Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 36

Văn bản gốc(Tây Tạng)

Trang 13 / 20 (50.000 ký tự/trang)
ེས་ཀྱི་དབང་བསྐུར་རོ། །རིམ་པ་འདི་གཉིས་ཀྱིས་བཅོམ་ལྡན་འདས་ཤཱཀྱ་སེང་གེ་བྱང་ཆུབ་ཀྱི་ཤིང་དྲུང་དུ་ཞུགས་ཏེ། མཚོན་བྱེད་ཀྱི་བར་དུ་འོད་གསལ་མངོན་དུ་མཛད་ལ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་
གྱིས་བཞེངས་སོ་ཞེས་སྤྱོད་པ་བསྡུས་པ་ལས་གསུངས་ཏེ། དེ་ནི་འདིར་རིག་པར་བྱའོ། །གང་གི་ཕྱིར་འདི་ཉིད་དེས་བཤད་དོ། །དེ་ལ་འདི་ཉིད་ཀྱིས་ནི་དགའ་བ་ལ་སོགས་པའི་རིམ་པས་སོ། །འོད་གསལ་ནི་ལྷན་ཅིག་སྐྱེས་པའི་དགའ་བ་དང་། སྒྱུ་མ་ལྟ་བུ་ནི་ཟུང་དུ་འཇུག་པ་དང་། དེ་བཤད་པའི་
བཅོམ་ལྡན་འདས་དབང་བསྐུར་བཞི་པོ་རང་བཞིན་དུ་བསྟན་ཏེ། གང་འདིར་དངོས་པོ་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་བསྟན་པའོ། །འདིས་ནི་དབང་བསྐུར་གཉིས་བསྟན་ཏེ། འདི་ལྟར་དེ་ལ་དངོས་པོ་ཐམས་ཅད་ཀྱི་ནི་འོད་གསལ་ཡིན་ལ། དེ་དང་མཉམ་པ་ནི་གཉིས་སུ་མེད་དེ་དེས་རང་

སེམས་མ་སྐྱེས་པ་རྡོ་རྗེ་གསུམ་མི་ཕྱེད་པའི་ལུས་སོ། །སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ནི་རྡོ་རྗེ་གསུམ་མི་ཕྱེད་པའི་སྐུའོ། །རང་སེམས་བདེ་བ་ཆེན་པོ་མྱོང་བ་ཀུན་རྫོབ་དང་དོན་དམ་པ་རང་བཞིན་མེད་པ་དེ་བས་ན་ཀུན་རྫོབ་དོན་དམ་པ་གཉིས་སུ་མེད་པར་རྟོགས་པ་ནི་ཤེས་རབ་ཡེ་ཤེས་སོ། །དེ་
ཉིད་གོམས་པའི་ཁྱད་པར་གྱི་མཐར་ཐུག་པ་ལས་བྱུང་བ་སྒྲིབ་པ་མེད་པའི་མཆོག་དང་མཚན་དང་དཔེ་བྱད་ཀྱིས་འབར་བའི་ལོངས་སྤྱོད་རྫོགས་པའི་སྐུ་ལ་སོགས་པའི་རང་བཞིན་ནི་དབང་བཞི་སྟེ། བདེ་བ་ཆེན་པོའི་ལུས་སེམས་ཁྱད་པར་དུ་འཁྲུད་པར་བྱེད་དེ། ཀུན་དུ་རྟོག་པའི་དྲི་མ་ཐམས་ཅད་སྤངས་
པའི་ཕྱིར་འགལ་བ་མེད་དོ། །བདག་བྱིན་གྱིས་བརླབ་པའི་ལེའུ་ལས་ཤེས་རབ་ཡེ་ཤེས་ཀྱི་དབང་བཤད་པ་གང་ཡིན་པ་དེ་ནི་དེར་བདེ་བ་ཆེན་པོའི་ཚུལ་བསྒོམ་པ་གཙོ་བོ་ཡིན་པས་སོ། །འདིར་ནི་དེ་རང་བཞིན་མེད་པའི་ཆ་བསྒོམ་པ་གཙོ་བོ་བསྟན་ཏོ། །རབ་ཏུ་གྱུར་པ་ལས་སུ་གཉི་གའི་བདག་ཉིད་
བསྒོམ་པ་ཉིད་དབང་བཞི་པ་ཡོངས་སུ་རྫོགས་པའི་རྒྱུའོ། །དེ་བས་ན་ཤེས་རབ་ཡེ་ཤེས་རབ་ཏུ་གྱུར་པའི་དབང་དུ་བྱས་པ་ནས་གསུངས་པ། སློབ་དཔོན་ལས་ནི་ཞེས་བྱ་བ་ལ་སོགས་པའོ། །ཕྱིན་ཅི་ལོག་པ་དང་བྲལ་བས་དྲི་མ་མེད་ཅིང་བདེན་པའི་དོན་ངེས་པར་བསྟན་པའི་བློ་གང་གི་ཡིན་པའོ། །
བརྟན་པ་དང་གཡོ་བའི་དངོས་པོ་ཀུན་གྱི་རང་བཞིན་ནི་རང་བཞིན་མེད་པ་སྟེ། གང་གི་ཡིན་པ་དེ་མཉམ་པ་མེད་པའི་ཏིང་ངེ་འཛིན་དང་ལྡན་པ་ཞེས་བྱ་བའི་དོན་ཏོ། །དང་བ་ནི་འདོད་ཆགས་ལ་སོགས་པའི་སྙིགས་མ་ཟད་པའོ། །དགའ་བ་ནི་ཤེས་བྱའི་སྒྲིབ་པ་ཟད་པའོ། །ཤིན་ཏུ་ཕྲ་བ་ནི་དོན་དམ་
པ་ཡིན་པས་རགས་པ་རིག་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པའོ། །མཆོག་ཞི་བའི་རང་བཞིན་ནི་རང་བཞིན་ལ་ཕན་པའོ། །འདིས་སམ་འདི་ལ་སྒྲིབ་པ་རྣམས་སྤངས་པའི་ཕྱིར་མྱ་ངན་ལས་འདས་པའོ། །ཁམས་ནི་རང་བཞིན་ཏེ་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུའོ། །གཉིས་མེད་ནི་དངོས་
པོ་དང་དངོས་མེད་ལ་སོགས་པ་སྤྲོས་པའི་བག་ཆགས་དང་བྲལ་བས་སོ། །དེ་ཉིད་ཀྱི་ཕྱིར་རྟོག་བྲལ་ལོ། །རྟག་ཏུ་བདེ་བའི་རང་བཞིན་མི་མཛད་པ་མེད་ཅིང་ཁྱད་པར་དུ་འཕགས་པ་བར་མ་ཆད་པ་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་དང་རོ་གཅིག་པའོ། །བསོད་ནམས་བསོད་ནམས་མིན་ལས་ནི། །བདེ་

འགྲོ་དང་ངན་འགྲོར་འཁོར་བའི་རྒྱུ་ལས་སོ། །དེ་ལྟར་ཀུན་རྫོབ་ཀྱི་རང་བཞིན་སྙིང་རྗེ་ཆེན་པོའི་བདག་ཉིད་ཅན་བདེ་བ་ཆེན་པོའི་ཡིད་རང་བཞིན་ལོངས་སྤྱོད་རྫོགས་པའི་སྐུ་དོན་དམ་པ་རང་བཞིན་མེད་པ་ལས་ཐ་མི་དད་པར་བསྒོམ་པ་ན་དེའི་རང་བཞིན་ཁྱད་པར་གྱིས་མཐར་ཐུག་པ་ཆོས་ཀྱི་སྤྲིན་ལོངས་སྤྱོད་
པའི་སྐད་ཅིག་ཐ་མ་བར་ཆད་མེད་པའི་ལམ་སྒྲུབ་པ་མེད་པའི་འོད་གསལ་བ་ལས་བག་ཆགས་དང་བཅས་པའི་རྟེན་ལྡོག་པས་དེ་མ་ཐག་ཏུ་རྡོ་རྗེ་སེམས་དཔའ་ཤིན་ཏུ་གསལ་བར་སྐྱེ་བར་འགྱུར་རོ། །འོད་གསལ་བ་རང་བཞིན་མེད་པ་ལས་སྐྱེའོ་ཞེས་གང་རྣམ་པར་གཞག་པ་དེ་ནི་བསྒོམས་པ་
ལ་འབད་པར་བྱ་བའི་ཕྱིར། དེ་ཉིད་ཀྱི་ཕྱིར་མཆོག་ཅེས་བྱ་བ་ལ་སོགས་པའོ། །མཆོག་ནི་འཇིག་རྟེན་ལས་འདས་པའི་སྒྲིབ་པ་མེད་པ་དང་། གསང་བ་ནི་དེ་རང་བཞིན་མེད་པ་དང་། བདེ་བ་ནི་ལྷན་ཅིག་སྐྱེས་པའི་དགའ་བ་སྟེ། མཆོག་ཏུ་གསང་ཞིང་བདེ་བའོ། །དེ་ཉིད་གཉིས་སུ་མེད་པའི་
རྣམ་པ་ཐམས་ཅད་དུ་རྟོགས་པའི་རིམ་པ་ནི་མངོན་པར་འབྱུང་བའི་རིམ་པ་སྟེ་དེའི་དགོངས་འགྲེལ་ལོ། །ཇི་ལྟར་སེམས་ལ་ངེས་པར་སྦྱར་བ་ནི་བཤད་ལ། རང་སེམས་ངེས་པར་སྦྱར་ཡང་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་པ་སྟེ། ཤེས་པ་ཙམ་གྱིས་མཚན་ཉིད་ཐམས་ཅད་དང་ལྡན་པ་ལྷའི་
སྐུར་གཟུང་བའོ། །དེ་ཉིད་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་སྒྱུ་མ་ལ་སོགས་པའི་བདག་ཉིད་ཡིད་ཀྱི་རང་བཞིན་གྱི་སྐུ་ནི་བདག་བྱིན་གྱིས་བརླབ་པའོ། །ཇི་ལྟར་འཕགས་པ་ལྷའི་ཞབས་ཀྱིས། གང་གི་ཀུན་རྫོབ་བདེན་པར་བཤད། །རྫོགས་སངས་རྒྱས་ཀྱི་སྐུ་ཅན་ནོ། །དེ་ནི་སྒྱུ་
མར་ཡང་དག་བཤད། །བདག་བྱིན་བརླབས་ཞེས་བརྗོད་པ་ཡིན། །ཞེས་གསུངས་སོ། །དེའི་རིམ་པ་བཤད་པ། རྡོ་རྗེ་ཅན་ལ་སོགས་པ་སྟེ། ཁྱད་པར་ཅན་གྱི་མཐར་ཐུག་པས་ཆེན་པོའོ། །སྟོང་པ་དང་སྙིང་རྗེ་རོ་གཅིག་ཏུ་གྱུར་པས་རྡོ་རྗེ་མི་ཕྱེད་པའི་ཡེ་ཤེས་འདི་ལ་ཡོད་པས་རྡོ་རྗེ་སེམས་
དཔའོ། །རྡོ་རྗེ་སེམས་དཔའ་དང་པོར་སྐྱེད་པ་པོ་གང་གི་ཡིན་པ་དེ་ནི་དཀྱིལ་འཁོར་རྣམས་སོ། །དེ་དག་གཙོ་བོ་ནི་རྡོ་རྗེ་སེམས་དཔའ་འོ། །རྒྱུད་རྣམ་པ་བཞི་ནི་བྱ་བ་དང་། སྤྱོད་པ་དང་། རྣལ་འབྱོར་དང་། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་དབྱེ་བས་སོ། །དེ་དག་གི་ནང་ན་འགའ་ཞིག་

ཤེས་པའོ། །མན་ངག་ནི་རང་ཉིད་སྟོང་པ་དང་སྙིང་རྗེ་ཐ་མི་དད་པའི་ལོངས་སྐུའི་ཚུལ་དུ་བསྐྱེད་པ་ནི་བདག་བྱིན་གྱིས་བརླབ་པའོ་ཞེས་ཐུན་མོང་དུ་བསྟན་པར་བྱའོ། །གསང་བའི་དབང་ནི་ཉེ་བར་མཚོན་པ་ཡིན་པས་ཤེས་རབ་ཡེ་ཤེས་ཀྱི་ཡང་ཐོབ་པས་སོ། །དེ་ལེན་པ་ཡང་བདག་
བྱིན་གྱིས་བརླབ་པ་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོའི་རང་བཞིན་དུ་རྟོགས་པའི་ཕྱིར་རོ། །ལུས་ནི་ལོངས་སྐུའོ། །ཆོས་ཐམས་ཅད་ལ་མི་བརྟེན་པར་ནི་དོན་དམ་པར་རྟེན་དང་བརྟེན་པ་མེད་པའི་ཕྱིར་རོ། །དམིགས་མེད་ནི་སྒྲོ་འདོགས་ཐམས་ཅད་སྤངས་པའོ། །སྣ་ཚོགས་མིན་པ་ནི་སྤྲོས་པ་
དང་བྲལ་བའི་ཕྱིར་རོ། །འཇིགས་མེད་ནི་རིག་པ་ཡིན་ལ་གྲོལ་ཞིང་གཡོ་བ་མེད་པ་སྟེ། བདག་བྱིན་གྱིས་བརླབས་པར་ཁྱད་པར་གྱིས་བཤད་པའི་ཞེས་པ་དང་སྦྱར་རོ། །ཀུན་རྫོབ་ནི་ཕུང་པོ་ལ་སོགས་པའི་བདག་ཉིད་ཅན་རང་ཡིན་ཏེ། དེའི་བདེན་པ་ནི་སྒྱུ་མ་ཉིད་བར་དོའི་སྲིད་པ་འདྲ་བ་ཉིད།
ལོངས་སྐུ་ཉིད་དང་ལྷན་ཅིག་སྐྱེས་པའི་བདེ་བའི་རང་བཞིན་ཉིད་དུ་བླ་མ་དམ་པའི་གསུང་ལས་རྟོགས་པ་ཉིད་དོ། །འདིའི་རང་བཞིན་མེད་པ་ནི་ཀུན་རྫོབ་པ་སྟེ། འོད་གསལ་ཀུན་རྫོབ་དང་དོན་དམ་པའི་བདེན་པ་འདི་གཉིས་ཁོ་ན་དོན་དམ་པར་བདག་གཅིག་ཏུ་བཞག་པས་ན་ཟུང་དུ་འཇུག་པའོ། །
འདི་དག་ཐ་དད་པར་བརྟགས་པ་ནི་ཀུན་རྫོབ་པ་སྟེ། སྒྲུབ་པ་པོའི་མོས་པའི་བྱེ་བྲག་གིས་སོ། །གང་གི་ཕྱིར་སྒྲུབ་པ་པོ་ལ་ལ་ནི། དང་པོ་ཀུན་རྫོབ་ཉིད་བསྒོམ་པར་ནུས་ལ། དེའི་རྗེས་སུ་དོན་དམ་པ་དེ་ནས་ཟུང་དུ་འཇུག་པར་ནུས་ལས་བསྒོམས་པས་འོད་གསལ་བའི་དེ་ཉིད་རབ་ཏུ་དགའ་
བའི་ས་ལ་གཏོགས་པའི་ཕྱིར་རོ། །ཀུན་རྫོབ་ཀྱི་བདེན་པ་བདག་བྱིན་གྱིས་བརླབ་པའི་རགས་པ་གང་ནས་གང་དུ་རྟོགས་པ་ཡིན་པས་རྒྱུར་རྣམ་པར་བཞག་སྟེ། འོད་གསལ་ནི་ཤིན་ཏུ་རྣམ་པར་ཕྲ་བའི་རྒྱུ་མཐོང་ལམ་དུ་རྟོགས་པས་འབྲས་བུའོ། །དེ་ཉིད་ཕྱི་མ་དང་ཕྱི་མས་བསྒོམས་པས་དྲི་མ་མེད་པའི་
ས་ལ་སོགས་པ་དགུའི་རང་བཞིན་བདག་བྱིན་གྱིས་བརླབ་པའི་རྒྱུ་ཡིན་ཞེས་བཤད་དེ། བདག་བྱིན་གྱིས་བརླབ་པ་ཞེས་བྱ་བ་ལ་སོགས་པའོ། །འདིས་བདེན་པ་གཉིས་བདག་གཅིག་པ་ཡིན་ཡང་འོད་གསལ་ཁོ་ན་འབད་པས་བསྒོམས་ན་རྣམ་པར་བྱང་བའི་རྒྱུར་འགྱུར་ཏེ། བདག་བྱིན་གྱིས་

བརླབ་པའི་རྒྱུར་རྣམ་པར་གཞག་གོ། །ལ་ལ་ནི་སེམས་ཀུན་རྫོབ་སྐྱེད་པ་པོར་བཤད་དེ། ཇི་ལྟར་འཕགས་པ་ཀླུ་སྒྲུབ་ཀྱིས། །འདི་ནི་ཐམས་ཅད་སེམས་ཙམ་སྟེ། །སྒྱུ་མ་མཁན་ལས་བྱུང་བ་ཡིན། །དེ་ལས་དགེ་དང་མི་དགེའི་ལས། །དེ་ལས་སྐྱེ་དང་དགེ་མི་དགེ། །ཞེས་གསུངས་སོ། །ཡང་ཇི་ལྟར་
སེམས་གང་ཡིན་པ་དེ་ནི། སེམས་ཀྱི་ཉིང་མཚམས་སྦྱོར་ཏེ་ཞེས་བྱ་བ་ལ་སོགས་པ་བཞིན་ནོ། །ལ་ལར་གཉི་ག་རྒྱུར་བཞག་སྟེ། ཇི་ལྟར་འཕགས་པས། སྟོང་པའི་ཆོས་རྣམས་ཁོ་ན་ལས། །སྟོང་པའི་ཆོས་རྣམས་སྐྱེ་བ་ཡིན། །ཞེས་གསུངས་ཏེ། ཀུན་ནས་ཉོན་མོངས་པའི་གནས་སྐབས་སུ་
ཡང་ངོ་། །འོད་གསལ་ལ་ལ་ནི་རང་བཞིན་གྱིས་ཉོན་མོངས་པ་ཅན་མ་ཡིན་ཀྱང་གློ་བུར་བའི་དྲི་མས་གོས་པ་ཉོན་མོངས་པ་དང་ལས་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པའི་རྒྱུ་སྟེ། དཔེར་ན། འོད་གསལ་ལས་ནི་སྟོང་ཉིད་ཆེ། །ཞེས་བྱ་བ་ནས། སེམས་ཅན་རྣམས་ནི་འབྱུང་བ་ཡིན། །ཞེས་བྱ་བའི་
བར་བཞིན་ནོ། །རྣམ་པ་ཐམས་ཅད་དུ་རྒྱུ་འབྲས་ཀྱི་འབྲེལ་པ་དོན་དམ་པ་མེད་པས་ཀུན་རྫོབ་པ་དག་ཁོ་ན་གདུལ་བྱའི་བསམ་པ་སྣ་ཚོགས་པའི་རྗེས་སུ་འཇུག་པའི་རིགས་པས་གཞག་པར་རིག་པར་བྱའོ། །བདག་བྱིན་གྱིས་བརླབ་པའི་ཏིང་ངེ་འཛིན་འདི་མ་ཤེས་པ་རྣམས་བཅིངས་པར་
འགྱུར་ལ། ཤེས་པ་རྣམས་ནི་གྲོལ་བ་སྟེ། གང་གི་ཕྱིར་དེ་དག་ནི་རྒྱུའི་གནས་སྐབས་སུ་ཡང་སྐྱེ་བ་དང་། གནས་པ་དང་འཇིག་པ་ལ་སོགས་པ་དང་འཁོར་བ་ནི་དོན་དམ་པ་མ་ཡིན་ནོ་ཞེས་བདག་བྱིན་གྱིས་བརླབས་པས་ཀུན་རྫོབ་པའི་སེམས་ཀྱི་རྣམ་པ་ཅན་ཡིན་ནོ་ཞེས་གསུངས་པ་ལས་
ངེས་པར་བྱེད་དོ། །འདི་ལྟར་ཁྱེད་རྣམས་སེམས་ནི་ལུས་ལྟ་བུ་དང་། ལུས་ནི་སེམས་ལྟ་བུ་དང་། སེམས་ངག་ཏུ་བརྗོད་པ་ལྟ་བུར་སྐྱེད་ཅིག་ཅེས་གསུངས་སོ། །སྒྲོན་གསལ་ནས་འདི་ནི་བཤད་པ་ནི་འོད་ཀྱི་རང་བཞིན་གྱི་ལུས་བསྐྱེད་དེ། ཅི་ལྟར་ཞེ་ན། སེམས་གསུམ་ཕྲ་བའི་ཁམས་
དང་ལྷན་ཅིག་ཏུ་ལོངས་སྤྱོད་ཀྱི་སྐུའི་རྣམ་པས་གང་སྐུར་བསྐྱེད་པ་དེ་ནི་སེམས་ཁོ་ནའོ། །ལུས་སེམས་ལྟ་བུ་ནི་གང་གི་ཕྱིར་སེམས་ལས་གཞན་གང་ཡང་མེད་དོ། །ངག་ཏུ་བརྗོད་པ་གང་ཡིན་པ་དེའི་རང་བཞིན་གྱིས་སེམས་ཁོ་ན་སྐྱེད་ཅིག །དེ་ལྟར་ལུས་ངག་ཡིད་སྟོང་པ་ཉིད་ཀྱི་རང་

བཞིན་འོད་གསལ་དང་གཅིག་ཏུ་བྱས་ནས་རྡོ་རྗེ་འཛིན་པ་ཆེན་པོར་བདག་ཉིད་སྐྱེ་བར་བྱའོ་ཞེས་སོ། །འོ་ན་ཇི་ལྟར་བྱིས་པ་རྣམས་ཀྱིས་རང་གི་སེམས་ཀྱི་རང་བཞིན་མ་ངེས་ཤེ་ན། གསུངས་པ། རླུང་ཞེས་བྱ་བ་ལ་སོགས་པའི་རྡོ་རྗེ་བཟླས་པའི་རིམ་པས་རླུང་བསྟན་པར་གྱུར་ན་སེམས་
ཀྱི་རང་བཞིན་ངེས་པ་ཡིན་གྱིས་གཞན་དུ་ནི་མ་ཡིན་ནོ། །སེམས་ནི་བར་དོའི་རང་བཞིན་ཕྱིན་ཅི་མ་ལོག་པ་ལས་སོ། །འདི་ལྟར་སྐལ་བ་དང་མཉམ་པའི་སེམས་ཀྱི་རྒྱུན་གྱི་མཐའ་མའི་སྐད་ཅིག་ཀུན་རྫོབ་པ་དོན་དམ་པར་འོད་གསལ་དང་རོ་གཅིག་པ་འགགས་པ་ན་སྐལ་པ་དང་མི་མཉམ་པར་བར་མ་དེའི་སེམས་
དང་དེ་དང་དེར་སྒྲོ་བཏགས་པ་བཟློག་པས་སྐྱེད་པར་བྱེད་དེ། སྒྲོ་བཏགས་པ་ཐམས་ཅད་བཟློག་པས་ནི་རང་བཞིན་གྱིས་སྟོང་པ་ཞི་བའི་བདག་ཉིད་ཅན་ནོ། །དེ་ལྟར་ཡིན་ཀྱང་དེའི་གནས་སྐབས་ཀྱི་བྱེ་བྲག་ལ་རང་བཞིན་གྱིས་བྱེ་བྲག་སྐྱེ་བས་སྣང་བ་ལ་སོགས་པར་རྣམ་པར་གཞག་གོ། །དེ་ལ་ཐ་མའི་སྐད་ཅིག་གི་
རང་བཞིན་འོད་གསལ་ལས་རྣམ་ཤེས་དང་པོ་སྐད་ཅིག་གིས་རྫོགས་པའི་ཕྱིར་ཡོངས་སུ་རྫོགས་པ་སྣང་བ་ཐོབ་སྟེ། སེམས་ཀྱི་དེ་ཉིད་ཀྱི་བྱེ་བྲག་མ་རྟོགས་པ་འདི་ནི་ཞེས་མངོན་པར་ཞེན་ཅིང་སྣང་བ་ཐོབ་པའོ། །བདེན་པའི་དོན་མཐོང་བ་ལ་སོགས་པ་ལ་གེགས་བྱེད་པས་མ་རིག་པའི་མུན་པ་དང་བཅས་པའི་
ཀུན་ནས་ཉོན་མོངས་པའི་བདག་ཉིད་ཅན་ནོ། །དེ་ལ་འདོད་ཆགས་དང་། ཞེ་སྡང་དང་། མ་རིག་པ་དང་། སྲིད་པ་དང་། ཉེར་ལེན་ནི་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པའོ། །བསོད་ནམས་དང་བསོད་ནམས་མ་ཡིན་པའི་བདག་ཉིད་འདུ་བྱེད་རྣམས་དང་། དེའི་རྗེས་ལ་བག་ཆགས་ཀྱི་བདག་
ཉིད་སྲིད་པ་ནི་ལས་ཀྱི་ཀུན་ནས་ཉོན་མོངས་པའོ། །ཉིད་མཚམས་སྦྱོར་བའི་རྣམ་ཤེས་ལ་སོགས་པའི་ཡན་ལག་བདུན་ནི་སྐྱེ་བའི་ཀུན་ནས་ཉོན་མོངས་པའོ། །དེ་ནས་བར་དོའི་རྣམ་པ་ཅན་གྱི་སེམས་དེ་ཉིད་ཉི་མའི་སྣང་བ་དང་འདྲ་སྟེ། སྟོན་ཀའི་ཉི་མའི་སྣང་བ་བཞིན་དུ་དྲི་མ་མེད་པས་མིག་གི་དབང་
པོ་ལ་སོགས་པས་འཇིག་རྟེན་གྱི་ཁམས་གཞན་དུ་ཡང་ཕྲ་བ་ལ་སོགས་པའི་དངོས་པོ་ཐམས་ཅད་སྣང་བ་དང་མཚུངས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཤིན་ཏུ་ཆེར་སྣང་ཞིང་གསལ་བས་སྣང་བ་མཆེད་པ་དང་། བདག་དང་གཞན་དུ་བཏགས་པས་རྟོག་པ་དང་ཕ་དང་མ་དང་ཅི་རིགས་པར་

འདོད་ཆགས་དང་ཞེ་སྡང་གི་སྦྱོར་བས་སེམས་ལས་བྱུང་བ་དང་དགེ་བ་དང་མི་དགེ་བའི་ལས་མངོན་པར་ཕྱོགས་པས་སྐྱེ་བའི་རྒྱུ་ཡིན་པས་ཐབས་ཏེ་ལས་ཀྱི་ཀུན་ནས་ཉོན་མོངས་པའི་བར་དོའི་རྣམ་པའི་སེམས་དེ་ཉིད་ལས་ལས་ཀྱི་དབའ་རླབས་ཀྱིས་མའི་མངལ་དུ་ཁྲག་དང་ཁུ་བ་འདྲེས་པ་ལས་ཉིང་
མཚམས་སྦྱོར་བའི་རྣམ་ཤེས་སྐྱེ་བར་འགྱུར་ཏེ། ལས་ལ་རག་ལས་པས་དབང་དང་ཉེ་བར་བསགས་པའི་ལས་ཀྱི་བག་ཆགས་ཀྱིས་བསགས་པ་ཡིན་པས་སེམས་དང་། འདོད་ཆགས་དང་བཅས་པ་ཡིན་པས་ཆགས་པ་དང་རིག་པའི་བདག་ཉིད་ཅན་ཡིན་པས་ཤེས་རབ་དང་ཟླ་བའི་རྣམ་པ་དང་འདྲ་སྟེ།
དཔེར་ན་སྟོན་ཀའི་ཟླ་བའི་འོད་ཟེར་བཞིན་ནོ། །སྡུག་བསྔལ་དང་། བཏང་སྙོམས་ཀྱི་རྙོག་པ་མེད་པས་དངས་པའི་ཕྱིར་དང་། སྤྲོ་བ་སྐྱེད་པའི་ཕྱིར་ཁྲག་དང་ཁུ་བའི་རང་བཞིན་ལ་སོགས་པའི་དངོས་པོ་རྣམས་ཡིད་ཀྱི་དམིགས་པ་དང་མཚུངས་པས་སྣང་བའོ། །རྣམ་པར་ཤེས་པ་ནི་རླུང་གི་བཞོན་
པ་དང་། ལས་དང་ཉོན་མོངས་པའི་རྐྱེན་གྱིས་ཉིང་མཚམས་སྦྱོར་བའི་སྐད་ཅིག་ཏུ་དེ་ལྟར་ནུས་པ་དང་ལྡན་པར་བསྐྱེད་དེ། གང་གི་གཉིས་ལ་གཟུགས་དང་མིང་གི་སྐད་ཅིག་ལ་སོགས་པའི་གནས་སྐབས་སུ་རླུང་དང་མེ་དང་ཆུ་དང་ས་དང་སྣང་བ་དང་སྣང་བ་མཆེད་པ་དང་སྣང་བ་ཐོབ་པ་རྣམས་
ཚོགས་པ་གཅིག་ལ་རག་ལས་པའི་ཚུལ་གྱིས་ཕན་ཚུན་བསྐྱེད་དེ། འདི་ལྟར་ངོ་བོ་ནི་བསྐྱེད་པའི་རིམ་པ་སྟེ། འོད་གསལ་ནས་ནི་སྟོང་པ་སྟེ། །སྟོང་པ་ལས་ཀྱང་ཐབས་བསྐྱེད་འགྱུར། །དེ་ལས་ཤེས་རབ་འབྱུང་བ་སྟེ། །དེ་ལས་རླུང་གཉིས་སྐྱེ་བ་ཡིན། །རླུང་ལས་མེ་ནི་ཡང་དག་འབྱུང་། །ཆུ་ཡང་
མེ་ལས་སྐྱེ་བ་ཡིན། །ས་ནི་ཆུ་ལས་སྐྱེ་བ་སྟེ། །འདི་ལྟར་སེམས་ཅན་འབྱུང་བ་ཡིན། །ཞེས་བྱ་བ་འདིས་བསྟན་ཏོ། །དེའི་རྗེས་སུ་ཐ་མའི་སྐབས་ཉེ་བར་གྱུར་ནས་ལུས་ཀྱི་སའི་ཁམས་བྲི་སྟེ། དེ་ནས་ཆུ་ཁམས་དང་། དེ་ནས་མེ་དང་། དེ་ནས་རླུང་དང་། དེའི་རྗེས་སུ་རང་བཞིན་དང་བཅས་པའི་སྣང་བ་
དང་། དེ་ནས་སྣང་བ་མཆེད་པ་དང་། དེ་ནས་སྣང་བ་ཐོབ་པ་འགགས་ཏེ། དེའི་སྐད་ཅིག་ཐ་མ་ནི་སྐལ་བ་དང་མཉམ་པའི་སེམས་ཀྱི་སྐད་ཅིག་གཞན་སྐྱེ་མི་ནུས་ཤིང་འགགས་པ་ནི་ཀུན་རྫོབ་ཏུ་འཆི་བ་ཞེས་བརྗོད་དོ། །འདིའི་དོན་དམ་པ་ནི་འོད་གསལ་གྱི་རང་བཞིན་ཁོ་ན་ཡིན་ནོ། །རིམ་པ་འདི་ཡང་།

ས་ཡི་ཁམས་ནི་ཆུ་ལ་ཐིམ། །ཆུ་ཁམས་མེ་ལ་ཐིམ་པ་ཡིན། །མེ་ཡང་ཕྲ་བའི་ཁམས་ལ་སྟེ། །རླུང་ནི་སེམས་ལ་རྣམ་པར་ཐིམ། །སེམས་ནི་སེམས་བྱུང་ཁོ་ན་ལ། །སེམས་བྱུང་མ་རིག་པ་ལ་སྟེ། །དེ་ལས་འོད་གསལ་ཉིད་དུ་འགྲོ། །འདི་ནི་སྲིད་གསུམ་འགོག་པ་ཡིན། །
ཞེས་བྱ་བས་བསྟན་ཏོ། །དེའི་རྗེས་སུ་དེ་ཁོ་ན་བཞིན་དུ་སྐལ་བ་དང་མི་མཉམ་པར་དེའི་སེམས་བྱུང་ངོ་། །དེ་ལྟར་འདི་ནི་ཐོག་མཐའ་དང་། །བར་མ་མེད་པའི་འཁོར་བ་ཡི། །འཁོར་ལོ་མགལ་མེ་འཁོར་བ་བཞིན། །ཕན་ཚུན་བརྒྱུད་དེ་འཁོར་བ་ཡིན། །དེ་ནི་བདག་བྱིན་གྱི་རླབས་ཀྱི་རང་བཞིན་དུ་མི་ཤེས་
པའི་ཕྱིར་རོ། །ཤེས་པ་ན་ནི་དེ་ཉིད་ཅེས་བྱ་བ་ལ་སོགས་པ་སྟེ། མེ་ལོང་ལ་སོགས་པ་ནི་མདོར་བསྟན་པའོ། །ཁྱབ་པ་ནི་སྤྲུལ་པའི་སྐུ་སྣ་ཚོགས་ཀྱིས་སོ། །མེ་ལོང་ཞེས་བྱ་བ་ལ་སོགས་པ་ནི་རྒྱས་པར་བཤད་པའོ། །ལོངས་སྤྱོད་རྫོགས་པ་ནི་རྣམ་པར་བྱང་བའི་གནས་སྐབས་སུའོ། །དྲི་བའི་
སེམས་ནི་མཚན་དཔེ་འབར་བ་ཆོག་མི་ཤེས་པའི་ལུས་ཀྱི་རྣམ་པ་ཅན་ཏེ་ཀུན་ནས་ཉོན་མོངས་པའི་གནས་སྐབས་སུའོ། །སྟོང་པ་དང་སྙིང་རྗེ་ཐ་མི་དད་པའི་རྡོ་རྗེའི་སྐུ་འདི་ལ་ཡོད་པས་རྡོ་རྗེའི་སྐུ་སྟེ་རྡོ་རྗེ་འཛིན་པའོ། །མཆོད་པ་ནི་རྙེད་པ་བཞིན་དུ་འདོད་པའི་ཡོན་ཏན་རྣམས་སྒྲུབ་པའོ། །བདག་
ཉིད་སངས་རྒྱས་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པའི་རང་བཞིན་ནོ། །རྡོ་རྗེ་སེམས་དཔའ་ནི་རྡོ་རྗེ་འཛིན་པ་ཆེན་པོ་སྟེ་དེ་སྟོན་པའོ། །སྒྱུ་མ་ནི་སྐྱེས་པ་དང་བུད་མེད་དང་རྟ་དང་གླང་པོ་ལ་སོགས་པའི་ཚུལ་ཅན་ནོ། །དམིགས་པ་ནི་འགྲོ་བ་མཐོང་བ་ལ་སོགས་པ་སྟེ། དོན་དམ་དུ་མེད་
ལ་འོན་ཀྱང་ཀུན་རྫོབ་ཏུའོ། །སྒྱུ་མ་དེ་ནི་འཁྲུལ་པ་རྣམས་ཀྱིས་དོན་དམ་པར་བཏགས་པའོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་དབང་པོ་ལ་སོགས་པ་སྟེ། གཟུགས་དང་སྒྱུ་མ་ལ་སོགས་པ་གང་ངོ་བོར་ནི་དོན་དམ་པར་རོ། །མཉམ་པར་མ་བཞག་སྦྱོར་བ་ནི་ཨ་ས་མ་བ་ས་ཧི་ཏ་ཡོ་ག་ཏེ། དེ་ལ་ཨ་
ས་མ་ནི་མཉམ་པ་མེད་པ་ཉིད་དེ་ཏིང་ངེ་འཛིན་ཏོ། །བ་ས་ཧི་ཏ་ཡོ་ག་ཞེས་པ་གཉིས་རོ་གཅིག་པ་སྒྱུ་མའི་རང་བཞིན་ནོ། །ཀུན་ལ་སོགས་པ་ནི་ཡུལ་ཀུན་དུ་དང་། ཐག་ཉེ་རིང་ཀུན་ནས་དང་། བརྟན་པ་དང་གཡོ་བ་ཐམས་ཅད་དང་། རྣམ་པ་ཀུན་ནི་རྣམ་པ་སྣ་ཚོགས་པའོ། །རྟག་ཏུ་མཉམ་པར་

བཞག་པ་དང་མ་བཞག་པའི་གནས་སྐབས་སུའོ། །སྣ་ཚོགས་ཡེ་ཤེས་ནི་བདག་བྱིན་གྱིས་བརླབ་པ་སྟེ། དེ་ལ་གོམས་པས་རྡོ་རྗེ་སེམས་དཔའ་ནི་རང་ཉིད་ཀྱིས་མཚན་མོ་ནི་མངོན་པར་འདོད་པར་བྱས་པའོ། །ཕྱག་རྒྱ་ཐམས་ཅད་ནི་ལྷ་དང་མི་ལ་སོགས་པའི་བུད་མེད་དོ། །ཡང་ཉོན་མོངས་པ་ལ་
སོགས་པ་སྟེ། འདི་འདྲ་ནི་སྨིག་རྒྱུ་ལ་སོགས་པ་དང་འདྲ་བར་བདག་བྱིན་གྱི་རླབས་ཀྱི་ཏིང་ངེ་འཛིན་ཏོ། །ཉེ་བར་དམིགས་པ་ནི་བདེན་པར་སྒྲོ་བཏགས་པའོ། །སྒྱུ་མ་ནི་བདག་བྱིན་གྱི་རླབས་ཀྱི་ཏིང་ངེ་འཛིན་ཏོ། །རྣམ་པར་མཁས་ན་ནི་སྤང་བྱ་དང་བླང་བྱའི་དབྱེ་བ་ཤེས་པའོ། །བདག་བྱིན་གྱིས་
བརླབ་པའི་དགོངས་འགྲེལ་རྫོགས་སོ།། །།ཇི་སྐད་བཤད་པའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཁྱད་པར་གཉིས་སུ་མེད་པའི་གཟུགས་བསྟན་པར་བྱ་སྟེ། མགོན་པོ་ལ་སོགས་པའོ། །རྒྱུ་དང་འབྲས་བུ་ནི་བྱིན་གྱིས་བརླབ་པའི་འོད་གསལ་གྱི་བདག་ཉིད་གང་གི་ཡིན་པ་ནི་གཉིས་སུ་མེད་
པའོ། །གང་གི་ཕྱིར། བྱ་བ་དང་ནི་བྱེད་པ་དག །ཅེས་བྱ་བ་ལ་སོགས་པ་འཆད་པར་འགྱུར་རོ། །གཉིས་པ་ནི་སྣང་བ་ཐོབ་པ་ལ་སོགས་པ་རིམ་པས་སྐྱེ་བས་རྟོགས་པ་སྟེ། དེའི་ཡུལ་མ་ཡིན་པས་སོ། །སྤྱོད་བསྡུས་ལས། འོད་གསལ་ལས་འོད་གསལ་དང་ཐ་མི་དད་པ་སྒྲིབ་པ་དང་བྲལ་བས་ཤིན་དུ་རྣམ་
པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི་སྣང་བ་ཐོབ་པ་དགའ་བྲལ་གྱི་བདག་ཉིད་ཅན་སྐྱེའོ། །དེ་ལ་སྣང་བ་མཆེད་པ་ཉི་མ་ཆེན་པོའི་སྣང་བ་བཞིན་དུ་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་སྣང་བར་བྱས་པའི་མེ་ལོང་ལྟ་བུའི་ཡེ་ཤེས་མཆོག་ཏུ་དགའ་བའོ། །དེ་ལས་སྣང་བ་སྟེ་དགའ་བ་ཟླ་བ་སྣང་བ་བཞིན་
དུ་སྣང་བ་སྤྲོ་བ་བསྐྱེད་པའི་ཕྱིར་ཏེ། མཉམ་པ་ཉིད་དང་། སོ་སོར་རྟོག་པ་དང་། བྱ་བ་གྲུབ་པ་རྣམས་ཀྱིས་ཅི་རིགས་པར་རང་དང་གཞན་གྱི་འཁོར་པའི་གདུང་བ་ཞི་བར་བྱེད་པའི་ཕྱིར་དོན་གྱི་རིམ་པར་འབྱུང་བར་གཞག་པ་གང་ཡིན་པ་དེ་ནི་ཡེ་ཤེས་ལྔ་ཐ་དད་དུ་གཞག་པ་བཞིན་དུ་ལྡོག་པ་ཐ་དད་
པའི་ཕྱིར་ཏེ་གདུལ་བྱའི་བསམ་པ་དང་བསྟུན་པས་རང་དོན་ཡིན་ནོ། །གང་གི་ཕྱིར་ཇི་སྐད་བཤད་པའི་འོད་གསལ་བ་ལས་འོད་གསལ་ནི་ཅིག་ཅར་ཉིད་དུ་སྐྱེའོ། །འདི་ལྟར་དེ་ཉིད་དུ་རིམ་པས་སྐྱེ་བར་བཤད་པའི་མཇུག་ཐོགས་སུ་དེ་ལ་སྟོང་པ་བཞི་དང་གཅིག་ཏུ་གྱུར་པ་སྣང་བའི་ཕུང་པོ་ལྟར་

འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱེད་པའི་མཆོག་ཏུ་དགའ་བའི་རང་བཞིན་གཟུགས་སྐུ་སྐྱེས་ཏེ། གང་གཟུགས་དང་མིང་གི་བདག་ཉིད་ཅན་རྡོ་རྗེ་འཛིན་པ་ཆེན་པོ་ཞེས་བྱ་བ་དང་། སྐད་ཅིག་ཡེ་ཤེས་ལས་བྱུང་བའི། །སྤྲོས་པ་དང་ནི་སྡུད་མཛད་པ། །སྤྲོས་པའི་ཡེ་
ཤེས་རླབས་ཕྲ་བས། །རྣམ་པ་སྣ་ཚོགས་དུ་མའི་སྐུ། །ཞེས་བྱ་བའི་ངེས་དོན་དུ་བཤད་པའི་མིང་ནི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་ཕུང་པོ་རྣམས་དང་། གཟུགས་ནི་གཟུགས་ཀྱི་ཕུང་པོ་སྟེ། །ཕུང་པོ་ལྔ་ཡི་བདག་ཉིད་ཅན། །ཞེས་པའི་དོན་ཏོ། །དངོས་པོ་
གཅིག་བསྒྱུར་བ་ནི་གང་གི་ཕྱིར་སྲིད་པ་ཡོངས་སུ་ཤེས་པ་ཁོ་ན་ལས་འདས་པ་ཡིན་པའི་ཕྱིར་ཤེས་རབ་ཀྱི་རང་བཞིན་ཡིན་པས་འཁོར་བ་མ་ཡིན་སྙིང་རྗེ་ཆེན་པོའི་བདག་ཉིད་ཡིན་པས་མྱ་ངན་ལས་འདས་པ་མ་ཡིན་ཏེ། རབ་ཏུ་མི་གནས་པའི་མྱ་ངན་ལས་འདས་པ་ཟུང་དུ་འཇུག་པའོ། །འདི་
ལྟར་དཔལ་སཾ་པུ་ཊ་ལས། ཀུན་རྟོག་མང་པོའི་མུན་པས་བསྒྲིབས་གྱུར་པ། །རླུང་ནི་མྱོང་ཞིང་མི་བརྟན་གློག་ལྟར་གཡོ། །ཆགས་སོགས་དགག་དཀའ་དྲི་མས་གོས་གྱུར་པའི། །སེམས་ནི་རྡོ་རྗེ་ཅན་གྱིས་འཁོར་བར་གསུངས། །རང་བཞིན་རྟོག་པ་དང་བྲལ་བ། །འདོད་ཆགས་ལ་སོགས་དྲི་མས་
མ་གོས་ཤིང་། །གཟུང་བ་དང་ནི་འཛིན་པ་མེད་པའི་སེམས། །དེ་ཉིད་མྱ་ངན་ལས་འདས་པའི་མཆོག་ཏུ་གསུངས་ཞེས་སོ། །དེ་བས་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བར་དབྱེ་བ་མེད་དོ། །དོན་དམ་པར་དེ་བཞིན་ཉིད་ནི་ཀུན་ནས་ཉོན་མོངས་ཤིང་རྣམ་པར་བྱང་བར་ཡང་མི་འགྱུར་
རོ། །རང་བཞིན་གྱིས་ཡོངས་སུ་དག་པའི་ཕྱིར་རོ། །གློ་བུར་བའི་ཉོན་མོངས་པ་ལ་སོགས་པ་དང་། དེ་དང་བྲལ་བ་ལ་སོགས་པའི་ཀུན་རྫོབ་ཏུ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བར་རྣམ་པར་གཞག་གོ། །ཀུན་རྫོབ་ཏུ་དངོས་པོའི་རང་བཞིན་ཅན་ཏེ། དེ་ཉིད་དོན་དམ་པར་རང་
བཞིན་མེད་པ་སྟེ་ཐ་མི་དད་དོ། །གཟུང་འཛིན་ནི་དེ་ཁོ་ན་ཉིད་དུ་རང་བཞིན་མེད་པས་ཏེ། དེ་ཉིད་ཐ་མི་དད་དུ་ཞེས་རང་དོན་ནོ། །གཟུང་བ་ནི་རང་བཞིན་མེད་པར་ཤེས་པ་སྟེ། མངོན་སུམ་དུ་བྱེད་པའི་ཤེས་པ་ནི་དེའི་རྣམ་པར་འཛིན་པ་སྟེ། དེ་གཉིས་ཐ་མི་དད་དོ་ཞེས་དེས་དོན་ཏོ། །རྟག་པ་ནི་ཡོད་པ་ཉིད་དང་

ཆད་པ་ནི་མེད་པ་ཉིད་དེ་དོན་དམ་པར་མེད་དོ། །ཀུན་རྫོབ་དང་དེའི་རང་བཞིན་མེད་པ་ཡོད་དེ་ཐ་མི་དད་དོ། །སྟོང་པ་ཉིད་ཀྱི་ཡེ་ཤེས་ནི་ཤེས་རབ་སྟེ། དེ་ཉིད་སེམས་ཅན་གྱི་དོན་བྱེད་པས་སྙིང་རྗེ་སྟེ། རྟོག་པ་མེད་པའི་གནས་སྐབས་སུ་དང་པོའི་སྙིང་རྗེའམ་ཀུན་རྟོག་ལས་བྱུང་བའི་འདུ་བྱེད་པས་ན་རང་གི་
དོན་དུ་རབ་ཏུ་འཇུག་པའི་ཕྱིར་རོ། །དེ་ལྟར་སཾ་པུ་ཊ་ལས། སེམས་ཅན་དོན་བྱེད་སྙིང་པོའོ། །ཞེས་གསུངས་སོ། །རང་བཞིན་མེད་གང་ཤེས་རབ་སྟེ། །ཐབས་ནི་དངོས་པོའི་མཚན་ཉིད་ཅན། །ཞེས་གསུངས་ཏེ། དེ་གཉིས་ཐ་མི་དད་དོ། །ཕུང་པོ་ལྔ་ནི་སྒྲིབ་པ་དང་བྲལ་བས་ལྷག་མ་སྟེ། དེ་དང་
བཅས་པའི་མྱ་ངན་ལས་འདས་པ་དང་། ཕུང་པོ་ལྷག་མ་གང་ལ་མེད་པ་དེ་ནི་ཕུང་པོ་ལྷག་མ་མེད་པ་སྟེ། དེ་ལ་དབྱེ་བ་མེད་དོ། །རྣམ་པར་དག་པའི་ཕུང་པོ་རྣམས་ཁོ་ན་རང་བཞིན་མེད་ཅིང་མྱ་ངན་ལས་འདས་པ་སྟེ། གཉིས་སུ་མེད་པའི་གང་ཟག་གི་བདག་མེད་ནི་བདག་བྱིན་གྱི་རླབས་ཀྱི་ལུས་དང་། ཆོས་ཀྱི་
བདག་མེད་ནི་རང་བཞིན་མེད་པ་སྟེ་གང་གི་ཕྱིར་དེ་གཉིས་ཐ་མི་དད་དེ་བསྡུས་པ་ནི་དབྱེ་བ་མེད་པའོ། །འོད་གསལ་ནི་སྤྲོས་པ་ཐམས་ཅད་མེད་པས་གཉིད་ལོག་པ་བཞིན་ཏེ། དེ་ལས་ལངས་ན་བདེན་པ་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱའོ། །དེ་གཉིས་མེད་འོད་གསལ་ལས་ཐ་མི་དད་པར་རྟག་ཏུ་གནས་པའི་
ཕྱིར་རོ། །མཉམ་པར་གཞག་པ་ལ་སོགས་པ་རྒྱས་པར་བསྟན་པ་ནི་དྲན་པ་ལ་སོགས་པ་སྟེ། དྲན་པ་ནི་གཞན་དོན་བྱེད་པ་ལ་སོགས་པ་མཉམ་པར་མ་བཞག་པའི་སྐབས་སུ་ཡང་དེ་ཁོ་ན་ཉིད་བསམ་པར་བྱའོ། །དྲན་མིན་ནི་བསམ་པ་ཐམས་ཅད་དང་བྲལ་བའི་ཏིང་ངེ་འཛིན་ཏེ། དེ་གཉིས་འདི་ལ་
མེད་དོ། །གང་གི་ཕྱིར་འདི་གཉིས་རྟག་ཏུ་འཆང་ཞིང་ཡིད་བཞིན་ནོར་བུ་ལྟར་རྣམ་རྟོག་མེད་ཀྱང་གཞན་དོན་མཛད་པའོ། །ཆགས་པ་ནི་དགའ་བའོ། །ཆགས་བྲལ་ནི་མཆོག་དང་དགའ་བྲལ་ལོ། །རིམ་གྱིས་འབྱུང་བ་དེ་དག་དང་བྲལ་བ་ནི་གང་གི་ཕྱིར་བདག་ཉིད་དང་རོ་གཅིག་ཏུ་གྱུར་པས་མཆོག་ནི་
བླ་ན་མེད་པ་ལྷན་ཅིག་སྐྱེས་པའི་དགའ་བ་ཉིད་ཀྱི་སྐུ་ལོངས་སྤྱོད་རྫོགས་པ་སྟེ་དེ་དང་ལྡན་པའོ། །བསྐྱེད་པའི་རིམ་པ་ནི་ལྷའི་སྐུ་དང་། རྫོགས་པའི་རིམ་པ་ནི་དེ་བཞིན་ཉིད་དོ། །དག་པ་ནི་སྒྲིབ་པ་མེད་པའོ། །མི་ཕྱེད་ནི་དབྱེ་བའི་རྟོག་པ་དང་བྲལ་བས་སོ། །གཟུགས་ཅན་ནི་བདེ་བ་ཆེན་པོ་དང་

ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུ་སྟེ་སྐུ་གསུམ་མོ། །གཟུགས་མེད་ནི་རང་བཞིན་མེད་ཅིང་འོད་གསལ་ཆོས་ཀྱི་སྐུ་སྟེ། གཟུགས་དང་གཟུགས་ཅན་དེ་གཉིས་ཐ་མི་དད་དོ། །བདེན་པ་གཉིས་ནི་ཀུན་རྫོབ་དང་དོན་དམ་པའི་བདག་ཉིད་ཅན་ནོ། །ཚུལ་ནི་མཐར་ཐུག་ལ་
དབྱེ་བ་འགོག་པ་ཙམ་མོ། །བདག་གཅིག་པའམ་དེ་བཞིན་ནོ། །ཟུང་དུ་འཇུག་པའི་སྒྲ་དོན་གྱི་མཐར་ཐུག་ཀྱང་དེ་ཡིན་ཏེ། གང་གི་ཕྱིར་དོན་དམ་པ་རང་བཞིན་མེད་པ་དང་། ཀུན་རྫོབ་ནི་གཅིག་ཀྱང་མ་ཡིན་པ་བཞིན་དུ་གཉིས་ཀའི་ཡང་མ་ཡིན་ནོ། །དེ་དང་དེ་ལས་གཞན་དུ་བརྗོད་པར་བྱ་བ་མ་
ཡིན་པ་ཉིད་དོ། །དངོས་པོ་ཡོད་ན་དེ་དང་དེ་ལས་གཞན་གྱི་རྟོག་པ་འབྱུང་ལ། དངོས་པོ་རང་བཞིན་མེད་པ་རྣམས་ལ་དོན་མེད་པ་ཉིད་དོ། །ཕྱག་རྒྱ་ཆེན་པོ་ནི་རྡོ་རྗེ་འཛིན་པའི་སྐུའོ། །རྣལ་འབྱོར་ཆེན་པོ་ནི་ཤེས་རབ་ཏུ་གྱུར་པའོ། །བསྒོམ་པར་བྱའོ་ཞེས་པ་ནི་སྤྱོད་བསྡུས་ལས། ཀུན་རྫོབ་དང་དོན་དམ་
གཉིས་རང་བཞིན་མེད་པར་འདིར་ཡོངས་སུ་ཤེས་པ་བསྒོམ་པའོ་ཞེས་གསུངས་སོ། །སོ་སོར་སྡུད་ལ་སོགས་པའི་ཡན་ལག་དྲུག་གིས་བསྒོམ་པར་གང་བཤད་པ་དེ་ཉིད་དུ་བསྡུས་ཏེ་ཐ་དད་དུ་མ་བཤད་དོ། །དེ་ལ་མདོར་བསྡུས་ཀྱི་རིམ་པས་སོ་སོར་སྡུད་དང་བསམ་གཏན་ཏེ། རྡོ་རྗེ་བཟླས་པའི་
རིམ་པས་སྲོག་རྩོལ་གྱི་ཡན་ལག་གོ། །བདག་བྱིན་རླབས་དང་འོད་གསལ་གྱི་རིམ་པ་དག་གིས་ཇི་ལྟར་དང་། ངག་ཏུ་འཛིན་པ་དེ་འཛིན་པའི་ཡན་ལག་བསྟན་ཏོ། །ཟུང་དུ་འཇུག་པའི་རིམ་པས་རྗེས་སུ་དྲན་པ་དང་ཏིང་ངེ་འཛིན་གྱི་ཡན་ལག་གོ། །གང་གི་ཕྱིར་སོ་སོར་སྡུད་པ་ནི་ལྷ་རྣམས་བསྒོམ་པ་སྟེ།
དེ་དག་ཀུན་རྫོབ་དང་དོན་དམ་པའི་ཚུལ་གྱིས་ངེས་པར་བརྟགས་ལ་རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པའོ། །དེ་ནས་དེ་ཁོ་ན་ཉིད་ལ་འཇུག་པ་ལ་མངོན་པར་ཕྱོགས་པས་དགའ་བ་དང་བདེ་བའོ། །དེ་ནས་སྟོང་པ་ཉིད་གཅིག་པ་ལ་སེམས་གཏད་པ་ནི་སེམས་རྩེ་གཅིག་པ་སྟེ། བསམ་གཏན་ཡན་ལག་
ལྔ་པའོ། །གཞོམ་དུ་མེད་པ་ལ་བསྡུས་པའི་རླུང་ནི་སྲོག་རྩོལ་ལོ། །སྒྱུ་མའི་རང་བཞིན་རྡོ་རྗེ་འཛིན་པའི་སྐུ་འོད་གསལ་གྱི་བདག་ཉིད་ནི་འཛིན་པའོ། །འོད་གསལ་གྱི་རྗེས་སུ་དྲན་པ་ནི་སྐད་ཅིག་གིས་རྡོ་རྗེ་འཛིན་པའི་སྐུར་རྫོགས་པ་སྟེ། རྗེས་སུ་དྲན་པའོ། །རྡོ་རྗེ་འཛིན་པ་དེ་ཉིད་ཟུང་དུ་འཇུག་

པའི་བདག་ཉིད་ཅན་དུ་བསྒོམ་པ་ནི་ཏིང་ངེ་འཛིན་ཏོ། །སྒྲོན་གསལ་གྱི་རྗེས་སུ་འབྲངས་པ་བསྡུས་ཤིང་སྙིང་པོར་གྱུར་པའི་བཤད་པ་འདི་ཉིད་དོ། །ཁྱད་པར་དུ་ཡན་ལག་དྲུག་ནི་བརྒྱུད་པའི་སྙེ་མ་ལས་གསལ་བའི་ཕྱིར་འདིར་མ་བཤད་དོ། །སྤྱོད་པ་ནི་སྤྲོས་བཅས་དང་། སྤྲོས་མེད་དང་། ཤིན་ཏུ་སྤྲོས་
མེད་ཀྱི་སྤྱོད་པ་གང་རུང་སྟེ། གང་གི་ཕྱིར་དབང་དུ་བྱས་ནས་སྤྱོད་པ་བསྡུས་ལ། དོན་གྱི་དེ་ལྟར་འདོད་པ་ལ་སྤྱོད་པ་རྣམས་ཀྱིས་ཕྱིའི་ཤེས་རབ་མ་དང་སྙོམས་པར་འཇུག་སྟེ། མཆོག་ཏུ་དགའ་བའི་བདེ་བ་སྐད་ཅིག་རེ་རེ་མྱོང་བ་དང་། ཡོངས་སུ་རྫོགས་པའི་སྐབས་སུ་འཁོར་བར་རྟག་ཏུ་དགའ་བའི་
ཚུལ་དུ་འགྱུར་རོ་ཞེས་གསུངས་སོ། །འདིར་དང་པོར་ཟུང་དུ་འཇུག་པ་སྒོམ་པ་དང་། དེའི་ཁྱད་པར་མཐར་ཐུག་པའི་འབྲས་བུ་ལ་ལྷན་ཅིག་སྐྱེས་པའི་རང་བཞིན་ཉིད་དང་། དེ་སད་པར་བྱེད་པའི་ཕྱིར་ཕྱག་རྒྱ་བསྟན་པ་ཡང་བསྟན་ཏོ། །ཐ་མ་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་ནི་དང་པོར་ཡེ་ཤེས་ཀྱི་ཕྱག་རྒྱ་
ལ་སོགས་པར་བྱེད་ལ་སད་པར་བྱེད་པ་ནི་ཕྱིའི་ཕྱག་རྒྱ་ཉིད་ཀྱིས་སོ། །དེ་ཉིད་ཀྱི་ཕྱིར། འདི་ལ་འདོད་ཀུན་བདེ་བའི་དགའ་སྟོན་ཀུན། །འབད་པ་མེད་བཞིན་འགྲུབ་པར་འགྱུར། །ཞེས་གསུངས་སོ། །དེ་དང་མཚུངས་པ་ནི་ཟུང་དུ་འཇུག་པའི་རྗེས་སུ་འགྲོ་བ་སྟེ། ཐ་དད་དུ་འཛིན་པ་ཡོངས་སུ་སྤོང་བར་
བྱེད་དོ། །དེ་ཉིད་བཤད་པ་ཇི་ལྟར་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་ན་བདག་ཉིད་སྒྲ་ལ་སོགས་པ་རེ་རེ་ཀུན་རྫོབ་དང་། དོན་དམ་ཟུང་དུ་འཇུག་པ་ཉིད་ཤེས་ནས་སྤྱོད་པ་ལ་འབད་པ་མེད་པ་ཉིད་ཀྱང་ཕུན་སུམ་ཚོགས་པ་ཐམས་ཅད་ལྷུན་གྲུབ་ཏུ་འབྱུང་ངོ་། །དེ་ལྟར་སྤྱོད་བསྡུས་ལས། ཀུན་ལས་ཐེ་
ཚོམ་ངེས་སྤངས་ནས། །རྣལ་འབྱོར་བྱིས་པ་བཞིན་དུ་སྤྱོད། །གང་ཚེ་རྣལ་འབྱོར་འབད་མེད་འགྱུར། །དེ་ཚེ་ཕུན་སུམ་ཚོགས་པ་འབྱུང་། །ཞེས་གསུངས་སོ། །སྒྲོན་གསལ་ལས་ཀྱང་། རྡོ་རྗེ་པདྨ་མཉམ་སྦྱོར་བས། །ཡེ་ཤེས་གསུམ་གྱི་དབྱེ་བ་ཤེས། །གོས་དང་མ་གོས་བློ་གྲོས་དེར། །རྟག་ཏུ་
བདེ་བས་སྤྱོད་པ་ཡིན། །བཀག་པ་ཡང་ནི་བྱས་ནས་སུ། །བྱ་དང་བྱ་མིན་རྣམ་སྤངས་ལ། །པདྨ་ཆུ་ཡིས་མ་གོས་བཞིན། །རང་བཞིན་ཤེས་པས་གོས་ནི་འགྱུར། །སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །དངོས་པོ་ཀུན་གྱི་བདག་ཉིད་འཕེལ། །དམ་ཚིག་བཞི་ཉིད་ལ་གནས་ཤིང་། །སངས་རྒྱས་ཕྲིན་ལས་

བྱེད་པར་འགྱུར། །དབང་ཕྱུག་ཡོན་ཏན་བརྒྱད་དང་ལྡན། །རང་ཉིད་ཐམས་ཅད་མཁྱེན་པར་འགྱུར། །མ་ལུས་འཇིག་རྟེན་ཁམས་ཀུན་དོན། །ཡེ་ཤེས་སྐུ་ཡིས་རྣམ་པར་སྤྱོད། །དེ་ཡི་ཁམས་ནི་ནམ་མཁའ་སྟེ། །གཙོ་བོ་གང་ལ་ཀུན་སྤྱོད་པ། །སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །
དེ་ཉིད་དུ་ནི་རྩི་བར་འགྱུར། །ཞེས་བཤད་དོ། །ཟུང་དུ་འཇུག་པའི་དགོངས་འགྲེལ་རྫོགས་སོ།། །།གསང་འདུས་བཤད་པ་འཕགས་པའི་གསུང་། །དེ་དང་མཐུན་པ་མཐའ་དྲུག་པ། །གསུམ་གནད་གསལ་བའི་འགྲེལ་པ་འདི། །མཚན་མོ་ཕྱོགས་བཅུའི་ཟླ་འོད་བཞིན། །ཡེ་ཤེས་བདུད་རྩིའི་རྒྱ་
མཚོ་འཕེལ་འགྱུར་དེ་སྟེང་འཛམ་གླིང་འདིར། །དཔག་བསམ་ཤིང་འཁྲུངས་འགྲོ་རྣམས་སྐྱེ་དང་ཡོངས་སུ་སྨིན་པའི་གཞི། །བདག་ཀྱང་ཡུན་རིངས་གཉིས་མེད་གནས་ནི་འགྲོ་ལ་ཉེར་བསྟན་ཅིང་། །དགའ་བཅས་ཚོགས་ལ་སྐུ་ཆེན་རོལ་པས་ཐུབ་པའི་དབང་ཕྱུག་གྱུར། །རིམ་ལྔའི་དགོངས་འགྲེལ་
ཟླ་བའི་འོད་ཟེར་ཞེས་བྱ་བ། པཎྜི་ཏ་ཆེན་པོ་འཇིགས་མེད་འབྱུང་གནས་སྦས་པས་མཛད་པ་རྫོགས་སོ།། །།ཤར་ཕྱོགས་ཛ་ག་ཏ་ལའི་པཎྜི་ཏ་བི་བྷཱུ་ཏི་ཙནྡྲས་བསྒྱུར་བའོ།། ༄༅༅།། །།རྒྱ་གར་སྐད་དུ། པིཎྜི་ཀྲི་ཏ་སཱ་དྷ་ན་པཉྩི་ཀཱ། བོད་སྐད་དུ། སྒྲུབ་ཐབས་མདོར་བྱས་ཀྱི་དཀའ་འགྲེལ། དཔལ་
རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འཇིག་རྟེན་གསུམ་གྱི་སྤྱོད་པ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་ལ། དཔལ་ལྡན་ཙིནྡྷ་ཀཱ་ཡའི་ཞབས་ཀྱི་མན་ངག་བྲི་བར་བྱ་སྟེ། མདོར་བྱས་ཅན་གྱི་རིམ་པའི་བསྒྲུབ་པར་བྱ་བ་ལ། འདིར་ཕྱག་བྱས་སོ། །དེ་བཞིན་དུ་ཡང་རྡོ་རྗེ་བཟླས་པ་ལ། དང་པོར་
རྡོ་རྗེ་བཟླས་པའི་བསྒྲུབ་པར་བྱ་བ་ལ་ཕྱག་བྱེད་པ་གསལ་བར་གསུངས་སོ། །དེ་བཞིན་དུ་རང་བྱིན་གྱིས་བརླབ་པར་རང་བྱིན་གྱིས་བརླབ་པའི་བསྒྲུབ་པར་བྱ་བའོ། །དེ་བཞིན་དུ་འོད་གསལ་དང་ཟུང་འཇུག་ལ་ཡང་། དེ་དང་དེའི་བསྒྲུབ་པར་བྱ་བའོ། །དེ་ལ་ཕྱག་འཚལ་བ་ནི་འདུད་པར་བྱེད་པའོ། །ཅི་ལ་ཞེ་ན་སྐུ་ལ་སྟེ།
མདོར་བྱས་ཀྱི་རིམ་པ་སྒོམ་པར་བྱེད་པ་རྣམས་ཀྱིས་བསྒྲུབ་པར་བྱ་བ་སྟེ་སྤྲུལ་པའི་སྐུའོ། །རྒྱལ་བ་རྣམས་ཀྱི་ནི་མི་བསྐྱོད་པ་ལ་སོགས་པ་རྣམས་ཀྱིའོ། །དེ་ཅི་ལྟ་བུ་ཞེ་ན། འཇིག་རྟེན་གསུམ་གྱི་སྤྱོད་པ་ལས་གྲོལ་ཏེ། འཇིག་རྟེན་གསུམ་གྱི་སྤྱོད་པ་འཇིག་རྟེན་གྱི་ཆོས་བརྒྱད་རྣམས་ཏེ་དེ་རྣམས་ལས་གྲོལ་བའོ། །

སླར་ནམ་མཁའི་མཉམ་པར་གྱུར་པ་སྟེ། ནམ་མཁའ་ནི་འོད་གསལ་དེས་མཉམ་པར་གྱུར་པ་ནི་ཡེ་ཤེས་གང་ཡིན་པ་དེའོ། །དེ་ལྟར་ཡང་། ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱ་ཏྨ་ཀོ྅ཧཾ་ཞེས་བྱ་བ་ལ་སོགས་པ་འདིར་གསུངས་པའི་ཕྱིར་རོ། །ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའི་རང་བཞིན་ཉིད་ཀྱི་ཕྱིར་དངོས་པོ་ཀུན་གྱི་
ངོ་བོ་ཉིད་དོ། །དེ་ལྟར་ཡང་། ཕུང་པོ་རྣམས་དང་ཁམས་རྣམས་དང་། །ཞེས་བྱ་བ་ལ་སོགས་པ་སྤྱོད་བསྡུས་སུ་གསུངས་སོ། །འདོད་པའི་ཡོན་ཏན་ལྔ་དག་པའི་སྦྱོར་བ་དང་ཨར་ཤ་ལ་སོགས་པའི་ཉིད་ལ་ལས་དག་པའོ། །ཞི་བ་ལ་སོགས་པའི་ལས་ཀྱི་སྦྱོར་བ་ལས་ཞི་བ་ལ་སྟོང་པ་ཉིད་ཀྱི་བདག་ཉིད་ཅན་ཉིད་ཀྱི་ཡོངས་སུ་བྱང་
བ་ཉིད་ཀྱི་ཕྱིར་རྣམ་པར་དབེན་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྐྱེད་པ་པོ་ཉིད་ཀྱི་ཕྱིར་མཆོག་ཏུ་ཞི་བའི་རང་བཞིན་ནོ། །མཆོག་ཏུ་གྱུར་པའི་བསྐྱེད་པའི་རིམ་པ་སྒོམ་པ་པོ་རྣམས་ཁོ་ནའི་རྟོགས་པ་ཉིད་ཀྱི་ཕྱིར་རྣལ་འབྱོར་པ་ཉིད་ཀྱིས་རྟོགས་པར་བྱའོ། །བྱིས་པའི་རྣལ་འབྱོར་པ་རྟོག་གེ་པ་ལ་སོགས་པ་རྣམས་ཀྱི་རྟོགས་
བྱ་མ་ཡིན་པ་ཉིད་ཀྱི་ཕྱིར་རྟོགས་པར་དཀའ་བའོ། །གཅིག་དང་གཅིག་མ་ཡིན་པའི་རང་བཞིན་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ལས་ཡོངས་སུ་བསྒྲུབ་པའི་གཟུགས་རྣམ་པར་དཔྱད་པའི་ཕྱིར་བརྟག་པར་དཀའ་བའོ། །རང་བཞིན་རྫོགས་པའི་བྱང་ཆུབ་ཐོབ་པར་བྱེད་པ་པོ་ཉིད་ཀྱི་ཕྱིར་རང་དང་
གཞན་ལ་ཕན་པའི་མཆོག་གོ། །བྱ་བའི་དབྱེ་བས་སྣ་ཚོགས་པའི་སྤྲུལ་པ་བྱེད་པ་ཉིད་ཀྱི་ཕྱིར་ཁྱབ་པའོ། །རྣལ་འབྱོར་བཞི་ལ་སོགས་པ་སྒོམ་པར་བྱེད་པ་ལ་ཐེ་ཚོམ་གྱི་མཚན་མ་མེད་པ་ཉིད་ཀྱི་ཕྱིར་མཚན་མ་མེད་པའོ། །བདེ་བ་ཆེན་པོའི་རྒྱུ་ཉིད་ཀྱི་ཕྱིར་བདེ་བའོ། །སྔ་མ་བཞིན་དུ་འདི་ཐུན་མོང་མ་ཡིན་པའི་ངོ་བོ་ཉིད་
དུ་མཚུངས་པའི་ཕྱིར་མཉམ་མེད་མཉམ་པའོ། །སྐྱེ་བ་ལ་སོགས་པའི་རྣམ་པར་རྟོག་པ་དང་ལྡན་པའི་སྐུ་རྣམ་པར་རྟོག་པ་དང་རྣམ་པར་མི་རྟོག་པ་གཅིག་པའི་སྐུའོ། །དེ་ལྟ་བུའི་རང་བཞིན་གྱི་བསྟོད་པ་སྔོན་དུ་འགྲོ་བས་ཕྱག་འཚལ་ནས། འཇུག་པའི་ཡན་ལག་ཏུ་བརྗོད་པར་བྱ་བ་ལ་སོགས་པ་བཤད་པ་ཉེ་བར་རྩོམ་
པ་ནི། དཔལ་ལྡན་ཞེས་བྱ་བ་ལ་སོགས་པས་སོ། །ཞེ་སྡང་ཞེས་པ་ནི། སྒྲ་གཅན་བཟང་པོས་སློབ་དཔོན་གྱི་མཆོག་ཏུ་བྲིས་པ་བརྗོད་པར་བྱ་སྟེ། སྔགས་ཀྱི་ངེས་པ་དང་པོ་སྟེ། །ཞེས་བྱ་བ་ལ་སོགས་པའི་རིམ་པས། སྒྲུབ་པའི་ཐབས་ཐོས་ཤིང་བླ་མ་ལས་གནང་བ་ཐོབ་ནས་དགོན་པ་ལ་སོགས་

པར་ཤར་དུ་ཕྱོགས་ཏེ་སེམས་དཔའི་སྐྱིལ་ཀྲུང་ཅན་གྱིས་སྙིང་རྗེ་བསྐྱེད་དེ་མདུན་དུ་སངས་རྒྱས་ལ་སོགས་པ་རྣམས་བལྟས་ནས། དེ་ལ་གསུངས་པའི་ཆོ་གས་མཆོད་པ་རྣམ་པ་བདུན་དང་བདག་དབུལ་བ་དང་། དམ་པ་བདག་གིས་བསྐྱེད་པར་བགྱི། །ཞེས་པ་ལ་སོགས་པ་ཡང་
བྱས་ནས། སྟོང་པ་ཉིད་དུ་ལྷག་པར་མོས་པ་ཐ་མལ་པ་ཉིད་བསམས་ལ་སྐད་ཅིག་གིས་བདག་ཉིད་རྡོ་རྗེ་འཆང་ཆེན་པོའི་གཟུགས་ཁ་དོག་དཀར་པོ་ཕྱག་གཉིས་པ་ཞལ་གཅིག་པ། སྣ་ཚོགས་པདྨའི་གདན་ལ་བཞུགས་པ། འོད་ཀྱི་དཀྱིལ་འཁོར་རྣམ་པར་མཛེས་པ། སྐྱེས་བུ་ཆེན་པོའི་མཚན་སུམ་
ཅུ་རྩ་གཉིས་འཆང་བ། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མས་འཁྱུད་པ། སྒྱུ་མ་ལྟ་བུའི་ལུས་སུ་བསམ་པར་བྱའོ། །དེ་ནས་ཡེ་ཤེས་སྒྲོན་མ་རྡོ་རྗེའི་ཏིང་ངེ་འཛིན་གྱི་ཚུལ་གྱིས་བཛྲ་དྷྲྀཀ་ཅེས་པའི་སྔགས་ཀྱིས་ཕྱུང་བ་དེས་མི་བསྐྱོད་པའི་གཟུགས་ཁ་དོག་ནག་པོ་
ཞལ་གསུམ་པ་ཕྱག་དྲུག་པ་བདག་གི་མདུན་དུ་བལྟས་ནས། སླར་ཡང་དེ་རང་གི་ལུས་སུ་ཆུ་དང་འོ་མའི་ཚུལ་གྱིས་ཞུགས་པས་བདག་ཨིནྡྲ་ནཱི་ལའི་ཁ་དོག་ལྟ་བུ་མཆེ་བ་གཙིགས་ཤིང་འཇིགས་པ། རང་སྣང་གི་རེག་བྱ་རྡོ་རྗེ་མས་འཁྱུད་པ་སྒྱུ་མའི་ལུས་ཉི་མའི་གདན་ལ་གཡས་སུ་རྡོ་རྗེ་དང་འཁོར་
ལོ་དང་པདྨ་འཛིན་པ། གཡོན་དྲིལ་བུ་དང་ཡིད་བཞིན་གྱི་ནོར་བུ་དང་རལ་གྲི་འཆང་བ། ཞེ་སྡང་རྡོ་རྗེའི་གཟུགས་སེམས་དཔའ་གསུམ་གྱི་བདག་ཉིད་ཅན་དུ་བསམ་པར་བྱའོ། །དེའི་ཏིང་ངེ་འཛིན་ལ་གནས་པས། ཧཱུཾ་ཡིག་རིང་བ་དབྱུང་སྟེ། དེ་ལས་བསྐྱེད་པའི་གཤིན་རྗེ་མཐར་བྱེད་ལ་སོགས་པའི་ཁྲོ་བོ་
བཅུ་ཞལ་གསུམ་ཕྱག་དྲུག་པ་རྣམས་སོ། །ཤཱཀྱ་ཐུབ་པས་ཐམས་ཅད་མཛད་ནས་དགའ་ལྡན་ལས་བབས་ཏེ། འདོད་ཆགས་དང་བྲལ་བ་ཉིད་ཀྱིས་ཉན་ཐོས་རྣམས་དེའི་ལམ་ལ་སོ་སོར་བཞག་ནས་ཐེག་པ་ཆེན་པོ་རྣམས་ལ་རྣམ་ཤེས་བརྒྱད་ལ་སོགས་པ། ཆོས་ལ་བདག་མེད་པར་རྟོགས་པ།
ས་དང་ཕ་རོལ་ཏུ་ཕྱིན་པའི་ལམ་སྤྱད་པ་ལས། ཟབ་མོ་ལ་ལྷག་པར་མོས་པ་རྣམས་ཀྱིས་བདེན་པ་གཉིས་རྟོགས་པར་བྱ་བའི་ཕྱིར། འདོད་ཆགས་ཀྱིས་བྱང་ཆུབ་པ་རབ་ཏུ་སྟོན་པའི་ཆེད་དུ། དཔལ་གསང་བ་འདུས་པར་ལེའུ་དང་པོ་ལས་གསུངས་པ་འདོད་ཆགས་ཆེན་པོའི་ཚུལ་ཞེས་བྱ་བའི་ཏིང་ངེ་འཛིན་

ལ་སྙོམས་པར་ཞུགས་སོ། །དེ་བཞིན་དུ་བསྐྱེད་བཞིན་པའི་རྣལ་འབྱོར་པས་ཀྱང་དང་པོ་སྦྱོར་བ་བྱས་ནས་དེའི་འོག་ཏུ་འདོད་པ་ལ་སྤྱོད་པ་རྣམས་ཀྱིས་ཐར་པ་རབ་ཏུ་སྟོན་པའི་ཆེད་དུ་ལེའུ་བཅུ་བདུན་པ་ལས་གསུངས་པའི་འདོད་པ་ཐམས་ཅད་ལ་ཉེ་བར་ལོངས་སྤྱོད་པའི་ཏིང་ངེ་འཛིན་གྱིས་གནས་པར་བྱ་སྟེ། བུ་
མོ་རྙེད་ནས་ཞེས་བྱ་བ་ལ་སོགས་པ་རྣམས་ཀྱིས་སོ། །དེ་ལ་ཞི་བའི་ལས་ནི་ཆུའི་དཀྱིལ་འཁོར་བསྒོམས་ནས་ཏིང་ངེ་འཛིན་གསུམ་རྫོགས་པའི་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པ་རང་གི་ཡེ་ཤེས་སེམས་དཔའི་ཐུག་ཀའི་དབུས་སུ་སོན་པའི་འཁོར་ལོ་ལ་གནས་པའི་ཨོཾ་ཡིག་བསྒོམས་ནས་དེའི་འོད་ཟེར་
གྱི་ཚོགས་ཀྱིས་བཀུག་པའི་ནད་པ་དེ་ཉིད་དུ་གཞག་པར་བྱའོ། །དེའི་རྗེས་སུ་ཨོཾ་ཡིག་ལས་འཕྲོས་པའི་སྤྱན་མ་དང་སྙོམས་པར་འཇུག་པའི་རྣམ་པར་སྣང་མཛད་ཀྱི་ཚོགས་ཀྱིས་ནམ་མཁའི་ཁམས་སུ་ཁྱབ་པར་བསྒོམ་པར་བྱའོ། །དེ་ནས་ཐམས་ཅད་སྙོམས་པར་ཞུགས་པས་གཅིག་པ་ཅན་དུ་བྱས་
ནས་འོད་ཀྱི་གོང་བུ་བདུད་རྩིའི་ཚོགས་དེས་ནད་པའི་སྤྱི་བོར་ཕོག་ནས་སྡིག་པ་ཐམས་ཅད་གཞོམ་པར་བྱའོ། །དེ་ནས་རང་གི་ཐུགས་ཀ་ནས་ཕྱུང་བའི་ནད་པ་སྡིག་པ་དང་བྲལ་བར་གྱུར་པ་མདུན་དུ་ཟླ་བའི་དཀྱིལ་འཁོར་ལ་བཞག་ནས་རྣམ་པར་སྣང་མཛད་ཀྱི་སྤྲིན་ལས་སྔར་གྱི་འོད་ཟེར་གཟུགས་ཀྱིས་རྣལ་
འབྱོར་པ་རང་གི་སྤྱི་བོའི་བུ་གནས་རབ་ཏུ་བཅུག་སྟེ་རང་གི་རྡོ་རྗེའི་བུ་གནས་དབྱུང་བར་བྱའོ། །ཅི་ལྟར་བྱས་ནས་ཤེ་ན་རྣམ་པར་སྣང་མཛད་ཀྱི་ཚོགས་དེ་རྣམས་ཀྱིས་སླར་ཡང་ནམ་མཁའ་ཁེབས་ཤིང་གཡོགས་པར་བྱའོ། །དེ་ལ་དེའི་དུས་སུ་དེའི་མདུན་ན་འདུག་པ་ལ། སྔར་བཞིན་རང་གི་ཕྱག་རྒྱ་
དང་སྙོམས་པར་ཞུགས་པའི་སངས་རྒྱས་ཀྱི་སྤྲིན་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་རྣམས་ཀྱིས་མངོན་པར་དབང་བསྐུར་བ་སྦྱིན་པར་བྱའོ། །འདི་ཡིས་ནད་པ་རིང་པོར་མི་ཐོགས་པར་དགེ་བའི་ཡན་ལག་ལུས་རྒྱས་པ་སྐྱེ་བར་འགྱུར་རོ། །དེ་བཞིན་དུ་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པ། གྲོང་ཁྱེར་ལ་
སོགས་པ་རྣམས་སུ་བདུད་ལ་སོགས་པའི་ཉེ་བར་འཚེ་བ་རྣམས་ཞི་བར་བྱེད་པར་བརྩམ་པར་བྱ་སྟེ། དང་པོར་སྒྲུབ་པ་པོས་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་བསྐྱེད་ནས་གྲོང་ཁྱེར་ལ་སོགས་པའི་སྟེང་དང་བར་སྣང་གི་ཕྱོགས་སུ། ཤིང་ཏ་ལའི་སྡོང་བུའི་ཚད་ཀྱི་རྡོ་རྗེ་ཆེན་པོ་འོད་ཟེར་ལྔ་

དང་ལྡན་པ་རང་གི་གནས་སུ་བསྒོམ་པར་བྱའོ། །དེའི་འོག་ཏུ་དེ་ལས་བྱུང་བའི་འོད་ཟེར་གྱི་ཚོགས་དུས་ཀྱི་མཐའི་མེ་ལྟ་བུས་སེམས་ཅན་རྣམས་ཀྱི་སྡིག་པ་ཐམས་ཅད་བསྲེགས་པར་བསམས་ནས། སེམས་ཅན་དེ་རྣམས་རྡོ་རྗེ་ཆེན་པོར་རབ་ཏུ་གཞུག་པར་བྱའོ། །དེ་ལས་དབྱུང་
བར་བྱའོ། །ཇི་ལྟར་ན་པདྨ་རཱ་ག་དང་། ཡིད་བཞིན་གྱི་ནོར་བུ་དང་རྡོ་རྗེར་སྣང་བ་དང་། ནོར་བུ་ཤེལ་ལྟར་དང་བའི་ལུས་ཀྱི་ཁ་དོག་དང་མཚུངས་པའི་སེམས་ཅན་རྣམས་རང་རང་གི་གནས་སུ་གཞུག་པར་བྱའོ། །ཕྱིས་ནམ་མཁའི་སྟེང་དུ་རྣམ་པར་སྣང་མཛད་ཀྱི་ཚོགས་རང་གི་ཕྱག་རྒྱ་དང་སྙོམས་
པར་འཇུག་པ་བསམས་ནས། དེ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་རབ་ཏུ་འབབ་པ་རྣམས་ཀྱིས་བཤད་མ་ཐག་པའི་རིམ་པས་སྦྱངས་པའི་སེམས་ཅན་རྣམས་ལ་དབང་བསྐུར་བར་བྱའོ་ཞེས་པ་ནི་མན་ངག་གོ། །དེ་བཞིན་དུ་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པ་རིམས་ལ་སོགས་པ་ཞི་
བའི་དོན་དུ། སྤྱན་མའི་ཆོ་ག་ཡང་བྱ་སྟེ། འདིར་སྔགས་ཀྱི་ཡི་གེ་རྣམས་དང་མེ་ཏོག་དང་དྲི་ལ་སོགས་པ་ཁ་དོག་དཀར་པོ་ཉིད་དུ་བསམ་པར་བྱའོ། །དེ་ལ་འདི་ནི་སྤྱན་མའི་སྔགས་ཏེ། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏི་ཥྠ་སིདྡྷ་ལོ་ཙ་ནི་སརྦཱ་རྠ་སཱ་དྷ་ནི་སྭཱ་ཧཱ། འདིར་ཞི་བ་གཟི་བརྗིད་བསྐྱེད་པའི་དོན་དུ་སྔགས་
སྤེལ་བར་བྱ་སྟེ། ཇི་ལྟར་བྱས་ནས་ཤེ་ན། སྭཱ་ཧཱ། དེའི་མངོན་དུ་ཆེ་གེ་མོ་ཤཱནྟིཾ་ཀུ་རུ་སྭ་སྟི་ཞེས་སོ། །དེ་བཞིན་དུ་དབང་ཆེན་གྱི་དཀྱིལ་འཁོར་རྣམ་པར་བསྒོམས་ནས་རིན་ཆེན་འབྱུང་ལྡན་གྱི་རྣལ་འབྱོར་པ། རང་གི་ཡེ་ཤེས་སེམས་པའི་ཐུགས་ཀར་རིན་པོ་ཆེའི་སྟེང་དུ་ཏིང་ངེ་འཛིན་ཞེས་བརྗོད་པ་
སྭཱ་ཡིག་རྣམ་པར་བསམས་ནས། དེ་ལས་འོད་ཟེར་སེར་པོ་ལྕགས་ཀྱུའི་རྣམ་པའི་ཚོགས་ཀྱིས་བསྒྲུབ་བྱ་བཀུག་ལ་དེ་ཉིད་དུ་གཞག་པར་བྱ་སྟེ། དེའི་རྗེས་སུ་ཏིང་ངེ་འཛིན་སེམས་དཔའ་ལས་བྱུང་བའི་མཱ་མ་ཀཱི་དང་སྙོམས་པར་འཇུག་པའི་རིན་ཆེན་འབྱུང་ལྡན་གྱི་ཆོགས་ཀྱིས་ནམ་མཁའ་
ཁེབས་ཤིང་ཁྱབ་པར་བསྒོམ་པར་བྱའོ། །དེ་ནས་ཐམས་ཅད་སྙོམས་པར་ཞུགས་པས་འོད་ཟེར་སེར་པོ་སྙིང་པོར་གྱུར་པས་གཅིག་པ་ཅན་དུ་བྱས་ནས་ཡང་དག་པར་བསྡུས་པའི་བྱང་ཆུབ་ཀྱི་སེམས་འདི་བསྒྲུབ་པར་བྱ་བའི་ལུས་ལ་དབབ་པར་བྱའོ། །དེ་ནས་ཏིང་ངེ་འཛིན་སེམས་དཔའ་

ལས་བྱུང་བའི་བསྒྲུབ་པར་བྱ་བ་སྡིག་པ་དང་བྲལ་བ་མདུན་དུ་རིན་པོ་ཆེའི་དཀྱིལ་འཁོར་ལ་བཞག་ནས་རིན་ཆེན་འབྱུང་ལྡན་གྱི་སྤྲིན་རྣམས་སྔར་གྱི་འོད་ཟེར་གཟུགས་ཀྱིས་རྣལ་འབྱོར་པ་རང་གི་སྤྱི་བོའི་བུ་གར་རབ་ཏུ་བཅུག་ནས་རང་གི་རྡོ་རྗེའི་བུ་ག་ནས་དབྱུང་བར་བྱའོ། །ཇི་ལྟར་ཞེ་ན་རིན་ཆེན་འབྱུང་
ལྡན་གྱི་ཚོགས་དེ་རྣམས་ཀྱིས་སླར་ཡང་ནམ་མཁའ་གཡོགས་པར་བྱའོ། །དེའི་དུས་སུ་དེའི་མདུན་དུ་འདུག་པ་ལ་རང་གི་ཕྱག་རྒྱ་དང་སྙོམས་པར་ཞུགས་པའི་རིན་པོ་ཆེའི་སྤྲིན་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་རྣམས་ཀྱིས་སྔར་བཞིན་དུ་དབང་བསྐུར་བ་སྦྱིན་པར་བྱའོ། །འདིས་དགང་དཀའ་བ་རྒྱས་པར་
འགྱུར་རོ། །དེ་བཞིན་དུ་མེའི་དཀྱིལ་འཁོར་ལ་སྣང་བ་མཐའ་ཡས་སུ་ལྷག་པར་མོས་པའི་རྣལ་འབྱོར་པ་རང་གི་ཡེ་ཤེས་སེམས་དཔའི་ཐུགས་ཀར་པདྨ་དམར་པོའི་སྟེང་དུ་ཏིང་ངེ་འཛིན་སེམས་དཔའ་ཨཿཡིག་བསྒོམས་ཏེ། དེ་ལས་ལྕགས་ཀྱུ་དམར་པོའི་རྣམ་པའི་འོད་ཟེར་གྱི་ཚོགས་རྣམས་ཀྱིས་
བསྒྲུབ་པར་བྱ་བ་བཀུག་ནས་དེ་ཉིད་དུ་གཞག་པར་བྱ་སྟེ། དེའི་རྗེས་སུ་ཏིང་ངེ་འཛིན་སེམས་དཔའ་ལས་བྱུང་བའི་གོས་དཀར་མོ་དང་སྙོམས་པར་འཇུག་པའི་སྣང་བ་མཐའ་ཡས་ཀྱི་ཚོགས་རྣམས་ཀྱིས་ནམ་མཁའ་ཁེབས་ཤིང་ཁྱབ་པར་བསྒོམ་པར་བྱའོ། །དེ་ནས་ཐམས་ཅད་སྙོམས་པར་ཞུགས་
པ་ལས་འོད་ཟེར་དམར་པོའི་སྙིང་པོར་གྱུར་པས་གཅིག་པ་ཅན་དུ་བྱས་ནས་ཡང་དག་པར་བསྡུས་པའི་བྱང་ཆུབ་ཀྱི་སེམས་འདི་བསྒྲུབ་པར་བྱ་བའི་ལུས་ལ་དབབ་པར་བྱའོ། །དེ་ནས་ཏིང་ངེ་འཛིན་སེམས་དཔའ་ལས་བྱུང་བའི་བསྒྲུབ་བྱ་སྡིག་པ་མེད་པ་མདུན་དུ་པདྨའི་དཀྱིལ་འཁོར་ལ་བཞག་ནས་
སྣང་བ་མཐའ་ཡས་ཀྱི་སྤྲིན་རྣམས་སྔར་གྱི་འོད་ཟེར་གྱི་གཟུགས་ཀྱིས་རྣལ་འབྱོར་པ་རང་གི་སྤྱི་བོར་རབ་ཏུ་བཅུག་ནས་རང་གི་རྡོ་རྗེའི་བུ་ག་ནས་དབྱུང་བར་བྱའོ། །སྣང་བ་མཐའ་ཡས་ཀྱི་ཚོགས་ཀྱིས་ནམ་མཁའ་ཁྱབ་པར་གཡོགས་པར་བྱའོ། །དེའི་དུས་སུ་དེའི་མདུན་དུ་འཇུག་པ་ལ། རང་གི་
ཕྱག་རྒྱ་དང་སྙོམས་པར་ཞུགས་པའི་སྣང་བ་མཐའ་ཡས་ཀྱི་བྱང་ཆུབ་སེམས་ཀྱི་རྒྱུན་གྱིས་སྔར་བཞིན་དུ་དབང་བསྐུར་བ་སྦྱིན་པར་བྱའོ། །དབང་དུ་བྱ་བའི་དོན་གྱི་ཚིག་གོ། །དེ་བཞིན་དུ་དོན་ཡོད་གྲུབ་པའི་ཕྱག་རྒྱ་ཆེན་པོ་བསམས་ནས་དེའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་དེའི་ཐུགས་

ཀར་ཏིང་ངེ་འཛིན་སེམས་དཔའ་རྣམ་པར་བསམ་ཞིང་། དེ་ལས་བྱུང་བའི་འོད་ཟེར་གྱི་ཚོགས་ཀྱིས་ནོར་དང་དབང་དུ་བྱ་བར་འདོད་པའི་སྐྱེ་བོ་ཐམས་ཅད་བཀུག་ནས་དེ་ཉིད་དུ་གཞུག་པར་བྱའོ། །དེའི་རྗེས་སུ་ཏིང་ངེ་འཛིན་སེམས་དཔའ་ལས་འཕྲོས་པའི་རྣམ་པར་སྣང་མཛད་
ལ་སོགས་པ་རྣམས་དང་བྱམས་པ་ལ་སོགས་པ་རྣམས་ཀྱིས། རང་གི་ཕྱག་རྒྱ་དང་ལྷན་ཅིག་པ་རྣམས་ཀྱིས་ནམ་མཁའ་བཀང་བར་བསམས་ནས་དེ་བཞིན་གཤེགས་པ་ལྔ་པོ་དེ་རྣམས་ཁ་དོག་གི་དབྱེ་བས་རྣམ་པ་ལྔའི་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་དུ་ཞུགས་པ་རྣམས་བསྒྲུབ་པར་བྱ་བའི་ལུས་ལ་
དབབ་པར་བྱའོ། །སྔར་བཞིན་དུ་མདུན་ན་འདུག་པ་ལ་དགའ་བའི་ཐུགས་ཅན་གྱི་སངས་རྒྱས་ལྔ་དང་བྱང་ཆུབ་སེམས་དཔའ་རྣམས་རང་གི་ཕྱག་རྒྱ་དང་སྙོམས་པར་ཞུགས་པས་དབང་བསྐུར་བ་རབ་ཏུ་རྩོལ་བར་བྱེད་དོ། །རྣམ་པ་དེ་ལྟ་བུས་བསྒྲུབ་པར་བྱ་བ་རིང་པོར་མི་ཐོགས་པ་ཉིད་དུ་དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་ཡིད་དུ་འོང་ཞིང་འཇམ་དཔལ་དང་མཚུངས་པར་འགྱུར་རོ། །དེ་ནས་ཅིར་འགྱུར་ཞེ་ན། འགྲོ་བ་ཐམས་ཅད་བལྟས་པ་དང་། སྐྱེད་པ་རབ་ཏུ་ཐོབ་པ་སྟེ་བལྟས་པ་ཙམ་ཉིད་ཀྱིས་དབང་དུ་བྱེད་པར་འགྱུར་རོ། །འདི་ནི་སྐྱེ་བོ་ཐམས་ཅད་དབང་དུ་བྱ་བའི་དོན་གྱི་ཚིག་གོ། །
འདི་ནི་གཞུང་རྒྱས་པས་འཇིགས་པའི་ཕྱིར་དང་། བྱེད་དཀའ་བ་ཉིད་ཀྱི་ཕྱིར་རྒྱུད་ལས་ཕྱུང་ནས་མ་བརྗོད་དོ། །མངོན་སྤྱོད་ཀྱི་ལས་ལ་སོགས་པ་ཅན་ནི། ཞི་བར་བྱེད་པ་ལ་སོགས་པ་དེ་ཉིད་ཀྱི་དབང་དུ་བྱས་པའོ། །ཕྱིར་བཟློག་གི་དེ་ཉིད་བརྗོད་པར་བྱ་སྟེ་གཙུག་ཏོར་འཁོར་ལོས་སྒྱུར་བའི་རྣལ་
འབྱོར་དང་ལྡན་པས། གནོད་མཛེས་ལ་བཀའ་བསྒོ་བར་བྱེས་པས་འཁྲུལ་འཁོར་དང་གསང་སྔགས་ལ་སོགས་པ་རབ་ཏུ་སྦྱོར་བར་བྱེད་པ་རྣམས་བཀུག་ནས་ཕུར་བུས་གདབ་པར་བྱའོ་ཞེས་པ་བསྒོམས་པས་ཕྱིར་བཟློག་པའོ། །འཁོར་ལོ་བསྒོམ་པ་ནི་ཕྲེང་བའི་སྔགས་ཐུན་གསུམ་དུ་ལན་བདུན་
བཟླས་པར་བྱའོ། །ཁྲོ་བོ་ལྡན་ཞེས་པ་བཟླས་ཏེ་ཕྱིར་བཟློག་པའོ། །གཞན་ཡང་དེའི་ཕྲེང་བའི་སྔགས་སྐྱེས་ཀྱི་འདབ་མ་ལ་སོགས་པ་ལ། གི་ཝང་གིས་ཡང་དག་པར་བྲིས་ཏེ་ལུས་ལ་བཅང་བར་བྱའོ་ཞེས་པ་བྲིས་ཏེ་ཕྱིར་བཟློག་པའོ། །དེ་ལ་འདི་ནི་གཙུར་ཏོར་འཁོར་ལོས་སྒྱུར་བའི་ཕྲེང་བའི་

སྔགས་སོ། །ཨོཾ་ཨུཥྞཱི་ཥ་ཙཀྲ་ཝརྟི་བྷྲཱུཾ་བྷྲཱུཾ་བྷྲཱུཾ་སརྦ་ལོ་ཀི་ཀ་ལོ་ཀོཏྟ་རཱ་ཎི་ཡནྟྲ་མནྟྲ། ཏནྟྲ། བི་ཙཱུརྞྞ་པྲ་ཡོ་ག་ཨཱ་དཱི་ནི། ཡེ་ན་ཀེ་ན། ཙིནྨ་མ་ཀྲྀ་ཏེ་ཀྲྀ་ཏཱ་ནི། ཀཱ་རི་ཏཱ་ནི་ཝཱ་སྭ་ཡཾ་མེ་ཝ། བྷཱུ་ཏཱ་ནཱི་བཱ། ཝ་ཏ་ཏོ། །ཝ་པིཏྟ་ཏོ་ཝ། ཤླེཥྨ་ཏོ། །ཝ་སནྣི་པ་ཏ་ཏོ་བཱ་ཏ་ནི། སརྦ་ཎི། ཙྪིནྡ་ཙྪིནྡ། བྷིནྡ་བྷནྡ། ཀམྤ་ཀམྤ།
དྷུ་ན་དྷུ་ན། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། མ་ཐ་མ་ཐ། བི་དྷྭཾ་ས་ཡ་བི་དྷྭཾ་ས་ཡ། སརྦ་དུཥྚཱ་ནཱ་ནེ་ཀ་ཤ་ཏ་ས་ཧ་སྭཱ་ཧཱ། བིཙཱུརྞྞ་ཡ་བི་ཙཱུརྞྞ་ཡ། བྷྲཱུཾ་བྷྲཱུཾ་བྷྲཱུཾ། ཨོཾ་ཨུཥྞཱི་ཥ་ཙཀྲ་ཝརྟི་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། དེ་ལྟ་བུ་ནི་བྱས་པ་དེའི་འབྲས་བུ་ཕྱིན་ཅི་ལོག་པ་ཁོ་ནར་འགྱུར་རོ། །དོན་ཕྱིར་ལོག་པ་ཅན་ནོ་ཞེས་པས་ཕྱིར་
བཟློག་གི་དེ་ཁོ་ན་ཉིད་ཀྱི་དབང་དུ་བྱས་པའོ། །དེ་ནས་འདི་དག་དེ་ཁོ་ན་ཉིད་དང་བྲལ་བས་བསྒྲུབ་པར་བྱ་བ་མ་ཡིན་པས། དེའི་འོག་ཏུ་དེ་ལ་འཇུག་པར་བྱ་སྟེ། དེ་ཁོ་ན་ཉིད་ནི་བྱང་ཆུབ་ཀྱི་སེམས་གདོད་མ་ནས་མ་སྐྱེས་པའི་ཞི་བ་སྟེ། གསང་བ་འདུས་པའི་རྒྱུད་ཕྱི་མར་ཡང་གསུངས་པ། ཐོག་
མ་ཐ་མ་མེད་ཞི་བ། །དངོས་དང་དངོས་མེད་ཟད་པའི་གཙོ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་ཞེས་བྱ་བར་དྲན། །འདི་རྣམས་ཀྱང་ལུས་ལ་སོགས་པ་རྣམ་པར་དབེན་པ་དང་བྲལ་བས་བསྒྲུབ་པར་བྱ་བ་མ་ཡིན་ནོ་ཞེས་པས་དེ་གསུངས་པ། སྒྲུབ་པ་པོ་སྟོང་པ་ཉིད་དུ་ལྷག་པར་
མོས་པས་ཐ་མལ་པ་བསལ་ནས་བདག་ཉིད་རྡོ་རྗེ་འཆང་ཆེན་པོའི་གཟུགས་དཀར་པོ་ཕྱག་གཉིས་པ་ཞེས་བྱ་བ་ལ་སོགས་པ་ནས་དེ་ལྟར་རྣལ་འབྱོར་བཞི་བྱེད་རྣལ་འབྱོར་པ། ཧཱུཾ་ཡིག་སྙིང་པོར་འཇིག་རྟེན་རབ་ཏུ་བསྒོམ། །དེ་བྱུང་འགྲོ་ཀུན་རྡོ་རྗེ་སེམས་དཔའ་བསམ། །ལངས་ནས་གང་གཉིས་ཇི་བཞིན་སྤྱོད་པར་
བྱ། །ཞེས་པའི་མཐར་ཐུག་པས་སོ། །སྔགས་ཀྱི་བདག་ཉིད་ཅན་གྱི་རྡོ་རྗེ་འཆང་གི་སྐུ་ནི་གང་ཞིག་རང་བཞིན་མེད་པའི་རང་བཞིན་ཉིད་ཀྱིས་ཡོངས་སུ་ཤེས་པ་ལས་བརྫུན་པ་ཉིད་དུ་ཉེ་བར་དམིགས་པ་དེ་ལུས་རྣམ་པར་དབེན་པའོ། །གཞན་ཡང་གང་ཞིག་ལུས་ནི་རིགས་བརྒྱའི་རབ་ཏུ་དབྱེ་
བས་བརྫུན་པ་ཉིད་དེ། རིགས་ནི་རྣམ་པ་བརྒྱར་གསུངས་པ། །ཞེས་རྟོགས་ཤིང་ཀུན་དུ་བལྟས་ནས་ཐ་སྙད་བྱེད་པ་ཉིད་དང་གཞོན་ནུ་དང་། ལང་ཚོ་དང་། རྒན་པའི་གནས་སྐབས་ཀྱི་རང་བཞིན་ཉེ་བར་དམིགས་པ་མེད་པ་དེའི་ཕྱིར་བརྫུན་པ་ཉིད་དུ་རྟོགས་པ་དང་ལྷག་པར་རྟོགས་པ་

དག་ལས་ཁམས་གསུམ་དུ་གནས་པའི་ལུས་ནི་བརྫུན་པ་ཉིད་དེ་ལུས་རྣམ་པར་དབེན་པའོ། །ཆུའི་མཐིལ་གྱི་ནང་དུ་སོང་བའི་ལུས་ཇི་ལྟ་བ་བཞིན་ནོ་ཞེས་སོ། །ཧཱུཾ་ཡིག་སྙིང་པོར་ཞེས་པ་ནི་ཡི་གེ་གསུམ་ལས་ཡང་དག་པར་བྱུང་བ་ཉིད་ཀྱི་ཕྱིར་རོ། །ལུས་ནི་བརྫུན་པ་ཉིད་དུ་ཤེས་ནས་དེའི་
རྒྱུའི་ཡི་གེ་གསུམ་ཡང་བརྫུན་པ་ཉིད་དུ་བརྗོད་དོ། །དེ་ཡང་རླུང་གི་དེ་ཉིད་སྔོན་དུ་སོང་བ་དང་བྲལ་བས་མ་ཡིན་ནོ་ཞེས་པས་དེ་དག་གསུངས་པ། རླུང་གི་དེ་ཉིད་ནི་སྲོག་སྟེ། དེ་ནི་སྣའི་བུ་ག་དག་ནས་དཀྱིལ་འཁོར་བཞིའི་རིམ་གྱིས་འཇུག་པ་དང་གནས་པ་དང་ལྡང་བ་རྣམས་ཀྱི་ཁྲི་ཕྲག་གཉིས་དང་། བརྒྱ་
ཕྲག་བཅུ་དྲུག་ཏུ་འགྱུར་ཏེ། འཇུག་པ་ལ་སོགས་པ་དེ་རྣམས་སུ་ཨོཾ་ཨཱཿཧཱུཾ་ཞེས་པའི་བརྡར་འགྱུར་བ་ཅན་གྱིས་བཟླས་པའོ། །དེ་སྒོམ་པར་བྱེད་པས། སྣ་ཡི་རྩེ་མོར་ཡུངས་ཀར་བསམ། །འགྲོ་དང་མི་འགྲོ་ཡུངས་ཀར་ལ། །ཞེས་བྱ་བ་ལ་སོགས་པས་མཆོག་ཏུ་མཐར་ཐུག་པར་གྱུར་པས། རླུང་
ཐམས་ཅད་འགགས་ཏེ་བརྫུན་པ་ཉིད་དུ་གྱུར་པའི་ངག་ནི་ངག་རྣམ་པར་དབེན་པ་སྟེ། སྒྲ་བརྙན་ཇི་ལྟ་བ་བཞིན་ནོ། །རིམ་པ་འདི་ཉིད་ཀྱི་རླུང་འགག་པ་ལས་གཟུང་བྱ་དང་འཛིན་པ་པོ་དང་། འཛིན་པའི་རང་བཞིན་གྱི་སེམས་དང་དེའི་བྱ་བ་དྲུག་ཅུ་ལྷག་པའི་བརྒྱའི་རང་བཞིན་ཡང་འདོད་ཆགས་
དང་བྲལ་བ་དང་། འདོད་ཆགས་དང་འདོད་ཆགས་བར་མ་ལ་སོགས་པ་བརྫུན་པ་ཉིད་ནི་སེམས་རྣམ་པར་དབེན་པ་སྟེ། ཇི་ལྟར་རྨི་ལམ་གྱི་སེམས་བཞིན་ནོ། །དེ་བཞིན་དུ་གཉིས་པ་རྡོ་རྗེའི་བཟླས་པའི་རིམ་པས་ངག་དང་སེམས་དངོས་པོ་མེད་པའི་རང་བཞིན་ཡོངས་སུ་ཤེས་ནས་ལྟ་བ་དྲུག་ཅུ་རྩ་
གཉིས་དང་ཉོན་མོངས་པ་དགུ་བཅུ་རྩ་བརྒྱད་ཀྱང་དེ་ཁོ་ནའི་རང་བཞིན་དུ་འགྱུར་རོ། །འོད་གསལ་དུ་རབ་ཏུ་ཞུགས་ནས་ཅིས་སློང་བར་བྱེད་ཅེ་ན། ཟུང་འཇུག་གི་རིམ་པས་འཁོར་བ་མ་ཡིན་པའི་དམ་པའི་བདེ་བ་ཉམས་སུ་མྱོང་སྟེ་ཕྱིར་ལྡོག་པ་མེད་པར་འགྱུར་རོ། །ཐར་པའི་དོན་ཅི་འགྲོལ་བར་ག་ལ་འགྱུར་
ཞེས་དྲིས་པ། རྡོ་རྗེ་ཐེག་པ་འདིར་བསྐྱེད་པའི་རིམ་པ་མངོན་དུ་བྱས་པས་བརྒྱད་པ་ཐོབ་ནས་ཇི་སྲིད་རྫོགས་པའི་རིམ་པ་ཐོབ་པ་དེ་སྲིད་དུ་བཤེས་གཉེན་ལ་བརྟེན་པར་བྱའོ། །ལུས་དང་ངག་དང་སེམས་རྣམ་པར་དབེན་པ་ཐོབ་པས་ཀྱང་ས་བཅུ་ཐོབ་ཅིང་། སྒྱུ་མ་ལྟ་བུ་ཐོབ་སྟེ། དེ་ལྷག་པར་

རྟོགས་ཤིང་འོད་གསལ་བས་རྣམ་པར་དག་གོ། །སྣང་བ་མེད་པ་ལས་ལྡང་བའི་དོན་དུ་ཟུང་དུ་འཇུག་པའི་རིམ་པས་སངས་རྒྱས་ཀྱི་སྐུ་མངོན་དུ་བྱས་ནས། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པར་བཞུགས་སོ། །སྒྲུབས་ཐབས་མདོར་བྱས་ཀྱི་དཀའ་འགྲེལ།
པཎྜི་ཏ་བི་བྷཱུ་ཏི་ཙནྡྲས་མཛད་པ་རྫོགས་སོ།། །།ཤཱཀྱའི་དགེ་སློང་རིན་ཆེན་གྲུབ་ཀྱིས། དཔའ་བོའི་ལོ་མགོ་ཅན་གྱི་ཟླ་བའི་ཚེས་བཅུ་དགུ་ལ་རྒྱ་དཔེ་ལ་བལྟས་ནས། དཔལ་རི་ཕུག་གི་དབེན་གནས་སུ་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། པཉྩ་ཀྲ་མ་ཨརྠ་བྷཱ་ཀ་ར་ཎ་ནཱ་མ།
བོད་སྐད་དུ། རིམ་པ་ལྔའི་དོན་གསལ་བར་བྱེད་པ་ཞེས་བྱ་བ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གསུང་གི་མངའ་བདག་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ། །དཔལ་ལྡན་རྡོ་རྗེ་འཆང་ཆེན་གྱིས་ནི་ལེགས་པར་གསུངས་པ་ཡི། །རྒྱུད་རྒྱལ་གསང་བ་
འདུས་དང་རྣལ་འབྱོར་འོ་མའི་རྒྱུད་འདྲ་ལས། །མར་གྱི་སྙིང་པོ་ལེགས་ཕྱུང་ངེས་པར་བཟུང་བ་ལྔ། །འཕགས་པ་ཀླུ་ཡི་དགོངས་བཞིན་བློ་དམན་དོན་དུ་བཤད་པར་བྱ། །འཇིག་རྟེན་ཁམས་འདིར་རིང་གནས་བྱ་ཕྱིར་བྱང་ཆུབ་ཀླུས། །ལེགས་དང་བདེ་བའི་དོན་ཐོབ་གཞན་གྱི་དགོངས་པ་
ཤེས། །བྷེ་ཏའི་ཡུལ་ནས་ལེགས་བྱུང་དགེ་སློང་དཔལ་ལྡན་ཏེ། །དེ་མིང་ཀླུ་སྒྲུབ་ཅེས་བྱ་དེ་ཡི་དགོངས་པ་ཤེས། །ལེགས་དོན་མི་མཐུན་ཀུན་འཇོམས་ལེགས་པའི་དོན་སྟེར་བ། །དཔལ་འགྲོ་གླིང་གི་དགེ་སློང་ཤཱཀྱའི་བཤེས་གཉེན་ལ། །དངོས་དང་ཡིད་ཀྱིས་རིན་ཆེན་བདུན་གྱིས་
མཉེས་པར་བྱས། །དེ་ཡི་སྟོབས་ཀྱིས་གསང་དོན་མ་རྨོངས་བློ་ལ་སྣང་། །ཡུན་རིང་སྤྱོད་པ་དུས་དང་བྱ་བ་བསམ་པའི་དབང་། །རྣམ་དགུས་ལེགས་བརྒྱན་ཡང་དག་ལྟ་བ་རབ་རྫོགས་ཤིང་། །ལེགས་བསྒྲུབས་དེ་ཡི་སྟོབས་ཀྱིས་འཕགས་པའི་འོད་ཟེར་ཕོག །ཐུགས་རྗེའི་སྟོབས་ཅན་
ཉི་མའི་འོད་འདྲས་སེམས་ཅན་དོན་ལ་གཟིགས། །ཉོན་མོངས་ཐ་བ་རློག་པའི་ཡེ་ཤེས་རལ་གྲི་ཡིས། །ལེགས་པར་བཅད་པ་དེའི་དོན་འཕགས་པའི་དགོངས་པ་ཇི་བཞིན་དགྲོལ། །ཀུ་ཤའི་གྲོང་ཁྱེར་དག་ན་ལེགས་བཞུགས་པའི། །དགེ་སློང་ཆོས་ཀྱི་བློ་གྲོས་ཞེས་བྱ་བས། །རིམ་

གཉིས་བསླབ་གཞི་དང་བཅས་དབྱེ་བ་བཤད། །དེས་བྱས་བྱས་པ་མེད་མཐོང་སེམས་ཅན་རྣམས། །གསང་བ་དེ་ཉིད་དོན་ལ་རྨོངས་པར་གྱུར། །མུན་འདྲའི་སྒྲོན་མ་བྱ་ཕྱིར་བདག་གིས་དགའ་བ་སྐྱེས། །སེམས་ཅན་གང་དག་རྟག་ཏུ་དེ་ཉིད་དོན་ལ་རྨོངས། །འདོད་རྒྱལ་
ཞགས་པས་ཟིན་ཅིང་གཞུང་གཞན་དང་། །དེ་ཡི་ནུས་པ་མ་མཐོང་བསྐལ་དང་འདྲ། །དེ་ལ་དེ་ཉིད་དོན་འདི་རྒྱལ་བ་རྣམས་ཀྱིས་གསུངས། །གསང་སྔགས་སྐུ་ལ་སོགས་པ་ཡིས། །བསྐྱེད་དང་རྫོགས་པའི་རིམ་པ་ནི། །ཚོགས་དང་སློབ་མའི་དབང་དུ་གསུངས། །བསྐྱེད་པ་ཡི་ནི་རིམ་པ་ཡིས། །
རགས་པའི་རྟོག་པ་རབ་སྤངས་ནས། །ཕྱིས་ནི་རྫོགས་པའི་རིམ་པ་ཡིས། །ཕྲ་བའི་རྟོག་པ་སྦྱོང་བར་བྱེད། །སྔགས་དང་སེམས་དང་སྒྱུ་མ་དང་། །རྣམ་དག་དང་ནི་གཉིས་སུ་མེད། །ཏིང་འཛིན་འདི་ལ་རང་གནས་ན། །ཞི་བ་མཆོག་ལ་རེག་པར་འགྱུར། །གྲངས་ནི་ས་དང་མཉམ་པ་དང་། །
དངོས་ཀྱི་དབང་དུ་གོ་རིམས་ནི། །རྒྱུ་འབྲས་རགས་དང་སྤངས་པ་དང་། །ཁྱབ་དང་མཐོ་དམན་ས་ཡི་དབང་། །བསམ་གཏན་བྱེད་པའི་རྣལ་འབྱོར་པས། །རྟག་ཏུ་དོན་འདི་ཤེས་བྱ་སྟེ། །སྒོམ་བྱེད་རྣལ་འབྱོར་སྣོད་ཅན་དང་། །རྣལ་འབྱོར་དེ་ཡིས་བསམས་པ་དང་། །བསྒོམ་པའི་ཐབས་དང་
གོམས་པའི་རྟགས། །དགོས་པ་སྐྱོན་དང་བཅས་པའོ། །དེ་ལ་རྣལ་འབྱོར་སྣོད་ཅན་ནི། །ལྟ་བ་དང་ནི་སྤྱོད་པ་དང་། །དབང་ཐོབ་དམ་ཚིག་ལྡན་པའོ། །བསམ་པ་གཞན་གྱི་དོན་ལ་དམིགས། །ཐབས་ནི་སེམས་བཟུང་འབྲས་སྐྱེ་བའི། །བསམ་གཏན་རྣམ་པ་གཉིས་སུ་གསུངས། །རྟགས་
ནི་སྨིག་རྒྱུ་དུ་བ་དང་། །སྲིན་བུའི་མེ་དང་མར་མེ་དང་། །ནམ་མཁའ་ལྟ་བུར་འབྱུང་བ་དང་། །གཞན་ཡང་འཕར་དང་ལྡེག་སོགས་དང་། །མེ་འབར་ཆུ་འབྱུང་ལ་སོགས་པའོ། །བསྒོམས་པའི་དགོས་པ་འདི་ལྟ་སྟེ། །རགས་དང་ཕྲ་བའི་རྟོག་པ་སྤངས། །དངོས་གྲུབ་ཀུན་འབྲེལ་ངན་
སོང་གི། །གནས་ཀུན་བཅོམ་མོ་ཞིང་དུ་སྐྱེ། །རྟག་ཏུ་སངས་རྒྱས་ལུང་སྟོན་འབྱུང་། །བདག་དང་གཞན་ལ་སོགས་ལ་ཕན། །ཕྱོགས་མཚམས་ཀུན་དུ་སྙན་པར་གྲགས། །དེ་ལ་སོགས་པ་བསམ་མི་ཁྱབ། །སྐྱོན་ནི་དེ་ལས་བཟློག་པའོ། །ཕྱག་ན་རྡོ་རྗེའི་ཞལ་སྔ་ནས། །བསྒོམ་བྱ་

སྒོམ་བྱེད་བསྒོམ་པའི་ཐབས། །དགོས་པ་སྐྱོན་དང་བཅས་པར་འདོད། །བསྒོམ་བྱ་ཏིང་འཛིན་དམིགས་པ་སྟེ། །འོད་དང་འོད་ཀྱི་ཁ་དོག་དང་། །སྐུ་དང་བ་ཐག་ཐིག་ལེ་དང་། །ཉི་ཟླ་རྡོ་རྗེ་པདྨ་དང་། །རྣལ་འབྱོར་ཡུལ་དུ་བྱེད་ཕྱིར་རོ། །ལྷ་མོ་མཛེས་ལྡན་ཞལ་སྔ་ནས། །རྟེན་
གྱི་གང་ཟག་དེ་མཚན་ཉིད། །དམིགས་དང་སྙོམས་འཇུག་འབྲས་བུ་སྐྱེ། །སྤྱོད་ལམ་དུས་དང་རྟགས་སུ་འདོད། །འཇམ་དཔལ་གཞོན་ནུའི་ཞལ་སྔ་ནས། །བསྒོམ་པ་དང་ནི་སེམས་ཉམས་དང་། །བདུད་བརྟག་པ་དང་སྤོང་བ་དང་། །ས་ཐོ་བ་ཡི་རིམ་པའོ། །དེ་ལྟའི་མན་ངག་
ཇི་སྙེད་ཅིག །རྡོ་རྗེ་འཆང་ལ་སོགས་པས་གསུངས། །བདག་གིས་དཀའ་འགྲེལ་གཞན་དག་ཏུ། །དོན་འདི་ལེགས་བྱེད་སྣོད་མ་ཡིན། །འཆད་པས་ཉན་པར་འདོད་པ་ལ། །བཤད་པ་རྣམ་པ་གཉིས་ཡིན་ཏེ། །ནུས་དང་འགྲོ་བའི་དབང་དུ་གསུངས། །ལྷ་མོ་སྒྲོལ་མའི་ཞལ་སྔ་
ནས། །བསྒྲུབ་དང་དེ་དོན་བཤད་པ་བཞི། །འདི་ཡི་བརྗོད་པར་བྱ་བ་གང་། །དགོས་དང་འབྲེལ་བ་ཇི་ལྟ་བུ། །དགོས་པའི་དགོས་པ་ཇི་ལྟ་བུ། །དེ་དྲིས་ལན་དུ་འདི་སྐད་བརྗོད། །རྒྱུ་དང་བསྒྲུབ་པར་བྱ་བ་ཡིན། །དོན་ནི་བརྗོད་པར་བྱ་བའོ། །དེ་ལ་གཉིས་ཏེ་ལམ་འབྲས་བཅས། །
ལམ་ནི་བསྐྱེད་དང་རྫོགས་པ་སྟེ། །མཐར་ཕྱིན་ཟུང་འཇུག་འབྲས་བུའོ། །དགོས་པ་ཤེས་རབ་རྣམ་གསུམ་གྱིས། །རྟོགས་དང་བསྒོམ་པས་དགོས་གྲུབ་པའོ། །ཐབས་དང་ཐང་ས་ལས་བྱུང་བའི་ཚུལ། །ས་བོན་མྱུ་གུ་ཇི་བཞིན་དུ། །འགྱུར་བ་གང་ཡིན་འབྲེལ་བ་སྟེ། །དེ་ལ་རག་
ལས་དེ་ཕྱིར་རོ། །དགོས་པའི་དགོས་པ་ཞེས་བྱ་བ། །རྟོགས་ནས་གཞན་ལ་སྟོན་པ་དང་། །མཐར་ཕྱིན་ས་ལ་དོན་བྱེད་པའོ། །དེ་ཕྱིར་དེ་ནི་སྒྲོལ་མས་བཤད། །རྒྱལ་བ་རྣམས་ཀྱི་དམ་ཚིག་ཡིན། །གྲུབ་པའི་བློ་གྲོས་ཞལ་སྔ་ནས། །མཉམ་གཞག་དེ་ཉིད་ཏིང་འཛིན་དང་། །དེ་ཡི་
གྲོགས་སུ་བཅས་པའོ། །མཉམ་གཞག་ཏིང་འཛིན་རྣམ་གཉིས་ཏེ། །བསྐྱེད་པ་དང་ནི་རྫོགས་པའོ། །དང་པོ་བཅོམ་ལྡན་རྡོ་རྗེ་ཅན། །སྐྱེ་གནས་བཞི་དང་ལེགས་མཐུན་པར། །དེ་བསྟན་གོང་མ་འོག་མ་ནི། །ཆོས་རྣམས་ཡོངས་སུ་དག་པ་སྟེ། །སྐྱེ་བ་མེད་དང་

འགག་པ་མེད། །གང་དུ་མ་གྲུབ་ཤེས་པ་ཡིན། །ཇི་ལྟར་བརྟགས་པ་གང་ཡིན་པ། །ཡང་དག་ངང་དུ་ཅི་ཡང་མེད། །དེ་ཐོབ་ཉེ་བའི་རྒྱུར་གྱུར་པ། །གང་ཡིན་དེ་ལ་དེ་སྐད་དོ། །གྲོགས་ནི་སྔགས་པའི་རྒྱན་ཉིད་དོ། །གསང་སྔགས་ཐམས་ཅད་ནི་རིམ་པ་གཉིས་
གྲོགས་དང་བཅས་པ་སྟེ་སློབ་དཔོན་གྱིས་ཀྱང་དང་པོར་དེ་རྩོམ་པ་ལ་བར་ཆད་དུ་མི་འགྱུར་བར་བྱ་བའི་ཕྱིར་ཕྱག་འཚལ་བ་བསྟན་པའོ། །གང་གི་ཕྱིར་རང་དད་པའི་ཕྱིར་ལྷ་ལ་ཕྱག་འཚལ་རྩོམ་པར་འདོད་པ་དེའི་ཕྱིར། །མགོན་པོ་སངས་རྒྱས་ཀུན་བདག་ཅེས་བྱ་བ་ལ་སོགས་པ་སྨོས་
ཏེ། དེ་ལ་དང་པོར་རིམ་པ་གཉིས་ཀྱིས་སངས་རྒྱས་པའི་ཚུལ་བསྟན་ནས་སེམས་ཅན་གྱི་སྣང་བ་ལ་ཐུགས་རྗེ་ཆེན་པོའི་སྟོབས་ཀྱིས་རྡོ་རྗེ་འཆང་ཆེན་པོའི་སྐུ་ཕྱུང་བ་དེ་ནི་མགོན་པོ་སྟེ། གང་ལ་སྐྱོབ་པར་བྱེད་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ནི་སངས་རྒྱས་ཐམས་ཅད་ཀྱི་
བསྡུས་པའི་སྐུ་དང་སངས་རྒྱས་ཐམས་ཅད་ཀྱི་གཙོ་བོ་ཡིན་པའི་ཕྱིར། །སངས་རྒྱས་ཀུན་བདག་ཉིད་ཅེས་བྱའོ། །དཔལ་ལྡན་ཞེས་པ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་བདག་པོར་གྱུར་ནས་སེམས་ཅན་རྣམས་སྨིན་ཅིང་གྲོལ་བར་བྱེད་པའི་ཕྱིར་རོ། །དཔལ་
ལྡན་གྱིས་ནི་རྡོ་རྗེ་འཆང་ཆེན་པོ་གང་མཚོན་པར་བྱེད་དོ། །དེ་ཉིད་ནི་བདེ་ཆེན་ཏེ་གང་གི་ཕྱིར་མི་བདེ་བའི་སྡུག་བསྔལ་དང་བྲལ་ཏེ་བདེ་བ་ཆེན་པོའི་ངོ་བོར་བཞུགས་པ་དེའི་ཕྱིར་བདེ་བའོ། །བདེ་བ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་འདི་ནི་བདེ་ཆེན་ནོ། །དེ་ལྟ་བུའི་དོན་དང་
ལྡན་པ་དེ་ལ་ཕྱག་འཚལ་ཞེས་སྦྱར་རོ། །དེས་ཅིར་འགྱུར་ཞེ་ན། སྒྲིབ་པ་སྦྱང་བ་དང་། ཚོགས་བསགས་པ་སྟེ་བར་ཆད་ཀྱི་སྦྱོར་བ་བཟློག་པར་འགྱུར་རོ། །འཕགས་པ་དགའ་བོས་ཞུས་པའི་མདོ་ལས་ཀྱང་། ཚེ་དང་ལྡན་པ་དེ་བཞིན་གཤེགས་པ་དང་། དེ་བཞིན་གཤེགས་
པའི་བསྟན་པའི་གཟུགས་བརྙན་ལ་ཕྱག་འཚལ་བའི་གང་ཟག་དེ་ནི་སྒྲིབ་པ་དང་ཉོན་མོངས་པ་ཐམས་ཅད་སྤངས་པ་ཡིན་ནོ། །འཁོར་བའི་ཆུ་བོ་ལས་བརྒལ་བའོ། །སྦྲུལ་དང་རྐུན་པོ་དང་རྒྱལ་པོའི་ཆད་པ་ཐམས་ཅད་སྤངས་པའོ་ཞེས་འབྱུང་བའི་ཕྱིར་རོ། །ཡང་ན་སྙིང་

གར་ཐབས་དང་ཤེས་རབ་ཀྱི་བར་དུ་སྲོག་གི་ས་བོན་གནས་པ་ནི་མགོན་པོ་སྟེ། འབྱུང་འཇུག་རྒྱུན་བཅད་ནས་རྟག་ཏུ་ངན་སོང་ལས་ལྡོག་པའི་ཕྱིར་དེ་ལ་དེ་སྐད་ཅེས་བྱའོ། །མགོན་པོ་ཡང་ཡིན་ལ་སངས་རྒྱས་ཀུན་གྱི་བདག་ཉིད་ཀྱང་ཡིན་པས་མགོན་པོ་སངས་རྒྱས་ཀུན་བདག་ཉིད་
དོ། །དེ་ཉིད་དཔལ་ལྡན་ཏེ། གང་ལ་སྨིན་ཅིང་གྲོལ་བ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལྟ་བུའི་ངང་ལ་བརྟན་པར་གྱུར་པ་དང་དགའ་བ་ལ་སོགས་པ་རིམ་གྱིས་སྐྱེས་པ་གང་ཡིན་པ་དེ་ནི་བདེ་ཆེན་སྟེ། གང་ལ་མི་བདེ་བ་དང་སྡུག་བསྔལ་སྤང་བའི་ཐབས་ཡོད་པ་དེ་ལ་དེ་སྐད་
ཅེས་བྱའོ། །མཐར་ཐུག་པའི་དབང་དུ་མགོན་པོ་སངས་རྒྱས་ཀུན་བདག་ཉིད་ཅེས་སྨོས་ཏེ། གང་དག་རྣམ་པར་རྟོག་པའི་དྲ་བར་ཆུད་པ་དེ་དག་གི་གཉེན་པོར་གྱུར་པ་དེ་ནི་སངས་རྒྱས་ཀུན་བདག་ཉིད་དེ། སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བདག་པོ་ཡིན་པའི་ཕྱིར་རོ། །དེ་ཅིའི་
ཕྱིར་ཞེ་ན། སངས་རྒྱས་ཐམས་ཅད་ནི་དངོས་སུ་ཆོས་ཀྱི་སྐུ་ཡིན་པའི་ཕྱིར་རོ། །གཞན་ལས་ཀྱང་། དུས་གསུམ་སངས་རྒྱས་ཐམས་ཅད་ནི། །ཆོས་ཀྱི་དབྱིངས་ཀྱི་ངང་ལ་གནས། །ཐུགས་རྗེ་དང་ནི་ལས་འཕྲོ་ཡིས། །སེམས་ཅན་ངོ་ལ་སོ་སོར་སྣང་། །ཞེས་འབྱུང་བའི་ཕྱིར་
རོ། །འདི་ནི་དཔལ་ལྡན་ཏེ་དཔེར་ན་ནམ་མཁའ་བཞིན་ཡོངས་ལ་ཁྱབ་པའི་ཕྱིར་རོ། །འོད་སྲུངས་ཀྱི་མདོ་ལས་ཀྱང་། དོན་དམ་པའི་སེམས་ཅན་ཐམས་ཅད་ཀྱི་དཔལ་དུ་གྱུར་པ་ཡིན་ཏེ་རྣམ་པར་རྟོག་པའི་འཆིང་བ་བཟློག་པའི་ཕྱིར་རོ་ཞེས་འབྱུང་བའི་ཕྱིར་རོ། །དེ་བས་ན་དེ་ནི་
དཔལ་ལྡན་ཡང་ཡིན་ལ་བདེ་བ་ཆེན་པོ་ཡང་ཡིན་པས་དཔལ་ལྡན་བདེ་ཆེན་ནོ། །བཏུད་དེ་ཞེས་པ་ནི་ཕྱག་འཚལ་ཏེ་ཞེས་པ་སྟེ། གང་ལ་མཉེས་པར་བྱེད་པ་ཡོད་པ་དེ་ལ་ཕྱག་འཚལ་བའོ། །དེས་ཅི་བྱེད་ཅེ་ན། བཤད་ཅེས་སྦྱར་རོ། །གང་བཤད་པར་འདོད་པ་དེ་ནི་བསྟན་པར་འདོད་
པ་དེའི་ཕྱིར། རྡོ་རྗེ་བཟླས་པའི་རིམ་པ་བཤད་བྱ་ཞེས་སྨྲས་ཏེ། དེ་ལ་རྡོ་རྗེ་བཟླས་པ་ཡིན་པས་རྡོ་རྗེ་བཟླས་པ་སྟེ། སྣའི་རྩེ་མོར་རྡོ་རྗེ་བསམས་ལ་བཟླས་ཤེའོ། །ཡང་ན་རྡོ་རྗེ་བཟླས་པ་སྟེ་རྡོ་རྗེ་འཆང་ཆེན་པོས་བཟླས་པ་ཡིན་པས་དེ་བཟླས་ཤེའོ། །ཡང་རྡོ་རྗེ་བཟླས་པ་ཡིན་པས་

རྡོ་རྗེ་བཟླས་པ་སྟེ་རྡོ་རྗེ་འཆང་གི་རྣལ་འབྱོར་གྱིས་བཟླས་ཤེའོ། །གང་གི་ཕྱིར་བསྒོམ་པར་བྱ་བའི་ཡོན་ཏན་དང་དམིགས་པ་དང་སྒོམ་པར་བྱེད་པ་པོ་སྟོན་པར་འདོད་པ་དེའི་ཕྱིར་དེ་ལ་དེ་སྐད་ཅེས་བྱའོ། །གལ་ཏེ་ཡོན་ཏན་དང་དམིགས་པ་དང་བྱེད་པ་པོ་མ་བསྟན་ན་མེད་པ་
དང་མ་ཡིན་པ་ལ་སོགས་པའི་སྐྱོན་དུ་འགྱུར་རོ། །གང་གི་རྗེས་སུ་འབྲངས་ནས་བཤད་ཅེ་ན་དེ་ཉིད་སྟོན་པར་འདོད་པ་དེའི་ཕྱིར། རྣལ་འབྱོར་རྒྱུད་ཀྱི་རྗེས་འབྲངས་ནས། །ཞེས་སྨོས་ཏེ། རྣལ་འབྱོར་ནི་ཏིང་ངེ་འཛིན་ཏེ་གང་ལས་དེ་གཙོར་སྟོན་པ་དེ་ལ་དེ་སྐད་ཅེས་བྱའོ། །རྣལ་འབྱོར་
གྱི་རྒྱུད་ནི་རྣལ་འབྱོར་གྱི་རྒྱུད་དེ། ལྷ་མོ་བཞིས་ཞུས་པ་ལ་སོགས་པའོ། །དེའི་རྗེས་སུ་འབྲངས་པ་ནི་དེའི་རྗེས་སུ་འབྲངས་པ་སྟེ། དེ་དག་དང་མི་འགལ་བར་བྱས་ཏེ་བཤད་ཅེས་སྦྱར་རོ། །ཁ་ཅིག་ན་རེ་རྗེས་སུ་འབྲངས་པ་ནི་དེས་གཏན་ལ་ཕབ་ཅེས་འཆད་དོ། །གང་ལ་གང་གིས་ཅི་ལྟ་བུར་
གསུངས་ཤེ་ན། ཐབས་འདི་ཞེས་སྨོས་ཏེ། རྡོ་རྗེ་བཟླས་པ་འདི་ཞེས་སྦྱར་ཏེ་དང་པོ་བསྟན་པའོ། །འོག་མ་སྟོན་པར་འདོད་པ་དེའི་ཕྱིར། བསྐྱེད་པའི་རིམ་ལ་ལེགས་གནས་ཤིང་། །ཞེས་སྨོས་ཏེ། བསྐྱེད་པའི་རིམ་པ་ནི་བསྐྱེད་པའི་རིམ་པ་ས་བོན་དང་ཕྱག་མཚན་ལས་བསྐྱེད་པ་གང་ཡིན་
པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལ་ལེགས་པར་གནས་པ་ནི་དེ་སྒོམ་པར་བྱེད་པ་སྟེ་མཐར་ཕྱིན་པའོ། །དེའི་དོན་ནི་དང་པོར་སྲིད་པ་སྐྱེ་བཞིན་ཚུལ་དུས་བོན་ལ་སོགས་པ་ལས་རིགས་བརྒྱའི་དབྱེ་བ་ལ་སོགས་པ་བསྒོམ་པའོ། །དེ་ནི་བཞི་སྟེ་བསྒོམ་པ་དང་། གོམས་པའི་ཚད་དང་། མཐར་
ཕྱིན་པའི་ཚད་དང་། དེའི་དགོས་པའོ། །བསྒོམ་པ་ནི་དེ་ལ་སེམས་ཡང་དང་ཡང་དུ་གཏོད་པའོ། །གོམས་པའི་ཚད་སྐུ་གསུང་ཐུགས་ཆེ་ཆུང་མང་ཉུང་གང་གི་རྣམ་པ་ལ་ཐོགས་པ་མེད་པའོ། །མཐར་ཕྱིན་པའི་ཚད་ནི་ཐམས་ཅད་ལྷའི་དཀྱིལ་འཁོར་དུ་སྣང་བའོ། །དེའི་དགོས་པ་ནི་
རགས་པའི་རྣམ་པར་རྟོག་པ་སླངས་ཏེ་རྫོགས་པའི་རིམ་པ་བསྒོམས་ན་གསལ་བར་འགྱུར་བའི་ཕྱིར་རོ། །རྫོགས་པའི་ཚད་སྐུ་གསུང་ཐུགས་ཆེ་ཆུང་མང་ཉུང་གང་གིས་རྣམ་པ་ལ་ཐོགས་པ་མེད་པའོ། །ཕྱིན་པའི་ཚད་ནི་ཐམས་ཅད་ལྷའི་དཀྱིལ་འཁོར་དུ་སྣང་བའོ། །དེའི་དགོས་

པ་ནི་རགས་པའི་རྣམ་པར་རྟོག་པ་སྤངས་ཏེ་རྫོགས་པའི་རིམ་པ་བསྒོམས་ན་གསལ་བར་འགྱུར་རོ། །རྫོགས་པའི་རིམ་པ་ནི་རྫོགས་པའི་རིམ་པའི་ཆོས་ཀྱི་སྐུ་དང་ཤིན་ཏུ་ཉེ་བའི་རྒྱུར་གྱུར་པའི་ཕྱིར་དེ་ལ་དེ་སྐད་ཅེས་བྱའོ། །དེ་འདོད་པ་ནི་འདོད་པ་སྟེ། རྫོགས་པའི་རིམ་པ་
སྒོམ་པ་འདོད་པའི་རྣལ་འབྱོར་པ་ལ་གསུངས་ཤེའོ། །གསུམ་པ་བསྟན་པའི་ཕྱིར། རྫོགས་པའི་སངས་རྒྱས་ཀྱིས་ཞེས་གསུངས་ཏེ། ཡོན་ཏན་ཐམས་ཅད་རྫོགས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ནི་སངས་རྒྱས་ཏེ་རྣམ་པར་རྟོག་པ་ཐམས་ཅད་སྤངས་པ་སྟེ་
ཡོན་ཏན་ཐམས་ཅད་ཀྱིས་རྒྱས་པའི་ཕྱིར་རོ། །དངོས་སུ་ན་འདིར་རྫོགས་པའི་སངས་རྒྱས་ནི་རྡོ་རྗེ་འཆང་ཆེན་པོ་སྟེ་དེས་གསུངས་པའོ། །བཞི་པ་བསྟན་པའི་ཕྱིར། སྐས་ཀྱི་རིམ་པ་ལྟ་བུར་གསུངས། །ཞེས་སྨོས་ཏེ་སྐས་དང་འདྲ་བས་ན་སྐས་ཏེ་དཔེར་ན་སྐས་ལྟ་བུ་ཞེས་སྦྱར་རོ། །དེ་ལ་
སྐས་ལ་ནི་རིམ་གྱིས་འཛེག་གི་ཅིག་ཅར་ནི་མ་ཡིན་ནོ། །དེ་བཞིན་དུ་རིམ་པ་ལྔ་ལའང་རིམ་གྱིས་འཇུག་གི་ཅིག་ཅར་ནི་མ་ཡིན་ནོ། །སྐས་ནི་ས་ལ་བརྟེན་པ་སྟེ། དེ་བཞིན་དུ་རྫོགས་པའི་རིམ་པ་བསྒོམ་པའི་ཚེ། བསྐྱེད་པའི་རིམ་པ་དཔྱོད་པ་དང་བཅས་པ་ལ་རྟེན་པར་བྱེད་དོ། །སྐས་ལ་
ནི་རྩེ་མོར་ཕྱིན་ནས་བྱ་བ་གཞན་བྱེད་དོ། །དེ་བཞིན་དུ་རིམ་པ་ལྔའི་ཏིང་ངེ་འཛིན་མཐར་ཕྱིན་ནས་སེམས་ཅན་གྱི་དོན་བྱེད་དོ། །གང་གི་ཕྱིར་སེམས་ཅན་ཐམས་ཅད་ནི་རླུང་གིས་འཚོ་བར་བྱེད་པ་དེའི་ཕྱིར་དེ་ལ་དེ་བསྟན་ཏོ། །སེམས་ཅན་རྣམས་ཀྱི་སྲོག་གྱུར་པ། །ཞེས་པ་ནི་སེམས་ཅན་
ཐམས་ཅད་འཚོ་བར་བྱེད་པ་སྟེ། དེ་གང་ཡིན་ཞེ་ན། རླུང་ཞེས་བྱ་བ་སྟེ། ཡང་བ་དང་གཡོ་བའི་བདག་ཉིད་ཅན་ནོ། །དེས་ནི་འཚོ་བར་བྱེད་པ་འབའ་ཞིག་ཏུ་མ་ཟད་ཀྱི་ལས་གཞན་ཡང་བྱེད་དོ་ཞེས་བསྟན་པའི་ཕྱིར། ལས་ཀུན་བྱེད་ཅེས་སྨོས་ཏེ། དེ་ལ་ལས་ཀུན་ཞེས་བྱ་བ་ནི་འདི་ལྟར་
ལས་ཐམས་ཅད་དེ་འཇིག་རྟེན་གྱི་ལུས་པ་རླུང་གིས་བྱེད་དོ། །གསང་བ་དེ་ཁོ་ན་ཉིད་ཀྱི་རྒྱུད་ལས་ཀྱང་། འཇིག་རྟེན་ལས་རྣམས་ཐམས་ཅད་ནི། །རླུང་དང་རླུང་བཅས་ཀུན་གྱིས་བྱེད། །རྟག་ཏུ་རླུང་དང་བྲལ་བ་ནི། །འཇིག་རྟེན་ལས་རྣམས་རྒྱུན་བཅད་འགྱུར། །ཞེས་འབྱུང་བ་ལྟ་བུའོ། །

གང་གི་ཕྱིར་ཤེས་པ་དང་བྲལ་བའི་རླུང་གིས། ཡུལ་གྱི་རྣམ་པར་རིག་པར་མི་རུང་ངོ་ཞེས་རྒོལ་བ་དེའི་ལན་བསྟན་པའི་ཕྱིར། འདི་ནི་རྣམ་ཤེས་བཞོན་པ་སྟེ། །ཞེས་སྨོས་ཏེ་འདི་ཞེས་པ་ནི་རླུང་སྟེ་དངོས་སུ་ན་རླུང་ལ་རང་གི་རྣམ་པར་ཤེས་པ་ཞོན་ནས་ཡུལ་གྱི་རྣམ་པར་རིག་པར་བྱེད་ཅེའོ། །
དེའི་དབྱེ་བ་བསྟན་པའི་ཕྱིར། །ལྔ་ཡི་བདག་ཉིད་བཅུ་ཡང་ཡིན། །ཞེས་སྨོས་ཏེ། དེ་ལ་ལྔ་ནི་ལྔ་སྟེ། སྲོག་འཛིན་པ་ནས་ཁྱབ་བྱེད་ཀྱི་བར་དུའོ། །བཅུ་ནི་དབང་པོ་ལ་གནས་པའི་རླུང་ལྔ་སྟེ་བཅུའོ། །རླུང་བཅུ་པོ་འདི་དག་ནི་རྣམ་པར་ཤེས་པའི་བཞོན་པའོ་ཞེས་འཁོར་ལོ་རོལ་པའི་རྒྱུད་ལས་
ཀྱང་གསུངས་སོ། །རླུང་གི་དེ་ཉིད་རིམ་གྱིས་ནི། །ཞེས་པ་ནི་རླུང་ལ་རིམ་གྱིས་བསླབས་ནས་ཞེས་པའོ། །ཅི་བྱེད་ཅེ་ན། སྔགས་ཀྱི་དེ་ཉིད་ཡང་དག་འཇུག །ཅེས་སྨོས་ཏེ། འདིར་ནུས་པ་ཁྱད་པར་ཅན་མངོན་དུ་བྱེད་པའི་སྔགས་སོ། །གཞན་ལས་མན་ནི་ཡིད་ཅེས་བྱ་བ་སྟེ། །ཏྲ་ནི་སྐྱོབ་པར་བྱེད་པའོ། །
ཞེས་ཀྱང་འབྱུང་ངོ་། །ཡང་དག་འཇུག་ཅེས་པ་ནི་སྔགས་ཀྱི་དེ་ཁོ་ན་ཉིད་ལ་ངེས་པར་འཇུག་ཅེའོ། །དེས་ཅི་བྱེད་ཅེ་ན། རྡོ་རྗེ་བཟླས་པ་རྣམས་ལ་སློབ་སྟེ། རྡོ་རྗེ་བཟླས་པ་ནི་གོང་དུ་བཤད་དོ། །དེ་ལ་སློབ་པ་ནི་དེ་ཡུལ་དུ་བྱས་ཏེ་སེམས་ཡང་དང་ཡང་གཏད་པའོ། །རྡོ་རྗེ་བཟླས་གནས་རྣལ་འབྱོར་པས། །ཞེས་
པ་ནི། རྡོ་རྗེ་བཟླས་པའི་ཏིང་ངེ་འཛིན་དང་ལྡན་པས་ཤེའོ། །དེས་ཅིར་འགྱུར་ཞེ་ན། སེམས་ལ་དམིགས་པ་ཐོབ་པར་འགྱུར། །ཞེས་ཏེ་འདིར་སེམས་ལ་དམིགས་པས་སེམས་ལ་དམིགས་པ་སྟེ། ཕྱི་རོལ་གྱི་ཡུལ་ལ་དམིགས་པ་ནི་མ་ཡིན་ནོ། །ཐམས་ཅད་སེམས་ཀྱི་སྣང་བར་ལྟ་བ་ནི་སེམས་ལ་དམིགས་
པའོ། །དེས་ཐོབ་ཅེས་པ། སེམས་ཀྱི་མཚན་ཉིད་རྟོགས་པར་འགྱུར། །ཞེས་པའོ། །སེམས་ལ་དམིགས་པ་ཐོབ་ནས་ཅི་བྱེད་ཅེ་ན། སྒྱུ་མ་ལྟ་བུའི་སྒོམ་པར་བྱེད་པ་དེའི་ཕྱིར་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གནས་ཞེས་ཏེ། གང་ལ་སྒྱུ་མའི་དཔེ་བཅུ་གཉིས་ཉེ་བར་མཚོན་པའི་སྐུ་ནི་སྒྱུ་མ་ལྟ་བུའི་
སྟེ། དེ་ལ་སེམས་རྩེ་གཅིག་པ་ནི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་གནས་པའོ། །ཡང་དག་མཐའ་ནི་རྣམ་པར་སྦྱངས། །ཞེས་པ་ནི། སྒྱུ་མ་ལྟ་བུའི་སྐུ་ཉིད་འོད་གསལ་བའི་བསམ་གཏན་གྱིས་རང་བཞིན་མེད་པར་བྱེད་ཅེའོ། །ཡང་དག་མཐའ་ལས་ལངས་ཞེས་པ་ནི། འོད་གསལ་བའི་ངང་ལས་

ལངས་པའོ། །དེས་ཅི་བྱེད་ཅེ་ན། གཉིས་མེད་ཡེ་ཤེས་ཐོབ་པར་འགྱུར། །ཞེས་སྨོས་ཏེ། གཉིས་སུ་མེད་པ་ནི་གཉིས་སུ་མེད་པ་སྟེ། འོད་གསལ་བའི་བསམ་པ་འཁོར་བ་དང་མྱ་ངན་ལས་འདས་པ་ལ་སོགས་པ་གཉིས་པ་ཐམས་ཅད་མི་དམིགས་པ་སྟེ་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་ཏོ། །དེ་ཐོབ་པ་
ནི་མངོན་དུ་བྱེད་པའོ། །ཡང་དག་མཐའ་ལས་ཟུང་འཇུག་ཏིང་ངེ་འཛིན་ལ་གནས་ནས་ཞེས་པ་ནི་མཐར་ཕྱིན་པའི་ཏིང་ངེ་འཛིན་ཐོབ་ནས་ཞེས་པའོ། །སླར་ཞིང་གང་ཡང་མི་སློབ་པོ་ཞེས་པ་ནི་བསླབ་པ་དང་བྲལ་བའི་ཕྱིར་རོ། །དེ་ལ་ཟུང་དུ་འཇུག་པ་ནི་གཉིས་ཏེ་སློབ་པ་དང་མི་སློབ་པའོ། །མི་སློབ་པ་ནི་མི་སློབ་
པ་སྟེ། བསླབ་པ་ཐམས་ཅད་མཐར་ཕྱིན་པའི་ཕྱིར་རོ། །གཞན་ལས་གང་དུ་སློབ་པའི་ཟུང་འཇུག་ཀྱང་། མི་སློབ་པ་ཞེས་རབ་ཏུ་གྲགས། །རྡོ་རྗེ་བཟླས་དང་སེམས་ལ་དམིགས། །འོག་མ་དག་ལ་འདས་པའི་ཕྱིར། །ཞེས་འབྱུང་བ་ལྟ་བུ་སྟེ། འདི་ནི་ཟུང་དུ་འཇུག་པའོ། །འདི་ཞེས་པ་ནི་མཐར་
ཕྱིན་པའི་ཟུང་དུ་འཇུག་པའོ། །གཞན་ལས་མཐར་ཕྱིན་ཟུང་འཇུག་ཅེས་བྱ་བ། ཡོད་མེད་རྟག་ཆད་དོན་དམ་དང་། །ཀུན་རྫོབ་ཅེས་བྱ་གཉིས་སུ་མེད། །གཅིག་ཏུ་བསྲེ་བ་ཡང་མི་དམིགས། །ཞེས་འབྱུང་བ་ལྟ་བུའོ། །དེ་ལྟ་བུ་འདི་ནི་རྫོགས་པའི་རྣལ་འབྱོར་པ་སྟེ། འདིར་རྫོགས་པ་ནི་
གཉིས་སུ་མེད་པའོ། །གང་ལ་གཉིས་སུ་མེད་པའི་ཏིང་ངེ་འཛིན་ཡོད་པ་དེ་ནི་རྫོགས་པའི་རྣལ་འབྱོར་པའོ། །རྡོ་རྗེ་འཛིན་པ་ཆེན་པོ་ཡང་དེ་ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོའང་དེ་ཉིད་ཡིན་ཞེས་པའོ། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །ཐམས་ཅད་མཁྱེན་པར་དེ་ནས་འགྱུར། །ཞེས་པ་ནི་
གང་ལ་གཉིས་སུ་མེད་པའི་ཏིང་ངེ་འཛིན་ཡོད་པ་དེ་ནི་ཐམས་ཅད་མཁྱེན་པའི་གནས་སུ་གྱུར་པའོ། །འདས་པ་དང་ནི་མ་འོངས་དང་། །ཞེས་པ་ལ་སོགས་པ་ནི་གོ་སླའོ། །དཔལ་ལྡན་འདུས་པའི་རྒྱུད་ཅེས་པ་ནི་དཔལ་ལྡན་རྡོ་རྗེ་འཆང་ཆེན་པོས་གསུངས་པའི་གསང་བ་འདུས་པའི་རྒྱུད་
དོ། །རྒྱུད་དེར་དེ་ཉིད་དེ་དེ་ཁོ་ན་ཉིད་རྣམ་པ་ལྔའི་སྒྲུབ་པའི་ཐབས་འདི་དག་རྒྱས་བཏབ་ཅེས་པའོ། །བཤད་པའི་རྒྱུད་ཀྱི་རྗེས་