Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 36
Văn bản gốc(Tây Tạng)
Trang 11 / 20 (50.000 ký tự/trang)
ི་ཆོས་སོ། །དེའི་གཉེན་པོ་ངོ་བོ་རྣམ་པར་བྱང་བའི་ཆོས་ཏེ། དེས་ན་ཐེག་པ་ཆེན་པོ་པ་རྣམས་ཀྱིས་ཐུན་མོང་མ་ཡིན་པའི་རྣམ་གྲངས་སྟོན་ཏེ། སྣང་བ་ཞེས་བྱ་བ་ལ་ སྟོང་པ་དང་། ཤིན་ཏུ་སྟོང་པ་དང་། སྟོང་པ་ཆེན་པོ་དང་། སྣང་བ་དང་། སྣང་བ་མཆེད་པ་དང་། སྣང་བ་ཐོབ་པ་དང་། སེམས་དང་། སེམས་ལས་བྱུང་བ་དང་། འདོད་ཆགས་དང་བྲལ་བ་དང་། འདོད་ཆགས་བར་མ་ཞེས་བྱ་བའོ། །བཞི་པ་ཡང་ཐམས་ཅད་སྟོང་པའི་ མཚན་ཉིད་དེ། རྒྱུ་དང་འབྲས་བུའི་བྱེ་བྲག་གིས་ཤེས་པར་བྱའོ། །དེ་ཉིད་གསལ་བར་སྟོན་ཏེ། ཤེས་རབ་ཅེས་བྱ་བ་ལ་སོགས་པ་ལ། ཤེས་རབ་ནི་བདག་མེད་པར་མཐོང་བའོ། །ཐབས་ནི་སྙིང་རྗེ་ཆེན་པོའོ། །དེ་དག་ཡང་དག་པར་སྦྱོར་བ་ནི་གཉིས་སུ་མེད་པ་སྟེ། རྫོགས་པའི་ཉེ་བར་ཐོབ་པའི་ཡེ་ཤེས་སྐྱེད་པའོ། །དེ་དག་ལས་ཀྱང་འོད་གསལ་བའི་མཚན་ཉིད་ཐམས་ཅད་སྟོང་པའི་ཡེ་ཤེས་སྐྱེ་བར་འགྱུར་ཏེ། འདི་ལྟར་རྒྱུའི་རིམ་པ་རྣམ་པར་དག་ཅིང་དྲི་མ་མེད་པ་བླ་ན་མེད་པའི་གནས་འཐོབ་ཅེས་བྱ་བར་སྦྱར་རོ། །གཞན་ཡང་ རྣམ་པར་ཤེས་པ་གསུམ་རྣམ་པར་དག་པས་སྟོང་པ་གསུམ་རྣམ་པར་སྦྱོར་བ་ཞེས་བྱ་བ་རྒྱུ་དང་འབྲས་བུའི་ངོ་བོ་རབ་ཏུ་སྟོན་ཏེ། དེ་ཉིད་སྣང་བ་དང་། སྟོང་པ་དང་། ཤེས་རབ་དང་། ཡེ་ཤེས་དང་། གཞན་དབང་གི་ངོ་བོ་དང་། སེམས་ཞེས་ བྱ་བ་ནི་རྣམ་གྲངས་སུ་བརྗོད་པའོ། །རང་བཞིན་གྱི་སེམས་དེའི་མཚན་ཉིད་གསལ་བར་སྟོན་ཏེ། དེ་ཡིས་ཞེས་བྱ་བ་ལ་སོགས་པ་ལ་ཚིགས་སུ་བཅད་པ་ཕྱེད་དང་བརྒྱད་ནི་བརྗོད་མི་དགོས་ཏེ་གོ་སླའོ། །ཆགས་བྲལ་ཞེས་བྱ་བ་ལ་སོགས་པ་ལ། འདིར་འདོད་ཆགས་དང་བྲལ་བའི་ སེམས་ནི་ཡིད་དུ་འོང་བ་མཐོང་བས་མ་ཆགས་པའོ། །དེ་ཡང་དམན་པ་དང་། བར་མ་དང་། ཆེན་པོའི་བྱེ་བྲག་གིས་རྣམ་པ་གསུམ་མོ། །ཡིད་འགྲོ་ཞིང་འོང་བ་ནི་སེམས་རྣམ་པར་གཡོ་བ་ནི་མྱ་ངན་ལ་སོགས་པ་གསུམ་ཞེས་བྱ་བ་ནི་སྟུག་པ་དང་བྲལ་བར་འགྱུར་ན་ཡིད་ལ་སེམས་ ཤིང་གདུང་བའོ། །དེ་ཡང་དམན་པ་དང་། བར་མ་དང་། ཆེན་པོའི་བྱེ་བྲག་གིས་རྣམ་པ་གསུམ་མོ། །ཞི་བ་ལ་ཞེས་བྱ་བ་ལ་ནི་སེམས་ཞི་བར་གནས་པའོ། །རྣམ་པར་རྟོག་པ་ནི་རྒོད་པར་གནས་པའོ། །འཇིགས་པ་ཞེས་བྱ་བ་ནི་ཡིད་དུ་མི་འོང་བ་དང་ཕྲད་པར་གྱུར་ན་སེམས་ སྐྲག་པར་གྱུར་པའོ། །དེ་ཡང་རྣམ་པ་གསུམ་ནི་སྔ་མ་བཞིན་ནོ། །སྲིད་པ་ནི་ཡུལ་ལ་ཞེན་པ་སྟེ། དེ་ཡང་ཡུལ་གྱི་བྱེ་བྲག་གིས་རྣམ་པ་གསུམ་ནི་སྔ་མ་བཞིན་ནོ། །ཉེ་བར་ལེན་པ་ནི་གཞན་གྱི་ནོར་ཡིད་ཀྱིས་ལེན་པར་བྱེད་པའམ། ཡུལ་རྣམས་ལ་ཀུན་དུ་འཛིན་པའོ། ། མི་དགེ་བ་ནི་དགེ་བའི་ལས་ལ་ཡིད་གཉིས་ཟ་བའོ། །བཀྲེས་པ་དང་སྐོམ་པ་ནི་རང་གི་རྒྱུན་དུ་ཉམས་སུ་མྱོང་ཞིང་འཇུག་པའི་མཚན་ཉིད་དོ། །ཚོར་བ་ནི་བདེ་བ་དང་སྡུག་བསྔལ་བ་དང་། གཉི་ག་མ་ཡིན་པའི་རྣམ་པ་ཉམས་སུ་མྱོང་བ་སྟེ། དེ་ཡང་ཡུལ་གྱི་བྱེ་བྲག་གིས་རྣམ་ པ་གསུམ་མོ། །རིག་དང་རིག་འཛིན་ཞེས་བྱ་བ་ལ། རིག་པ་ནི་རིག་པའོ། །རིག་འཛིན་ནི་རང་གི་རིག་པའི་ཤེས་པའོ། །དེ་དག་གི་གཞི་ནི་གནས་ཏེ། དམིགས་པའི་དངོས་པོ་ཞེས་བྱ་བའི་དོན་ཏོ། །སོ་སོར་རྟོག་པ་ནི་རིགས་དང་མི་རིགས་པ་དཔྱོད་པའོ། །ངོ་ཚ་ཤེས་པ་ ནི་ཁ་ན་མ་ཐོ་བ་ལ་འཛེམ་པའོ། །སྙིང་རྗེ་ནི་སྡུག་བསྔལ་དང་བྲལ་བར་འདོད་པའི་སེམས་སོ། །བརྩེ་བ་ནི་དམིགས་བྱ་ཡོངས་སུ་སྲུང་བའམ་སྡུག་པ་དང་ཕྲད་པར་འདོད་པའོ། །དེ་ཡང་ལུས་ཀྱི་བྱེ་བྲག་གིས་རྣམ་པ་གསུམ་མོ། །དོགས་པ་ནི་སེམས་ངེས་པར་མི་གནས་ པའོ། །བསགས་པ་ནི་ཡོ་བྱད་ཡོངས་སུ་སྡུད་པའོ། །སེར་སྣའི་བློས་མི་གཏོང་བའོ། །རང་བཞིན་སུམ་ཅུ་རྩ་གསུམ་པོ་དེ་དག་མི་རྣམས་ཀྱིས་རང་རིག་པའོ། །དེ་ཡང་ཀུན་རྫོབ་གསལ་བའི་ངོ་བོས་མཚན་མོ་ཞེས་བྱ་བར་བསྟན་ཏེ། དེ་ཉིད་ཀྱིས་བུད་མེད་དང་འཇམ་པོ་ལྟ་བུ་ ཞེས་བྱའོ། །གཡོན་པ་ཞེས་བྱ་བ་དང་། ཟླ་བའི་དཀྱིལ་འཁོར་དང་། པདྨ་ཞེས་བྱ་བ་ཡང་བསྟན་ཏེ། འདིར་འཇམ་པོ་ལྟ་བུ་དང་། གཡོན་པ་ཞེས་བྱ་བ་ཟླ་བའི་སྣང་བ་མཆེད་པས་གཡོན་པ་ལ་བརྟེན་པ་ཉིད་ཀྱིས་སོ། །འཇམ་པོ་ནི་ཤིན་ཏུ་གཞོན་པའོ། །གཡོན་པ་ཞེས་ བྱ་བས་ཀྱང་འདིར་བྱང་ཕྱོགས་སུ་འགྲོ་བའི་མིང་དུ་བརྗོད་དོ། །འདི་ཉིད་དང་པོའི་ལས་ཅན་བརྟན་པར་བྱེད་པའི་རྒྱུ་དང་པོའི་དབྱངས་ཡིག་ཐིག་ལེ་དང་བཅས་པ་རབ་ཏུ་བསྟན་པ་ཨོཾ་སྟེ། དེ་བསྒོམ་པ་འཕེལ་བར་གྱུར་པས་ཀྱང་། ཟླ་བའི་འོད་ཟེར་སྣང་བ་ལྟ་བུ་སྣང་བའི་ཡེ་ཤེས་ཡང་ དག་པར་འབྱུང་བ་སྟེ། སྐྱེ་ཞེས་བྱ་བར་གསུངས་སོ། །རང་བཞིན་སུམ་ཅུ་རྩ་གཉིས་ཤེས་རབ་དང་སྙིང་རྗེ་ལ་དམིགས་པ་གསུངས་ཏེ། སྟོང་པའི་ཁོངས་སུ་གཏོགས་པ་སྣང་བའི་མཚན་ཉིད་དོ། །ད་ནི་ཐབས་ཀྱི་ཡེ་ཤེས་ལ་གཙོར་དམིགས་པ་ཤིན་ཏུ་སྟོང་པའི་ཁོངས་སུ་ གཏོགས་པ། རང་བཞིན་ཚིག་ལེའུར་བྱས་པ་བདུན་གྱིས་སྟོན་ཏེ། སྣང་བ་མཆེད་པ་དང་། ཤིན་ཏུ་སྟོང་པ་དང་། ཐབས་ཀྱི་ཡེ་ཤེས་དང་ཡོངས་སུ་བརྟགས་པ་དང་། སེམས་ལས་བྱུང་བ་ཞེས་བྱ་བ་ནི་ཕྱོགས་གཅིག་སྟེ། རྣམ་གྲངས་ཀྱི་དབྱེ་བར་བསྟན་ཏོ། །ཆགས་པ་ ཞེས་བྱ་བ་ནི་མ་ཐོབ་པའི་ཡུལ་ལ་ཡིད་ཀུན་དུ་ཆགས་པའོ། །ཞེན་པ་ནི་ཐོབ་པའི་ཡུལ་ལ་ཆགས་པའོ། །དགའ་བ་ནི་ཡིད་དུ་འོང་བའི་དངོས་པོ་མཐོང་བས་སེམས་དགའ་བའོ། །དེ་ཡང་དམན་པ་དང་། བར་མ་དང་ཆེན་པོའི་བྱེ་བྲག་གིས་རྣམ་པ་གསུམ་མོ། །རངས་ པའི་སེམས་ཀྱིས་མངོན་པར་འདོད་པའི་དངོས་པོ་འགྲུབ་པས་བདེ་བའི་གནས་སྐབས་སོ། །རབ་ཏུ་མགུ་བ་ནི་དེའི་རྣམ་པའི་སེམས་ཀྱིས་ཡང་དང་ཡང་དུ་ཉམས་སུ་མྱོང་བའོ། །ངོ་མཚར་ཞེས་བྱ་བས་ནི་གཏམ་སྣ་ཚོགས་པས་ཅི་འདི་ཡིན་ནམ་མ་ཡིན་སྙམ་དུ་ ཐེ་ཚོམ་ཟ་བའོ། །དགོད་པ་ནི་ཡིད་དུ་འོང་བ་མཐོང་བས་དགོད་པར་བྱེད་པའོ། །ཚིམ་པ་ནི་བདེ་བའི་རྣམ་པ་ཉམས་སུ་མྱོང་བའོ། །འཁྱུད་པ་ནི་ཡིད་དུ་འོང་བའི་དངོས་པོ་དང་ལྷན་ཅིག་ཏུ་འདྲེས་པའོ། །འོ་བྱེད་དེ་བཞིན་འཇིབ་ཅེས་བྱ་བ་ནི་གོ་སླ་བ་ཉིད་དོ། །བརྟན་པ་ནི་མི་ གཡོ་བའོ། །བརྩོན་འགྲུས་ནི་དགེ་བ་ལ་མཆོག་ཏུ་གཞོལ་བའོ། །ང་རྒྱལ་ནི་མཐོང་བ་སེམས་པའོ། །ལས་ནི་རྟག་ཏུ་སྤྱོད་པའི་བྱ་བ་རྫོགས་པའོ། །འཕྲོག་པ་ནི་གཞན་གྱི་ནོར་འཕྲོག་པར་འདོད་པའོ། །སྟོབས་ནི་གཡུལ་འགྱེད་པར་འདོད་པའོ། །སྤྲོ་བ་ནི་དགེ་བའི་ལས་ལ་ གོམས་པར་བྱེད་པའོ། །ཚམ་ཚོམ་མེད་པ་ནི་དྲེག་པའི་དབང་གིས་མི་དགེ་བའི་ལས་ལ་སྤྱོད་པའོ། །དེ་ཡང་དམན་པ་དང་། བར་མ་དང་། ཆེན་པོའི་བྱེ་བྲག་གིས་རྣམ་པ་གསུམ་མོ། །དྲག་པ་ནི་སྒྱུ་མེད་པར་ཡང་དམ་པ་རྣམས་དང་། རྩོད་པར་སེམས་པའོ། ། སྒེག་པ་ནི་ཡིད་དུ་འོང་བ་མཐོང་བས་འགྱིང་བའི་སེམས་སམ། རྩེ་བར་འདོད་པའོ། །ཞེ་འགྲས་པ་ནི་ཡིད་དུ་མི་འོང་བ་སྤོང་བར་འདོད་པའོ། །དགེ་བ་ནི་དགེ་བའི་ལས་ལ་བརྩོན་པར་འདོད་པའོ། །ཚིག་གསལ་བ་ནི་ཐོགས་པ་མེད་པར་ཚིག་བརྗོད་པའོ། །བདེན་པ་ནི་ འཁྲུགས་པ་མེད་པའི་ངག་གོ། །མི་བདེན་པ་ནི་དེ་ལས་བཟློག་པའོ། །ངེས་པ་ནི་ཤིན་ཏུ་བརྟན་པའི་ཡི་དམ་མོ། །ཉེ་བར་མི་ལེན་པ་ནི་དངོས་པོ་ཐམས་ཅད་ཡོངས་སུ་འཛིན་པར་མི་འདོད་པའོ། །སྦྱིན་པ་པོ་ནི་རང་གི་བདོག་པ་ཡོངས་སུ་གཏོང་བར་བྱེད་པའི་ཡིད་དོ། ། བསྐུལ་བ་ནི་ལེ་ལོ་ཅན་གྱི་སེམས་འཛུད་པར་བྱེད་པའོ། །དཔའ་བོ་ནི་ཉོན་མོངས་པའི་དགྲ་ལས་རྒྱལ་བར་འདོད་པའོ། །ངོ་ཚ་མེད་པ་ནི་ཁ་ན་མ་ཐོ་བ་དང་བཅས་པའི་ལས་རྩོམ་པའོ། །སྒྱུ་ནི་བཅོས་མས་གཞན་སླུ་བའོ། །འདུག་པ་ནི་ལྟ་བ་ངན་པ་ལ་བྱང་བའོ། །གཡོ་ ནི་རང་གི་སྐྱོན་འཆབ་པ་ལ་བརྩོན་པའོ། །གྱ་གྱུ་ནི་དྲང་པོ་མ་ཡིན་པའོ། །རང་བཞིན་བཞི་བཅུ་དེ་དག་ནི་ཤིན་ཏུ་སྟོང་པའི་ཁོངས་སུ་གཏོགས་པར་རིག་པར་བྱའོ། །དེ་ཡང་སྐད་ཅིག་མ་སྟེ། མི་གནས་པ་ཉིད་ཀྱི་ཕྱིར་རོ། །རྩུབ་པའི་རྣམ་པ་ནི་འཇམ་པ་མ་ཡིན་པ་སྟེ། རད་རོད་ཅེས་ བྱ་བའི་བར་དུའོ། །གཡས་པ་ཞེས་བྱ་བ་ནི་གཡས་སུ་འགྲོ་བར་ཤེས་པར་བྱ་སྟེ། ཉི་མའི་སྣང་བ་མཆེད་པས་གཡས་པའི་ཕྱོགས་སུ་བརྟེན་པ་ཉིད་ཀྱིས་ཀྱང་འདིས་ཉིན་མོ་དང་། སྐྱེས་པ་དང་། ཉི་མའི་དཀྱིལ་འཁོར་དང་། རྡོ་རྗེ་ཞེས་བྱ་བར་རབ་ཏུ་བསྟན་ཏེ། རྡོ་རྗེའི་མིང་ནི་འདིར་ ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་བསྒོམ་ཞེས་བྱ་བའི་དོན་ཏོ། །རྣམ་པ་གཞན་དུ་ན་སྐད་ཅིག་མ་ཉིད་དུ་བསྟན་པས་སྐྱོན་དུ་འགྱུར་བའོ། །འདིར་དང་པོའི་ལས་ཅན་བསྟན་པར་བྱ་བའི་ཕྱིར་ས་བོན་བསྒོམ་པ་སྟོན་ཏེ། ཆ་ཞེས་བྱ་བ་དེ་ཉིད་ཐབས་ཀྱི་རང་བཞིན་ཆ་སྟེ་ཐོག་མའི་དབྱངས་ཐིག་ ལེ་གཉིས་ཀྱིས་བརྒྱན་ཞེས་བྱ་བར་ཤེས་པར་བྱའོ། །ཨ་དེ་དག་བསྒོམ་པ་ལ་གོམས་པར་གྱུར་པས་འོད་ཟེར་སྟོང་གི་གསལ་བ་དང་འདྲ་བའི་སྣང་བ་མཆེད་པའི་ཡེ་ཤེས་ཀུན་དུ་འབྱུང་བ་སྟེ། རབ་ཏུ་སྐྱེ་བར་ཤེས་པར་བྱའོ། །ཁ་ཅིག་ནི་སྣང་བ་མཆེད་པའི་སྦྱོར་བ་ལས་བྱུང་ཞེས་བརྗོད་ དེ། དེ་ནི་དོན་དང་མི་ལྡན་པས་དོར་བར་བྱའོ། །ད་ནི་ཚིག་ལེའུར་བྱས་པ་བཞིས་རྣམ་གྲངས་དང་བཅས་པའི་སྣང་བ་མཆེད་པའི་རང་བཞིན་སྤྲོས་པ་སྟོན་ཏེ། སྣང་བ་ཞེས་བྱ་བ་ལ་སོགས་པ་ལ། སྣང་བ་ནི་ཐོག་མར་སྣང་བའི་ཡེ་ཤེས་ཀྱི་དྲོད་འབྱུང་བའོ། །ཉེ་བར་ཐོབ་པ་ནི་དེ་ཉིད་ཀྱི་འཕེལ་ བས་ཐོབ་པ་སྟེ། མ་རིག་པ་རྣམ་པར་ཉམས་པས་ཐོབ་པ་ཡོངས་སུ་གྲུབ་པའི་ཡེ་ཤེས་འབྱུང་བའོ། །འདིས་སྣང་བ་དང་། སྣང་བ་མཆེད་པ་དང་། སྣང་བ་ཐོབ་པའི་མཚན་ཉིད་གསུམ་པོ་དང་། ཡོངས་སུ་གྲུབ་པ་དང་རིག་པ་ཞེས་བྱ་བ་ནི་མིང་གི་རྣམ་གྲངས་སོ། །དེ་བཞིན་གཤེགས་ པས་རྒྱུད་དེ་དང་དེར་སྟོང་པ་ཆེན་པོ་གནས་ཉིད་དུ་གསུངས་པ་སྟེ། སྔ་མ་བྱུང་བ་ནི་ཅུང་ཟད་ཀྱང་མིན་པའོ། །ཆགས་པ་བར་མ་ཞེས་བྱ་བ་ནི་ཆགས་པ་བར་མའི་སྐད་ཅིག་གིས་གནས་སྐབས་ཀྱི་སེམས་སློང་བའོ། །བརྗེད་ངས་པ་ནི་སྔར་ཉམས་སུ་མྱོང་བར་གྱུར་པའི་དོན་ལ་ཡོངས་སུ་འཁྲུལ་ པའོ། །འཁྲུལ་བ་ནི་གཡེང་བའི་སེམས་ཏེ་སྤྲེའུ་ལྟ་བུའོ། །མི་སྨྲ་བར་གྱུར་པ་ནི་ལྐུགས་པ་ལྟ་བུའོ། །སྐྱོ་བ་ནི་ཡིད་ལ་སེམས་པས་སེམས་དུབ་པའོ། །ལེ་ལོ་ནི་སྙོམ་ལས་སོ། །ཐེ་ཚོམ་ནི་མ་ངེས་པའི་སེམས་བྱུང་བའོ། །རང་བཞིན་བདུན་པོ་དེ་དག་ནི་ཕྲ་ མོའི་རྣལ་འབྱོར་ལ་གོམས་ཤིང་གཞོལ་བར་ཤེས་པར་བྱའོ། །དེ་ཉིད་ཀྱིས་ན་དེ་ལས་བཟློག་པའི་མཚན་ཉིད་ཀྱི་སྣང་བ་ཐོབ་པའི་མཚན་ཉིད་སྟོན་ཏེ། ས་བོན་ཐིག་ལེར་ལྡན་མིན་ལ། །ཞེས་བྱ་བ་ལ་སོགས་པ་ལ། ས་བོན་ནི་སྔགས་ཀྱི་ཡི་གེ་བསྒོམ་པ་སྟེ། སྟེང་དུ་ཐིག་ལེ་དང་བཅས་ པའི་ཡི་གེའོ། །དེ་བསྒོམ་པ་ལ་སྦྱོར་བར་མི་བྱ་བ་དང་། སྣའི་བུ་གའི་རླུང་གི་སྒོ་ནས་ཀྱང་ཀུན་དུ་མི་རྒྱུ་བའོ། །དེ་ཉིད་ཀྱིས་ནི་སྣང་བ་ཡོད་པ་ན། མ་རིག་པ་རྣམ་པར་བཅོམ་སྟེ། གང་ཞིག་ཡེ་ཤེས་ཀྱིས་སྐད་ཅིག་ཉེ་བར་དམིགས་ཤིང་ཐོབ་པ་དེ་སྣང་བ་ཐོབ་པའོ། །འདི་སྐད་དུ། སྣང་བ་ཐོབ་པའི་གནས་སྐབས་ཀྱི་རྣལ་འབྱོར་པ་རྣམས་ས་བོན་བསྒོམ་པར་བྱ་བ་ལ་སྦྱར་བར་མི་བྱ་ཞིང་སྲོག་དང་རྩོལ་བ་བསྒོམ་པར་ཡང་མི་བྱ་ཞེས་བྱའོ། །དེ་ཉིད་སེམས་མི་གཡོ་བའི་ཏིང་ངེ་འཛིན་གྱི་མཚན་ཉིད་དོ། །དེ་དག་ནི་རང་བཞིན་ཞེས་བྱ་བ་ལ་སོགས་པས་མཇུག་བསྡུ་བ་སྟེ། རང་ བཞིན་སྔར་བཤད་པ་དེ་དག་གི་དབྱེ་བ་རྣམ་པ་གསུམ་གྱིས་ན་གྲངས་བརྒྱད་ཅུར་འགྱུར་བའོ། །ཕྲ་མོ་ཞེས་བྱ་བ་ནི་བརྟག་པར་དཀའ་བའོ། །དེ་ཡང་ཉིན་མཚན་གྱི་དབྱེ་བས་ཉིས་འགྱུར་དུ་བརྩིས་ན། རང་བཞིན་བརྒྱ་དྲུག་ཅུར་འགྱུར་བ་སྟེ། སྒོ་ང་ལས་སྐྱེས་པ་ལ་སོགས་པ་ལ་ཡང་འབྱུང་ བའོ། །ཇི་ལྟ་བུ་ཞེ་ན། རླུང་ཞེས་བྱ་བ་ལ་སོགས་པ་ལ་གང་གི་ཚེ་རླུང་བཞོན་པའི་ངོ་བོ་འཛིན་པ་དེའི་ཚེ། དེ་དག་རང་བཞིན་ཡང་ནས་ཡང་དུ་འཇུག་པར་འགྱུར་ཞེས་བྱ་བའི་དོན་ཏོ། །རླུང་མེད་ན་རྣམ་པར་ཤེས་པ་མེད་ལ། དེ་མེད་ན་རང་བཞིན་རྣམས་ཀྱང་མེད་པར་འགྱུར་ཞེས་ སྟན་ཏོ། །རྣམ་པར་ཤེས་པ་ནི་གནས་མེད་པ། གནས་པ་མེད་པ། རྟག་པ་མེད་པ། ཁ་དོག་དང་དབྱིབས་མེད་ཅིང་། དབང་པོའི་ཡུལ་ལས་འདས་པ། ཡན་ལག་དང་ཉིང་ལག་མེད་ཅིང་། དབང་པོ་མ་ཡིན་པས་སྔོ་བསངས་ཞེས་བྱ་བ་ལ་སོགས་པའི་ལྷག་པར་ཡང་ཁ་ དོག་མ་ཡིན་པ་མ་ཡིན་ནམ། རང་བཞིན་དེ་ཅི་ལྟར་ཉམས་སུ་མྱོང་བར་འགྱུར་ཞེ་ན། སྨྲས་པ་ཇི་ལྟར་རླུང་གི་ཁམས་གཟུགས་ཅན་མ་ཡིན་པ་ལ་གཡོ་བ་དང་བསྐྱོད་པ་ལ་སོགས་པའི་བྱ་བ་སྣང་བ་ལས་རྗེས་སུ་དཔག་པས་ཉམས་སུ་མྱོང་སྟེ། དེ་བཞིན་དུ་རྣམ་པར་ཤེས་པའི་ཁམས་འདི་ རླུང་དང་ལྷན་ཅིག་ཏུ་འདོད་ཆགས་དང་། འདོད་ཆགས་བར་མ་དང་། འདོད་ཆགས་བྲལ་བ་ལ་སོགས་པའི་རང་བཞིན་རྗེས་སུ་དཔག་པས་ཉམས་སུ་མྱོང་བར་འགྱུར་ཏེ། འདིར་གང་དུ་ཡང་འགལ་བ་མེད་དོ། །གལ་ཏེ་རྣལ་འབྱོར་ཇི་ལྟར་ཉམས་སུ་མྱོང་ཞེ་ན། སྐད་ཅིག་ཅེས་བྱ་བ་ ལ་སོགས་པ་སྨོས་ཏེ། སྐད་ཅིག་ནི་མཐེ་བོ་དང་གུང་མོ་སྦྱར་ནས་གཏོགས་པའི་སྒྲ་དེ་ལ་སྐད་ཅིག་ཅེས་བྱའོ། །ཐང་ཅིག་ནི་གཟུགས་ལ་སོགས་པ་ཡིད་དུ་འོང་བ་མཐོང་བས་རེག་པ་འཇུག་པའོ། །ཡུད་ཙམ་ནི་དབུགས་རྔུབ་པ་ཙམ་གྱི་ཚད་དོ། །མིག་འཛུམ་པ་ནི་ཕྱེ་བ་ལ་ལྟོས་པ་ཙམ་མོ། ། ཐལ་མོ་ནི་ལག་པ་དང་ལག་པ་བརྡབས་པའོ། །ཕྲ་བའི་ཁམས་འཇུག་པས་སྐད་ཅིག་ལ་སོགས་པ་ཕན་ཚུན་གང་དེ་ཉམས་སུ་མྱོང་བ་གྲུབ་པ་ཞེས་བྱ་བར་དགོངས་ཏེ། སྐད་ཅིག་ལ་སོགས་པའི་མཚན་ཉིད་བསྟན་པའོ། །ད་ནི་སྔར་བཤད་པའི་དོན་ལུང་གཞན་དགོངས་པ་བླ་ན་མེད་ པའི་མདོ་སྡེ་ཚིག་ལེའུར་བྱས་པ་སྔར་བསྒྲུབ་ཅིང་སྟོན་ཏེ། རང་རིག་ཅེས་བྱ་བ་ནི་ཉམས་སུ་མྱོང་བའོ། །རེ་ཞིག་ཙམ་གྱི་མཚན་ཉིད་ནི་གང་གི་ཡེ་ཤེས་ཀྱི་ངོ་བོ་དེ་རང་རིག་པ་ཙམ་མོ། །གཞན་ཡང་ཇི་ལྟ་བུ་ཞེ་ན། ནམ་མཁའ་ལྟ་བུར་སྒྲིབ་པ་མེད་པའི་མཚན་ཉིད་དོ། །འོན་ཀྱང་ ཞེས་པ་ནི་ཕྱོགས་གཞན་པའོ། །དེའི་ཡེ་ཤེས་ཀྱི་རྣམ་པ་སྤངས་པའི་དབྱེ་བ་གསུམ་གྱི་བདག་ཉིད་དེ་དག་དང་ལྡན་པ་སྟེ། འདི་ཅི་ལྟར་ཞེ་ན། མཚན་མོ་ཞེས་བྱ་བ་ནི་སྣང་བའོ། །ཉིན་མོ་ཞེས་བྱ་བ་ནི་སྣང་བ་མཆེད་པའོ། །མཚམས་ཞེས་བྱ་བ་ནི་སྣང་བ་ཐོབ་པ་སྟེ་གསུམ་གྱི་བདག་ ཉིད་ཅན་གྱི་རང་གི་ངོ་བོར་རབ་ཏུ་བསྟན་ཏོ། །དེ་ཉིད་གསལ་བར་བསྟན་པའི་ཕྱིར་སྣང་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ཤེས་རབ་ཡེ་ཤེས་ཀྱི་རང་གི་ཟླ་བ་ལྟ་བུའོ། །སྟོང་པ་ཙམ་ཞེས་བྱ་བ་ནི། སྣང་བའི་ཡེ་ཤེས་ཀྱི་མཚན་ཉིད་དོ། །དེ་ཡང་དྲི་མ་དང་བཅས་པར་སྣང་བ་སྟེ། ཤིན་ཏུ་སྲབ་པའི་དར་སེར་པོས་གཡོགས་པའི་མིག་ལྟ་བུའོ། །ཐབས་ཡེ་ཤེས་ཀྱི་རང་གི་ངོ་བོ་ཉི་མའི་སྣང་བ་ལྟ་བུ་ཤིན་ཏུ་སྟོང་པ་ནི་གསལ་བར་སྣང་བ་སྟེ། སྒྲིབ་གཡོགས་དང་བྲལ་བའི་མིག་གིས་ལག་མཐིལ་གྱི་སྐྱུ་རུ་ར་མཐོང་བ་ལྟ་བུ་ནི་སྣང་བ་མཆེད་པའི་མཚན་ཉིད་དོ། ། ཤེས་པ་གཉིས་སྤངས་པའི་མཚན་མ་དང་། མཚམས་ལྟ་བུ་ནི་སྟོང་པ་ཆེན་པོའི་མཚན་ཉིད་རབ་རིབ་ཀྱིས་ཉམས་པའི་མིག་ལྟ་བུ་སྟེ། འདི་ནི་སྣང་བ་ཐོབ་པའི་མཚན་ཉིད་དེ་དེ་ཉིད་ཀྱིས་ན་སྣང་བ་མཆེད་པ་ཞེས་བྱ་སྟེ། སེམས་ཀྱི་དབྱེ་བ་རྣམ་པ་གསུམ་དུ་གསུངས་སོ། །དེའི་གཞི་ནི་བརྗོད་ པར་བྱ་བ་ཞེས་བྱ་བ་ལ། བཞོན་པ་ནི་བཞོན་པ་སྟེ། སྐྱེས་བུའི་བཞོན་པ་ལྟ་བུའོ། །དེའི་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་འོ། །རླུང་རྣམས་ཕྲ་བའི་གཟུགས་ཀྱིས་ཞེས་བྱ་བ་ལ། རླུང་ནི་ཐ་མལ་པར་གཡོ་བར་གནས་པའོ། །ཕྲ་བ་ནི་བརྟག་དགའ་བའི་ངོ་བོ་ཤེས་པ་སྟེ། ཤེས་པ་རྣམ་པ་གསུམ་པོ་དེ་དང་ཡང་འདྲེས་པར་གྱུར་ཅིང་མིག་ལ་སོགས་པའི་སྒོ་ནས་བྱུང་ནས་གཟུགས་དང་སྒྲ་ལ་སོགས་པའི་ཡུལ་ལ་དམིགས་ཤིང་འཛིན་པའོ། །སྣང་ཞེས་བྱ་བ་ལ་སོགས་པ་ལ། སྣང་བ་ནི་དང་པོར་སྣང་བའི་དྲོད་འབྱུང་བ་སྟེ། དེ་བས་ན་གང་གི་ཚེ་ དེ་དང་ལྡན་པར་འགྱུར་བའི་རླུང་གི་བཞོན་པ་དང་ཕྲད་པར་གྱུར་པ་དེའི་ཚེ། དངོས་པོ་མཐའ་དག་གི་རང་བཞིན་ལ་འཇུག་པར་བྱེད་ཅིང་དེས་འཐད་པ་མ་ཡིན་པར་འཇུག་པར་བྱེད་པའམ། བསྡུས་པ་དང་དེས་སོ་སོ་རེ་རེར་ཕྱེ་བ་སྟེ། འདིས་ངེས་པ་མེད་པའོ། །གང་དུ་ཞེས་བྱ་བ་ལ་སོགས་པ་ལ། གང་དུ་སྲོག་ཆགས་སྐྱེ་ཞིང་གནས་པའི་གཟུགས་ཏེ། རླུང་གནས་པ་དེ་དང་དེའི་རང་བཞིན་གྱི་རྣམ་པར་འབྱུང་ཞིང་འཛིན་ཞེས་བྱ་བ་ནི་ཚིག་གི་དོན་ཏོ། །དུས་ཇི་སྲིད་ཅིག་ལ་ནི་སྲིད་ཅེས་བྱ་བ་སྟེ། ཇི་སྲིད་དངོས་པོ་མཐའ་དག་ཡེ་ཤེས་ཀྱི་སྐད་ཅིག་མ་བརྟན་པར་མ་གྱུར་པ་དེ་སྲིད་དུ་དེའི་ ཁྱད་པར་གཡོ་བ་ཞེས་བྱ་བ་ཡོངས་སུ་སྲོག་ཆགས་བསྐྱོད་པ་སྟེ། གང་ལ་འཛུད་པ་དེ་ལ་དེ་སྐད་ཅེས་བྱའོ། །ད་ནི་ཡི་གེ་གསུམ་གྱི་རྒྱུ་དང་། འབྲས་བུ་འོད་གསལ་བར་བསྟན་ཏོ། །སྣང་བ་ཞེས་བྱ་བ་ལ་སོགས་པ་ལ་བདག་གི་བ་ལ་བདག་དངོས་པོ་ནི། རང་གི་ཡིད་གང་གིས་ ཉོན་མོངས་པ་སྤོང་ཞིང་རྣམ་པར་རྟོག་པའི་ངོ་བོ་དང་བྲལ་བའི་གནས་སྐབས་སོ། །དེ་ཉིད་རྒྱུ་རྐྱེན་འབྲས་བུའི་སྣང་བ་གཉིས་པའོ། །གནས་སྐབས་གང་དུ་སྣང་བ་ཐོབ་པ་འབྲས་བུར་གྱུར་པ་དེར་གཉི་ག་ཡང་རྒྱུ་སྟེ། སྣང་བ་མཆེད་པ་གང་གི་རྒྱུ་ཡིན་པ་དེ་ལ་དེ་སྐད་ཅེས་བརྗོད་དོ། །ཡེ་ ཤེས་གསུམ་པོ་ཡང་གང་དུ་ཉམས་སུ་མྱོང་བ་ཞེས་བྱ་བ་སྟོན་ཏོ། །སྒྱུ་མ་ཐམས་ཅད་ཅེས་བྱ་བ་ལ་སོགས་པའམ། གང་གི་ཕྱིར་སྒྱུ་མའི་རིག་པ་རྣམ་པ་ཐམས་ཅད་ཀྱི་ནང་ནས་བུད་མེད་ཀྱི་སྒྱུ་མ་ནི་ཤིན་ཏུ་ཁྱད་པར་དུ་གསུངས་ཏེ། དེས་ནི་དེ་ཉིད་གསུངས་ཏེ། ཡེ་ཤེས་གསུམ་གྱི་རང་གི་ རིག་པའི་ངོ་བོ་དེས་གསལ་བར་ཡང་དང་ཡང་དུ་ཉམས་སུ་མྱོང་བར་འགྱུར་བའོ། །ཅི་ལྟར་ཞེ་ན། འདོད་ཆགས་ཞེས་བྱ་བ་ལ་སོགས་པ་ལ། འདོད་ཆགས་ནི་དང་པོའི་སྐད་ཅིག་སྟེ་དགའ་བ་ཞེས་བྱའོ། །འདོད་ཆགས་དང་བྲལ་བ་ཞེས་བྱ་བ་ནི་མཆོག་ཏུ་དགའ་བ་ཞེས་བྱ་བའོ། །དེ་དག་ གི་བར་ནི་གཉིས་ཀྱི་བར་མ་སྟེ་འདྲེས་པར་འགྱུར་བའོ། །ཅི་ཞེ་ན་གསུམ་ཞེས་བྱ་བ་སྟེ། ཡེ་ཤེས་ཀྱི་སྐད་ཅིག་མ་བསྟན་ཏེ། ཉམས་སུ་མྱོང་བའི་དུས་སུ་རང་རིག་པ་ཉིད་ཀྱིས་སོ། །དེ་ཉིད་ལུས་ཀྱི་བཤད་པ་སྟེ། དབང་པོ་གཉིས་ནི་ཞེས་བྱ་བ་ལ་སོགས་པ་ལ། དབང་པོ་གཉིས་ གང་མཉམ་པར་སྦྱོར་བ་དེ། རྡོ་རྗེ་པདྨ་མཉམ་སྦྱོར་བ། །ཞེས་བཤད་དོ། །འདིས་རབ་ཏུ་བཤད་ཅིང་བསྟན་པས་ན། དང་པོའི་སྣང་བའི་ཡེ་ཤེས་སྐྱེ་བ་ཞེས་གསུངས་སོ། །ཡེ་ཤེས་གཉིས་ནི་ཞེས་བྱ་བ་ལ། ཤེས་རབ་ཀྱི་ཡེ་ཤེས་དང་། ཐབས་ཀྱི་ཡེ་ཤེས་གང་ཞིག་མཉམ་པར་སྦྱོར་ བ་སྟེ། །མངོན་དུ་གྱུར་ཅིང་སྙོམས་པར་འཇུག་པ་ཞེས་སྟོན་ཏོ། །འདིས་གཉིས་པ་སྣང་བ་མཆེད་པའི་ཡེ་ཤེས་རབ་ཏུ་སྟོན་ཏེ། དེ་ཉིད་ཡེ་ཤེས་གཉིས་གང་ཞིག་སྙོམས་པར་འཇུག་ཅིང་མངོན་དུ་གྱུར་པའོ། །ཇི་སྐད་བཤད་པ་ཞེས་བྱ་བ་ནི། སྔར་བཤད་པའི་དོན་ནམ། བླ་ མའི་ཞལ་ནས་གསུངས་པའོ། །བྱ་བ་ནི་སྒྲུབ་པའོ། །གང་ཞིག་ཡེ་ཤེས་གསུམ་པ་སྐྱེ་བར་འགྱུར་བ་དེའི་ཚེ། སྣང་བ་ཐོབ་པ་ཞེས་བཤད་དོ། །དེ་དག་གི་མི་མཐུན་པའི་ཆོས་སྟོན་ཏེ། གང་ཞིག་ཅེས་བྱ་བ་ལ་སོགས་པ་ལ། རྣལ་འབྱོར་པ་གང་ཞིག་བསླབ་པ་འཛིན་པར་མོས་པའམ། མ་ནིང་དག་ལ་ཀུན་རྫོབ་ཏུ་ཡང་རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བ་མེད་པར་དེའི་མཉམ་པར་གཞག་པའི་གསལ་བ་ལས་གྱུར་པ་ཉིད་བསྐྱེད་པའི་ཡེ་ཤེས་གསུམ་ཞེས་བྱ་བ་ནི་འདིར་ཡིད་གཉིས་མེད་པར་འབྱུང་བའོ། །ཅི་ལྟ་ཞེ་ན། ལན་ཅིག་ཅེས་བྱ་བ་ལ་སོགས་པ་སྨོས་ ཏེ། །ལན་ཅིག་ཅེས་བྱ་བ་ནི་དུ་མ་མ་ཡིན་པའོ། །ཉམས་སུ་མྱོང་བ་ལྟ་བུ་ནི་ཉམས་སུ་མྱོང་བ་ཉིད་དོ། །ཅི་ལྟར་གང་གི་གང་དུ་རིག་སྔགས་འཆང་ནི། མཆོག་དང་ཕྲད་ནས་བླ་ན་མེད་པའི་བདེ་བ་ཉམས་སུ་མྱོང་བ་དེ། དུས་གཞན་ཞིག་ན་མཉམ་པར་གྱུར་ཀྱང་། བདེ་བའི་ལོངས་ སྤྱོད་ཀྱི་མཚན་ཉིད་དྲན་པས་ཉམས་སུ་མྱོང་བ་སྟེ། དེའི་ལུས་ཀྱི་བ་སྤུ་ལྡང་བར་འགྱུར་བའོ། །དེ་བཞིན་དུ་འདི་ཡང་བདེ་བ་ལན་ཅིག་ཉམས་སུ་མྱོང་བ་དྲན་པས་ཤེས་པ་ཅུང་ཟད་ཀྱང་ཉམས་པ་མེད་པའོ། །དེ་ལྟར་ཡེ་ཤེས་རྣམ་པ་གསུམ་གྱི་ཇི་ལྟ་བའི་དབྱེ་བའི་མཚན་ཉིད་ ཕྱིན་ཅི་མ་ལོག་པར་ཤེས་ནས་དེ་ཉིད་དམིགས་ཞེས་བྱ་བར་སྦྱར་རོ། །གང་གིས་ཤེ་ན། ཡེ་ཤེས་ཞེས་བྱ་བ་སྟེ། ཡེ་ཤེས་འཇུག་པ་ནི་ཡེ་ཤེས་འཇུག་པའོ། །དེའི་རང་བཞིན་ནི་རང་གི་ངོ་བོ་ཡོད་པའོ། །དེའི་ཕྱིར་དེ་ཉིད་རང་བཞིན་གྱི་ངོ་བོ་ཡོད་པ་ནི་རྟག་ཏུ་མཉམ་པར་གཞག་པའི་ རྣལ་འབྱོར་པས་ཡང་དང་ཡང་དུ་བསམ་པར་བྱ་ཞེས་བྱ་བ་སྟེ། དེའི་མཐར་ཐུག་པའི་དོན་ཏོ། །དེའི་དགོངས་པ་བླ་ན་མེད་པའི་མདོ་སྡེ་ལ་སོགས་པ་ཚིག་ལེའུར་བྱས་པ་དྲུག་གིས་བསྒྲུབ་པ་སྟོན་ཏེ། ཇི་ལྟར་ཆུ་འཛིན་བྱེད་ཅེས་བྱ་བ་ལ་སོགས་པ་ལ། ཆུ་འཛིན་ནི་སྤྲིན་ནོ། ། ནམ་མཁའི་དབྱིངས་ནི་ནམ་མཁའི་དཀྱིལ་ལོ། །སྣང་བ་གསུམ་ནི་རྣམ་པར་ཤེས་པ་གསུམ་མོ། །མ་ལུས་པའི་ཡུལ་ནི་ཉེ་བར་ལོངས་སྤྱོད་པ་སྟེ། ཡུལ་ལ་ཉེ་བར་བསྒྱུར་བ་གོང་དུ་སྦྱར་བ་ནི་ལོངས་སྤྱོད་ཀྱི་དོན་ཉིད་དོ། །འདི་འདྲའི་ཞེས་བྱ་བ་ནི་ཡེ་ཤེས་རྣམ་པ་གསུམ་སྟེ། རང་གི་ངོ་བོ་ཁོངས་སུ་མ་ཆུད་པ་དེ་ཉིད་ཀྱིས་ན། །མི་ཤེས་པའི་རབ་རིབ་ཀྱིས་ཁེབས་པ་སྟེ། དགེ་བ་དང་མི་དགེ་བའི་ལས་ཡོངས་སུ་བསགས་ནས་འགྲོ་བ་ལྔའི་སེམས་ཅན་རྣམས་སུ་ཡོངས་སུ་འཁྱམ་པ་སྟེ། དེ་ཡང་མཚམས་མེད་པ་མི་དགེ་བའི་ལས་ཀྱིས་གཅིག་ནས་གཅིག་ཏུ་ དམྱལ་བར་རྣམ་པར་སྨིན་ཅིང་སྦྱིན་པ་ལ་སོགས་པ་ཡོངས་སུ་བསགས་པས་མཐོ་རིས་སུ་རྣམ་པར་སྨིན་པའོ། །དེ་ལྟར་ཡང་དང་ཡང་དུ་སྐྱེ་བ་ཕྲག་དུ་མར་སྐྱེ་ཞིང་གཅིག་ནས་གཅིག་ཏུ་ཐོབ་ནས་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ཤེས་ཏེ། དམྱལ་བ་ལ་སོགས་པ་ ལ་ནི་སེམས་ཅན་རྣམས་མྱ་ངན་བྱེད་པ་དང་། མཐོ་རིས་ལ་སོགས་པ་ལ་ནི་དགའ་བ་བྱེད་པའོ། །རང་བཞིན་རྣམས་ཀྱི་སྣང་བ་ནི་རང་བཞིན་སྣང་བའོ། །དེའི་ཚུལ་གྱི་སེམས་ཅན་རྣམས་འཁོར་བ་སྡུག་བསྔལ་ཉམས་སུ་མྱོང་བ་སྟེ། དེ་ཡོངས་སུ་ཤེས་པ་མེད་པས་སོ། །སླར་ ཡང་རྣལ་འབྱོར་པས་དེ་ཉིད་ཡོངས་སུ་ཤེས་པས་འཁོར་བའི་གཟེབ་ལས་གྲོལ་བ་ཐོབ་པར་འགྱུར་ཞེས་བྱ་བའི་དོན་ཏོ། །ཤེས་རབ་ཅེས་བྱ་བ་ནི་འདིར་སྔར་བཤད་པའི་ཤེས་རབ་ཡེ་ཤེས་ཀྱི་རང་བཞིན་ཏེ་ཤེས་པར་བྱ་བའོ། །དེ་བསྟན་པའི་ཕྱིར་ཡང་ཟླ་བའི་དཀྱིལ་འཁོར་ཞེས་བྱ་བ་སྟེ། རང་ གི་སེམས་ཉིད་རྣལ་འབྱོར་པ་རང་གི་ཟླ་བའི་གཟུགས་བརྙན་ལྟ་བུ་གཉིས་སུ་མེད་པའི་ངོ་བོར་བསམ་པར་བྱའོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་རིམ་པ་ཐ་དད་པའོ། །ཟླ་བའི་དཀྱིལ་འཁོར་བསྒོམ་པའི་རྗེས་སུ་རྣམ་པར་བསམ་པར་བྱ་སྟེ། གང་ཞིག་དེ་རྡོ་རྗེ་ལ་སོགས་པའི་མཚན་མ་དེ་དག་བསྒོམ་ པ་ནི་བསྐྱེད་པའི་རིམ་པ་སྒོམ་པ་པོའི་ཐབས་ཀྱི་ཡེ་ཤེས་གསལ་བར་བྱེད་པ་སྟོན་ཏོ། །དེ་ཉིད་ཀྱིས་ན་ཟླ་བའི་དཀྱིལ་འཁོར་དང་རྡོ་རྗེ་སྔོན་དུ་བསྒོམས་པས་ནི། སེམས་དང་སེམས་ལས་བྱུང་བ་ཡོངས་སུ་ཤེས་ཤིང་ཐབས་དང་ཤེས་རབ་བསྒོམས་པས་ཀྱང་ལྷ་ཉིད་ཀྱི་རྣམ་པར་རྫོགས་པའོ། །དེ་ ཉིད་གསལ་བར་སྟོན་ཏེ། ཕྱག་རྒྱ་བཞིས་ནི་ཞེས་བྱ་བ་ལ་སོགས་པ་ལ། ཆོས་དང་། ལས་དང་། དམ་ཚིག་དང་། ཡེ་ཤེས་ཀྱི་མཚན་ཉིད་རྣམ་པ་བཞི་ཕྱག་རྒྱས་བདག་ཉིད་ཤིན་ཏུ་བསྲུང་བ་བྱས་ནས་ལྷ་དེ་ཉིད་ཀྱི་གཟུགས་ཀྱིས་གནས་པའོ། །འདི་རྣམས་ཀྱང་ལས་དང་པོ་པའི་ གནས་སྐབས་སོ། །ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པ་ལ་ནི་གསལ་བས་གོ་སླ་བ་ཉིད་དོ། །ད་ནི་རྫོགས་པའི་རིམ་པ་བསྒོམ་པ་སྟོན་ཏེ། ཡོངས་རྫོགས་ཞེས་བྱ་བ་ལ་སོགས་པ་ལ། གང་ཞིག་སྟོང་པ་གསུམ་གྱི་རྣམ་པར་དག་པ་དེ་འོད་གསལ་བའི་ཡེ་ཤེས་སུ་བརྗོད་དེ། དེ་ཡང་ཡེ་ ཤེས་གསུམ་རྣམ་པར་དག་པའོ། །ཐམས་ཅད་སྟོང་གནས་ཞེས་བྱ་བ་ནི་དེ་ཉིད་དེ་ཁོ་ན་ཐམས་ཅད་རྣམ་པར་དག་པའི་གནས་སོ། །དེ་ཉིད་བླ་ན་མེད་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཉིད་ཅེས་བྱ་བ་སྟེ་རྣམ་གྲངས་སོ། །འདི་ཉིད་ནི་དཔེ་སྟེ། འགྱུར་བ་ མེད་ཅིང་བྱ་བ་ལ་སོགས་པ་ལ། འགྱུར་བ་མེད་པའི་རྣམ་པར་རྟོག་པའི་རྒྱུ་བ་སྤངས་པའོ། །སྣང་བ་མེད་པ་ནི་སྣང་བ་སྤངས་པ་སྟེ། རང་བཞིན་རྣམས་མཉམ་པ་ཉིད་ཀྱིས་སོ། །གཉིས་མེད་ཅེས་བྱ་བ་ནི་འདོད་ཆགས་ལ་སོགས་པའི་དྲི་མ་དང་བྲལ་བ་ཉིད་ཀྱིས་སོ། །མཐར་ཕྱིན་པ་ཉིད་ ཀྱིས་ན་མཆོག་གོ། །ལེགས་པར་བྱེད་པ་ཉིད་ཀྱིས་ན་ཞི་བའོ། །དེ་ཡང་འདི་ནའོ་ཞེས་ཚིག་གིས་བརྗོད་པར་ནུས་པ་མ་ཡིན་པ་སྟེ། ཡོད་པ་དང་མེད་པའི་ཐ་སྙད་ལས་འདས་པའི་ཕྱིར་རོ། །དེ་བས་ན་རྒྱུ་འོད་གསལ་བ་ལས་ཡེ་ཤེས་གསུམ་རབ་ཏུ་སྐྱེ་བ་སྟེ། སྒོམ་པ་འདིས་ཀྱང་མཚན་དང་ དཔེ་བྱད་ཀྱིས་རྣམ་པར་མཛེས་པའི་སྐུ་རྫོགས་པར་འགྱུར་བའོ། །འདི་ཉིད་ཚིགས་སུ་བཅད་པ་བཅུ་གཉིས་ཀྱིས་རྒྱས་པར་སྟོན་ཏེ། འདི་སྐད་དུ་ཞེས་བྱ་བ་ལ་སོགས་པ་ལ། གང་གི་ཕྱིར་བྱང་ཆུབ་སེམས་དཔའི་གནས་སྐབས་སུ་དེ་བཞིན་གཤེགས་པའི་སྒྲར་བརྗོད་པར་མི་འགྱུར་བ་ཞིག་ན། འོན་ཀྱང་ངེས་པ་རྙེད་པས་ན། །དེ་བཞིན་གཤེགས་པའོ། །སྟོང་པ་ཆེན་པོ་ཞེས་བྱ་བ་ནི་མི་གཡོ་བའི་ཏིང་ངེ་འཛིན་ཏོ། །ཏིལ་གྱིས་གད་བ་ནི་ཏིལ་གྱི་གང་བུའོ། །ནམ་མཁའ་རྡོ་རྗེ་ཞེས་བྱ་བ་ནི་ནམ་མཁའི་དབྱིངས་ན་གནས་པའོ། །གཡོ་བ་མེད་པས་ཞེས་བྱ་བ་ནི་ཡིད་ཀྱི་རྟོག་པའི་ དྲི་མ་སྤངས་པས་སོ། །རྒྱལ་བའི་སྲས་ཞེས་བྱ་བ་ནི། རྒྱལ་བའི་སྲས་གཞོན་ནུ་དོན་ཐམས་ཅད་གྲུབ་པའོ། །འདི་ནི་རྣམ་དག་མིན་ཞེས་བྱ་བ་ནི་སངས་རྒྱས་ཉིད་ཐོབ་པར་བྱེད་པ་མ་ཡིན་པའོ། །དེ་བས་ན་དྲི་མ་མེད་པ་ནམ་མཁའི་རང་བཞིན་འོད་གསལ་བ་ཉིད་ལ་དམིགས་པར་གྱིས་ ཤིག་ཅེས་བྱ་བ་སྟེ། དེར་རང་ཉིད་འདོད་པའི་ངོ་བོ་ཁྱེད་ལ་སྐྱེ་བར་འགྱུར་བ་སྟེ། ཀུན་གྱི་དབང་ཕྱུག་གི་མཚན་ཉིད་རྡོ་རྗེའི་སྐུ་ཡང་ཐོབ་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ངང་པའི་རྒྱལ་པོ་ལྟར་རོལ་པར་འགྱུར་རོ་ཞེས་གསུངས་སོ། །སྒྲ་དེ་གནས་ནས་མི་གཡོ་བའི་ཏིང་ངེ་ འཛིན་བཏང་སྟེ། ནམ་ཕྱེད་ཀྱི་དུས་སུ་བྱང་ཆུབ་ཀྱི་ཤིང་དྲུང་དུ་བདུད་ལས་རྒྱལ་བར་འགྱུར་ཏེ། དེ་ཉིད་ཀྱང་འགྲོ་བ་ལ་ཕན་པར་བཞེད་པས་བརྙེས་པའོ། །དེ་འདིར་དེ་ཉིད་ཡེ་ཤེས་ཞེས་བྱ་བ་ལ་སོགས་པས་གསལ་བར་སྟོན་ཏེ། མཚམས་མེད་པ་ལྔ་ནི་གང་གི་ཚེ་ལས་སྤྱད་པ་དེ་མ་ ཐག་ཏུ་དམྱལ་བར་སྐྱེ་བ་དེའི་ཚེ། མཚམས་མེད་པའི་ལས་ཞེས་བྱའོ། །དེ་ཡང་རྣམ་པ་ལྔ་སྟེ། དགྲ་བཅོམ་པ་དང་། ཕ་མ་གསོད་པ་དང་། དགེ་འདུན་གྱི་དབྱེན་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པའོ། །བསམ་པའི་དོན་རབ་ཏུ་སྟེར་བའི་ནོར་བུ་ནི་ཡིད་ བཞིན་གྱི་ནོར་བུའོ། །མ་འོངས་པ་ནི་འབྱུང་བར་འགྱུར་བའོ། །འདོད་ཆགས་ལ་སོགས་པ་ནི་གོ་སླའོ། །ཡེ་ཤེས་གསུམ་དང་བྲལ་བ་ནི་གཞན་པ་དེ་ཁོ་ན་ཉིད་བཞི་པའོ། །དེ་ཡང་བླ་མའི་ཞལ་ནས་རྟོགས་པར་བྱའོ། །དཔལ་གསང་བ་འདུས་པའི་ལེའུ་གཉིས་པ་ལས་བསྟན་པ་དེ་ ཉིད་ལས་ངེས་པར་གཟུང་བར་བྱའོ། །དཔལ་མཆོག་ཅེས་བྱ་བ་ནི་རྒྱུད་དོ། །རལ་བ་ནི་གཅིག་དང་གཉིས་དང་གསུམ་འཆང་བའོ། །དེ་ལྟར་གང་གིས་རྟགས་སྣ་ཚོགས་པས་མངོན་པར་བྱང་ཆུབ་པར་འདོད་པ་སྟེ། དེ་དང་བྲལ་ན་དེ་ཁོ་ན་ཉིད་ཐོབ་པར་མི་འགྱུར་ཞེས་པའོ། །དང་ པོའི་ལས་ཅན་གྱི་རྣལ་འབྱོར་པས་གོང་ནས་གོང་དུ་འཕེལ་བར་བྱས་པས་མཐར་ཕྱིན་པའི་འབྲས་བུས་བརྒྱད་པ་ཐོབ་སྟེ། ཡེ་ཤེས་གསུམ་བསྒོམས་པ་ལས་ས་བཅུ་ཐོབ་པའོ། །རིམ་པ་དེ་ལྟ་བུས་སངས་རྒྱས་ཀྱིས་ཡང་ལྷག་པར་རྟོགས་ཏེ། ཐོག་མར་གཙང་མའི་ལྷའི་གནས་ སུ་ཆོས་ཀྱི་འཁོར་ལོ་བསྐོར་ན། དེའི་རྗེས་སུ་སངས་རྒྱས་ཀྱི་ཞིང་རྣམས་སུ་བསྐོར་བར་འགྱུར་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །ཆོས་འབྱུང་བ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་ཀྱི་སྤྱོད་པ་གསུམ་ལ་གོམས་པར་བྱ་བ་སྟོན་ཏེ། སྤྲོས་པ་དང་བཅས་པ་དང་། སྤྲོས་པ་མེད་པ་དང་། ཤིན་ཏུ་སྤྲོས་པ་མེད་པའི་བྱེ་བྲག་གིས། སྤྱོད་པ་རྣམ་པ་གསུམ་མོ། །སྤྱོད་པ་རྣམ་པ་གསུམ་པོ་དེ་ཉིད་ལ་སྤྱོད་པས་ཆོས་འབྱུང་བ་དང་། ཆོས་ཀྱི་དབྱིངས་དང་། བླ་ན་མེད་པ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པ་གསུམ་ཡང་གོ་རིམས་ཇི་ལྟ་བ་བཞིན་ འདོད་ཆགས་ལ་སོགས་པའི་རོལ་མོ་དང་། རྣམ་པར་འཕྲུལ་པ་ཅི་ལྟར་འདོད་པ་དང་། ནམ་མཁའ་མཛོད་ལ་སོགས་པའི་ཏིང་ངེ་འཛིན་གྱི་ཁྱད་པར་གྱིས་ཀྱང་གོམས་པས་ཅི་ལྟ་བ་བཞིན་དུ་གོམས་པར་བྱ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །འདིར་འདྲི་བ་པོ་ཁ་ཅིག་ན་ རེ། བསླབ་པའི་སྦྱོར་བས་ཅི་ཞིག་བྱ། །ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གང་གི་ཕྱིར་དེ་བཞིན་ཉིད་རང་བཞིན་གྱིས་གྲུབ་པས་ན་རྣམ་པར་རྟོག་པ་ལས་ཀྱང་སྐྱེ་བ་མ་ཡིན་པ་དེ་བས་ན། འདི་ལྟར་ཅི་ཞིག་གོམས་པར་བྱ་ཞེས་གང་ཞིག་རྟོག་པས་འཛིན་པ་དེ་ལ་ངེས་པར་བསླབ་པ་ཉིད་ འབྱུང་བ་སྟེ། གང་ཞིག་རང་བཞིན་རྣམས་ཀྱིས་སྣང་བའི་བྱེ་བྲག་རྟོགས་པས་བཞི་པོ་དེ་ཁོ་ན་ཉིད་ཀྱང་རྟོགས་པ་སྟེ། སྤྱོད་པ་རྣམ་པ་གསུམ་གྱི་བྱེ་བྲག་གིས་གོམས་པ་དེའི་འབྲས་བུ་ཐོབ་ཅིང་། དེ་ལྟ་བུ་ལ་གོམས་པས་བྱང་ཆུབ་སྐྱེའོ། །ཇི་ལྟར་ཤིང་ལས་མེ་ཞེས་བྱ་བ་ལ་སོགས་པའི་ དཔེ་ནི་གོ་སླའོ། །ད་ནི་སློབ་མ་ཡོངས་སུ་བརྟགས་པ་སྟོན་ཏེ། གང་ཞིག་གཡོ་སྒྱུ་བློ་ལྡན་པ། །ཞེས་བྱ་བ་ལ་སོགས་པ་ལ། གཡོ་ནི་རང་གི་སྐྱོན་འཆབ་པ་ལ་རབ་ཏུ་གཞོལ་བའོ། །ལེ་ལོ་ནི་བརྩོན་པ་དམན་པའོ། །བླ་མ་ལ་སྨོད་པ་ནི་བླ་མ་ལ་འཕྱས་འདོགས་པའོ། །བློ་དམན་པ་ནི་བྱང་ ཆུབ་ལ་བསྐལ་པ་གྲངས་མེད་པ་གསུམ་གྱིས་ཐོབ་པར་དཀའ་བ་འདིས་ཅི་ཞིག་བྱ་ཞེས་བློ་ཞུམ་པའོ། །བླ་མའི་ཡོན་ཏན་ཡོངས་སུ་དོར་ཞིང་སྐྱོན་ཡང་དང་ཡང་དུ་རྟོག་པ་དེ་ཉིད་ཀྱིས་ན་ཉོན་མོངས་ཞེས་བྱ་བ་ནི་སྤྱོད་པར་མི་ནུས་པའོ། །དེ་ཁོ་ན་ཉིད་མྱུར་དུ་ཡང་ཐོབ་པར་འདོད་པ་སྟེ། སྟོན་པའི་ཚིག་ཡང་དག་པའི་ཚིག་མ་ཡིན་ཞེས་ཁྲོ་བ་དང་བཅས་ཤིང་གཡོ་བའོ། །འཁོར་གྱི་ནང་དུ་གནས་པ་ན་འབྱོར་ཞིང་སླར་ཡང་གཅིག་པུ་དབེན་པ་ན་གནས་པའི་མདུང་པ་སྟེ། དེ་ལྟ་བུའི་རང་བཞིན་ངན་པས་ཁྱབ་པའི་བསམ་པ་ཅན་གྱི་སློབ་མ་ངན་པ་དེ་རང་གི་བུ་ཡིན་ཞིང་བྱམས་ པའི་གནས་ཡིན་ཡང་དྲུང་དུ་གཞག་པར་མི་བྱ་ཞེས་བྱ་བར་སྦྱར་རོ། །གང་གིས་ཤེ་ན། བླ་མས་ཟིན་པས་ཞེས་བྱ་བ་སྟེ། བླ་མའི་གཞན་དབང་ངམ་འཕགས་པ་ལ་ཕྱོགས་པ་སྟེ། བླ་མ་བླ་ན་མེད་པའོ། །རྗེའུའི་རིགས་ཞེས་བྱ་བ་ལ་སོགས་པ་ལ། རྗེའུའི་རིགས་རྗེའུ་ལས་སྐྱེས་ པའོ། །རྒྱལ་རིགས་ནི་རྒྱལ་པོའི་རྒྱུད་དོ། །མཆོག་ནི་བྲམ་ཟེའི་རིགས་སོ་ཞེས་བྱ་བ་ནི་མིའི་རིགས་རྣམ་པ་བཞིའོ། །གང་ཞིག་དགེ་བའི་ཡོན་ཏན་དང་ལྡན་པ་དང་། ཡོངས་སུ་ཤེས་པ་དང་། བརྩོན་འགྲུས་དང་ལྡན་པ་བླ་མ་ལ་སངས་རྒྱས་དང་མཚུངས་པར་ལྟ་བ། རྒྱལ་བའི་ཆོས་ རྣམས་གང་བློས་རྟོགས་ཤིང་དད་པ་དང་ལྡན་པ་དེ་ལ་དེ་སྐད་དུ་བརྗོད་དོ། །དེ་ནི་དྲིན་སྦྱིན་པའི་གནས་སོ། །འདུས་པ་ལ་སོགས་པའི་རྒྱུད་གང་གིས་མང་དུ་ཐོས་ཤིང་མཐོང་བ་དེ་ལ་དེ་སྐད་དུ་བརྗོད་དེ། ལུང་སྦྱོར་བ་རྟོག་པ་ལ་མཁས་པ་དེ་ལྟ་བུ་ཡང་བླ་མའི་བསྙེན་བཀུར་དམན་པ་ཡིན་ ན། ལུང་ཐོབ་པར་མི་འགྱུར་ཏེ། དེ་ནི་རང་ལ་ཕན་པ་ཙམ་ཡང་བྱེད་པར་མི་ནུས་ན། ཇི་ལྟར་གཞན་ལ་ཕན་པར་འགྱུར་ཏེ། བསྟན་བཅོས་སྨྲ་ཞིང་བསྟན་བཅོས་སྒྲ་སྒྲོགས་པ་ཙམ་ནི་བསྟན་བཅོས་ཀྱི་མཆུའོ། །སྐྱོ་བའི་རྒྱུ་ནི་སྐྱོ་བར་བྱེད་པའོ། །ཡང་ན་ཞེས་བྱ་བ་ནི་ཕྱོགས་གཞན་ ནོ། །སྐལ་པ་དང་ལྡན་པ་ནི་བསོད་ནམས་ཅན་ནོ། །ལུང་ལས་ཡོངས་སུ་འཐོབ་པ་ཡིན་ལ། དོན་ལ་ཕན་ཚུན་སྦྱར་མི་ནུས་པ་ནི་བློ་གྲོས་བླུན་པ་སྟེ། དེ་ཡང་ཚིག་གི་ཡོན་ཏན་མེད་ན་བརྙས་པར་འོས་པའོ། །གནས་དྲུག་ཅེས་བྱ་བ་ནི་མཐའ་དྲུག་གི་རྣམ་པར་དབྱེ་བ་ཤེས་པ་སྟེ། དྲན་ པ་ནི་ཐོས་པ་མི་བརྗེད་པའོ། །བློ་གྲོས་ནི་དོན་འཛིན་པ་ལ་མྱུར་བའོ། །བརྟན་པ་ནི་དོན་མི་གཏོང་བའོ། །བློ་ནི་རབ་ཏུ་སྟོན་པ་ལ་མཁས་པའོ། །དེ་རྣམས་སུ་བརྩོན་འགྲུས་ཀྱིས་ཡང་དག་པར་འབྱོར་ཞིང་དེ་དང་ལྡན་པ་སྟེ། བླ་མ་ལ་བསྙེན་བཀུར་བྱས་པས་ལུང་ཐོབ་པའོ། །དེ་ལྟ་ བུའི་རྒྱུད་སྟོན་པ་དང་། ལུང་དབོག་པའི་གནས་སུ་རུང་བར་གྱུར་པའོ། །རིམ་པ་ལྔ་པའི་དཀའ་འགྲེལ་དོན་གསལ་བ་ཞེས་བྱ་བ་ལས་སེམས་ལ་དམིགས་པའམ། བླ་ན་མེད་པའི་དགོངས་པ་སྟེ། རིམ་པ་གཉིས་པའི་འགྲེལ་པའོ།། །།རིམ་པ་གཉིས་པ་རབ་ཏུ་བསྟན་ནས། རིམ་པ་གསུམ་པ་སྟོན་ཏེ། རྡོ་རྗེ་ཅན་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ཅན་རྣམས་ནི་དེ་བཞིན་གཤེགས་པ་ལྔ་རྣམས་སོ། །དེ་རྣམས་ཀྱི་དང་པོ་གཙོ་བོ་སྐྱེད་པ་པོ་དྲུག་པ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་ཆེ་གེ་ཞེས་བྱ་བ་ནི་རྡོ་རྗེ་འཆང་ཉིད་དོ། །ཕྱག་འཚལ་ཏེ་ཞེས་བྱ་བ་ནི་དེ་ལ་ཕྱག་ འཚལ་ནས་བདག་ཉིད་བྱིན་གྱིས་བརླབ་པའི་རིམ་པ་བཤད་པར་བྱ་ཞེས་བྱ་བར་སྦྱར་རོ། །དེ་ལ་དང་པོར་ཞེས་བྱ་བ་ནི་གོ་སླའོ། །རྒྱུད་རྣམ་པ་བཞི་ནི་བྱ་བའི་རྒྱུད་དང་། རྣལ་འབྱོར་གྱི་རྒྱུད་དང་། རྣལ་འབྱོར་གོང་མའི་རྒྱུད་དང་། གཉི་གའི་རྒྱུད་དེ། རྒྱུད་ཀྱི་བྱེ་བྲག་གིས་ རྣམ་པ་བཞིའོ། །དེ་ལས་དགོངས་པ་ཞེས་བྱ་བ་ནི་དགོངས་པར་རིག་པའོ། །དེ་ཉིད་ཀྱིས་ན་ཤེས་རབ་སྟེ། རྟོག་ཅིང་དཔྱོད་ནུས་པའོ། །ལུས་དང་ངག་དང་ཡིད་ཀྱི་དོན་རྣམ་པར་དཔྱོད་པ་ནི་ཐོས་པ་འཛིན་པའོ། །ཐོས་པ་ནི་རྡོ་རྗེ་འཆང་གི་གསུང་ངོ་། །བདེན་པ་རྣམ་པ་གཉིས་ནི་ཀུན་ རྫོབ་དང་དོན་དམ་པའི་མཚན་ཉིད་དམ། ཐབས་དང་ཤེས་རབ་ཀྱི་རང་བཞིན་ནོ། །དེ་ལ་ལྷག་པར་མོས་ཤིང་ཚིག་གིས་མཆོད་པ་སྟེ། རྣམ་པ་ལྔས་མཆོད་པའོ། །བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་ནི་ཀུན་རྫོབ་ཀྱི་བདེན་པ་ཁོང་དུ་ཆུད་པའོ། །ཕྲེང་བ་ནི་རིམ་པར་སྦྲེངས་པའོ། །དེ་དང་ལྡན་ པའི་ཆུ་ནི་ཕྲེང་བ་དང་ལྡན་པའི་ཆུའོ། །རྫོགས་པའི་སངས་རྒྱས་ཞེས་བྱ་བ་ནི་ཅོད་པན་དུ་བསྟན་ཏོ། །མེ་ལོང་ནི་མེ་ལོང་ལྟ་བུའི་ཡེ་ཤེས་རྣམ་པར་དག་པའོ། །ཁང་སྟོང་ཞེས་བྱ་བ་ལ་སོགས་པ་ལ་གསོལ་བ་གདབ་པའི་ཚིགས་སུ་བཅད་པ་བདུན་ནི་གོ་སླ་བ་ཉིད་དོ། །དེའི་ཚིག་ཅེས་བྱ་བ་ནི་སློབ་མའི་ཚིག་གོ། །གསོལ་ བ་བཏབ་པ་ཞེས་བྱ་བ་ནི་འདོད་པ་གསོལ་བའོ། །དེ་ལ་གོམས་པ་ཞེས་བྱ་བ་ནི་མཁས་པའོ། །རང་བྱིན་གྱིས་བརླབ་པ་ནི་གོ་སླ་བ་ཉིད་ཀྱིས་མ་བཤད་པའོ། །བདག་ཉིད་བྱིན་གྱིས་བརླབ་པའི་རིམ་པ་འོད་གསལ་བ་ཡང་བདེན་པ་རྣམ་པ་གཉིས་ཏེ། རྒྱུ་དང་འབྲས་བུའི་ངོ་བོར་གནས་ པའོ། །རྡོ་རྗེ་སློབ་དཔོན་ནི་བླ་མའོ། །རང་དབང་མེད་པ་ནི་ཉོན་མོངས་པའི་ལས་གཞན་ལ་རག་ལས་པ་སྟེ། རང་དབང་མེད་པ་ཡིན་ཞིང་། གང་ཞིག་རང་དབང་དུ་སྐྱེ་བར་འགྱུར་བ་དེར་རྒྱུ་ནི་འོད་གསལ་བ་ཉིད་དོ། །རང་གི་སེམས་འོད་གསལ་བ་ལ་མི་འཇུག་པའི་བྱིས་པ་རྣམས་བླང་ བ་དང་དོར་བ་ཡོངས་སུ་ཤེས་པར་མི་ནུས་པའོ། །འཆིང་བ་ཞེས་བྱ་བ་ནི་འཁོར་བའི་བཙོན་ར་སྟེ་འཆིང་བའོ། །འོད་གསལ་བ་ཡོངས་སུ་ཤེས་པ་འདིས་སླར་ཡང་རྣལ་འབྱོར་པ་བདེ་བར་གཤེགས་པའི་གོ་འཕང་ཐོབ་པའོ། །དེ་ལྟར་ཡོངས་སུ་ཤེས་པ་ཡོད་ན་གང་ཞིག་སྐྱེ་བ་དང་། སུ་ཡང་འཆི་བར་འགྱུར་བ་ཡང་མེད་པའོ། །འཁོར་བ་ཉིད་ནི་སེམས་ལས་ལོགས་ཤིག་ན་མེད་པར་ཤེས་པར་བྱ་སྟེ། ཇི་སྐད་དུ། འཁོར་བ་ཡོངས་སུ་ཤེས་པ་ཉིད་མྱ་ངན་ལས་འདས་ཞེས་བརྗོད་པ་ཡིན་གསུངས་སོ། །རླུང་བསྒོམ་པ་དང་བྲལ་ན་སེམས་ཀྱི་རང་གི་ངོ་བོ་གོ་བར་མི་ནུས་ ཏེ། སེམས་ཀྱི་རང་བཞིན་སྐྱེ་བའི་རྒྱུ་རང་བཞིན་ལས་ལས་འབྱུང་བའོ། །ལས་ལས་སྐྱེ་བའོ། །དེའི་ཕྱིར་འདི་ཕྱི་མའི་དུས་ན། རླུང་དང་ལྡན་པའི་རྣམ་པར་ཤེས་པ་གསུམ་བསྒོམས་པས། རྣལ་འབྱོར་པའི་ལུས་སྒྱུ་མ་ལྟ་བུར་གྲུབ་པའོ། །འདིར་གནས་པ་ཡང་ཐམས་ཅད་དེ་ལྟ་ བུའི་ལུས་སུ་མཐོང་བ་སྟེ། གཟུགས་དང་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །གང་ཞིག་ནང་དང་ཕྱི་རོལ་གྱི་དབྱེ་བས་བྱེ་བྲག་ཏུ་མཐོང་བ་དེ་ཐམས་ཅད་ནི་སྒྱུ་མ་ཉིད་དོ། །དེ་དག་ཀྱང་ཕྱིན་ཅི་མ་ལོག་པར་སྒྱུ་མ་ལྟ་བུའི་ལུས་དང་མེ་ལོང་གི་གཟུགས་བརྙན་ནི་དཔེའོ། །ཁ་དོག་ནི་སྔོན་ པོ་དང་སེར་པོ་ལ་སོགས་པའོ། །འཇའ་ཚོན་ཞེས་བྱ་བ་ནི་དབང་པོའི་གཞུའོ། །ཇི་ལྟར་མེ་ལོང་གཡའ་མེད་པ་ལ་གཟུགས་བརྙན་སྣང་བ་དེ་བཞིན་དུ་འོད་གསལ་བ་མངོན་དུ་བྱས་པས་ལྷའི་རྣམ་པ་འབྱུང་བའོ། །དངོས་པོ་ནི་གཟུང་བ་དང་འཛིན་པ་ལ་མངོན་པར་ཞེན་པའོ། །དངོས་ པོ་མེད་པ་ནི་དེ་སྤངས་པའོ། །དེ་དག་ལས་རྣམ་པར་གྲོལ་བ་རྣམ་པར་བྲལ་བའོ། །གང་ཞིག་ཅེ་ན། རྡོ་རྗེ་སེམས་དཔའོ། །དབྱེར་མེད་པ་ཉིད་ཀྱིས་ན་རྡོ་རྗེའོ། །གཞན་དུ་མི་འགྱུར་བ་ཉིད་ཀྱིས་ན་སེམས་དཔའོ། །ལེགས་པར་བྲིས་པ་ནི་མཚན་གྱིས་བརྒྱན་པའོ། །རྣམ་པའི་ མཆོག་ནི་དཔེ་བྱད་བཟང་པོ་སྟེ། དེ་དང་ལྡན་པའོ། །སྐུ་ལྟ་བས་མི་ངོམས་པའི་སྐུ་ནི་ཤིན་ཏུ་ཚིམ་པ་སྐྱེད་པའི་ཕྱིར་རོ། །འདི་ལྟ་བུའི་སྐུས་ནི་སློབ་མ་བཟང་པོ་ལ་གང་ཞིག་ལུང་དཔོག་པའི་དུས་བསྟན་པར་བྱ་བ་ནི་བདག་ཉིད་བྱིན་གྱིས་བརླབ་པ་ཞེས་བཤད་དོ། །གང་གི་ཕྱིར་དེ་ལྟ་ བུའི་རྣམ་པས་གཞན་རྗེས་སུ་གཟུང་བར་ནུས་པར་འགྱུར་ཞེས་བྱ་བ་དགོངས་པའོ། །ངེས་པར་མཚོན་ཞེས་བྱ་བ་ནི་བསྒོམ་པར་བྱ་བའོ། །ཁྱབ་པ་ཉིད་ཀྱིས་ན་བསྟན་པའོ། །སྒྱུ་མ་ཡོངས་སུ་ཤེས་པ་ནི་ཀུན་རྫོབ་ཀྱི་བདེན་པ་ཁོང་དུ་ཆུད་པའོ། །དེ་ཉིད་ལོངས་སྤྱོད་རྫོགས་པའི་ སྐུར་ཤེས་པར་བྱ་སྟེ། ཇི་སྐད་དུ། སུམ་ཅུ་རྩ་གཉིས་མཚན་དང་ནི། །ཐུབ་པ་དཔེ་བྱད་ལྡན་པ་ནི། །ཐེག་པ་ཆེ་ལ་ལོངས་སྤྱོད་པས། །ལོངས་སྤྱོད་རྫོགས་པའི་སྐུར་བཤད་དོ། །དེ་ཉིད་དྲི་ཟ་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ལ་ཁྱབ་པས་ན་དྲི་ཟའི་ སེམས་ཅན་ནོ། །རྡོ་རྗེའི་སྐུ་ནི་སྟོབས་ཐམས་ཅད་ཀྱིས་མི་ཤིགས་པའི་ཕྱིར་རོ། །འདིས་སྤྲུལ་པའི་སྐུ་ཡང་སྟོན་ཏེ། ཇི་སྐད་དུ། གང་གིས་འགྲོ་ལ་ཕན་པ་ནི། །སྣ་ཚོགས་སྙོམས་པར་མཛད་པ་སྟེ། །ཇི་སྲིད་འཁོར་བ་རྒྱུན་མི་འཆད། །ཐུབ་པ་སྤྲུལ་པའི་སྐུར་བཤད་དོ། །རྡོ་རྗེ་སེམས་ པའི་བདག་ཉིད་དེ། །ཞེས་བྱ་བ་ལ་སོགས་པས་ནི་ཆོས་ཀྱི་སྐུ་སྟོན་ཏེ། ཇི་སྐད་དུ། གང་ཞིག་རྣམ་དག་ཟག་མེད་པ། །རྣམ་པ་ཐམས་ཅད་བརྙེས་པ་སྟེ། །ཐུབ་པའི་ངོ་བོ་ཉིད་ཀྱི་སྐུ། །དེ་རྣམས་རང་བཞིན་མཚན་ཉིད་དོ། །ཞེས་གསུངས་སོ། །བདག་ཉིད་ཅེས་བྱ་བ་ནི་གཞན་མ་ ཡིན་པའི་ཚིག་གོ། །གང་གི་ཕྱིར། རྡོ་རྗེ་འཆང་སྣང་བར་བསྒོམ་པས། བདག་ཉིད་སངས་རྒྱས་ཐམས་ཅད་དང་། །བྱང་ཆུབ་སེམས་དཔའི་རང་བཞིན་ནོ། །སྔགས་དང་ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླ་བ་ཉིད་དོ། །དམིགས་པ་མེད་ཅེས་བྱ་བ་ནི་དམིགས་པའི་དངོས་པོ་ལ་ མངོན་པར་ཞེན་པ་མེད་པའོ། །དེ་ཀུན་རྫོབ་ཏུ་རང་གི་ངོ་བོ་མེད་པ་སྟེ། དེ་ཡང་། སྒྱུ་མ་ལྟ་བུ་ཤེས་པར་བྱ། །ཞེས་བྱ་བའི་དོན་ཏོ། །དེ་དག་དངོས་པོ་གང་དང་གང་དབང་པོའི་སྤྱོད་ཡུལ་དུ་གྱུར་པ་དེ་དང་དེ། མཉམ་པར་མ་བཞག་པའི་གནས་སྐབས་ན་ཡང་། སངས་རྒྱས་ཀྱི་རང་བཞིན་ དུ་ཤེས་པར་བྱའོ། །ཀུན་དུ་ཀུན་ནས་ཞེས་བྱ་བ་ལ་སོགས་པ་ནི་རིགས་དྲུག་གི་རང་བཞིན་དུ་བདག་ཉིད་སྟོན་པའོ། །མཁའ་ལས་ཞེས་བྱ་བ་ནི་ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་ལས་སོ། །སྟོན་པར་འགྱུར་ཞེས་བྱ་བ་ལ་སོགས་པ་ལ། སྟོན་པ་ནི་བླ་ན་མེད་པར་འགྱུར་བ་ཡིན་ཞེས་ བྱ་བའི་དོན་ཏོ། །རྣལ་འབྱོར་པ་ཁྱད་པར་དུ་འཕགས་པས་སྲིད་པ་གཅོད་ཅེས་བྱ་བ་སྟེ། སངས་རྒྱས་ནི་མཛད་པ་ཕུན་སུམ་ཚོགས་པ་རྒྱུན་མི་འཆད་པའི་ཕྱིར་རོ། །འགྲོ་བར་ཞེས་བྱ་བ་ནི་སེམས་ཅན་གྱི་ཁམས་ཞེས་བྱ་བའི་དོན་ཏོ། །རྫོགས་སངས་རྒྱས་ཞེས་བྱ་བ་ནི་དེ་ཉིད་སྟོན་ཏེ། ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ལ་ཕན་པར་བཞེད་པས་འཇིག་རྟེན་དུ་གཤེགས་པ་སྟེ། སེམས་ཅན་གྱི་དོན་ལ་དམིགས་ནས་འཇིག་རྟེན་གྱི་ཁམས་གཞན་ནས་གཞན་དུ་གཤེགས་པའོ། །དེ་བཞིན་དུ་རྣལ་འབྱོར་གྱི་དབང་ཕྱུག་ཡེ་ཤེས་སྣ་ཚོགས་ཀྱི་རྗེས་ སུ་འཇུག་པས་སེམས་ཅན་ཐམས་ཅད་ལམ་དམ་པ་ལ་འཛུད་པར་མཛད་ཅེས་བྱ་བ་ནི་ཚིག་གི་ལྷག་མའོ། །བསྒོམ་པ་འདིས་རྣལ་འབྱོར་པའི་སྒྲུབ་པ་མི་འགྲུབ་པ་ཅུང་ཟད་ཀྱང་མེད་པའོ། །གསང་སྔགས་གྲུབ་པའི་རྣལ་འབྱོར་པ་ནི་ཕྱག་རྒྱ་ཆེན་པོ་སྟེ། མཁའ་སྤྱོད་ལ་སོགས་པའོ། ། དེ་རྣམས་རང་ཉིད་འགྲུབ་པར་འགྱུར་བ་སྟེ། བདག་གིར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། །ཇི་སྐད་དུ། ཡེ་ཤེས་གསལ་བ་མཆོག་མཐོང་ནས། །རྣལ་འབྱོར་མ་ནི་དེས་རྟེན་བྱེད། །པདྨའི་རྫིང་བུ་ངང་པའི་ཚོགས། །རོལ་པར་བྱེད་པ་ཇི་བཞིན་ནོ། །ཞེས་གསུངས་པའོ། །ཉོན་མོངས་པ་ ནི་འདོད་ཆགས་ལ་སོགས་པའོ། །ལས་ཀྱི་ལམ་ནི་རྣམ་པ་བཅུའོ། །ལུས་ནི་ཕུང་པོའོ། །བྱེད་པ་པོ་ནི་ལས་སྒྲུབ་པའོ། །འབྲས་བུ་ནི་དེའི་རྣམ་པར་སྨིན་པ་སྟེ། དེ་དག་ཐམས་ཅད་སྨིག་རྒྱུ་ལྟ་བུར་ཤེས་པར་བྱའོ། །འདི་ཞེས་བྱ་བ་ལ་སོགས་པ་ལ། འདི་ནི་སྒྱུ་མ་ལ་སོགས་པའི་ཏིང་ངེ་ འཛིན་ཁོང་དུ་མ་ཆུད་པས་བསྡུས་པ་ལ་ཉེ་བར་དམིགས་ཤིང་མངོན་པར་ཞེན་པས་ཉམས་པ་སྟེ། འགྲོ་བ་གང་གི་བློ་ཉམས་པས་དེ་རྣམས་ལ་ནད་དང་གནོད་པ་སྣ་ཚོགས་སྐྱེ་བར་འགྱུར་པའོ། །དེ་ནི་སྒྱུ་མའི་སྤྲུལ་པ་སྟེ། དེ་ཉིད་ཀྱིས་ན་བློ་གྲོས་བླུན་པོ་བླ་མ་དམ་པ་ལས་བདག་ཉིད་བྱིན་ གྱིས་བརླབ་པའི་མན་ངག་མ་ཐོབ་པ་དེ། ལམ་དམ་པ་ལས་ནམ་ཞིག་ཉམས་པར་འགྱུར་ཞེས་བྱ་བར་སྦྱར་རོ། །ཅི་ཞིག་བྱས་ཤེ་ན། རྟག་པ་དང་ཆད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། །རྟག་པ་ཞེས་བྱ་བ་ནི་ཐེར་ཟུག་པར་སྨྲས་པའོ། །ཆད་པར་ལྟ་བ་ནི་འཇིག་རྟེན་རྒྱང་ཕན་པའོ། །དེ་དག་ གཅིག་ལས་ཕྱོགས་གཅིག་ལ་བརྟེན་པ་ཞེས་བྱ་བའི་བར་དུ་སྟེ། དེ་ལྟ་བུ་ཐམས་ཅད་ཡོངས་སུ་སྤངས་ནས་བླ་མ་མཆོད་པ་ལ་ཡིད་བརྩོན་པར་བྱའོ། །གང་གི་ཕྱིར་དེ་མཉེས་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས་རབ་ཏུ་འབྱུང་བའོ། །དེ་ཡིས་བསོད་ནམས་མ་བྱས་ཅི། །ཞེས་བྱ་བ་ལ། སློབ་དཔོན་ལ་ཅུང་ཟད་ཀྱང་བསྙེན་བཀུར་མ་བྱས་པ་མེད་པའོ། །གཞན་ཡང་ལེགས་པར་སྤྱོད་པ་ཐམས་ཅད་ཀུན་དུ་སྤྱོད་པ་ཉིད་དོ། །བསོད་ནམས་ནི་དགེ་བའི་ལས་སོ། །དཀའ་ཐུབ་ནི་ལུས་ལ་སོགས་པའི་སྡོམ་པའོ། །གང་གི་སློབ་དཔོན་དང་། རྡོ་རྗེ་འཆང་དབྱེར་ མེད་པར་བློས་བརྟགས་ནས་མཆོད་པ་བྱེད་པའོ། །ཤིན་ཏུ་དགའ་བ་གང་དང་གང་། །ཞེས་བྱ་བ་ལ་སོགས་པ་ཚིག་ལེའུར་བྱས་པ་གཉིས་ནི་གོ་སླ་བ་ཉིད་དོ། །གང་ཞིག་ཅེས་བྱ་བ་ལ་སོགས་པས་ནི་དམན་པའི་སློབ་མ་སྟོན་ཏེ། ང་རྒྱལ་དང་མངོན་པའི་ང་རྒྱལ་གྱིས་སྦགས་པའི་བསམ་པ་ ཅན་ནོ། །ཡང་དག་རིག་པ་ཞེས་བྱ་བ་ནི་རྡོ་རྗེ་འཆང་གིས་གསུངས་པའི་ལམ་སྟེ། ཐེག་པ་ཆེན་པོའོ། །དེ་སུན་འབྱིན་པ་ལ་དེ་ཁོ་ན་ཉིད་བསྟན་པར་མི་བྱའོ། །བླ་མ་ལ་གུས་བདེན་པར་སྨྲ། །ཞེས་བྱ་བ་ལ་སོགས་པ་ནི། རིན་པོ་ཆེ་ལྟ་བུའི་གང་ཟག་དེ་ཉིད་དེ་དེ་ལ་དེ་ཁོ་ན་ཉིད་བཤད་པར་ བྱ་བ་བསྟན་ཏོ། །རིམ་པ་ལྔ་པའི་དཀའ་འགྲེལ་དོན་གསལ་བ་ཞེས་བྱ་བ་ལས་བདག་ཉིད་བྱིན་གྱིས་བརླབ་པ་ཞེས་བྱ་བ་སྟེ། རིམ་པ་གསུམ་པའི་འགྲེལ་པའོ།། །།རིམ་པ་གསུམ་པ་བཤད་ནས་བཞི་པ་སྟོན་ཏེ། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་སེམས་ དཔའ་ནི་རྡོ་རྗེ་འཆང་ཆེན་པོའོ། །ཐམས་ཅད་སྟོང་པ་ནི་སྔར་བཤད་པའི་མཚན་ཉིད་ཅན་ཏེ་འོད་གསལ་བའོ། །དེ་སྟོན་པ་གང་ཡིན་པ་དེ་ལ་ཕྱག་འཚལ་ནས། མངོན་པར་བྱང་ཆུབ་པའི་རིམ་པ་བདག་གིས་བཤད་པར་བྱ་ཞེས་བྱ་བར་སྦྱར་རོ། །འདི་ནི་ཞེས་བྱ་བ་ལ་སོགས་པ་ལ། འདི་ནི་ཞེས་ བྱ་བ་ནི་མཆོག་ཏུ་བདེ་བ་ཆེན་པོའི་རང་བཞིན་ནོ། །རང་འབྱུང་ཞེས་བྱ་བ་ནི་མཐར་ཐུབ་པར་དགའ་བའོ། །དེ་ཡང་འབྱུང་བ་ཆེན་པོའི་རྗེས་སུ་དཔག་པའི་ངོ་བོ་ཉིད་པས་ན་རང་རིག་པའོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་ནི་སྒྲིབ་པ་རྣམ་པ་གཉིས་སྤངས་པའོ། །གཅིག་པུ་ཞེས་བྱ་བ་ནི་ཟླ་མེད་པའོ། །ལྷག་ པ་ཞེས་བྱ་བ་ནི་ཁྱད་པར་དུ་གྱུར་པའོ། །ལྷ་ཁོ་ན་ནི་ལྷ་ཉིད་དེ་སྤྱན་ལ་སོགས་པའི་ལྷ་མོ་བཞིའོ། །དེའི་བདག་པོ་འཁོར་ལོའི་གཙོ་བོ་ཞེས་བྱ་བའི་དོན་ཏོ། །འོན་ཀྱང་རྡོ་རྗེ་སློབ་དཔོན་ནི་མན་ངག་སྟེར་བར་བྱེད་པའི་ཕྱིར། རྡོ་རྗེ་འཆང་བས་ཀྱང་ལྷག་པར་བལྟ་བར་བྱའོ། །གང་གི་ཕྱིར་ དེ་མཉེས་པས་ཐམས་ཅད་འགྲུབ་པའོ། །དེ་ནི་མཉེས་པར་བྱ་བའི་ཕྱིར། །ཞེས་པ་ལ་སོགས་པ་ནས། དེ་ནས་རིག་པ་འདི་ལྟར་བསམ། །ཞེས་བྱ་བའི་བར་དུ་ཚིགས་སུ་བཅད་པ་བཅུ་གསུམ་ནི་གོ་སླ་བ་ཉིད་དོ། །འོན་ཀྱང་འདིར་བླ་མ་མཉེས་པར་བྱ་བ་དང་། དེ་ལ་མཆོད་པ་དང་། ཕྱག་ རྒྱས་བཏབ་པ་དང་། ཚོགས་ཀྱིས་མཆོད་པ་དང་། སྙོམས་པར་འཇུག་པའི་ཆོ་ག་དང་། བྱང་ཆུབ་ཀྱི་སེམས་བླང་བ་དང་། དབང་བསྐུར་བའི་རིམ་པ་དང་། བསྟོང་པ་དང་། ལུང་དབོག་པར་གསོལ་བ་གདབ་པ་ཞེས་བྱ་བ་ཚིག་གི་དོན་རྣམ་པ་བཅུར་ཤེས་པར་བྱའོ། །དེ་དག་ཐམས་ ཅད་ནི་ཁོ་བོས་བྱས་པའི་རབ་ཏུ་གནས་པའི་ཆོ་གར་གསལ་བས་ན་དེར་བལྟ་བར་བྱའོ། །ད་ནི་ལུང་དབོག་པ་བླ་ན་མེད་པར་གྱུར་པའི་རིམ་པ་སྟོན་ཏོ། སྣང་བའི་མཚན་མོའི་ཆ་ཞེས་བྱ་བ་ལ་སོགས་པ་ལ། མཚན་མོའི་ཆ་ནི་ཟླ་སྨད་དེ། མ་རིག་པའི་མུན་པས་གོས་པའོ། །མཚན་མོའི་ཆ་ནི་ མཚན་མོའི་བཞི་ཆ་འམ། མཚན་མོ་ཐམས་ཅད་དོ། །དེའི་གཉེན་པོའི་ངོ་བོ་དང་པོའི་སྣང་བའི་ཡེ་ཤེས་ཟླ་བའི་འོད་ཟེར་ལྟ་བུར་གྱུར་པ་འབྱུང་སྟེ། ཡིན་ཞེས་བྱ་བ་ནི་ཐམས་ཅད་དུ་འགྱུར་ཞེས་བྱ་བར་སྦྱར་རོ། །ཉི་མའི་ཆ་ནི་ཟླ་སྟོད་དམ། ཉིན་མོ་ཐམས་ཅད་དོ། །དེར་སྣང་བ་མཆེད་པ་གཉིས་ པ་ཤིན་ཏུ་གསལ་བའི་ཡེ་ཤེས་འོད་ཟེར་སྟོང་དང་ལྡན་པར་འཁྲིགས་ཤིང་གསལ་བར་རབ་ཏུ་སྐྱེ་བའོ། །མཚམས་ནི་ཕྱོགས་གཉིས་ཀྱི་བར་རོ། །མཚན་མོ་ཡོངས་སུ་ཟད་ནས་ཉི་མ་འཆར་བའི་དུས་དེ་མཚམས་ཀྱི་སྐད་ཅིག་གོ། །དེར་སྣང་བ་ཐོབ་པ་ཞེས་བྱ་བ་ནི་ཡེ་ཤེས་གསུམ་པ་ ཀུན་དུ་འབྱུང་བའོ། །ཉོན་མོངས་པ་ཐམས་ཅད་ཟད་པ་དང་། ཡེ་ཤེས་ཅིག་ཅར་ཐོབ་པ་ནི། དཔེར་ན་སྡོང་བུ་ཚིག་པ་དང་། མར་མེ་གསལ་བ་བཞིན་ནོ། །དེ་དག་ཀྱང་ལན་ཅིག་མིན་པ་ནི་ལན་གྲངས་དུ་མར་རང་གི་རང་བཞིན་བདུན་གྱིས་ཉོན་མོངས་པ་རྩད་གཅོད་པ་དུས་སུ་སྦྱོར་བ་སྟེ། ཀུན་དུ་སྦྱོར་བར་འགྱུར་བའོ། །དུས་གཞན་ཞིག་ན་དེ་དང་བྲལ་བ་ན་རྣམ་པར་སྦྱོར་བར་ཡང་མི་འགྱུར་བའོ། །འདིས་ནི་ཡེ་ཤེས་གསུམ་ཕྱིན་ཅི་མ་ལོག་པའི་མཚན་ཉིད་སྟོན་ཏོ། །མཚམས་མིན་ཞེས་བྱ་བ་ལ་སོགས་པ་འདིས། བཞི་པ་ཐམས་ཅད་སྟོང་པའི་མཚན་ཉིད་སྟོན་པར་ བྱེད་དོ། །གནས་སྐབས་གང་དང་གང་དུ་མཚམས་ཀྱི་བྱ་བ་ལོག་ཅིང་། མཚན་མོ་དང་ཉིན་པར་གྱི་ཆ་དང་བྲལ་བའོ། །གང་ཡང་རང་བཞིན་མཐའ་དག་དང་བྲལ་བ་ནི་རྣམ་པར་སྤངས་པའོ། །དེ་ཉིད་བླ་མ་དམ་པས་ཡང་དག་པར་ཕྱིན་ཅི་མ་ལོག་པར་བསྟན་ཅིང་ལུང་དབོག་ པའི་དུས་སུ་བྱང་ཆུབ་ཀྱི་སྐད་ཅིག་ཤེས་པར་བྱའོ། །དེ་ཡང་ཉིན་མཚན་ཕྱེད་པར་མཉམ་པར་གཞག་པའི་རྣལ་འབྱོར་ཉིད་ཀྱིས་ཁོང་དུ་ཆུད་པར་འགྱུར་གྱི། བློ་རྣམ་པར་གཡེང་བ་གཞན་དག་གིས་མ་ཡིན་ནོ། །དེ་ཉིད་གསལ་བར་སྟོན་ཏེ། མཚམས་ཀྱི་མཐའ་ནི་ཞེས་བྱ་བ་ལ་སོགས་པ་ལ། མཚམས་ཀྱི་གསལ་བ་རྣམ་པར་ཉམས་པ་དང་། མུན་ནག་གི་མུན་པའི་ཚོགས་ཏེ། རྣམ་པར་ཉམས་ཤིང་ཟད་པར་གྱུར་ནས་ཉི་མའི་འོད་ཟེར་སྟོང་དང་ལྡན་པ་ཇི་སྲིད་རི་ལས་མ་ཤར་བ་དེ་སྲིད་དུ། རྣམ་པར་རྟོག་པའི་གཡེང་བ་ཐམས་ཅད་སྐད་ཅིག་ལ་སྤངས་པའོ། །སློབ་མ་ལ་བླ་མ་རབ་ཏུ་ མཉེས་པས་ཡང་དག་པའི་མཐའི་འོད་གསལ་བའི་ལུང་ཕོག་པའོ། །ཕྱི་རོལ་ཞེས་བྱ་བ་ནི་མངོན་པར་བྱང་ཆུབ་པ་ལྔའི་རིམ་པ་བསྟན་པའོ། །དེ་ཡང་ནང་གི་བདེ་བ་ནི་ཡིད་ནང་དུ་བསྡུས་པ་སྟེ། དེའི་བྱིན་གྱི་རླབས་ཀྱི་སྟོབས་ཀྱིས་ཐོབ་པར་གྱུར་པ་ཉིད་དོ། །ཅི་ཞིག་ཅེ་ན། ཚིག་གིས་ བརྗོད་པ་ཡིན་ཞིང་། གང་གི་ཉམས་སུ་མྱོང་བའི་མཚན་ཉིད་དོ། །དེ་ཉིད་བླ་ན་མེད་པའི་གནས་ཏེ། ཉོན་མོངས་པ་ཐམས་ཅད་ཟད་ནས་དག་པའི་རྒྱུན་འབྱུང་བའོ། །དེ་ཉིད་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་ཀྱི་བྱང་ཆུབ་སྟེ། སྤྲོས་པ་ཐམས་ཅད་ལས་རྣམ་ པར་འདས་ཤིང་། ཆོས་ཀྱི་དབྱིངས་ཐམས་ཅད་དུ་འགྲོ་བ་མཉམ་པར་རྟོགས་པའི་ཕྱིར་རོ། །འདི་དག་གིས་བཞི་པ་ཐམས་ཅད་སྟོང་པའི་ཡེ་ཤེས་ཀྱི་མཚན་ཉིད་རིག་པ་སྟེ། འདིར་དེ་དག་ཉིད་བླ་མ་གཅིག་ནས་གཅིག་ཏུ་བརྒྱུད་པའི་གསང་བའོ། །འདིར་གང་ཞིག་མངོན་པའི་ང་རྒྱལ་ གྱིས་སེམས་ཁེངས་པས་མགོ་བསྐྱོད་ཅིང་མིག་བགྲད་ནས་སྔོན་འཇུག་པའི་མཚན་ཉིད་ཀྱི་ལས་སུ་གྱུར་པ་དེ་ལྟ་བུའི་ལས། དེ་དག་གིས་ཆོས་བདག་མེད་པ་རབ་ཏུ་འབྱེད་པའི་མཚན་མ་བྱུང་བ་ཅུང་ཟད་ནི་ཡོད་པ་སྟེ། བླ་མ་ཉིད་ཀྱིས་རྟོགས་པར་འགྱུར་བའོ་ཞེས་སྨྲ་བའོ། །དེ་དག་ནི་བདེན་ པ་མ་ཡིན། མངོན་པའི་ང་རྒྱལ་གྱིས་བློ་གྲོས་ཉམས་པས་བདག་དང་གཞན་རྣམ་པར་འཁྲུལ་པ་འབའ་ཞིག་ཙམ་མོ། །འདིར་གཞན་མ་གཏོགས་པ་བླ་མ་ཉིད་ཀྱིས་སྔོན་མ་བྱུང་བ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། དེ་བས་ན་འདི་ལྟར་བརྗོད་པར་འགྱུར་བའོ། །གལ་ཏེ་འདིར་སྔོན་མ་བྱུང་བའི་ཚིག་ གིས་བརྗོད་པར་ནུས་པ་མ་ཡིན་ན། འདི་དག་ནི་འདིར་སྔོན་མ་བྱུང་བའི་ཚིག་ཅན་ཏེ། གང་གི་ཕྱིར་དེ་རྣམས་དང་ཡང་མཚུངས་པའི་ཕྱིར་རོ། །དེ་དག་ནི་ཀླུའི་རྒྱལ་པོ་ནོར་རྒྱས་ལྟར་ལྕེ་སྟོང་ཡོད་པས་ཀྱང་བརྗོད་པར་ནུས་པ་མ་ཡིན་ཏེ། ཇི་སྐད་དུ། གཅིག་ཏུ་བདེ་བའི་རྒྱལ་པོ་རྒྱལ་པ་སྟེ། ། འགྲོ་བ་རྟགས་འབྱུང་རྒྱུ་རྣམས་སྤངས་པའོ། །གང་ཞིག་བརྗོད་པར་བྱ་བའི་དུས་སུ་ནི། །ཀུན་མཁྱེན་གྱིས་ཀྱང་བརྗོད་པར་མིན་པའོ། །ཞེས་གསུངས་སོ། །དེ་བས་ན་འབྲེལ་པ་མེད་པའི་གཏམ་གྱི་ཚིག་སྟེ། གོས་པ་མེད་དོ། །འདི་ཉིད་ནི་ལེགས་པ་སྟེ། རིམ་པ་གང་གིས་གོམས་ ཤིང་དད་པའི་ཚིག་གི་བསོད་ནམས་ཀྱི་ཚོགས་ཀྱི་རྒྱུན་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། དད་པའི་ལྷས་བྱིན་གྱིས་བརླབས་པས་ཀྱང་སྙིང་རྗེ་ལ་སོགས་པའི་ཡོན་ཏན་རང་གི་ཡེ་ཤེས་སྐྱེ་བ་ཡིན་ནོ། །ཇི་སྐད་དུ། བླ་མའི་སྤྱོད་ཡུལ་མིན་པས་ཚིག་གི་ཡུལ་མིན་ཏེ། བླ་མས་ བསྟན་པའི་དངོས་པོ་ཚིག་གི་འཇུག་པ་རིང་། །དེ་ནི། རིམ་གྱིས་སྙིང་རྗེ་ལ་སོགས་ཡོན་ཏན་རྣམ་བྱང་བ། །དད་ལྡན་སེམས་ལ་གོ་འཕང་རང་ཉིད་འབྱུང་བའོ། །ཐོག་མ་མེད་པར་འབྱུང་ཞེས་བྱ་བ་ལ་སོགས་པས་བཤད་མ་ཐག་པའི་དོན་གྱི་ཕན་ཡོན་སྟོན་ཏེ། ཐོག་མ་དང་། དབུས་ དང་ཐ་མའི་སྐད་ཅིག་མ་གསུམ་ཤིན་ཏུ་འཇུག་པ་གང་ཡིན་པ་དེ་ཉིད་སྐད་ཅིག་མ་བཞི་པ་ཐམས་ཅད་སྟོང་པའི་སྒྲར་བརྗོད་དོ། །གང་དུ་འགྲོ་བ་དང་འོང་བ་མེད་པ་དང་། ཟད་པ་དང་འཕེལ་བ་མེད་པ་དང་། དངོས་པོ་དང་དངོས་པོ་མེད་པ་མ་ཡིན་པ་དང་། ཤིན་ཏུ་ངོ་མཚར་བའི་གཟུགས་ཅན་ཡང་ ངོ་མཚར་བ་མ་ཡིན་པ་དང་གནས་པར་གྱུར་པ་མ་ཡིན་ཞིང་། གཡོ་བའི་ངོ་བོ་ཡང་མ་ཡིན་པའོ། །གང་ཞིག་ཡོད་པ་དང་མེད་པའི་ཐ་སྙད་ལས་རྣམ་པར་འདས་པ། བསོད་ནམས་ཀྱི་གཟུགས་ཅན་མ་ཡིན་ཞིང་སྡིག་པའི་གཟུགས་ཅན་ཡང་མ་ཡིན་ལ་གཉི་གའི་བདག་ཉིད་ཀྱང་མ་ཡིན་ པའོ། །རྣམ་པར་རྟོག་པ་ཐམས་ཅད་སྤངས་པས་གཙོ་བོ་ཡིན་པའི་ཕྱིར། དེ་མཆོག་ཏུ་གྱུར་པ་ཞེས་སངས་རྒྱས་རྣམས་ཀྱིས་གསུངས་སོ། །དེ་ལྟ་བུའི་དེ་ཁོ་ན་ཉིད་ཐོབ་ནས་རྣལ་འབྱོར་པས་འཇིག་རྟེན་གསུམ་དུ་ཡང་སྤྱད་པ་སྤྱོད་པ་སྟེ། ཟད་པ་མེད་པའི་དུས་ཐོབ་པར་འགྱུར་ ཞེས་བྱ་བའི་ཚིག་ནི་ལྷག་མའོ། །རྒྱུ་དང་མི་རྒྱུའི་བདག་ཉིད་ཅེས་བྱ་བའི། །བརྟན་པ་དང་གཡོ་བའི་མཉམ་པར་བྱེད་པའི་ཕྱིར་རོ། །དེ་ནི་ཡོན་པོའི་ལུས་ཀྱང་དྲང་བའི་ལུས་སུ་ཤེས་པར་བྱའོ་ཞེས་ཐམས་ཅད་དུ་ཁོང་དུ་ཆུད་པར་བྱའོ། །དེ་ནི་བརྟན་པ་མེད་པ་ཡང་བརྟན་པ་དང་བཅས་པ་ཡིན་ ལ་མིག་བཙུམས་ཀྱང་རྣམ་པར་རྒྱས་པའི་ཤེས་རབ་ཀྱི་མིག་ཅན་ཡིན་ནོ། །དེ་ནི་རྣམ་པར་གཡེང་བ་ཡིན་ཡང་སེམས་མཉམ་པར་གཞག་པའོ། །ཚིག་དང་ལྡན་པ་ཡིན་ཡང་བརྗོད་པ་དང་བྲལ་བའོ། །ཚིག་གི་བརྗོད་པ་དང་བྲལ་བ་ནི་བརྗོད་བྲལ་ལོ། །དེ་ནི་ལོངས་སྤྱོད་དམན་ཡང་ལོངས་སྤྱོད་དང་ བཅས་པའོ། །གཞན་གྱི་རྗེས་སུ་འབྲང་ཡང་སྐྱོབ་པའོ། །འདི་ལྟར་དེ་ཁོ་ན་ཉིད་ཐོབ་པའི་རྣལ་འབྱོར་པ་དེས་རིལ་པོར་འཛིན་པའི་རིམ་པ་དང་། རྗེས་སུ་གཞིག་པའི་རིམ་པ་སྟེ། རིམ་པ་རྣམ་པ་གཉིས་ལ་བསླབ་པར་བྱའོ། །དེ་དག་གི་མཚན་ཉིད་སྟོན་ཏེ། མགོ་བོ་ནས་ཞེས་བྱ་བ་ལ་སོགས་ པ་ལ། མགོ་བོ་ནས་རྐང་པའི་མཐར་ཐུག་པ་དང་། ཇི་སྲིད་སྙིང་གའི་བར་དུ་རིན་པོ་ཆེའི་ཕྲེང་བ་ལྟར་རྣལ་འབྱོར་པ་གང་ཞིག་སྟོང་པ་ཉིད་སྒོམ་པ་ནི། རིལ་པོར་འཛིན་པ་སྟེ། རིལ་པོ་ནི་ལུས་སོ། །དེ་འཛིན་པར་བྱེད་པས་ན་རིལ་པོར་འཛིན་པའོ། །དེ་བཞིན་དུ་བརྟན་པ་དང་གཡོ་བའི་ དངོས་པོ་མ་རིག་པའི་མུན་པ་བསལ་ནས། དངོས་པོ་འོད་གསལ་བར་བྱ་སྟེ། དེ་ལྟར་བསྒོམ་པའི་སྟོབས་ཀྱིས་སླར་ཡང་བདག་ཉིད་དེ་ལྟ་བུ་ཉིད་དུ་གོམས་པར་བྱེད་པ་འདི་ནི་རྗེས་སུ་གཞིག་པའི་རིམ་པའོ། །དབུགས་ཀྱི་རྔུབ་པ་ནི་ཞེས་བྱ་བ་ལ་སོགས་པ་འདིས་ཡང་དག་པའི་མཐའ་ལ་ འཇུག་པའི་རིམ་པ་སྟོན་ཏེ། རླུང་དང་རྣམ་པར་ཤེས་པ་དང་ལྡན་པས་བདག་བྱིན་གྱིས་བརླབ་པ་ཉིད་དོ། །ཐམས་ཅད་སྟོང་པ་ལས་སྒྱུ་འཕྲུལ་དྲ་བ་འབྱུང་ཞེས་བྱ་བ་ནི་ཉའི་དཔེས་བསྟན་ཏོ། །གང་ཡང་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ནི། ཡེ་ཤེས་ལྔའི་རང་བཞིན་ཏེ། དེ་ཡང་འཇའ་ ཚོན་ལྟ་བུར་བརྟགས་པའི་ངོ་བོ་ཉིད་དེ། གང་ཕྱག་རྒྱ་གཞན་བཅིང་བ་ལ་སོགས་པ་དེ་ཐམས་ཅད་སྟོང་པ་ཉིད་ཀྱིས་འགྲུབ་ཀྱི་གཞན་གྱིས་ནི་མ་ཡིན་ནོ། །ཐམས་ཅད་ཟ་ཞིང་ཞེས་བྱ་བ་ནི་རྣམ་པར་རྟོག་པ་ཐམས་ཅད་སྤངས་པའོ། །ཐམས་ཅད་སྟོང་པ་ཉིད་ཅེས་བྱ་བ་ནི་འཁོར་གསུམ་ ཡོངས་སུ་དག་པའི་ཕྱིར་རོ། །མཚན་མ་ཀུན་ཞེས་བྱ་བ་ནི་བརྟུལ་ཞུགས་ཐམས་ཅད་འཛིན་པའོ། །མན་ངག་ཐོབ་ཅེས་བྱ་བ་འདིས་ཆོས་གང་སྔོན་དུ་འགྲོ་བའི་དོན་དམ་པ་བྱང་ཆུབ་ཀྱི་སེམས་བླང་བ་སྟོན་ཏེ། དངོས་པོ་ཀུན་ཞེས་བྱ་བ་ལ་སོགས་པ་ལ། གཞིར་གྱུར་པས་ན་དངོས་པོའོ། ། དངོས་པོ་ཐམས་ཅད་དང་བྲལ་ཞིང་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་གཟུང་བ་དང་། འཛིན་པ་རྣམ་པར་སྤངས་པ་ཆོས་བདག་མེད་པ་ནི་འོད་གསལ་བའོ། །དེ་བས་ན་མཉམ་པ་ཉིད་གཉིས་སུ་མེད་པར་གྱུར་པ་དེས། རང་གི་སེམས་གདོད་མ་ནས་མ་སྐྱེས་པ། རྡོ་རྗེ་ལྟར་དབྱེར་ མེད་པ་གསུམ་ལུས་སྟོང་པ་ཉིད་ཀྱི་རང་བཞིན་ནོ། །དེ་ལྟར་བྱང་ཆུབ་ཀྱི་སེམས་བླངས་ནས། དེ་མ་ཐག་ཏུ་ཇི་བཞིན་ནུས་པས་བླ་མ་ལ་ཡོན་ཕུལ་ཏེ། དྲིན་ཐོབ་པའི་རིམ་པས་བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་དབྱིངས་བསྒོམ་པ་ནི་རང་ཉིད་དེའི་ངོ་བོ་ཐོབ་པར་འགྱུར་བའོ། །ཁྱད་པར་ གཞན་ནི་གོ་སླ་བ་ཉིད་དོ། །རིམ་པ་ལྔ་པའི་དཀའ་འགྲེལ་དོན་གསལ་བ་ཞེས་བྱ་བ་ལས་མངོན་པར་རྫོགས་པར་བྱང་ཆུབ་པ་སྟེ། རིམ་པ་བཞི་པའི་འགྲེལ་པའོ།། །།བཞི་པའི་རྗེས་ཐོགས་སུ་རིམ་པ་ལྔ་པ་བསྟན་པའི་ཕྱིར་རྒྱུ་དང་འབྲས་བུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུ་ནི་བཅོམ་ ལྡན་འདས་སྐྱེད་པ་པོའོ། །འབྲས་བུ་ནི་དེ་བཞིན་གཤེགས་པའོ། །དེའི་བདག་ཉིད་རྡོ་རྗེ་འཆང་ནི་རྒྱུ་དང་འབྲས་བུའི་རང་བཞིན་ཉིད་དོ། །དེ་ཉིད་ཀྱིས་ན་མགོན་པོ་སྟེ། འཇིག་རྟེན་གསུམ་གྱི་ཡོངས་སུ་སྐྱོབ་པའོ། །དེ་ལ་ཕྱག་འཚལ་ནས་ཟུང་དུ་འཇུག་པ་ཞེས་བྱ་བ་རིམ་པ་ཐ་མ་བདག་གིས་ བཤད་པར་བྱ་ཞེས་བྱ་བར་སྦྱར་རོ། །སྲིད་པ་དང་ཐར་པ་ལ་མངོན་པར་ཞེན་པའི་རྟོག་པ་གཉིས་སྤངས་ནས། སེམས་གཅིག་ཏུ་འགྱུར་པ་དེ་ནི་ཟུང་དུ་འཇུག་པ་ཞེས་བཤད་དོ། །ཟུང་ནི་གཉིས་མཚུངས་པའོ། །དེས་འཇུག་པས་ན་ཟུང་དུ་འཇུག་པ་ཞེས་བྱའོ། །ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དག་གི་རང་གི་ངོ་བོ་དོན་དམ་པའི་རྣམ་པར་རྟོགས་ནས། གང་འདི་དག་གཅིག་ཏུ་གྱུར་པ་དེ་ཡང་ཟུང་དུ་འཇུག་པའོ། །སྲིད་པ་ཀུན་དུ་རྟོག་ཅིང་མངོན་པར་ཞེན་པ་དེ་ཡང་རྣམ་པ་དང་བཅས་པའི་གཟུགས་ཏེ། གང་གི་ཕྱིར་དེའི་སྟོབས་ཀྱིས་ཉོན་མོང་པ་ཐམས་ཅད་རབ་ཏུ་སྐྱེ་བའོ། ། དེ་ལས་བཟློག་པ་ནི་རྣམ་པར་རྟོག་པ་མེད་པའོ། །རྣམ་པར་རྟོག་པ་དེ་སྤངས་ནས། གཅིག་ཏུ་སྤྱོད་པ་དེ་ཉིད་ནི་ཟུང་དུ་འཇུག་པའི་ཉམས་སུ་མྱོང་བའོ། །གང་དུ་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་གཉིས་ཀྱི་བློའི་ཀུན་དུ་སྤྱོད་པ་མེད་ཅིང་། གང་དུ་མི་ཕྱེད་པ་ཡོད་པ་དེ་ཡང་ཟུང་དུ་འཇུག་པ་ཞེས་བཤད་དོ། །རྟག་ པ་ཞེས་བྱ་བ་ནི་ཐེར་ཟུག་པའི་ཕྱོགས་སོ། །ཆད་པ་ཞེས་བྱ་བ་ནི་འཇིག་རྟེན་རྒྱང་པན་པའི་ཕྱོགས་སོ། །དེ་གཉི་གའི་བློ་སྤངས་ནས་གང་གིས་དེ་ཁོ་ན་མཉམ་པ་ཉིད་རིག་པ་དེ་ཉིད་ནི་མཁས་པ་སྟེ། གཞན་ནི་མ་ཡིན་པའོ། །ཇི་སྐད་དུ། བདག་ཉིད་ཆེན་པོ་རྩོད་མེད་པ། །དེ་ལ་ཕྱོགས་ནི་ཡོད་མ་ཡིན། །གང་ ཕྱིར་དེ་ལ་གཞན་ཕྱོགས་དང་། །བདག་ཕྱོགས་ཡོད་པ་མིན་ཕྱིར་རོ། །ཞེས་གསུངས་པའོ། །གཞན་ཡང་། འགྲོ་བའི་དངོས་པོ་ཐམས་ཅད་ཉིད། །མ་བརྟགས་པ་ནི་ཉམས་དགའ་བ། །རྣམ་པར་བརྟགས་ཤིང་འཇིག་པ་ན། །དངོས་པོ་ཡོད་པ་མིན་པའོ། །ཞེས་གསུངས་སོ། །ཆོས་ཐམས་ཅད་རང་ བཞིན་མེད་པར་དཔྱོད་པ་ནི་ཤེས་རབ་སྟེ། འགྲོ་བ་ཐམས་ཅད་སྡུག་བསྔལ་གྱི་རྣམ་པ་དང་བྲལ་བར་སེམས་པ་ནི་སྙིང་རྗེའོ། །ཡང་ནམ་ཞིག་སེམས་ཅན་གྱི་དོན་ལ་ཉིད་ཀྱིས་དབྱེར་མེད་པར་ཤེས་རབ་ཀྱིས་བརྟགས་ནས་གང་དུ་འཇུག་པའི་རིམ་པ་སྟེ། བཅོམ་ལྡན་འདས་ཀྱིས་བློ་གྲོས་ཤིན་ཏུ་ཟབ་ མོའི་ཡུལ་ལོ། །ཐབས་དང་ཤེས་རབ་ཀྱི་རང་བཞིན་བརྟན་པ་དང་གཡོ་བའི་བདག་ཉིད་ཐམས་ཅད་ཁོང་དུ་ཆུད་ནས། ཕྱོགས་གཅིག་ལ་རྟེན་ཅིང་གནས་པ་དེ་ཡང་ཟུང་དུ་འཇུག་པ་ཞེས་བྱའོ། །ཇི་སྐད་དུ། གང་གིས་ཤེས་རབ་དེ་ཉིད་རྟེན་ཅིང་སྙིང་རྗེས་ཀུན་རྫོབ་བརྟེན་པ་སྟེ། དེས་ན་འགྲོ་ ལ་སེམས་ཅན་མེད་ཅིང་ཇི་བཞིན་དོན་དུ་རྣམ་པར་དགོངས། །གང་གི་ཚེ་ནི་སྟོབས་བཅུ་སྐྱེད་བྱེད་སྙིང་རྗེས་ཟིན་པ་དེ་ཡི་ཚེ། །ཁྱེད་ནི་འགྲོ་ལ་བུ་གཅིག་པ་ཡི་ཕ་བཞིན་དགོངས་པར་གྱུར་པའོ། །ཞེས་གསུངས་པའོ། །ལྷག་མ་ཞེས་བྱ་བ་ནི་ཉོན་མོངས་པའི་ཕུང་པོ་སྟེ། དེ་དང་བཅས་པར་གནས་ པ་ནི། ལྷག་མ་དང་བཅས་པར་གནས་པའོ། །དེ་ལས་བཟློག་པ་ནི་ལྷག་མ་མེད་པའོ། །དེ་ལས་བཟློག་པ་ནི་རྣམ་པར་རྟོག་པ་མེད་པའོ། །གང་དུ་རྟོག་པ་དེ་གཉིས་ཀྱི་ངོ་བོ་ཡོད་པ་མ་ཡིན་པ་དེ་ནི་ཟུང་དུ་འཇུག་པའོ། །གང་དུ་གང་ཟག་ལ་བདག་མེད་པ་དང་། ཆོས་ལ་བདག་མེད་པའི་བྱེ་བྲག་ རྣམ་པ་གཉིས་སུ་རྟོག་པ་སྤངས་པ་དེ་ཡང་ཟུང་དུ་འཇུག་པའོ། །བདག་བྱིན་གྱིས་བརླབ་པ་དང་། འོད་གསལ་བ་ལ་འཇུག་པའི་རིམ་པ་རྟོགས་ནས་དེ་དག་ཉིད་དབུ་མའི་གནས་སྐབས་སུ་འདྲེས་པར་གྱུར་པ་དེ་ཟུང་དུ་འཇུག་པའོ། །ཐམས་ཅད་སྟོང་པའི་གནས་སུ་རིལ་པོར་འཛིན་པ་དང་། རྗེས་ སུ་འཇུག་པའི་རིམ་པས་འཇུག་ཅིང་། དགོངས་པའི་དབང་གིས་གང་ཞིག་དེ་ལས་ལྡང་བར་གྱུར་པ་དང་། ཟུང་དུ་འཇུག་པའོ། །ཐོག་མར་ཀུན་རྫོབ་དང་དོན་དམ་པའི་བདེན་པ་རང་གི་ངོ་བོ་བྱེ་བྲག་ཤེས་ནས་དེ་དུས་གཞན་ཞིག་ན་ཕྱོགས་གཉི་ག་འདྲེས་པར་གྱུར་པ་གང་ཡིན་པ་དེ་ཟུང་དུ་འཇུག་པའོ། ། གང་དུ་སྟོང་པ་ཉིད་ལ་དམིགས་པ་མེད་ཅིང་དེ་ལས་ལྡང་བ་ཡང་མེད་པ་དེ་ཟུང་དུ་འཇུག་པའོ། །དེ་ཉིད་ནི་རྣལ་འབྱོར་པ་རྣམས་ཀྱི་དབུ་མའི་གནས་སྐབས་ཀྱི་ལམ་མོ། །གཉིད་ལོག་པ་དང་སད་པའི་རྣམ་པར་རྟོག་པ་གཉིས་སྤངས་པ་ནི་ཟུང་དུ་འཇུག་པའི་ངོ་བོར་བསྟན་པས་གསུངས་པ་ཡིན་ཏེ། སེམས་ཅན་ཐམས་ཅད་ལ་རྗེས་སུ་སྟོན་པའི་ཕྱིར་རོ། །གཉིད་ལོག་པ་ཞེས་བྱ་བ་ནི་སེམས་ཅན་གྱི་དོན་ལ་མི་འཇུག་པའོ། །སད་པ་ཞེས་བྱ་བ་ནི་སེམས་ཅན་གྱི་དོན་ལ་འཇུག་པའོ། །དེ་དག་རྣམ་པར་སྤངས་ནས་རང་ཉམས་སུ་ལྷུན་གྱིས་གྲུབ་པར་སེམས་ཅན་གྱི་དོན་རྫོགས་པར་མཛད་པ་ཞེས་ བྱ་བའི་དོན་ཏོ། ཇི་སྐད་དུ། ཡིད་བཞིན་ནོར་བུ་ཇི་བཞིན་དུ། །མ་ལུས་འགྲོ་བའི་བསམ་རྫོགས་མཛད། །སེམས་ཅན་བསོད་ནམས་དབང་གིས་ན། །དེ་ནས་རྒྱལ་བའི་གཟུགས་མཐོང་འགྱུར། །ཞེས་གསུངས་སོ། །མཉམ་པར་བཞག་པ་ནི་སེམས་ཞི་བའི་གནས་སྐབས་སོ། །མཉམ་ པར་མ་བཞག་པ་ནི་སེམས་རྣམ་པར་གཡེང་བའོ། །རྣལ་འབྱོར་པ་གང་ལ་དེ་གཉིས་མེད་པར་གྱུར་པ་དེ་ཉིད་ནི་ཟུང་དུ་འཇུག་པ་ལ་གནས་པར་ཤེས་པར་བྱའོ། །དངོས་པོ་ནི་གཟུང་བའི་ཕྱོགས་ལ་མངོན་པར་ཞེན་པའོ། །དངོས་པོ་མེད་པ་ནི་ལོག་པར་ལྟ་བ་ཡོངས་སུ་བྱང་བའོ། །དེ་དག་རྣམ་པར་ སྤངས་པ་ནི་ཟུང་དུ་འཇུག་པའོ། །དྲན་པ་མ་ཡིན་པ་ནི་ཐོས་པའི་དོན་བརྗེད་པའོ། །དྲན་པ་ནི་དེ་ལས་བཟློག་པའོ། །རྒྱུན་དུ་ལྷུན་གྱིས་གྲུབ་པས་ན་དེ་དག་ལས་ངེས་པར་གྲོལ་བའོ། །དེ་ཉིད་ཀྱིས་ན་རྟག་ཏུ་འབྱུང་བའི་རང་བཞིན་ཏེ། དེ་ལྟར་འདོད་པ་བཞིན་ཐམས་ཅད་དུ་གནས་ པ་ཞེས་བྱ་བའི་དོན་ཏོ། །ཆགས་པ་ནི་སྲིད་པའི་ལོངས་སྤྱོད་རྣམས་ལ་ཞེན་པའོ། །དེ་ལ་མ་ཆགས་པ་ནི་ཞེན་པ་མེད་པའོ། །ཕྱོགས་དེ་གཉི་ག་ཡོངས་སུ་སྤངས་ནས། དབུ་མའི་ལམ་ལ་དམིགས་ཏེ། འཁོར་བ་ཇི་སྲིད་དུ་གནས་པ་ནི་བརྟན་པའོ། །ཇི་སྐད་དུ། གང་ཞིག་སྙིང་རྗེ་ཆེན་པོས་ནི། །གཞན་ གྱི་དབང་གིས་གནས་པའོ། །ཞེས་གསུངས་སོ། །མཆོག་ཏུ་དགའ་བའི་ལུས་ནི་རྟག་ཏུ་རབ་ཏུ་དགའ་བའི་གནས་སྐབས་སོ། །གང་ལ་དེ་ལྟ་བུ་ཡོད་པ་དེ་ནི་དེ་དང་ལྡན་པའོ། །ཇི་སྐད་དུ། འཇིག་རྟེན་ཁམས་ནི་མཐའ་ཡས་པར། །སྙིང་རྗེ་ཆེན་པོས་རྣམ་དཔྱོད་ཅིང་། །སེམས་ཅན་རྣམས་ལ་རྟག་ དགའ་བས། །རིམ་གྱིས་རིམ་གྱིས་སྨིན་པར་མཛད། །ཅེས་གསུངས་པའོ། །གཞན་ཡང་། སེམས་ཅན་རྣམས་ནི་གྲོལ་གྱུར་ན། །གང་ཞིག་དགའ་བའི་རྒྱ་མཚོ་སྟེ། །དེ་ཉིད་ཀྱིས་ནི་ངེས་པར་རྫོགས། །བཅིང་མེད་གྲོལ་བས་ཅི་ཞིག་དགོས། །ཞེས་གསུངས་པའོ། །རྒྱུ་ནི་འབྲས་བུ་རབ་ཏུ་ སྐྱེད་པ་སྟེ། །འབྲས་བུ་སྐྱེད་པར་ནུས་པ་ནི་རྒྱུའོ། །འབྲས་བུ་ནི་རྒྱུ་ལས་བྱུང་བའོ། །དེ་གཉི་ག་ཡང་དབྱེར་མེད་པར་རྟོགས་ནས། དབྱེར་མེད་པའི་ངོ་བོར་བྱས་ཏེ། རྣལ་འབྱོར་པ་གང་དུ་གནས་པ་དེ་ཉིད་ཟུང་དུ་འཇུག་པའོ། །གང་དུ་རིམ་པ་གཉིས་གཅིག་ཅིང་དབྱེར་མེད་པར་རྟོགས་པ་དེ་ཡང་ ཟུང་དུ་འཇུག་པའོ། །ཡོངས་སུ་དག་པའི་ལྷ་དང་། ཡོངས་སུ་མ་དག་པའི་ལྷ་ཞེས་རྣམ་པར་རྟོག་པ་གཉིས་སྤངས་ནས། གང་དུ་དབྱེར་མེད་པར་རྟོགས་པ་དེ་ནི་ཟུང་དུ་འཇུག་པའོ། །གཟུགས་ཅན་ཞེས་བྱ་བ་ནི་གཟུགས་ཀྱི་ཕུང་པོའོ། །གཞན་པ་བཞི་ནི་གཟུགས་མེད་པའོ་ཞེས་ཀུན་དུ་རྟོག་ པ་དེ་གཉི་ག་ཡོངས་སུ་སྤངས་ནས། གང་ཞིག་མཉམ་པའི་གནས་རིག་པ་དེ་ཉིད་ཟུང་དུ་འཇུག་པའི་གོ་འཕང་འཐོབ་པའོ། །འདི་ལྟར་གང་ཞིག་དེ་ཁོ་ན་ཉིད་རིག་ཅིང་། ཇི་ལྟ་བ་བཞིན་མཐོང་བ་དེ་དག་ཐམས་ཅད་མཁྱེན་པ་ཞེས་བཤད་པའོ། །སྣ་ཚོགས་འཛིན་ཞེས་བྱ་བ་ནི་སྤྲུལ་པ་སྣ་ཚོགས་ པས་སེམས་ཅན་གྱི་དོན་ཕུན་སུམ་ཚོགས་པར་མཛད་པའི་ཕྱིར་རོ། །སྒྱུ་མ་ནི་གཞན་སླུ་བ་ལ་མངོན་པར་བརྩོན་པ་སྟེ། དེ་ཉིད་དྲ་བ་ཡིན་ཞིང་འཆིང་བ་ཡང་དེའོ། །དེ་རྩད་གཅོད་པ་ནི་མངོན་པར་སངས་རྒྱས་སོ། །ཡང་ན་སྒྱུ་འཕྲུལ་དྲ་བའི་རིམ་པས་མངོན་པར་རྫོགས་པར་བྱང་ཆུབ་ པའོ། །འཁོར་བ་ནི་ལས་དང་ཉོན་མོངས་པས་རང་དབང་མེད་པ་སྟེ། གཞན་དབང་གིས་སེམས་ཅན་གྱི་ངོ་བོའོ། །དེ་ཉིད་ནི་རྒྱ་མཚོ་སྟེ་རྫིང་ངོ་། །དེའི་མཐར་ཕྱིན་པས་ཕ་རོལ་ཏུ་སོན་པ་སྟེ། དེ་ཉིད་ཀྱིས་ན་བདེན་པ་གཞན་གྱི་རིམ་པ་ལ་གནས་པའོ། །བྱ་བ་བྱས་པ་དེས་རྣམ་པར་ གནས་པ་སྟེ། དེ་ཉིད་རྣམ་པར་རྟོག་པ་གཉིས་ཀྱིས་མ་བསྒྲིབས་པའི་ཡེ་ཤེས་སུ་བཤད་དོ། །ཇི་སྐད་དུ། གང་ཞིག་ཇི་སྲིད་རྣམ་བརྟགས་པ། །དེ་སྲིད་ཐམས་ཅད་བརྫུན་པ་སྟེ། །དེ་ཉིད་བདེན་ཞིང་ཡང་དག་མཐར། །གང་ཞིག་དེ་ཉིད་བརྟག་མི་བྱ། །ཞེས་གསུངས་པའོ། །མི་གནས་ པ་ནི་ཕྱོགས་གཉི་ག་མི་དམིགས་པའི་ཕྱིར་རོ། །དེ་དག་ཉིད་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ཚིག་རྐང་པ་བདུན་གྱི་ཁྱད་པར་སྟོན་ཏེ། སྒྲ་གང་སྐྱེ་མེད་ཅེས་བྱ་བ་ལ་སོགས་པ་དེ་ཉིད་ནི་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་སྟོན་པར་བྱེད་པའོ། །དེར་མངོན་པར་འདོད་པ་གཞན་ནི་མེད་ དེ། ལམ་འདིས་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བརྙེས་པར་གྱུར་པའོ། །ཇི་ལྟར་བུ་ཞེ་ན། ཡོད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡོད་པའི་ཕྱོགས་ནི་དངོས་པོར་འཛིན་པའོ། །མེད་པའི་ཕྱོགས་ནི་སྐུར་པ་འདེབས་པ་སྟེ། དེ་དག་རྣམ་པར་སྤངས་པས་ སོ། །གང་ཡང་རྣལ་འབྱོར་པ་འདི་ནི་བརྩོན་བཞིན་པ་ཡིན་ན་ཟུང་དུ་འཇུག་པའི་གོ་འཕང་ཐོབ་པའི་ཕྱིར། སྤྱོད་པ་རྣམ་པ་གསུམ་སྤྱོད་པ། དེ་ཡང་གཉིས་སུ་མེད་པའི་ཡེ་ཤེས་ཐེ་ཚོམ་མེད་པར་ཐོབ་པར་འགྱུར་བའོ། །ཇི་ལྟར་བདག་ཉིད་ཅེས་བྱ་བ་ལ་སོགས་པས། སོམ་ཉི་མེད་ པའི་རྣལ་འབྱོར་པའི་སྤྱོད་པའི་ནན་ཏན་སྟོན་ཏེ། དེ་ཐམས་ཅད་ནི་གོ་སླའོ། །དེ་ལྟར་ཉིན་མཚན་དུ་ཡེ་ཤེས་ལ་མངོན་པར་བརྩོན་པ་ཡིད་ཀྱིས་སྦས་པའི་བརྟུལ་ཞུགས་འཛིན་པ་དེ། ཕུན་སུམ་ཚོགས་པ་ཐམས་ཅད་དེ་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པའི་མཚན་ཉིད་ཀྱིས་འགྲུབ་པ་ཞེས་བྱ་བ་ ནི་ཤིན་ཏུ་དགེ་བའོ། །བཤད་ནས་ཞེས་བྱ་བ་ལ་སོགས་པས་ནི་དགེ་བའི་རྩ་བ་ཡོངས་སུ་བསྔོ་བའི་དོན་གསལ་བར་སྟོན་པའོ། །རིམ་པ་ལྔ་པའི་དཀའ་འགྲེལ་དོན་གསལ་བ་ཞེས་བྱ་བ་ལས་ཟུང་དུ་འཇུག་པ་སྟེ། རིམ་པ་ལྔ་པའི་འགྲེལ་པའོ།། །།ཐོས་པ་རྫོགས་ པར་བྱེད་པ་ཤེས་རབ་སྟེ། །བསམ་པ་དང་ནི་གཉིས་པོ་ཡོད་གྱུར་ན། །སྒོམ་པ་ལ་ནི་རབ་ཏུ་སྦྱོར་བ་ཡིན། །དེ་ལ་དངོས་གྲུབ་བླ་ན་མེད་པའོ། །བློ་དང་ལྡན་པས་འདི་ལྟར་བསམས་ནས་ནི། །ཐོག་མ་ཐོས་པའི་དོན་ལ་འབད་པ་ཡིས། །རྟག་ཏུ་བརྩོན་པར་བྱེད་པ་གང་ཡིན་པ། །དེ་ཡི་ ལག་ཏུ་དངོས་གྲུབ་ལེགས་པར་འཐོབ། །གང་ཞིག་ཚིག་ལ་ཐེ་ཚོམ་ཟ་གྱུར་པ། །དེ་ཡིས་དོན་ནི་ཅི་ལྟར་རྟོགས་པར་འགྱུར། །དེ་རྣམས་རྨོངས་པ་རྣམ་པར་བཟློག་པའི་ཕྱིར། །འདི་ལ་བདག་གིས་རྣམ་པར་བརྩོན་པར་བྱས། །རྣམ་པ་ཀུན་དུ་བརྗོད་པར་ནུས་པ་ནི། །དེ་བཞིན་གཤེགས་ པ་ཉིད་ཀྱི་སྤྱོད་པའོ། །འོན་ཀྱང་བློ་གྲོས་དམན་པ་རྣམས་ལ་ནི། །རྣམ་པར་དབྱེ་བ་ཙམ་ཞིག་བདག་གིས་བྱས། །འཇིག་རྟེན་གང་དུ་ཉི་མའི་སྣང་བ་རྒྱ་ཆེན་མཆོད་པས་འགྲོ་ཀུན་གསལ་གྱུར་པ། །སྲིན་བུ་མེ་ཁྱེར་ལུས་ཀྱི་སྣང་བ་ཙམ་གྱིས་བྱ་བ་ཅི་ཞིག་བྱེད་པར་འགྱུར། །དེ་ ལྟ་ན་ཡང་བློ་དང་ལྡན་པ་གཞན་དག་གིས་ནི་གསོལ་བཏབ་དཀའ་འགྲེལ་འདིས། །རིམ་པ་ལྔ་ཡི་དོན་ནི་གཏན་ལ་ཕབ་ཅིང་རྣམ་ཕྱེ་འཕགས་རྣམས་བཟོད་པར་བཞེས། །ཐམས་ཅད་མཁྱེན་པའི་གསུང་རབ་བློ་དམན་རྣམས་ཀྱིས་བཤད་པར་ནུས་པ་མིན་པ་དང་། །མཁས་པ་རྣམས་ ཀྱིས་གཞུང་འདི་རྣམ་ཕྱེ་མཐོང་མིན་ཕྱོགས་ཙམ་བདག་གིས་མཐོང་བས་ན། །སེར་སྣ་དང་ནི་མཆོག་ཏུ་བྲལ་བའི་བློ་ཡིས་རྣམ་བཤད་གང་ཡིན་དེ་ཡིས་ནི། །དམན་པ་འགྲོ་དོན་ཡང་དག་བརྩོན་པ་བློས་སྤྱན་རྒྱས་པ་རྣམས་ནི་དགྱེས་པར་མཛོད། །འདི་ལྟར་མན་ངག་གཅིག་ནས་གཅིག་ ཏུ་ཡོངས་བརྒྱུད་རིམ་པ་ལྔ་པོ་རྣམ་བཤད་པས། །གང་ཞིག་བསོད་ནམས་སྟོན་ཀའི་ཟླ་བ་དྲི་མེད་ལྟ་བུ་བདག་གིས་ཐོབ་གྱུར་པ། །དེ་ཡིས་སྲིད་པའི་འཁོར་ལོར་ལྷུང་གྱུར་འགྲོ་རྣམས་རྫོགས་པའི་བྱང་ཆུབ་ཀྱི། །རྩེ་མོར་རིམ་ལྔས་མྱུར་དུ་ཕྱིན་ནས་གསལ་ཞིང་ཡིད་འོང་མཛེས་ པར་བདེར་གྱུར་ཅིག །ཇི་སྲིད་མཁའ་ལ་ཟླ་བའི་ཟེར་དང་སྐར་མའི་ཚོགས་ཀྱིས་མཛེས་པར་གྱུར་པ་དང་། །ཇི་སྲིད་མུན་པའི་ཚོགས་ནི་རབ་ཏུ་མྱུར་འཇོམས་ཉི་མའི་དཀྱིལ་འཁོར་གསལ་བ་དང་། །ཇི་སྲིད་ས་འདི་རྨད་དུ་བྱུང་བའི་གནས་གཅིག་རི་རབ་གནས་པ་དེ་སྲིད་དུ། །དེ་སྲིད་ བདེ་གཤེགས་བསྟན་པ་དང་ནི་དཀའ་འགྲེལ་མཆོག་འདི་ཡུན་རིང་གནས་གྱུར་ཅིག །རིམ་པ་ལྔ་པའི་དཀའ་འགྲེལ་དོན་གསལ་བ་ཞེས་བྱ་བ། སློབ་དཔོན་ཆེན་པོ་བརྩོན་འགྲུས་བཟང་པོའི་ཞལ་སྔ་ནས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པཎྜི་ཏ་བཱིརྱ་བྷ་ དྲ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་འབྲོ་དགེ་བསྙེན་ཆེན་པོ་ཤེས་རབ་བརྩོན་འགྲུས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། པཉྩ་ཀྲ་མ་མ་ཏི་ཊཱི་ཀཱ་ཙནྡྲ་པྲ་བྷ་ནཱ་མ། བོད་སྐད་དུ། རིམ་པ་ལྔ་པའི་དགོངས་འགྲེལ་ཟླ་བའི་འོད་ཟེར་ཞེས་བྱ་བ་ དཔལ་རྡོ་རྗེ་ སེམས་དཔའ་ལ་ཕྱག་འཚལ་ལོ། །དགྲོལ་དཀའ་སྙིང་གི་མདུད་གདུང་གཅད་བྱའི་ཕྱིར། །ཐུབ་དབང་སྲས་དེའི་གཉིས་མེད་བདུད་རྩིའི་མཆོག །གསུང་གི་ཐིགས་པས་འགྲོ་རྣམས་རེག་བྱའི་ཕྱིར། །སྐལ་ལྡན་འཇིགས་མེད་བདག་གིས་འབད་པར་བྱ། །འདིར་དཔལ་ལྡན་འཕགས་པ་ཀླུ་ སྒྲུབ་ཀྱིས་དཔལ་གསང་བ་འདུས་པ་ལ་སོགས་པའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས་གོ་རིམས་ཇི་ལྟ་བ་བཞིན་དུ་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་རྟོགས་ཏེ། ཐུགས་བརྩེ་བས་དེ་ཉིད་བསྟན་པར་བཞེད་པས་རིམ་པ་ལྔའི་དོན་ཇི་ལྟ་བར་གྲུབ་པས་བསྒྲུབ་པར་བྱ་བའི་བཅོམ་ལྡན་འདས་རྡོ་རྗེ་ སེམས་དཔལ་ལ་ཕྱག་འཚལ་བ་ནི་ཁམས་གསུམ་ཞེས་བྱ་བ་ལ་སོགས་པའོ། །འདིར་རིམ་པ་དང་པོ་ལུས་རྣམ་པར་དབེན་པ་བསྟན་ནས་གཉིས་པས་ངག་གི་དབེན་པ་སྟེ། སེམས་དབེན་ཙམ་གྱི་དོན་དུའོ། །སེམས་ཀྱི་དབེན་པ་ཙམ་ཉིད་ནི་རིམ་པ་གཉིས་པ་ཞེས་བྱ་བར་བརྗོད་དོ་ ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་དང་བཞི་པ་ཀུན་རྫོབ་དང་དོན་དམ་པའི་རང་བཞིན་དག་གིས་ནི་སེམས་དབེན་ནོ། །ལྔ་པས་བདེན་པ་གཉིས་ཐ་མི་དད་པའི་ཕྱིར་མཐར་ཐུག་སེམས་རྣམ་པར་དབེན་པ་ཉིད་དོ། །དེའི་ནང་དུ་གཏོགས་པས་ལུས་དང་ངག་རྣམ་པར་དབེན་པ་ཡང་ ངོ་། །གང་གི་ཕྱིར་ལུས་མཐར་ཐུག་པ་ལས་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་གཉིས་སོ། །ངག་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། གསང་སྔགས་ཀྱི་ཐེག་པར་ལོངས་སྐུ་ནི་ངག་གི་ངོ་བོ་རྣམ་པར་གཞག་པའི་ཕྱིར་རོ། །ལུས་དང་ངག་འདི་དག་ཀྱང་སེམས་ཀྱི་ སྣང་བ་ཙམ་སྟེ། སེམས་ལུས་ལྟ་བུ་དང་། སེམས་ཚིག་ཏུ་བརྗོད་པ་ལྟ་བུར་སྐྱེད་ཅིག་ཅེས་གསུངས་པའི་ཕྱིར་རོ། །སེམས་ཀྱང་བདེ་བ་ཆེན་པོའི་བདག་ཉིད་ཅན་མངོན་པར་ཤེས་པ་དང་སྟོབས་དང་མ་འདྲེས་པ་ལ་སོགས་པའི་ཡོན་ཏན་གྱི་རང་བཞིན་ཀུན་རྫོབ་ཀྱང་ཡིན་ལ། རང་ བཞིན་མེད་པས་དོན་དམ་པ་ཡང་ཡིན་ཏེ་ཟུང་དུ་འཇུག་པའོ། །འདི་ཉིད་སྒྲུབ་པ་པོ་དབང་པོ་རབ་ཀྱིས་བསྒོམ་པ་ཡིན་ནོ། །ཆུང་ངུ་ནི་རིམ་པ་དང་པོས་ཇི་ལྟ་བར་ལྷའི་སྐུར་བསྒོམ་པའི་བདག་ཉིད་རིམ་གྱིས་སམ། ཅིག་ཅར་དུ་འོད་གསལ་དུ་རབ་ཏུ་འཇུག་ཅིང་ལྡང་བ་དང་། རྡོ་རྗེའི་ བཟླས་པ་དང་ཆུང་ངུའི་ཆུང་ངུས་ངག་གི་བཟླས་པ་ཡང་གོམས་པར་བྱའོ། །འདི་གཉིས་ཀའི་དབང་དུ་བྱས་ནས་གསུངས་པའི་རྡོ་རྗེའི་བཟླས་པ་ནི་རིམ་པ་གཉིས་པས་རྒྱས་པར་བསྟན་ཏོ། །བློ་གྲོས་འབྲིང་གིས་ནི་སྐད་ཅིག་ཡེ་ཤེས་རྫོགས་པའི་རྣལ་འབྱོར་རྫོགས་པ་ཞེས་ བརྗོད་དོ་ཞེས་གསུངས་པའི་ཕྱིར་རོ། །སྐད་ཅིག་གིས་སྒྱུ་མའི་རང་བཞིན་ལྷའི་སྐུར་བཤད་པའི་བདག་ཉིད་རིམ་མམ། ཅིག་ཅར་དུ་འོད་གསལ་དུ་འཇུག་ཅིང་ལྡང་བའོ། །དེ་ནི་དང་པོར་བདག་བྱིན་གྱིས་བརླབ་པའི་མིང་ཅན་ཀུན་རྫོབ་ཀྱི་བདེན་པའི་ལོངས་སྤྱོད་རྫོགས་པའི་སྐུ་གཉིས་པ་ གསུམ་པ་བསྒོམ་པའི་ཕྱིར་འཇུག་པ་ཡིན་ནོ། །དེའི་རྗེས་སུ་ཀུན་རྫོབ་ཀྱི་བདེན་པ་དང་ཐ་མི་དད་པར་བསྒོམ་པར་བྱའོ། །འོན་ཀྱང་དེ་ཁོ་ན་ཉིད་བསྒོམ་པ་ཁོ་ནས་མི་ནུས་པས་ཐ་དད་ལྟར་རྣམ་པར་གཞག་པའི་རང་བཞིན་མེད་པར་རབ་ཏུ་འཇུག་པ་དང་། བདེན་པ་གཉིས་ཐ་དད་ པའི་ཚུལ་གྱིས་ལྡང་བའི་ཕྱིར་སློབ་པའོ། །ཀུན་རྫོབ་ཀྱི་ངོ་བོ་ཉིད་རང་བཞིན་མེད་པ་ནི་དོན་དམ་པ་སྟེ་རང་བཞིན་གྱིས་རྣམ་པར་དག་པར་འོད་གསལ་དུ་བརྗོད་པ་ཡིན་གྱི། དེ་ཐ་དད་པར་ཡོད་པ་མ་ཡིན་པས་ཐ་མི་དད་པར་བསྒོམ་པར་བྱའོ། །འོན་ཀྱང་དེ་ཁོ་ན་ཉིད་བསྒོམ་པ་ཁོ་ནས་ བསྒྲིབ་པ་གློ་བུར་བའི་ཚོགས་མ་ལུས་པ་ཟད་པར་འགྱུར་བས་འོད་གསལ་གྱི་ཆ་འབད་པར་བསྒོམ་པར་བྱ་བར་ཤེས་ནས་རིམ་པ་བཞི་པ་དང་རིམ་པ་དང་པོ་ལ་སློབ་པའོ། །དེ་ཉིད་ཀྱི་ཕྱིར་དབང་པོ་རབ་ཀྱིས་ལྷ་རྣམས་བསྒོམ་པ་དང་། རབ་ཏུ་འཇུག་ཅིང་ལྡང་བ་དང་། བཟླས་པ་བཞག་ ནས