས་བཤད་ཅེ་ན། བརྩེ་བས་བདག་གིས་བཤད་ཅེས་པ་སྨོས་ཏེ་སེམས་ཅན་རྨོངས་པ་རྣམས་ལ་སྙིང་རྗེ་ཆེན་པོ་བསྐྱེད་ནས་བདག་གིས་བཤད་ཅེའོ། །དེ་ལས་དང་པོ་བསྐྱེད་པའི་རིམ་པའི་རྗེས་སུ་འབྲངས་ནས་ཞེས་པ་ནི་བསྐྱེད་པའི་རིམ་པའི་ལྷའི་སྐུ་ལ་དམིགས་ ནས་ཞེས་པའོ། །དབང་བསྐུར་བ་ཐོབ་ཅིང་ཞེས་པ་ནི་བུམ་པའི་དབང་བསྐུར་བ་ཐོབ་ཅིང་ཞེས་པའོ། །རྒྱུད་རྣམ་པ་བཞིའི་དགོངས་པ་ཤེས་པ་ནི་བྱ་བའི་རྒྱུད་དང་སྤྱོད་པའི་རྒྱུད་དང་གཉི་གའི་རྒྱུད་དང་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་དགོངས་པ་ཤེས་ཤིང་ཞེས་པའོ། ། ཡང་ན་དགོངས་པ་ལུང་བསྟན་དང་ལྷ་མོ་བཞིས་ཞུས་པ་ལ་སོགས་པ་བཞི་ཤེས་པ་དེ་ལ་དེ་སྐད་ཅེས་བྱའོ། །ཡང་ན་འབྲེལ་པའི་ཕྱིར་རྒྱུད་དེ་དང་མེ་དང་མཉམ་དུ་གནས་པ་ལ་སོགས་པ་འབྲས་བུ་དང་བཅས་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཤེས་རབ་དང་ལྡན་པ་ནི་ཤེས་རབ་ ཡོད་པའོ། །ལུས་དང་ངག་དང་ཡིད་ཐོབ་པ་འཛིན་པ་ནི་བཟླས་པ་དང་སེམས་དང་ལྷའི་སྐུའི་རྣམ་པ་དང་ལྡན་པའོ། །བདེན་པ་གཉིས་ལ་མོས་པ་ནི་ལྷའི་སྒྱུ་མ་ལྟ་བུ་དང་འོད་གསལ་བ་ལ་གཅེས་སུ་བྱེད་པའོ། །དེ་ལྟ་བུའི་རྣལ་འབྱོར་པས་སློབ་དཔོན་ཡང་དག་པར་མཉེས་པར་ བྱས་ཏེ་ཞེས་པ་ནི་རབ་ཏུ་གཅེས་པ་དང་ཡིད་ལ་འཐད་པ་ལ་ཐུག་གི་བར་དུ་སེམས་དང་བས་འབུལ་བའོ། །མཉེས་ནས་ཅི་བྱེད་ཅེ་ན། ཚོགས་ཀྱི་མཆོད་པ་ཆེན་པོ་བྱས་ལ་ཞེས་པ་ནི་ཚོགས་ཀྱི་འཁོར་ལོ་བྱས་ལ་ཞེའོ། །ཆེན་པོ་ནི་འདིར་འཁོར་ལོར་ཤེས་པར་བྱའོ། །ལུང་ གཞན་ལས། སྤྱོད་པ་དགུ་ཡི་དབང་དག་ཏུ། །རྣལ་འབྱོར་ཕ་དང་རྣལ་འབྱོར་མ། །བརྒྱ་རྩ་བརྒྱད་ནས་ལྔ་ཡི་བར། །ཟས་དང་སྐོམ་ཡང་དེ་བཞིན་ཏེ། །དེ་བཞིན་ས་གནས་བར་དུ་མཆོད། །ཅེས་པའོ། །ལོ་བཅུ་དྲུག་པ་རྡོ་རྗེ་སློབ་དཔོན་ལ་ཕུལ་ཏེ་ཞེས་པ་ནི་བུ་མོ་ལོ་བཅུ་དྲུག་པ་ ཕུལ་ཏེ་ཞེས་པའོ། །ཡང་ན་སྐྱེད་པར་བྱེད་པའི་ཕྱིར་བུ་མོའོ། །དགའ་བ་བཅུ་དྲུག་སྟེར་བས་ལོ་བཅུ་དྲུག་མའོ། །སློབ་དཔོན་ནི་ཏིང་ངེ་འཛིན་དེ་ལ་ཕན་པར་བྱེད་པའོ། །ཕུལ་ཏེ་ཞེས་པ་ནི་ཕུལ་དུ་བྱས་ཤེས་སོ། །ཡང་ན་བུ་མོ་གོང་དང་འདྲ། །ལོ་བཅུ་དྲུག་པ་ནི་པདྨ་བཅུ་དྲུག་གི་བར་དུའོ། ། སློབ་དཔོན་ནི་སྤྱི་བོའི་འཁོར་ལོའོ། །དེ་ལ་ཕུལ་ཏེ་ཞེས་པ་ནི་མགྲིན་པ་ནས་རླུང་གིས་བཟློག་སྟེ་བདེ་བ་ཆེན་པོར་གནས་པའོ། །ཡང་ན་ལོ་བཅུ་དྲུག་པ་ནི་འདིར་བདེ་བ་ཆེན་པོའི་རྩ་སུམ་ཅུ་རྩ་གཉིས་པའི་བདེ་བ་ཆེར་སྐྱེས་པ་བཅུ་དྲུག་པོ་སློབ་དཔོན་ལ་ཕུལ་ཏེ་ཞེས་པ་ནི་སྙིང་གར་ཁུ་བ་འཛག་པའོ། ། གཞན་གོ་སླའོ། །གཞན་ནི་གཞན་དུ་ཤེས་པར་བྱའོ། །ཁོང་སྟོང་ཁྱོད་ཀྱི་ལུས་ལ་མེད། །ཅེས་པ་ནི་ལུས་ཀྱི་ནང་ན་སྟོང་པ་མེད་ཅེའོ། །ཤ་དང་རུས་པ་ཁྲག་མེད་ཀྱང་སྟོན་པར་མཛད་ཅེའོ། །ཇི་ལྟར་ཞེ་ན། ནམ་མཁའ་ལ་ནི་འཇའ་ཚོན་ ལྟར་སྟོན་ཞེའོ། །དཔེར་ན་ནམ་མཁའ་ལ་ནི་ཁ་དོག་སྣ་ལྔ་ལ་སོགས་པའི་འཇའ་ཚོན་དེའི་རྒྱུ་མེད་དེ་ངོ་བོ་ཉིད་ཀྱིས་སྟོང་ངོ་། །དེ་བཞིན་སངས་རྒྱས་ཐམས་ཅད་ཀྱི། །དབང་ཕྱུག་ཁྱོད་ཀྱི་སྐུ་ཡང་སྟོན་པར་མཛད་ཅེའོ། །སྐུ་ལ་སྙུན་མེད་མི་གཙང་མེད། །ཅེས་པ་ནི་རླུང་ལ་སོགས་པའི་ནད་ དང་། བུ་ག་ལས་བྱུང་བའི་མི་གཙང་བ་མེད་ཅེའོ། །བཀྲེས་དང་སྐོམ་ཞེས་པ་ནི་བཀྲེས་པ་དང་སྐོམ་པའོ། །དེ་ལྟ་བུ་འབྱུང་བ་མེད་ཀྱང་སྟོན་པར་མཛད་ཅེས་སྦྱར་རོ། །གང་དང་གང་གི་ཕྱིར་གང་དང་མཐུན་པར་ཞེ་ན། ཁྱོད་ཅེས་པ་སྟེ་གོང་དུ་བཤད་དོ། །འཇིག་རྟེན་རྗེས་ འཇུག་ཕྱིར་ཞེས་པ་ནི་འཇིག་རྟེན་གྱི་སེམས་ཅན་ཁ་དྲང་བའི་ཕྱིར་རོ། །འཇིག་རྟེན་བྱ་བ་སྟོན་པར་མཛད། །ཅེས་པ་ནི་སེམས་ཅན་དང་མཐུན་པའི་ལས་བྱེད་པའོ། །ཆུ་ཟླ་དང་འདྲ་བས་ཆུ་ཟླ་སྟེ་སྣང་བ་ན་རང་བཞིན་མེད་པའོ། །ཆོས་རྣམས་ཀུན་ལ་གནས་པ་མེད་ཅེས་པ་ནི་ འཁོར་བའི་ཆོས་ཐམས་ཅད་ལ་མི་གནས་པའོ། །ང་རྒྱལ་མེད་པ་ནི་ང་རྒྱལ་མེད་པ་སྟེ། སེམས་ཁེངས་པ་མེད་པའོ། །རྨོངས་པ་ནི་མ་རིག་པ་སྟེ་དེ་དང་བྲལ་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དམིགས་པ་མེད་པ་ནི་དམིགས་པ་དང་བྲལ་བ་སྟེ། དེ་ཅིའི་ཕྱིར་ ཞེ་ན། དེ་ལྟ་བུ་རྣམ་པར་རྟོག་པ་དང་བྲལ་བའི་ཕྱིར་རོ། །ཕྱག་འཚལ་བ་ནི་དེ་ལྟ་བུའི་དོན་དང་ལྡན་པ་ཁྱོད་ལ་ཕྱག་འཚལ་ལོ་ཞེས་པའོ། །གཤེགས་དང་ཞེས་པ་ལ་སོགས་པའི་དོན་ནི་འགྲོ་བ་ནས་འཆི་བའི་ཚུལ་གྱིས་བར་དུ་རྟག་ཏུ་མཉམ་པར་འཇོག་པ་གང་ཡིན་ པ་དེ་ལ་དེ་སྐད་ཅེས་བྱའོ། །སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཞེས་པ་སྒྱུ་མ་དང་འདྲ་བའི་ལྷའི་རྣམ་པ་ལ་དམིགས་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །རྫུ་འཕྲུལ་ཆེལ་རྣམ་འཕྲུལ་ཞིང་། །ཞེས་པ་ནི་ཀུན་དུ་སྐུ་བསམ་གྱིས་མི་ཁྱབ་པ་ནས་ཐུགས་ཀྱི་ བར་དུའོ། །སྣ་ཚོགས་པ་ལ་སྙོམས་པར་འཇུག་པ་ཞེས་པ་ནི་སྐུ་སྣ་ཚོགས་པ་ལ་དམིགས་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །གཞན་གོ་སླའོ། །ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །ཞེས་པ་ནི་ཐམས་ཅད་མཁྱེན་པ་ནི་ཀུན་མཁྱེན་ནོ། །སྒྱུ་ མའི་དཔེས་མཚོན་པའི་སྐུ་ནི་ཡེ་ཤེས་ཀྱི་ཕུང་པོའོ། །སྤྱིར་ཕུང་པོ་ནི་གཉིས་ཏེ་ཡེ་ཤེས་ཀྱི་ཕུང་པོ་དང་ལས་ཀྱི་ཕུང་པོའོ། །དེ་ལ་ཏིང་ངེ་འཛིན་ལས་སྐྱེས་པ་ནི་ཡེ་ཤེས་ཀྱི་ཕུང་པོའོ། །རྐྱེན་རྣམ་བཞི་ལས་སྐྱེས་པ་ནི་ལས་ཀྱི་ཕུང་པོའོ། །སྲིད་པའི་འཁོར་ལོ་ ནི་སྲིད་པའི་འཁོར་ལོའོ། །ཅིའི་ཕྱིར་ཞེ་ན་ལས་དང་ཉོན་མོངས་པས་སྲིད་པ་གསུམ་དུ་ཡང་ནས་ཡང་དུ་འཁོར་བའི་ཕྱིར་དེ་ལ་དེ་སྐད་ཅེས་པའོ། །དེ་རྣམ་པར་སྦྱོང་བ་ནི་ཞི་བ་ལ་སོགས་པའི་སྦྱོར་བས་སོ། །དེ་རིང་ཞེས་བྱ་བ་ནི་དུས་སོ། །བཤད་པ་ནི་བདག་ བྱིན་གྱིས་རློབ་པའི་རིམ་པའོ། །དེ་ནི་རིན་པོ་ཆེ་སྟེ་གང་ལ་དགོས་པའི་དོན་འབྱུང་བ་དེ་ནི་རིན་པོ་ཆེའོ། །གཙོ་བོ་ཞེས་པ་ནི་བོད་པའོ། །བདག་ལ་བཀའ་དྲིན་སྩོལ་ཞེས་བྱ་བ་ནི་བདག་ལ་ཆོས་བཤད་དུ་གསོལ་ཞེས་པའོ། །ཁྱོད་ཞབས་པདྨ་སྤངས་ནས་ ནི། །ཁྱོད་ཀྱི་ཞབས་ཀྱི་པདྨ་སྤངས་ནས་སྐྱབས་གཞན་མེད་པ་སྟེ་སྐྱབས་མེད་པའོ། །གཞན་གོ་སླའོ། །དེ་ནས་དེ་ཉིད་ཀྱི་མིང་བསྟན་པའི་ཕྱིར་བདག་བྱིན་གྱིས་བརླབ་པའི་རིམ་པ་སྟེ་གོང་དུ་བཤད་དོ། །གང་དུ་རྟོགས་པ་བསྟན་པའི་ཕྱིར། །ཀུན་རྫོབ་བདེན་པ་ བསྟན་པ་སྟེ་གང་དུ་རྒྱུ་རྐྱེན་གྱིས་བསྐྱེད་པ་ཡོད་པ་དེ་ནི་ཀུན་རྫོབ་སྟེ། དེའི་དབང་དུ་བྱས་ན་དངོས་པོ་ཡོད་པར་བདེན་པས་ཀུན་རྫོབ་ཀྱི་བདེན་པའོ། །རྟོགས་པ་དང་དེའི་དུས་བསྟན་པའི་ཕྱིར་དེ་ནི་བླ་མའི་དྲིན་དག་གིས་ཐོབ་ཅེས་པ་སྟེ། བླ་མའི་དྲིན་གྱིས་ཞེས་ པ་ནི་འབྱུང་ཁུངས་ཀྱི་དབང་དུ་བྱས་པའོ། །ཐོབ་པ་ནི་དུས་དེ་གོང་དུ་བླ་མ་ལས་ཐོས་པའི་དུས་ན་ཐོབ་ཅེའོ། །ཐོབ་པ་ཞེས་བྱ་བའང་ས་བོན་གྱི་ཚུལ་དང་མངོན་དུ་གྱུར་པའི་ཚུལ་གཉིས་སུ་འགྱུར་གྲང་ན། ས་བོན་ནི་ཡེ་ཤེས་ཡོད་པའི་ཕྱིར་མ་ཡིན། མངོན་དུ་གྱུར་ པ་ཡང་མ་ཡིན་ཏེ་དེ་ལ་བསྟན་པ་མེད་པའི་ཕྱིར་རོ་ཞེ་ན། འདི་ནི་བླ་མའི་མན་ངག་སྔོན་མེད་པ་ལས་རྟོགས་པའི་ཕྱིར་རོ། །གང་གི་ཕྱིར་གསུམ་པ་རྙེད་པར་དཀའ་བ་དང་མ་རྙེད་པའི་སྐྱོན་བསྟན་པ་དེའི་ཕྱིར་གང་གིས་རྙེད་པར་མ་གྱུར་པ་ཞེས་པ་ ནི་རྟོག་གེ་བ་གང་གིས་ཀྱང་རྙེད་པར་མ་གྱུར་པའོ། །མདོ་སྡེ་རྒྱུད་ལ་སོགས་པ་ལ། དེ་ནི་ངལ་བ་དོན་མེད་འགྱུར། །ཞེས་ཏེ་མདོ་སྡེ་དང་རྒྱུད་མང་པོ་བརྟགས་པ་དོན་མེད་པར་འགྱུར། །གང་གི་ཚེ་བྱིན་གྱིས་བརླབ་པ་ཐོབ་པའི་ཡོན་ཏན་བསྟན་པའི་ཕྱིར། བདག་ལ་ བྱིན་རླབས་རིམ་ཐོབ་པ། །ཞེས་སྨོས་ཏེ་བདག་ལ་བྱིན་གྱིས་བརླབས་པ་གང་གིས་ཐོབ་པ་ནི་འགྱུར་ཞེས་སྦྱར་རོ། །གང་དུ་ཞེ་ན། དེ་བསྟན་པའི་ཕྱིར། གཙོ་བོ་སངས་རྒྱས་ཀུན་བདག་ཉིད། །ཅེས་སྨོས་ཏེ་སངས་རྒྱས་ཐམས་ཅད་ཀྱི་གཙོ་བོའམ་བདག་པོར་འགྱུར་ བའོ། །དུས་ཇི་ཙམ་གྱིས་ཤེ་ན་ཚེ་འདི་ཉིད་ཀྱིས་སོ། །གང་དུ་ཞེ་ན་སངས་རྒྱས་ཏེ་མཆོག་འགྲུབ་པར་འགྱུར་བའོ། །དེ་ནས་གོ་རིམས་བསྟན་པའི་ཕྱིར་བདག་བྱིན་བརླབས་པའི་དང་ཞེས་པ་ནི་རྒྱུའི་ཁྱད་པར་རོ། །འོད་གསལ་བ་ནི་འབྲས་བུའོ། །གང་གི་ཕྱིར་འབྲས་བུ་ བས་རྒྱུ་སྔ་མ་དེའི་ཕྱིར་དེ་ལ་དེ་བསྟན་ཏོ། །གཞན་གོ་སླའོ། །རྣམ་པར་རྟོག་པས་འཆིང་བར་འགྱུར་བ་དང་དེའི་གྲོལ་བ་པོ་བསྟན་པའི་ཕྱིར། འགྲོ་ཀུན་རང་དབང་མེད་པ་སྟེ། །ཞེས་པ་ནི་འགྲོ་བ་ཀུན་རྒྱུ་རྣམ་པར་རྟོག་པ་མ་སྤངས་པས་འབྲས་བུ་ཐོབ་པ་མ་ཡིན་པའོ། །རང་དབང་ དུ་ནི་འབྱུང་བ་ཡིན། །ཞེས་པ་བདག་ལ་བྱིན་གྱིས་བརླབ་པའི་རིམ་པས་རང་དབང་དུ་འབྱུང་བའོ། །དེ་ནས་ལྡང་བའི་རིམ་པ་བསྟན་པ་ནི། དེ་ཡི་རྒྱུ་ནི་འོད་གསལ་བ། །འོད་གསལ་ཐམས་ཅད་སྟོང་པ་ཡིན། །ཞེས་པ་སེམས་ཅན་ཐམས་ཅད་ནི་རྒྱུ་རང་བཞིན་མེད་པ་ལས་ འབྱུང་བའོ་ཞེས་པ་ནི་སེམས་ཅན་གྱི་དབང་དུ་བྱས་པའོ། །ཡང་ན་འོད་གསལ་བའི་ངང་ལས་ལྷའི་སྐུ་གཅིག་དང་དུ་མའི་རང་བཞིན་དུ་འབྱུང་བ་ནི་སློབ་པའི་དབང་དུ་བྱས་པའོ། །སེམས་གང་གིས་ནི་བྱིས་པ་རྣམས་འཁོར་བའི་འཆིང་བས་བཅིངས། ཞེས་པ་ནི་རྣམ་པར་རྟོག་པ་དང་ལྡན་པའི་ སེམས་གང་ཡིན་པ་དེས་དོན་ལ་ཤེད་མ་བྱེ་བ་རྣམས་བཅིངས་ཤེའོ། །གང་ཞགས་པས་བཅིངས་པའི་སེམས་ཅན་དེ་ནི་དེ་ཉིད་ལས་གཞན་དུ་ནི་འགྲོའི། དེའི་སྡུག་བསྔལ་ཉམས་སུ་མྱོང་ངོ་། །དེ་བཞིན་དུ་ཉོན་མོངས་པའི་ཞགས་པས་བཅིངས་པའི་སེམས་ཅན་དེ་ནི་འཁོར་བའི་གནས་དེ་ཉིད་ ལས་སངས་རྒྱས་ཀྱི་སར་འགྲོ་བར་མི་ནུས་སོ། །འཁོར་བའི་སྡུག་བསྔལ་ཉིད་ཉམས་སུ་མྱོང་ངོ་། །དེ་བས་ན། སེམས་དེ་ཉིད་ཀྱིས་རྣལ་འབྱོར་པ། །བདེ་གཤེགས་གནས་སུ་འགྲོའོ་ཞེས་པ་ནི་སེམས་རྣམ་པར་རྟོག་པ་དང་བྲལ་བས་ནི་སངས་རྒྱས་ཀྱི་སར་འགྲོ་ཞེའོ། །དོན་དམ་པའི་དབང་དུ་ བྱས་ཏེ་བཤད་པ། རྣམ་པར་རྟོག་པ་དང་བྲལ་བའི་བདེན་པ་འདིར་ནི་དངོས་པོ་གང་ཡང་སྐྱེ་བ་མེད་ཅེའོ། །འཆི་བ་མེད་ཅེའོ། །སེམས་ནི་རང་བཞིན་རྣམ་དག་པར། །འཁོར་བ་ཉིད་ནི་ཤེས་པར་བྱ། །ཞེས་པ་ནི་འཁོར་བ་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པར་བསམ་པའོ། ། རླུང་གི་སྦྱོར་བ་མེད་པར་ནི། །ཞེས་པ་ནི་རྡོ་རྗེ་བཟླས་པ་མེད་པར་ཞེའོ། །སེམས་ཀྱི་རང་བཞིན་གཟུང་དུ་མེད། །ཅེས་པ་ནི། སེམས་ལ་དམིགས་པ་བསྒོམ་དུ་མེད། །ཅེའོ། །སེམས་ཀྱི་རང་བཞིན་རྒྱུར་གྱུར་པས། །ཞེས་པ་ནི་ཆོས་རྣམས་ཐམས་ཅད་སེམས་ལས་བྱུང་བས་ཞེས་པས་ ནི་དེའི་ཕྱིར་ཞེས་པའོ། །ལས་དང་སྐྱེ་བ་ཀུན་དུ་འབྱུང་། །ཞེས་པ་ནི་ལས་རྣམ་པ་བཞི་དང་སྐྱེ་བ་བཞི་འབྱུང་ཞེའོ། །དེ་ཉིད་རླུང་དང་ཡང་དག་ལྡན། །ཞེས་པ་ནི་ཤེས་པ་དང་རླུང་འགྲོགས་ཏེ་བྱེད་ཅེའོ། །རྣམ་ཤེས་གསུམ་པོ་སླར་ཡང་ནི། །རྣལ་འབྱོར་པ་ཡི་ལུས་སུ་འབྱུང་། །ཞེས་ པ་ནི་སྒྱུ་མ་ལྟ་བུའི་སྐུ་འབྱུང་བའོ། །སྒྱུ་མའི་ལུས་ཞེས་དེ་ལ་བཤད། །ཅེས་པ་ལ་སོགས་པས་ནི་རྣལ་འབྱོར་པའི་ཕུང་པོ་ལ་སོགས་པ་ཐམས་ཅད་སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་ཉེ་བར་མཚོན་པའི་ལྷའི་སྐུར་བསམ་པའོ། །དེ་ནས་སྒྱུ་མ་ལྟ་བུའི་སྐུ་ལ་མཆོད་པའི་གོ་བ་བསྟན་པའི་ཕྱིར། །དེ་བས་ བདག་ཉིད་མཆོད་ལ་འཇུག །ཅེས་པ་ལ་སོགས་པ་སྨོས་ཏེ། ཐམས་ཅད་བདག་གིས་སྣང་བ་སྒྱུ་མ་ཙམ་ཡིན་པ་དེའི་ཕྱིར་བདག་མཆོད་པར་བྱ་ཞེའོ། །བདག་ཉིད་སངས་རྒྱས་ཐམས་ཅད་དང་། །ཞེས་པ་ནི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཡང་དག་ཉིད་ཡིན་ཞེའོ། །བྱང་ཆུབ་སེམས་དཔའ་ ཐམས་ཅད་ཉིད། །ཅེས་པ་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ངོ་བོའང་བདག་ཉིད་ཡིན་ཞེའོ། །དེ་བས་ཀུན་ནས་འབད་པ་ཡིས། །བདག་ཉིད་རྟག་ཏུ་མཆོད་པར་བྱ། །ཞེས་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ངོ་བོ་ཡིན་པ་དེའི་ཕྱིར་ཐམས་ཅད་འབད་པ་ མཆོད་ཅེའོ། །དེའི་ནི་བདག་མཆོད་པའི་སྣོད་དུ་རུང་བར་བསྟན་པའོ། །གང་གི་ཕྱིར། མཆོད་པའི་རྫས་དང་ཐབས་བསྟན་པ། །དེའི་ཕྱིར། སྔགས་དང་ཕྱག་རྒྱའི་སྦྱོར་བ་དང་། །ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ལ་སྔགས་ནི་མཆོད་པ་དབུལ་བའི་སྔགས་སོ། །ཕྱག་རྒྱའང་ དེའི་ཕྱག་རྒྱའོ། །དཀྱིལ་འཁོར་ནི་མཆོད་པའི་དཀྱིལ་འཁོར་རོ། །གཞན་གོ་སླའོ། །ཡང་ན་སྔགས་ནི་ཡིད་སྐྱོབ་པའི་ཕྱིར་ཏེ་སྙིང་གར་བསྒོམ་པའི་ཨའོ། །ཕྱག་རྒྱ་ནི་དེས་རྣམ་པར་རྟོག་པ་ཐམས་ཅད་ལ་འདེབས་པའི་ཕྱིར་རོ། །དེ་ནི་སྙིང་པོ་ལེན་པའི་ཕྱིར་དཀྱིལ་འཁོར་རོ། །དེ་ནས་ ཀླད་པའི་གཞལ་ཡས་ཁང་ནས་བྱང་ཆུབ་སེམས་འོག་གི་མེ་ཀློང་དུ་འབབ་པ་ནི་སྦྱིན་སྲེག་གོ། །དེ་ཐམས་ཅད་སྒྱུ་མར་བསམ་པའོ། །ཞི་བ་དང་ནི་ཞེས་པ་ལ་སོགས་པས་ནི་སྒྱུ་མ་ལྟ་བུ་ལས་བསྟན་ཏེ། དེ་ལ་སྒྱུ་མ་ལྟ་བུའི་སྐུར་བསམས་ཏེ་ཞི་བ་ནི་གདུག་རྩུབ་ཞི་བར་བྱེད་པའི་ སྦྱོར་བ་སྟེ་སྣང་མཛད་ཀྱི་སྦྱོར་བས་སོ། །རྒྱས་པ་ནི་རིན་ཆེན་འབྱུང་ལྡན་གྱི་སྦྱོར་བས་སོ། །དབང་ལ་སྣང་བ་མཐའ་ཡས་ཀྱི་སྦྱོར་བའོ། །མངོན་སྤྱོད་ལ་ནི་དོན་ཡོད་གྲུབ་པའི་སྦྱོར་བའོ། །དགུག་པ་ལ་སོགས་པའི་སྦྱོར་བ་ལ་ནི་རྡོ་རྗེ་འཆང་གི་སྦྱོར་བས་སོ། །གང་གིས་ཤེ་ན་ སྔགས་ལ་སོགས་པའི་སྦྱོར་བས་སོ། །ཇི་ལྟར་ཞེ་ན། དབང་པོའི་གཞུ་དང་མཚུངས་པར་བྱ། །ཞེས་པ་ནི་དབང་པོའི་གཞུ་དང་འདྲ་བས་མཚུངས་པ་སྟེ། དཔེར་ན་དབང་པོའི་གཞུ་ལ་ནི་ཁ་དོག་ལ་སོགས་པ་དང་ལྡན་ཡང་ངོ་བོ་ཉིད་མེད་དོ། །དེ་བཞིན་དུ་ལས་ཀྱི་ཚོགས་ ཐམས་ཅད་ཀྱང་དེ་ལྟར་བསམ་པར་བྱའོ། །ཡང་ན་ཞི་བ་ལྟེ་བའི་འཁོར་ལོ་ལ་བྱང་ཆུབ་སེམས་ཀྱི་ཐིག་ལེ་བསམས་པའོ། །དེ་ལ་རྒྱས་པ་ནི་སྨད་ཀྱི་རླུང་གཡོས་པས་ལུས་ལ་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་གང་བའོ། །དེས་རྣམ་པར་རྟོག་པ་འཇོམས་པས་མངོན་སྤྱོད་ཀྱི་ལས་སོ། །གང་གི་ ཚེ་བྱང་ཆུབ་སེམས་ལ་དབང་ཐོབ་པ་དེའི་ཚེ་དབང་ཞེས་སྦྱར་རོ། །དགུག་པ་ནི་བདེ་བ་ཆེན་པོའི་གནས་ནས་བྱང་ཆུབ་སེམས་འགུགས་པའོ། །སྒེག་དང་ཉེ་བར་ལོངས་སྤྱོད་དང་། །ཞེས་པ་ནི་སྒེག་པ་དང་། འདོད་པ་ལྔ་ལ་ལོངས་སྤྱོད་པའོ། །གཞན་གོ་སླའོ། །དབང་པོ་གང་དང་ གང་ལས་གྱུར། །དེ་དང་དེ་ཡི་ངོ་བོར་བྱས། །ཞེས་པ་ནི་གཟུགས་ལ་སོགས་པ་ལྷ་མོ་དྲུག་སྒྱུ་མར་བསམ་ཞེའོ། །དེས་ཅིར་འགྱུར་ཞེ་ན། མཉམ་པར་མ་བཞག་སྦྱོར་བ་ཡིས། །སངས་རྒྱས་ཀུན་དང་མཉམ་པར་སྦྱོར། །ཞེས་པ་སྟེ་མཉམ་པར་མ་བཞག་ཀྱང་སངས་རྒྱས་ དང་མཉམ་པར་མཐོང་ཞེས་པའོ། །དེ་ནས་དེའི་ཡོན་ཏན་བསྟན་པའི་ཕྱིར། ཀུན་ནས་ཀུན་དུ་ཐམས་ཅད་དང་། །ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ལ་དུས་ཀུན་དང་རྣམ་པ་ཐམས་ཅད་དུ་སངས་རྒྱས་ཀུན་གྱི་བདག་པོར་འགྱུར་ཞེའོ། །དངོས་གྲུབ་ནི་གང་ཐོབ་ཅེ་ན། དེའི་ཕྱིར། རང་ཉིད་ ཀྱིས་ནི་དེ་མཐོང་འགྱུར། །ཞེས་པ་སྟེ་རྣལ་འབྱོར་པ་རང་གིས་ཞིང་ཁམས་ཡོངས་སུ་དག་པ་དེ་མཐོང་ཞེའོ། །ཡོན་ཏན་གཞན་ཡང་གཙོ་བོ་བདེ་བ་ཆེན་པོའོ། །ཀུན་གྱི་རང་བཞིན་ཞེས་པ་ནི་སངས་རྒྱས་ཀུན་གྱི་རང་བཞིན་ནོ། །སེམས་དཔའ་ཆེན་པོ་ནི་རྡོ་རྗེ་འཆང་ཆེན་པོའོ། ། འགྲོ་བ་ལ་སོགས་པ་ནི་གོ་སླའོ། །མཁའ་ལས་སྐད་ཅིག་དག་གིས་རྙེད། །ཅེས་པ་ནི་ནམ་མཁའ་དང་འདྲ་བའི་ཆོས་ཀྱི་དབྱིངས་ལས་འབྱུང་ཞེའོ། །ཡང་ན་ལྟེ་བའི་ཕྱོགས་ཀྱི་ཁུ་བ་ནི་གཙོ་བོ་བདེ་བའི་རང་བཞིན་ནོ། །སེམས་དཔའ་ཆེན་པོ་ནི་དེ་ལ་དམིགས་པའི་ཏིང་ངེ་འཛིན་ཏོ། །འགྲོ་ བ་ནི་བཙུན་མོའི་བྷ་གའོ། །འོང་བ་ནི་རླུང་གི་ལྕགས་ཀྱུས་བཀུག་པའོ། །གནས་པ་ནི་ལྟེ་བའི་ཕྱོགས་ན་གསལ་བའོ། །དེས་ཟས་དང་སྐོམ་ནི་བཀྲེས་པ་དང་སྐོམ་པའི་གདུང་བ་སེལ་བ་དེ་ལ་དེ་སྐད་ཅེས་བྱའོ། །དེ་གང་ལ་བརྟེན་པས་འབྱུང་ཞེ་ན་བཙུན་མོའི་བྷ་ག་ལ་བརྟེན་ པས་སྐད་ཅིག་ཙམ་གྱིས་རྙེད་ཅེའོ། །དེས་ཅིར་འགྱུར་ཞེ་ན། སྲིད་པ་གཅོད་པར་འགྱུར་བ་ཞེས་སྨོས་ཏེ། སྲིད་པ་གསུམ་པོ་འཇོམས་པའོ། །འགྲོ་ལ་རབ་མཆོག་སྟོན་ཞེས་པ་ནི་འགྲོ་བ་ལ་སྐུ་སྣ་ཚོགས་སྟོན་ཞེའོ། །གཞན་གོ་སླའོ། །གང་གི་ཕྱིར་བྱིན་གྱིས་བརླབ་པ་ མ་ཤེས་པའི་སྐྱོན་བསྟན་པ་དེའི་ཕྱིར་བདག་བྱིན་གྱིས་བརླབ་པའི་མན་ངག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ་དེ་ལ་བདག་བྱིན་གྱིས་བརླབ་པའི་མན་ངག་ནི་གཞུང་གི་ཚོགས་སོ། །གང་གིས་བླ་མ་ལས་མ་བསྒྲུབས། །ཞེས་པ་ནི་སེམས་ཅན་གང་དང་གང་ གིས་བླ་མའི་མན་ངག་མ་ཐོབ་པ་དེ་དང་དེས་ཕྱིར་ལྡོག་ཅེས་སྦྱར་རོ། །དེའི་ཕྱིར། མཆོད་པ་ཐམས་ཅད་ཡོངས་སྤངས་ནས། །ཞེས་པ་ནི་མཆོད་པ་གཞན་མི་བྱའོ། །བླ་མ་མཆོད་ལ་ཡང་དག་བརྩམ། །ཞེས་པ་ནི་བླ་མ་ལ་ཐམས་ཅད་མཉེས་པར་བྱའོ། །གཞན་གོ་ སླའོ། །རིམ་པ་ལྔའི་དོན་གསལ་བར་སྟོན་པ་ལས་རིམ་པ་གསུམ་པའི་བཤད་པའོ།། །།དེ་ནས་རིམ་པ་བཞི་པ་བསྟན་པའི་ཕྱིར། ཐམས་ཅད་སྟོང་པ་ཉིད་སྟོན་པའོ། །ཞེས་པ་ལ་སོགས་པ་སྨོས་ཏེ། གང་གིས་གང་ལ་སྟོན་ཞེ་ན། དེ་བསྟན་པའི་ཕྱིར་སྟོན་པ་པོ་རྡོ་རྗེ་ སེམས་དཔའ་ཞེས་སྨོས་ཏེ། དེ་ལ་དོན་དམ་པའི་རྡོ་རྗེ་ལ་སེམས་དཔའ་རྡོ་རྗེ་སེམས་དཔའོ། །ཐམས་ཅད་སྟོང་པ་ནི་འོད་གསལ་བའོ། །དེ་སྟོན་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལ་ཕྱག་འཚལ་ཏེ་བཤད་ཅེས་སྦྱར་རོ། །གང་གིས་གང་གི་ཕྱིར་ཞེ་ན། བཞི་ པ་མངོན་པར་བྱང་ཆུབ་པའི་རིམ་པ་བདག་གིས་བཤད་ཅེའོ། །དེ་ནས་སློབ་དཔོན་གྱི་ཡོན་ཏན་བསྟན་ཏེ། འདི་ནི་ཞེས་པ་ལྷག་ཅེས་སྦྱར་རོ། །གང་བས་ལྷག་ཅེ་ན། རང་བྱུང་བཅོམ་ལྡན་འདས་ཞེས་པ་ནི་རྡོ་རྗེ་འཆང་ལ་སོགས་པའོ། །གཅིག་བསྡུས་བདག་ཉིད་ ཆེ་བའི་ལྷ། །ཞེས་པ་ནི་གཅིག་ཏུ་བསྡུས་པའི་བདག་ཅན་ནོ། །དེ་བས་ལྷག་ཅེས་སྦྱར་རོ། །གང་བས་ལྷག་ཅེ་ན། རང་བྱུང་བཅོམ་ལྡན་འདས་ཞེས་སྨོས་ཏེ། འོད་གསལ་བའི་མན་ངག་དངོས་སུ་སྟོན་པའི་ཕྱིར་རོ། །རྡོ་རྗེ་སློབ་དཔོན་དེ་བས་ལྷག །ཅེས་པ་ནི་གོང་མ་དང་ འབྲེལ་པའོ། །དེ་ནི་ཡང་དག་མཉེས་བྱས་ཏེ། །ཞེས་པ་ནི་རྡོ་རྗེ་སློབ་དཔོན་མཉེས་པ་ནི་གོང་དུ་བཤད་དོ། །དུས་ཇི་ཙམ་ཞེ་ན། ལོའམ་ཡང་ན་ཟླ་བ་ལ། །ཞེས་པ་ལ་སོགས་པ་ནི་གོ་སླའོ། །ཚོགས་ཀྱི་དཀྱིལ་འཁོར་དབུས་སུ་ནི། །ཞེས་པ་ནི་འདུས་པའི་དཀྱིལ་འཁོར་གྱི་ དབུས་སུ་ཞེས་པའོ། །ཆོ་ག་ཇི་བཞིན་མཆོད་པར་བྱ། །ཞེས་པ་ནི་ཕྱི་ནང་གི་མཆོད་པ་མང་པོ་དབུལ་བའོ། །དེ་ནས་འདོད་ཡོན་ལྔ་སྤྱོད་པས། །ཞེས་པ་ནི་གཟུགས་ལ་སོགས་པའོ། །རྣལ་འབྱོར་ཆེན་པོ་མཉེས་ཞེས་པ་ནི་རྡོ་རྗེ་སློབ་དཔོན་མཉེས་པའོ། །སྙོམས་པར་འཇུག་ པའི་ཆོ་ག་ནི་སྦྱོར་བ་བྱེད་པའོ། །དེས་ཅིར་འགྱུར་ཞེ་ན། སྣང་བ་བསྐྱེད་པ་ནི་སྣང་བའི་ཡེ་ཤེས་སྐྱེས་ཞེས་པའོ། །ཡང་ན་ཚོགས་ཀྱི་དཀྱིལ་འཁོར་ནི་སྤྱི་བོའི་འཁོར་ལོའོ། །ཅིའི་ཕྱིར་ཞེ་ན། ཡི་གེ་བདུན་ཅུ་རྩ་གཉིས་ཚོགས་པའི་ཕྱིར་རོ། །དེའི་དབུས་ནི། རྩའི་མདུད་པའོ། ། ཆོ་ག་ཇི་བཞིན་མཆོད་པ་ནི་དེར་དབུས་ཐིག་ལེ་ལ་བློ་གཏད་དེ་བསྒོམ་པའོ། །འདོད་ཡོན་ལྔ་སྤྱོད་པས་ཞེས་པ་སྤྱི་བོ་ལས་འབྱུང་བའི་རྩའི་རྩེ་མོར་ཐིག་ལེ་ལ་བློ་གཏད་པའོ། །རྣལ་འབྱོར་ཆེན་པོ་མཉེས་ཞེས་པ་ནི་བྱང་ཆུབ་སེམས་འབབ་པའོ། །སྙོམས་པར་འཇུག་པ་ནི་དུས་དེར་ ཕྱག་རྒྱ་མ་དང་སྙོམས་པར་འཇུག་པའོ། །དེས་ཅི་བྱེད་ཅེ་ན། སྣང་བའི་ཡེ་ཤེས་བསྐྱེད་པའོ། །བྱང་ཆུབ་སེམས་ནི་རབ་འབད་པས། །ཞེས་པ་ནི་བྱང་ཆུབ་སེམས་ཕྱུང་བའོ། །ཀ་ལ་ཤ་སོགས་དག་ཏུ་གཞག །ཅེས་པ་ནི་བུམ་པ་དང་ཉ་ཕྱིས་ལ་སོགས་པ་གཞག་པའོ། །གཞན་ གོ་སླའོ། །དེ་ནས་བླ་མ་ལ་བསྟོད་པ་ནི། ཁམས་གསུམ་ལས་ནི་རྣམ་གྲོལ་ཞིང་། །ཞེས་པ་ནི་ཁམས་གསུམ་གྱི་རྣམ་པར་རྟོག་པ་ལས་གྲོལ་ཞེའོ། །ནམ་མཁའ་དང་ནི་མཉམ་གྱུར་པ། །ཞེས་པ་ནམ་མཁའ་དང་འདྲ་བས་ནམ་མཁའ་སྟེ་དེ་དང་མཉམ་པའོ། །འདོད་པ་རྣམས་ ཀྱིས་མ་གོས་པ། །ཞེས་པ་ནི་གཟུགས་ལ་སོགས་པ་འདོད་པར་བྱ་བ་དང་། བྱེད་པ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །དམིགས་པ་མེད་པ་ནི་དམིགས་པ་མེད་པ་སྟེ། དམིགས་པའི་རྣམ་པ་དང་བྲལ་བ་དེ་ལ་རྟོགས་པའི་ཚུལ་གྱིས་ཕྱག་འཚལ་ལོ་ཞེའོ། །ཕུང་པོ་རྣམས་དང་ ཁམས་རྣམས་དང་། །ཞེས་པ་ལ་སོགས་པའི་དོན་ནི་རྣམ་པར་རྟོག་པ་དང་ལྡན་པའི་ཕུང་པོ་དང་སྐྱེ་མཆེད་ལ་སོགས་པ་དང་བྲལ་བའོ། །རྣམ་རྟོག་མེད་ཅིང་ཀུན་རྟོག་མེད། །ཅེས་པ་ནི་རྣམ་པར་རྟོག་པ་དང་ཀུན་དུ་རྟོག་པ་དང་བྲལ་ཞེའོ། །ཐུགས་ནི་རབ་ཏུ་མི་གནས་པ། ། ཞེས་པ་ནི་ཐུགས་རྣམ་པར་རྟོག་པ་ལ་མི་གནས་པའོ། །བསམ་གྱིས་མི་ཁྱབ་པ་ཡི་ཐུགས། །ཞེས་པ་ནི་དཔག་ཅིང་གཞལ་དུ་མེད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཅི་ལྟར་ནམ་མཁའ་གནས་མེད་ཅིང་། །ཞེས་པ་ནི་ནམ་མཁའ་ལ་ནི་གནས་དང་གནས་པ་དང་ གནས་པ་བྱེད་པ་པོ་མེད་དོ་ཞེའོ། །སྤྲོས་མེད་གོས་པ་མེད་ཅེས་པ་ནི་སྤྲོས་པ་དང་གོས་པ་དང་སྤྲོས་པའོ། །དགོས་པ་པོ་དང་སྤྲོས་པའི་ཆོས་ལ་སོགས་པ་དམིགས་ཤིང་དམིགས་སུ་མེད་དོ། །ལྟར་ཞེས་པ་ནི་དེ་བཞིན་དུའོ། །མཁའ་དང་མཉམ་པ་ནི་ནམ་མཁའ་དང་འདྲ་བའོ། ། ཐམས་ཅད་སྟོང་པའི་རང་བཞིན་ཅན། །ཞེས་པ་ནི་འོད་གསལ་བའོ། །མངོན་པར་བྱང་ཆུབ་བལྟ་བར་འཚལ། །ཞེས་པ་ནི་འོད་གསལ་བ་རྟོག་པར་འཚལ་ཞེས་པའོ། །གཞན་གོ་སླའོ། །ལས་དང་འབྲས་བུ་ལས་གྲོལ་ཞིང་། །ཞེས་པ་ནི་དེ་ཁོ་ན་ཉིད་ལས་ཀྱང་། འདི་ལྟ་སྟེ་འོད་གསལ་བ་ནི་དགེ་བ་མི་དམིགས། སྡིག་པ་མི་དམིགས་དགེ་བ་པོ་མི་དམིགས། སྡིག་པ་པོ་མི་དམིགས། དགེ་བའི་ཆོས་དང་མཚན་ཉིད་མི་དམིགས། སྡིག་པའི་ཆོས་དང་མཚན་ཉིད་མི་དམིགས། དགེ་བའི་འབྲས་བུ་མི་དམིགས་སོ། །སྡིག་པའི་འབྲས་བུ་ མི་དམིགས་སོ། །ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར་རོ་ཞེའོ། །གཞན་གོ་སླའོ། །དེ་ནས་བླ་མའི་མན་ངག་སྦྱིན་པ་བསྟན་པའི་ཕྱིར་མཚན་མོ་སྣང་བའི་ཆ་སྟེ་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ལ་མཚན་མོ་ནི་སྣང་བའི་ཆའོ། །ཉི་མ་ཤར་དང་འདྲ་བར་གསལ་ བ་ནི་སྣང་བ་མཆེད་པའོ། །མཚམས་ནི་ཉིན་མོ་དང་མཚན་མོའི་མཚམས་ཏེ་དེ་གང་ཡིན་ཞེ་ན། སྣང་བ་ཐོབ་པའོ། །དེ་ནས་འོད་གསལ་བ་ལ་སོགས་པ་བསྟན་པའི་ཕྱིར་མཚན་མིན་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ལ་དོན་དམ་པའི་བདེན་པ་འོད་གསལ་བ་ནི་མཚན་མོ་སྟེ་སྣང་བ་དང་ བྲལ་བའོ། །ཉིན་པར་སྣང་བ་མཆེད་པ་དང་བྲལ་བའོ། །མཚམས་མ་ཡིན་ཏེ་སྣང་བ་ཐོབ་པ་དང་བྲལ་བའོ། །དེ་གང་ཡིན་ཞེ་ན་བྱང་ཆུབ་སྟེ་མངོན་པར་བྱང་ཆུབ་པ་འོད་གསལ་བའོ། །གང་གི་ཡུལ་ཞེ་ན། རྣལ་འབྱོར་པ་སྟེ་ཏིང་ངེ་འཛིན་དང་ལྡན་པའི་ཡུལ་ལོ། །ལྷག་མ་གང་དུ་ བཤད་པར་བས། །སློབ་དཔོན་མཆོག་ནི་རབ་རིབ་བྲལ་བས། ཤེས་རབ་ནི་རྣམ་པར་རྟོག་པ་དང་བྲལ་བའི་སློབ་དཔོན་གྱིས་བསྟན་ཞེའོ། །གང་ལ་བསྟན་ཞེ་ན་སློབ་མ་སྟེ་རིན་པོ་ཆེ་ལྟ་བུའི་གང་ཟག་ལའོ། །དེ་ལ་བསྟན་པ་ནི་བསྟན་པའོ། །དེ་ལ་གང་བསྟན་ཞེ་ན་ཕྱི་རོལ་བྱང་ཆུབ་བསྟན་ཞེས་ པ་ནི། ཕྱིའི་མངོན་པར་བྱང་ཆུབ་པ་བསྟན་པའོ། །དེས་ཅི་བྱེད་ཅེ་ན། ནང་གི་མངོན་པར་བྱང་ཆུབ་པ་སྟོན་ཏེ་ནང་གི་བདེ་བ་རྙོག་བྲལ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་དང་བྲལ་བའི་བདེ་བའོ། །དངོས་གང་ཡིན་ཞེ་ན་སངས་རྒྱས་ཡེ་ཤེས་ཏེ་སངས་རྒྱས་ཀྱི་མི་རྟོག་པའི་ཡེ་ཤེས་སྐད་ཅིག་ཙམ་གྱིས་ ཐོབ་ཅེའོ། །མཐར་འབྱུང་བ་ཞེས་པ་ལ་སོགས་པ་ནི་སྟོང་པ་ཞེས་སྦྱར་རོ། །དེའི་དོན་ནི་མཐར་འབྱུང་བ་སྟོང་པའོ། །མཐར་འབྱུང་བའི་རྒྱུ་སྟོང་པའོ། །མཐར་འབྱུང་བའི་ཆོས་སྟོང་པའོ། །དེ་ཅིའི་ཕྱིར་ཞེ་ན། དོན་དམ་པ་ལ་ནི་མཐའ་དང་མཐའི་ཆོས་དམིགས་སུ་མེད་པའོ་ཞེས་དེ་ཁོ་ན་ ཉིད་ཀྱི་རྒྱན་ལས་འབྱུང་ངོ་། །གཞན་ཡང་དེ་བཞིན་དུ་ཤེས་པར་བྱའོ། །དེ་ནས་ཉམས་སུ་བླང་བ་བསྟན་པའི་ཕྱིར། མན་ངག་ཐོབ་པའི་སློབ་མ་ཡིས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་མན་ངག་ནི་འོད་གསལ་བའོ། །ཐོབ་པ་ནི་རྟོགས་པའོ། །གང་གིས་གང་རྟོགས་པ་དེ་ལ་དེ་ སྐད་ཅེས་བྱའོ། །ཡིས་ཞེས་པ་ནི་བརླབ་ཅེས་པ་དང་སྦྱར་རོ། །གང་ཞེ་ན་རྣལ་འབྱོར་གཉིས་ལ་བརླབ་པར་བྱའོ། །གཉིས་པོ་དེ་ཉིད་བསྟན་པའི་ཕྱིར་རིལ་པོ་འཛིན་པ་དང་ཞེས་པ་ལ་སོགས་པ་གསུངས་ཏེ་དེའི་དོན་འོག་ནས་བསྟན་ཏོ། །མགོ་བོ་ནས་ནི་རྐང་པའི་བར། །ཞེས་པ་ནི་མགོ་ བོ་ནས་རྐང་པའི་བར་རོ། །སྙིང་གར་ཕྱིན་པའི་བར་ཞེས་པ་ནི་སྙིང་ག་ལ་ཐུག་གི་བར་དུའོ། །རྣལ་འབྱོར་ཡང་དག་མཐའ་འཇུག་ཅེས་པ་ནི་དོན་དམ་པ་ལ་འཇུག་པའོ། །དེའི་དོན་ནི་འདི་ལྟར་ལུས་ཐམས་ཅད་འབྱུང་བ་བཞིར་འདུས་ཏེ། དང་པོ་ས་ཆུ་ལ་ཐིམ་པའམ། ཡང་ན་རླུང་ ཆུ་ལ་ཐིམ། ཆུ་ས་ལ་ཐིམ། མེ་ཡང་སའི་ངང་ལ་ཐིམ་པ་ནི་སྙིང་གའི་དབང་དུ་བྱས་པའི་མན་ངག་གོ། །ཡང་ན་སྙིང་ག་དང་ལྡན་པས་སྙིང་ག་སྟེ། མགྲིན་པར་པདྨ་འདབ་མ་བཞི་དང་ལྡན་པའི་དབུས་སུ་བྱང་ཆུབ་སེམས་ཀྱི་ཐིག་ལེ་བསམས་ཏེ། འདབ་མ་བཞི་ ལ་ཡི་གེ་བཞི་བཀོད་པ་ནི་མན་ངག་གོ། །ལུང་གཞན་ལས་ཀྱང་། དང་པོ་ས་ནི་ཆུ་ལ་ཐིམ། ཆུ་ཡང་མེ་ལ་ཐིམ་འགྱུར་ཏེ། །མེ་ནི་རླུང་ལ་ཐིམ་འགྱུར་ནས། །རླུང་ཡང་རང་བཞིན་མེད་པར་གྱུར། །དེ་ཚེ་རྟགས་ལྔ་རིམ་པར་ སྐྱེ། །ཞེའོ། །ཡང་ན་སྙིང་ག་དང་ཉེ་བས་སྙིང་ག་སྟེ། ལྟེ་བའི་ཕྱོགས་སུ་འདབ་མ་བཞི་དང་བརྒྱད་དང་བཅུ་དྲུག་ལ་སོགས་པའི་རྣམ་པར་བསམས་ཏེ། ཕྱི་ནས་ནང་དུ་འདུས་པ་ནི་ལྟེ་བའི་དབང་དུ་བྱས་པའོ། །ཡང་ན་སྙིང་ག་དང་འདྲ་བས་སྙིང་ག་སྟེ། བདེ་བ་ཆེན་པོའི་འཁོར་ལོར་བསམ་པ་ནི་མན་ངག་གོ། །དེ་ནི་རིལ་པོར་འཛིན་པའི་རྣལ་འབྱོར་གྱི་དབང་དུ་བྱས་པའོ། །རྗེས་སུ་གཞིག་པའི་དབང་དུ་བྱ་བ་ནི། རྒྱུ་བ་དང་ནི་མི་རྒྱུ་ཉིད། །ཅེས་པ་ནི་སྣོད་དང་བཅུད་ཀྱི་འཇིག་རྟེན་ནོ། །ཡང་ན་རྒྱུ་བ་ནི་ རླུང་རྒྱུ་བའི་དབང་དུ་བྱས་པའོ། །མི་རྒྱུ་བ་ནི་ཁྱབ་བྱེད་ཀྱི་རླུང་ངོ་། །དང་པོ་འོད་གསལ་བར་བྱས་ཏེ། །ཞེས་པ་ནི་དོན་དམ་པའི་མན་ངག་བསྒོམ་པའོ། །དེའི་དོན་ཡང་དང་པོར་ལྟེ་བའི་ཟླ་བའི་སྟེང་དུ་ཐིག་ལེ་བསམས་ཏེ། རླུང་གིས་བསྐྱོད་པ་ནས་ཐ་མ་ལུས་ ཀྱི་བ་སྤུ་ལ་ཐུག་གི་བར་དུ་ཏིལ་གྱི་གང་བུ་བཞིན་དུ་གང་ནས་བདེ་བར་གྱུར་ཏེ། དེ་ལ་དམིགས་ནས་སྒྱུ་མ་ལྟ་བུར་གྱུར། །ཐ་མ་རང་བཞིན་མེད་པར་བསམས་པའོ། །ཕྱི་ནས་དེ་བཞིན་བདག་ཉིད་བྱེད། །ཅེས་པ་ནི་ལྷའི་སྐུར་སླར་ལྡང་པའོ། །གཞན་གོ་སླའོ། ། འོད་གསལ་བའི་དབང་དུ་བྱས་པ་ནི་དང་པོར་འོད་གསལ་བ་ཞེས་བྱ་བ་ནི་དོན་དམ་པའི་བདེན་པའོ། །དེའི་དོན་ཡང་ལུང་གཞན་ལས་བཤད་པར་བྱ་སྟེ། ཆོས་རྣམས་རང་བཞིན་རྣམ་དག་པས། །ངོ་བོ་ཉིད་མེད་བཟང་པོ་ཡིན། །སྟོང་པ་ཉིད་ནི་རབ་རྟོགས་པའི། ། དོན་ཉིད་གསལ་བ་པ་རུ་བཤད། །སེམས་ནི་ཡོངས་སུ་དག་པ་སྟེ། །དུས་དང་ཁམས་ལ་སོགས་མི་དམིགས། །རྟོག་དང་རྟག་པའི་རྒྱུ་འབྲས་མེད། །རྣལ་འབྱོར་དེ་ནི་འོད་གསལ་ཏེ། །རྣམ་རྟོག་མུན་པ་སེལ་ཕྱིར་རོ། །དེ་ནི་རྣམ་པ་གཉིས་སུ་སྟེ། ། སློབ་པ་དང་ནི་མི་སློབ་པའོ། །སློབ་པ་བསམ་གཏན་རྣམ་པ་གཉིས། །རིལ་འཛིན་དང་ནི་རྗེས་གཞིག་གོ། །གནས་བཞི་སོ་སོའམ་གཅིག་ཏུ་ནི། །བསམས་ཏེ་འབྱུང་བ་ནམ་མཁར་སྡུད། །དེ་ནི་རིལ་པོར་འཛིན་པའོ། །ལུས་རྣམས་བྱང་ཆུབ་སེམས་ ཀྱིས་ནི། །ཏིལ་གྱི་འབྲུ་བཞིན་གང་གྱུར་ནས། །ཐམས་ཅད་དེ་ཡི་ངོ་བོར་གྱུར། །དེ་ཉིད་སྒྱུ་མ་རང་བཞིན་མེད། །རྗེས་སུ་གཞིག་པའི་དབང་དུའོ། །དེ་ཡི་ཡེ་ཤེས་གང་ཡིན་པ། །དེ་ནི་ཡེ་ཤེས་འོད་གསལ་ལོ། །དེ་ཡི་འབྲས་བུ་གང་ཡིན་པ། །སྒྱུ་ འཕྲུལ་ལྷ་ཡི་རྣམ་པའོ། །འོད་གསལ་གཏན་ལ་དབབ་པ་ནི། །སྒྱུ་འདྲའི་དངོས་པོར་གང་འདོད་པ། །མཐར་ཕྱིན་བྱེད་ན་ཚད་མ་མེད། །མཉམ་པར་གཞག་པའི་རྣལ་འབྱོར་པ། །དོན་ནི་དོན་དམ་ཤེས་བྱ་སྟེ། །རྗེས་ལ་སངས་རྒྱས་སྐུ་འབྱུང་བའོ། །འདི་ནི་ ཀུན་རྫོབ་བདེན་པར་འདོད། །ཡང་ན་བདེན་གཉིས་སོ་སོ་རུ། །ཡུལ་དུ་བྱེད་པ་འདི་ཡི་དུས། །ཕྱི་ནི་གཉིས་ཀ་གཅིག་འདུས་ནས། །ཡུལ་དུ་བྱེད་ཕྱིར་དེ་སྐད་དོ། །ཞེས་འབྱུང་བ་ལྟ་བུའོ། །རིམ་པ་ལྔའི་དཀའ་འགྲེལ་དོན་གསལ་བ་ཞེས་བྱ་བ་ལས། ། རིམ་པ་བཞི་པའི་བཤད་པའོ།། །།དེ་ནས་ཟུང་དུ་འཇུག་པའི་རིམ་པ་བསྟན་པའི་ཕྱིར། མགོན་པོ་རྒྱུ་དང་འབྲས་བཅས་ཉིད། །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་མགོན་པོ་ནི་རྡོ་རྗེ་འཆང་ཆེན་པོའོ། །རྒྱུ་དང་འབྲས་བུར་བཅས་གང་འབྲས་བུ་སྐྱེད་པར་བྱེད་པ་དེ་ནི་རྒྱུའོ། ། གང་དེ་ལས་བྱུང་ནས་དོན་བྱེད་ནུས་པ་དེ་ནི་འབྲས་བུའོ། །རྒྱུ་དང་འབྲས་བུ་གཉིས་སུ་མེད་པ་ཐུགས་སུ་ཆུད་པ་ནི། གཉིས་པ་ཐམས་ཅད་རྣམ་སྤངས་ལ་ཞེའོ། །ཅི་བྱེད་ཅེ་ན། ཕྱག་འཚལ་ནས་བཤད་ཅེས་སྦྱར་རོ། །གང་ཞེ་ན། ཟུང་དུ་འཇུག་པའི་རིམ་པ་ཐ་མ་བཤད་ཅེའོ། །ཟུང་དུ་ འཇུག་པའི་རིམ་པ་བཤད་པ་དེ་ཉིད་རྒྱས་པར་བསྟན་པའི་ཕྱིར། འཁོར་བ་དང་ནི་མྱ་ངན་འདས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་འཁོར་བ་ནི་མ་རིག་པ་ནས་རྒ་ཤིའི་བར་དུ་ཡང་དང་ཡང་དུ་འཁོར། མྱ་ངན་ལས་འདས་པ་ནི་འཁོར་བའི་སྡུག་བསྔལ་ལས་ཐར་པའོ། །འདི་དག་ནི་ གཉིས་སུ་སྣང་བའི་ཕྱིར་གཟུང་ངོ་། །གང་ལ་དེ་གཉིས་གཉིས་སུ་མེད་པར་ཡོད་པ་དེ་ནི་ཟུང་དུ་འཇུག་པའོ། །གང་དུ་ཀུན་ནས་ཉོན་མོངས་པ། །ཞེས་པ་ལ་སོགས་པའང་གོང་བཞིན་ནོ། །གང་གི་ཚེ་དངོས་པོའི་ཆོས་རྣམ་པ་དང་བཅས་པ་ནི་རྣམ་བཅས་སོ། །ཅིའི་ཕྱིར་ཞེ་ན། དམིགས་པའི་རྣམ་པ་དང་བཅས་པའི་ཕྱིར་རོ། །དངོས་པོ་མེད་པ་ནི་རྣམ་པ་མེད་པའོ། །རྣལ་འབྱོར་པ་ནི་གཉིས་མེད་སྤྱོད། །ཅེས་པ་ནི་རྣལ་འབྱོར་པ་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་ཐ་མི་དད་དེ་གཅིག་གི་ངོ་བོ་ཡང་མི་དམིགས་པ་འདི་ནི་ཟུང་དུ་འཇུག་པའོ། །གཟུང་དུ་འཛིན་པ་ནི་གཟུང་བ་དང་འཛིན་ པ་སྟེ་ཡུལ་དང་ཡུལ་ཅན་ནོ། །དེ་གཉིས་སུ་མེད་ཅིང་གཅིག་གི་ངོ་བོ་ཡང་མི་དམིགས་པ་ནི་ཟུང་དུ་འཇུག་པའོ། །རྟག་དང་ཆད་པ་ནི་རྟག་པ་དང་ཆད་པ་སྟེ་དེའི་བློ་མེད་པ་ནི་ཟུང་དུ་འཇུག་པའོ། །གཞན་ལས་ཅི་སྟེ་མཆིས་ཞེས་བགྱིས་ན་ནི་རྟག་པར་འགྱུར་རོ། །མ་མཆིས་ཞེས་བགྱིས་ན་ནི་ ཆད་པར་འགྱུར་ཏེ། དབུ་མའི་ལམ་ནི་དམིགས་སུ་མེད་དོ་ཞེའོ། །ཤེས་རབ་ནི་རབ་ཏུ་འབྱེད་པའི་མཚན་ཉིད་ཅན་ནོ། །སྙིང་རྗེ་ནི་སྙིང་རྗེའོ། །དེ་གཉིས་སུ་མེད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །རིམ་འདི་སངས་རྒྱས་སྤྱོད་ཡུལ་ལོ། །ཞེས་པ་ནི་སངས་རྒྱས་ཀྱི་ཡུལ་ཡིན་གྱི་གཞན་ གྱི་མ་ཡིན་པའི་ཕྱིར་རོ། །ཐབས་དང་ཤེས་རབ་སྙོམས་འཇུག་པར། །ཞེས་པ་ནི་ཐབས་དང་ཤེས་རབ་ཀྱི་ཕ་རོལ་ཏུ་བྱེད་པའོ། །འདིས་ནི་སྤྱོད་པ་ལ་བསླབས་པའང་ཤེས་པར་བྱའོ། །ལྷག་མར་བཅས་པ་ནི་ཕུང་པོ་ལྷག་མ་དང་བཅས་པའོ། །ལྷག་མེད་པ་ནི་ལྷག་མེད་པའོ། །འདི་ དག་གཉིས་སུ་མེད་པ་ནི་ཟུང་དུ་འཇུག་གོ། །གང་ཟག་གི་བདག་ནི་གང་ཟག་ལ་བདག་ཏུ་འཛིན་པའོ། །ཆོས་ལ་འཛིན་པ་ནི་ཆོས་ལ་བདག་ཏུ་འཛིན་པའོ། །བདག་ཏུ་འཛིན་པ་གཉིས་དང་བྲལ་བའི་ཕྱིར་རོ། །བདག་བྱིན་རླབས་པ་ནི་ཀུན་རྫོབ་ཀྱི་བདེན་པའོ། །འོད་གསལ་བ་ནི་དོན་ དམ་པའི་བདེན་པའོ། །གཉིས་སུ་མེད་པ་ནི་ཟུང་དུ་འཇུག་པའོ། །རིལ་པོར་འཛིན་པ་ནི་རིལ་པོར་འཛིན་པའོ། །རྗེས་སུ་གཞིག་པ་ནི་རྗེས་སུ་གཞིག་པའོ། །གཉིས་སུ་མེད་པ་ནི་ཟུང་དུ་འཇུག་པའོ། །འཇུག་པ་དང་གནས་པ་དང་ལྡང་བ་ནི་རླུང་གསུམ་འདུས་པའོ། །དེའི་ དབྱེ་བ་མེད་པ་ནི་ཟུང་དུ་འཇུག་པའོ། །དེ་བཞིན་ཉིད་ལ་དམིགས་པ་ནི་མཉམ་པ་ལ་གཞག་པའི་དུས་སོ། །གང་དུ་ལྡང་བ་ནི་རྗེས་ལས་ཐོབ་པའོ། །མཉམ་པ་ལ་གཞག་པ་དང་རྗེས་ལས་ཐོབ་པ་གཉི་ག་ཡོངས་སུ་དག་ཅིང་དབྱེར་མེད་པ་ནི་ཟུང་དུ་འཇུག་པའོ། །གཉིད་ལོག་པ་ནི་ གཉིད་ལོག་པའོ། །སད་པ་ནི་སད་པའོ། །གང་ལ་གཉིད་ལོག་པ་དང་སད་པ་གཉིས་མེད་པ་ནི་ཟུང་དུ་འཇུག་པའོ། །གཞན་གོ་སླའོ། །ཆགས་དང་ཆགས་པ་མེད་ལས་གྲོལ་ཞིང་ཞེས་པ་ཆགས་པ་མེད་པ་ལས་གྲོལ་ཞིང་གཉིས་སུ་མེད་པའོ། །མཆོག་ཏུ་དགའ་བའི་ལུས་དང་ ལྡན། །ཞེས་པ་ནི་གང་ལྟར་འདོད་པའི་སྐུར་འབྱུང་བའོ། །འཁོར་བ་སྲིད་དང་གནས་བྱེད་པ། །ཞེས་པ་ནི་འཁོར་བ་ཇི་སྲིད་དུ་སངས་རྒྱས་གནས་པར་བྱེད་པའོ། །དེ་ལྟ་བུའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །གཞན་གོ་སླའོ། །སྒྱུ་འཕྲུལ་དྲ་བར་མངོན་སངས་ རྒྱས། །ཞེས་པ་ནི་གཉིས་སུ་མེད་པའི་ངང་དུ་སངས་རྒྱས་པའོ། །ལུང་གཞན་ལས་ཀྱང་། གང་ཚེ་བཅོམ་ལྡན་རྡོ་རྗེ་ཅན། །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །མཆོག་ཏུ་བརྗོད་པའི་བདག་ཉིད་ཅན། །འདི་ཡི་ཐུགས་ཀྱི་ཡེ་ཤེས་ལས། །དག་པ་དང་ནི་མ་དག་མེད། ། འདི་ལ་སྒྲིབ་དང་མི་སྒྲིབ་མེད། །འཁོར་བ་མྱ་ངན་འདས་པ་མེད། །མཉམ་གཞག་དང་ནི་རྗེས་ཐོབ་མེད། །འདི་ལ་དོན་དམ་ཀུན་རྫོབ་མེད། །སྣང་བ་དང་ནི་མུན་པ་དང་། །ཕོ་དང་མོ་དང་མ་ནིང་མེད། །འཇིག་རྟེན་འཇིག་རྟེན་འདས་པ་མེད། །འདི་ལ་གཉིས་སོགས་ དབྱེ་བ་ཀུན། །རང་བཞིན་གྱིས་ནི་རྣམ་པར་དག །འདི་ལ་གཉིས་ཀྱི་དངོས་པོ་རྣམས། །རྫས་སུ་ཡོད་པ་མ་ཡིན་ཏེ། །ཚུལ་མེད་གཉིས་ཀྱི་ས་བོན་མེད། །གཅིག་ཏུ་ཡང་ནི་གྱུར་པ་མེད། །དེ་ཐོབ་འདོད་པའི་རྣལ་འབྱོར་གྱིས། །དོན་དམ་པ་ཡི་ ངང་ལ་གནས། །ལངས་ནས་ཁམས་གསུམ་ཐམས་ཅད་ལྟ། །སྒྱུ་མ་དང་འདྲའི་བདག་ཉིད་ཅན། །འདུས་པ་ལྔ་ཡི་བར་དུའོ། །ཐ་མ་གཅིག་ནི་རྣམ་པ་སྟེ། །དེ་ཡི་སྙིང་གར་ཐིག་ལེ་བསམ། །རྗེས་ཀྱི་རྟོག་པ་བཟློག་པའི་ཕྱིར། །ཐིག་ལེ་ཕྲ་མོ་བརྒྱ་ ཡི་བར། །སླར་འདུས་གཅིག་གི་རྣམ་པར་བལྟ། །དེ་འོང་འདུས་པས་རང་བཞིན་མེད། །ཅེས་དེ་ཁོ་ན་ཉིད་ཀྱི་རྒྱུད་ལས་གསུངས་སོ། །ཟུང་འཇུག་གོ་འཕང་ལ་གནས་པ། །སློབ་བཞིན་པ་ཡི་རྣལ་འབྱོར་ཆེ། །ཞེས་པ་ནི་ཟུང་འཇུག་སློབ་པའི་ དབང་དུ་བྱས་པའོ། །གཞན་དག་ལས་ཀྱང་། གཉིས་མེད་ཡེ་ཤེས་འདོད་པ་ཡིས། །སྤྱོད་པ་གསུམ་དང་ཐིག་ལེ་བསམ། །དེ་ཉིད་ཏིང་འཛིན་མཐར་ཕྱིན་པས། །ཕྱིས་ནི་གང་ལའང་མི་སློབ་བོ། །ཞེས་འབྱུང་བ་ལྟ་བུའོ། །ཇི་ལྟར་བདག་ཉིད་དེ་བཞིན་དགྲ། །ཞེས་ པ་ནི་བདག་དང་དགྲ་གཉིས་སུ་མེད་པའོ། །གཞན་ཡང་དེ་བཞིན་དུ་ཤེས་པར་བྱའོ། །སྦས་པའི་བརྟུལ་ཞུགས་ཀུན་བསྒྲུབས་ན། །ཕུན་སུམ་ཚོགས་པ་ཐམས་ཅད་འགྲུབ། །ཅེས་པ་ནི་སྤྲོས་བཅས་ལ་སོགས་པའི་སྤྱོད་པ་དང་། ཟུང་དུ་འཇུག་པའི་ཏིང་ངེ་འཛིན་ལ་གནས་ན་མཆོག་གི་ དངོས་གྲུབ་ཐོབ་ཅེས་སྦྱར་རོ། །གཞན་ལས་ཀྱང་། གཉིས་སུ་མེད་པའི་ཏིང་འཛིན་དང་མ་ཆགས་པའི་སྤྱོད་པ་ལ་བརྟེན་པའི་རྣལ་འབྱོར་པ་དེ་ནི་སངས་རྒྱས་ཐམས་ཅད་དང་མཉམ་པར་འགྱུར་རོ། །ལྷ་དང་ཀླུ་དང་གནོད་སྦྱིན་ལ་སོགས་པ་ཐམས་ཅད་ཀྱིས་ཕྱག་བྱ་བ་དང་ མཆོད་པའི་གནས་སུ་འགྱུར་རོ་ཞེས་རྒྱ་ཆེར་གསུངས་སོ། །དཔལ་ལྡན་གནོད་སེལ་གསང་བ་དེ་ཉིད་ལེགས་བསྡུས་པ། །ཡོན་ཏན་ཀུན་འཛིན་རྒྱལ་སྲས་ཟབ་མོའི་དོན་ལ་དཔོག་པར་མི་ནུས་ཀྱང་། །གང་ཟག་བདག་བས་དམན་ལ་ཕན་ཕྱིར་འདི་ནི་བདག་གིས་ བརྩམས། །འདི་ལ་ཉེས་གྱུར་ཅི་མཆིས་མཁས་དང་འཕགས་ལ་བཟོད་པར་གསོལ། །འདོད་རྒྱལ་ཞགས་པས་ཟིན་པ་ཀུན་ལ་གསང་ཕྱིར་གསལ་མ་བྱས། །དེ་ནི་གང་ཟག་དམན་པའི་དོན་དུ་འདི་ལས་བདག་ནི་དགའ་བ་སྐྱེས། །དགེ་བའི་རྩ་བ་ འདི་ཡིས་ཁམས་འདིར་དོན་གསལ་རིང་གནས་ཤིང་། །འདི་ལ་བརྟེན་ནས་གང་དག་དངོས་གྲུབ་རྣམ་གཉིས་ཐོབ་པར་ཤོག། །།རིམ་པ་ལྔའི་དཀའ་འགྲེལ་དོན་གསལ་བ་ཞེས་བྱ་བ་སློབ་དཔོན་ཀླུའི་བྱང་ཆུབ་ཀྱིས་མཛད་པ་རྫོགས་སོ།། །། ༄༅༅། །རྒྱ་གར་སྐད་དུ། ཙརྱ་ས་མུཙྪ་ཡ་པྲ་དཱི་པཾ་ནཱ་མ་ཊཱི་ཀཱ །བོད་སྐད་དུ། སྤྱོད་པ་བསྡུས་པའི་སྒྲོན་མ་ཞེས་བྱ་བའི་རྒྱ་ཆེར་བཤད་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །སྐྱེ་བོ་མ་རིག་མུན་པས་ཁེབས་ཤིང་རྟག་ཏུ་མིག་ ལྡོངས་དགེ་ལ་འདུན་པ་མེད། །དེ་དག་རྗེས་སུ་གཟུང་ཕྱིར་རྒྱལ་བ་རྣམས་ཀྱི་དམ་པ་བསྟོད། །གསང་མཆོག་བླ་མེད་དོན་ཉིད་རྟག་ཏུ་བདེ་བ་དམ་པ་སྐྱེས། །རྒྱལ་བ་ཡིས་ནི་གསང་བ་བཤད་པ་གཞི་ལ་དགོངས། །དོན་དམ་རིགས་མིན་རིགས་གཞན་རྣམས་ལ་ཉན་ཐོས་ལ་སོགས་གསུངས། ། ཐེག་ཆེན་རིགས་ཅན་དམན་དང་མཆོག་ལ་སོགས་པར་བྱ་བའི་རྒྱུད། །སྤྱོད་པའི་རྒྱུད་དང་གཉི་གའི་རྒྱུད་དང་རྣལ་འབྱོར་བླ་མའི་རྒྱུད། །གསུངས་པར་གང་གྱུར་དེ་ལ་སྒོ་གསུམ་དང་བས་ཕྱག་འཚལ་ཏེ། །མཐའ་དྲུག་ལ་སོགས་བཤད་པའི་ཚིག་ལ་རབ་བརྟེན་ནས། །ཀུན་དུ་བཟང་པོ་ རྗེས་དྲན་དེ་ལ་ཕན་པར་བྱ་བའི་ཕྱིར། །རྒྱལ་བའི་འདུས་པ་བཤད་པའི་རྒྱུད་བཅས་ལ་བརྟེན་ནས། །དེ་ཉིད་སྒྲུབ་པའི་རིམ་ལ་རྟག་ཏུ་དགའ་བ་སྐྱེས། །མི་གཡོ་གསང་བ་མཆོག་གི་དོན་རྟོགས་ཤིང་། །རྫོགས་པའི་དོན་ལ་མངའ་བརྙེས་སྟོན་པ་ཡིས། །རིམ་པ་ལྔ་དང་དེ་ཡི་སྤྱོད་པ་ བརྩམས། །བདེན་ལ་མཁས་གྱུར་རྣལ་འབྱོར་གང་ཞིག་གིས། །མ་ཕྱེད་གྱུར་པ་གང་ཡིན་དེ་ཕྱེ་བས། །དེ་ནི་དམ་པའི་ལུང་བསྟན་མཆོག་ཏུ་གྱུར། །བཤད་དང་མཐའ་དྲུག་ལ་སོགས་རྣམ་མང་པོ། །གཞི་དང་འབྲས་བུ་རང་བཞིན་ལེགས་པར་བྱེད། །རྒྱལ་པོ་སྟོབས་ཅན་སྙིང་ པོ་ཡིས། །སྔོན་འགྲོ་འབྲེལ་པ་ཀུན་རྫོབ་དེ། །དོན་ནི་རྣམ་པ་གསུམ་དུ་འདུས། །རྒྱུ་དང་ཐབས་དང་འབྲས་བུའོ། །རྒྱུ་ནི་ཐེག་ཆེན་རིགས་ཅན་ཏེ། །དགེ་བའི་ཆོས་ཀྱིས་རྣམ་པར་བརྒྱན། །ཐབས་ནི་རྣམ་པ་གཉིས་ཡིན་ཏེ། །དབང་བསྐུར་དེ་ཉིད་སྤྱོད་དང་བཅས། །འབྲས་བུ་ སྐུ་གསུམ་ཐུན་མོང་གྲུབ། །ཡང་ན་སྤོང་བར་བྱེད་དང་བཅས། །དེ་ཉིད་དོན་རྣམས་ལེགས་བསྡུས་པ། །མར་མེ་བཞིན་དུ་དགྲོལ་བར་བྱ། །གང་ཞིག་བླ་མ་དམ་པ་ལ། །མི་གུས་དེ་ཡི་ཕྱིར་མ་བྱས། །དེ་ཁོ་ན་ཉིད་ཀྱི་སྒྲུབ་པའི་ཐབས་འདི་ཅིའི་ཕྱིར་རྩོམ་ཞེ་ན། འདི་ལྟར་ཐེག་པ་ ཆེན་པོའི་རིགས་ཅན་གྱི་གང་ཟག་གིས་འབྲས་བུ་མཆོག་ཐོབ་པར་བྱ་བའི་ཕྱིར་རོ། །འོ་ན་གསང་བ་འདུས་པ་ཞེས་བྱ་བ་ལ་སོགས་པ་རྣལ་འབྱོར་ཆེན་པོའི་རྒྱུད་རྣམས་སུ་གསུངས་པ་ཅིའི་ཕྱིར་མ་ཡིན་ཞེ་ན། རྩོད་པའི་དུས་སུ་སེམས་ཅན་ཚེ་ཐུང་བ་དང་། ལོངས་ སྤྱོད་ཞེན་པ་དང་། ཤེས་རབ་ཆུང་བ་རྣམས་ཀྱིས་རྟོགས་པར་བྱ་བའི་ཕྱིར་རོ། །ཡང་ན་དེའི་དུས་སུ་རྒྱུད་ཁྱད་པར་ཅན་རྣམས་ལ་འཇུག་པར་ཡང་མི་འགྱུར་རོ། །གསང་བ་དེ་ཁོ་ན་ལ་འཇུག་པ་ལས་ཀྱང་། །དུས་བཞི་རྩོད་པ་རྒྱས་པའི་ཚེ། །ཚེ་ཐུང་ཤེས་རབ་ཆུང་བ་དང་། ། ལོངས་སྤྱོད་ཤིན་ཏུ་ཞན་པ་ཡིས། །གསང་ལ་འཇུག་པའི་སྐལ་མེད་ལ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །སེམས་ཅན་ལུགས་ཀྱི་བསྟན་བཅོས་བྱེད། །རྩོད་པའི་དུས་སུ་ཕན་འདོགས་འགྱུར། །ཞེས་འབྱུང་བ་ལྟ་བུའོ། །འོ་ན་རིམ་པ་རེ་རེས་སམ། འོན་ ཏེ་ཐམས་ཅད་ཀྱིས་ཕན་འདོགས་པར་འགྱུར། དེ་ལ་ཕྱོགས་དང་པོ་ལྟར་ན་ནི་སྐས་ཀྱི་རིམ་པ་མ་ཡིན་པར་འགྱུར་རོ། །ཕྱི་མ་ལྟར་ན་ཡང་། རིམ་པ་གཅིག་གིས་མངོན་སངས་རྒྱས། །ཞེས་པ་མ་ཡིན་པར་འགྱུར་རོ་ཞེ་ན་མ་ཡིན་ཏེ། འདི་ལྟར་དེ་ཉིད་ཀྱི་རྣམ་པ་ཅན་གྱི་གང་ཟག་ གི་དབང་དུ་བྱས་ཏེ་རིམ་པ་རེ་རེས་ཀྱང་ཕན་འདོགས་པར་འགྱུར་རོ། །གཞན་ལ་རག་ལས་པ་ནི་གང་ཟག་གི་དབང་དུ་བྱས་ཏེ་རིམ་ལྔ་ལ་སོགས་པའོ། །གཞན་ཡང་རིམ་པ་གཅིག་ལ་ཡང་སྐས་ཀྱི་རིམ་པ་ཞེས་བྱ་སྟེ། ཐོས་པ་ལ་སོགས་པས་འཇུག་སྟེ་སྐས་བཞིན་ ནོ། །བསྒོམ་པའི་དབང་དུ་བྱས་པ་ཡང་དང་པོ་ནི་སྐད་ཅིག་མའི་རྣལ་འབྱོར་ལ་འཇུག་གོ། །དེ་ནས་སྐད་ཅིག་མ་བཅུ་ལ་སོགས་པ་སྟེ། སྐས་ཀྱི་རིམ་པ་བཞིན་ནོ། །དེ་ནི་ཡན་ལག་ལ་འཇུག་པར་བྱ་སྟེ། དེ་ལ། དངོས་མེད་རྣམ་དག་ནམ་མཁའ་མཉམ། །ཞེས་པ་ ལ་སོགས་པས་དང་པོར་སློབ་དཔོན་གྱིས་རང་དད་པའི་ལྷ་ལ་ཕྱག་འཚལ་བའོ། །དེ་ལ་དངོས་པོ་མེད་པ་ནི་དངོས་པོ་མེད་པ་སྟེ། གང་ལ་གཟུང་བ་དང་འཛིན་པའི་རྣམ་པ་དང་བྲལ་བ་དེ་ལ་དེ་སྐད་ཅེས་བྱའོ། །ཡང་ན་སྙིང་གར་བྱང་ཆུབ་སེམས་ཀྱི་ཐིག་ལེ་གསལ་བ་དེ་ ལ་ཡང་དེ་སྐད་ཅེས་བྱ་སྟེ། འོད་གསལ་བ་དང་ཤིན་ཏུ་ཉེ་བའི་ཕྱིར་རོ། །མ་ལུས་ཚིག་མེད་ཡི་གེ་བྲལ། །ཞེས་པ་ནི་དངོས་པོ་དང་དངོས་པོ་མེད་པ་ཐམས་ཅད་སྒྲའི་བརྗོད་བྱར་མ་གྱུར་ཏེ། ཅིའི་ཕྱིར་ཞེ་ན། ཐམས་ཅད་རང་བཞིན་གྱིས་དག་པའི་ཕྱིར་རོ། །ཡང་ཚིག་དང་ཡི་གེ་ལས་ འདས་པ་སྟེ། རྡོ་རྗེ་འདས་པའོ། །འདས་དང་མ་འོངས་ཀུན་དུ་སོན་པ་ནི་སྒྱུ་མ་ལྟ་བུ་སྟེ། འདས་པ་ལ་སོགས་པའི་དུས་ཐམས་ཅད་དུ་ཇི་ལྟ་བ་དེ་ལྟར་དོན་བྱེད་དོ། །ཡང་ན་འདས་པ་ལ་སོགས་པ་ནི་སྤྲུལ་པ་ལ་སོགས་པའོ། །དེར་སོན་པ་ནི་ཁྱབ་པ་སྟེ་བདེ་བ་ཆེན་པོའི་ཁུ་བའོ། ། ཀུན་དུ་མ་ལུས་ཐམས་ཅད་སྟོང་། །ཞེས་པ་ནི་འོད་གསལ་བའི་ཡེ་ཤེས་སོ། །དེ་ལ་ཕྱག་འཚལ་བ་ནི་རྟོགས་པའི་སྒོ་ནས་སོ། །ཡང་ན་དེ་ནི་འཁོར་ལོ་བཞི་དང་སྦྱར་ཏེ། དངོས་མེད་རྣམ་དག་ནི་བདེ་བ་ཆེན་པོའོ། །ཚིག་མེད་ཡི་གེ་བྲལ་ཞེས་པ་ནི་ལོངས་སྤྱོད་དོ། །མ་འོངས་ཀུན་དུ་ སོང་ཞེས་པ་ནི་ཆོས་ཀྱི་འཁོར་ལོའོ། །མ་ལུས་ཐམས་ཅད་སྟོང་ཞེས་པ་ནི་སྤྲུལ་པའོ། །དེ་ལ་དམིགས་པ་ནི་ཕྱག་འཚལ་བའོ། །ད་ནི་སྒྲུབ་པའི་ཐབས་འདི་རྩོམ་པ་གང་ལ་དགོངས་ཤེ་ན། རྡོ་རྗེའི་ཐེག་པ་འདི་ལ་སྔགས་ཀྱི་སྒོར་སྤྱོད་པ་ནི་རྣམ་པ་གཉིས་ཏེ་ཞེས་གསུངས་ན། གང་ ལ་ཤེས་རབ་དང་ཏིང་ངེ་འཛིན་ཁྱད་པར་ཅན་ཡོད་པ་དེ་ནི་རྡོ་རྗེ་ཐེག་པའོ། །དེའི་སྔགས་ཀྱི་སྒོར་སྤྱོད་པ་ནི་དེ་ཉམས་སུ་ལེན་པའོ། །འདི་ལ་གཉིས་ཡོད་པས་གཉིས་ཏེ། བསྐྱེད་པ་རྫོགས་པའི་དབང་དག་ཏུ། །གང་ཟག་གཉིས་ནི་ཐུབ་པས་གསུངས། །ཤེའོ། །གང་ཡིན་ཞེ་ན། གསང་སྔགས་ལ་མཆོག་ཏུ་གཞོལ་བ་དང་། ནང་ལ་མཆོག་ཏུ་གཞོལ་བ་སྟེ། སྔགས་ཟློས་པ་ལ་བརྩོན་པ་དང་། བསྒོམ་པ་ལ་བརྩོན་པའོ། །ཡང་ན་བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པའི་རིགས་ཅན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེའི་དབང་དུ་ཞེས་བྱ་བ་ནི་ ཚིག་ལྷག་མའོ། །ཡང་ན་ཐོས་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཐོས་པ་སྔོན་དུ་སོང་བའོ། །གང་གིས་ཐོས་པ་སྔོན་དུ་སོང་ཞིང་མ་རྨོངས་ལ་ཡང་དག་པའི་ཤེས་རབ་དང་ལྡན་པ་དེས་བརྩམས་ཤེའོ། །གང་གི་ཕྱིར་ཞེ་ན། སེམས་ཅན་ཐམས་ཅད་རྗེས་སུ་གཟུང་བར་བྱ་བའི་ཕྱིར་དུའོ། །སེམས་ ཅན་ཐམས་ཅད་ཀྱི་ཚོགས་དང་། སློབ་མ་ཐམས་ཅད་ནི། དེ་རྗེས་སུ་གཟུང་བ་དེ་དག་ཐེག་པ་ཆེན་པོའི་ཆོས་ལ་རབ་ཏུ་གཞུག་པའི་ཕྱིར་དུའོ། །དེ་ནི་རྒྱུད་ཆེན་པོ་ལས་ཀྱང་དེ་ལ་དགོངས་པས་དོན་མེད་དོ་ཞེ་ན་མ་ཡིན་ཏེ། མདོ་དང་རྒྱུད་ལས་གསུངས་པའི་ཚིག་ ཡང་དག་པར་གསལ་བར་བྱ་བའི་ཕྱིར་ཏེ། མདོ་སྡེ་དང་རྒྱུད་སྡེ་ཐམས་ཅད་ན་མི་གསལ་བ་ཚིག་གསལ་བ་དང་། ཟུར་ཕྱིན་པས་དོན་ལེགས་པར་དགོད་པར་བྱ་བའི་ཕྱིར་རོ། །མི་གསལ་བ་ཡང་གང་ཟག་གཉིས་ཀྱིས་རྟོགས་པར་བྱེད་པ་མ་ཡིན་ནམ། དེ་འདིར་ཅིའི་ཕྱིར་བསྟན་པ་ ལ་དེའི་ཕྱིར་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཁོངས་སུ་ཆུད་པར་བྱ་བའི་ཕྱིར་ཞེས་སྨོས་ཏེ། རྒྱུད་ཀྱི་དོན་དགོངས་པ་ཅན་ལ་སོགས་པ་བློ་མ་བྱང་བའི་གང་ཟག་གིས་རྟོགས་པར་བྱ་བར་མི་ནུས་ཏེ། དེས་རྟོགས་པར་བྱ་བའི་ཕྱིར་ཡང་འདི་བརྩམས་ཞེས་སོ། །གང་ལ་བརྟེན་ཏེ་ བརྩམས་ཤེ་ན། ཚིག་སྙན་ཅིང་ཞེས་པ་ནས་བཏུད་དེ་ཞེས་པའི་བར་ཏེ་གོ་སླའོ། །སྒྲུབ་པའི་ཐབས་འདི་ཡང་དུས་གང་ལ་དགོངས་ཤེ་ན། རྩོད་པའི་དུས་སུའོ། །དུས་གཞན་ལ་མ་དགོངས་པ་ཅིའི་ཕྱིར་ཞེ་ན། སྔོན་བྱུང་བར་གྱུར་པ་ནི་མི་རིགས་སོ་ཞེའོ། །དེ་ལ་སྒྲུབ་པའི་ཡན་ལག་ནི་ སྒྲུབ་པའི་རིམ་པའོ། །མར་མེ་ནི་དཔེ་སྟེ། གང་གིས་གང་ལ་གསལ་བར་བྱེད་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །སྔོན་བྱུང་བར་གྱུར་པ་ནི་མི་རིགས་ཞེས་པ་ནི་དུས་གསུམ་དུ་འབྱུང་བ་མི་འཐད་དོ། །དེ་ཞེས་པ་ནི་གོང་མ་དང་འབྲེལ་པའོ། །ཅིའི་ཕྱིར་ཞེས་པ་ནི་འདྲི་བའོ། །ལན་དུ་རྫོགས་ལྡན་ ཞེས་པ་ནི་སྦྱིན་པ་ལ་སོགས་པ་རབ་དང་ལྡན་པ་དང་། ཚེ་དང་བསོད་ནམས་དང་ཤེས་རབ་ལ་སོགས་པ་རབ་དང་ལྡན་པ་ནི་རྫོགས་ལྡན་ནོ། །འབྲིང་དང་། ཐ་མ་དང་། ཐ་མའི་ཡང་ཐ་མ་ཅི་རིགས་སུ་སྦྱར་རོ། །དེ་བཤད་པ་འཇིག་རྟེན་པ་རྣམས་ཚེ་དང་། ནད་མེད་པ་ཕུན་སུམ་ ཚོགས་པ་ནི་ཚེ་ཁྱད་པར་ཅན་དང་ལྡན་པ་སྟེ། སྐྱེ་དགུའི་ཚེ་ལོ་བརྒྱ་ཁྲི་བ་ལ་སོགས་པའོ། །སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པས་ནི། བྱང་ཆུབ་ཀྱི་ཕྱོགས་ཀྱིས་ཆོས་བསྡུའོ། །དེ་དག་དང་ལྡན་པ་ནི་དེ་དག་མངའ་བའོ། །དེས་ཅིར་འགྱུར་ཞེ་ན། བསྟན་བཅོས་ལ་གནས་ ཤིང་ཡོངས་སུ་ཚོལ་བ་སྟེ། ཕྱིའི་མདོ་ལ་སོགས་པ་ཡོངས་སུ་ཚོལ་བའོ། །དེ་ཁོ་ན་ཉིད་ཤེས་པ་ལ་ཞུགས་པ་ནི་རྫོགས་པའི་རིམ་པ་ཆོས་ཀྱི་དབྱིངས་ལ་ཞུགས་པ་སྟེ། རྡོ་རྗེ་འཆང་ཆེན་པོའོ། །ཟབ་ཅིང་རྒྱ་ཆེ་བ་ནི་དེའི་ཞལ་ནས་གསུངས་པའི་ཆོས་ཏེ། རྟོགས་པར་དཀའ་བ་དང་། དོན་ རྒྱ་ཆེན་པོ་སྟོན་པའོ། །ཇི་ལྟར་སྟོན་ཞེ་ན། སྦས་པའི་སྒྲའི་སྒོ་ནས་ཏེ། མ་བྱིན་པར་ལེན་པས་སངས་རྒྱས་ཞེས་བསྟན་པས་ཀྱང་གོ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་མཆོག་དང་ལྡན་པའི་ཕྱིར་རོ། །ལུང་གཞན་ལས་ཀྱང་། གང་ཚེ་སྟོང་གསུམ་དུམ་བུ་ལ། །སེམས་ ཅན་ཚེ་དང་བསོད་ནམས་དང་། །ལས་དང་ཤེས་རབ་ལ་སོགས་པ། །རབ་ཏུ་གྱུར་པ་རྫོགས་ལྡན་དུས། །འབྲིང་ནི་གསུམ་ལྡན་དུས་ཡིན་ཏེ། །ཐ་མ་གཉིས་ལྡན་དུས་སུ་འདོད། །ཐ་མའི་ཐ་མ་ཞེས་བྱ་བ། །བསྐལ་པ་རྩོད་པའི་དུས་སུ་སྦྱོར། །གསུམ་པོའི་བསྟན་པ་འདི་ དག་ལ། །རྒྱལ་བའི་བཀའ་ལ་ཡིད་ཆེས་འགྱུར། །ཕྱིས་ནི་དེ་ལས་བཟློག་པའོ། །ཞེས་འབྱུང་བ་ལྟ་བུའོ། །འོ་ན་གཞན་ལས། རྫོགས་ལྡན་དང་ནི་གཉིས་ལྡན་དང་། །རྩོད་པའི་དུས་ཏེ་བཞི་པོ་ལ། །རྒྱལ་བའི་བཀའ་ལ་རྨོངས་གྱུར་པས། །བསྟན་པ་རྗེས་འཇུག་ རྣམས་ཀྱིས་བྱེད། །ཅེས་པ་འདི་ཅིའི་ཕྱིར་ཞེ་ན། ལན་དུ་རྫོགས་ལྡན་ནི་བསྐལ་པ་དང་པོའི་མ་ཡིན་ནོ། །འོ་ན་གང་ཡིན་ཞེ་ན། རྩོད་པའི་དུས་ལ་རྩོད་པའི་རྫོགས་ལྡན་གྱི་དུས་ལ་སོགས་པ་སྟེ། དང་པོ་ནི་སློབ་དཔོན་གྱིས་བརྩམས་པ་མཐོང་བས་ཤེས་པར་འགྱུར་རོ། །དེ་ནས་ བརྡར་བརྟགས་པས་ཤེས་པར་འགྱུར་རོ། །དེ་ནས་ལེགས་པར་བཤད་པས་ཤེས་པར་འགྱུར་རོ། །དེ་ནས་ཡང་དང་ཡང་དུ་བཤད་པས་ཤེས་པར་འགྱུར་རོ། །དེ་དག་ནི་རྩོད་པའི་དུས་བཞི་དང་སྦྱར་རོ། །དེ་བསྟན་པའི་ཕྱིར་དེ་ལྟར་ནི་རྩོད་པའི་དུས་ཏེ་ཞེས་པ་ལ་སོགས་པ་ནི་གོ་སླའོ། ། དོན་ལ་རྟོན་པར་བྱ་ཞིང་ཆོས་ཀྱི་རྗེས་སུ་འབྲང་ཞེས་པ་ནི་དོན་ལ་ཚད་མར་བྱེད་པའོ། །དོན་གྱི་དབང་འདི་མཐོང་ནས་ཞེས་པ་ནི་དོན་དངོས་སུ་རྟོགས་ནས་ཞེས་པའོ། །བསྐྱེད་པའི་གོ་རིམས་ཞེས་པ་ལ་སོགས་པ་ནི་འོག་ནས་སྟོན་ཏོ། །སྔགས་ཀྱི་དེ་ཁོ་ན་ཉིད་ནི་སྔགས་མ་ནོར་བའོ། །ཡང་ ན་སྔགས་ཀྱི་དེ་ཁོ་ན་ཉིད་ནི་རྡོ་རྗེ་བཟླས་པའོ། །ཕྱག་རྒྱའི་དེ་ཁོ་ན་ཉིད་ནི་བསྐྱེད་པའི་རིམ་པ་དང་། སྒྱུ་མ་ལྟ་བུའོ། །བདག་གི་དེ་ཁོ་ན་ཉིད་ནི་སེམས་ལ་དམིགས་པའོ། །ཆོས་ཀྱི་དེ་ཁོ་ན་ཉིད་ནི་འོད་གསལ་བའོ། །ལྷའི་དེ་ཁོ་ན་ཉིད་ཟུང་དུ་འཇུག་པའི་སྐུའོ། །དེ་བཤད་ པའམ་དེ་གསལ་བར་བྱ་བའི་ཕྱིར་སློབ་དཔོན་གྱི་མདོ་དང་རྒྱུད་དང་རྟོགས་པའི་རྗེས་སུ་འབྲང་ཞེའོ། །དེ་ཁོ་ན་ཉིད་མི་ཤེས་པའི་ཉེས་པ་ལུང་གིས་བསྒྲུབ་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྐལ་པ་བྱེ་བ་ནི་བསྐལ་པ་ཆེན་པོ་བྱེ་བའི་བར་ དུའོ། །བསྒྲུབ་ཀྱང་ཞེས་པ་ནི་ཚིག་གི་ལྷག་མའོ། །དེ་ཉིད་བྲལ་ན་འགྲུབ་མི་འགྱུར། །ཞེས་པ་ནི་དེ་ཁོ་ན་ཉིད་ཀྱི་མན་ངག་ལྔ་དང་བྲལ་ན་འགྲུབ་པར་འགྱུར་ཏེ། བྱ་རོག་གི་སོ་རྟོག་པ་བཞིན་ནོ་ཞེས་བྱ་བར་དགོངས་སོ། །ལུང་གཞན་ཡང་བཤད་པའི་ཕྱིར་ལྷ་མོ་བཞི་ཞུས་ཞེས་བྱ་བ་ལ་སོགས་པ་ སྨོས་ཏེ། ཐུབ་པ་ཆེན་པོ་ནི་དུས་གསུམ་གྱི་སངས་རྒྱས་ཏེ། རྡོ་རྗེ་འཆང་ཆེན་པོའོ། །དེས་གསུངས་པའི་ཆོས་ནི་ཐུབ་པ་ཆེན་པོས་གསུངས་པའི་ཆོས་ཏེ། དུ་ཞེ་ན། བརྒྱད་ཁྲི་བཞི་སྟོང་ནི་འདོད་ཆགས་ལ་སོགས་པའི་གཉེན་པོར་རོ། །གང་གིས་དེ་ཉིད་མི་ཤེས་པ་ཞེས་པ་ནི་གང་གིས་དེ་ཁོ་ན་ཉིད་ བཟླས་པ་ལ་སོགས་པ་མི་ཤེས་ནའོ། །ཐམས་ཅད་འབྲས་བུ་མེད་པ་ནི་གང་བསྒོམས་པ་འབྲས་བུ་མེད་པའོ། །དེ་ཅིའི་ཕྱིར་ཞེ་ན། སྒྲ་ཙམ་གྱིས་ནི་དངོས་པོའི་རྟོག་པ་གང་ཡང་སྤོང་བར་མི་བྱེད་ཀྱི། རྡོ་རྗེ་བཟླས་པ་ལ་སོགས་པས་ནི་དངོས་པོའི་རྟོག་པ་སྤོང་བར་བྱེད་པའི་ཕྱིར་རོ། །ཀྱང་ ཞེས་པ་ནི་མི་མཐུན་པའི་རྒྱན་ནོ། །རྡོ་རྗེ་སློབ་མ་ནི་རྡོ་རྗེ་འཆང་གི་སློབ་མ་དང་འདྲ་བའི་ཕྱིར་ཏེ། དེས་གསོལ་བ་བཏབ་པ། དེ་ཁོ་ན་ཉིད་མི་ཤེས་པར་འཚང་རྒྱ་བར་མི་འགྱུར་ཞེས་པ་ནི་གང་གིས་དེ་ཁོ་ན་ཉིད་མི་ཤེས་ན་བསྒོམ་པར་མི་འགྱུར་ལ། མ་བསྒོམས་ན་ཉོན་མོངས་པ་རྣམ་པར་རྟོག་པ་ སྤོང་བར་མི་འགྱུར་རོ་ཞེས་པའོ། །དེ་བས་ན་གསུང་རབ་ཀྱི་སྒོ་ནས་ཉན་པར་འཚལ་ལོ་ཞེས་པ་ནི་ལུང་གི་སྒོ་ནས་ཐོས་པར་འདོད་པའོ། །གང་གི་ཕྱིར་ཞེས་པ་ནི་གོང་དང་འབྲེལ་པ་སྟེ། ཐེག་པ་ཆེན་པོ་པ་ནི་ཕྱི་པ་དང་ནང་པའོ། །རྟོག་གེ་པ་ནི་རིགས་པའི་སྒོར་ཞུགས་པའོ། །གཞན་གོ་ སླའོ། །ལན་དུ་ཡང་དག་པ་གང་ཡིན་པ་དེ་ནི་དེ་ཁོ་ན་ཉིད་དོ་ཞེས་པ་ནི་རྡོ་རྗེ་བཟླས་པ་ལ་སོགས་པ་འདི་ནི་ཡང་དག་པ་དང་འདྲ་བའི་ཕྱིར་དེ་སྐད་ཅེས་བྱའོ། །ཡང་ན་ཡང་དག་པའི་དོན་དམ་པའོ་ཞེའོ། །མི་སླུ་བ་ཡང་དངོས་པོ་དང་མཐུན་པ་སྟེ། དུང་ལ་སེར་པོར་ཤེས་པ་མ་ཡིན་གྱིས། དུང་ལ་དཀར་ པོར་ཤེས་པ་བཞིན་ནོ། །མི་སླུ་བ་གང་ཡིན་ཞེ་ན། ཡང་དག་པའི་ཚུལ་ཅན་གྱི་བདག་ཉིད་ཅན་གྱི་ཏིང་ངེ་འཛིན་ཏེ། དོན་དམ་པ་ཐོབ་པའི་ཐབས་སུ་གྱུར་པའོ། །དེ་ཉིད་དྲིས་པ་དང་ལན་དུ། གང་བདེན་པ་གཉིས་གཉིས་སུ་མེད་པའི་མཚན་ཉིད་ཅན་ཏེ། བསྐྱེད་པ་ནས་སྒྱུ་མ་ལྟ་བུའི་བར་ཏེ་ཀུན་ རྫོབ་ཀྱི་བདེན་པའོ། །འོད་གསལ་བ་ནི་དོན་དམ་པའི་བདེན་པའོ། །གཉིས་སུ་མེད་པ་ནི་རྟོག་པ་དང་མི་རྟོག་པ་དབྱེར་མེད་པའི་རང་བཞིན་ཟུང་དུ་འཇུག་པའོ། །དེ་ལ་སློབ་པ་ཐམས་ཅད་ནི་ཏིང་ངེ་འཛིན་དང་འབྲེལ་ཏོ། །མི་སློབ་པ་ནི་འབྲས་བུའོ། །འབྲས་བུ་ཞེས་བྱ་བ་ཡང་གཉིས་ཏེ། རྡོ་རྗེ་བཟླས་པ་ལ་ བརྟེན་པ་དང་། དེ་དང་འབྲེལ་བའི་དངོས་གྲུབ་ནི་འབྲས་བུའི་གནས་སྐབས་པའོ། །ཆོས་ཀྱི་སྐུ་ནི་མཐར་ཐུག་པའོ་ཞེས་བྱ་བར་དགོངས་སོ། །བདེན་པ་གཉིས་ནི་དྲིས་པའི་ལན་དུ་དང་པོ་ཀུན་རྫོབ་དང་གཉིས་པ་དོན་དམ་ནི་གོང་དུ་བཤད་དོ། །བདེན་པ་གཉིས་ཀྱི་མཚན་ཉིད་ཇི་ལྟ་བུ་ལགས་ཞེས་ པ་ནི་བདེན་པ་གཉིས་ཀྱི་རང་བཞིན་གང་ཞེས་པ་དང་། ལན་དུ་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་གཙུག་ཏོར་གྱི་རྒྱུད་ལས་གསུངས་ཏེ་ཞེས་པ་ལས་རྡོ་རྗེ་གཙུག་ཏོར་ཁོ་ན་ཞེས་པ་མཛེས་པ་མ་ཡིན་ནོ་ཞེ་ན་འདི་ནི་རྡོ་རྗེ་གཙུག་ཏོར་ཁོ་ནའི་རྗེས་སུ་ཞུགས་པའི་གང་ཟག་གི་དབང་དུ་བྱས་པའོ། །དེ་ལ་དྲིས་པའི་ལན་དུ་གསང་བའི་ བདག་པོ་ཞེས་པ་ནི་བོས་པ་སྟེ། ཆོས་ཐམས་ཅད་ནི་ཆོས་ཐམས་ཅད་དོ། །གང་ཡིན་ཞེ་ན་ཕུང་པོ་དང་ཞེས་པ་ལ་སོགས་པ་སྟེ་གོ་སླའོ། །ཡང་བྲིས་པ་བདག་ཅག་ལྟ་བུ་ཞེས་པ་ལ་སོགས་པ་སྨོས་ཏེ། བདག་ཅག་ལྟ་བུ་ནི་བདག་དང་འདྲ་བ་ཞེས་བྱ་བའི་ཐ་ཚིག་གོ། །ཐོག་མ་མེད་པ་ནས་ཕྱི་རོལ་གྱི་ དངོས་པོ་རྣམ་པ་སྣ་ཚོགས་སུ་མངོན་པར་ཞེན་པས་ཤེས་པ་ནི་ཚེ་རབས་ཐོག་མ་མེད་པ་ནས་མ་རིག་པའི་སྟོབས་ཀྱིས་ཡུལ་ལ་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་བསྐྱེད་ནས་དེའི་བག་ཆགས་ཀུན་གཞི་ལ་ཞེན་པར་ཆགས་པའོ། །དེས་ཅིར་འགྱུར་ཞེ་ན། ཡོད་པ་དང་ཞེས་བྱ་བ་ལ་ སོགས་པ་སྨོས་ཏེ། ཕྱི་དང་ནང་གི་གཟུགས་ལ་སོགས་པ་ཡོད་པ་དང་། རྟག་པ་དང་ཐེར་ཟུག་པར་གྱུར་ཏེ། དེ་སྤང་བའི་ཕྱིར་རོ། །མེད་པ་ནི་ཆད་པར་ལྟའོ། །གཅིག་ནི་གཅིག་སྟེ་མུ་སྟེགས་ཀྱིས་བརྟག་པའི་བདག་ལྟ་བུའོ། །དུ་མ་ནི་རྡུལ་ཕྲ་རབ་སིལ་བུའོ། །དེ་དག་ཏུ་ གྱུར་པ་སྤང་བའི་ཕྱིར། །རྫོགས་པའི་རིམ་པའི་གོ་རིམས་ཀྱི་ཏིང་ངེ་འཛིན་ལ་སློབ་ཅེས་པ་ནི་ཐ་མལ་པའི་རྟོག་པ་སྤང་བའི་ཕྱིར་བསྐྱེད་པའི་རིམ་པ་ལ་སློབ་པར་བྱེད་དོ། །རིམ་པ་གཞན་ལ་ཡང་དེ་བཞིན་ཏེ། གོ་རིམས་ཇི་ལྟ་བ་བཞིན་དུ་སློབ་ཅེས་པ་ནི་རིམ་གྱིས་བསླབ་པའམ། ཅིག་ཅར་ གྱིས་བསླབ་པའམ། འོན་ཏེ་རིམ་པ་ཅི་རིགས་སམ་གོ་རིམས་གང་ཞེའོ། །ལན་དུ་རིམ་གྱིས་འཇུག་པར་བྱའི། ཅིག་ཅར་ནི་མ་ཡིན་ནོ་ཞེས་པ་ནི་རིམ་པ་ལྔ་དང་གཅིག་གི་དབང་གིས་དེ་ནི་གཉིས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་འཇིག་རྟེན་ན་གང་ཟག་རིགས་ནི་གཉིས་ཏེ། དེ་ཉིད་ཀྱི་རྣམ་པ་ ཅན་དང་། གཞན་ལ་རག་ལས་པའོ། །དང་པོའི་དབང་དུ་ལམ་ལྔའོ། །ཕྱི་མ་ལྟར་ན་ནི་ལམ་གཅིག་སྟེ། རིམ་པ་ལྔས་འཇུག་པར་བྱེད་པའི་ཕྱིར་རོ། །འོ་ན་རྡོ་རྗེ་བཟླས་པ་ཁོ་ན་རིམ་གྱིས་འཇུག་པར་ཇི་ལྟར་བྱ་ཞེ་ན། འདི་ལྟར་དང་པོ་ནི་ཐོས་པའི་ཤེས་རབ་ཀྱིས་འཇུག་གོ། །དེ་ནས་བསམ་པ་དང་ བསྒོམ་པའི་རིམ་པ་བཞིན་ནོ། །འོ་ན་བསྒོམ་པའི་རིམ་པས་ཇི་ལྟར་འཇུག་ཅེ་ན། འཇུག་པ་རྡོ་རྗེའི་བཟླས་པ་ནི་ཅིག་ཅར་འཇུག་པ་འབྲས་བུ་མེད་པའི་དོན་ནི་དང་པོ་རྗེས་སུ་དྲན་པའི་རྣལ་འབྱོར་ལ་འཇུག་གོ། །དེ་ནས་སྐད་ཅིག་མའི་རྣལ་འབྱོར་ལ་འཇུག་གོ། །དེ་ནས་ཁ་དོག་ལ་དམིགས་སོ། ། དེ་ནས་ཁ་དོག་དང་དབྱིབས་གཉིས་ཀ་ལ་དམིགས་སོ། །དེ་ནས་སྡུད་པ་དང་གནས་པར་བྱེད་དོ། །དེ་ནས་རྡོ་རྗེ་བཟླས་པ་བྱེད་དོ། །དེ་བས་ན་རྡོ་རྗེ་བཟླས་པ་བསྒོམ་པ་ཡང་རིམ་པ་བཞིན་ནོ། །གཞན་ལ་ཡང་དེ་དག་ཤེས་པར་བྱའོ། །དེ་ཡང་གང་ལས་ཤེས་ཤེ་ན། དེའི་ལུང་བསྟན་པའི་ཕྱིར་བཅོམ་ ལྡན་འདས་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཅོམ་ལྡན་འདས་ཁོ་ནས་ལང་ཀར་གཤེགས་པ་ལས་གསུངས་ཀྱི། གཞན་གྱིས་གསུངས་པ་ནི་མ་ཡིན་ནོ། །གང་ལ་གང་གིས་ཞུས་ཏེ་གསུངས་ཤེ་ན། དེ་ནས་བཅོམ་ལྡན་འདས་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐུབ་པ་ཆེན་པོ་ བཅོམ་ལྡན་འདས་ཉིད་ལ་བློ་གྲོས་ཆེན་པོས་ཞུས་ཏེ་གསུངས་སོ། །སྡུད་པ་པོ་ཡང་ཡོན་ཏན་ཇི་ལྟ་བུ་དང་ལྡན་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟེ། རང་བྱང་ཆུབ་པར་བྱ་བ་དང་། གཞན་བྱང་ཆུབ་ལ་དགོད་པའི་བསམ་པ་དང་ལྡན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཆེན་པོ་ནི་འདིར་ ཆོས་དང་དུས་དང་བསམ་པ་ལ་སོགས་པ་རྒྱ་ཆེ་བའི་ཕྱིར་རོ། །ཅིའི་ཕྱིར་ཞུས་ཤེ་ན། རང་གི་སེམས་སྣང་བའི་རྒྱུ་རྣམ་པར་དག་པར་བྱ་བའི་ཕྱིར་ཏེ། རང་གི་རྒྱུད་དང་གཞན་གྱི་རྒྱུད་ལ་འཁོར་བའི་ས་བོན་ཡོད་པ་དེ་སྦྱང་བའི་ཐབས་ཡོད་པར་བྱ་བའི་ཕྱིར་ཞུས་ཞེས་སོ། །དེ་ཉིད་ནི་གོ་སླའོ། །ལན་དུ་ བློ་གྲོས་ཆེན་པོ་ཞེས་པ་ནི་བོས་པ་སྟེ། ཡང་དག་པའི་དོན་དང་ལྡན་ཞིང་སྤོབས་པ་ཁྱད་པར་ཅན་དང་ལྡན་པའི་བློ་གྲོས་ཆེན་པོ་ཞུ་བ་ཞུས་པ་ལེགས་སོ། །སེམས་རྩེ་གཅིག་ཏུ་བསྡུས་ལ་གུས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་བཤད་དོ་ཞེས་པ་ལྷག་མའོ། །གང་ཞེ་ན་རང་གི་སེམས་ སྣང་བའི་རྒྱུད་ནི་སྣང་བས་འཇུག་པས་བདག་གི་ཅིག་ཅར་ནི་མ་ཡིན་ནོ་ཞེས་པ་ནི་གོང་དུ་བཤད་ཟིན་ཏོ། །དང་པོའི་དཔེ་དགོད་པ་ཤིང་ཨ་མྲའི་འབྲས་བུ་ནི་རིམ་གྱིས་སྨིན་པར་འགྱུར་གྱི་ཅིག་ཅར་མ་ཡིན་ནོ་ཞེས་པ་ནི་ཡུལ་གང་ཞིག་ན་ཤིང་ཨ་མྲ་ཞེས་བྱ་བ་ཡོད་པ་དེ་ལ་དཔེ་དགོད་པ་སྟེ། ཤིང་ཨ་ མྲ་ཡང་དང་པོ་ས་བོན་འབྱུང་བར་བྱེད་དོ། །གང་གི་ཚེ་ས་བོན་རྐྱེན་གཞན་དང་ལྡན་པ་དེའི་ཚེ་མྱུ་གུ་འབྱུང་བར་འགྱུར་རོ། །གང་གི་ཚེ་མྱུ་གུ་རྐྱེན་གཞན་དང་ལྡན་པ་དེའི་ཚེ་སྡོང་བུ་འབྱུང་བར་འགྱུར་རོ། །གང་གི་ཚེ་སྡོང་བུ་རྐྱེན་གཞན་དང་ལྡན་པ་དེའི་ཚེ། ཡལ་ག་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུ་རིམ་གྱིས་འབྱུང་བར་འགྱུར་རོ། །དོན་ནི་གོ་སླའོ། །དཔེ་གཉིས་པ་དགོད་པ། རྫ་མཁན་གྱི་སྣོད་རྣམས་ཀྱང་རིམ་གྱིས་བྱེད་ཀྱིས་ཞེས་པ་ནི་རྫ་མཁན་གྲགས་པའི་ཡུལ་པ་ལ་དཔེ་དགོད་པ་སྟེ། དཔེར་ན་རྫ་མཁན་མཁས་པ་རྫ་མའི་ལས་དང་བྱ་བ་ལ་གོམས་པ་ཁ་ཅིག་ནི་དང་ པོར་འཇིམ་པ་བརྡུང་བ་དང་། བསྲེ་བ་དང་། གཡོག་པ་དང་། སྲེག་པའི་བར་དུ་བྱེད་ཀྱི་ཅིག་ཅར་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་པའི་རྫ་མ་དེ་ནི་རིམ་གྱིས་འབྱུང་བའི་མཚན་ཉིད་ཡིན་པའི་ཕྱིར་རོ། །གཞན་གོ་སླའོ། །དེ་མ་གྲགས་པའི་གང་ཟག་ཁ་ཅིག་ནི་ལུང་གི་རྗེས་ སུ་མི་འཇུག་ལ། རྒྱས་པ་ལ་དགའ་བ་ཁ་ཅིག་ནི་ལུང་དེའི་རྗེས་སུ་ཡང་མི་འཇུག་པས་དེའི་ཕྱིར་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཞེས་པ་ལ་སོགས་པ་གསུངས་ཏེ། བཅོམ་ལྡན་འདས་ཞེས་པ་ནི་བདུད་བཞི་བཅོམ་པ་དང་ཡོན་ཏན་ཐམས་ཅད་དང་ལྡན་པའི་སྟོན་པ་ལ་བོས་པའོ། ། བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔའ་སྟེ། དེས་བསླབ་པ་ཐམས་ཅད་ལ་རློམ་སེམས་མ་མཆིས་ཏེ། ལྷག་པའི་ཤེས་རབ་ཀྱི་བསླབ་པ་ལ་སོགས་པ་ལ་ཐོད་རྒལ་མ་ཡིན་པར་འཇུག་པ་གང་ཡིན་པ་དེ་ཇི་ལྟར་བསླབ་ཅེས་པའི་ལན་དུ། བློ་གྲོས་བརྟན་པ་ཞེས་པ་ནི་བོས་པའོ། །དཔེར་ ན་ཞེས་པ་ནི་དཔེ་དགོད་པ་སྟེ། བསླབ་པ་ལ་རིམ་གྱིས་འཇུག་པ་ནི་འཕོང་སློབ་པ་དང་འདྲ་ཞེས་པའི་ཐ་ཚིག་གོ། །ཇི་ལྟར་འདྲ་ཞེ་ན། དེའི་ཕྱིར་འཕོང་གི་སློབ་དཔོན་ནམ། འཕོང་གི་སློབ་མ་ཞེས་པ་ལ་སོགས་པ་སྨོས་ཏེ། ཐོག་མར་བ་གླང་གི་ཀོ་བ་ལ་ཕོག་པར་བྱེད་དོ་ཞེས་པ་ནི་འཕོང་སློབ་ པ་གང་ཞིག་གི་ཤིང་རིང་པོ་ལ་བ་གླང་གི་ཀོ་བ་འཐེན་ཏེ། དེ་ལ་དང་པོར་ནི་འདོམ་བདུན་ལ་སློབ་པོ། དེ་ནས་འདོམ་དགུ་དང་ཉི་ཤུ་དང་། ལྔ་བཅུ་ལ་སོགས་པ་ལ་སློབ་པོ། དེ་ལ་ཕོག་པར་མ་གྱུར་པ་དེ་སྲིད་དུ་སློབ་པར་བྱེད་དོ། །ཕྱིས་མིག་འཛུམས་ལ་སོགས་པར་བྱས་པར་ཡང་འཕོག་པ་ ནི་དེའི་མཐར་ཕྱིན་པའི་ཆད་དོ། །སྐྱེས་བུ་དེ་དང་པོར་བ་གླང་གི་ཀོ་བ་ལ་སློབ། ཅིའི་ཕྱིར་ཞེ་ན། དེ་ནི་ནུས་པ་ཞེན་པའི་ཕྱིར་ཏེ། བ་གླང་གི་ཀོ་བ་དང་ཀོ་བ་ཙམ་ལས་ཆུང་བ་ནི་ཕོག་པར་མི་འགྱུར་རོ། །དེ་བས་ན་དང་པོར་བ་གླང་གི་ཀོ་བ་ལ་ཕོག་པར་བྱེད་དོ། །གཞན་གོ་སླའོ། །དེའི་དོན་བསྟན་ པའི་ཕྱིར། བློ་གྲོས་བརྟན་པའི་ཞེས་བྱ་བ་སྨོས་ཏེ། དཔའ་བར་འགྲོ་བ་ནི་ཐོགས་པ་མེད་པར་འགྲོ་བ་སྟེ། ཏིང་ངེ་འཛིན་གང་གིས་མི་མཐུན་པའི་ཚོགས་འཇོམས་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལ་གནས་པ་ནི་དེ་མཐར་ཕྱིན་པའོ། །ཕྱིས་ཆོས་གང་ལ་ཡང་མི་སློབ་པ་ནི་འོག་མ་ལ་མི་སློབ་ པ་སྟེ་གནས་སྐབས་པའོ། །གང་ན་བསླབ་བྱ་ཐམས་ཅད་བྲལ་བས་མི་སློབ་པ་སྟེ། མཐར་ཐུག་པར་བཤད་པའོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནི་གང་དང་འབྲེལ་པའོ། །ཏིང་ངེ་འཛིན་ལ་ལགས་པར་བསླབ་པའི་ཕྱིར་ཞེས་པ་ནི་སྐྱོན་ཐམས་ཅད་དང་བྲལ་བས་བསླབ་པའོ། །སྐྱོན་དེ་ཡང་གང་ ཞེ་ན་འདི་ལྟར་ལྟ་བ་དང་ལྡན་པ། སྤྱོད་པ་དང་ལྡན་པ། དབང་ཐོབ་པ། དམ་ཚིག་དང་ལྡན་པ། གསང་ཐུབ་པ། ཚོད་རིག་པ། གཏོར་མ་དང་། སྦྱིན་སྲེག་དང་ལྡན་པ། བདུད་ཀྱི་སླུ་བ་དང་བྲལ་བ། ཁམས་དང་། དུས་དང་། ཟས་དང་། སྐོམ་གྱི་ཚོད་ཤེས་པ། ཕྱིན་ཅི་ལོག་གི་ཆོས་སྤངས་པ། སའི་ཚད་ ཤེས་པ་ལ་སོགས་པ་དང་ལྡན་པའོ། །དེས་ཅིར་འགྱུར་ཞེ་ན། བྱང་ཆུབ་སེམས་དཔའི་ཡོན་ཏན་གྱི་ཆོས་ཐམས་ཅད་མངོན་སུམ་དུ་འགྱུར་ཏེ། སྟོབས་དང་མི་འཇིགས་པ་དང་གཟུངས་དང་ཏིང་ངེ་འཛིན་ལ་སོགས་པ་དམ་པ་རྣམས་ཀྱིས་དམ་པ་དང་ཁྱད་པར་དུ་བྱས་པ་ཐམས་ཅད་ཐོད་པར་འགྱུར་ཏེ། གང་གིས་སྐྱོན་སྤངས་པ་དེས་ཡོན་ཏན་གྱི་ཚོགས་ཐམས་ཅད་ཐོབ་སྟེ། དཔེར་ན་རྟ་དང་བ་གླང་ལྟ་བུའོ། །གཞན་གོ་སླའོ། །ཐོག་མ་ཉིད་དུ་ནི་སངས་རྒྱས་ཀྱི་ཐེག་པའི་བསམ་པ་ལ་སློབ་བོ་ཞེས་པ་ལ་སོགས་པས་ནི་དོན་གྱི་གོ་རིམས་ཇི་ལྟ་བ་བཞིན་དུ་སྟེ། འདི་ནི་རྣམ་པ་གཉིས་ཏེ། སྤྱིའི་དབང་དུ་བྱས་ ཏེ་བཤད་པ་ལ་སངས་རྒྱས་ཀྱི་ཐེག་པའི་བསམ་པ་ནི་རྗེས་སུ་དྲན་པའི་རྣལ་འབྱོར་རོ། །ཐེག་པ་གསར་ལ་དྲན་པ་གཅིག་པ་ནི་སྐད་ཅིག་མའི་ཏིང་ངེ་འཛིན་ཏོ། །རྟོག་པའི་རྣལ་འབྱོར་ནི་བསྐྱེད་པ་ལ་སྐད་ཅིག་མ་མང་པོ་བསྒོམ་པའོ། །ལས་དང་པོ་པའི་ཏིང་ངེ་འཛིན་ལ་གནས་པ་ནི་བསྐྱེད་པ་ལ་བརྟན་པར་ གྱུར་པའོ། །རིགས་བརྒྱའི་དབྱེ་བ་ལ་སོགས་པ་ནི་འོག་ནས་འབྱུང་བའོ། །སྐུ་རྡོ་རྗེའི་ཏིང་ངེ་འཛིན་ལ་གནས་པ་ནི་རྟེན་གྱི་གསལ་བའོ། །ཨཱ་ལི་ནི་ཨཱ་ལི་བཅུ་དྲུག་གོ། །ཀཱ་ལི་ནི་གསལ་བྱེད་སུམ་ཅུ་རྩ་གཉིས་ཏེ། དེས་ངག་རྣམ་པར་དབེན་པ་ནི་ཐ་མལ་པའི་བཟླས་པའོ། །རྡོ་རྗེ་བཟླས་པ་ནི་ རྡོ་རྗེ་དང་འདྲ་བ་ལ་སོགས་པའི་བཟླས་པའོ། །དེས་ཅིར་འགྱུར་ཞེ་ན། གསུང་རྡོ་རྗེའི་ཏིང་ངེ་འཛིན་ལ་གནས་པའོ་ཞེས་པ་ནི་གསུང་གང་གིས་ཉོན་མོངས་པ་འཇོམས་པར་བྱེད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ནས་ཅི་བྱེད་ཅེ་ན། རང་བཞིན་སྣང་བའི་རིམ་གྱིས་ཞེས་པ་ནི་ལམ་གྱི་དབང་དུ་ བྱས་ཏེ། སྣང་བ་དང་། སྣང་བ་མཆེད་པ་དང་། སྣང་བ་ཐོབ་པ་ལ་འཇུག་པའོ། །དེས་ཅིར་འགྱུར་ཞེ་ན། སེམས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་གྱུར་ཏེ། སེམས་ལ་དམིགས་པ་མཐར་ཕྱིན་པར་འགྱུར་བའོ། །དེས་ཅི་བྱེད་ཅེ་ན། སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་འཇུག་སྟེ། ཐིག་ལེའི་ངང་ལས་བྱུང་བའི་ལྷའི་སྐུ་མང་བའམ་ཉུང་བ་གང་རུང་ཞིག་ལ་དམིགས་པའོ། །དེ་ནས་དེ་ཉིད་སྒྱུ་མ་དང་། སྨིག་རྒྱུ་དང་། སྤྲུལ་པ་དང་། ཆུ་ཟླ་དང་། བྲག་ཅ་དང་། མིག་ཡོར་ལ་སོགས་པའི་སྐུར་བྱེད་པའོ། །དེས་ཅིར་འགྱུར་ཞེ་ན། སངས་རྒྱས་ཀྱི་དབང་བསྐུར་ བ་ཐོབ་སྟེ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་བདག་ལ་ཆོས་ཀྱི་རྒྱལ་པོ་ལྟ་བུའི་དབང་བསྐུར་བར་འགྱུར་རོ། །དེས་ཅི་བྱ་ཞེ་ན། སྟོང་པ་ཆེན་པོ་བཅོ་བརྒྱད་རིམ་གྱིས་དོན་དམ་པའི་བདེན་པ་ལ་འཇུག་སྟེ། ཕྱི་སྟོང་པ་ཉིད་ནས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱིས་ ཆོས་ཐམས་ཅད་རྣམ་པར་དག་ཅིང་རང་བཞིན་གྱིས་འོད་གསལ་བ་ཆོས་ཀྱི་དབྱིངས་རྟོགས་པར་བྱེད་དོ། །འོ་ན་ཡེ་ཤེས་འོད་གསལ་བ་དེ་གང་ལ་བརྟེན་ནས་སྐྱེ་ཞེ་ན། རིལ་པོར་འཛིན་པ་སྟེ། སྤྱི་བོ་ནས་རྐང་པའི་བར་དུ་བསྡུས་པ་ལས་སྐྱེ་ཞེའོ། །དེས་ཅིར་འགྱུར་ཞེ་ན། ཉོན་མོངས་ པ་ཐམས་ཅད་རྣམ་པར་དག་པར་འགྱུར་ཏེ། འདོད་ཆགས་དང་ཁོང་ཁྲོ་དང་ང་རྒྱལ་ལ་སོགས་པ་དང་བྲལ་བར་འགྱུར་རོ། །དེ་དང་བྲལ་བས་སངས་རྒྱས་ཀྱི་དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར་རོ། །དེ་ལས་ཅི་འབྱུང་ཞེ་ན། འབྲས་བུའི་སྣང་བ་གསུམ་སྟེ་ཡེ་ཤེས་ཀྱིས་རིམ་གྱིས་དང་པོ་ སྣང་བའོ། །དེ་ནས་སྣང་བ་མཆེད་པ་དང་ཐོབ་པ་འབྱུང་ངོ་། །དེ་ཉིད་རང་བཞིན་མེད་པའམ་གཉི་གའི་རྣམ་པ་ལ་དམིགས་པ་དེའི་ཚེ་ཟུང་འཇུག་གི་ཡེ་ཤེས་སྐྱེ་བར་འགྱུར་བ་ནི་གཉིས་སུ་མེད་པའི་རྣམ་པའོ། །གཞན་གོ་སླའོ། །ཁྱད་པར་གྱི་དབང་དུ་བྱས་པ་ནི་རྡོ་རྗེ་བཟླས་པ་ཉིད་ལ་ཡང་དེ་ དག་ཡོངས་སུ་ཚང་བར་བྱེད་དོ། །འོ་ན་དང་པོའི་དུས་སུ་སེམས་ལ་དམིགས་པ་ཅིའི་ཕྱིར་ཞེ་ན། རྡོ་རྗེ་བཟླས་པ་ལ་ཡང་དེ་དག་རིམ་གྱིས་ཚང་སྟེ། རྡོ་རྗེ་བཟླས་པ་ལ་སོགས་རེ་རེ་ལ་ཡང་ལྔ་ལྔ་སྟེ། ཉི་ཤུ་རྩ་ལྔའི་བདག་ཉིད་ཅན་གང་ཟག་ལྔ་ཡིས་འགྲུབ་པ་ཡིན་ཞེའོ། །དེ་བཤད་པ། གང་ཞིག་ཡི་གེ་ གསུམ་ལ་དམིགས། །དང་པོ་ཡིས་ནི་དུས་ཡིན་ཏེ། །དེ་ཉིད་སེམས་ཀྱི་སྣང་བ་དང་། །སྒྱུ་འདྲ་སྟོང་ཞིང་གཉིས་སུ་མེད། །གཉིས་པའི་དབང་དུ་བཤད་བྱ་བ། །ཐིག་ལེ་འགྲོ་ལྡོག་སྒྱུ་འདྲ་དང་། །རང་བཞིན་མེད་ཅིང་གཉིས་སུ་མེད། །སེམས་ལ་དམིགས་པ་རྣམ་པ་ལྔའོ། །གསུམ་པའི་དབང་དུ་བཤད་ བྱ་བ། །སྒྱུ་འདྲའི་སྐུ་ཉིད་སེམས་སྣང་སྟེ། །སྤྲོ་དང་བསྡུ་དང་རང་བཞིན་མེད། །གཉིས་མེད་གཉིས་ཀྱི་ཚུལ་ཡང་མེད། །བཞི་པ་རིག་འཛིན་མན་ངག་ནི། །ཞུ་བ་འགྲོ་འོང་སེམས་སྣང་ཞིང་། །སྒྱུ་མའི་ལུས་ཉིད་རྣམ་པར་དག །དེ་ཉིད་གཉིས་སུ་མེད་པའོ། །ལྔ་པ་ཡི་ནི་སྦྱོར་བ་ཡང་། ། སྤྲོས་སྐུ་འབྱུང་འཇུག་དང་པོ་སྟེ། །ཡེ་ཤེས་སྣང་བ་སྒྱུ་འདྲ་ཞིང་། །རང་བཞིན་ཀུན་བྲལ་གཉིས་སུ་མེད། །ཅེས་འབྱུང་བས་ཁྱད་པར་གྱི་རེ་རེ་ལ་ཡང་གོ་རིམས་རྒྱས་པ་སྟེ། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་ཀྱང་། གང་ཚེ་འབེན་ལ་སློབ་པ་བཞིན། །བསྐྱེད་པ་ལྔ་དག་རིམ་བཞིན་ཏེ། ། གང་ཟག་རྣམ་པ་ཁ་ཅིག་ལ། །རེ་རེ་ཡང་ནི་འབེན་སློབ་བཞིན། །ཞེས་གསུངས་པའི་ཕྱིར་རོ། །དེ་ལ་དང་པོའི་དབང་དུ་བྱས་ཏེ་བསླབ་པ། །སངས་རྒྱས་ཀྱི་ཐེག་པའི་བསམ་པ་ནི་རྡོ་རྗེ་བཟླས་པ་དང་། དེའི་དགེ་བའི་ཆོས་དྲན་པའོ། །དེ་ལས་ཐེག་པ་གསར་ལ་དྲན་པ་གཅིག་པ་ནི་རྡོ་རྗེ་བཟླས་ བའི་རྗེས་སུ་བསྒྲུབ་པ་སྐད་ཅིག་མའོ། །རྟོག་པའི་རྣལ་འབྱོར་ནི་རླུང་དང་སྔགས་ལ་སེམས་ཡང་དང་ཡང་དུ་གཏོད་པའོ། །ལས་དང་པོ་པའི་ཏིང་ངེ་འཛིན་ལ་གནས་པ་ནི་རྡོ་རྗེ་བཟླས་པའི་གསལ་བའོ