Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 36
Văn bản gốc(Tây Tạng)
Trang 12 / 20 (50.000 ký tự/trang)
་སྟོང་པ་ཉིད་ཀྱི་ཆ་ལ་འབད་དེ་བསྒོམས་པས། ཅིག་ཅར་སྐད་ཅིག་རྫོགས་པ་ལྷའི་སྐུ་ཟུང་དུ་འཇུག་པ་རྒྱུན་མ་ཆད་པར་བསྒོམ་པའོ། །དེ་ལྟར་འདི་རྣམས་གང་ཟག་ཐ་དད་ཀྱི་རིམ་པ་ལྔ་ཡིན་ནོ། །ཁ་ཅིག་ནི་གང་ཟག་གཅིག་ཁོ་ན་དང་པོར་ཆུང་ངུ་ཡིན་པས་བསྐྱེད་པའི་རིམ་པ་བསྒོམ་པ་སྔོན་དུ་ འགྲོ་བས་འོད་གསལ་ལ་རབ་ཏུ་འཇུག་ཅིང་ལྡང་བ་དང་། བཟླས་པའི་རིམ་པ་དང་པོ་གཉིས་ཀྱིས་གོམས་པར་བྱས་ནས་དེའི་བློ་གྲོས་འབྲིང་དུ་གྱུར་ཏེ་སྐད་ཅིག་གིས་ལྷའི་སྐུར་འཆར་བ་དེ་རིམ་པ་གསུམ་པ་དང་བཞི་པས་རབ་ཏུ་འཇུག་ཅིང་ལྡང་བའོ། །དེ་གོམས་རབ་ཏུ་གྱུར་པ་ལས་ཟུང་དུ་ འཇུག་པ་ལྷའི་སྐུར་ལྡང་བ་ཉིད་རིམ་པ་ལྔ་པས་སོ་ཞེས་པ་ནི་རྣམ་པར་གཞག་པ་གཉིས་པའོ། །གཉིས་ཀ་ལ་ཡང་ཟུང་དུ་འཇུག་པའི་བདག་ཉིད་ཀྱི་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་གསང་སྔགས་ཀྱི་ཐེག་པར་སྐུ་བཞིའི་བདག་ཉིད་དུ་བསྒྲུབ་པར་བྱ་སྟེ། དེ་ཉིད་ཀྱི་ཕྱིར་དེ་ལ་ཕྱག་འཚལ་ཏེ། དེ་ལ་ཁམས་གསུམ་པའི་སྤྱོད་པ་ལས་གྲོལ་ཞེས་པ་ནི་འདོད་པ་དང་། གཟུགས་དང་གཟུགས་མེད་པའི་སེམས་ཅན་རྣམས་ནི་ཁམས་གསུམ་པ་སྟེ། དེ་དག་གི་སྤྱོད་པ་ནི་གཟུང་བ་དང་འཛིན་པར་སྒྲོ་བཏགས་ཤིང་རབ་ཏུ་འཇུག་པ་ལ་སོགས་པ་སྟེ། ཀུན་ནས་ཉོན་མོངས་པ་གསུམ་གྱི་ཁོངས་ སུ་བསྡུ་བའོ། །དེ་ལས་གྲོལ་བ་ནི་རྟེན་ཡོངས་སུ་གྱུར་པས་རྣམ་པར་བྱང་བ་མཚན་མ་མེད་པ་ཆོས་ཀྱི་སྐུའོ། །མཁའ་དང་མཉམ་གྱུར་ནི་འདྲ་བར་རྟོགས་པ་སྟེ། འདུས་མ་བྱས་པ་དང་རྟག་པ་དང་འགྱུར་བ་མེད་པ་དང་དབྱིབས་དང་ཁ་དོག་ལ་སོགས་པ་དང་བྲལ་བ་དང་། རང་བཞིན་གྱིས་ཡོངས་སུ་ དག་པ་དང་། རོ་གཅིག་པ་ཉིད་ལ་སོགས་པ་དང་འདྲ་བའོ། །ཕུང་པོ་ལ་སོགས་པའི་དངོས་པོ་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་འདུས་བྱས་པ་ཀུན་རྫོབ་ཀྱི་བདེན་པ་རྣམས་ཀྱི་ངོ་བོ་ནི་དོན་དམ་པ་རང་བཞིན་མེད་པའོ། །དེ་བས་ན་འདི་རྟག་ཏུ་ཀུན་ལ་ཁྱབ་པ་ཉིད་དུ་བསྟན་ཏོ། ། དག་ཅིང་ནི་ཉོན་མོངས་པའི་སྒྲིབ་པ་དང་བྲལ་བའོ། །ཞི་བ་ནི་ཤེས་བྱའི་སྒྲིབ་པ་སྤངས་པའོ། །དབེན་པ་ནི་དེ་གཉི་གའི་བག་ལ་ཉལ་བཅོམ་པའོ། །དེ་ལྟར་ཉོན་མོངས་པ་ལ་སོགས་པ་མི་མཐུན་པའི་ཕྱོགས་ཐམས་ཅད་ཟད་པའི་རྣམ་པར་བྱང་བ་ལ་སོགས་པའི་ཡོན་ཏན་གྱི་ ཚོགས་ཀྱི་མཐར་ཐུག་པའི་ཕྱིར་མཆོག་ཏུ་དགེ་བའི་རང་བཞིན་ནོ། །དེ་ནི་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་རྟོགས་པ་ལས་རྟོགས་པ་འདི་བླ་ན་མེད་པར་བསྟན་ཏོ། །དེ་ཉིད་ཀྱི་ཕྱིར་རྣལ་འབྱོར་པ་ཉིད་ཡུལ་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཁོ་ནའོ། ། ཇི་ལྟར་ན་ས་བཅུའི་དབང་ཕྱུག་རྣམས་ཀྱི་ཡུལ་མ་ཡིན་ཞེ་ན་གསུངས་པ་རྟོགས་དཀའ་སྟེ། རྣམ་པ་ཐམས་ཅད་དུ་མངོན་དུ་མ་གྱུར་པའི་ཕྱིར་རོ། །བརྟག་པར་དཀའ་བ་ནི་བག་ལ་ཉལ་བ་དང་བཅས་པའི་སྒོམ་པ་ལྷུན་གྱིས་གྲུབ་པའི་ཡང་ཡུལ་མ་ཡིན་ནོ། །བརྟག་པར་དཀའ་བའི་རང་བཞིན་ ཞེས་བསྟོད་པའི་ཕྱིར་རོ། །བདག་གཞན་རབ་ཕན་ཞེས་པ་ནི་ཆོས་ཀྱི་སྐུ་ཉིད་དོ། །དབེན་པ་ལས་ནི་ཐ་མི་དད། །དབེན་པ་གང་ཕྱིར་འདོད་པ་ཡིན། །ཞེས་བཤད་པའི་ཕྱིར་ལོངས་སྐུའི་རང་བཞིན་དང་གཞན་གྱི་བླ་ན་མེད་པ་ཆོས་ཀྱི་བདུད་རྩིའི་རོ་ལ་དགའ་བས་ལོངས་སྤྱོད་པའི་ཕྱིར་རོ། །བདག་དང་ གཞན་ལ་ཕན་པ་ཕུན་སུམ་ཚོགས་པ་ཆེན་པོའི་རྟེན་གྱུར་ཞེས་ཀྱང་བསྟོད་པའི་ཕྱིར་རོ། །ཁྱབ་ཅིང་དེ་ཉིད་དེ་ཁོ་ན་བཞིན་དུ་སྤྲུལ་པའི་སྐུའི་ངོ་བོ་སྟེ། མཐར་ཐུག་པ་མེད་པར་ཁམས་གསུམ་གྱི་སེམས་ཅན་རེ་རེ་ལ་སྤྲུལ་པའི་སྐུས་ཁྱབ་པའོ། །ཕྲིན་ལས་ཁྱབ་པ་ཉིད་ཀྱི་ཕྱིར། །སངས་རྒྱས་ ཁྱབ་པ་ཉིད་དུ་བརྗོད། །ཅེས་མངོན་པར་རྟོགས་པའི་རྒྱན་ལས་གསུངས་སོ། །མཚན་མ་མེད་པ་ནི་ཡོད་མེད་དང་། གཟུང་འཛིན་དང་རྟག་ཆད་དང་། ཐ་དད་པ་དང་། གཅིག་ལ་སོགས་པ་སྒྲོ་བཏགས་པའི་བྱེ་བྲག་ནི་མཚན་མ་སྟེ། དེ་དང་བྲལ་བ་རང་བཞིན་མེད་ཅིང་སྤྲོས་པ་དང་བྲལ་ བའོ། །རྒྱལ་བའི་བདེ་བ་ནི་ཆོས་ཀྱི་སྐུ་ཉིད་ལྷན་ཅིག་སྐྱེས་པའི་བདེ་བ་དང་ཐ་དད་མེད་པ་བདེ་བ་ཆེན་པོའི་སྐུའོ། །དེ་བས་ན་བདེ་བ་ཆེན་པོའི་ཚུལ་གྱིས་མཉམ་མེད་ཀྱང་ཡིན་ལ་སྟོང་པ་ཉིད་དུ་མཉམ་པ་ཡང་ཡིན་ནོ། །ཡོད་པ་ལ་སོགས་པའི་རྟོག་པ་རྣམས་ཉམས་པས་མི་རྟོག་པ་དང་བདེན་ པ་གཉིས་དང་རོ་གཅིག་པ་ཟུང་དུ་འཇུག་པའི་སྐུ་ཡིན་པས་མི་རྟོག་སྐུ་གཅིག་ཡིན་ནོ། །རྡོ་རྗེའི་ཐེག་པ་འདིར་བདེ་བ་ཆེན་པོ་དང་རོ་གཅིག་པའི་ལོངས་སྐུ་ཡང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་སྤྲུལ་པས་སྤྲུལ་པའི་སྐུ་ཞེས་རྣམ་པར་གཞག་གོ། །སྐུ་གསུམ་པོ་དེ་ཡང་ཀུན་རྫོབ་ཀྱི་བདེན་པ་ སྟེ། དེ་རང་བཞིན་མེད་པ་ནི་འོད་གསལ་ཆོས་ཀྱི་སྐུ་དོན་དམ་པའི་བདེན་པའོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་སྒྲོན་གསལ་དུ་བྲིས་པ་ནི། སྐུ་གསུམ་དག་ནི་ཐ་དད་པར། །སྐྱོབ་པ་ཡིས་ནི་ཡང་དག་བསྟན། །རྫོགས་པའི་རིམ་པའི་སྦྱོར་བ་ཡིས། །རྣམ་གཅིག་ཏུ་ནི་ གྱུར་པའང་ཡིན། །གང་ཞིག་སངས་རྒྱས་སྐུ་མཚན་ཉིད། །ཀུན་རྫོབ་བདེན་པ་གསུངས་པ་ཡིན། །དེ་ཉིད་རྫོགས་པར་སྦྱོར་གྱུར་པས། །འོད་གསལ་བས་ནི་རྣམ་དག་འགྱུར། །ཚིག་གི་ལམ་གྱི་ཡུལ་འདི་ཉིད། །གཙོ་བོ་ཡེ་ཤེས་སྐུ་རང་བཞིན། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། ། འཇའ་ཚོན་བཞིན་དུ་སྣང་བ་ཡིན། །ཞེས་སོ། །དེ་ལྟ་བས་ན་བདེན་པ་གཉིས་ནི་བདག་གཅིག་པ་ཉིད་དོ། །ལྡོག་པའི་དབྱེ་བས་སྐུ་བཞིར་རྣམ་པར་གཞག་གོ། །ལ་ལར་ནི་སྐུ་ལྔ་སྟེ། གདུལ་བྱའི་ཁྱད་པར་རྗེས་སུ་གཟུང་བའི་ཕྱིར་རོ། །ཟུང་དུ་འཇུག་པའི་སྐུ་ཡོངས་སུ་བརྟགས་ནས་སོ། །གང་ འདིས་སྤྲུལ་པས་སྤྲུལ་པའི་སྐུ་དེ་ཡང་སྟོང་པ་ཉིད་དང་སྙིང་རྗེ་ཐ་མི་དད་པ་བདེ་བ་ཆེན་པོ་དང་ལྡན་པའི་སེམས་ཀྱི་རྣམ་པ་ཙམ་ཡིན་པས་ལོངས་སྐུ་མ་གཏོགས་པ་སྐུ་གསུམ་གྱི་བདག་ཉིད་དུ་རྣམ་པར་གཞག་གོ། །ལ་ལར་ནི་གདུལ་བྱ་འགའ་ཞིག་ལ་སྤྲུལ་པའི་སྐུ་དོན་དམ་པའི་སྐུ་གཅིག་པུར་ བསྟན་ཏོ། །དེ་ལྟ་བུའི་རང་བཞིན་གྱིས་བསྟོད་པ་སྔོན་དུ་འགྲོ་བས་ཕྱག་བྱས་ནས། འཇུག་པའི་ཡན་ལག་ཡིན་པས་བརྗོད་པར་བྱ་བ་ལ་སོགས་པ་བཤད་པར་བརྩམས་ཏེ། དཔལ་ལྡན་ཞེས་བྱ་བ་ལ་སོགས་པའོ། །དྲང་བ་དང་ངེས་པའི་དོན་དང་། དགོངས་པའི་བཤད་པ་དང་། དགོངས་ པ་མ་ཡིན་པ་དང་། སྒྲ་ཇི་བཞིན་པ་དང་། ཇི་བཞིན་མ་ཡིན་པ་སྟེ། མཐའ་རྣམ་པ་དྲུག་གོ། །སྙིང་པོའི་དོན་ཅན་གྱི་གཞུང་རྣམས་བསྡུས་པ་ནི་པཎྜི་ཏ་སྟེ་དེ་ཉུང་བ་ཡིན་པས་པཎྜི་ཏའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་ནི་རྣམ་པར་རྟོག་པ་ཡིན་པས། རྣམ་པར་རྟོག་ པ་རྣམས་དང་རྣམ་པར་རྟོག་པའི་བག་ཆགས་རྣམས་ནི་རྣམ་རྟོག་བག་ཆགས་ཡིན་ལ། སེམས་ཉོན་མོངས་པར་བྱེད་པས་ཉེས་པ་སྟེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་རང་བཞིན་འདོད་ཆགས་ལ་སོགས་པའོ། །རྣལ་འབྱོར་ནི་ཐབས་དང་ཤེས་རབ་སྙོམས་པར་ ཞུགས་ཏེ། རྒྱུད་ནི་བསྟན་པར་བྱ་བ་ཡིན་པས་རྒྱུད་ཐམས་ཅད་འབྲས་བུའི་བདག་ཉིད་ཅན་ནོ། །འདིས་ནི་སྙིང་པོ་བསྡུས་པའི་དངོས་གྲུབ་ཐམས་ཅད་བསྡུས་པའི་རྣལ་འབྱོར་གྱི་རྒྱུད་འདིའི་བརྗོད་བྱ་དང་། དེ་ཉིད་བསྟན་པའི་དགོས་པ་དང་། དགོས་པའི་དགོས་པ་ནི་སྒྲིབ་པ་གཉིས་བྱང་བ་ དང་། དེའི་འབྲས་བུའི་རྒྱུད་རྟོགས་པར་བསྟན་པའོ། །དེས་ནི་བྱང་བར་བྱ་བའི་ཕྱིར་རྣལ་འབྱོར་གྱི་རྒྱུད་སྤྲོས་པ་དང་བཅས་པ་དང་སྤྲོས་པ་མེད་པ་དང་། ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་རྣམས་སྤྱོད་ཅིང་བདེ་བས་བསྒོམ་པར་བྱའོ་ཞེས་གསུངས་ཏེ། འདོད་པ་ལྔ་ནི་ཞེས་བྱ་བ་ལ་སོགས་པའོ། །རྡོ་རྗེའི་ ཐེག་པ་འདིར་སྡོམ་པ་ནི་རྡོ་རྗེ་སེམས་དཔའི་སྡོམ་པའོ། །མི་ཕྱེད་པ་ནི་བསྒོམས་པ་ལས་མི་དགེ་བའི་བཤེས་གཉེན་དག་གིས་སོ། །སྟོང་པ་དང་རོ་གཅིག་པའི་ཕྱིར་འདིའི་སྐུ་གསུང་ཐུགས་རྡོ་རྗེ་ཡིན་པས་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སྟེ་རྡོ་རྗེ་འཛིན་པའོ། །ཞེ་སྡང་ཞེས་བྱ་བ་ལ་སོགས་པ་ནི་འདིར་སྒྲུབ་ པ་པོས་དང་པོར་སྙིང་གར་ཉི་མ་ལ་གནས་པའི་ས་བོན་ཧཱུཾ་གི་འོད་ཟེར་དེ་དག་གིས་འོག་མིན་ནས་དཀྱིལ་འཁོར་ས་བོན་དང་བཅས་པའི་རྡོ་རྗེ་འཆང་སྤྱན་དྲངས་ལ་མདུན་གྱི་ནམ་མཁའ་ལ་བལྟས་ཏེ། ས་བོན་ལས་བྱུང་བའི་མེ་ཏོག་ལ་སོགས་པ་དང་། གཟུགས་རྡོ་རྗེ་མ་ལ་སོགས་པས་ཡང་དག་ པར་མཆོད་དེ། སྡིག་པ་བཤགས་པ་ལ་སོགས་པ་ནས་སྟོང་པ་ཉིད་ཀྱི་བར་དུ་བསྒོམས་ལ་སེམས་ལས་བྱུང་བའི་སྣ་ཚོགས་པདྨ་ལ་གནས་པའི་ཡི་གེ་ཨཱཿལས་བྱུང་བའི་ཉི་མ་ལ་བྷྲཱུཾ་སེར་པོ་ལས་བྱུང་བའི་འཁོར་ལོ་སེར་པོ་རྩིབས་བཅུ་པ་གཡས་སྐོར་དུ་འཁོར་བར་བསམས་ཏེ། དེའི་ལྟེ་བར་ བདག་ཉིད་སྐད་ཅིག་གིས་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གསུམ་ཕྱག་དྲུག་པ་རང་སྣང་གི་ཤེས་རབ་མ་དང་ལྡན་པ། དང་པོའི་མགོན་པོ་འོག་ནས་འཆད་པའི་ཕྱག་མཚན་ཅན་དུ་མོས་ནས། རང་གི་སྙིང་གའི་ས་བོན་གྱི་འོད་ཀྱིས་འཆད་པར་འགྱུར་བའི་དཀྱིལ་འཁོར་སྤྱན་ དྲངས་ལ། ཁའམ་དག་པའི་སྒོ་ནས་རབ་ཏུ་ཞུགས་ཏེ། རྡོ་རྗེའི་ལམ་ནས་འཐོན་ནས། ལྷ་མོའི་པདྨར་བཛྲ་དྷྲྀཀ་དང་། ཧཱུཾ་བཅུའི་ཚུལ་དུ་སྤྲོས་ཏེ། ཐུགས་ཀྱི་རྡོ་རྗེས་གཙོ་མཛད་པའི་ཁྲོ་བོ་གཞུག་པར་བྱའོ། །དེ་བཞིན་གཤེགས་པ་ལ་སོགས་པ་དང་ལྷ་མོ་རྣམས་ལ་གསོལ་བ་བཏབ་པ་ སྟེ། སྤྱན་དྲངས་ནས་དབང་བསྐུར་ལ་རྒྱས་བཏབ་པར་བསམ་པར་བྱའོ། །འདིར་སྟོང་པ་དང་སྙིང་རྗེའི་རང་བཞིན་རྡོ་རྗེ་སེམས་དཔའ་དང་མི་བསྐྱོད་པ་གཉིས་ཐ་མི་དད་ཀྱང་གཞན་དོན་བྱེད་པའི་གཙོ་བོ་སྙིང་རྗེ་ཡིན་པས་འདིར་དཀྱིལ་འཁོར་གྱི་གཙོ་བོ་ནི་མི་བསྐྱོད་པའོ། །དེ་ཡང་སྟོང་ པ་ཉིད་ལ་དབང་ཉིད་ཀྱིས་གཞན་དོན་བྱེད་པའི་ཕྱིར་རྡོ་རྗེ་སེམས་དཔས་རྒྱས་བཏབ་པའོ། །གང་གི་ཚེ་རྡོ་རྗེ་སེམས་དཔའ་གཙོ་བོར་གྱུར་པ་དེའི་ཚེ་མི་བསྐྱོད་པས་རྒྱས་བཏབ་པའོ། །དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ་སོགས་པ་གང་ཡང་རུང་བ་གཙོ་བོ་ཡིན་ན་ཡང་ངོ་། །དེ་བཞིན་ གཤེགས་པ་ལྔའི་རལ་པའི་ཐོར་ཚུགས་ལ་རྡོ་རྗེ་འཛིན་པ་བདག་པོར་བསྒོམ་ཞེས་བྱ་བ་ནི་སྒྲོན་གསལ་དུ་ལུགས་གཞན་གསུངས་པའོ། །ལྷ་རྣམས་ལ་རང་རང་གི་རིགས་ཀྱི་བདག་པོས་རྒྱས་བཏབ་པ་ནི་རྫོགས་པའི་རྣལ་འབྱོར་གྱི་ཕྲེང་བ་ལས་གསལ་ལོ། །འདིར་དཀྱིལ་འཁོར་གྱི་གཙོ་ བོ་ཉིད་ཡུམ་དང་བཅས་པའོ། །འདི་ཙམ་གྱིས་དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ནི་གཉིས་པའོ། །སྣའི་རྩེ་མོར་ནི་མིའི་སྣ་སྟེ། དེ་ལ་ཡུངས་འབྲུ་ནི་བྱང་ཆུབ་ཀྱི་སེམས་དེ་གཡོ་བའི་ཕྱིར་དང་། ཡུངས་འབྲུའི་ཚད་ཙམ་ཡིན་པའི་ཕྱིར་རོ། །གཡོ་བ་ནི་ལྷའི་ འཁོར་ལོའོ། །མི་གཡོ་བ་ནི་གཞལ་ཡས་ཁང་ངོ་། །འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་གནས་ནི་རྒྱུའོ། །མཆོག་ནི་འཇའ་ཚོན་ལྟ་བུ་ཡིན་པས་སོ། །གསང་བ་ནི་ཕྱི་རོལ་གྱིས་བརྟགས་པའི་རྣལ་འབྱོར་ལ་ཞེན་པ་རྣམ་པ་ལ་བསྟན་པར་མི་རུང་བའོ། །ཤེས་པས་བརྟགས་པ་ནི་ཤེས་པ་ ཉིད་དུ་བསམ་པ་སྟེ་ཡིད་ཀྱི་རང་བཞིན་ཞེས་བྱ་བའི་དོན་ཏོ། །གཉིས་པ་ཕྲ་བའི་རྣལ་འབྱོར་བཤད་པར་བྱ་སྟེ། ལྔ་པ་ལྷན་ཅིག་སྐྱེས་པ་ནི་རིགས་ལྔའི་ཁ་དོག་གང་ཡང་རུང་བའོ། །རིན་ཆེན་ཞེས་པ་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུ་དགོས་འདོད་འབྱུང་བའི་ཕྱིར་ཏེ། རང་གི་ལྷའི་གཙོ་ བོ་ཕྱག་མཚན་གཡས་པའི་དང་པོར་བཤད་པས་སོ། །སྣ་ནི་སྣའི་དབང་པོ་སྟེ་རིན་ཆེན་ཞེས་བྱ་བ་ནི་སེམས་བརྟན་པར་གྱུར་ན་ཕྱག་མཚན་དང་དེས་ཉེ་བར་མཚོན་པའི་བརྟན་པ་དང་གཡོ་བ་ལས་སངས་རྒྱས་ཀྱི་ཚོགས་གཞན་དོན་དུ་སྤྲོ་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །རང་ གི་འོད་ཟེར་འབར་བ་དང་མཉམ་པའི་འོད་ཟེར་གང་ཡིན་པ་དེ་སངས་རྒྱས་གང་ལ་ཡོད་པའོ། །ད་ནི་རྡོ་རྗེའི་བཟླས་པ་བཤད་པར་བྱ་སྟེ། སློང་མོ་ཞེས་བྱ་བའི་དྲང་དོན་ནི་གོ་སླའོ། །ངེས་པའི་དོན་ནི་གང་ལ་ཡི་གེ་ཐ་དད་པར་ཡོད་པ་དེ་ནི་བྷི་ཀྵ་སྟེ། བརྗོད་པར་བྱ་བའི་སྔགས་ཀྱི་བདག་ཉིད་ ཅན་ནོ། །དེ་ལ་མངོན་དུ་ཕྱོགས་པས་བཟླས་པར་མི་བྱའོ། །གལ་ཏེ་བཟླས་ན་དེའི་ཚེ་དེ་ལ་ཆགས་པར་མི་བྱའོ། །སྔགས་ནི་ཡི་གེ་གསུམ་སྟེ། འཆད་པར་འགྱུར་བའི་རིམ་པས་བཟླས་སོ། །ཡན་ལག་ཉམས་པ་ནི་ཐབས་དང་ཤེས་རབ་ཐ་མི་དད་པའོ། །ངག་གི་བཟླས་པ་བཤད་པ་ནི་ བརྗོད་ནས་ཞེས་བྱའོ། །རྡོ་རྗེ་ནི་ཡི་གེ་གསུམ་ལ་སོགས་པའི་སྔགས་ཏེ། ལྷག་པའི་ལྷ་སྤྲོ་ཞིང་ངག་ཏུ་བཟླས་སོ། །བཟླས་པའི་རྗེས་ལ་སྤྲོས་པའི་ལྷ་རྣམས་རང་ལ་བསྡུའོ། །དོན་དམ་ནི་མཆོག་གི་ཞི་བ་ལ་སོགས་པ་སྟེ། དེའི་ཆེད་དུའོ། །སྒྲོན་མ་གསལ་བར་དོན་གཞན་དུ་བཤད་པ་ནི་ ཚིགས་སུ་བཅད་པ་གཞན་གྱི་སྟེ། འཕགས་པས་གསུངས་པའི་ངག་གི་བཟླས་པའི་ཚིག་ལེའུར་བྱས་པའི་མ་ཡིན་ནོ། །གཞུག་པར་བྱ་ཞེས་པ་ནི་རིམ་མམ་ཅིག་ཅར་གྱིས་སོ། །དྲོད་གཤེར་ལས་སྐྱེས་པའི་རྣམ་པར་དག་པས་ཞུ་བའི་ཐིག་ལེའི་ཚུལ་དེ་གཞག་གོ་ཞེས་ཟེར་བ་ནི་དབུགས་རླུང་ བཞིན་དུ་ཀུན་དུ་མི་དམིགས་པའི་མིང་ཅན་ཡང་དག་པའི་མཐར་རབ་ཏུ་གཞག་གོ་ཞེས་བྱ་བའི་དོན་མི་ཤེས་པ་ཁོ་ནའོ། །ཁྱོད་ཅེས་པ་ནི་མདུན་དུ་བཞུགས་པ་ལྟ་བུར་བསམས་ལ་སྤྱན་མས་བསྐུལ་པར་རོ། །རྡོ་རྗེའི་ཐུགས་ནི་སེམས་ལ་དབང་ཐོབ་པའི་ཕྱིར་རོ། །གནས་ཀྱི་དབང་ཕྱུག་ནི་ ཁམས་གསུམ་དུ་ཆོས་ཀྱི་རྒྱལ་པོར་འགྱུར་བའི་ཕྱིར་རོ། །སེམས་ཅན་གྱི་ཁམས་ནི་འབྱུང་པོ་ཐམས་ཅད་ཀྱི་རང་བཞིན་ཡིན་པས་སོ། །དགའ་བ་ནི་རོལ་པ་སྟེ་དེ་ལ་སྤྲོ་བ་བསྐྱེད་པའོ། །དོན་ཆེན་ནི་ལྷན་ཅིག་སྐྱེས་པའི་དགའ་བ་སྟེ། འདོད་པ་ནི་བསྐྱེད་པ་སྟེ། འཁྱུད་པ་ལ་སོགས་པའོ། ། འདིར་རྟེན་གསོལ་ཞེས་པ་ནི་དགའ་བར་བགྱིས་པའོ། །ཡབ་གཅིག་ཅེས་པ་ནི་སེམས་ཅན་ཐམས་ཅད་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར་རོ། །གཉེན་མཆོག་ཆེན་པོ་ནི་སེམས་ཅན་ཐམས་ཅད་ལ་ཕན་པར་མཛད་པའི་ཕྱིར་རོ། །མཱ་མ་ཀཱིས་བསྐུལ་བ་ནི་ཉམས་པ་མེད་པའི་རྡོ་རྗེའི་སྐུའོ། །སྐུ་ནི་སེམས་ ཅན་ཀུན་ལ་ཕན་པའི་རྗེས་སུ་བསྟན་པ་གང་ཡིན་པའོ། །སངས་རྒྱས་ནི་ཕུང་པོ་ལྔ་སྟེ། དེ་དག་དོན་ནི་ཀུན་རྫོབ་ཀྱི་བདེན་པའོ། །བྱང་ཆུབ་ནི་དོན་དམ་པའི་བདེན་པའོ། །མཆོག་ཏུ་ནི་དེ་བདེན་པ་གཉིས་ཀྱི་སྦྱོར་བ་ལས་བྱུང་བའི་བདེ་བ་ཆེན་པོའི་སྙིང་པོའོ། །དེ་སེམས་ཅན་རྣམས་ལ་ བསྟན་པས་ཕན་པར་སྟོན་པའོ། །ཆགས་པས་ནི་ཆགས་པ་རྣམ་པར་སྦྱངས་པའི་རྣམ་པའོ། །ཆགས་པའི་དམ་ཚིག་ནི་ཆགས་པ་ལ་སྤྱོད་པའོ། །གོས་དཀར་མོས་བསྐུལ་བ་སེམས་ཅན་གྱི་ཁམས་ཀུན་ལ་དགའ་བའི་ཕྱིར་སྤྱོད་པས་སེམས་ཅན་གྱི་ཁམས་ཀུན་དུ་བཟང་པོ་ནི་ དགེ་བ་གང་ལས་སོ། །སྒྲོན་མས་རྡོ་རྗེའི་འདོད་པ་ནི་སེམས་ཅན་ཐམས་ཅད་དགའ་བར་བྱས་པའི་ཕྱིར་རོ། །དམ་ཚིག་ནི་ལས་ཀྱི་རིགས་ཅན་རྣམས་ཏེ། དེའི་མཆོག་ཡིན་ནོ། །གདུང་མཆོག་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཉིད་ཀྱིས་འགྲོ་བའི་དོན་མཛད་པའོ། །ཡོན་ཏན་གང་གི་ཕྱིར་ དགའ་བ་དང་དགའ་བྲལ་དང་དགའ་བ་བར་མ་དང་འོད་གསལ་གྱི་ཡེ་ཤེས་བདག་གིས་བསྐྱེད་པ་ཡིན་ནོ། །དེ་ལྟར་ཚངས་པའི་གནས་བཞིའི་རང་བཞིན་གྱི་ལྷ་མོ་རྣམས་ཀྱིས་བསྐུལ་བ་དང་། སྔོན་གྱི་སྨོན་ལམ་གྱིས་སྟོང་པ་ཉིད་ཀྱི་སྦྱོར་བས་ལས་བཞེངས་པའོ། །ཉོན་མོངས་པ་རྣམས་ ཀྱིས་འདིའི་རྡོ་རྗེའི་ཐུགས་བསྐྱོད་མི་ནུས་པས་མི་བསྐྱོད་རྡོ་རྗེའོ། །ཡེ་ཤེས་ཆེན་པོའི་ནི་སྟོང་པ་བཞིའི་བདག་ཉིད་ཡིན་པས་སོ། །མི་བསྐྱོད་པ་ལ་སོགས་པའི་རྡོ་རྗེ་འཛིན་པ་རྡོ་རྗེའི་དབྱིངས་སོ། །བདེན་པ་གཉིས་མཁྱེན་པས་མཁས་པ་ཆེན་པོའོ། །སྐུ་དང་སྤྲོས་པ་དང་དོན་ དམ་དཀྱིལ་འཁོར་གྱི་རང་བཞིན་པས་དཀྱིལ་འཁོར་གསུམ་མོ། །སྐུ་གསུང་ཐུགས་རྡོ་རྗེའི་མཆོག་ཡིན་ནོ། །གསང་བ་གསུངས་ཤིག་པའོ། །རྣམ་པར་སྣང་མཛད་ནི་འོད་གསལ་གྱི་མེས་སྣང་བར་མཛད་པའོ། །དེ་ཉིད་ཀྱི་ཕྱིར་དག་པ་ཆེན་པོའོ། །རྡོ་རྗེ་ནི་དེ་བཞིན་གཤེགས་ པ་རྣམས་ཏེ་དེ་རྣམ་པར་དག་པའི་ཚུལ་གྱིས་ཞི་བ་ནི་དྲུག་པའོ། །དགྱེས་ཆེན་ཞེས་པ་ནི་མཆོག་ཏུ་དགའ་བའི་རང་བཞིན་ཡིན་པས་སོ། །རང་བཞིན་གྱིས་རྣམ་པར་དག་པའི་ཆོས་ཀྱི་མཆོག་རྣམས་སྟོན་ཅིག་ཀྱེའི་རྡོ་རྗེ་ཞེས་པའོ། །རིན་ཆེན་རྒྱལ་པོ་ནི་རིན་ཆེན་གྱི་ རིགས་ཅན་རྣམས་ལ་དགའ་བ་བསྐྱེད་པའོ། །རབ་ཏུ་ཟབ་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ངོ་བོ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་རྡོ་རྗེ་ནམ་མཁའ་དྲི་མ་མེད་དེ། གདོད་ནས་དག་པའི་ཕྱིར་རང་བཞིན་གྱིས་ཡོངས་སུ་དག་པའོ། །ཆོས་ཐམས་ཅད་ཀྱི་མ་རིག་པར་གོས་པ་མེད་པའོ། །དཔག་ མེད་རྡོ་རྗེ་རྒྱལ་པོ་ཆེ། །ཞེས་པ་ནི་རིགས་ལྔའི་རིགས་རྣམས་ལ་དབང་ཆེན་པོར་གྱུར་པས་སོ། །འདོད་ཆགས་ནི་ཞེན་པ་སྟེ། དེའི་ཕ་རོལ་ཏུ་ཕྱིན་པའོ། །དོན་ཡོད་རྡོ་རྗེ་རྫོགས་སངས་རྒྱས་ནི་དོན་ཡོད་གྲུབ་པའི་རིགས་ཅན་རྣམས་ཀྱིས་བསྐུར་བའི་ཕྱིར་རོ། །དག་པའི་ངོ་བོ་ཉིད་ནི་འོད་ གསལ་བ་སྟེ་དེ་ལས་བྱུང་བའི་ཕྱིར་རོ། །བསྟོད་ནས་ནི་བདག་ཉིད་བསྟོད་དུ་བཅུག་པ་དང་། ལྷ་མོ་རྣམས་ཀྱིས་མཆོད་དུ་བཅུག་ནས་སོ། །རྗེས་ཆགས་ཞེས་པ་ནི་སྤྲོས་ནས་ལྷ་མོའི་འཁོར་ལ་འཁྱུད་དེ་བདེ་བ་ཆེན་པོ་དང་ལྡན་པར་བྱས་ནས་དཀྱིལ་འཁོར་གྱི་འཁོར་ལོའི་དེ་ཁོ་ན་ ཉིད་ཀྱི་མཆོག་འོད་གསལ་དང་རོ་གཅིག་པ་བདེ་བ་ཆེན་པོའི་རང་བཞིན་ནི་དཀྱིལ་འཁོར་བ་རྣམས་ཡོངས་སུ་དག་པའི་ཕུང་པོ་ལ་སོགས་པའི་རང་བཞིན་ལ་བསྟན་ནས་སོ། །འཁོར་ལོ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་དཀྱིལ་འཁོར་པ་རྣམས་ཏེ། དེ་རང་གི་ལུས་ལ་རབ་ ཏུ་གཞུག་པའོ། །གཅིག་པུ་ནི་དེ་དང་བཅས་པའོ། །རང་གི་སྙིང་ག་ན་གནས་པའི་ཡི་གེ་ཧཱུཾ་སྤྲོས་ཏེ། ཡོངས་སུ་གྱུར་པ་ལས་སེམས་ཅན་རྣམས་རྡོ་རྗེ་འཛིན་པའི་རང་བཞིན་དུ་བསམས་ལ། དེའི་ཡིད་དང་ལྡན་པས་སྤྱད་དོ་ཞེས་ཐམས་ཅད་ཀྱི་དོན་བསྡུས་པ་ཡིན་ནོ། །ཧཱུཾ་ཉིད་སྙིང་ པོ་བསྐྱེད་པའི་རྒྱུ་ཡིན་པས་ཧཱུཾ་གི་སྙིང་པོའོ། །དེ་ལྟར་འདིར་དྲོད་གཤེར་ལས་སྐྱེས་པའི་རྣམ་པར་དག་པ་བསྟན་པའོ། །ཏིང་ངེ་འཛིན་ནི་མགོ་སྟེང་གི་ནམ་མཁའ་ལ་ཨོཾ་ལས་བྱུང་བ་མགོ་ཐུར་དུ་བསྟན་པའི་ཡི་གེ་ཨོཾ་གྱིས་བྱིན་གྱིས་བརླབས་པའི་ཟླ་བའི་དཀྱིལ་འཁོར་ལས་བདུད་ རྩིའི་རྒྱུན་གྱིས་བདག་ཉིད་གསལ་གདབ་པར་བྱའོ། །ཟན་ལ་སོགས་པ་བདུད་རྩི་ལྔ་དང་སྒྲོན་མ་ལྔའི་རང་བཞིན་ཡི་གེ་ཨོཾ་གྱིས་མཚན་པའི་ཐོད་པའི་ནང་དུ་བསམས་པ་སྟེ། སྟེང་དུ་ཧཱུཾ་ལས་བྱུང་བའི་མེས་བཞུ་ཞིང་བསྐོལ་བ་དང་། ཨཱཿཡིག་གིས་དྲི་མ་མེད་པར་བྱས་ནས་ཡེ་ཤེས་ཀྱི་བདུད་ རྩིའི་རང་བཞིན་དུ་མོས་པ་ནི་ཁ་ཟས་སྦྱང་བའོ། །དུང་ཞེས་པ་ནི་དུང་དམར་པོའི་རྣམ་པ་ཅན་གྱི་མགྲིན་པ་བསམས་ནས་དེའི་སྟེང་དུ་པདྨའོ། །སྤྲིན་གྱི་སྒྲ་ནི་ཡི་གེ་ཧཱུཾ་ངོ་། །སྲེག་པ་ནི་བདུད་རྩི་མྱང་བྱའོ། །དེ་ནས་རླུང་གིས་མེ་བསྐྱོད། དེས་ཆུ་བསྐོལ་ཏེ་དེས་ཀྱང་ཁ་ཟས་བཞུ་ནས་ཟས་དེ་ཡང་སྟེང་ འོག་གི་རླུང་ཁ་སྦྱོར་གྱིས་ཡོངས་སུ་བསྒྱུར་རོ། །དེའི་སྙིགས་མ་ནི་ཐལ་བ་བཞིན་འཐོབ་པ་དེ་ཙམ་གྱིས་ལས་ཀྱི་རྒྱལ་པོ་མཆོག་ཅེས་བྱ་བ་ཏིང་ངེ་འཛིན་གསུམ་བསྟན་ཏོ། །དེ་ལྟར་བསྐྱེད་པའི་རིམ་པས་གྲུབ་པའི་རྡོ་རྗེ་འཆང་གི་སྐུར་ལྷག་པར་མོས་པ་ཙམ་ནི་ལུས་ཀྱི་དབེན་པར་གསུངས་ སོ། །འདི་ལྟར་སྐབས་དང་པོར་ཡང་རང་བཞིན་གྱིས་ཡོངས་སུ་དག་པའི་དེ་བཞིན་ཉིད་ཀྱི་བདག་ཉིད་དུ་མོས་པས་བརྟན་པར་ནུས་ཀྱང་། སྒྲིབ་པ་རྣམ་པར་དག་པའི་དེ་བཞིན་ཉིད་ཀྱི་བདག་ཉིད་དུ་མོས་པ་ནི་མི་ནུས་སོ་ཞེས་དགོངས་ནས་སྤྱོད་བསྡུས་ཀྱི་ལུས་རྣམ་པར་དབེན་པའི་ལེའུར་ བདག་རང་བཞིན་གྱིས་ཡོངས་སུ་དག་གོ་ཞེས་རང་ཉིད་བརྟེན་པར་བསྐྱེད་ནས། རྡོ་རྗེ་གསུམ་མི་ཕྱེད་པའི་བདག་ཉིད་ཅན་གྱི་རྡོ་རྗེ་འཆང་ཆེན་པོར་ལྷག་པར་མོས་པ་ནི་བྱིན་གྱིས་བརླབ་པའི་སྦྱོར་བས་བརྗོད་དོ་ཞེས་གསུངས་སོ། །གང་གི་ཕྱིར་སྐབས་འདིར་ཕལ་ཆེར་ལུས་ལ་བེམས་པོའི་རྡུལ་ཕྲ་ རབ་ཀྱི་ཕུང་པོའི་རང་བཞིན་དུ་འཁྲུལ་པ་ནི་ངང་གིས་འབྱུང་ལ། རང་བཞིན་གྱིས་རྣམ་པར་དག་པའི་དེ་ཁོ་ན་ཉིད་ཀྱི་བདག་ཉིད་ཡིད་ཀྱི་སྐུར་ལྷག་པར་མོས་པས་ཤིན་ཏུ་འབད་ཀྱང་བརྒྱ་ལམ་ཙམ་ལས་མི་འབྱུང་བས་ཆུང་ངུ་ཡིན་ལ། མི་བསྟན་པའི་རང་བྱིན་གྱིས་བརླབ་པའི་རྣལ་འབྱོར་དུ་ བརྗོད་དོ། །དེ་བས་ན་འདི་མེད་པ་དང་མཚུངས་པས་སྤྱོད་པ་བསྡུས་པའི་ལེའུ་དྲུག་པ་ལས་གསུངས་པ། ལུས་ཀྱི་དབེན་པ་ལ་ལྷའི་སྐུ་མེད་དེ་ཞེས་པ་སྟེ། རྡོ་རྗེ་གསུམ་མི་ཕྱེད་པ་ཡིད་ཀྱི་སྐུའོ་ཞེས་བྱ་བ་མདོར་བསྡུས་པའི་དགོངས་འགྲེལ་ལོ། །རྡོ་རྗེ་བཟླས་པའི་ཞེས་པ་ནི་ངག་ཏུ་བརྗོད་ པར་བྱ་བ་ནི་མ་ཡིན་པ་དང་། གཞན་གྱིས་མི་ཕྱེད་ཅིང་སྟོང་པ་ཉིད་དང་རོ་གཅིག་པའི་ཕྱིར། བཟླས་པ་ནི་ཡིད་ཁོ་ནས་བསམ་པར་བྱ་བའི་ཕྱིར་རོ། །དེ་ལ་གོམས་པའི་རིམ་པ་ནི་བསྐྱེད་པའི་རིམ་པས་མདོར་བསྡུས་པའི་རིམ་པས་སྤྲོས་པ་དང་བཅས་པའི་བསྒོམས་པ་ལས་ བྱུང་བའི་ལྷའི་སྐུ་འཁོར་དང་བཅས་པ་སྟེ། རྡོ་རྗེ་བཟླས་པའང་དེ་ལྟར་བསྒོམ་པ་གོམས་ཤིང་དང་པོར་དེའི་ཡན་ལག་ཏུ་བཤད་པས་བསྐྱེད་པའི་རིམ་པ་རྣམ་པར་གཞག་གོ། །འདི་ལྟར་སྤྱོད་པ་བསྡུས་པའི་ངག་དབེན་གྱི་མཐར་ཉེ་བར་བཞེད་པ་དེ་ལྟར་གསུང་གི་རྡོ་རྗེའི་ཏིང་ངེ་འཛིན་ལ་ གནས་པའི་བསྐྱེད་པའི་རིམ་པ་ལས་འདས་ནས་སེམས་ཀྱི་དབེན་པ་རྗེས་སུ་ཚོལ་ལོ་ཞེས་བྱ་བའོ། །སྐད་ཅིག་གིས་ཡོངས་སུ་རྫོགས་པ་ལྷའི་སྐུར་སྐད་ཅིག་གིས་དམིགས་པ་ནི་རྫོགས་པའི་རིམ་པ་སྟེ། དེ་ལ་ལྟོས་པ་ཉིད་ཀྱིས་སྤྱོད་བསྡུས་ལས། ངག་གི་རྣམ་པར་དབེན་པ་ནི་བསྐྱེད་རིམ་ པ་ལ་སྤྱོད་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་ནོ་ཞེས་གསུངས་སོ། །རྣམ་པ་ཐམས་ཅད་ཀྱི་རྫོགས་པའི་རིམ་པ་ནི་ཟུང་དུ་འཇུག་པའི་སྐུ་ཉིད་དོ། །དེ་སྒོམ་པའི་ཐབས་ཡིན་པ་དང་། སྐད་ཅིག་གིས་རྫོགས་པའི་ཚུལ་དུ་བསྒོམ་པའི་ཕྱིར་རྡོ་རྗེའི་བཟླས་པ་དང་། སྒྱུ་མ་ལྟ་བུའི་ལྷའི་སྐུ་དང་འོད་གསལ་ བ་རབ་ཏུ་འཇུག་པ་ནི་རྫོགས་པའི་རིམ་པའོ། །འདི་ལྟར་སྐད་ཅིག་གིས་ལྷའི་བདག་ཉིད་དུ་བསྒྱུར་བས་དང་པོ་བྱ་བ་དང་སྨྲ་བ་ལ་སོགས་པ་དང་། ཞི་བ་ལ་སོགས་པའི་ལས་ཀུན་བྱེད་པའི་སྙིང་དང་བཤང་ལམ་དང་། ལྟེ་བ་དང་མགྲིན་པ་དང་ལུས་ཐམས་ཅད་ལ་གནས་པའི་སྲོག་རླུང་དང་ཐུར་སེལ་ དང་མཉམ་གནས་དང་། གྱེན་རྒྱུ་དང་ཁྱབ་བྱེད་ཀྱི་བདག་ཉིད་ཅན་དང་། མིག་གི་དབང་པོ་ལ་སོགས་པར་གནས་པའི་ནི་ཀླུ་དང་། རུས་སྦལ་དང་རྩངས་པ་དང་། ལྷ་སྦྱིན་དང་། ནོར་ལས་རྒྱལ་དང་། རྣམ་པ་བཅུར་འགྱུར་བའི་རྣམ་ཤེས་རླུང་གི་དེ་ཉིད་བལྟ་བར་བྱ་སྟེ། དེ་ཡང་ཀུན་རྫོབ་དང་ དོན་དམ་པར་རོ་གཅིག་ཏུ་གྱུར་པའི་ཡིད་ཀྱི་རང་བཞིན་བྱང་ཆུབ་སེམས་དེ་ཉིད་དགོངས་པ་ལུང་སྟོན་དུ་གསུངས་པ། རླུང་ནི་བྱང་ཆུབ་སེམས་ཡིན་ཏེ། ནམ་མཁའ་ལས་ནི་རྣམ་གནས་པ། །ཞེས་སོ། །ཡང་། འདི་ནི་བྱང་ཆུབ་སེམས་ཀྱི་ངོ་བོ་འདི། །ཕུང་པོ་ལ་སོགས་གཉིས་སུ་མེད་དང་ མཉམ། །ཤེས་རབ་ཐབས་ཅིག་སྦྱོར་བ་ཡིས། །འགྲོ་རྣམས་བྱང་ཆུབ་སེམས་སུ་འགྱུར། །ཞེས་པས་ཇི་ལྟར་ཕུང་པོ་ལ་སོགས་པའི་གཉིས་སུ་མེད་པའི་སེམས་ཡིན་པ་དེ་ལྟར་རླུང་ཡིན་ནོ། །དེའི་རྗེས་སུ་ཇི་སྲིད་འཇིག་རྟེན་བརྡ་རྣམས་ནི། །དེ་བཞིན་སྣ་ཚོགས་རྟག་པ་རྣམས། །བྱང་ཆུབ་སེམས་ ལ་བྱུང་བ་དེ། །རྟག་ཏུ་རྣམ་རྟོག་རླུང་ལ་སོགས། །ཞེས་དགོངས་པ་ལུང་སྟོན་དུ་གསུངས་པའི་ཕྱིར་རོ། །རྣམ་པར་རྟོག་པའི་རྒྱུ་རླུང་ཡིན་པས་ནང་དུ་རྟོག་པའི་བདག་ཉིད་ཅན་ནི་རྡོ་རྗེའི་བཟླས་པ་ཡིན་ནོ། །དེ་ནི་ཨོཾ་ཨཱཿཧཱུཾ་ཞེས་པ་ཡི་གེ་གསུམ་དབུགས་རྔུབ་པ་དང་གནས་པ་དང་འབྱུང་བའི་རང་བཞིན་དུ་ ཡོངས་སུ་ཤེས་པ་སྔགས་ཀྱི་དམིགས་པ་གང་ཡིན་པ་དེ་ལ་སློབ་པ་ཡིན་ནོ། །དེ་ལ་བརྟན་པ་ཐོབ་ནས་སེམས་ཀྱི་དམིགས་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་སྟེ། དེས་ལུས་དང་ངག་དང་སེམས་ཀྱི་མཚན་ཉིད་རྣམས་སུ་ཤེས་རབ་དང་ཐབས་དང་དམིགས་པའི་ཤེས་པ་རྣམས་རོ་གཅིག་པའི་ཚུལ་དུ་ ཡིད་ཀྱི་རང་བཞིན་ལྷའི་སྐུ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཀུན་རྫོབ་ཀྱི་བདེན་པ་ལུས་ངག་ཡིད་ཀྱིས་དམིགས་པར་ངེས་པར་སྤྱོད་དོ། །ཐོབ་པའོ། །དེ་བག་ཆགས་དང་བཅས་པ་རྣམ་པར་སྦྱང་བ་ནི་འོད་གསལ་དོན་དམ་པ་ལ་འཇུག་པའོ། །དེ་ནས་ཀུན་རྫོབ་ཀྱི་བདེན་པ་དང་དོན་དམ་པའི་བདེན་པ་གཅིག་ཏུ་ བྱས་པར་རྒྱུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཟུང་དུ་འཇུག་པའི་རྒྱུན་གྱིས་རིམ་པ་ནི་རྫོགས་པའི་སྦྱོར་བའོ། །དེ་ཡང་མཐར་ཐུག་པའི་འཁྲུལ་པའི་བདག་ཉིད་ཅན་ནི། རྡོ་རྗེ་འཛིན་པའི་ས་ལའོ། །དང་པོར་རྒྱུའི་སྐབས་སུ་ནི་དེའི་མོས་པས་སྒོམ་པའི་ཕྱིར་རྫོགས་པའི་རྣལ་ འབྱོར་དུ་བརྗོད་ཅེས་བྱ་བ་ནི་བརྒྱུད་པ་དང་བཅས་པའི་བསྡུས་དོན་ཡིན་ནོ། །སྣའི་རྩེ་མོར་ནི་སྣའི་དབང་པོའི་བུ་གར་རོ། །འགྲོ་བ་ཡིན་པས་ན་ཡུངས་འབྲུ་ཙམ་ཡིན་པས་ཡུངས་ཀར་ཕྲ་བར་འདྲ་བས་རླུང་ཡིན་ནོ། །འགྲོ་བ་ནི་ཡི་གེ་ཨེ་དང་ཧཱུཾ་དག་གོ། །མི་འགྲོ་བ་ནི་ཡི་གེ་ཨཱཿཡིན་ནོ། །ཡེ་ཤེས་ གནས་ནི་སྣང་བ་དང་། སྣང་བ་མཆེད་པ་དང་། སྣང་བ་ཐོབ་པའི་ཡེ་ཤེས་པ་གསུམ་གྱིས་སྦྱོར་བས་སོ། །མཆོག་ནི་དཀར་པོ་ལ་སོགས་པའི་ཁ་དོག་དང་ལྡན་པའི་ཕྱིར་རོ། །གསང་བ་ནི་ལྷའི་བསྐྱེད་པའི་རིམ་པ་ཙམ་བསྒོམ་པ་རྣམས་ཀྱི་ཡུལ་མ་ཡིན་པས་སོ། །ཡེ་ཤེས་བརྟགས་པ་ནི་ འོད་གསལ་གྱི་ཡེ་ཤེས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །ཁ་དོག་ལྔ་ནི་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པའི་རང་བཞིན་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་ལྔའི་ངོ་བོ་འོད་ལྔའི་རང་བཞིན་ཡིན་པའི་ཕྱིར་རོ། །རིན་པོ་ཆེ་ཞེས་པ་ནི་རླུང་བརྟན་པར་ འགྱུར་བས་ན་ཡིད་བཞིན་གྱི་ནོར་བུ་ལྟ་བུར་དགོས་འདོད་འབྱུང་བའི་ཕྱིར་དང་། དེ་བཞིན་གཤེགས་པ་ལྔའི་རང་བཞིན་ཡིན་པའི་ཕྱིར་རོ། །སྙིང་པོ་ལས་ཞེས་པ་ནི་ལུས་རྣམ་པར་དབེན་པ་ལས་སོ། །ཡེ་ཤེས་ལྔའི་ངོ་བོ་ནི་རླུང་བརྟན་པར་གྱུར་ན་རིམ་པ་ཕྱི་མ་ཕྱི་མ་ལ་གོམས་པས་མེ་ལོང་ལྟ་བུའི་ ཡེ་ཤེས་ལ་སོགས་པ་སྐྱེ་བར་འོས་པའི་ཕྱིར་རོ། །སྐྱེས་ན་ནི་དེའི་ངོ་བོ་ཉིད་དུ་འགྱུར་རོ། །ཉིད་ཅེས་པ་ནི་རླུང་གི་ངོ་བོས་སོ། །དབུས་ན་ནི་དེ་དང་བདག་གཅིག་པོས་ལྷ་ནི་ཡེ་ཤེས་གསུམ་སྟེ། སྔགས་དང་ལྷ་ཐ་མི་དད་པར་མོས་པའི་ཕྱིར་རོ། །མི་གསལ་བ་ནི་དོན་དམ་པར་རང་བཞིན་མེད་པའོ། །གསལ་ བ་ནི་ཀུན་རྫོབ་ཏུའོ། །གསོ་བར་བྱེད་པ་དབུགས་ཏེ། སྟེང་དུ་གནས་པའི་རླུང་ཡིན་ནོ། །དེ་དབང་པོ་གཉིས་སྤྲད་པའི་སྦྱོར་བས་འདོད་ཆགས་ཆེན་པོའི་མེས་ཞུ་ནས་རྡོ་རྗེའི་ལམ་ནས་འཐོན་ཏེ། ཤེས་རབ་མའི་པདྨའི་རྩེ་མོར་བྱང་ཆུབ་ཀྱི་སེམས་ཐིག་ལེའི་ཚུལ་དུ་ལྷུང་སྟེ། གང་བསྐྱེད་པའི་རིམ་པ་ སྒོམ་པ་པོས་རྡོ་རྗེ་སེམས་དཔའི་ཚུལ་དུ་བསྒོམ་པའོ། །རླུང་དེ་ཉིད་སྟེང་ནི་སྣའི་བུ་ག་ནས་དཀྱིལ་འཁོར་བཞིའི་རིམ་པ་ལས་འབྱུང་བ་ནི་སྲོག་རྩོལ་ཞེས་བརྗོད་དེ། འཚོ་བར་བྱེད་པས་སྲོག་ཀྱང་ཡིན་ལ། སྣང་བ་གསུམ་གང་ཡང་རུང་བའི་རང་བཞིན་གྱི་བྱེ་བྲག་སྤྲོ་བ་སེམས་ཀུན་ནས་སྡུད་པ་ནི་རྩོལ་ བ་ཡིན་པས་སྲོག་རྩོལ་ཏེ་རླུང་ཡིན་ནོ། །དེ་ཉིད་གསུངས་པ། རླུང་གི་གང་དང་གང་དུ་གནས། །རང་བཞིན་དེ་དང་དེར་འགྱུར་རོ། །ཞེས་སོ། །སྲོག་ནི་ཚེ་སྟེ་རྩོལ་བ་ནི་དེ་རིང་དུ་གང་གིས་གཏོང་བ་དེ་ནི་སྲོག་རྩོལ་གྱི་རླུང་ཞེས་སྒྲོན་གསལ་དུ་གསུངས་སོ། །དེ་ལ་སྲོག་དང་སེམས་དང་འཚོ་བ་ རྣམས་ནི་རྣམ་གྲངས་ཏེ། གང་གི་ཕྱིར་སྲོག་ནི་སེམས་སུ་འདོད་ཅེས་རྒྱུད་ལས་གསུངས་པའི་ཕྱིར་རོ། །དབུགས་དེ་ཉིད་བརྟན་པར་བྱ་བའི་ཕྱིར། སྙིང་གར་རང་གི་སྔགས་ཏིང་ངེ་འཛིན་སེམས་དཔའ་བསམས་ལ། དེའི་ཐིག་ལེའི་སྟེང་དུ་ནཱ་དའི་རྣམ་པའི་རང་བཞིན་གྱི་སེམས་ནི་ཡིད་ཀྱི་ངོ་ བོར་བསམ་པར་བྱའོ། །འདིས་སྲོག་རྩོལ་གྱི་ཡན་ལག་བཤད་ཟིན་ཏོ། །ཡན་ལག་དྲུག་ཀྱང་འཆད་པར་འགྱུར་རོ། །ངེས་པར་འབྱུང་བ་ནི་སྲོག་རྩོལ་ལོ། །ལྐོག་མ་དང་ལྟེ་བ་དང་གསང་བའི་པདྨར་འགྲོ་བ་དང་འོང་བ་ནི་ཕལ་ཆེར་ཤས་ཆེ་བའི་མེ་དང་ཆུ་དང་རླུང་དང་སའི་དཀྱིལ་འཁོར་གྱི་དབྱེ་ བས་རིམ་པ་ཉེ་བར་མཚོན་པ་གནས་པ་ཡང་ངོ་། །འོད་ཀྱི་འོད་ཀྱི་བདག་ཉིད་ཅན་གྱི་རླུང་ཡིན་ནོ། །སྣའི་བུ་ག་གཡས་པའི་ངོས་ཀྱི་སྟེང་དུ་རྒྱུ་བའི་རླུང་ནི་མེའི་དཀྱིལ་འཁོར་གྱི་རང་བཞིན་ནོ། །གཡོན་གྱི་ངོས་སུ་ཐད་ཀར་རྒྱུ་བ་ནི་རླུང་གི་འཁོར་ལོའོ། །དྲང་པོ་གཉིས་ཀ་ལས་རྒྱུ་བ་ནི་སའི་འཁོར་ལོ་ འོ། །འོག་ཏུ་རྒྱུ་བ་ནི་ཆུའི་འཁོར་ལོའི་རང་བཞིན་ལུས་ཐམས་ཅད་ལ་ཁྱབ་པར་བྱེད་པའི་རླུང་གང་ཡིན་པ་དེ་ནི་བདེ་བ་སྐྱེད་པའི་འོས་སུ་གྱུར་པས་བདེ་བའི་ཚུལ་དུ་ནམ་མཁའི་རང་བཞིན་ཏེ། དེའི་ཚེ་རེ་རེའི་འོད་ཟེར་དཀར་པོའི་ངོ་བོ་ནི་མངལ་ནས་ཕྱིར་འབྱུང་བ་ནས་བརྩམས་ནས་ས་ལ་སོགས་པའི་འཁོར་ བཞིའི་གང་ཡང་རུང་བ་སྣའི་བུ་ག་ནས་བྱུང་བ་དང་ལྷན་ཅིག་འགྲོའོ། །སྤྱོད་པ་བསྡུས་པར་འདི་ཁོ་ན་བཞིན་དུ་གསུངས་ཏེ། དེ་བཞིན་གཤེགས་པ་ལྔའི་ཁ་དོག་ཅན་གྱི་འོད་ཟེར་རྣམས་འབྱུང་སྟེ། ནམ་མཁའི་ཁམས་ཀྱི་དཀྱིལ་འཁོར་ཕྱི་ས་ལ་སོགས་པའི་ཁམས་བཞི་ལ་ཁྱབ་པའོ། །རླུང་བཅུ་ པོ་ནི་འབྱུང་བ་དང་རྔུབ་པར་འགྱུར་ཞིང་འཁོར་ལོ་བཞིའི་བདག་ཉིད་ཅན་འབྱུང་བ་ལྔའི་ངོ་བོ་ཉིད་ཅེས་བྱའོ། །ཤི་བའི་ལུས་ལ་ནི་ཁྱབ་བྱེད་ཐམས་ཅད་ངེས་པར་འཐོན་ལ། ནམ་མཁའི་དཀྱིལ་འཁོར་ནི་ས་ལ་སོགས་པའི་དཀྱིལ་འཁོར་བཞིན་དུ་རང་དབང་གིས་ཐ་དད་དུ་འབྱུང་བ་ནི་མ་ཡིན་ ནོ། །གཞུང་གཞན་དུ་བྱུང་ནས་ཐ་དད་དུ་ནམ་མཁའི་དཀྱིལ་འཁོར་བསྟན་པ་ནི་མུ་སྟེགས་རྣམས་གདུལ་བའི་དོན་དུ་དྲང་དོན་ཏེ། དཔེར་ན་སྣོད་ཀྱི་འཇིག་རྟེན་གྱི་ཚད་བསྟན་པ་ལྟ་བུའོ། །འདི་ཡང་རྒྱས་པར་བརྒྱུད་པའི་སྙེ་མར་ངེས་པར་དཔྱད་ཟིན་ཏོ། །རྟོག་གེ་རྣམས་ནི་སྙིང་རླུང་ཅན་ནོ། ། རྣལ་འབྱོར་བྱིས་པ་ནི་བསྐྱེད་པའི་རིམ་པའི་ལྷ་ཙམ་སྒོམ་པ་རྣམས་སོ། །བདག་ཉིད་ནི་རྡོ་རྗེ་འཛིན་པ་ཆེན་པོ་སྟེ། དེའི་སྐུ་ལས་ཡི་གེ་ཨོཾ་དང་། གསུང་ལས་ཡི་གེ་ཨཱཿདང་། ཐུགས་ལས་ཡི་གེ་ཧཱུཾ་ངོ་། །ཚིག་གི་ལམ་ནི་ཞལ་ཏེ་ངེས་པར་བརྗོད་པ་ནི་གསུངས་པའོ། །སྔགས་ནི་ཕོ་མོ་ འམ་མ་ནིང་གི་རང་བཞིན་གྱི་ཡི་གེ་རྣམས་ཏེ། དེ་གང་དུ་བཏུས་པར་གྱུར་པ་རྣམས་ནི་སྔགས་བཏུས་པའོ། །དེ་ནི་ཡི་གེ་ཨོཾ་ལ་སོགས་པ་རྣམས་ཀྱི་སྐུ་ལ་རྡོ་རྗེ་ལ་སོགས་པ་སྟེ། དེ་རྟོགས་པ་ནི་སྟོང་པ་ཉིད་དང་རོ་གཅིག་པས་རྒྱུན་མ་ཆད་པར་སྤྲོ་བའི་དུས་གསུམ་དུ་བཞུགས་པའི་ དེ་བཞིན་གཤེགས་པ་རྣམས་བརྟགས་པ་ནི་རང་བཞིན་མེད་པར་རྟོགས་པ་རྡོ་རྗེའི་བཟླས་པ་སྟེ། འདིས་རང་བཞིན་མེད་པའི་བསྒོམ་པ་ཁོ་ན་ལ་འབད་པའི་ཕྱིར་རོ། །ཚིག་འདིས་དོན་རྟོགས་པ་སྟེ་འདིར་ངག་ཡིན་ནོ། །དཔལ་ལྡན་ནི་ཕྱག་ན་རྡོ་རྗེའོ། །སེམས་ཅན་ཐམས་ཅད་ནི་ཁམས་ གཅིག་རིགས་དང་སྐྱེ་གནས་ཀྱི་དབྱེ་བས་དཔག་ཏུ་མེད་དེ་དེའི་ཚུལ་གྱིས་འབྱུང་བའི་ཚུལ་ནི་ཀུན་རྫོབ་པ་སྟེ་དོན་དམ་པར་རང་བཞིན་མེད་པའོ། །དེ་བས་ཐབས་དང་ཤེས་རབ་ཐ་མི་དད་པའི་བྱང་ཆུབ་ཀྱི་སེམས་དང་། དེ་ཁོ་ན་ཉིད་ཟུང་དུ་འཇུག་པའི་བདག་ཉིད་ཅན་རྡོ་རྗེ་འཛིན་པ་ཆེན་པོས་དེ་ རྟོགས་པ་ཡིན་པས་དེ་བསྟན་པར་གསལ་ལོ། །རྒྱུད་གཞན་དུ་བསྟན་ཟིན་མོད་ཅེས་པ་ལ་ལན་གསུངས་པ། སྒྲུབ་པ་ཞེས་བྱ་བ་ལ་སོགས་པ་སྟེ། དགོངས་པ་མ་རིག་པར་ཁྱབ་བདག་གི་གསུང་དག་གང་ཡིན་པ་དེ་ནི་བདག་ཉིད་ཀྱི་སྟེ་དབང་དུ་བྱས་ནས་འདི་གསུངས་པ་ཡིན་ལ། བདག་ ཁོ་ནས་གསང་བའི་དོན་འདི་རིག་པ་ཡིན་གྱི་གཞན་གྱིས་མ་ཡིན་ནོ་ཞེས་པའི་ཚིག་ནི་དེ་བཞིན་གཤེགས་པའི་གསུང་འཇིག་པར་བྱེད་དོ། །འདི་ལྟར་མཐར་ཐུག་པའི་ཟུང་དུ་འཇུག་པ་ནི་དེ་བཞིན་དུ་ལྷག་པར་མོས་པ་དང་དེ་རྟོགས་པའི་ཐབས་བརྗོད་པ་ལ་སོགས་པ་བྱང་ཆུབ་ཀྱི་སེམས་སུ་ཡང་ གསུངས་ཏེ། དེ་ལས་གཞན་ནི་མ་ཡིན་ནོ་ཞེས་པ་ནི་དགོངས་པའོ། །དེ་ཉིད་གསལ་བར་བྱེད་པ་ནི་མི་རྟོག་ཅེས་བྱ་བ་ལ་སོགས་པ་སྟེ། སོམ་ཉི་མེད་པའི་ཚུལ་གྱིས་སོ། །ཐུན་མོང་ནི་གཞན་དག་གིས་ཀྱང་ཐོས་པའི་ཕྱིར་རོ། །རྒྱས་པར་བཤད་ཅིང་ཡི་གེ་གསུམ་བསྡུས་ཏེ་དང་པོ་ཞེས་བྱ་བའོ། ། དང་པོ་ཡང་ཡིན་ལ་གཅིག་ཀྱང་ཡིན་པས་ཨའོ། །འཆད་པར་འགྱུར་བའི་སྡེ་ཚན་དགུ་ཡི་གེ་བཞི་བཅུ་ཞེ་དགུའི་བདག་ཉིད་ཅན་གྱི་བཅུ་ཚན་བཞི་དང་ཡི་གེ་བརྒྱད་ཀྱི་དབུས་མ་བྱས་པ་ནི་ཡི་གེ་ཧའོ། །དང་པོའི་གཅིག་པོ་དེ་དང་ཡི་གེ་ནི་ཧ་ནི་བཅིངས་མེད་དུ་ཤེས་པར་བྱའོ། །དབྱངས་ཡིག་བཅུ་ དྲུག་ནི་སྡེ་ཚན་དང་པོའོ། །ང་ཉ་ཎ་ན་མ་ཞེས་ལྔ་པའི་ལྔ་པ་ནི་ཡི་གེ་མའོ། །དེ་ལྟར་བྱས་པས་བཞི་དང་གསུམ་ནི་གསུམ་སྟེ་དེ་དག་སྦྱར་བ་ནི་འབྲེལ་བར་བྱའོ། །དེ་ལ་དང་པོར་ཨ་ཨུ་མ་ཡི་གེ་རྣམས་སོ། །དབུས་སུ་ཡི་གེ་ཨ་གཉིས་དང་ཚེག་དྲག་དང་མ་སྟེ་བཞིའོ། །ཐ་མར་ཧ་ཨུ་མུ་ རྣམས་སོ། །དབུས་སུ་ཨ་ཚེག་དྲག་གཅིག་བྱས་ནས་རེ་རེ་ལ་གསུམ་སྟེ། སྐུ་གསུང་ཐུགས་བསྟན་པའོ། །སྐུ་གསུང་ཐུགས་རོ་གཅིག་ཏུ་གྱུར་པ་ནི་ཐིག་ལེ་ལ་སོགས་པ་དང་བཅས་པར་བྱེད་པའོ། །རིང་པོ་ནི་དབུས་ཨ་ཡིག་གོ། །ཡོན་ཏན་ནི་དང་པོའི་ཨ་ལ་ཨོ་ཡིག་གོ། །སྦྱོར་བ་ནི་ཧ་ དང་ཨཱུའོ། །བསྲུབས་པ་ནི་ཡི་གེ་ཨུ་དང་དབུས་སུ་ཨ་གཉིས་དང་ཀླད་ཀོར་རོ། །དེས་ཕན་ཚུན་དུ་མ་འབྲེལ་བར་བསྟན་ཏོ། །ཇི་ལྟར་ཞེ་ན། གསུངས་པ། ཐུང་ངུ་ཞེས་པ་སྟེ། གང་གི་ཕྱིར་ཨའི་སྦྱོར་བའི་ཡི་གེ་རྣམས་ཕན་ཚུན་ཐ་དད་དུ་བརྗོད་པར་ནུས་ཀྱི་གཞན་དུ་ནི་མ་ཡིན་ནོ། །དེའི་ཕྱིར་ ཨ་ཡིག་གིས་ཁྱབ་པའི་ཕྱིར་དུ་མ་མ་ཡིན་རང་གི་མཚན་ཉིད་ཐ་དད་པས་གཅིག་ཀྱང་མ་ཡིན་ཏེ། ཡི་གེ་དོན་དམ་པར་སྐྱེ་བ་མེད་ཅིང་རང་བཞིན་མེད་པའོ། །དེས་ཁྱབ་པའི་ངག་གི་རང་བཞིན་ཐམས་ཅད་སྟོང་པ་ཉིད་ཀྱི་ངོ་བོ་ནི་དགོས་པའོ། །སྟོང་པ་ཉིད་ལས་བྱུང་བའི་སྤྲོས་པ་མེད་པའི་སྔགས་ བཏུ་བ་ཡང་བསྟན་ཏོ། །སྔར་བཤད་པའི་གསལ་བྱེད་རྣམས་ཀྱི་དབྱངས་ཡིག་རྣམས་ཏེ་མོ་རིགས་སོ། །མངོན་པར་ཕྱོགས་པ་ནི་ག་ལ་སོགས་པའི་ཕོའི་མིང་རྣམས་སོ། །ང་ཉ་ཎ་ན་མ། རྀ་རཱྀ་ལྀ་ལཱྀ་རྣམས་ནི་མ་ནིང་དུ་རྣམ་པར་གཞག་གོ། །སྒྲའི་བསྟན་བཅོས་ལས་ནི་རྣམ་པ་ གཞན་དུ་བཤད་དོ། །དེ་ལྟར་བཏུས་པའི་ཡི་གེ་གསུམ་འོག་གི་ཐ་མར་ཧཱུཾ་དང་། སྟེང་གི་ཐོག་མར་ཨོཾ་དང་། བར་དུ་ཨཱཿཞེས་པ་རིམ་པ་བཞིན་དུ་བརྗོད་པར་བྱའོ། །དེ་ལྟར་བརྗོད་པའི་སྔགས་ཀྱིས་ཡིད་ཀྱི་བཞོན་པར་འགྱུར་བའི་ནཱ་ད་དོན་དམ་པ་རང་བཞིན་མེད་པ་ལས་བྱུང་སྟེ། བྱང་ཆུབ་སེམས་ ཀྱི་བདག་ཉིད་ཅན་ནོ། །དེས་རྒྱུད་བཞིན་དུ་སྔགས་ཐམས་ཅད་ཀྱང་བདེན་པ་གཉིས་ཐ་མི་དད་པར་རྟོགས་ཤིང་ཟློས་ཏེ་གཞན་དུ་འདོད་པའི་དོན་མི་འགྲུབ་པོ་ཞེས་དགོངས་པ་ཡིན་ནོ། །དེ་ནས་ནི་སྔགས་བཟླས་ཏེ། བསྐྱེད་རིམ་བསྒོམས་ནས་གཟུགས་ནི་གཟུགས་སྐུའོ། །ལྷའི་སྐུ་གང་དུ་ཉེ་ བར་དམིགས་པ་དེ་ནི་ཉེ་བར་དམིགས་པའི་མིང་ཅན་ཏེ། བདེན་པ་གཉིས་ལས་ཐ་མི་དད་པའི་བྱང་ཆུབ་སེམས་དཔའོ། །དེ་ཉིད་གསུམ་ནི་ཡི་གེ་གསུམ་ལས་ཏེ། བདག་གཅིག་པའི་ཚུལ་དུ་གནས་པ་སྟེ། སྔགས་ཀྱི་དེ་ཁོ་ན་བྱང་ཆུབ་སེམས་སོ། །ཨ་ནི་གཞོམ་དུ་མེད་པའི་ནཱ་ད་ སྟེ། དེའི་ཚུལ་གྱིས་གཉིས་སུ་མེད་པའི་ཡི་གེ་སྙིང་གར་གསལ་བར་བསྒོམས་པ་ན་ཐུགས་སུ་འགྱུར་རོ། །རྡོ་རྗེ་སྙིང་པོའི་རྒྱན་ལས་ཀྱང་། །མར་མེ་ལྟ་བུར་འབར་བ་ཡི། །སྙིང་གའི་དབུས་སུ་གཞོམ་དུ་མེད། །ཡི་གེ་མཆོག་ཏུ་ཕྲ་བ་སྟེ། །ཨ་ཡིག་མཆོག་ཏུ་གཙོ་བོ་ཡིན། །ཞེས་གསུངས་སོ། །ཆོས་ཐམས་ ཅད་ཀྱི་སྒོ་ནི་ཡི་གེ་ཨ་སྟེ། གདོད་མ་ནས་མ་སྐྱེས་པའི་ཕྱིར་ཞེས་གསུངས་སོ་ཞེས་བྱ་བ་འདིས་བསམ་གཏན་ཐམས་ཅད་ཀྱི་སྒོ་ས་བོན་གྱི་གནས་སུ་བཅོམ་ལྡན་འདས་ཀྱིས་ཨ་ཡིག་གསུངས་སོ། །གཞོམ་དུ་མེད་པ་ནི་དངོས་པོ་དང་དངོས་མེད་པ་ལ་སོགས་པར་སྒྲོ་འདོགས་པའི་སྤྲོས་པས་གཞོམ་དུ་མེད་པའོ། ། ཡི་གེ་ནི་ཉམས་པ་མེད་པ་སྟེ། དོན་དམ་པར་སྐྱེ་བ་དང་འགག་པ་མེད་པའི་ཕྱིར་རོ། །ཐབས་དང་ཤེས་རབ་ཀྱི་གཞི་ནི་བདེན་པ་གཉིས་དབྱེར་མེད་པའི་ཕྱིར་གནས་སོ། །ཡན་ལག་མ་ཉམས་པ་ནི་རླུང་དང་ཐ་མི་དད་པར་རོ། །དེས་རྡོ་རྗེ་འཛིན་པའི་རྣལ་འབྱོར་དང་ལྡན་པས་སྙིང་གའི་ཨ་ཡིག་ནཱ་དའི་སྟེང་ དུ་ཡི་གེ་ཨ་གནས་ལ་ཡི་གེ་ཨོཾ་གྱིས་སེམས་ཅན་རྣམས་སངས་རྒྱས་པར་བྱས་ལ། སྣ་བུག་ལས་ནཱ་ད་དེ་ཉིད་ལ་རབ་ཏུ་འཇུག་སྟེ། སངས་རྒྱས་པར་གྱུར་པའི་སེམས་ཅན་དེ་ཉིད་ལ་སྤྲོ་བའི་ཡི་གེ་ཧཱུཾ་གིས་སྟོང་པར་བྱེད་དོ། །དེ་ལ་འཇུག་པ་གནས་པ་ལྡང་བའི་བྱང་ཆུབ་ཀྱི་སེམས་ཀྱི་བདག་ཉིད་ཅན་ཨོཾ་ཨཱཿ ཧཱུཾ་ཞེས་བྱ་བ་རིམ་པས་བསྒོམ་པར་བྱའོ། །གོས་དཀར་ལ་སོགས་པ་ནི་གོས་དཀར་མོ་དང་། སྒྲོལ་མ་དང་། སྤྱན་མ་དང་། མཱ་མ་ཀཱི་དང་། མེ་རླུང་ས་ཆུའི་དཀྱིལ་འཁོར་གྱི་རང་བཞིན་རྣམས་སོ། །སོ་སོར་བྱུང་བ་ལས་ནི་འབྱུང་བ་རྣམས་ཀྱི་གྲངས་བྱས་པའོ། །འདིར་ས་ཆུ་མེ་རླུང་གི་དཀྱིལ་འཁོར་ བཞིའི་གྲངས་སོར་ཉིས་བརྒྱ་ལྔ་བཅུ་སྟེ། ཐུན་ཕྱེད་ལ་དབུགས་དགུ་བརྒྱ་རྒྱུའོ། །ཁར་ཡང་འཕོ་སྟེ་ཐུན་ཕྱེད་ལ་བཞིའོ། །དེ་ལྟར་ཐུན་ཕྱེད་ཉི་ཤུ་རྩ་བཞི་ལ་དཀྱིལ་འཁོར་བཞིའི་འཕོ་བ་ནི་ཉི་ཤུ་རྩ་བཞི་སྟེ། ཉིན་ཞག་གཅིག་ལ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱར་འགྱུར་བ་ནི་བཟླས་པའི་གྲངས་སོ། ། འདིར་ལ་ལན་རེ་སྣ་བུག་གཅིག་ལས་བར་མ་ཆད་པར་རླུང་འཕོ་བ་གཉིས་རྒྱུ་ལ། དེའི་རྗེས་སུ་འཕོ་བ་གཅིག་ཏུ་བཤད་པ་ནི་མགྲིན་པའི་རྩ་འདབ་བཅུ་དྲུག་ལ་བཤད་དོ། །གཞན་དག་ན་རེ་སྣ་བུག་གཅིག་ལ་འཕོ་བ་ཕྱེད་དང་གཉིས། དེའི་རྗེས་སུ་སྣ་བུག་གཞན་དུ་འཕོ་བ་ཕྱེད་དང་གཉིས་ རྒྱུ་བས་ཉིན་ཞག་གཅིག་ལ་འཕོ་བ་གཅིག་ཉིད་དུ་འགྱུར་ཏེ། ལྟེ་བའི་པདྨའི་རིམ་པ་གསུམ་པའི་རྩ་འདབ་བཞི་དོར་ཏེ་འཕོ་བ་གཅིག་གཉིས་སུ་རྣམ་པར་བཞག་པས་ཕྱི་རོལ་གྱི་འཕོ་བ་དང་མཐུན་པར་བྱའོ། །ཡང་ན་ཕྱི་དང་ནང་ཐམས་ཅད་དུ་མཐུན་པར་གཞག་པ་ནི་མི་དགོས་སོ། །ཕྱོགས་ གཉིས་ཀ་ལ་ཕྱི་དང་ནང་དུ་འཕོ་བ་ཕྱེད་དང་གཉིས་གཉིས་ཀྱི་ཐུན་ཕྱེད་ནས་གཞག་པ་ཡིན་ནོ། །རྡོ་རྗེ་ཕྲེང་བ་ལ་སོགས་པ་ལས་ནི་འཕོ་བ་རེ་རེས་ནང་ཐུན་ཕྱེད་དུ་གཞག་པ་ཙམ་ལ་འགལ་བ་མེད་དོ། །འདི་ལྟ་བུའི་རྒྱས་པར་བཤད་པ་ནི་བརྒྱུད་པའི་སྙེ་མ་ལས་ཤེས་པར་བྱའོ། །རིག་མ་ནི་ཤེས་རབ་སྟེ། དེ་གཙོ་བོར་བྱས་པའི་ཐེག་པ་ནི་རྡོ་རྗེའི་ཐེག་པའོ། །ཡི་གེའི་གྲངས་ཀྱིས་ནི་འབུམ་ཚོ་གསུམ་མོ། །ཕྱི་རོལ་བཟླས་པ་ནི་ངག་ཏུ་བཟླས་པའོ། །སྔགས་ཀྱི་དོན་ནི་འགྲུབ་པར་བྱའོ། །དེ་ཡོངས་སུ་གྱུར་པའི་རྡོ་རྗེ་ཅན་གྱི་བདག་ཉིད་དངོས་པོ་ཡིན་པས་དེ་བསྒོམ་པའི་བར་ཆད་བྱེད་པ་མཚོན་པའི་ཡིག་ འབྲུ་ངག་ཏུ་མི་བཟླས་སོ། །གཞན་ནི་དེས་མཚོན་པའོ། །སྦྱོར་བ་གསུམ་ནི་རྡོ་རྗེ་གསུམ་དང་ལྡན་པའོ། །མྱུར་བ་ནི་འབྱུང་བའི་རླུང་ངོ་། །གཉིས་ཀ་མིན་པ་ནི་གནས་པའོ། །བརྟན་པ་ནི་མི་གཡོ་བར་གྱུར་པའི་རླུང་ལས་སོ། །གསང་ཞིང་དགོངས་ནི་ནང་གི་རླུང་སྟེ། ཁ་ཅིག་ན་རེ་དགོངས་པ་ལུང་བསྟན་ ཟེར་རོ། །ཀློག་པ་ནི་ངག་ཏུ་བརྗོད་པའོ། །བསམ་གཏན་ནི་སེམས་ཁྱད་པར་དུ་འཕགས་པའོ། །བསྟེན་པ་ནི་ཞག་གསུམ་པས་སྟོང་ཕྲག་བཞི་བཅུ་ཞེ་བརྒྱད་བཅས་པ་འབུམ་ཕྲག་དྲུག་གི་བསྙེན་པའོ། །ཕྱག་བྱས་ནི་རྡོ་རྗེ་སེམས་དཔའ་བསྒོམ་པ་སྔོན་དུ་འགྲོ་བའི་དོན་ཏོ། །སྔགས་ནི་ངག་ཏུ་བརྗོད་ པའོ། །གཟུང་བ་ནི་བཙན་ཐབས་སུ་རླུང་གཟུང་བའོ། །གཞན་དང་གཞན་ནི་མཆོད་པ་ལ་སོགས་པའོ། །ངག་ཏུ་བརྗོད་པའི་སྔགས་དང་སྦྱིན་སྲེག་ལ་སོགས་པས་བསྒྲུབ་པར་བྱ་བ་ནི་སེམས་བཟླས་པ་ཁོ་ནས་འགྲུབ་པོ་ཞེས་ཡ་ཡིག་ལ་སོགས་པས་བཤད་དེ། ཡའི་དོན་ནི་རླུང་གི་དཀྱིལ་འཁོར་ལས་ གཉིས་ནི་དངོས་དང་ཤུགས་གཉིས་ཏེ། དཔེར་ན་ཆུའི་དཀྱིལ་འཁོར་རྒྱུ་བ་ལ་ཞི་བའི་ལས་གྲུབ་ལ། གང་ན་གནས་ཡོད་པའི་སར་བཞི་ཀ་ཡོད་དེ། ས་ལ་སོགས་པ་ཡོད་པས་རྒྱས་པ་དང་དབང་དུ་བྱེད་པ་དང་མངོན་སྤྱོད་རྣམས་ནི་ཤུགས་ལས་འབྱུང་ངོ་། །འབྲས་བུ་ཆུང་བའི་ ཕྱིར་ངག་ཏུ་བཟླས་པ་དང་སྦྱིན་སྲེག་ལ་སོགས་པ་ནི་མཆོད་པ་ལ་སོགས་པ་སྤང་བར་བྱ་བ་བསྟན་ཏེ། རྣམ་པར་དག་པ་ནི་སྡིག་པ་ཟད་པས་སོ། །འབྱོར་པ་ནི་འཇིག་རྟེན་གསུམ་གྱི་ཕུན་སུམ་ཚོགས་པའོ། །བསམ་གཏན་ནི་འདིར་རྡོ་རྗེའི་བཟླས་པ་དང་། སྒྱུ་ལུས་དང་འོད་གསལ་གྱི་རིམ་པ་ཟུང་དུ་ འཇུག་པའི་སྐུ་བསྒོམ་པའོ། །ཐར་པ་ནི་སྒྲིབ་པ་གཉིས་སྤང་བ་སྟེ། གང་གི་ཕྱིར་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་གཉིས་ཀྱིས་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ལ་ཆགས་པས་འཆིང་བའི་ཕྱིར་རོ། །ཐབས་ནི་དངོས་པོའི་མཚན་ཉིད་ཅན། །དེ་དངོས་མེད་པ་ཤེས་རབ་ཉིད། །ཅེས་ གསུངས་པའི་ཕྱིར་རོ། །ཐབས་དང་ཤེས་རབ་ཀྱི་རང་བཞིན་སྙིང་རྗེ་དང་སྟོང་པ་ཐ་མི་དད་པ་དེ་བཞིན་ཉིད་དོན་དམ་པ་བྱང་ཆུབ་ཀྱི་སེམས་བསྟན་ཏེ་དེ་ཉིད་བསྒོམས་པས་བྱིས་པ་བཞིན་དུ་ཡུལ་རྣམས་ལ་ཞེན་པ་མེད་པའི་སྤྱོད་པའོ། །འདོད་པའི་དོན་ཕུན་སུམ་ཚོགས་པ་ལྷུན་གྱིས་གྲུབ་པར་འགྱུར་ རོ། །གསང་སྔགས་ནི་མནྟྲ་ཏེ། མན་ནི་གང་དུ་བསྟན་པའི་ཡིད་དོ། །ཏྲ་ནི་སྐྱོབ་པ་ཡིན་པས་དོན་དམ་པའི་བྱང་ཆུབ་སེམས་སྔགས་ཡིན་ནོ། །དེ་གོམས་པ་ཡང་ལྷུན་གྲུབ་ཏུ་འགྱུར་རོ། །བརྗོད་པ་དང་ཉེ་བར་དམིགས་པ་དང་བརྡར་གྱུར་པ་ནི་ཀུན་རྫོབ་པའི་སྔགས་སོ། །ཉེ་བར་དམིགས་པ་ནི་བརྗོད་ པ་ལས་བྱུང་བའི་ཕྱིར་ཉེ་བར་བརྟགས་པས་ལས་སྔགས་ཡིན་ནོ། །སྔགས་བཞི་པོ་འདི་འཁོར་དང་བཅས་པ་སྟོན་པར་བྱེད་པས་གསང་བ་འདུས་པ་ལ་སོགས་པ་ནི་གསང་སྔགས་ཀྱི་ཐེག་པ་ཡིན་ནོ། །རིམ་པ་འདིར་བརྡར་གྱུར་གྱི་སྔགས་ནི་གཙོར་བསྟན་པ་སྟེ། ངག་གཡེམ་ཡིན་པའི་ཕྱིར་རོ། ། འདི་ལྟར་སྤྱོད་བསྡུས་ལས། ལུས་ངག་དབེན་གྱི་མཐར་ཐུག་ནི་རྡོ་རྗེའི་བཟླས་པ་ཙམ་ཡོངས་སུ་ཤེས་པ་སྟེ། དེ་ལ་ལྷའི་རྣམ་པ་མེད་དོ་ཞེས་གསུངས་སོ། །དེ་ཉིད་ཀྱི་ཕྱིར་གསུང་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསུང་ཉིད་རྡོ་རྗེ་སྟོང་པ་ཉིད་དེ་གསུང་གི་རྡོ་རྗེ་རང་དབང་དུ་བྱས་ ལ་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་རྟོགས་པས་གསུང་གི་རྡོ་རྗེ་བསྒྲུབ་པའོ། །སེམས་ཙམ་ལ་ནི་བདག་བྱིན་གྱིས་བརླབ་པའི་རིམ་པ་ལས་ཏེ་ངེས་པར་སྦྱར་རོ། །དེ་ནས་བདག་བྱིན་གྱིས་བརླབ་པའི་རིམ་པ་དང་འབྲེལ་བར་བསྟན་ཏོ། །སྔགས་ཀྱི་རློམ་པ་ནི་ངག་ཏུ་བཟླས་པ་ལ་ཞེན་པས་སོ། །གཟུང་ བར་བྱ་ཞེས་པ་ནི་རྡོ་རྗེ་བཟླས་པའི་རིམ་པ་ནས་ཟུང་འཇུག་གི་བྱང་ཆུབ་སེམས་ཀྱི་གདམས་ངག་གི་རྗེས་སུ་གསང་བར་བྱ་སྟེ། ཇི་ལྟར་སློབ་པས་བྱང་ཆུབ་སེམས་དེ་ལ་ཡོད་པ་དང་། ཡོན་ཏན་དང་ལྡན་པ་དང་སྒྲུབ་པར་ནུས་པའི་ངེས་པར་ཤིན་ཏུ་དད་པར་འགྱུར་རོ། །གང་ལས་དེ་རྒྱུན་མི་འཆད་པར་ ཡུན་རིང་པོར་དད་པ་དང་བཅས་པས་བསྒོམས་ཤིང་གྲོལ་བར་འགྱུར་རོ། །དེ་ལྟར་གོམས་པར་མི་བྱེད་ན་ཡང་རི་དབང་རྩེ་ལ་སོགས་པ་སྟེ་གྲོལ་བར་འགྱུར་ཞེས་པ་ནི་ཐར་པར་འོས་པ་ཉིད་དེ། ཐར་པའི་རྒྱུ་བྱང་ཆུབ་སེམས་བརྟན་པར་གཟུང་བའི་ཕྱིར་རོ། །རྡོ་རྗེ་བཟླས་པའི་རིམ་པའི་དགོངས་ འགྲེལ་ལོ།། །།འདིར་རྟོགས་པར་དཀའ་བའི་ཐུགས་དང་ལྡན་པ་འཕགས་པ་ཆེན་པོའི་མཆོག་གིས་གསུངས་སོ། །ཡེ་ཤེས་གསུམ་གྱི་དབྱེ་བ་ཡིས། །སེམས་ཙམ་ལ་ནི་ངེས་པར་སྦྱར། །ཞེས་བཤད་པར་འདོད་པས་དེའི་ཐུགས་ཀྱི་སྲས་འཕགས་པ་ཤཱཀྱ་བཤེས་གཉེན་གྱིས་རིམ་ པས་བསྒྲུབ་པར་བྱ་བའི་རྡོ་རྗེ་སེམས་དཔའ་ལ་ཕྱག་བྱ་སྟེ། ཁྱོད་ལ་ཕྱག་འཚལ་ཞེས་བྱ་བ་ལ་སོགས་པའོ། །ཕྱག་འཚལ་བ་བཞི་རིམ་པ་བཞིན་དུ་ཟུང་དུ་འཇུག་པའི་བཅོམ་ལྡན་འདས་ལ་སྟེ། སྟོང་པ་དང་ཤིན་ཏུ་སྟོང་པ་དང་། སྟོང་པ་ཆེན་པོའི་རང་བཞིན་གྱི་དབང་དུ་བྱས་པའོ། །ཕྱག་ འཚལ་བ་ལན་གཉིས་སུ་བརྗོད་པ་ནི་སྟོང་པ་ཉིད་ལ་ཁྱབ་པར་ཤིན་དུ་དད་པར་གྱུར་པའོ། །རྒྱུ་ཐ་དད་པ་ཁྱོད་ལ་བསྟོད་ནས་རྡོ་རྗེ་འཛིན་པའི་རང་བཞིན་དང་མཉམ་པས་རང་གི་རྒྱུད་ཀྱི་རང་བཞིན་ཁྱེད་ལ་ཕྱག་འཚལ་ལོ། །གང་གི་ཕྱིར་ཕྱག་འཚལ་བ་ནི་དགྱེས་པའི་ཕྱིར་ཏེ། དེ་ཡང་གཞན་ དོན་དུ་གཉེར་བའི་བཅོམ་ལྡན་འདས་ལ་ཕྱག་བྱེད་པ་པོ་རང་གི་རྒྱུད་ལས་བྱུང་བའི་འབྲས་བུ་རྡོ་རྗེ་འཛིན་པ་དང་། རྒྱུའི་གནས་སྐབས་སུ་རང་བཞིན་གྱིས་ཡོངས་སུ་དག་པའི་དེ་བཞིན་གཤེགས་པའི་སྙིང་པོར་ཡོངས་སུ་དགོས་ནས་མོས་པ་བསྟན་པས་ཕྱག་བྱ་བ་ནི་མཆོག་ཡིན་ནོ། ། ཕྱག་འཚལ་བ་ཡང་ཕྱག་བྱ་བར་འོས་པ་ལ་ཡིད་ཚིམ་པས་མཆོག་ཏུ་གྱུར་པས་དེ་ཉིད་བསྟོད་པའི་ངག་གི་རྒྱུད་ཡིན་པའི་ཕྱིར་རོ། །དེ་ལྟར་རང་ལ་ཕྱག་བྱས་པ་གང་ལ་ཞེས་བྱ་བ་ལ་སོགས་པ་སྟེ། དོན་དམ་པར་དབྱེ་བ་ཐམས་ཅད་མེད་པའི་ཕྱིར་རོ། །ཀུན་རྫོབ་ཏུ་ནི་ཇི་ལྟར་ ཞེས་བྱ་བ་ལ་སོགས་པའོ། །རང་གི་ཡེ་ཤེས་ཟུང་དུ་འཇུག་པ་ཐ་མི་དད་པར་རང་གིས་རིག་པ་ནི་ཕྱག་ཡིན་ཞེས་བྱ་བའི་དོན་ཏོ། །དེ་ཡང་སོ་སོའི་གནས་སྐབས་སུ་ལྷག་པར་མོས་པ་དང་། ལམ་གྱི་གནས་སྐབས་སུ་རྣམ་པ་འགའ་ཞིག་གིས་རིག་ལ་རྣམ་པ་ཐམས་ཅད་དུ་ནི་མ་ཡིན་ནོ་ཞེས་བཤད་ དོ། །འོན་ཀྱང་ཞེས་བྱ་བ་ལ་སོགས་པའི་ཀུན་མཁྱེན་ནི་རྣམ་པ་ཐམས་ཅད་དུ་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རྟོགས་པའོ། །རང་བཞིན་གྱིས་ཡོངས་སུ་དག་པ་ནི་རྟག་ཏུ་ཡོད་པས་ཇི་ལྟར་མི་དམིགས་ཤེ་ན། གློ་བུར་གྱི་མ་རིག་པའི་མུན་པས་ཁེབས་པའི་ཕྱིར་རོ། །མུན་པ་དེ་སྤང་ བའི་རྣམ་པ་ནི་རབ་ཏུ་དགའ་བ་ལ་སོགས་པས་གསལ་བའི་རིམ་པས་མར་མེ་བཞིན་དུ་སྣང་བར་བྱེད་པའི་ཡེ་ཤེས་སྟོང་པ་ཉིད་བཞི་དང་ཐ་མི་དད་པར་རྟོགས་པའོ། །དེ་བས་ན་གསལ་བའི་རིམ་པ་དང་རྟོགས་པའི་རིམ་པ་བསྟན་པར་བྱ་སྟེ། སྟོང་ཉིད་ཅེས་བྱ་བ་ལ་སོགས་པའོ། །གཟུང་བར་ བརྟགས་པ་འགའ་ཞིག་དང་བྲལ་བས་སྟོང་པ་སྟེ། དགའ་བ་དང་སྣང་བའི་བདག་ཉིད་ཅན་ནོ། །གཟུང་བར་བརྟགས་པ་མ་ལུས་པ་དང་འཛིན་པར་བརྟག་པ་འགའ་ཞིག་སྤངས་པ་ཤིན་ཏུ་སྟོང་པ་དེ་མཆོག་ཏུ་དགའ་བ་དང་སྣང་བ་མཆེད་པའི་རང་བཞིན་ནོ། །འཛིན་པར་བརྟགས་པ་མ་ལུས་པ་དང་ བྲལ་བས་སྟོང་པ་ཉིད་ཆེན་པོ་སྟེ། དགའ་བྲལ་དང་སྣང་བ་ཐོབ་པའི་ངེས་པའོ། །དེ་ལྟར་བཤད་པས་གཟུང་འཛིན་དང་བྲལ་བ་བདེ་བའི་སེམས་དོན་དམ་པར་ཡོད་པ་སྒྲོ་བཏགས་པ་དང་མ་བྲལ་བས། ཆོས་ཐམས་ཅད་རང་བཞིན་མེད་པ་དང་རོ་གཅིག་པའི་ཀུན་རྫོབ་ལྷན་ཅིག་སྐྱེས་པའི་དགའ་བའི་ རང་བཞིན་ནོ། །དེ་ལྟ་བུའི་སྟོང་པ་ཉིད་ལ་སོགས་པ་དེས་དགའ་བ་ལ་སོགས་པས་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར་འཆད་པར་འགྱུར་རོ། །འདིར་སྟོང་པ་ཉིད་ལ་སོགས་པ་ནི་སྐད་ཅིག་གཅིག་ལ་མཐོང་ལམ་གྱི་བདག་ཉིད་རབ་ཏུ་དགའ་བའི་སའི་རང་བཞིན་ལྷན་ཅིག་སྐྱེས་པའི་དགའ་བ་རྟོགས་ པ་དང་ཐ་མི་དད་པ་སྟེ། ལྟོས་པ་ཐ་དད་པས་ཐ་དད་པ་ལྟར་རྣམ་པར་གཞག་གོ། །ཇི་ལྟར་སྐད་ཅིག་གཅིག་གིས་བདེན་པ་མཐོང་བ་ལ་སྐད་ཅིག་བཅུ་དྲུག་བཞིན་ནོ། །དེ་ལྟར་འདིར་འདི་ནི་སྟོང་པ་ཉིད་བཞི་དང་རོ་གཅིག་པའི་སྙིང་རྗེ་ཆེན་པོའི་རང་བཞིན་སྒྱུ་མའི་སྐུར། སྣང་བ་ཟུང་དུ་འཇུག་པའི་བདེ་བ་ཆེན་པོ་ འོད་གསལ་གྱི་མཐར་ཐུག་སྔོན་དུ་ལྷག་པར་མོས་ཏེ། བསྒོམས་པའི་འབྲས་བུ་མཐོང་བའི་ལམ་གྱི་བདག་ཉིད་ཅན་ནོ། །དེ་ལྟར་མཐོང་བ་འདིའི་གནས་སྐབས་ཕྱི་མ་དེ་དང་དེར་བསྒོམས་པས་ས་བཅུ་རྒྱུན་གྱི་ཐ་མར་སྒྲོ་བཏགས་པ་ཐམས་ཅད་ཀྱི་བག་ཆགས་ཟད་པའི་མཐར་འོད་གསལ་གྱི་རང་བཞིན་འབྱུང་ངོ་ཞེས་ བཤད་དེ་ཤེས་རབ་ཅེས་བྱའོ། །མཐོང་ལམ་ནས་བག་ཆགས་ཀྱི་ཕྱོགས་སྤངས་པས། ཁྱད་པར་དུ་འགྱུར་བའི་ཡེ་ཤེས་ནི་ཤེས་རབ་སྟེ་སྣང་བའོ། །རྟོགས་པ་ཕྱི་མའི་རྒྱུ་ཡིན་པས་ཐབས་ཏེ་སྣང་བ་མཆེད་པའོ། །དེ་གཉིས་ཐ་མི་དད་པ་སྣང་བ་ཐོབ་པ་སྟེ་རྒྱུའོ། །དེ་ནས་དེ་དང་རོ་གཅིག་པའི་འབྲས་བུ་ ནི་འོད་གསལ་ཏེ། རྣམ་རྟོག་གི་མུན་པ་ཐམས་ཅད་མ་ལུས་པར་སྤངས་པའོ། །དེ་ལྟར་རྒྱའི་རིམ་པས་རྣམ་པར་དག་པ་བར་ཆད་མེད་པའི་ལམ་གྱི་རང་བཞིན་དེ་ལས་སྟོང་པ་བཞི་དང་། རང་བཞིན་གཅིག་པ་རྣམ་པ་གསུམ་གྱི་བདག་ཉིད་བདེ་བ་ཆེན་པོའི་རང་བཞིན་སྟོབས་དང་མངོན་པར་ཤེས་པ་ལ་ སོགས་པ་རྣམ་པ་ཐམས་ཅད་དང་ལྡན་པ། མཚན་དང་དཔེ་བྱད་ཀྱིས་གསལ་བ་ལོངས་སྐུའི་རང་བཞིན་ཟུང་དུ་འཇུག་པ་རྡོ་རྗེ་འཛིན་པ་ཆེན་པོའི་གོ་འཕང་ཅིག་ཅར་སྐྱེ་བར་འགྱུར་རོ། །དེ་ལྟར་ན་ཡོངས་སུ་དག་པའི་སྐབས་སུ་ཡང་ཅི་རིགས་པར་སེམས་ཀྱི་གནས་སྐབས་ཀྱི་བྱེ་བྲག་ལས། རང་བཞིན་ སྐྱེ་བས་སྣང་བ་ལ་སོགས་པའི་རྣམ་གྲངས་དང་། དེའི་རང་བཞིན་རྣམས་རྣམ་པར་གཞག་པའི་ཕྱིར་བཤད་དེ་སྣང་བ་ཞེས་བྱ་བ་ལ་སོགས་པའོ། །ཞི་བ་ནི་ཞི་བའོ། །ཉེར་ལེན་ནི་འདོད་པས་ཡོངས་སུ་གཟུང་བའོ། །འཛིན་པའི་གཞི་ནི་རྒྱུན་དུ་གནས་པའི་ཚོར་བའི་ཀུན་དུ་རྟོག་པའི་ཀུན་རྫོབ་ཏུ་སྣང་ བའི་རང་བཞིན་གསལ་བ་ནི་མཚན་མོ་ལ་སོགས་པའོ། །དགོངས་པ་མི་ཤེས་ཤིང་མོས་པ་ཆུང་བས་ཟླ་བའི་དཀྱིལ་འཁོར་རམ་པདྨའམ་ཡི་གེ་ཨའམ་བུད་མེད་ཀྱི་གཟུགས་སྣང་བའི་རང་བཞིན་དུ་མོས་པར་བྱའོ། །ཉེ་བར་མི་ལེན་པ་ནི་ཡོངས་སུ་མ་བཟུང་བའོ། །སྐད་ཅིག་ཐང་ཅིག་ལ་སོགས་པ་ནི་ ཉེ་བར་མཚོན་པར་བྱའོ། །ཀུན་རྫོབ་ཏུ་སྣང་བ་མཆེད་པའི་རང་བཞིན་གསལ་བ་ནི་ཉིན་མོ་ལ་སོགས་པའོ། །སྔར་བཞིན་དུ་ཉི་མའི་དཀྱིལ་འཁོར་ལ་སོགས་པ་སྣང་བ་མཆེད་པའི་རང་བཞིན་དུ་མོས་པར་བྱའོ། །ཕྲ་མོའི་རྣལ་འབྱོར་ནི་རྡོ་རྗེ་བཟླས་པའི་རྣལ་འབྱོར་པའོ། །ས་བོན་ ནི་ཨའོ། །སྣ་བུག་གཡས་གཡོན་ལས་མ་བྱུང་ཞིང་རྩ་དབུ་མའི་ནང་དུ་གནས་པའོ། །རླུང་གི་གཡོ་བའི་བདག་ཉིད་ཅན་ནི་དབུ་མའི་མཚམས་སུ་ཤེས་པར་བྱའོ། །སྔར་བཞིན་དུ་ཨ་ལ་སོགས་པ་སྣང་བ་ཐོབ་པར་མོས་པར་བྱའོ། །རང་བཞིན་འདི་དག་ཕལ་ཆེར་ངེས་པ་ཅན་ཡིན་ཏེ། ལ་ལ་ནི་མ་ངེས་པ་ཡིན་ནོ། །དཔེར་ན་སྤྱོད་བསྡུས་སུ་སྣང་བ་ལ་ཡང་ཆགས་པའོ། །སྣང་བ་མཆེད་པ་ལ་ཡང་ཆགས་པ་དང་བྲལ་བར་བཤད་དོ། །སྣང་བ་གསུམ་པོ་འདིའང་རང་བཞིན་རྣམས་ནི་སེམས་ཀྱི་གནས་སྐབས་ཀྱི་བྱེ་བྲག་རྣམས་ཏེ། དེ་ཡང་ནང་ནི་ཚོར་བ་ཙམ་ཀུན་རྫོབ་ཡིན་ལ། དོན་དམ་པར་ རང་བཞིན་མེད་པ་ནམ་མཁའ་དང་འདྲའོ། །དེ་བཤད་པ་རང་རིག་ཙམ་མོ་ཞེས་བྱ་བ་ལ་སོགས་པའོ། །མ་ལུས་ལུས་པ་མེད་པ་ནི་རིམ་གྱིས་སམ་ཅིག་ཅར་རོ། །བར་དོ་ལ་སོགས་པའི་སྐབས་སུ་ཇི་སྲིད་དུ་སྣང་བ་ནི་སེམས་ཏེ་བརྟན་པར་མི་འགྱུར་བའོ། །གཡོ་བ་ནི་དབུགས་འབྱུང་ དང་རྔུབ་པ་བདག་གིས་སོ། །སྒྲོན་གསལ་ལས་སྣང་བའི་དབྱེ་བས་འདི་དག་ལས། མཚམས་དང་མཚན་མོ་ཉིན་མོ་ཞེས། །འཇིག་རྟེན་དུ་ནི་ཐ་སྙད་བྱས། །ཡེ་ཤེས་གསུམ་གྱི་དཔེ་ཡིན་ནོ། །སྐྱེ་དང་གནས་དང་འཇིག་པའོ། །བར་དོའི་སྲིད་པར་གནས་པ་དང་། །འཇིག་རྟེན་གྱིས་ནི་ ཇི་སྲིད་བཏགས། །སེམས་དང་རླུང་གི་རྣམ་འགྱུར་རོ། །ཞེས་སོ། །འདི་ནི་བརྟེན་པར་འགྱུར་ཞེ་ན། །གང་གི་ཚེ་མཚན་དང་དཔེ་བྱད་ཀྱིས་འབར་བ་ཟུང་འཇུག་སྣང་བ་ལ་སོགས་པའི་མཚན་ཉིད་ཅན་གྱི་དགའ་བ་བཞིའི་རང་བཞིན་གོམས་པ་ལས་འཆར་པར་འགྱུར་རོ། །འོན་ཀྱང་ དང་པོར་གོམས་པའི་ཕྱིར་དགའ་བ་ལ་སོགས་པའི་དབྱེ་བས་ནི་ཤེས་པར་བྱའོ་ཞེས་བཤད་དེ་སྒྱུ་མ་ཞེས་བྱ་བ་ལ་སོགས་པའོ། །རྟོག་པ་མཐའ་དག་ནུབ་པའི་ཕྱིར་བཞི་པ་འོད་གསལ་ལྷན་ཅིག་སྐྱེས་པ་མཚོན་པར་འགྱུར་རོ། །འདི་ལྟར་བརྟག་གཉིས་ལས། མཚན་ཉིད་བྲལ་ བ་གསུམ་ལས་གཞན། ཆགས་དང་ཆགས་བྲལ་རྣམ་པར་སྤངས། །ཞེས་གསུངས་སོ། །དེ་བས་ན་སྔར་དང་འདིར་བཞི་པ་བསྟན་ལ་འོག་ཏུ་ཡང་འཆད་དོ། །རྒྱུད་གཞན་ལས་ཀྱང་། ལྷན་སྐྱེས་བཞི་བར་དྲང་བ་ཡིན། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདོད་ཆགས་ནི་དགའ་བ་ཟླ་བའི་ འོད་དང་འདྲ་བ་སྟེ། སྤྲོ་བ་སྐྱེད་པའི་ཕྱིར་དང་ཁྱད་པར་ཉིད་ཀྱི་ཕྱིར་ལ་འཁྱུད་པ་དང་ཙུམྤ་ན་ལ་སོགས་པ་བདེ་བའི་རང་བཞིན་དུ་འཇུག་པ་དང་། དད་པ་ཉིད་ཀྱི་ཕྱིར་སྡུག་བསྔལ་དང་བཏང་སྙོམས་དང་ཞེ་སྡང་ལ་སོགས་པའི་རྙོག་པ་དང་འབྱུང་བར་སྒྲོ་བཏགས་པ་འགའ་ཞིག་མི་འཇུག་པའི་ཕྱིར་འཁྱུད་ པ་ལ་སོགས་པའི་བདེ་བའི་རང་བཞིན་དུ་ཤེས་པས་ཤེས་རབ་ཀྱི་རང་བཞིན་དུ་སྣང་བའོ། །བར་མ་ནི་མཆོག་ཏུ་དགའ་བ་སྣང་བ་མཆེད་པ་ཉི་མའི་འོད་ཟེར་དང་འདྲ་བ་སྟེ། གསལ་བར་སྣང་བ་དང་འཁྱུད་པ་ལ་སོགས་ཁྱབ་པ་ཉིད་ཀྱི་ཕྱིར་གསལ་ཞིང་མཆོག་ཏུ་གྱུར་པ་བདེ་བའི་རང་ བཞིན་དུ་རྟོགས་པའི་ཕྱིར། གཟུང་བར་སྒྲོ་བཏགས་པ་མ་ལུས་པ་དང་། འཛིན་པར་སྒྲོ་བཏགས་པ་འགའ་ཞིག་མི་འཇུག་པའི་ཕྱིར་ཐབས་ཡིན་ཏེ། ཐབས་ལས་བྱུང་བ་ལྷན་ཅིག་སྐྱེས་པའི་དགའ་བའོ། །ཤེས་རབ་དང་ཐབས་འདི་གཉིས་སྙོམས་པར་ཞུགས་པ་རོ་གཅིག་ཏུ་གྱུར་པའི་ ཚུལ་གྱིས་ཆགས་བྲལ་གྱི་དགའ་བ་སྣང་བ་ཐོབ་པ་ཁྱད་པར་དུ་འཕགས་པའི་བདེ་བ་མྱོང་བ་མཚན་ཉིད་ཀྱི་མུན་པ་དང་འདྲ་བ་སྟེ། གཟུང་བ་དང་འཛིན་པར་སྒྲོ་བཏགས་པ་གཞན་མ་ལུས་པ་མེད་ཀྱང་བདག་གིས་བདེ་བ་སྤྱོད་ཅེས་བདེ་བ་མྱོང་བའི་རྣམ་པར་རྟོག་པ་ཕྲ་བ་དེ་ཁོ་ན་ཉིད་མཐོང་བ་ལ་ གེགས་བྱེད་པ་དང་འབྲེལ་པའི་ཕྱིར་རོ། །ལྷན་ཅིག་སྐྱེས་པའི་དོན་དམ་པར་ཆོས་ཐམས་ཅད་རང་བཞིན་མེད་པའོ། །ལྷན་ཅིག་སྐྱེས་པའི་ཆ་དང་འདྲ་བས་ལྷན་ཅིག་སྐྱེས་པ་ཀུན་རྫོབ་ནི་བདེ་བ་ཆེན་པོའོ། །གཉིས་ཀ་ལ་ཡང་ལྷན་ཅིག་སྐྱེས་པའི་དགའ་བ། འོད་གསལ་ལ་ཟུང་འཇུག་ འཛིན་པ་དང་བྲལ་བ་དོན་དམ་པར་བདེ་བ་དམ་པའི་སེམས་ཙམ་ཡོད་པ་ལ་སོགས་པས་སྒྲོ་བཏགས་པའི་རྟོགས་པ་ཐམས་ཅད་ཀྱི་མུན་པ་དང་བྲལ་བས་བདེ་བ་ཆེན་པོ་མྱོང་བའི་ཕྱིར་རང་གིས་རིག་སྟེ། དེའི་བདག་ཉིད་དུ་འོད་གསལ་གྱི་རྣམ་པར་འགྱུར་བའི་ཕྱིར་རོ། །དགའ་བ་ལ་སོགས་པ་ འདི་དག་ཇི་ལྟར་སྐྱེ་ཞེ་ན། གསུངས་པ། དབང་པོ་གཉིས་ཞེས་སོ། །ཕྱིའི་ཤེས་རབ་དང་ཐབས་ཀྱི་པདྨ་དང་རྡོ་རྗེ་སྦྱོར་བའོ། །ཚངས་པར་སྤྱོད་པ་ལ་དེ་མེད་ན་སྔར་དབང་བསྐུར་བ་ལ་སོགས་པའི་དུས་སུ་མྱོང་བའི་བདེ་བ་མོས་ཤིང་ཡེ་ཤེས་ཀྱི་ཕྱག་རྒྱའི་སྦྱོར་བས་སོ། །དཔེར་གྱུར་པ་ དགའ་བ་ལ་སོགས་པ་འདི་དག་སྔར་བཤད་པའི་སྟོང་པ་དང་། ཤིན་ཏུ་སྟོང་པ་དང་། སྟོང་པ་ཆེན་པོ་དང་ཐམས་ཅད་སྟོང་པའི་རང་བཞིན་དུ་རྟོགས་ལ། ཅི་རིགས་པར་དེའི་རང་བཞིན་རྣམས་ཀྱང་དེ་བཞིན་དུ་རྟོགས་པར་བྱའོ་ཞེས་བཤད་དེ། ཡེ་ཤེས་ལ་སོགས་པའོ། །ཞུགས་ནས་ནི་རྟོགས་ནས་སོ། །འདིར་འོད་གསལ་ བ་ནི་སེམས་ཀྱི་རང་བཞིན་ཡང་བ་དང་དད་པར་རྣམ་པར་བཞག་སྟེ། སྐད་ཅིག་མ་དེ་ལ་རབ་ཏུ་བཅུག་ཅིང་འདྲ་བའི་རྒྱུན་ལྡོག་པར་ཐ་སྙད་དུ་བྱེད་དོ། །དེ་ཉིད་ཤེས་པ་ནི་རང་བཞིན་གྱི་སྣང་བ་བསྐྱེད་པའི་ཚུལ་དང་རྫོགས་པའི་བདག་ཉིད་ཅན་དུ་ཤེས་ནས་སོ། །ཇི་ལྟར་ཞེ་ན། གསུངས་པ་ཤེས་རབ་ཅེས་བྱ་བ་ ལ་སོགས་པ་སྟེ། ཤེས་རབ་དང་སེམས་སྣང་བའོ། །རྡོ་རྗེ་དང་ཐབས་དང་སེམས་ལས་བྱུང་བ་སྟེ་སྣང་བ་མཆེད་པའོ། །ཤེས་རབ་ཐབས་སུ་ནི་ཟླ་བ་དང་རྡོ་རྗེ་རོ་གཅིག་ཏུ་གྱུར་པ་ལས་བྱུང་བའི་ལྷའི་སྐུ་སྟོང་པ་ཉིད་རོ་གཅིག་པའོ། །དེ་བས་གསུངས་པ། ཕྱག་རྒྱ་བཞིས་ཞེས་ཏེ། སྟོང་ཉིད་བཞིས་སོ། ། རྣམ་གཞག་གི་རིམ་པས་ཀླུའི་བློས་བཅོམ་ལྡན་འདས་ནི་ཕྱག་རྒྱ་ཆེན་པོ་དང་ཡུམ་ནི་དམ་ཚིག་གི་ཕྱག་རྒྱ་དང་། སྔགས་ཀྱི་ཡེ་ཤེས་ནི་ཆོས་ཀྱི་ཕྱག་རྒྱ་དང་། གཟུགས་སྣ་ཚོགས་པས་སེམས་ཅན་གྱི་དོན་ཕུན་སུམ་ཚོགས་པ་ནི་ལས་ཀྱི་ཕྱག་རྒྱའོ་ཞེས་སོ། །དེ་ལྟར་བསྐྱེད་པའི་རིམ་པ་བསྒོམ་པའི་ རྣལ་འབྱོར་པ་ཡིན་ནོ། །སྟོང་པ་གསུམ་ནི་སྒྱུ་ལུས་ཀྱིས་ཏེ། རྣམ་རྟོག་གི་བག་ཆགས་དང་བཅས་པའི་སྒྲིབ་པ་སྤང་བའོ། །དེ་ཉིད་ནི་ཤེས་པ་གསུམ་རང་བཞིན་མེད་པའི་ཆོས་ཀྱི་སྐུའོ། །ཐམས་ཅད་མཁྱེན་པ་ནི་ཇི་ལྟར་དགོངས་པའོ། །འགྱུར་བ་མེད་པ་ནི་འཁོར་བ་མེད་པའི་ཕྱིར་རོ། །སྣང་ བ་མེད་པ་ནི་རང་བཞིན་མེད་པ་སྟེ། སྣང་བ་དང་རང་བཞིན་གྱི་སྒྲ་ནི་དོན་གཅིག་པའི་ཕྱིར་རོ། །གཉིས་མེད་ནི་མི་མཐུན་ཕྱོགས་ཟད་པས་སོ། །ཡོད་པ་ལ་སོགས་པ་དང་བྲལ་བ་ནི་ཅི་ཡང་མ་ཡིན་པའི་ཕྱིར་རོ། །འབྱུང་འགྱུར་ཞེས་པ་ནི་ཀུན་རྫོབ་ཏུའོ། །དེས་ནི་སྒྱུ་མའི་ལུས་དང་། འོད་གསལ་ དང་། ཟུང་འཇུག་གི་སྐུ་ཡོངས་སུ་རྫོགས་པར་བསྟན་ཏོ། །མི་གཡོའི་ཏིང་ངེ་འཛིན་ནི་རླུང་འགོག་པ་མཚམས་ཀྱི་བདག་ཉིད་སྣང་བ་ཐོབ་པ་དག་པ་སྟེ། དེ་ཁོ་ན་ཉིད་མ་རྟོགས་པའི་ཕྱིར་རོ། །དེ་ཉིད་ནི་གསལ་བ་སྟེ་སྤྲོས་པ་མེད་པའི་ཕྱིར་རོ། །རྨད་ཆེན་པོ་ནི་རང་བཞིན་གྱིས་ཀྱང་སོ་སོར་སྣང་བའི་ ཕྱིར་རོ། །ཡེ་ཤེས་ནི་བདེ་བ་ཆེན་པོའོ། །བྱང་ཆུབ་ཤིང་དྲུང་དུ་བཞུགས་ཏེ་མཚན་ཕྱེད་དུས་སུ་རྒྱལ་བའི་གསུང་ལས། རྒྱལ་བ་དེ་དག་གིས་བཀའ་སྩལ་བའི་ཤེས་རབ་མ་ལས་སྐྱ་རེངས་འཆར་བའི་དུས་སུ་རྒྱལ་བའི་གསུང་ལ་དམིགས་ཏེ། ལྷན་ཅིག་སྐྱེས་པའི་དགའ་བའི་བདག་ཉིད་ཅན་ དེ་ཁོ་ན་ཉིད་འོད་གསལ་བ་དང་། རང་རིག་ཏུ་གསལ་བ་རྡོ་རྗེ་ལྟ་བུའི་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་གཟིགས་པར་འགྱུར་རོ། །དེ་ནི་ཉོན་མོངས་པ་དང་ཕུང་པོ་དང་འཆི་བདག་གི་བདུད་འཇོམས་པར་མཛད་དོ། །སྲོད་ལ་ནི་ལྷའི་བུའི་བདུད་བཏུལ་ལོ། །འདིར་གསང་སྔགས་ཀྱི་ཐེག་པར་རོ། །དེ་ཉིད་ནི་འོད་གསལ་ བ་རང་བཞིན་མེད་པ་སྟེ། དེས་བདག་གཅིག་པའི་ཚུལ་དེའི་རྣམ་པར་བསྟན་པའི་ཕྱིར་རོ། །ཡེ་ཤེས་དགའ་བ་བཞིའི་རང་བཞིན་ཟུང་དུ་འཇུག་པ་ནི་འབྲས་བུའོ། །རྒྱུའི་གནས་སྐབས་སུ་དགའ་བ་བཞི་དང་རོ་གཅིག་པར་མྱོང་བ་དང་། རང་བཞིན་མེད་པ་ནི་ཐ་མི་དད་པ་ཁོ་ནའོ། །ཆགས་པ་དང་ཆགས་ པ་བར་མ་དང་ཆགས་བྲལ་གྱི་དགའ་བ་དང་། མཆོག་ཏུ་དགའ་བ་དང་དགའ་བྲལ་གྱི་བདག་ཉིད་དེ་བཞིན་ཉིད་ཀྱི་ཡེ་ཤེས་དང་གཅིག་ཏུ་གྱུར་པས་ཐ་དད་དུ་མི་དམིགས་སོ། །ཡེ་ཤེས་བཞི་པོ་དེ་ཡང་སྟོང་པ་མིན་ཏེ། ཀུན་རྫོབ་ཏུ་བདེ་བ་ཆེན་པོའི་ཚུལ་གྱིས་ཡོད་པའི་ཕྱིར་རོ། །མི་སྟོང་མིན་ནི་དོན་དམ་པ་ རང་བཞིན་མེད་པའི་ཕྱིར་རོ། །སྟོང་པ་དང་སྟོང་པ་མ་ཡིན་པ་ལས་གཞན་དབུ་མར་གནས་པ་ནི་འགལ་བ་ཡང་མེད་དོ། །ཡེ་ཤེས་གསུམ་ནི་ལྷན་ཅིག་སྐྱེས་པའི་དགའ་བ་དང་རོ་གཅིག་པའི་ཡེ་ཤེས་གསུམ་གྱི་རིམ་པ་གང་ཡིན་པ་དེ་དང་སྦྱོར་རོ། །དེ་བས་ན་དེ་ཉིད་ཀྱི་ཡེ་ཤེས་ཁོ་ན་ལས་གྲོལ་བ་ཡིན་ཏེ། དེ་ ཡང་བསྐྱེད་རྫོགས་རིམ་པ་གཉིས་ལ་གོམས་པས་ལས་དང་པོ་པའི་སྦྱོར་བས་རྩོལ་བ་དང་བཅས་པ་མཚན་མ་མེད་པའི་སྒོམ་གྱི་ས་བརྒྱད་པ་མི་གཡོ་བའི་ས་རྟོགས་ནས། དེ་ནས་བརྩམས་ཏེ་རྩོལ་བ་མེད་པར་རྒྱུ་བ་སྣང་བ་གསུམ་དང་གཉིས་སུ་མེད་པར་བདེ་བ་ཆེན་པོའི་རང་བཞིན་སྒྱུ་མའི་སྐུ་གཟིགས་ ཤིང་འོད་གསལ་ལྷག་པར་རྟོགས་ལ། ཟུང་དུ་འཇུག་པའི་ལོངས་སྤྱོད་རྫོགས་པའི་སྐུ་འོག་མིན་དུ་བཞུགས་པ། སྐྱེ་བ་འདིའམ་འགའ་ཞིག་ལ་ཐམས་ཅད་མཁྱེན་པར་འགྱུར་རོ། །གོམས་པ་དེ་ཡང་སྤྱོད་པ་གསུམ་གང་རུང་གིས་བྱའོ་ཞེས་གསུངས་པ་སྟེ། ཆོས་འབྱུང་བ་ལ་ སོགས་པའི་ཆོས་འབྱུང་རྟག་ཏུ་བརྟན་པས་མངོན་པར་འབྱུང་བ་ལ་སློབ་པར་བྱེད་དོ་ཞེས་པ་དང་འབྲེལ་ལོ། །ཆོས་ཀྱི་དབྱིངས་ནི་ཆོས་འབྱུང་སྟེ། དེ་སྙེད་པ་ཇི་ལྟ་བར་དུས་འགའ་ཞིག་ཏུ་བརྟེན་པས་མངོན་པར་བྱང་ཆུབ་པ་ཁོ་ན་ལ་སྤྱོད་པ་ཡིན་གྱི། ཕྱིའི་ཆོས་འབྱུང་གིས་ནི་མ་ཡིན་ནོ། །དེ་ལྟར་གོ་རིམས་ བཞིན་དུ་སྤྲོས་པ་དང་བཅས་པ་དང་། སྤྲོས་པ་མེད་པ་དང་། སྤྲོས་པ་མེད་པའི་སྤྱོད་པ་རྣམས་ཀྱིས་ཤིང་ཏ་ལ་དང་རས་བལ་ཚིག་པ་བཞིན་དུ་ཡུན་རིང་བ་དང་ཐུང་བ་དང་ཤིན་ཏུ་ཐུང་བས་དངོས་གྲུབ་སྒྲུབ་བྱེད་རྣམས་ཀྱིས་གོམས་པར་བྱེད་དོ། །དེའི་དབྱེ་བ་ནི་སྣང་བ་ལ་སོགས་པའི་ཡེ་ཤེས་རྣམས་ཀྱི་ དབྱེ་བ་ཁྱད་པར་ཅན་ནོ། །བསྟན་བཅོས་མཆུ་ནི་བསྟན་བཅོས་ལ་ངལ་བར་བྱས་པ་ཙམ་མོ། །གནས་དྲུག་ནི་མཐའ་དྲུག་གོ། །སྒྲིབ་པ་རྣམས་ལས་རིང་དུ་སོང་བས་འཕགས་པའང་ཡིན་ལ། རྡོ་རྗེའང་ཡིན་པས་རྡོ་རྗེ་འཛིན་པ་དཔལ་ལྡན་ཀླུ་སྒྲུབ་བོ། །རིམ་པ་འདིས་ཕལ་ཆེར་ཡེ་ཤེས་གསུམ་གྱི་ རང་བཞིན་གྱི་དབྱེ་བས་སེམས་ཀྱི་དབེན་པ་གསལ་བར་མཛད་དོ། །འདི་ལྟར་སྤྱོད་བསྡུས་ལས། རང་བཞིན་གྱི་སྣང་བ་ཙམ་ཤེས་པ་ནི་སེམས་དབེན་གྱི་མཐར་ཐུག་གོ། །དེ་ཡང་སྣང་བ་ཐམས་ཅད་དང་བཅས་ཤིང་མཚན་མ་དང་ལྡན་པ་ལྷའི་གཟུགས་ནི་མི་དམིགས་ཏེ། སེམས་སྣང་བ་ཙམ་ ཡིན་པའི་ཕྱིར་རོ་ཞེས་གསུངས་སོ། །འདིར་དགོངས་པ་བླ་ན་མེད་པ་བསྟན་པ་ཡིན་པས་བླ་ན་མེད་པའི་དགོངས་པ་ཞེས་བྱའོ། །དེའི་དགོངས་འགྲེལ་རྫོགས་སོ།། །།བདག་བྱིན་གྱིས་བརླབ་པའི་བདག་ཉིད་ཀུན་རྫོབ་ཀྱི་བདེན་པ་བསྒོམ་པའི་ནུས་པ་ཐོབ་པས་དེ་ཉིད་ཀྱི་དོན་དམ་པའི་བདག་ཉིད་ ཅན་རང་བཞིན་འོད་གསལ་བསྒོམ་པ་ལ་ངེས་པར་སྦྱར་བའི་ཕྱིར་བཤད་དེ། ཐམས་ཅད་ཅེས་པ་ལ་སོགས་པའོ། །མངོན་པར་བྱང་ཆུབ་པའི་འོད་གསལ་རྟོགས་པའོ། །བླ་མའི་གསུང་གིས་སྤྱོད་ཡུལ་དུ་མ་གྱུར་པ་སོ་སོ་རང་གིས་རིག་པར་བྱ་བའི་དེ་ཁོ་ན་ཉིད་རྟོགས་པ་ལས་བྱུང་བ་ནི་རང་ བྱུང་ངོ་། །ལྷག་པའི་ལྷ་ནི་རྣམ་པར་ཤེས་པའི་ཕུང་པོ་ལ་སོགས་པའི་རང་བཞིན་མི་བསྐྱོད་པ་ལ་སོགས་པའི་གཙོ་བོའོ། །སྙོམས་པར་འཇུག་པའི་ཆོ་ག་ནི་འཁྱུད་པ་ལ་སོགས་པའོ། །སྣང་བ་ནི་སྟོང་པ་བཞི་མྱོང་ཞིང་དགའ་བ་ལ་སོགས་པའི་རང་བཞིན་ནོ། །བྱང་ཆུབ་སེམས་བདུད་རྩི་ཡིན་པས་ དེའི་སྣོད་ཀ་ལ་ཤ་ནི་རྡོ་རྗེ་ནོར་བུ་སྟེ། དེས་རྩེ་མོར་ཤིན་ཏུ་བརྟན་པར་བཞག་ནས་གསང་བའི་དབང་བསྐུར་བར་བྱའོ། །གང་ཟག་བློ་ཆུང་ངུ་ཡིན་ན་སྤྱོད་བསྡུས་ལས་གསུངས་པ། བུམ་པའམ་ཡང་ན་དུང་དཀར་ལ། །བྱང་ཆུབ་སེམས་ནི་བཞག་ནས་སུ། །དེ་ལ་དམ་ཚིག་སྦྱིན་བྱ་སྟེ། །གཉུག་ མའི་ཕྱག་རྒྱར་ཡང་དག་ལྡན། །ཞེས་པ་འདིར་གཉུག་མའི་ཕྱག་རྒྱ་ནི་སློབ་མས་མངོན་སུམ་རྡོ་རྗེ་སེམས་དཔར་མོས་ནས་སྔར་གང་ཕུལ་བའོ། །ཁམས་གསུམ་གྱི་སྒྲོ་བཏགས་པ་རྣམས་དང་། ཁྱད་པར་བྲལ་བ་ཡིན་པས་འདོད་པ་རྣམས་ཀྱིས་མ་གོས་པའོ། །ནམ་མཁའ་དང་མཉམ་གྱུར་ ནི་སྤྲོས་པ་མེད་པ་སྟེ། དེ་ཉིད་ཀྱི་ཕྱིར་ཅི་ཡང་མི་དམིགས་སོ། །མི་བརྟེན་པ་ནི་རྟེན་དང་བརྟེན་པ་ལ་སོགས་པ་དང་རང་བཞིན་མེད་པའི་ཕྱིར་རོ། །མ་བསམས་པའི་ཀུན་རྟོག་ནི་སྨོན་ལམ་སྟེ་དེའི་འབྲས་བུའི་གནས་སྐབས་སུ་མ་བསམས་པ་ཁོ་ན་ལས་སྨོན་ལམ་གྱི་དོན་ཀུན་ཕུན་སུམ་ཚོགས་པ་འབྱུང་ ངོ་། །བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་གྱི་ཚུལ་གྱིས་དེའི་ཐུགས་སོ། །གོས་པ་ནི་བག་ཆགས་སོ། །བྱང་ཆུབ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་གིས་བདེ་བ་ཆེན་པོ་མངོན་པར་འབྱུང་བ་ནི་སྣང་བ་ལ་སོགས་པའི་རིམ་པས་སོ། །ལས་དང་སྐྱེ་བའི་བག་ཆགས་དང་བཅས་པའོ། །སྣང་བ་གསུམ་ སྤངས་པ་ནི་རང་བཞིན་གྱིས་ཡོངས་སུ་དག་པ་དང་། འཇིག་རྟེན་ལས་འདས་པའི་རྟོག་པའི་གནས་སྐབས་སུ་གློ་བུར་གྱི་དྲི་མ་དག་པས་སོ། །རྡོ་རྗེ་ཡེ་ཤེས་ནི་ཐེག་པ་ཆེན་པོའོ། །ཡེ་ཤེས་ཆེན་པོ་ནི་ཟུང་འཇུག་གོ། །དེ་ཇི་ལྟར་ཞེ་ན། སངས་རྒྱས་ཐམས་ཅད་དེ་གོམས་པ་ལས་འབྱུང་བའི་ ཕྱིར་དེ་དང་བདག་གཅིག་པའི་ཚུལ་དུ་དེ་ལ་གནས་པའི་ཕྱིར་རོ། །དེ་བས་གསུངས་པ། དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཞེས་སོ། །ཐོག་མཐའ་མེད་པ་ནི་སྐྱེ་བ་དང་འཇིག་པ་མེད་པའི་ཕྱིར་རོ། །ཞི་བ་ནི་ཤེས་བྱའི་སྒྲིབ་པ་མེད་པའོ། །རིམ་པ་ནི་སྣང་བ་ལ་སོགས་པའོ། །བརྩམས་ པ་ནི་བརྟན་པར་བྱ་བའི་ཆེད་དུའོ། །ཟླ་བའི་འོད་དང་བཅས་པའི་མཚན་མོའི་ཆ་ལྟར་སྤྲོ་བ་བསྐྱེད་པ་དང་མི་གསལ་བ་སྣང་བའི་ཕྱིར་མཚན་མོའི་ཆ་སྟེ། དགའ་བ་སྟེ་སྣང་བའོ། །ཉི་མའི་འོད་དང་ལྡན་པའི་ཉིན་མོ་བཞིན་དུ་གསལ་བར་སྣང་བའི་ཉིན་མོ་སྟེ། མཆོག་ཏུ་ དགའ་བ་སྣང་བ་མཆེད་པའོ། །མཚན་ནི་ཤིན་དུ་དམར་བ་བཞིན་དུ་ཉིན་མཚན་རོ་གཅིག་པའི་ཚུལ་གྱིས་ཤིན་ཏུ་ཡིད་དུ་འོང་བར་སྣང་བས་མཚམས་ཏེ། དགའ་བྲལ་སྣང་བ་ཐོབ་པའོ། །འགྱུར་བ་ལ་སོགས་པའི་རྣམ་པར་རྟོག་པ་ཕྲ་བར་གྱུར་པ་བདེ་བས་ཁྱད་པར་དུ་འཕགས་པའི་རྣམ་རྟོག་ གི་རང་བཞིན་དག་ནི་རིམ་པ་བཞིན་དུ་སྣང་བ་གསུམ་དང་སྦྱར་རོ། །ཀུན་རྟོག་གསུམ་པ་དེས་སྟོང་པ་བདེ་བ་ཆེན་པོའི་སྣང་བ་དང་རོ་གཅིག་པའི་སྣང་བ་གསུམ་དང་ལྷན་ཅིག་པའི་དགའ་བ་བྱང་ཆུབ་ཀྱི་སྐད་ཅིག་སྟེ་འོད་གསལ་བའོ། །གང་གི་ཕྱིར་དོན་དམ་པ་འོད་གསལ་བ་ཆོས་ཐམས་ཅད་རང་བཞིན་མེད་པའི་བྱང་ ཆུབ་ནི་ཀུན་རྫོབ་ལྷན་ཅིག་སྐྱེས་པའི་བདེ་བ་མྱོང་བས་སོ་སོར་ལྷག་པར་རྟོགས་པ་སྟེ། དེ་དང་བདག་གཅིག་ཏུ་འོད་གསལ་བའི་ཕྱིར་རྣམ་པར་འགྱུར་བའི་ཕྱིར་རོ། །ལ་ལར་ནི་ལྡོག་པ་ཐ་དད་པར་འདོད་ནས་དོན་ཐ་དད་པར་བཏགས་པ་ཙམ་ཡིན་ནོ། །དཔེར་ན་ལྷན་ཅིག་སྐྱེས་པའི་བདེ་བ་ནི་དེ་བཞིན་ གཤེགས་པའི་དབུགས་འབྱུང་ཡིན་ལ། དེ་རང་བཞིན་མེད་པ་ནི་རྡོ་རྗེ་འཛིན་པའི་དབུགས་འབྱུང་ཞེས་བཤད་པ་ཡིན་ནོ། །ལ་ལར་ནི་དེ་ཐ་མི་དད་པར་སྨྲ་བར་འདོད་པས་ཐ་མི་དད་པར་གཞག་སྟེ་དཔེར་ན། འབྲས་བུས་རྒྱུ་ལ་རྒྱས་བཏབ་སྟེ། རྒྱུ་ཡིས་འབྲས་བུ་རྒྱས་བཏབ་བསྒོམ། །ཞེས་ པ་བཞིན་ནོ། །བསྟན་པ་ནི་ཀུན་རྫོབ་ཏུ་བརྗོད་པའི་ཚིག་གིས་སོ། །དོན་དམ་པར་ནི་རྣམ་པར་རྟོག་པ་དང་། ངག་ཏུ་བརྗོད་པའི་སྤྱོད་ཡུལ་མ་ཡིན་ནོ། །དེ་ཉིད་ཀྱི་སྤྱིར་གསུངས་པ། རྣལ་འབྱོར་པ་ཉིད་ཡུལ་དེ་རང་གི་རིག་པར་བྱའོ། །འཇིག་རྟེན་ལས་འདས་པ་འོད་གསལ་བ་དང་རོ་ གཅིག་པ་བདེ་བ་ཆེན་པོ་བྱང་ཆུབ་མཚོན་པར་བྱ་བའི་ཕྱིར་ན། གང་གི་དཔེ་འདི་ངེས་པར་མི་ནུས་པ་ལ་གསུངས་ཏེ། ངག་ཏུ་ཞེས་བྱ་བ་ལ་སོགས་པའོ། །དྲི་མེད་ནི་ཡོད་པ་དང་མེད་པ་ལ་སོགས་པར་སྒྲོ་བཏགས་པ་ཐམས་ཅད་ཀྱི་རྙོག་མས་མ་གོས་པའོ། །ཡང་དག་མཐའ་ནི་སྟོང་ པ་ཉིད་བཤད་པར་བྱའོ། །སློབ་མས་ཀྱང་སྐད་ཅིག་དེ་ལ་ཕྱིའི་བྱང་ཆུབ་ཀྱི་དཔེར་གྱུར་པ་མཐོང་བའི་ངེས་པས་ཐོབ་སྟེ་རྟོགས་པར་འགྱུར་རོ། །ནང་གི་བདེ་བ་དེ་ཡང་ཀུན་རྫོབ་ཀྱི་རང་བཞིན་བདེ་བ་ཆེན་པོ་དང་དོན་དམ་པའི་རང་བཞིན་ཐམས་ཅད་སྟོང་པའོ། །དེ་ལྡོག་པ་ཐ་དད་པར་ཡང་ཡོངས་སུ་ བརྟགས་ཏེ། དང་པོ་ནི་སྐྱེ་བ་དང་གནས་པ་ཉམས་པའི་ཆོས་དང་ལྡན་པར་རྣམ་པར་གཞག་གོ། །གཉིས་པ་ནི་དེ་དང་བྲལ་བའོ། །ཇི་ལྟར་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། མ་བྱུང་ཡང་རུང་ཆོས་རྣམས་ཀྱི་ཆོས་ཉིད་ནི་གནས་པ་ཉིད་དེ། དཔེར་ན་དེ་བཞིན་ཉིད་ཅེས་བྱ་བ་ལ་ སོགས་པ་བཞིན་ནོ། །བག་ཆགས་ལ་སོགས་པ་དང་ཡང་བྲལ་བ་ཡིན་ཏེ། འདི་ལྟར་འགྲོ་བ་ནི་མྱ་ངན་ལས་འདས་པ་དང་། འོང་བ་ནི་སྙིང་རྗེ་ཆེན་པོས་འཁོར་བ་སྟེ། དེ་གཉིས་འདི་ལ་མེད་དོ། །གང་གི་ཕྱིར་གསུངས་པ། རིགས་ཀྱི་བུ་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མེད་ཅིང་འགྲོ་བ་མེད་ དེ། དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ་ཞེས་སོ། །ཟད་པ་ནི་སྒྲིབ་པ་དང་བཅས་པ་རྣམས་སོ། །འཕེལ་བ་ནི་མངོན་པར་ཤེས་པ་ལ་སོགས་པ་ཡོན་ཏན་གྱི་རང་བཞིན་ནོ། །གང་གི་ཕྱིར་གསུངས་པ་དངོས་པོ་བརྗོད་དུ་མེད་པའོ། །ཉམས་པ་དང་ནི་འཕེལ་མི་རུང་། །ཞེས་སོ། ། དངོས་དང་དངོས་མིན་ནི་ཡོད་པ་ལ་སོགས་པར་སྒྲོ་བཏགས་པའི་སྤྲོས་པ་ལས་འདས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་སྤྲོས་པ་མེད་པའི་ཆོས་སྐུ་ཡིན་ཡང་ཀུན་རྫོབ་ཀྱི་ཚུལ་གྱིས་འགྲོ་བ་ལ་སོགས་པ་དང་ལྡན་པས་ངོ་མཚར་བའོ། །ངོ་མཚར་མིན་པ་ནི་སེམས་རྟག་ཏུ་བདེན་པ་གཉིས་ཀྱི་རང་བཞིན་ཡིན་ པས་སོ། །དེ་ཉིད་ཀྱི་ཕྱིར་འགྲོ་བ་ལ་སོགས་པའི་སྦྱོར་བས་གནས་པ་མིན་ཏེ། འགྲོ་བ་ལ་སོགས་པ་མེད་པའི་ཕྱིར་རོ། །ཀུན་རྫོབ་ཀྱི་ཚུལ་དུ་ཅི་རིགས་པར་ཡོད་པ་ལ་སོགས་པའི་ཐ་སྙད་འབྱུང་ངོ་། །དེ་ཉིད་ནི་བདེན་ཞིང་མི་སླུ་བ་བདེན་པ་གཉིས་ཐ་མི་དད་པའི་མཚན་ཉིད་ཅན་ཟུང་དུ་འཇུག་པའི་རིམ་པ་ ཡང་དག་པའི་ཏིང་ངེ་འཛིན་ཏོ། །དམིགས་པ་ཐམས་ཅད་ཞི་བ་དེ་ཁོ་ན་ཉིད་དོ་ཞེས་སྤྱོད་བསྡུས་སུ་གསུངས་སོ། །རྒྱུ་དང་མི་རྒྱུ་འདིའི་ངོ་བོ་ཡིན་པས་རྒྱུ་དང་མི་རྒྱུའི་བདག་ཉིད་ཅན་ནོ། །འདི་ལྟར་སྔར་གསུངས་པ། རྣལ་འབྱོར་གང་དང་གང་དམིགས་པ། །དེ་ནི་བདག་ཉིད་བཞིན་དུ་རྟོག །ཅེས་ སོ། །གང་གི་ཕྱིར་བདག་ཉིད་དུ་ཉེ་བར་བརྟགས་ནས་བེམས་པོ་དང་གཞན་སེམས་མེད་པས་ཇི་ལྟར་སྙིང་རྗེ་ཆེན་པོ་ལ་སོགས་པས་འགྲོ་བའི་གཉེན་གཅིག་པུ་ལ་སོགས་པར་འགྲུབ་པའོ། །ཡེ་ཤེས་ནི་བདེ་བ་ཆེན་པོའོ། །མི་ཟད་པ་ནི་ཆོས་ཀྱི་སྐུ་སྟོང་པ་ཉིད་དོ། །དོན་གཉིས་ ཀྱི་བདག་ཉིད་ཅན་ནོ། །རྟག་ཏུ་མཉམ་པར་བཞག་པས་ཞི་བའི་སྐུའོ། །ཞི་བ་མིན་ན་ནི་མཆོག་ཏུ་གྱུར་པའི་བརྩོན་འགྲུས་དང་ལྡན་པའོ། །རྡོ་རྗེ་འཛིན་པའི་རང་བཞིན་ཡིན་པས་གནས་པ་ཁོ་ནའོ། །སངས་རྒྱས་མིག་ནི་ཤེས་རབ་ཀྱི་སྤྱན་ཕྱེ་བས་སོ། །ལུས་ལ་སོགས་པས་བྱ་བ་བྱེད་ཀྱང་ དེ་བཞིན་ཉིད་ལ་སེམས་བརྟན་པས་གཡོ་བ་མེད་པའི་ཕྱིར་སེམས་མཉམ་པར་བཞག་པས་སོ། །དེ་ཉིད་ཀྱི་ཕྱིར་ངག་གི་བརྗོད་པ་དང་བྲལ་བའོ། །དེ་ལྟ་བུས་ལྷ་དང་མིའི་ཡིད་དུ་འོང་བ་ཕུན་སུམ་ཚོགས་པ་བརྟན་པའི་ཕྱིར་ལོངས་སྤྱོད་ལྡན་ཏེ། བླ་ན་མེད་པའི་ཆོས་ཀྱི་བདུད་རྩི་ལ་ལོངས་སྤྱོད་ པས་ཀྱང་ངོ་། །སྙིང་རྗེ་ཆེན་པོས་འགྲོ་བ་འདོན་པ་ལ་བརྩོན་པས་འཇིག་རྟེན་མགོན་པོའོ། །དེ་ལྟར་ཤེས་རབ་ཏུ་གྱུར་པ་འདིས་ནི་སྟོང་ཉིད་སྙིང་རྗེ་ཐ་མི་དད་པ་དག་རྡོ་རྗེ་འཛིན་པའི་སྐུ་རང་ཉིད་དང་བ་དང་བསམ་པ་རྒྱུན་མི་འཆད་པར་གོམས་པར་བྱེད་དོ། །ཤེས་རབ་འབྲིང་པོས་རྡོ་རྗེ་འཛིན་ པའི་རང་བཞིན་ཡང་ནས་ཡང་དུ་སྟོང་པར་བྱས་ཤིང་། དངོས་པོར་འཛིན་པའི་མདུད་པ་གྲོལ་བ་དང་ལྡན་པར་བྱ་ཞིང་མེད་པར་འཛིན་པར་གྲོལ་ཞེས་བྱ་སྟེ་མན་ངག་ཅེས་བྱ་བ་ལ་སོགས་པའོ། །རིལ་པོ་ནི་ལུས་དེ་སྟོང་པ་ཉིད་ཀྱིས་འཛིན་པ་ནི་རིལ་པོར་འཛིན་ནོ། །འགྲོ་བ་ཐམས་ཅད་འོད་ གསལ་དུ་བྱས་ནས་དེའི་རྗེས་སུ་རང་འཛིན་པ་ནི་སྟོང་པར་བྱེད་པ་སྟེ་རྗེས་སུ་གཞུག་པའོ། །སྟོང་པ་ཉིད་དུ་རབ་ཏུ་ཞུགས་པས་ཇི་ལྟར་གཞན་དོན་བྱེད་ཅེས་གསུངས་པ་དེ་དང་དེ་གཟུགས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་ཁ་དོག་དང་ལྡན་པ་དེ་དང་དེའི་ མདོག་དང་མཚུངས་པའི་འོད་ཟེར་རྣམས་ནི་དེ་དང་དེའི་གཟུགས་འོད་ཟེར་རོ། །དེ་དང་ཡིད་ཀྱི་རང་བཞིན་བདག་བྱིན་གྱིས་བརླབ་པའི་རང་བཞིན་གྱིས་ཀྱང་ངོ་། །གནས་སྐབས་འདིར་སྐྱེ་བ་སྔ་མའི་དྲི་མ་བཀྲུ་བའི་ཕྱིར་རོ། །འོད་གསལ་དུ་འཇུག་པ་ཁོ་ན་ལ་ཆེར་འབད་པས་ ལན་འགའ་འགྱུར་ཞེས་གསུངས་སོ། །འོ་ན་ནི་སེམས་ཅན་གྱི་དོན་ལ་སོགས་པ་ནི་ལྡང་བ་ཡོད་ན་འབྱུང་སྟེ། དེ་ཡང་གང་ཞེ་ན། གསུངས་པ། ཇི་ལྟར་ཞེས་བྱ་བ་ལ་སོགས་པའོ། །རུང་བ་ལས་ནི་རང་བཞིན་གྱིས་ཡོངས་སུ་དག་པ་ལས་སོ། །སྒྱུ་འཕྲུལ་དྲ་བ་ཇི་ལྟ་བུ་ཞེ་ན། གསུངས་པ་ རིགས་ཞེས་པ་སྟེ། སངས་རྒྱས་ལྔའི་རིགས་རྣམས་ནི་རྣམ་པར་སྣང་མཛད་ལ་སོགས་པ་སྟེ། རྡོ་རྗེ་སེམས་དཔའ་གང་ལ་ལྟོས་པ་ཡིན་པ་དེ་དེ་བཞིན་ནོ། །ཕྱག་རྒྱ་ཆེན་པོ་ནི་རྡོ་རྗེ་འཛིན་པའི་སྐུར་རང་ཉིད་ལྡན་པར་བྱ་སྟེ། སྤྲོས་པའི་དེ་བཞིན་གཤེགས་པ་རྣམས་དང་འོད་ཟེར་དག་གིས་སེམས་ཅན་གྱི་ དོན་མཛད་པར་བསྒོམ་པར་བྱའོ། །དེ་ལྟ་བུར་གྱུར་པའི་བདག་ཉིད་དང་རོ་གཅིག་པའི་ཚུལ་དུ་རང་བཞིན་མེད་པར་བསྒོམ་པ་ལ་ཁྱད་པར་དུ་སྦྱར་བའི་ཕྱིར་བཤད་དེ། ཐམས་ཅད་སྟོང་པའི་གཞི་ལ་གནས། །ཞེས་པ་སྟེ། གང་གི་ཕྱིར་ཐམས་ཅད་སྟོང་པ་ཉིད་རང་བཞིན་མེད་པར་བསྒོམས་ པས་བག་ཆགས་དང་བཅས་པའི་སྒྲིབ་པ་མ་ལུས་པར་སྤངས་པའི་རང་བཞིན་གློ་བུར་གྱི་དྲི་མ་ཡོངས་སུ་དག་པར་འགྱུར་རོ། །དེ་ལྟར་བླ་མས་གསུངས་པ་ལ་ངེས་པར་བྱས་པའི་སྣང་བ་ལ་སོགས་པ་རང་རིག་ཏུ་རྟོགས་པར་བྱ་བའི་ཕྱིར། སློབ་མ་ལ་དངོས་པོ་ཐམས་ཅད་དང་བྲལ་བའི་ཞེས་པ་ནས་ སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱི་བར་དུ་བརྗོད་ཅིང་གཉིས་སུ་མེད་པར་དམིགས་ལ་ཤེས་རབ་ཡེ་ཤ