Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 8
Văn bản gốc(Tây Tạng)
Trang 21 / 22 (50.000 ký tự/trang)
ོད་པ་ སྟེ། དེ་ལྟ་བུའི་བརྡ་ཤེས་ན་སྤུན་དང་སྲིང་མོར་ངེས་སོ་ཞེས་བྱ་བའི་ཐ་ཚིག་གོ། །སྤུན་ཞེས་བྱ་བ་ནི་དམ་ཚིག་གཅིག་པའི་སྐྱེས་བུའོ། །སྲིང་མོ་ཞེས་བྱ་བ་ནི་དམ་ཚིག་གཅིག་པའི་བུད་མེད་དོ། །ཡང་ན་སྤུན་དང་སྲིང་མོ་ཞེས་བྱ་བ་ནི་དཔའ་བོ་དང་རྣལ་འབྱོར་མའོ། །ཡང་ན་སྤུན་ དང་སྲིང་མོ་ཞེས་བྱ་བ་ནི་ཐབས་དང་ཤེས་རབ་བོ། །ཡང་ན་སྤུན་དང་སྲིང་མོ་ཞེས་བྱ་བ་ནི་རྡོ་རྗེ་དང་པདྨ་སྟེ། དེ་ཤེས་པ་ནི་ཐེ་ཚོམ་མེད་པའོ། །སོར་མོ་གཅིག་སྟོན་པ་ཞེས་བྱ་བ་ནི་གཡོན་གྱི་མཐེའུ་ཆུང་སྟོན་པ་སྟེ། ཟབ་མོའི་དོན་དང་ལྡན་ནམ་ཞེས་བྱ་བའོ། །གཉིས་ཀྱིས་ཞེས་ བྱ་བ་ནི་བདག་ངེས་པའི་དོན་དང་ལྡན་པ་ཞེས་བྱ་བའོ། །གཡོན་པའི་ཞེས་བྱ་བ་ནི་ཤེས་རབ་སྟེ་པདྨའོ། །མཐེ་བོ་ཞེས་བྱ་བ་ནི་རྡོ་རྗེ་པདྨ་བཅངས་པ་སྟེ་སྙོམས་པར་ཞུགས་པའོ། །བསྙུན་གྱི་ཞེས་བྱ་བ་ནི་རྡོ་རྗེ་དང་པདྨ་ལས་སྐྱེས་པའི་བདེ་བ་དང་ལྡན་པ་ཞེས་བྱའོ། །སྲིན་ ལག་ཅེས་བྱ་བ་ནི་རྡོ་རྗེ་སྟེ། པདྨ་རྒྱས་པར་བྱེད་པའི་ཕྱིར་རོ། །སྟེར་བ་ལ་ཞེས་བྱ་བ་ནི་དེ་བསྟན་པ་ལའོ། །མཐེ་ཆུང་ཞེས་བྱ་བ་ནི་འོག་གི་ཆ་ཡིན་པའི་ཕྱིར་པདྨ་སྟེ། དེ་བསྟན་པར་བྱ་ཞེའོ། །གུང་མོ་ཞེས་བྱ་བ་ནི་ཉན་ཐོས་ལ་སོགས་པའི་མྱ་ངན་ལས་འདས་པའི་མཐའ་ དང་འཁོར་བའི་མཐའ་གཉིས་དང་བྲལ་བར་བྱེད་པའི་ཕྱག་རྒྱ་ཆེན་པོའི་རིག་པའོ། །མཛུབ་མོ་ཞེས་བྱ་བ་ནི་བསྡིགས་པར་བྱེད་པའི་ནུས་པ་དང་ལྡན་པའི་ཕྱིར་རྡོ་རྗེ་སྟེ། དེ་བསྟན་པར་བྱ་ཞེས་བྱ་བའོ། །སྲིན་ལག་སྟོན་པ་ལ་ཞེས་བྱ་བ་ནི་གུས་པ་དང་ལྡན་མ་ཞེས་བྱ་བའོ། །མགྲིན་ པ་རབ་ཏུ་བསྟན་ཞེས་བྱ་བ་ནི་གུས་པར་བགྱིད་དེ། མགོ་བོ་དབུལ་ལོ་ཞེས་བྱ་བའོ། །གོས་ནི་སྟོན་པ་ལ་ཞེས་བྱ་བ་ནི། སྒྲིབ་པ་དག་གམ་ཞེས་བྱའོ། །རྩེ་གསུམ་རབ་བསྟན་བྱ་ཞེས་བྱ་བ་ནི་བདག་ནི་སྐུ་གསུང་ཐུགས་དང་ལྡན་ཏེ་སྒྲིབ་པ་དག་པའོ་ཞེས་ བྱ་བའོ། །ནུ་མ་སྟོན་པ་ལ་ཞེས་བྱ་བ་ནི་བྱང་ཆུབ་སེམས་ཀྱི་རྣམ་པ་དང་ལྡན་ནམ་ཞེས་བྱ་བའོ། །མཚམས་ནི་ཞེས་བྱ་བ་ནི་བྱང་ཆུབ་སེམས་ཀྱི་རྣམ་པ་སྟེ། བཅོ་ལྔ་དང་བཅུ་བཞི་པའི་དུས་སུ་སྤྱོད་ཅིག་ཅེས་བྱ་བའོ། །ཡང་ན་ནུ་མ་ཞེས་བྱ་བ་ནི་ཁུ་བའི་རྣམ་པའི་ལམ་ དུ་གྱུར་པའི་ཕྱིར་རྡོ་རྗེ་སྟེ། དེ་སྟོན་པ་ལའོ། །མཚམས་ལ་ཞེས་བྱ་བ་ནི་པདྨ་སྟེ། དེ་འབྱེད་པ་ཞེས་བྱ་བའོ། །ས་ཞེས་བྱ་བ་ནི་དགའ་བ་ལ་སོགས་པའི་རྟེན་དུ་གྱུར་པའི་པདྨའོ། །སྟོན་པ་ལ་ཞེས་བྱ་བ་ནི་རྒྱས་པར་གྱིས་ཤིག་ཅེས་བྱ་བའོ། །ཁ་ཞེས་བྱ་བ་ནི་ཧཱུཾ་ལ་ སོགས་པས་བྱིན་གྱིས་བརླབས་ལ་རྒྱས་པར་བྱ་ཞེས་བྱ་བའོ། །ཁྲོ་གཉེར་སྟོན་པ་ལ་ཞེས་བྱ་བ་ནི། ངའི་བཀའ་ཉན་ནམ་ཞེས་བྱ་བའོ། །གཙུག་ཕུད་གྲོལ་བར་བྱ་ཞེས་བྱ་བ་ནི་བཀའ་ཉན་ནོ་ཞེས་བྱ་བའོ། །དཔྲལ་བར་སྟོན་པ་ལ་ཞེས་བྱ་བ་དང་། རྒྱབ་ནི་རབ་ཏུ་ བསྟན་ཞེས་བྱ་བ་ནི་སྒྲ་ཇི་བཞིན་པའོ། །རྐང་མཐིལ་ཞེས་བྱ་བ་ནི་པདྨ་སྟེ་ཡི་གེ་པ་ནི་པདྨ་ཞེས་བྱ་བའི་དང་པོའི་ཡི་གེ་ཡིན་པས་ཏ་ཕྱིས་ལ་མར་ཤེས་པར་བྱའོ། །དེ་བས་ན་འདབ་མ་བརྒྱད་དང་ལྡན་པའི་པདྨ་ནི་རྐང་མཐིལ་ཞེས་བྱ་བའོ། །སྟོན་པ་ལ་ཞེས་བྱ་བ་ནི་དེ་ དང་སྦྱོར་ཅིག་ཅེས་བྱ་བའོ། །རྡོ་ཡིས་རྣམ་པར་རྩེ་བར་བྱ། །ཞེས་བྱ་བ་ནི་ཧཱུཾ་ཕཊ་དང་ལྡན་པའི་རྡོ་རྗེས་བསྐྱེད་པར་བྱའོ་ཞེས་བྱ་བའོ། །ས་ནི་བཅུ་གཉིས་ཏེ་ཞེས་བྱ་བ་ནི་ཚོགས་ཀྱི་ལམ་དང་། སྦྱོར་བའི་ལམ་དང་། མཐོང་བའི་ལམ་དང་། བསྒོམ་པའི་ལམ་དང་། རྣམ་པར་གྲོལ་བའི་ལམ་མོ། །དེ་བས་ན་ལམ་བཞིར་གྱུར་པའི་དགའ་བ་དང་། མཆོག་ཏུ་དགའ་བ་ལ་སོགས་པ་ནི་ས་བཅུ་གཉིས་སོ། །ས་བཅུའི་དབང་ཕྱུག་ཅེས་བྱ་བ་ནི་བློ་དང་ལྡན་པའི་རྣལ་འབྱོར་པ་སྟེ། དེས་ན་དགའ་བ་དང་མཆོག་ཏུ་དགའ་བ་ལ་སོགས་པས་ བགྲོད་པར་བྱའོ། །ཡི་དགས་ཟླ་ཕྱེད་ཅེས་བྱ་བ་ནི་མར་གྱི་ངོ་བོའི་ཚེས་བརྒྱད་དང་བཅུ་བཞིའོ། །ལེགས་འདུ་བའི་ཞེས་བྱ་བ་ནི་འདུ་བ་ཉེ་བའི་འདུ་བ་ལ་སོགས་པའི་གནས་སུ་འདུ་བའོ། །ཡང་ན་ཡི་དགས་ཟླ་ཕྱེད་ཅེས་བྱ་བ་ནི་རྡོ་རྗེ་ནོར་བུའི་ཆ་སྟེ་དེར་བྱང་ཆུབ་ཀྱི་སེམས་ཀྱི་རྣམ་ པ་འདུ་བ་ནི་རྣལ་འབྱོར་མ་འདུ་བའོ། །ཡང་ན་ཡི་དགས་ཟླ་ཕྱེད་ཅེས་བྱ་བ་ནི་དགའ་བྲལ་གྱི་དགའ་བ་སྟེ། དེར་རྣལ་འབྱོར་མ་འདུ་བ་ཞེས་བྱ་བའོ། །རྒྱལ་མཚན་ཞེས་བྱ་བ་ནི་གསལ་ཤིང་ལ་བཙུགས་པའོ། །མཚོན་བསྣུན་ཉིད་ཅེས་བྱ་བ་ནི་རལ་གྲི་ལ་སོགས་པས་བརྒྱབ་པ་ སྟེ། དེའི་ཤ་ནི་རྣལ་འབྱོར་པས་དངོས་གྲུབ་ཀྱི་དོན་དུ་བཟའ་བར་བྱ་ཞེས་བྱ་བའི་ཐ་ཚིག་གོ། །བཤད་པར་བྱ་བ་གཞན་ཡང་རྒྱལ་མཚན་ཞེས་བྱ་བ་ནི་མི་སྐྱེ་བའི་སྔོན་རོལ་དུ་སྲོག་ཁུགས་པར་གྱུར་པ་ཞེས་བྱ་བའི་དོན་ཏོ། །མཚོན་བསྣུན་ཉིད་ཅེས་བྱ་བ་ནི་མ་སྐྱེས་པའི་འོག་ རོལ་དུ་ནམ་མཁའི་ཁམས་སུ་གྱུར་པ་ཞེས་བྱ་བའི་ཐ་ཚིག་གོ། །ལན་བདུན་པའང་ཞེས་བྱ་བ་ནི་སྐྱེ་བ་བདུན་དུ་མིར་སྐྱེས་པ་སྟེ། དེའི་ཤ་ཁ་ན་མ་ཐོ་བ་མེད་པས་བཟའ་བར་བྱ་ཞེས་བྱ་བའི་དོན་ཏོ། །བཤད་པར་བྱ་བ་གཞན་ཡང་ལན་བདུན་པའང་ཞེས་བྱ་བ་ནི་བྱང་ཆུབ་ སེམས་དཔའ་སྟེ། དགའ་བྲལ་གྱི་དགའ་བས་བསྡུས་པའི་རང་རིག་པའི་བདེ་བའི་ཡེ་ཤེས་ནི་བྱང་ཆུབ་སྟེ། དེ་ཡིད་ལ་བྱེད་པ་ནི་བྱང་ཆུབ་སེམས་དཔའོ། །བཟའ་བར་བྱ་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་དངོས་གྲུབ་ཀྱི་དོན་དུ་དེ་བསྒོམ་པར་བྱ་ཞེས་བྱ་བའི་དོན་ཏོ། །ཨེ་ཞེས་ བྱ་བ་ནི་རྣམ་པར་ཐར་པའི་སྒོ་གསུམ་གྱི་རང་བཞིན་དུ་གྱུར་པའི་ཕྱིར་པདྨ་ཞེས་བྱ་བའི་ཐ་ཚིག་གོ། །ཝཾ་ཞེས་བྱ་བ་ནི་རྡོ་རྗེ་སྟེ། རིགས་ཀྱི་བདག་པོ་ཞེས་བྱ་བའི་ཐ་ཚིག་གོ། །བལྟ་བར་བྱ་ཞེས་བྱ་བ་ནི་ཐ་མལ་པའི་གཟུགས་སྤངས་ཏེ་བྱིན་གྱིས་བརླབས་ལ་ཞེས་བྱ་བའི་དོན་ཏོ། ། ཨེ་ཞེས་བྱ་བ་ནི་རྗེས་སུ་ཆགས་པར་བྱ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་ཉིན་མོ་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་གཟུགས་ཏེ་ཟླ་བའི་རྣམ་པའོ། །དེ་ནི་བཅོམ་ལྡན་འདས་ཏེ་ཐབས་ཞེས་བྱ་བའི་ཐ་ཚིག་གོ། །མཚན་མོ་ཞེས་བྱ་བ་ནི་དོན་དམ་པའི་ངོ་བོ་སྟེ། བདེ་བའི་ངོ་བོ་སྟེ། དེ་ནི་ ཤེས་རབ་སྟེ་མཚན་མ་མེད་པའི་རིག་པ་ཞེས་བྱ་བའི་དོན་ཏོ། །གང་དང་གང་རྣམས་ཀྱི་ཤ་ཞེས་བྱ་བ་ནི་གཡུལ་དུ་མཚོན་གྱིས་བསད་པའི་ཤའོ། །དེ་ཟོས་ན་འབྲེལ་པ་དེ་དང་དེ་དབང་དུ་གྱུར་ཅེས་བྱ་བ་ནི་དེའི་རིགས་དབང་དུ་གྱུར་པའོ། །ཡང་ན་ཤ་ནི་ཞེས་ བྱ་བ་ནི་གཉིས་སུ་མངོན་པར་ཞེན་པའི་རྟོགས་པའོ། །བཟའ་ཞེས་བྱ་བ་ནི་གཉིས་སུ་མངོན་པར་ཞེན་པ་སྤངས་པའོ། །དེ་དེའི་རིགས་དབང་དུ་གྱུར་ཅེས་བྱ་བ་ནི་གཉིས་སུ་མེད་པའི་མི་དམིགས་པ་མངོན་སུམ་དུ་གྱུར་ཅེས་བྱ་བའི་དོན་ཏོ། །བཤད་པ་གཞན་ཡང་ཤ་ནི་ཞེས་བྱ་བ་ ནི་བྷ་གའི་ཁུ་བའོ། །བཟའ་ཞེས་བྱ་བ་ནི་རྣལ་འབྱོར་པས་ལྕེ་ཡིས་བླང་ཞིང་བདུད་རྩིའི་ཏིང་ངེ་འཛིན་གྱིས་བླང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་དེ་དབང་དུ་འགྱུར་ཞེས་བྱ་བ་ནི་རྣལ་འབྱོར་མ་རྗེས་སུ་འགྱུར་བའོ། །བླ་ཆེན་གྱི་ལ། ལྷ་མངའ་བདག་ཡེ་ཤེས་རྒྱལ་མཚན་གྱིས་ འགྱུར་བཅོས་པའོ།། ༄༅༅། །རྒྱ་གར་སྐད་དུ། པཱི་ཋཱ་དི་ནིརྞྞ་ཡ། བོད་སྐད་དུ། གནས་ལ་སོགས་པ་གཏན་ལ་དབབ་པ། དཔལ་ཀྱེའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །དཔལ་ལྡན་རྡོ་རྗེ་རྣལ་འབྱོར་མའི། །ཞབས་པད་དང་པོར་རབ་བཏུད་ནས། །གནས་ སོགས་གཏན་ལ་དབབ་པ་ནི། །མདོར་བསྡུས་གསལ་བར་བདག་གིས་བྲི། །དེ་ལ་བཅོམ་ལྡན་འདས་ཀྱིས་བརྟག་པ་གཉིས་པ་ལས། གནས་དང་ཉེ་བའི་གནས་དང་ནི། །ཞིང་དང་ཉེ་བའི་ཞིང་ཉིད་དང་། །འདུན་རྟོག་ཉེ་བའི་འདུན་རྟོག་དང་། །འདུ་བ་དེ་བཞིན་ཉེ་འདུ་བ། ། འཐུང་གཅོད་ཉེ་བའི་འཐུང་གཅོད་ཉིད། །དུར་ཁྲོད་ཉེ་བའི་དུར་ཁྲོད་དེ། །འདི་རྣམས་ས་ནི་བཅུ་གཉིས་སོ། །ས་བཅུའི་དབང་ཕྱུག་མགོན་པོའོ། །འདི་རྣམས་གཞན་གྱིས་བརྗོད་མི་བྱ། །ཞེས་གསུངས་སོ། །དེ་ལ་གནས་ཞེས་པ་ལ་སོགས་པས་མདོར་བསྟན་ གསུངས་སོ། །འདི་རྣམས་ཞེས་པས་གནས་ལ་སོགས་པ་རྣམས་རབ་ཏུ་དགའ་བ་ལ་སོགས་པ་རྣམས་ཏེ། མོས་པས་སྤྱོད་པའི་ས་དང་ལྷན་ཅིག་བཅུ་གཉིས་སོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་གནས་སྐབས་ཀྱི་ཁྱད་པར་ནི་ས་ རྣམས་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རབ་ཏུ་བསྒོམས་པས་ལྷག་པར་རྟོགས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། ས་བཅུའི་དབང་ཕྱུག་བྱང་ཆུབ་སེམས་དཔའ་སྟེ། །མགོན་པོ་ནི་སངས་རྒྱས་སོ། །འདི་རྣམས་གནས་ལ་ སོགས་པ་རྣམས་ཀྱིས་བརྗོད་པར་བྱའི་གནས་ལ་སོགས་པ་ལས་ཐ་དད་པ་གཞན་གྱིས་མ་ཡིན་ནོ། །གང་གི་ཕྱིར་ནང་གཙོ་བོར་གྱུར་པས་གནས་ལ་སོགས་པར་གཞག་གོ། །དེ་ལ་ས་དང་པོ་རབ་ཏུ་དགའ་བ་ནི་གནས་ཏེ། ཐོག་མ་མེད་པའི་དུས་ནས་མ་མཐོང་བའི་དེ་ཁོ་ན་ཉིད་ མཐོང་བའི་ཕྱིར་རབ་ཏུ་དགའ་བ་མང་བའི་ཕྱིར་དང་ཏིང་ངེ་འཛིན་དང་མངོན་པར་ཤེས་པ་ལ་སོགས་པ་རྣམས་དང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་ཚད་མེད་པ་ཡང་དག་པར་ཚིམ་པར་བྱེད་པའི་རྟེན་དུ་གྱུར་པའི་ཕྱིར་རོ། །ས་དྲི་མ་མེད་པ་ན། གནས་དང་ཉེ་བས་ ན་ཉེ་བའི་གནས་ཏེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རབ་ཀྱི་མཐར་ཕྱིན་པས་དགེ་བ་བཅུ་རྣམ་པར་དག་པའི་ཕྱིར་དང་། ཏིང་ངེ་འཛིན་དང་མངོན་པར་ཤེས་པ་ལ་སོགས་པའི་དབང་དུ་གྱུར་པའི་ཕྱིར་རོ། །གནས་དང་ཉེ་བའི་གནས་དག་ཕན་ཚུན་ཕན་གདགས་བྱ་དང་ འདོགས་བྱེད་ཀྱི་འབྲེལ་བའི་སྒོ་ནས་ཉེ་བ་ཡིན་གྱི། ཡུལ་དང་དུས་ཆེས་ཉེ་བས་ནི་མ་ཡིན་ནོ། །གང་གི་ཕྱིར། རྒྱུ་དང་འབྲས་བུ་ཉེ་བར་བྱེད་པ་ནི་འབྲས་བུ་སྐྱེད་པར་བྱེད་པའི་ནུས་པ་ཉིད་ཀྱིས་ཐ་སྙད་ཀྱི་སྤྱོད་ཡུལ་ཉིད་ཀུན་འབྱུང་བའི་ཕྱིར་རོ། །ཕྱི་རོལ་དུ་གནས་དང་ཉེ་བའི་གནས་དག་ ཕན་འདོགས་པ་ནི་བརྟེན་པ་རྣལ་འབྱོར་མ་རྣམས་ཕན་ཚུན་ཕན་འདོགས་པའི་ཉེ་བར་སྤྱོད་པ་ཉིད་ལས་སོ། །དེ་བཞིན་དུ་ཞིང་དང་ཉེ་བའི་ཞིང་ལ་སོགས་པར་ཡང་རྟོགས་པར་བྱའོ། །ས་འོད་བྱེད་པ་ནི་ཞིང་དེ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་རབ་ཀྱི་མཐར་ཕྱིན་པས། ཏིང་ངེ་འཛིན་ ཉམས་པ་མེད་པ་ལ་བརྟེན་པ་དང་། ཆོས་ཆེན་པོའི་སྣང་བ་བསྐྱེད་པ་དང་། མངོན་པར་ཤེས་པ་ལ་སོགས་པ་རབ་ཀྱི་མཐར་ཕྱིན་པའི་ཕྱིར་རོ། །ས་འོད་འཕྲོ་བ་ནི། ཉེ་བའི་ཞིང་སྟེ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་གཙོ་བོར་གྱུར་པས་ཉོན་མོངས་པའི་བུད་ཤིང་བསྲེག་པར་ བྱ་བའི་ཕྱིར། ཡེ་ཤེས་ཀྱི་མེ་ལྕེ་འཕྲོ་བར་གྱུར་པས་བྱང་ཆུབ་ཀྱི་ཆོས་ཀྱི་སྣང་བ་བསྐྱེད་པའི་ཕྱིར་རོ། །ས་ཤིན་ཏུ་སྦྱང་དཀའ་བ་ནི་འདུན་རྟོག་སྟེ། འདུན་པས་དོན་དུ་གཉེར་བས་རང་དང་གཞན་གྱི་དོན་སྒྲུབ་པའི་ཕྱིར་དང་། རྟོག་པ་ཉིད་ཀྱིས་དེ་ལྟར་བྱེད་ པས་རྣམ་པར་རྟོག་པའོ། །གང་གི་ཕྱིར་ཤིན་ཏུ་སྦྱང་དཀའ་བའི་ས་ལ་བྱང་ཆུབ་སེམས་དཔའ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཕུལ་དུ་བྱུང་བས། རྫུ་འཕྲུལ་ཆེན་པོས་ཐབས་སྣ་ཚོགས་པའི་སྦྱོར་བས་ཀྱང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་ཅིང་། དེ་ཉིད་སེམས་ཅན་ ཡོངས་སུ་སྨིན་པ་ལ་མངོན་པར་བརྩོན་པ་དང་། སངས་རྒྱས་འབྱུང་བའི་རྗེས་སུ་སོང་བའི་སེམས་ཀྱི་རྒྱུད་ཕྱིར་མི་ལྡོག་པའི་དགེ་བའི་རྩ་བ་རབ་ཏུ་སྦྱོར་བས། ཁྱད་པར་ཅན་གྱི་ཆོས་ཚོལ་བ་ལ་མངོན་པར་བརྩོན་པར་བྱེད་དོ། །ས་མངོན་དུ་གྱུར་པ་ནི་ཉེ་བའི་འདུན་རྟོག་སྟེ་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་དུ་གྱུར་པའི་ངོ་བོས་འདུན་རྟོག་དང་ལྡན་པས་ཕུལ་དུ་བྱུང་བའི་ལམ་དང་ལྡན་པའི་ཕྱིར་རོ། །རིང་དུ་སོང་བའི་ས་ནི་འདུ་བ་སྟེ་འདུས་ཤིང་འདྲེས་པར་གྱུར་པས་ན། འདི་ནི་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་རབ་ཏུ་གྱུར་པའི་ཕྱིར་རོ། །ཚད་མེད་པ་ བཞི་དང་བསམ་གཏན་དང་རྣམ་པར་ཐར་པ་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་དང་མངོན་པར་ཤེས་པ་ལ་སོགས་པ་རྣམས་ལ། མཚན་མ་དང་རྩོལ་བ་མེད་པར་འདྲེ་བའི་ཕྱིར་རོ། །མི་གཡོ་བའི་ས་ནི་ཉེ་བའི་འདུ་བ་སྟེ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་ ཡང་དག་པར་འབྱོར་པས། མཚན་མ་དང་རྩོལ་བ་མེད་པར་བྱམས་པ་ལ་སོགས་པས་སེམས་ཅན་དང་སྣོད་ཀྱི་ཞིང་ཡོངས་སུ་དག་ཅིང་གཡོ་བ་མེད་པ་ཉིད་ཀྱིས་རབ་ཏུ་འཇུག་པའི་ཕྱིར་རོ། །ས་ལེགས་པའི་བློ་གྲོས་ནི་དུར་ཁྲོད་དེ་བདག་མེད་པ་ཉིད་ཀྱི་དུར་ཁྲོད་དང་མཚུངས་པའི་ ཕྱིར་དང་། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་བདག་མེད་པ་ཆོས་ཀྱི་དབྱིངས་ལྷག་པར་རྟོག་པ་ཉིད་སེམས་ཅན་རྣམས་ཀྱི་ལྷག་པར་རྟོགས་པར་བྱ་བའི་ཕྱིར་སྟོན་པ་དང་། འཁོར་བར་རྩོལ་བ་མེད་པར་སེམས་ཅན་གྱི་དོན་ དང་། ཡང་དག་པར་རྫོགས་པའི་བྱང་ཆུབ་སྒྲུབ་པར་བྱེད་པའོ། །ཆོས་ཀྱི་སྤྲིན་གྱི་ས་ནི་ཉེ་བའི་དུར་ཁྲོད་དེ་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱིས་ཆོས་ཐམས་ཅད་རང་བཞིན་མེད་པ་ལྷག་པར་རྟོགས་པ་སྟོན་པས་ཕུལ་དུ་བྱུང་ཞིང་རབ་ཀྱི་མཐར་ཕྱིན་པ་གྲུབ་པས་ སྤྲིན་ཆེན་པོ་བཞིན་དུ་ཆོས་ཀྱི་ཆར་གྱིས་སེམས་ཅན་རྣམས་ཡང་དག་པར་ཚིམ་པར་བྱེད་པའི་ཕྱིར་རོ། །དེ་སྐད་དུ་ཡང་ཁ་སྦྱོར་ཐིག་ལེ་ལས། །གནས་ནི་རབ་ཏུ་དགའ་བའི་ས། །དེ་བཞིན་ཉེ་གནས་དྲི་མ་མེད། །ཞིང་ནི་འོད་བྱེད་ཤེས་པར་བྱ། །འོད་འཕྲོ་བ་ནི་ཉེ་བའི་ ཞིང་། །འདུན་རྟོག་མངོན་དུ་གྱུར་པ་སྟེ། །ཉེ་བའི་འདུན་རྟོག་སྦྱང་དཀའ་བའོ། །འདུ་བ་རིང་དུ་སོང་བ་སྟེ། །ཉེ་བའི་འདུ་བ་མི་གཡོ་བ། །དུར་ཁྲོད་ལེགས་པའི་བློ་གྲོས་ཏེ། །ཉེ་བའི་དུར་ཁྲོད་ཆོས་ཀྱི་སྤྲིན། །ཕ་རོལ་ཕྱིན་བཅུ་ས་རྣམས་ཏེ། །རྣལ་འབྱོར་མ་ཡི་ཀླ་ཀློའི་སྐད། ། པུ་ཡིག་ལ་སོགས་གང་གསུངས་པ། །ཕྱི་དང་ནང་དུ་རྣམ་བསམ་བྱ། །ཞེས་གསུངས་སོ། །ས་འདི་རྣམས་ཀྱང་བྱང་ཆུབ་ཀྱི་སེམས་ཀྱི་རབ་ཏུ་སྐྱེ་བ་དེ་དང་དེར་ས་བཅུ་གཉིས་ཀྱི་རང་བཞིན་རྒྱུ་དང་འབྲས་བུ་ཉིད་ཀྱིས་འཐུང་གཅོད་དང་ཉེ་བའི་འཐུང་གཅོད་ལ་སོགས་པར་བཞག་པའི་ དབང་ལས་རྟོགས་པར་བྱའོ་ཞེས་གསུངས་སོ། །དེ་ཉིད་ཀྱི་ཕྱིར་སྡོམ་པར་དཀྱིལ་འཁོར་དང་ལུས་ལ་ཡང་འཐུང་གཅོད་དང་ཉེ་བའི་འཐུང་གཅོད་དག་མ་བསྟན་ཏོ། །བྷཱ་ཝ་བྷ་དྲར་ནི་དུར་ཁྲོད་དང་ཉེ་བའི་དུར་ཁྲོད་ནང་དུ་འདུས་པ་ཉིད་ཀྱིས་ས་དག་ཏུ་འགལ་ལོ། །སཾ་པུ་ ཊར་ལེགས་པའི་བློ་གྲོས་དང་ཆོས་ཀྱི་སྤྲིན་དག་དུར་ཁྲོད་དང་ཉེ་བའི་དུར་ཁྲོད་ཉིད་དུ་རྣམ་པར་གཞག་གོ། །དེ་ལ་པཱི་ང་བཏུང་བ་ལའོ། །འཐུང་བར་བྱེད་དོ་ཞེས་པས་ལས་ལ་ཀྭེ་པ་སྟེ་པཱིཿའོ། །ལུ་ནཱ་ཏི་དགེ་བ་སྒྲུབ་པར་བྱེད་དོ་ཞེས་པས་ལ་ཝའོ། །ཉོན་མོངས་པའི་ཕུང་པོ་འཐུང་ ཞིང་གཅོད་པར་བྱེད་པས་ན་འཐུང་གཅོད་དེ། འདིས་ནི་རབ་ཏུ་དགའ་བ་ལ་སོགས་པའི་ས་བསྐྱེད་པའི་རིམ་པས་ཉོན་མོངས་པ་སྤོང་བར་བྱེད་དོ། །བག་ཆགས་དང་བཅས་པའི་སྒྲིབ་པ་ལྷག་མ་མ་ལུས་པ་སྤངས་པ་ནི་ས་བཅུ་གཉིས་པ་ཀུན་དུ་འོད་སངས་རྒྱས་ཀྱི་ས་ཉེ་བའི་འཐུང་ གཅོད་དོ། །དེ་ལྟར་ནི་འབྲས་བུ་མཚུངས་པས་ཕ་རོལ་ཏུ་ཕྱིན་པ་བཅུའི་རང་བཞིན་བྱང་ཆུབ་ཀྱི་རང་གི་ངོ་བོ་རྣམས་ལ་ས་བཅུ་གཉིས་ཀྱིས་ཇི་ལྟར་རིགས་པར་རྣལ་འབྱོར་མ་རྣམས་ཀྱི་རྟེན་དུ་རྣམ་པར་གཞག་པར་བྱའོ། །ཀླ་ཀློའི་སྐད་ཅེས་པ་བརྡའི་སྐད་ཀྱིས་སོ། ། ཕལ་ཆེར་ནི་ཕྱི་རོལ་གྱི་འཐུང་གཅོད་དང་གནས་ལ་སོགས་པ་ཉེ་བའི་འཐུང་གཅོད་ཀྱི་མཐར་ཐུག་པ་རིམ་པ་ཇི་ལྟ་བ་བཞིན་མོས་པས་སྤྱོད་པ་ལ་སོགས་པའི་དབང་ཕྱུག་གི་རྣལ་འབྱོར་མ་རྣམས་འབྱུང་ངོ་། །དེ་སྐད་དུ་དཔལ་རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། ཡུལ་དང་ཡུལ་དུ་མངོན་ བྱུང་བ། །ཡེ་ཤེས་ལྡན་པའི་རང་སྐྱེ་གནས། །མཁའ་འགྲོ་མ་རྣམས་དེར་བཤད་པ། །རྡོ་རྗེའི་དཀྱིལ་འཁོར་གཙོ་མོའོ། །ཞེས་བཤད་དོ། །དེའི་ཕྱིར་དེའི་རྟེན་བྱེད་པའི་གྲངས་ལ་སོགས་པ་རྣམས་དང་། པུལླཱི་ར་མཱ་ལ་ཡ་ལ་སོགས་པ་རྣམས་བྱེད་པའི་གྲངས་ལ་སོགས་པ་རྣམས་ དང་། ཉེ་བའི་ས་རྣམས་ཀྱང་མོས་པས་སྤྱོད་པ་ལ་སོགས་པའི་ས་རྣམས་སུ་ལྷག་པར་མོས་པར་བྱའོ། །ཞིབ་ཏུ་ན་ཕྱིའི་འཛིན་པ་བསླུ་བར་མོས་པའི་ཇི་ལྟར་སེམས་ཅན་དམན་པ་ལ་སོགས་པ་རྣམས་ཕྱི་རོལ་གྱི་ཡུལ་དུ་ཞེན་པ་རིགས་པ་བསལ་བའི་ཕྱིར། ཕྱིའི་འཐུང་གཅོད་གནས་ ལ་སོགས་པ་རྣམས་མོས་པས་སྤྱོད་པ་ལ་སོགས་པའི་སར་མོས་པར་བསྟན་ཏོ། །དེའི་ཕྱིར་འདི་ཐམས་ཅད་དགོངས་པའི་སྐད་ཀྱིས་པུ་ཡིག་ལ་སོགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། པུ་ཡིག་ལ་སོགས་པ་ནི་པུལླཱི་ར་མཱ་ལ་ཡ་ལ་སོགས་པ་ཕྱི་རོལ་གྱི་གནས་འཆད་པར་འགྱུར་ བ་ཁང་པ་བརྩེགས་པའི་ས་གཞི་དང་། ནང་དུ་ལུས་ཀྱི་བྱང་ཆུབ་ཀྱི་སེམས་སོ། །ད་ནི་གནས་ལ་སོགས་པ་མདོར་བསྟན་པ་བརྟག་པ་གཉིས་པ་ཉིད་དུ་ངེས་པར་བསྟན་པ། གནས་ནི་ཛཱ་ལནྡྷ་རར་བཤད། །དེ་བཞིན་ཨོ་ཌི་ཡ་ན་ཉིད། །གནས་ནི་པུརྞྞ་གི་རི་ཉིད། །དེ་བཞིན་ཀཱ་མ་རཱུ་པ་ ཡང་། །ཉེ་གནས་མཱ་ལ་ཝ་རུ་བརྗོད། །སིནྡྷུ་ན་ག་ར་ཉིད་དང་། །ཞིང་ནི་མུམྨུ་ནི་རུ་བཤད། །ཞིང་ནི་བྱེད་པའི་བྲང་ཉིད་དོ། །དེ་ཝཱི་ཀོ་ཊ་དེ་བཞིན་ཞིང་། །ཞིང་ནི་ལྕགས་པའི་བྲང་ཉིད་དོ། །ཉེ་ཞིང་ཀུ་ལ་ཏཱ་རུ་བརྗོད། །དེ་བཞིན་ཨརྦུ་ད་ཡང་ངོ་། །གོ་དཱ་ཝ་རཱི་གངས་ཀྱི་རི། །ཉེ་བའི་ཞིང་ནི་ མདོར་བསྡུས་པའོ། །འདུན་རྟོག་ཧ་རི་ཀེ་ལ་དང་། །ལན་ཚྭའི་རྒྱ་མཚོའི་ནང་སོན་པའོ། །ལམྦཱ་ཀ་དང་ཀཱཉྩི་ཀ །དེ་བཞིན་ཡུལ་འཁོར་བཟང་པོའོ། །ཉེ་བའི་འདུན་རྟོག་ཀ་ལིངྒ། །འདི་རྣམས་ལྡན་པ་གླིང་ཉིད་དོ། །ཉེ་བའི་འདུན་རྟོག་ཀོངྐ་ཎ། །མདོར་བསྡུས་པས་ནི་མངོན་པར་ བརྗོད། །འཐུང་གཅོད་གྲོང་གི་མཐའ་དང་ནི། །ན་ག་ར་ཡང་འཐུང་གཅོད་དོ། །ཙ་རི་ཏྲ་དང་ཀོ་ཤ་ལ། །འབིགས་བྱེད་གཞོན་ནུ་མ་ཡི་གྲོང་། །ཉེ་བའི་འཐུང་གཅོད་དེ་དང་ཉེ། །རྡོ་རྗེ་སྙིང་པོ་སྙིང་རྗེ་ཆེ། །དུར་ཁྲོད་ཡི་དགས་འདུས་པ་དང་། །རྒྱ་མཚོའི་འགྲམ་ཡང་དུར་ཁྲོད་ དོ། །སྐྱེད་ཚལ་རྫིང་བུའི་འགྲམ་ཉིད་ནི། །ཉེ་བའི་དུར་ཁྲོད་ངེས་པར་བརྗོད། །ཞེས་གསུངས་སོ། །དེ་ལ་ཀོལླ་གི་རི་ནི་པཱུརྞྞ་གི་རིའོ། །དེ་ཡང་ཀོལླ་གི་རི་དང་པུལླཱི་ར་མཱ་ལ་ཡ་དང་། རྡོ་རྗེའི་གནས་ཞེས་པ་རྣམས་རྣམ་གྲངས་སོ། །ཁ་སྦྱོར་ཐིག་ལེ་ལས། གནས་ནི་ཀོལླ་ གི་རི་ཉིད། །དེ་བཞིན་ཨརྦུ་ད་ཡང་ངོ་། །ཞེས་བཤད་པ་མ་ཡིན་ནམ། ཨརྦུ་ད་གནས་སུ་ཡང་བསྟན་པ་འདིར་ཉེ་བའི་ཞིང་དུ་བརྗོད། དེ་བཞིན་དུ་ཀཱ་མ་རཱུ་པ་འདིར་གནས་ཉིད་དུ་བསྟན། ཕྱག་རྒྱ་ཆེན་པོ་ཐིག་ལེའི་རྒྱུད་དུ་ཡང་། གནས་ཛཱ་ལནྡྷ་ར་དང་ཨཽ་ཌི་ཡ་ན་དང་པཱུརྞྞ་གི་ རི་དང་ཀཱ་མ་རཱུ་པ་ཡང་ངོ་ཞེས་སོ། །སམྤུ་ཊར་ནི། དེ་བཞིན་ཀཱ་མ་རཱུ་པར་བརྗོད། །ཨོ་ཏྲེ་ཞིང་ཉིད་དུ་ཡང་བརྗོད། །གནས་ཉིད་ལ་སོགས་པར་རྣམ་པར་གཞག་པ་ཡང་ཐིག་ལེ་དང་། རྡོ་རྗེ་མཁའ་འགྲོ་ཕལ་ཆེར་མཚུངས་པ་ཉིད་དོ། །དེ་ཅི་ལྟར་མི་འགལ་ཞེ་ན། གནས་དང་ཉེ་བའི་ ཞིང་དག་ཚ་གྲང་དང་དངོས་པོ་དང་དངོས་མེད་བཞིན་དུ་ཕན་ཚུན་འགལ་བ་ནི་མ་ཡིན་ཏེ་གཅིག་ལ་ཡང་མིང་སྣ་ཚོགས་ཇི་ལྟར་མི་འགལ་ཞེས་སོ། །འདིར་ན་ག་ར་དང་། པཱ་ཊ་ལི་པུ་ཊ་དང་། མཱ་ལ་ཝ་སོགས་གསུམ་ནི་ཉེ་བའི་ཞིང་དུ་གསུངས་སོ། །སམྤུ་ཊ་ལས་ནི། ཉེ་གནས་གོ་དཱ་ ཝ་རིར་བརྗོད། །རཱ་མེ་ཤྭ་རའང་དེ་བཞིན་ནོ། །དེ་ཝཱི་ཀོ་ཊ་དེ་བཞིན་བཤད། །མཱ་ལ་ཝ་ཡང་དེ་བཞིན་བརྗོད། །ཅེས་སོ། །ཕྱག་རྒྱ་ཆེན་པོ་ཐིག་ལེ་ལས་ནི། ཉེ་བའི་ཞིང་ནི་མཱ་ལ་ཝ། །ན་ག་ར་དང་སིནྡྷུ་དང་། །སི་ཧཾ་ལ་ཡང་དེ་བཞིན་ནོ། །དེ་ཝཱི་ཀོ་ཊ་བའི་མཆོག་སྦྱིན། །འདིར་ནི་ ཞིང་དང་ཉེ་བས་བསྟན། །འདིར་ཡང་དེ་མ་ཐག་ཏུ་བརྗོད་པ་ཉིད་ཡང་དག་པར་བརྗོད་དོ། །མུམྨུ་ནི་ཞེས་པ་མུམྨུ་ནིའི་ཡུལ་ལོ། །བྱེད་པའི་བྲང་ཞེས་པ་ཀ་ར་ཎི་ཝ་ཌ་ཞིང་བཞི་ངེས་པར་བསྟན་ནོ། །ཕྱག་རྒྱ་ཆེན་པོ་ཐིག་ལེ་ལས་ནི། ཞིང་མུམྨུ་ནི་དང་དེ་ཝཱི་ཀོ་ཊ་ཡང་ ངོ་། །སུ་མྨུ་ཊར་ནི་སྔར་བཤད་པ་གཉིས་སོ། །སྔར་བཞིན་དེ་ལྟར་ཨརྦུ་ད་ཡང་ཞེས་པ་ཨུརྦུ་ད་རིའི་རྩེ་མོའོ། །ཕྱག་རྒྱ་ཆེན་པོ་ཐིག་ལེར་ཡང་། །ཉེ་བའི་ཞིང་ཀུ་ལ་ཏཱ་དང་ཨུརྦུ་ད་ཞེས་པ་གཉིས་བཤད་དོ། །སམྤུ་ཊར་ནི་ཉེ་བའི་ཞིང་ཏྲི་ཤ་ཀུ་ནེ་དང་། ཀོ་ཤ་ལ་ཡང་ཞེས་བཤད་ དོ། །འདིར་ཡང་ཀོ་ཤ་ལ་ནི་འཐུང་གཅོད་ཉིད་དུ་བསྟན་ཏེ་སྔར་བཞིན་ནོ། །ཧ་རི་ཀེ་ལ་ལ་སོགས་པ་དང་། སཽ་རཱཥྚའི་མཐར་ཡང་འདུན་རྟོག་བཞིའོ། །ལན་ཚྭ་རྒྱ་མཚོའི་ནང་ཞེས་པ་ཧ་རི་ཀེ་ལའི་ཁྱད་པར་རོ། །ཀ་ལིངྒ་ལ་སོགས་པ་གསུམ་ཙྪནྡོ་ཧ་འོ། །གསེར་བྱེད་པ་དང་ལྡན་ པའི་གླིང་ནི་གསེར་གླིང་སྟེ། གསེར་གླིང་ཞེས་པའི་དོན་ཏོ། །སམྤུ་ཊ་ལས་ནི་ཀ་ལིངྒ་དང་ལམྦཱ་ཀ་ཡང་འདུན་རྟོག་གོ། །གསེར་གླིང་དང་མཱ་ལ་ཡ་ཉེ་བའི་འདུན་རྟོག་གོ། །ཕྱག་རྒྱ་ཆེན་པོ་ཐིག་ལེ་ལས་ནི་ཙྪནྡོ་ཧ་ནི་གོ་དཱ་ཝ་རི་དང་ཧ་རི་ཀེ་ལའོ། །ཉེ་བའི་འདུན་རྟོག་ནི་ གསེར་ལྡན་དང་ལམྦཱ་ཀ་ཞེས་བཤད་དོ། །རྒྱུད་འདིར་ནི་འདུ་བ་དང་ཉེ་བའི་འདུ་བ་མ་བསྟན་ཏོ། །སམྦུ་ཊ་ལས་ནི། ཡི་དགས་གནས་སུ་རབ་བརྗོད་པ། །ཁྱིམ་གྱི་ལྷ་དང་ཡུལ་འཁོར་བཟང་། །གསེར་གླིང་ཡང་ནི་འདུ་བར་འདོད། །ཡི་དགས་གནས་ནི་ཡི་དགས་གྲོང་། །གྲྀ་ཧ་ དེ་ཝའང་འདུ་བའོ། །གཞན་གཉིས་ཉེ་བའི་འདུ་བའོ། །ཕྱག་རྒྱ་ཆེན་པོ་ཐིག་ལེ་ལས་ནི། འདུ་བ་ལྕགས་པའི་བྲང་ཉིད་དེ། །ཉེ་བའི་འདུ་བ་གསེར་གླིང་ངོ་། །ཀོངྐ་ཎ་དང་འབིགས་བྱེད་བསྟན། །དེ་ལ་ཡི་དགས་ཀྱི་གྲོང་དང་། གྲྀ་ཧ་དེ་ཝ་ཏཱ་འདིར་ཡང་འདུ་བ་ཉིད་ཀྱིས་ལེགས་པར་ བསྡུས་སོ། །སོ་རཱཥྚ་དང་གསེར་གླིང་ཡང་འདུན་རྟོག་དང་ཉེ་བའི་འདུན་རྟོག་ཉིད་ཀྱིས་བསྟན་ཏོ། །ཕྱག་རྒྱ་ཆེན་པོ་ཐིག་ལེར་ཡང་ཉེ་བའི་འདུ་བ་ཉིད་ཀྱིས་གང་བཤད་པ། ཀོངྐ་ཎ་དང་འབིགས་བྱེད་དེ་དག་ཀྱང་འདིར་ཉེ་བའི་འདུན་རྟོག་དང་འཐུང་གཅོད་ཉིད་ཀྱིས་བསྟན་ཏོ། །དེའི་ ཕྱིར་བརྟག་པ་གཉིས་པ་ལས། ཉེ་བའི་འདུ་བར་བསྟན་པ་རྒྱུད་གཞན་གྱི་རྗེས་སུ་འབྲང་བར་བྱའོ། །འཐུང་གཅོད་གྲོང་གི་མཐར་གནས་པ། །འཐུང་གཅོད་ན་ག་ར་ཡང་ངོ་། །ཞེས་དང་། གྲོང་གི་མཐའི་ས་ནི་ན་ག་རའི་མཐའི་སའོ། །ཙ་རི་ཏྲ་ཡང་ཙ་རི་ཏྲའི་གནས་སོ། །འབིགས་ བྱེད་ནི་འབྲོག་དགོན་པའོ། །གཞོན་ནུ་མའི་གྲོང་ནི་གཞོན་ནུ་མའི་གནས་སོ། །སམྤུ་ཊར་ནི་བྱེད་པའི་བྲང་དང་ལྕགས་པའི་བྲང་། ཧ་རི་ཀེ་ལ་འབིགས་བྱེད་དང་། །གཞོན་ནུའི་གྲོང་དང་རྣམ་པ་ལྔ། །འཐུང་གཅོད་དུ་ནི་ཡང་དག་བརྗོད། །འདིར་ནི་འདི་དག་ཞིང་དུ་བསྟན་ཏོ། ། ཧ་རི་ཀེ་ལ་ནི་ཙྪནྡོ་ཧ་ཉིད་དོ། །ཉེ་བའི་འཐུང་གཅོད་ནི་དེའི་མཐའི་གནས་སོ། །འཐུང་གཅོད་དེ་དང་ཉེ་བའི་སའོ། །ཕྱག་རྒྱ་ཆེན་པོ་ཐིག་ལེར་ནི་རྣམ་པ་ལྔ་འཐུང་གཅོད་དང་ཁ་ཆེའི་དཀྱིལ་འཁོར་དང་མོན་གྱི་དཀྱིལ་འཁོར་དང་ཉེ་བའི་འཐུང་གཅོད་དང་བལ་པོ་དང་ཀ་ནྱཱ་ཀུབྫ་ཞེས་ མངོན་པར་བརྗོད་དོ། །ཡི་དགས་འདུས་པ་ཞེས་པ་དུར་ཁྲོད་ཀྱི་ས་སྟེ་དུར་ཁྲོད་དོ། །རྒྱ་མཚོའི་འགྲམ་ཡང་རྫིང་བུའི་འགྲམ་རིང་པོའོ། །ཕྱག་རྒྱ་ཆེན་པོ་ཐིག་ལེར་ཡང་འདིར་ནི་དུར་ཁྲོད་གཉིས་སོ། །ཉེ་བའི་དུར་ཁྲོད་ནི་ཙ་རི་དང་གཞོན་ནུའི་གྲོང་ཞེས་བསྟན་ཏོ། །སམྤུ་ ཊའི་རྒྱུད་ཀྱི་རབ་ཏུ་བྱེད་པ་ལས་ན་ག་ར་དང་སིནྡྷུ་དུར་ཁྲོད་དུ་བསྟན་པ་མ་ཡིན་ན། མ་རུ་དང་ཀུ་ལ་ཏཱ་དག་ཉེ་བའི་དུར་ཁྲོད་དུ་བཤད་ཅེ་ན། ལཱུ་ཡཱི་ཞབས་ཀྱིས་མངོན་པར་རྟོགས་པ་ལས་ཀྱང་དཀྱིལ་འཁོར་གྱི་འཁོར་ལོ་དང་ལུས་ལ་དེ་བཞིན་ཁོ་ནར་རྣམ་པར་གཞག་གོ། །སམྤུ་ ཊའི་ཐིག་ལེ་ལས་ནི། སིནྡྷུ་ན་ག་ར་དུར་ཁྲོད། །ཉེ་བའི་དུར་ཁྲོད་ཡི་དགས་འདུས། །དེ་བཞིན་རྒྱ་མཚོའི་འགྲམ་ཡང་ངོ་། །སྐྱེད་ཚལ་རྫིང་བུའི་འགྲམ་ཡང་ནི། །ཉེ་བའི་དུར་ཁྲོད་རྣམ་པར་བཤད། །འདི་ཡང་རྒྱུ་དང་རྒྱུད་གཉིས་ཀྱི་དོན་རབ་ཏུ་གསལ་བ་ཉིད་ཀྱིས་གཉིས་ཀ་ཡང་ དག་པར་བསྡུས་པས་བཤད་པར་ནུས་ཏེ། བླ་མ་རྣམས་ཀྱིས་མན་ངག་སྙེ་མ་ལས། སིནྡྷུ་དང་ན་ག་ར་དག་དུར་ཁྲོད་དང་ཉེ་བའི་དུར་ཁྲོད་ཉིད་དང་མ་རཱུ་དང་ཀུ་ལ་ཏཱ་དག་གཙོ་བོ་ཉིད་ཀྱིས་ཡི་དགས་འདུས་པ་དང་། རྒྱ་མཚོའི་འགྲམ་དག་དང་སྐྱེད་ཚལ་རྫིང་བུའི་འགྲམ་དག་དུར་ཁྲོད་དང་ ཉེ་བའི་དུར་ཁྲོད་དུ་བཤད་པ་ཡང་དགོངས་པ་ཅན་དུ་བཤད་དེ། གང་གི་ཕྱིར་འདི་དག་ཏུ་འགའ་ཞིག་གི་ཚེ་ལྷ་དང་རྣལ་འབྱོར་མ་རྣམས་འདྲེས་པ་དེ་ཉིད་ཀྱི་ཕྱིར་ཕྱི་ནས་འདི་བསྟན་ཏེ། གཙོ་བོར་པུལླཱི་ར་མཱ་ལ་ཡ་སོགས་པ་གནས་ཉི་ཤུ་རྩ་བཞིའི་ནང་དུ་འདུས་པ་ པུལླཱི་ར་མཱ་ལ་ཡ་ལ་སོགས་པའི་ཡུལ་དུ་བྲམ་ཟེ་ལ་སོགས་པའི་སྐྱེ་གནས་སུ་སྐྱེས་པའི་དཀྱིལ་འཁོར་པའི་ལྷ་རྣམས་ཀྱང་ངོ་ཞེས་སོ། །དེའི་ཕྱིར་བདེ་མཆོག་གི་རབ་ཏུ་བྱེད་པ་ལས། ཕྱི་དང་ནང་དུ་ཡང་གནས་ལ་སོགས་པའི་རྣམ་པར་གཞག་པ་མཚོན་པར་བྱེད་དོ། །དེ་བཞིན་རྒྱུད་ གཞན་རྣམས་ལས་ཀྱང་གནས་ལ་སོགས་པ་ཕྱི་དང་ནང་དང་གཞན་དུ་ཡང་རྣམ་པར་གཞག་གོ། །རི་གི་ཨ་རལླིའི་རྒྱུད་ལས་ཀྱང་། ཤར་གྱི་ལུས་འཕགས་འཛམ་བུ་གླིང་། །ནུབ་ཀྱི་བ་ལང་སྤྱོད་དང་ནི། །བྱང་གི་སྒྲ་མི་སྙན་ཡང་གནས། །གནས་བཞིར་ལྷ་མོ་བཞི་རྣམས་ཏེ། །རི་རབ་ རྩེ་མོར་རི་གི་གནས། །ཞེས་གསུངས་སོ། །ཐམས་ཅད་དུ་བཤད་ཅེས་པ་ངེས་པའི་རྣམ་པའི་ངོ་བོར་བལྟ་བར་བྱའོ། །གཞན་ཡང་གདུལ་བྱ་དང་རྗེས་སུ་མཐུན་པར་བརྩེ་བའི་རང་བཞིན་གྱིས་བཅོམ་ལྡན་འདས་ཀྱི་སྐུ་བསྟན་པ་ནི་རྣམ་པ་སྣ་ཚོགས་སོ། །གདུལ་བྱ་ཡང་ཆུང་ངུ་དང་ འབྲིང་དང་ཆེན་པོའི་ཆུང་ངུ་དང་ཆེན་པོའི་འབྲིང་དང་ཆེན་པོའི་ཆེན་པོའི་དབྱེ་བས་སོ། །དེ་ལ་ཆུང་ངུའི་དབང་དུ་བྱས་ནས་ཕྱིའི་གནས་ལ་སོགས་པ་བསྟན་པ་དེ་བཞིན་དུ་ཡང་། དྲི་མ་མེད་པའི་འོད་ལས་གསུངས་པ། འདིར་ཐུན་མོང་གི་ཡུལ་དུ་འཁྱམ་པར་བྱ་བའི་དོན་དུ་ཛཱ་ལནྡྷ་ ར་ལ་སོགས་པ་རྣམས་གནས་ལ་སོགས་པ་ཉིད་གསུངས་སོ། །དེ་ཡང་ཐམས་ཅད་དུ་ཁྱབ་པར་བྱེད་པར་མི་འགྱུར་ཏེ། བྲམ་ཟེ་དང་རྒྱལ་རིགས་དང་། རྗེའུ་རིགས་དང་། དམངས་རིགས་རྣམས་ཀྱི་ཁྱིམ་དུ་སྐྱེས་པའི་རྡོ་རྗེ་མཁའ་འགྲོ་རྣམས་གྲོང་ཁྱེར་གཅིག་ན་ཡང་གནས་ པས། བོད་དང་རྒྱ་ནག་ལ་སོགས་པའི་ཡུལ་ན་ཡང་གནས་ལ་སོགས་པ་ཡོད་དོ། །དེ་རྣམས་ཀྱང་བསྡུས་པའི་རྒྱུད་ཀྱི་ནང་ནས་བསྟན་ཏོ། །རྒྱུད་རྒྱས་པའི་ནང་དུ་ནི་ཡུལ་ཐམས་ཅད་དུ་ཁྱད་པར་དང་གྲོང་ཁྱེར་ཐམས་ཅད་དུ་གནས་ལ་སོགས་པ་བཤད་དོ། །འབྲིང་གི་དབང་ དུ་བྱས་ནས་ཀྱང་གཞལ་ཡས་ཁང་གི་ས་ལ་གནས་ལ་སོགས་པ་དཀྱིལ་འཁོར་པའི་ལྷ་མོ་རྣམས་སུ་རྣམ་པར་གཞག་གོ། །དཔེར་ན་དཔལ་སྡོམ་པའི་དཀྱིལ་འཁོར་དུ་རྡོ་རྗེ་ཕྲེང་བ་སྔོན་པོས་བསྐོར་བའི་རྩིབས་བརྒྱད་སྔོན་པོར་དང་པོ་ཐུགས་ཀྱི་འཁོར་ལོའི་ཤར་དང་། བྱང་དང་། ནུབ་དང་། ལྷ་མོའི་རྩིབས་རྣམས་ལ། པུལླཱི་ར་མཱ་ལ་ཡ། ཛཱ་ལནྡྷ་ར། ཨཽ་ཌི་ཡ་ན། ཨརྦུ་ད་གནས་ཀྱི་རང་བཞིན་རྣམས་སུ། རབ་གཏུམ་མ། གཏུམ་མིག་མ། འོད་ལྡན་མ། སྣ་ཆེན་མ་རྣམས་སོ། །མེ་དང་། བདེན་བྲལ་དང་། རླུང་དང་། དབང་ལྡན་རྣམས་སུ་གོ་ད་ཝ་རཱི། རཱ་མེ་ཤྭ་ར། དེ་ཝཱི་ཀོ་ཊ། མཱ་ལ་ཝ་སྟེ་ཉེ་བའི་གནས་ཀྱི་བདག་ཉིད་རྣམས་སུ། དཔའ་བོའི་བློ་ཅན་མ་དང་། མིའུ་ཐུང་མ་དང་། ལངྐའི་དབང་ཕྱུག་མ་དང་། ཤིང་གྲིབ་མ་རྣམས་སོ། །པདྨ་དམར་པོའི་ཕྲེང་བས་ཡོངས་སུ་བསྐོར་བ་རྩིབས་བརྒྱད་དམར་པོ་གཉིས་པ་གསུང་གི་ འཁོར་ལོའི་ཤར་དང་བྱང་ཀཱ་མ་རཱུ་པ་དང་ཨོ་ཏྲེ་སྟེ། ཞིང་དག་ཏུ་ས་སྲུང་མ་དང་། འཇིགས་བྱེད་ཆེན་མོ་དག་གོ། །ནུབ་དང་ལྷོ་ཏྲི་ཤ་ཀུ་ནེ་དང་ཀོ་ཤ་ལ་ཉེ་བའི་ཞིང་དག་ཏུ་རླུང་ཤུགས་མ་དང་། ཆང་འཐུང་མ་དག་གོ། །མེ་དང་བདེན་བྲལ་ཀ་ལིངྒ་དང་། ལམྦཱ་ཀ། ཙྪནྡོ་ཧ་དག་ ཏུ། སྔོ་བསངས་ལྷ་མོ་དང་། ཤིན་ཏུ་བཟང་མོ་དག་གོ། །རླུང་དང་དབང་ལྡན་ཀཱཉྩི་དང་། ཧི་མཱ་ལ་ཡ་ཉེ་བའི་འདུན་རྟོག་ཏུ། རྟའི་རྣ་བ་མ་དང་། མཁའ་འགྲོ་གདོང་མ་དག་གོ། །རྡོ་རྗེ་ཕྲེང་བ་དཀར་པོས་ཡོངས་སུ་བསྐོར་བ་རྩིབས་བརྒྱད་དཀར་པོ་གསུམ་པ་སྐུའི་འཁོར་ལོའི་ ཤར་དང་བྱང་། པྲེ་ཏ་པུ་རཱི་དང་། གྲྀ་ཧ་དེ་ཝ་ཏཱ་འདུ་བ་དག་ཏུ། འཁོར་ལོའི་ཤུགས་ཅན་མ་དང་། དུམ་སྐྱེས་མ་དག་གོ། །ནུབ་དང་ལྷོ་སཽ་རཱཥྚ་དང་། གསེར་གླིང་ཉེ་བའི་འདུ་བ་དག་ཏུ། ཆང་འཚོང་མ་དང་། འཁོར་ལོའི་གོ་ཆ་མ་དག་གོ། །མེ་དང་བདེན་བྲལ་ན་ག་ར་དང་། སིནྡྷུ་དུར་ཁྲོད་དག་ཏུ་ཤིན་ཏུ་དཔའ་མོ་དང་། སྟོབས་ཆེན་མ་དག་གོ། །རླུང་དང་དབང་ལྡན་མ་རུ་དང་། ཀུ་ལ་ཏཱ་ཉེ་བའི་དུར་ཁྲོད་དག་ཏུ་འཁོར་ལོས་སྒྱུར་མ་དང་། བརྩོན་འགྲུས་ཆེན་མོ་དག་གོ། །རབ་གཏུམ་མ་ལ་སོགས་པའི་ལྷ་མོ་འདི་རྣམས་ཀྱང་རང་རང་གི་རྟེན་གྱི་ འཁོར་ལོ་དང་ཁ་དོག་མཚུངས་པ་ཞལ་གཅིག་སྤྱན་གསུམ་མ། གདོང་མཆེ་བ་གཙིགས་པ། དཔྲལ་བར་རྡོ་རྗེའི་ཕྲེང་བས་མཚན་པ། སྐྲ་གྲོལ་བ། ཕྱག་གཉིས་ཀྱི་གཡོན་པས་ཁྲག་གིས་གང་བའི་ཐོད་པ། གཡས་པས་གདུག་པ་བསྡིགས་པར་བྱེད་ཅིང་ གྲི་གུག་འཛིན་པ། གཅེར་བུ་གཡས་བརྐྱང་གི་སྟབས་ཀྱིས་གནས་པ། ཕྱག་རྒྱ་ལྔ་འཛིན་ཅིང་། འཛག་པའི་མགོ་བོའི་ཕྲེང་བ་ཅན་དུ་བསམ་པར་བྱའོ། །ཆེན་པོའི་ཆུང་ངུའི་དབང་དུ་བྱས་ནས་ལུས་ལ་གནས་ལ་སོགས་པ་བསྟན་ཏེ། དཔེར་ན་སྡོམ་པའི་དཀྱིལ་འཁོར་བཞིན་ནོ། ། པུ༴ ཛཱ༴ ཨོ༴ ཨ༴ གོ༴ རཱ༴ དེ༴ མ༴ ཨོ༴ ཏྲི༴ ཀོ༴ ཀཱ༴ ལ༴ ཀ༴ ཧི༴ པྲེ༴ གྲྀ༴ སཽ༴ སུ༴ ན༴ སི༴ མ༴ ཀུ༴ སྤྱི་བོ་པུལླཱི་ར་མཱ་ལ་ཡར་རབ་གཏུམ་མའོ། །སྤྱི་གཙུག་ཛཱ་ལནྡྷ་རར་གཏུམ་མིག་མའོ། །རྣ་བ་གཡས་པ་ཨཽ་ཌི་ཡ་ནར་འོད་ལྡན་མའོ། །ལྟག་པ་ཨརྦུ་དར་སྣ་ཆེན་མ་སྟེ་གནས་སོ། །རྣ་ བ་གཡོན་པ་གོ་དཱ་ཝ་རཱིར་དཔའ་བོའི་བློ་ཅན་མའོ། །སྨིན་མའི་དབུས་རཱ་མེ་ཤྭ་རར་མིའུ་ཐུང་མའོ། །མིག་གཉིས་དེ་ཝཱི་ཀོ་ཊར་ལངྐའི་དབང་ཕྱུག་མའོ། །ཕྲག་པ་གཉིས་མཱ་ལ་ཝར་ཤིང་གྲིབ་མ་སྟེ་ཉེ་བའི་གནས་སོ། །མཚན་ཁུང་གཉིས་ཀཱ་མ་རཱུ་པར་ས་སྲུང་མའོ། །ནུ་མ་ཟུང་ཨོ་ཏྲེར་འཇིགས་ བྱེད་ཆེན་མོ་སྟེ་ཞིང་ངོ་། །ལྟེ་བ་ཏྲི་ཤ་ཀུ་ནེར་རླུང་ཤུགས་མའོ། །སྣ་རྩེ་ཀོ་ཤ་ལར་ཆང་འཐུང་མ་སྟེ་ཉེ་བའི་ཞིང་ངོ་། །ཁ་ཀ་ལིངྒར་སྔོ་བསངས་ལྷ་མོའོ། །མགྲིན་པ་ལམྦཱ་ཀར་ཤིན་ཏུ་བཟང་མོ་སྟེ་འདུན་རྟོག་གོ། །སྙིང་ཀཱཉྩིར་རྟའི་རྣ་བ་མའོ། །མདོམས་བར་ཧི་མཱ་ལ་ཡར་བྱ་གདོང་མ་སྟེ་ ཉེ་བའི་འདུན་རྟོག་གོ། །མཚན་མ་པྲེ་ཏ་པུ་རིར་འཁོར་ལོའི་ཤུགས་ཅན་མའོ། །བཤང་ལམ་གྲྀ་ཧ་དེ་ཝ་ཏཱར་དུམ་སྐྱེས་མ་སྟེ་འདུ་བའོ། །བརླ་གཉིས་སཽ་རཱཥྚར་ཆང་འཚོང་མའོ། །བྱིན་པ་གཉིས་གསེར་གླིང་དུ་འཁོར་ལོའི་གོ་ཆ་མ་སྟེ་ཉེ་བའི་འདུ་བའོ། །སོར་མོ་ན་ག་རར་ཤིན་ཏུ་ དཔའ་མོའོ། །རྐང་པའི་བོལ་སིནྡྷུར་སྟོབས་ཆེན་མ་སྟེ་དུར་ཁྲོད་དོ། །མཐེ་བོང་མ་རུར་འཁོར་ལོས་སྒྱུར་མའོ། །པུས་མོ་གཉིས་ཀུ་ལ་ཏཱར་བརྩོན་འགྲུས་ཆེན་མོ་སྟེ་ཉེ་བའི་དུར་ཁྲོད་དོ། །འདི་ལ་འདི་ནི་མན་ངག་ཡིན་ཏེ། པུཾ་ཛཱཾ་ཞེས་པ་ལ་སོགས་པ་ཐམས་ཅད་རྗེས་སུ་ང་རོ་དང་ བཅས་པ་ངེས་པ་ཉིད་དོ། །པུཾ་ཡིག་ལ་སོགས་པའི་ཡི་གེ་ཡོངས་སུ་གྱུར་པ་ལས་འཁོར་ལོའི་རྩིབས་རྣམས་ཀྱི་སྟོང་པའི་ནང་དུ་གནས་ལ་སོགས་པའི་གནས་རྣམས་སྤྱི་བོ་ལ་སོགས་པ་རྣམས་སུ་བལྟ་བར་བྱའོ། །གནས་ལ་སོགས་པ་དེ་རྣམས་སུ་དེ་དེའི་གནས་སུ་སོན་ པའི་རྩ་རྣམས་དེ་དང་དེའི་ལྟའི་གཟུགས་ཀྱིས་ཡོངས་སུ་གྱུར་པ་རྣམ་པར་གཞག་སྟེ་བསྒོམ་པར་བྱའོ། །དཔེར་ན་ཕྱི་རོལ་དུ་གནས་ལ་སོགས་པ་དང་། ཉེ་བར་གནས་པའི་ཆུ་ཀླུང་གི་ཆུ་ཡིས་གསོ་བར་བྱེད་པ་དེ་བཞིན་དུ། ལུས་ལ་ཡང་རྩ་རྣམས་ཀྱིས་སེན་མོ་ལ་སོགས་པ་གསོ་བར་ བྱེད་དོ་ཞེས་པ་མཚུངས་པ་ཉིད་དོ། །ཆེན་པོའི་འབྲིང་གི་དབང་དུ་བྱས་ནས་བསྐྱེད་པའི་རིམ་པས་ས་བོན་གྱི་ཡི་གེ་ལ་སོགས་པ་མེད་པར་ཡང་། ལུས་ལ་ཇི་ལྟར་གནས་པའི་སྤྱི་བོ་ལ་སོགས་པ་གནས་ལ་སོགས་པ། དེ་དང་དེར་སོན་པ་རྩའི་རང་བཞིན་རྣམས་རྡོ་རྗེ་ལྷ་མོ་རྣམས་སོ་ཞེས་ ལྷག་པར་མོས་པའི་དོན་དུ་རྣམ་པར་གཞག་གོ། །ཆེན་པོའི་ཆེན་པོའི་དབང་དུ་བྱས་ནས་བསྐྱེད་པའི་གནས་ཁོ་ན་ནང་སྟེ། སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་བྱང་ཆུབ་ཀྱི་སེམས་ལུས་ལ་སོགས་པ། སོ་སོར་སྣང་བའི་རང་བཞིན་གནས་པས་དང་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་དོ། ། དཀྱིལ་འཁོར་གྱི་འཁོར་ལོ་བདག་ལ་བསྲེ་བ་དེའི་དབང་དུ་བྱས་ནས་གསུངས་ཏེ། ཡེ་ཤེས་ཆེན་པོ་རང་ལུས་གནས། །རྟོག་པ་ཐམས་ཅད་ཡང་དག་སྤངས། །ཞེས་དང་། ས་བཅུའི་དབང་ཕྱུག་མགོན་པོ་སྟེ། །འདི་རྣམས་གཞན་གྱིས་བརྗོད་མི་བྱ། །ཞེས་སོ། །དཔལ་ལྡན་ མངོན་པར་བརྗོད་པ་ཕྱི་མའི་རྒྱུད་དུ་ཡང་གསུངས་པ། འདི་ཉིད་མཁའ་འགྲོ་མ་ཀུན་གྱི། །ངེས་པར་གནས་པ་སྙིང་བརྩེར་ལྡན། །འདི་ཉིད་རྫོགས་སངས་རྒྱས་ཀུན་དང་། །བྱང་ཆུབ་སེམས་དཔའ་འགྲོ་བ་གསུམ། །ཉི་ཤུ་རྩ་བཞིའི་དབྱེ་བ་ཡིས། །གནས་སོགས་ཉིད་དུ་ཡང་དག་གནས། ། དེའི་ཕྱིར། དེ་ཉིད་ལྡན་ན་དེར་འཁྱམ་པས། །དལ་བར་འགྱུར་གྱི་དགོས་པ་མེད། །གལ་ཏེ་དེ་ཉིད་མེད་གྱུར་ན། །དེ་རྣམས་བསྐོར་བས་ཅུང་ཟད་མིན། །གལ་ཏེ་དེ་ཉིད་ལྡན་གྱུར་ན། །དེ་རྣམས་བསྐོར་ཡང་ཅི་ཞིག་དགོས། །ཕྱི་རོལ་རྣལ་འབྱོར་པ་དེ་རྣམས། །བསྐོར་བས་ཁམས་རྣམས་ ཟད་པར་འགྱུར། །དེ་ཕྱིར་ཕྱི་རོལ་རྣམ་སྤངས་ནས། །རྣལ་འབྱོར་རོལ་པས་གནས་པར་བྱ། །རྣམ་དག་ཡེ་ཤེས་སྤྱན་ལྡན་པའི། །རྡོ་རྗེ་རྣལ་འབྱོར་མ་རྣམས་ཀྱིས། །དཔལ་ལྡན་རྣལ་འབྱོར་ཅན་རྣམས་ལ། །རིང་ནས་ཐུགས་རྗེའི་ཐུགས་ཀྱིས་གཟིགས། ། དངོས་གྲུབ་མཆོག་ནི་བཞི་རྣམས་ཀྱང་། །དེ་རྣམས་ལ་ནི་ཅི་འདོད་སྩོལ། །དེས་ན་རྗེ་བཙུན་ཡེ་ཤེས་ནི། །རབ་ཏུ་འབད་པས་བསྒྲུབ་པར་བྱ། །སྣ་ཚོགས་རྩོལ་བ་དང་ལྡན་པ། །སྤྱོད་པའི་བརྟུལ་ཞུགས་སུ་ནི་བརྗོད། །སྤྱོད་པའི་བརྟུལ་ཞུགས་འདི་ཉིད་ནི། །བརྟུལ་ཞུགས་དེ་ཉིད་ དགའ་བས་བྱ། །རྣམ་པ་གང་དེས་བྱས་ནས་ནི། །ཟས་དང་གནས་ཀྱི་བརྟུལ་ཞུགས་ལྡན། །བསམ་གཏན་ཟས་མཆོག་གྱུར་པ་ཡི། །སྨྱོ་མེད་སེམས་ཀྱིས་གནས་པར་བྱ། །གཅེར་བུ་འམ་གལ་ཏེ་གཅེར་བུ་མིན། །གང་དེར་ཇི་ལྟར་དེ་བཞིན་དུ། །རང་གི་ལྷག་པའི་ལྷ་དམིགས་ནས། ། དེ་ཉིད་གཅིག་ཏུ་རྣམ་པར་བསམ། །ཟླ་དྲུག་ཙམ་གྱིས་དེ་ཉིད་ནི། །ལྐུགས་པར་གྱུར་ཀྱང་དབང་དུ་འགྱུར། །རྣལ་འབྱོར་ཆེ་དང་རྣལ་འབྱོར་མའི། །གཟུགས་ཀྱིས་དེ་ལ་གསལ་བར་བྱེད། །ཡེ་ཤེས་གསལ་བ་མཆོག་མཐོང་ནས། །རྣལ་འབྱོར་ཅན་རྣམས་ཉེ་བར་གནས། །ཇི་ལྟར་ པད་མའི་ཉམས་དགའ་བར། །ངང་པའི་ཚོགས་ནི་འཇུག་པ་བཞིན། །དཔལ་ལྡན་རྡོ་རྗེ་འཛིན་པ་ནི། །འདི་ལ་མངོན་གྱུར་ཐེ་ཚོམ་མེད། །མིག་འཕྲུལ་བཞིན་དུ་འཇིག་རྟེན་དུ། །སེམས་ཅན་ཀུན་དོན་བྱེད་པ་པོ། །དེ་ལྟར་བདག་དང་སེམས་ཅན་དོན། །དག་པའི་སེམས་ཀྱིས་ བྱེད་པ་ཉིད། །ཞེས་གསུངས་སོ། །དེ་ཉིད་ཀྱི་ཕྱིར། ཆུང་ངུ་ལ་སོགས་པ་རྣམས་ལ་གནས་ལ་སོགས་པ་བསྟན་པ་ཡང་དྲང་བའི་དོན་ཏོ། །རབ་ཏུ་དགའ་བ་ལ་སོགས་པའི་རང་བཞིན་ཉིད་གནས་ལ་སོགས་པ་ནི་ངེས་པའི་དོན་ཏོ། །གང་ཡང་ཕྱི་རོལ་དང་དཀྱིལ་འཁོར་གྱི་འཁོར་ལོ་དང་། ལུས་ལ་ ཡང་རབ་ཏུ་དགའ་བ་ལ་སོགས་པའི་རྣམ་པར་གཞག་པ་དེའང་དྲང་བའི་དོན་ཏོ། །ཅི་ལྟར་དེ་དང་དེར་ལྷག་པར་མོས་པ་ལས། །དེ་དང་དེ་འཇིག་རྟེན་ལས་འདས་པའི་སར་གསལ་བར་འགྱུར་བའི་ཕྱིར། འབད་པར་བྱེད་དོ་ཞེས་པ་སྟེ། སྤྲོས་པས་ཆོག་གོ། །ད་ནི་སམྤུ་ཊའི་ཐིག་ལེ་ལ་སོགས་ པའི་རྒྱུད་ལས་གསུངས་པའི། རྣལ་འབྱོར་མ་རྣམས་ཀྱི་ཕལ་ཆེར་འདུ་བའི་གནས་དང་ཤིང་ལ་སོགས་པ་ལ་གནས་པ་བརྗོད་པར་བྱ་སྟེ། དེ་ལ། བི་ར་ཛར་ནི་ཙུ་ཏའི་ཤིང་། །འདུ་གནས་ལྷ་མོ་ཨཾ་བི་ཀ །ཞིང་སྐྱོང་ཨ་ན་ལ་ཞེས་བྱ། །ཀངྐ་ཎར་ནི་ཟླ་འཁྲི་ཤིང་། །ཞེས་བསྟན་ ངེས་པར་བསམ་པར་བྱ། །ཙ་རི་ཏྲར་ཤིང་ཀ་རཉྫ། །ལྷ་མོ་ཀ་རཉྫར་གནས་མ། །ཞིང་སྐྱོང་དྲིལ་བུ་ཆེན་པོའོ། །དེ་ཝཱི་ཀོ་ཊར་བྷ་ཊའི་ཤིང་། །ལྷ་མོ་ཀརྞ་མོ་ཌཱིའོ། །ཧ་རི་ཀེ་ལར་ཨ་རུ་རའི་ཤིང་། །ཨཽཌྱ་ཡ་ནར་མྱ་ངན་མེད་པའི་ཤིང་། །གང་དེར་ལྷ་མོ་གསང་བ་མ། །ཞིང་སྐྱོང་སྟོབས་ པོ་ཆེ་ཞེས་བྱ། །ཛཱ་ལནྡྷ་རར་གསེར་ཤིང་སྟེ། །གང་དེར་ལྷ་མོ་གཏུམ་མོ་སྟེ། །ཞིང་སྐྱོང་ཛ་ནེ་ཏཱ་ཞེས་བྱ། །སམྤུ་ཊ་ཡི་ཐིག་ལེ་ལས། །བི་ར་ཛ་སོགས་ཉེ་བར་མཚོན། །རྡོ་རྗེ་མཁའ་འགྲོ་ལ་སོགས་པའི་རྒྱུད་ལས་གསུངས་པའི་གནས་རྣམས་སོ། །དེ་ལ་པུརྞྞ་གི་རི་དང་། རི་ཡི་རྩེ་མོ་ འདུ་བའི་གནས། །གང་དེར་ལྷ་མོ་དཔལ་ཆེན་མོ། །ཞིང་སྐྱོང་མེ་ཡི་གདོང་པ་ཅན། །མཆོག་ལྡན་དུ་ནི་ཏ་ལའི་ཤིང་། །གང་དེར་ལྷ་མོ་བདེ་བྱེད་མ། །ཞིང་སྐྱོང་གྱེན་དུ་སྐྲ་བརྫེས་པའོ། །དམར་སེར་གྲོང་དུ་ཤིང་རལ་ཅན། །གང་དེར་ལྷ་མོ་དམར་སེར་མ། །ཞིང་སྐྱོང་བྱིན་པ་ཆེན་པོའོ། ། ཨེ་ལཱའི་གྲོང་དུ་ཨ་ཡ་ཏན། །གང་དེར་ལྷ་མོ་བོང་གནས་མ། །ཞིང་སྐྱོང་གླང་པོའི་རྣ་བའོ། །ཁ་ཆེའི་རི་ཡི་རྩེ་མོ་ནི། །གང་དེར་ལྷ་མོ་གོ་ཀརྞྞ། །ཞིང་སྐྱོང་བྱིན་པའི་རྩ་ཅན་ནོ། །མྱ་ངན་གྱི་ནི་གནས་ཆེན་པོ། །གང་དེར་ལྷ་མོ་ཀྲ་མ་ཎི། །ཞིང་སྐྱོང་གཙིགས་པ་ཞེས་བྱའོ། །སྐྱེ་བོའི་བུ་ཡི་ སྦ་ཡི་དོང་། །གང་དེར་ལྷ་མོ་རོ་ལངས་མ། །ཞིང་སྐྱོང་བྱི་ན་སྤུ་ཅན་ནོ། །བུ་རམ་ཤིང་འཕེལ་གྲོང་གི་གནས། །གང་དེར་ལྷ་མོ་ཙཱ་མུཎྜཱི། །ཞིང་སྐྱོང་བུམ་པ་ཅན་ཞེས་བྱ། །རྒྱལ་བྱེད་ཁང་པ་བརྩེགས་པ་ནི། །གང་དེར་ལྷ་མོ་རབ་དངས་མ། །ཞིང་སྐྱོང་རལ་པ་གསུམ་པའོ། །ཀྲྀཥྞའི་གྲོང་གི་ གནས་ཁྱད་པར། །གང་དེར་ལྷ་མོ་གློག་གདོང་མ། །ཞིང་སྐྱོང་དྲིལ་བུ་སྒྲ་ཅན་ནོ། །ས་པཱ་རིའི་ཤིང་ཤཱལྨ་ལཱི། །གང་དེར་ལྷ་མོ་མེ་གདོང་མ། །ཞིང་སྐྱོང་ལྷ་ནི་ཆེན་པོའོ། །འོ་མ་ཅན་གྱི་ཤིང་ཤཱ་ལ། །གང་དེར་ལྷ་མོ་འཇིག་རྟེན་ཡུམ། །སྒྱུ་མའི་གྲོང་གི་ཤཱ་ཁོ་ཊ། །གང་དེར་ལྷ་མོ་ འདོད་ལྡན་མ། །ཞིང་སྐྱོང་འཇིགས་སྡེ་ཞེས་བྱའོ། །ཨེ་ཀཱ་མཱུ་ཀའི་ཨཱ་མྲ་ནི། །གང་དེར་ལྷ་མོ་ལུས་སྲུལ་མ། །ཞིང་སྐྱོང་བརྟུལ་ཞུགས་ཆེན་པོའོ། །རྒྱལ་པོའི་ཁབ་ཀྱི་གནས་ཁྱད་པར། །གང་དེར་ལྷ་མོ་རྣ་རྒུད་མ། །ཞིང་སྐྱོང་དྲིལ་ཆུང་སྒྲ་ཅན་ནོ། །བོད་ཀྱི་བྲག་ གི་རྩེ་མོ་ནི། །གང་དེར་ལྷ་མོ་ལྷན་སྐྱེས་མ། །ཞིང་སྐྱོང་ལོངས་སྤྱོད་ཅན་ཞེས་བྱ། །མཱ་ལ་བ་ཡི་སྦྲང་རྩིའི་ཤིང་། །གང་དེར་ལྷ་མོ་དབང་བསྐུར་མ། །ཞིང་སྐྱོང་སྐྱེས་པའི་དབང་ཕྱུག་གོ། །དེ་དང་དེ་ཡི་གནས་རྣམས་སུ། །རྡོ་རྗེ་རྣལ་འབྱོར་མ་རྣམས་འདུ། །རྣལ་འབྱོར་ཅན་འདུས་རྗེས་སུ་ འཛིན། །ཞེས་སོ། །དེ་བཞིན་དུ་རྡོ་རྗེ་མཁའ་འགྲོའི་རྒྱུད་དུ་ཡང་། ཞིང་འདི་རྣམས་སུ་བུ་མོ་གང་། །དཔའ་བོ་རྣམས་ལ་གྲུབ་སྦྱིན་མ། །རྟག་ཏུ་རི་ཡི་འགྲམ་དག་ཏུ། །མཚན་མོ་རབ་ཏུ་འདུ་བར་བྱེད། །མཁའ་སྤྱོད་རྣམས་སུ་རྙེད་དཀའ་བ། །དངོས་གྲུབ་ཡངས་པ་སྦྱིན་པར་བྱེད། ། སྒྲུབ་པ་པོ་ལ་ལས་རྣམས་ཀུན། །ཐེ་ཚོམ་མེད་པར་འགྲུབ་པར་བྱེད། །ཅེས་གསུངས་སོ། །རིའི་འགྲམ་ཞེས་པ་ནི་སྒྲུབ་པ་པོའི་ཕྱིར་དུའོ། །མཁའ་སྤྱོད་རྣམས་སུ་ཞེས་པའི་དོན་ཏོ། །དེ་ལྟར་ཆུང་ངུ་རྣམས་ཕྱིའི་གནས་ལ་སོགས་པར་ཡང་དག་པར་སོང་སྟེ། དེ་དང་དེར་སོང་ནས་དེ་དང་ དེར་གནས་པའི་ལྷ་མོ་དང་ཞིང་སྐྱོང་རྣམས་མཆོད་པ་དང་། གཏོར་མ་དང་ཉེ་བར་སྤྱོད་པ་ལ་སོགས་པ་རྣམས་ཀྱིས་ཡོངས་སུ་མཉེས་པར་བྱས་ཏེ། གནས་དེ་དང་དེར་གནས་པའི་རྡོ་རྗེ་བཙུན་མོ་རྣམས། བསམ་གཏན་དང་། གཏོར་མ་དང་། མཆོད་པ་དང་། སྔགས་བཟླས་པ་དང་། བསྐོར་བ་ ལ་སོགས་པ་རྣམས་ཀྱིས་ཀུན་ནས་མགུ་བར་བྱའོ། །གང་རྣལ་འབྱོར་པ་འབྲིང་པོ་རྣམས་ཀྱིས་ཕྱིའི་གནས་ལ་སོགས་པ་བསྐོར་བ་ལས་ཕྱིར་ཕྱོགས་ཏེ། དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་ལ་མངོན་པར་འཇུག་པར་བྱེད་དོ། །གང་ཡང་ཆེན་པོའི་ཆུང་ངུ་རྣམས་དཀྱིལ་འཁོར་གྱི་ འཁོར་ལོ་བསྒོམ་པ་ལ་མི་ལྟོས་པར། རང་གི་ལུས་ཉིད་ཀྱི་སྤྱི་བོ་ལ་སོགས་པ་རྣམས་སུ་རང་རང་གི་ཡི་གེ་དང་པོ་ཡོངས་སུ་གྱུར་པ་ལས། གནས་ལ་སོགས་པ་དེ་དང་དེར་གནས་པའི་རྩ་དེ་དང་དེར་ལྷའི་གཟུགས་སུ་བསྒོམ་པ་ལ་མངོན་པར་དགའ་བར་བྱེད་དོ། །གང་ཡང་ཆེན་པོའི་ འབྲིང་རྣམས་ས་བོན་གྱི་ཡི་གེ་ལ་ལྟོས་པ་མེད་པ་ཉིད་དུ་བསྐྱེད་པའི་རིམ་པས་སྤྱི་བོ་ལ་སོགས་པའི་གནས་རྣམས་སུ། དེ་དང་དེར་གནས་པའི་རྩ་རྣམས་རྡོ་རྗེ་ལྷ་མོ་དེ་དང་དེར་ལྷག་པར་མོས་ཏེ་བསྒོམ་པ་ལ་དགའ་བར་བྱེད་དོ། །གང་ཡང་བློ་གྲོས་ཆེན་པོ་རྣམས། །བསྐྱེད་པའི་རིམ་པ་ལ་གནས་ ཏེ་རང་གི་སེམས་ཁོ་ན། ལུས་དང་ལོངས་སྤྱོད་ལ་སོགས་པར་སོ་སོར་སྣང་བ་སྟོང་པ་ཉིད་དང་སྙིང་རྗེ་རོ་གཅིག་པའི་གནས་ལ་སོགས་པའི་རང་བཞིན། ས་དང་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་དཀྱིལ་འཁོར་གྱི་འཁོར་ལོ་མ་ཚང་བ་མེད་པ་སྒོམ་པར་བྱེད་དོ། །བཤད་པའི་རིམ་པ་དེ་ཐམས་ཅད་ཀྱིས་ དཀྱིལ་འཁོར་ཉིད་གནས་ལ་སོགས་པ་དེ་དང་དེར་གནས་པའི་རྡོ་རྗེ་ལྷ་མོ་རྣམས་ཀྱི་རང་བཞིན་དུ་བརྟགས་ཏེ། དེ་དང་དེར་བསྒོམ་པ་གོམས་པར་བྱའོ་ཞེས་འདི་ཐམས་ཅད་བདེ་བས་བསྒྲུབ་པར་བྱའོ། །ཇི་ལྟར་རིགས་པར་ཁོ་བོ་ཡིས། །བླ་མའི་མན་ངག་གིས་བསྡུས་ཏེ། །གནས་སོགས་ མདོར་བསྡུས་པ་ཡི་ནི། །གཏན་ལ་དབབ་པ་སྐྱོན་མེད་བྱས། །གནས་སོགས་གཏན་ལ་དབབ་པ་འདི་བཀོད་ལས། །དགེ་བ་ཟླ་མཛེས་ལྟར་མཐོ་གང་ཐོབ་པའི། །བསོད་ནམས་དེ་ཡིས་སྐྱེ་བོ་མཐའ་དག་ནི། །གནས་སོགས་དེ་ཉིད་མཐར་ཕྱིན་སངས་རྒྱས་གྱུར། །གནས་ལ་སོགས་པ་ གཏན་ལ་དབབ་པ་རྣམ་པར་གྲགས་པའི་པཎྜི་ཏ་གནས་བརྟན་ཤཱཀྱ་རཀྵི་ཏའི་ཞབས་ཀྱིས་མཛད་པ་འདི་རྫོགས་སོ།། །།ཞེས་པ་འདི་ཉིད་འགྲོ་བ་མཐའ་དག་གི་རྣམ་པར་འདྲེན་པ་ལྷ་དང་བཅས་པའི་སྐྱེ་དགུའི་གཙུག་རྒྱན་དམ་པ་སྤྱན་སྔ་རིན་པོ་ཆེའི་བཀའ་བཞིན་གནམ་ ལྷ་བརྒྱད་གངས་ཀྱི་ར་བས་བསྐོར་བའི་དབུས། རི་འབྲང་རྒྱས་ཀྱི་ངོགས་དཔལ་བདེ་ཆེན་ཡངས་པ་ཅན་གྱི་གཙུག་ལག་ཁང་དུ། ཞ་ལུ་ལོ་ཙཱ་བ་དགེ་སློང་དྷརྨ་པཱ་ལས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཨཥྚ་ཤྨ་ཤ་ནཱ་ཁྱ་ཏ་ནཱ་མ། བོད་སྐད་དུ། དུར་ཁྲོད་བརྒྱད་ཀྱི་བཤད་པ་ཞེས་བྱ་བ། བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ། །དེ་ལ་དུར་ཁྲོད་བརྒྱད་བཤད་པར་བྱ་སྟེ། ཤར་ཕྱོགས་ཀྱི་དུར་ཁྲོད་ནི་གཏུམ་དྲག་ཅེས་བྱ་སྟེ། དེར་ཨ་རུ་རའི་ཤིང་ལ་བདག་ཉིད་ཆེན་པོ་གཏུམ་དྲག་ ཅེས་བྱ་བ་མདོག་དཀར་པོ་གླང་པོ་ཆེའི་མདོག་ཅན་ནོ། །ཤིང་གི་དྲུང་དུ་ནི་ཕྱོགས་ཀྱི་བདག་པོ་དབང་པོ་མདོག་སེར་པོ་ལག་པ་གཡས་གཡོན་ན་རྡོ་རྗེ་དང་སྡིགས་མཛུབ་ཐོགས་པ་གླང་པོ་ཆེ་ས་སྲུང་དཀར་པོ་ལ་ཞོན་པ་སྟེ། དེར་ཀླུ་བ་སུ་ཀི་མདོག་སེར་པོ་དང་། སྤྲིན་སྒྲ་ སྒྲོགས་ཞེས་བྱ་བ་མདོག་སྔོན་པོའོ། །བྱང་ཕྱོགས་ཀྱི་དུར་ཁྲོད་ནི། ཚང་ཚིང་ཅན་ཞེས་བྱ་བ་སྟེ། དེར་ནི་བྱང་ཆུབ་ཀྱི་ཤིང་ལ། བདག་ཉིད་ཆེན་པོ་བ་ག་ར་ཞེས་བྱ་བ། མི་མགོའི་གདོང་ཅན། མདོག་སེར་པོའོ། །ཤིང་གི་དྲུང་དུ་ནི་ཕྱོགས་ཀྱི་བདག་པོ་ལུས་ངན་མདོག་སེར་པོ། ལག་པ་གཡས་ གཡོན་གྱིས་མི་འཇིགས་པ་དང་། གྷ་ཧ་ཐོགས་པ་ཐུང་ཞིང་གཏེར་ལ་བཞོན་པ་སྟེ། དེར་ཀླུ་འཇོག་པོ། མདོག་དམར་པོ་དང་། སྤྲིན་རྨུགས་པ་ཞེས་བྱ་བ་མདོག་དཀར་པོའོ། །ནུབ་ཕྱོགས་ཀྱི་དུར་ཁྲོད་ནི་འབར་བས་འཁྲིགས་པའི་ཀེང་རུས་ཞེས་བྱ་སྟེ། དེར་ཤིང་མྱ་ངན་མེད་ལ་བདག་ ཉིད་ཆེན་པོ་འབར་བས་འཁྲིགས་པའི་ཀེང་རུས་ཞེས་བྱ་བ། ཆུ་སྲིན་གྱི་མགོ་ཅན། མདོག་སེར་པོའོ། །ཤིང་གི་དྲུང་དུ་ནི་ཕྱོགས་ཀྱི་བདག་པོ་བ་རུ་ན་མདོག་དཀར་པོ་ཆུ་སྲིན་ལ་ཞོན་པ། ལག་པ་གཡས་གཡོན་གྱིས་སྡིགས་མཛུབ་དང་ཞགས་པ་ཐོགས་པ་སྟེ། དེར་ཀླུ་སྟོབས་ཀྱི་ རྒྱུ་མདོག་ལྗང་གུ་དང་། སྤྲིན་དྲག་པོ་ཞེས་བྱ་བ་མདོག་དཀར་པོའོ། །ལྷོ་ཕྱོགས་ཀྱི་དུར་ཁྲོད་ན་འཇིགས་སྡེ་ཞེས་བྱ་སྟེ། དེར་བ་རུ་རའི་ཤིང་ལ་བདག་ཉིད་ཆེན་པོ་འཇིགས་སྡེ་ཞེས་བྱ་བའི་མིའི་གདོང་ཅན་མདོག་ནག་པོའོ། །ཤིང་གི་དྲུང་དུ་ནི་ཕྱོགས་ཀྱི་བདག་པོ་གཤིན་རྗེ་མདོག་ནག་པོ་ ལག་པ་གཡས་གཡོན་གྱིས་དབྱིག་པ་དང་ཞགས་པ་ཐོགས་པ་མ་ཧེ་ལ་ཞོན་པ་སྟེ། དེར་ཀླུ་པད་མདོག་དཀར་པོ་དང་། སྤྲིན་འཁྲིགས་པ་ཞེས་བྱ་བ་མདོག་སེར་པོའོ། །མེ་ལྷའི་མཚམས་ཀྱི་དུར་ཁྲོད་ནི་དཔལ་གྱི་ནགས་ཞེས་བྱ་སྟེ། དེར་ཤིང་ཀ་རཉྫ་ཞེས་བྱ་བ་ལ་བདག་ཉིད་ཆེན་པོ་དཔལ་ གྱི་ནགས་ཞེས་བྱ་བ་རའི་གདོང་ཅན་མདོག་དཀར་པོའོ། །ཤིང་གི་དྲུང་དུ་ནི་ཕྱོགས་ཀྱི་བདག་པོ་བྱིན་ཟ་མདོག་དམར་པོ་ལག་པ་གཡས་གཡོན་ན་བགྲང་ཕྲེང་དང་རིལ་བ་སྤྱི་བླུགས་ཐོགས་པ་རའི་སྟེང་ལ་ཞོན་པ་སྟེ། དེར་ཀླུ་པདྨ་ཆེན་པོ་མདོག་དཀར་པོ་དང་། སྤྲིན་འཁྱིལ་པ་ཞེས་བྱ་བ་ མདོག་དམར་པོའོ། །བདེན་བྲལ་གྱི་དུར་ཁྲོད་ནི་འཇིགས་པའི་མུན་པ་ཞེས་བྱ་བ་སྟེ། དེར་ཨུ་དུམྺཱ་རའི་ཤིང་ལ་བདག་ཉིད་ཆེན་པོ་འཇིགས་པ་ཞེས་བྱ་བ་མ་ཧེའི་གདོང་ཅན་མདོག་ནག་པོའོ། །ཤིང་གི་དྲུང་དུ་ནི་ཕྱོགས་ཀྱི་བདག་པོ་སྲིན་པོ་བདེན་བྲལ་མདོག་ནག་པོ་ལག་པ་གཡས་ གཡོན་གྱིས་སྡིགས་མཛུབ་དང་མི་མགོ་ཐོགས་པ་མི་རོ་ལ་ཞོན་པ་སྟེ། དེར་ཀླུ་མཐའ་ཡས་མདོག་སྔོན་པོ་དང་། སྤྲིན་སྒྲ་སྒྲོགས་ཞེས་བྱ་བ་མདོག་སེར་པོའོ། །རླུང་གི་མཚམས་ཀྱི་དུར་ཁྲོད་ནི་ཀཱི་ལི་ཀཱི་ལར་སྒྲོགས་པ་ཞེས་བྱ་སྟེ། དེར་ནི་ཤིང་སྲིད་སྒྲུབ་ཅེས་བྱ་བ་ལ་བདག་ཉིད་ཆེན་པོ་ཀཱི་ ལི་ཀཱི་ལར་སྒྲོགས་པ་ཞེས་བྱ་བ་མ་ཧེའི་གདོང་ཅན་དུ་བའི་མདོག་ཅན་ནོ། །ཤིང་གི་དྲུང་དུ་ནི་ཕྱོགས་ཀྱི་བདག་པོ་རླུང་ལྷ་མདོག་དཀར་པོ་ལག་པ་གཡས་གཡོན་གྱིས་རླུང་གི་སྣམ་བུ་འཛིན་པ་རི་དགས་ཤ་བ་ལ་ཞོན་པ་སྟེ། དེར་ཀླུ་རིགས་ལྡན་ཁྲ་བོ་དང་སྤྲིན་འབེབས་པ་ཞེས་བྱ་བ་མདོག་ ལྗང་གུའོ། །བྱང་ཤར་གྱི་དུར་ཁྲོད་ནི་ཧ་ཧར་དགོད་པ་ཞེས་བྱ་བ་སྟེ། དེར་ཤིང་ནྱ་གྲོ་དྷ་ལ་བདག་ཉིད་ཆེན་པོ་ཧ་ཧར་དགོད་པ་ཞེས་བྱ་སྟེ་ཁྱུ་མཆོག་གི་གདོང་ཅན་མདོག་དཀར་པོའོ། །ཤིང་གི་དྲུང་དུ་ནི་ཕྱོགས་ཀྱི་བདག་པོ་དབང་ལྡན་མདོག་སྔོ་སྐྱ་ལག་པ་གཡས་གཡོན་གྱིས་མདུང་ རྩེ་གསུམ་པ་དང་ཐོད་པ་ཐོགས་པ་ཁྱུ་མཆོག་ལ་ཞོན་པ་སྟེ། དེར་ཀླུ་དུང་སྐྱོང་སེར་པོ་དང་། སྤྲིན་གཏུམ་མོ་ཞེས་བྱ་བ་མདོག་སྣ་ཚོགས་པའོ། །ཕྱོགས་ཀྱི་བདག་པོ་ཐམས་ཅད་ནི་མིའི་གདོང་ཅན་ལག་པ་གཉིས་པའོ། །ཕྱོགས་ཀྱི་ཀླུ་རྣམས་ནི་གདེངས་ཀ་བདུན་པ་མཆེ་བ་ཡིད་ ཙམ་གཙིགས་ཤིང་འདོད་པའི་གཟུགས་ཅན་ནོ། །སྤྲིན་རྣམས་ཀྱང་ཁ་དོག་སྣ་ཚོགས་པའི་མདོག་ཅན་ནོ། །གཏུམ་དྲག་དང་ནི་ཚང་ཚིང་དང་། །འབར་བས་འཁྲིགས་པའི་ཀེང་རུས་ཏེ། །འཇིགས་སྡེ་རྣམས་ནི་ཤར་ལ་སོགས། །ཕྱོགས་སུ་ཡོངས་སུ་བསྐོར་ཏེ་གནས། །ཧ་ཧར་ དགོད་པ་དང་ལྡན་ཏེ། །དཔལ་གྱི་ནགས་ན་བྱིན་ཟའོ། །འཇིགས་པའི་མུན་པ་བདེན་བྲལ་ཏེ། །རླུང་མཚམས་ཀཱི་ལི་ཀཱི་ལར་སྒྲོགས། །འདི་ནི་དུར་ཁྲོད་བརྒྱད་པོ་སྟེ། །དཔལ་ལྡན་རྡོ་རྗེ་རྣལ་འབྱོར་པས། །རྡོ་རྗེ་ར་བའི་ནང་ལོགས་སུ། །རབ་ཏུ་འབད་དེ་བསམ་པར་བྱ། །སློབ་ དཔོན་རྣལ་འབྱོར་པས་མཛད་པའི་དུར་ཁྲོད་བརྒྱད་ཀྱི་བཤད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བུདྡྷ་ཀ་ར་བཛྲ་དང་། བོད་ཀྱི་ལོ་ཙཱ་བ་འགོས་ཀྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་རཏྣ་མཉྫ་རཱི་ནཱ་མ་ཊཱི་ཀ། བོད་སྐད་དུ། དཔལ་རིན་པོ་ཆེ་སྙེ་མ་ཞེས་བྱ་བའི་རྒྱ་ཆེར་འགྲེལ་པ། དཔལ་ཆོས་ཀྱི་དབྱིངས་ལ་ཕྱག་འཚལ་ལོ། །རྣལ་འབྱོར་རྣལ་འབྱོར་མ་བྱེ་བྲག །གང་ཞིག་འདི་སྐད་བདག་སོགས་དོན། །དཔལ་རིན་རྡོར་ཞབས་ལ་ཕྱག་འཚལ་ཏེ། །ཤེས་རབ་དཔལ་བདག་དེས་གསལ་ བཤད། །འདི་ལྟར་གསང་བ་ཆེན་པོ་ནི། །གསལ་བར་བྱེད་པ་ལུགས་མིན་ཡང་། །དེ་ལྟ་མོད་ཀྱི་བོད་ཡུལ་དུ། །སྐྱེས་པ་རང་གི་སློབ་མ་མཆོག །གུས་པས་ཞུས་པའི་ངོར་བྱས་སོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་དཔའ་བོ་ཆེན་པོ་དང་དཔའ་མོའི་དབང་ཕྱུག་མས་རྣམ་པར་བསྐོར་ནས་ཤེས་རབ་ཀྱི་བྷ་ག་ལ་བཞུགས་སོ་ཞེས་བྱ་བ་ནི་མདོའོ། །དེ་ལས་དང་པོ་བརྗོད་པ་དང་བརྗོད་པར་བྱ་བ་དང་འབྲེལ་བ་དང་། དགོས་པ་དང་། དགོས་པའི་ཡང་དགོས་པའི་དོན་གྱི་ ཡན་ལག་འཇུག་པའི་ཕུན་སུམ་ཚོགས་པ་ངེས་པར་བཤད་པའོ། །གང་གི་ཕྱིར་ཞེ་ན་འདིས་རྒྱུད་ཀྱི་དོན་གསལ་བར་ཤེས་པ་དེའི་ཕྱིར་རོ། །དང་པོ་ནི་བདག་པོ་ཕུན་སུམ་ཚོགས་པ། བདག་པོ་ནི་ཐམས་ཅད་སྐྱེ་བའི་རྒྱུའི་རང་བཞིན་གྱི་ཕྱིར་རོ། །ཇི་ལྟར་ས་བོན་ནོ། །གཉིས་པ་གནས་ ཕུན་སུམ་ཚོགས་པ་ནི་ས་བོན་ལ་ཡང་བཞི་དགོས་པའི་ཕྱིར་རོ། །གསུམ་པ་འཁོར་ཕུན་སུམ་ཚོགས་པ་ནི་བཞི་ལ་ཡང་ཆུ་ལ་སོགས་པ་དགོས་པའི་ཕྱིར་རོ། །བཞི་པ་དུས་ཕུན་སུམ་ཚོགས་པ་ནི་ཆུ་ལ་སོགས་པ་ལ་ཡང་གནས་དགོས་པའི་ཕྱིར་རོ། །ལྔ་པ་སྡུད་པ་པོ་ཕུན་སུམ་ཚོགས་པ་ གནས་སྐབས་ལ་ཡང་བྱེད་པ་པོ་དགོས་པའི་ཕྱིར་རོ། །དྲུག་པ་རྒྱུད་ཕུན་སུམ་ཚོགས་པ་འདིར་བྱེད་པ་པོ་ཡང་ཐམས་ཅད་རྫོགས་པ་ལ་འདུས་པ་ཕྱེད་པའི་ཕྱིར་རོ། །འདི་ལྟར་རིགས་པས་བསྐྱེད་པའི་རིམ་པའོ། །དེ་ལ་བརྗོད་པ་ལ་སོགས་པའི་དོན་གྱི་རིམ་པས་རྫོགས་པའོ། །དེའི་ཕྱིར་ བསྐྱེད་པ་དང་རྫོགས་པའི་ངོ་བོ་ཉིད་ཀྱི་རྒྱུད་དཔལ་ཡེ་ཤེས་ཐིག་ལེ་རྒྱུད་ཀྱི་རྒྱལ་པོ་ལས་ཉིད་མཆོག་གི་དབང་ཕྱུག་གིས་དེ་སྐད་གསུངས་སོ། །ད་ནི་བརྗོད་པ་ལ་སོགས་པའི་དོན་གྱིས་ཕུན་སུམ་ཚོགས་པ་དྲུག་བཤད་དེ། གང་རྒྱུད་ཕུན་སུམ་ཚོགས་པ་དེ་ནི་བརྗོད་པའོ། །གང་སྡུད་པ་པོ་དང་ དུས་ཕུན་སུམ་ཚོགས་པ་གཉིས་ནི་བརྗོད་པར་བྱའོ། །གང་འཁོར་ཕུན་སུམ་ཚོགས་པ་ནི་འབྲེལ་པའོ། །གང་གནས་ཕུན་སུམ་ཚོགས་པ་ནི་དགོས་པའོ། །གང་བདག་པོ་ཕུན་སུམ་ཚོགས་པ་དེ་ནི་དགོས་པའི་དགོས་པའོ། །ད་ནི་འདི་ལ་ཇི་ལྟ་བར་སྒྲའི་རིམ་པ་གསལ་བར་བཤད་དེ། འདི་སྐད་ཅེས་བྱ་བ་ནི་རྒྱུད་དེ། བདག་གིས་ཐོས་པ་ཞེས་བྱ་བ་ནི་སྡུད་པ་པོའོ། །དུས་གཅིག་ན་ཞེས་བྱ་བ་ནི་དུས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཞེས་བྱ་བ་ནི་བདག་པོ་རྡོ་རྗེ་འཛིན་པ་ཆེན་པོའོ། །དཔའ་བོ་ཆེན་པོ་དང་དཔའ་ མོའི་དབང་ཕྱུག་མས་ཡོངས་སུ་བསྐོར་བ་ཞེས་བྱ་བ་ནི་འཁོར་རོ། །ཤེས་རབ་ཀྱི་བྷ་ག་ལ་བཞུགས་ཞེས་བྱ་བ་ནི་གནས་སོ། །ད་ནི་ཨེ་ཝཾ་མ་ཡཱ་ཡི་གེ་བཞི་ལ་དང་པོ་རེ་ཞིག་རྣལ་འབྱོར་རྒྱུད་ཀྱི་རིམ་པས་དོན་བཤད་དེ། རྣལ་འབྱོར་ནི་བསྐྱེད་པའི་རིམ་པའི་མཚན་ཉིད་ཀྱི་ཕྱིར་རོ། །རྣལ་ འབྱོར་མ་ནི་རྫོགས་པའི་རང་བཞིན་ནོ། །དེ་བས་ན་རྣལ་འབྱོར་ནི་དང་པོར་བཤད་པར་རིགས་སོ། །ཨེའི་རྣམ་པ་ཞེས་བྱ་བ་ནི་སའོ། །སངས་རྒྱས་རིན་པོ་ཆེའི་སྣོད་ཀྱི་རྟེན་གྱི་གཟུགས་སོ། །རྩུབ་པའི་མཚན་ཉིད་ཀྱི་ཕྱིར་སྲ་བའོ། །ཝཾ་གྱི་རྣམ་པ་ནི་ཆུའོ། །གཞན་མིན་ནི་སངས་རྒྱས་རིན་ པོ་ཆེའི་སྣོད་དོ། །གཤེར་བའི་མཚན་ཉིད་ཀྱི་ཕྱིར་འཇམ་པའོ། །མ་ཞེས་བྱ་བ་ནི་མེའོ། །ཉིད་བྱང་ཆུབ་ཀྱི་སེམས་རིན་པོ་ཆེའོ། །ཚ་བའི་མཚན་ཉིད་ཀྱི་ཕྱིར་ཤིན་ཏུ་འོད་གསལ་བའོ། །ཡའི་རྣམ་པ་ནི་རླུང་ངོ་། །ཡང་དག་པ་བྱང་ཆུབ་ཀྱི་སེམས་ཟླ་བའི་གཟུགས་སོ། །གཡོ་བའི་མཚན་ ཉིད་ཀྱི་ཕྱིར་སྤྲིན་དང་འདྲ་ཞེས་བྱ་བའི་དོན་ཏོ། །ད་ནི་འབྱུང་བ་ཆེན་པོའི་བདག་ཉིད་ཀྱི་ཡི་གེ་བཞི་ལ་རྣམ་པ་དང་བཅས་པའི་ལྷ་མོའི་དབང་བཤད་དེ། ཨེའི་རྣམ་པ་ནི་ལས་ཀྱི་ཕྱག་རྒྱའི་རང་བཞིན་སངས་རྒྱས་སྤྱན་ནོ། །ཐམས་ཅད་བདེ་བ་འབྱུང་བའི་རྒྱུ་སྦྱོར་ཐབས་བྱེད་པའོ། །ཝཾ་གྱི་ རྣམ་པ་ནི་ཆོས་ཀྱི་ཕྱག་རྒྱའི་རང་བཞིན་མཱ་མ་ཀཱིའོ། །སྦྱོར་ཐབས་ལས་བྱུང་བའི་བདེ་བ་ཕྱིའི་འདོད་ཆགས་ཀྱི་མེའི་ཚ་བ་ལས་བསིལ་བར་བྱེད་པའོ། །ཡང་ན་ཉེ་བར་ཞི་བར་བྱེད་པའོ། །མེའི་རྣམ་པ་ནི་དམ་ཚིག་གི་ཕྱག་རྒྱའི་རང་བཞིན་གོས་དཀར་མོའོ། །དགའ་ བ་དང་སྐད་ཅིག་ཐམས་ཅད་ཀུན་མྱོང་བའི་ཕྱིར་རོ། །ཡཱའི་རྣམ་པ་ནི་ཕྱག་རྒྱ་ཆེན་པོའི་རང་བཞིན་སྒྲོལ་མའོ། །སྤྲོས་པ་ཐམས་ཅད་དང་བྲལ་པའི་རྨད་དུ་བྱུང་བའི་བདེ་བ་ཆེན་པོ་གསལ་བར་བྱེད་པའི་ཕྱིར་རོ། །ཡང་ན་ཁྱབ་པར་བྱེད་པའི་ཕྱིར་ཞེས་དགོངས་པའོ། །ད་ནི་དེ་རྣམས་ལ་ཚངས་པའི་ གནས་དང་བཅས་པའི་གནས་ཀྱི་རིམ་པ་བཤད་དེ། བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་ཞེས་བྱ་བ་ནི་ཚངས་པའི་གནས་བཞིའོ། །ཡང་ན་ཚངས་པའི་སྒྲ་ནི་བྱང་ཆུབ་ཀྱི་སེམས་སོ། །སྤྱོད་པའི་ཕྱིར་ན་གནས་སོ། །དེས་ན་ཚངས་པའི་གནས་སོ། །དེ་ལ་གནས་ནི་སྤྲུལ་པ་དང་ ཆོས་དང་ལོངས་སྤྱོད་དང་བདེ་བ་ཆེན་པོའི་འཁོར་ལོ་བཞིའོ། །དེ་ལ་འདི་ནི་དགོངས་པའོ། །གང་ཞིག་ཨེ་ཝཾ་མ་ཡཱ་ཡི་གེ་བཞི་པོ་དེ་ནི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ལྷ་མོའི་རྣམ་པའི་གཟུགས་ཀྱིས་སྤྲུལ་པ་ལ་སོགས་པའི་གནས་ན་བཞུགས་སོ། །དེ་ཡང་ལྷའི་རྣམ་པའི་གཟུགས་ ཤེས་རབ་དང་ཐབས་གཉིས་སུ་མེད་པའི་རང་བཞིན་ཏེ། སྟེང་འོག་སྦྱོར་བས་ཞེས་དགོངས་པའོ། །འོག་གི་གནས་ན་ཡོད་པ་ཨེའི་རྣམ་པའི་གཟུགས་ཤེས་རབ་བོ། །སྟེང་གི་གནས་ན་ཡོད་པའི་ཝཾ་གྱི་རྣམ་པའི་གཟུགས་ཐབས་སོ། །དགོངས་པ་གང་གིས་སྟེང་དང་འོག་གི་སྦྱོར་བ་དེ་ བཤད་དེ། རྟེན་དང་བརྟེན་པའི་རང་བཞིན་གྱི་ཕྱིར་ཞེས་དགོས་པའོ། །གང་གི་ཚེ་ཨེའི་རྣམ་པའི་གཟུགས་ཤེས་རབ་རྟེན་ཡོད་པ་དེའི་ཚེ་ཐབས་ལ་ངལ་སོའི་གནས་ཡོད་དོ། །ཐབས་ངལ་སོ་བས་ཐབས་བསྐྱེད་པ་དང་གནས་པར་འགྱུར་རོ། །བསྐྱེད་པ་ལ་ནི་རྫོགས་པ་ཡང་དག་པར་ ཤེས་སོ། །དེ་ལྟ་མ་ཡིན་ན་གཞན་གང་ནས་འོང་། གང་གི་ཕྱིར་ཞེ་ན། རྫོགས་པའི་རང་བཞིན་ནམ་མཁའ་བཞིན་དུ་ཆོས་ཀྱི་སྐུའི་རང་གི་ངོ་བོའོ། །དེ་ནི་སྐྱེད་པའི་རྟེན་མེད་པས་མི་ཤེས་སོ། །ཇི་ལྟར་མུན་ནག་ནང་དུ་མར་མེ་མེད་པར་མུ་ཏིག་ལ་སོགས་པ་མི་རྙེད་ཅེས་འབྲེལ་པའོ། །ད་ནི་ མའི་སྒྲའི་དོན་བཤད་དེ། མ་ཡཱ་ཞེས་བྱ་བ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །མའི་རྣམ་པའི་བདེ་བ་ཆེན་པོའི་གྲུབ་པ་འོད་ཀྱི་བདག་ཉིད་བྱང་ཆུབ་ཀྱི་སེམས་སོ། །ཡཱའི་རྣམ་པ་ནི་རང་བཞིན་གྱི་རླུང་གི་མཚན་ཉིད་དེས་མནན་པ་གཡོ་བ་མེད་པར་བྱས་པ་ཞེས་བྱ་བའི་དོན་ཏོ། །གཡོ་བ་ མེད་པས་ཐམས་ཅད་དགའ་བ་སྐད་ཅིག་རོས་ཡོངས་སུ་རྒྱས་པ་དེའི་ཕྱིར་ལོངས་སྤྱོད་རྫོགས་པའི་སྐུའོ། །ཡང་ན་དངོས་པོ་ཐམས་ཅད་ཀྱི་རོ་གཅིག་པའི་རང་བཞིན་གྱི་ཕྱིར་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱ་བའི་དོན་ཏོ། །ཡང་ན་མའི་རྣམ་པ་ནི་སྲོག །ཡཱའི་རྣམ་པ་ནི་ཉེ་བའི་སྲོག །དེ་དག་སྦྱོར་བས་ མཉམ་པའོ། །གང་ཞིག་མཉམ་པ་དེ་ནི་འགྲོ་བ་དང་འོང་བ་དང་བྲལ་བའོ། །གང་ཞིག་སྲོག་དེ་ནི་སུམ་ཅུ་རྩ་གཉིས་ཕྱི་ནང་ཆུ་ཚོད་སུམ་ཅུ་རྩ་གཉིས་དབྱུ་གུ་དྲུག་ཅུ་རྩ་བཞི་ཐུན་ཚོད་བརྒྱད་ཀྱི་ཕྱེད་ཀྱི་བར་དུ་བརྒྱད་བརྒྱས་ལྷག་པའི་སྟོང་ཕྲག་བཅུ་སྣང་བ་མཆེད་པའི་གཟུགས་ཀྱིས་བདེ་བ་ ཆེན་པོའི་ལོངས་སྤྱོད་མྱོང་བའི་དོན་དུ་སྙིང་ག་ནས་འོངས་ནས་ཁྱད་པར་འབྱུང་ངོ་། །ཕྱེད་ཀྱི་སྣང་བ་ཐོབ་པའི་གཟུགས་ཀྱིས་ལྟེ་བའི་དབུས་ནས་འོངས་ནས་གྱེན་དུ་འབྱུང་ངོ་། །དེ་དག་འབྱུང་བས་གང་ཞིག་སྐད་ཅིག་གིས་བདེ་བ་ཆེན་པོ་ཆུ་སྐྱེས་ཀྱི་སྙིང་པོར་འོད་རབ་ཆེན་པོའི་སྣང་བ་དེ་ནི་མ་ཡཱ་ཞེས་ བྱ་བའི་དོན་ཏོ། །ད་ནི་ཐོས་པའི་སྒྲའི་དོན་བཤད་དེ། ཐོས་པ་ཞེས་བྱ་བ་ནི་རྫོགས་པའོ། །ཅི་ཞིག་སྤྲུལ་པའི་སྐུའོ། །གང་ལས་རྫོགས་པ་དེ་ཉིད་དོན་བཤད་དེ། བདེ་བ་ཆེན་པོ་གྲུབ་པའི་འོད་ཀྱི་བདག་ཉིད་གང་གི་ཚེ་གྲུབ་པ་ཟླ་བའི་རྣམ་པས་ཡོངས་སུ་སྨིན་པ་དེའི་ཚེ་ཡོངས་སུ་སྨིན་པའི་དུས་སུ་རླུང་དང་མེའི་ཁོང་ དུ་ཆུད་པས་མཚན་དང་དཔེ་བྱད་ལྡན་པའི་སྐུ་ཆུ་ལས་ཉ་བཞིན་བཞེངས་པར་རྫོགས་པ་ཞེས་བྱ་བའི་དོན་ཏོ། །ཡང་ན་ཐོས་པ་དེ་ནི་གཞན་མིན་རྫོགས་པའོ། །ཅི་ཞིག་དེ་རང་དོན་བཤད་དེ། དངོས་པོ་ཐམས་ཅད་ལ་སྣང་བ་ཐོབ་པའོ། །སྣང་བ་ཞེས་བྱ་བ་ནི་ཐ་མར་གྲོལ་བའི་ལྟ་བའོ། ། ཐོབ་པ་ནི་དེ་རང་ལེན་པ། ཡང་ན་གཟུང་བ་ཞེས་བྱ་བའི་དོན་ཏོ། །ད་ནི་འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བའི་ཚིགས་བཅད་ལ་སྦྱོར་བ་དྲུག་གི་དོན་གྱིས་ཇི་ལྟར་རང་བཞིན་བཤད་དེ། ཨེའི་རྣམ་པ་དངོས་པོའི་རྣམ་པར་ཤེས་པ་དངོས་པོ་ཐམས་ཅད་ཀྱི་རྟེན་གྱི་ཕྱིར་རོ། །ཡང་ན་ ལམ་མོ། །ཝཾ་གྱི་རྣམ་པ་རྟེན་གྱི་རྣམ་པར་ཤེས་པའོ། །ཐོབ་པ་དང་མ་ཐོབ་པ་རྣམས་ལ་ངལ་སོ་བའི་སའོ། །ཡང་ན་རྒྱུར་གྱུར་པའོ། །རྒྱུ་འདིར་རྙེད་པ་ལ་འབྱུང་བ་མ་ཡིན་པ་ཞེས་བྱ་བའི་དོན་ཏོ། །མའི་རྣམ་པ་ནི་ཡེ་ཤེས་ཀྱི་རྣམ་པར་ཤེས་པའོ། །ཐོབ་པའི་བདེ་བ་ལ་སོགས་པ་ སྐྱབས་སྦྱིན་ནོ། །ཡང་ན་འདུས་པར་བྱེད་དོ། །ཡའི་རྣམ་པ་ནི་རྣམ་པར་འབྱེད་པའི་རྣམ་པར་ཤེས་པའོ། །སྦས་པ་ལ་བྱེ་བྲག་བྱེད་དོ། །ཡང་ན་འགྲོ་བར་འདོད་པ་ནི་མི་སྟེར་བའོ། །ཤྲོའི་རྣམ་པ་ནི་མཐའི་རྣམ་པར་ཤེས་པའོ། །གྲངས་མེད་པའི་འཇིག་རྟེན་ལ་ཡོད་པའི་སྲོག་གི་གྲགས་པའོ། །ཡང་ན་ ཁྱབ་པར་བྱེད་པའོ། །དེའི་རྣམ་པ་ནི་སྣང་བའི་རྣམ་པར་ཤེས་པའོ། །མི་གསལ་བའི་བདེ་བའི་ཡེ་ཤེས་ཀུན་ལ་གསལ་བར་བྱེད་དོ། །ཡང་ན་སྤོང་བར་བྱེད་པ་ཞེས་བྱ་བའི་དོན་ཏོ། །ད་ནི་དུས་གཅིག་ན་ཞེས་པའི་དོན་བཤད་དེ། དུས་ཀྱི་སྒྲ་ནི་གནས་སྐབས་སོ། །ཡང་ན་ཡོངས་སུ་སྨིན་པའི་དུས་སོ། །དེ་ཡང་འདིར་ གཉིས་སུ་དབྱེ་ན་ནི་ཤིན་ཏུ་དུས་དང་། ངན་དུས་སོ། །ཤིན་ཏུ་དུས་ནི་སྣའི་འཕར་བ་གཉིས་ཀྱི་འོང་བ། ངན་དུས་ནི་དེ་བཞིན་དུ་འགྲོ་བ་ཤིན་ཏུ་དུས་ཀྱིས་ཇི་ལྟར་འདོད་པའི་འབྲས་བུ་རྙེད་དོ། །ངན་པའི་དུས་ཀྱིས་མི་རྙེད་དོ། །ཡང་ན་དུས་ནི་དགའ་བ་གཉིས་མཉམ་པར་འབྱུང་ངོ་། །ཡང་ན་གཉིས་ཀྱི་རིན་ པོ་ཆེ་ཁ་སྤྲད་པའོ། །ཡང་ན་བླ་མའི་མན་ངག་གིས་རིན་པོ་ཆེའི་སྐེའི་ནང་གི་ལྟེ་བའི་རྩ་བར་བཟུང་བའོ། །དེ་ཉིད་གཟུང་བ་ཙམ་གྱིས་ནི་གང་ཞིག་ཟླ་བ་ཉི་མའི་སྟན་འཛུམས་པ་དེ་ནི་གཅིག་ཅེས་བྱ་བའི་དོན་ཏོ། །ཡང་ན་གང་ཞིག་འགྲོ་བ་དང་འོང་བ་དང་བྲལ་བ་དེ་ནི་གཅིག་གོ། །ཡང་ན་གང་ཞིག་གྲགས་ པ་དང་བྲལ་བ་དེ་ནི་གཅིག་གོ། །ཡང་ན་གང་ཞིག་ཆགས་པ་དང་བྲལ་བ་དེ་དག་གཅིག་ཏུ་གྱུར་པ་མར་གྱི་ནང་དུ་མར་བཞིན་དུ་དེ་ནི་དུས་གཅིག་བརྗོད་ཅེས་བྱ་བའི་དོན་ཏོ། །དེའི་སྐད་ཅིག་ལ་ཕྱིས་བཤད་པའི་ཤེས་རབ་ཀྱི་བྷ་ག་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ ཐུགས་རྡོ་རྗེར་བཞུགས་སོ། །ཆགས་པ་ལ་སོགས་པའི་ཉོན་མོངས་པའི་དྲ་བ་བཅོམ་པའི་ཕྱིར་བཅོམ་ལྡན་འདས། ཡང་ན་དབང་ཕྱུག་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་ཕྱིར་བཅོམ་ལྡན་འདས། ཡང་ན་སྲིད་པའི་མུན་ནག་བཅོམ་པའི་ཕྱིར་བཅོམ་ལྡན་འདས། ཡང་ན་སྲིད་པའི་རྒྱ་མཚོ་ གཏིང་རིང་བའི་ཟབ་པ་ཆགས་པ་ལ་སོགས་པའི་ཉོན་མོངས་པའི་ཆུ་སྲིན་གྱིས་ཁྱབ་པ་སྒྲོལ་བར་བྱེད་པའི་ཕྱིར་བཅོམ་ལྡན་འདས། ཡང་ན་སྟོང་པ་ཉིད་ཀྱི་བྷ་ག་ལ་བཞུགས་པའི་ཕྱིར་བཅོམ་ལྡན་འདས་སོ། །བཞུགས་བཞིན་དུ་གང་གི་ཕྱིར་འགྲོ་བ་དང་མི་འགྲོ་བ་དབྱེར་མེད་པས་གཟིགས་པ་དེའི་ ཕྱིར་ཐམས་ཅད་དོ། །ཇི་ལྟར་སུས་ཀྱང་མ་གཤེགས་པ་དེ་ལྟར་གཤེགས་པས་དེ་བཞིན་གཤེགས་པ་ཞེས་བྱ་བའོ། །ཡང་ན་དེ་བཞིན་གཤེགས་པའི་སྒྲས་རྣམ་པར་སྣང་མཛད་ལ་སོགས་པ་དེ་རྣམས་ཀྱི་གང་ཞིག་སྐུ་གསུང་ཐུགས་དེ་ནི་རྡོ་རྗེའོ། །རྡོ་རྗེ་ནི་རང་བཞིན་བདེ་བའི་མཚན་ཉིད་དོ། །བདེ་བའི་ མཚན་ཉིད་ཀྱི་ཕྱིར་མི་ཤིགས་པའོ། །ཡང་ན་ཐམས་ཅད་ཀྱི་སྒྲས་འབྱུང་བ་ཆེན་པོ་ལས་སྐྱེས་པ་ཕུང་པོ་ལ་སོགས་དེ་ནི་ཇི་ལྟར་སྔོན་འོངས་པ་དེ་བཞིན་དུ་འགྲོ་བ་དེ་ནི་དེ་བཞིན་གཤེགས་པ་ཞེས་བྱ་བའི་དོན་ཏོ། །དེ་རྣམས་ལ་གང་ཞིག་སྐུ་དེ་ནི་སྐུའི་མཚན་ཉིད་ཀྱིས་འདས་སོ། །ཉོན་མོངས་པའི་ སྒྲིབ་པས་སྐྱོན་མི་བགྱིད་པའི་ཕྱིར་ལུས་པོ་ལ་རྒས་པ་ལ་སོགས་པ་ཡོད་པའོ། །དེ་མེད་པས་ལུས་པོ་ཡོད་པ་ནི་ཡང་མེད་དེ། ཇི་ལྟར་ཆུའི་ཟླ་བ་བཞིན་དུ་ཆུ་ཟླའི་མཚན་ཉིད་ཀྱི་ཕྱིར་དེ་ཉིད་རྡོ་རྗེའོ། །དེ་ཡང་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནོ། །ཆོས་རྣམས་ཀྱི་དབྱིངས་ཆོས་ཀྱི་དབྱིངས་བྱ་བ་ཆོས་ཀྱི་ སྒྲ་ནི་སྐུ་གསུང་ཐུགས། དབྱིངས་ཀྱི་སྒྲ་ནི་ས་བོན་སེམས་ལས་བྱུང་བ། ཡང་ན་ནམ་མཁའ། དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཕྱིན་མ། དེའི་བྷ་ག་ནི་སྟོང་པ་ཉིད་དོ། །དེ་ཡང་ཤིན་ཏུ་གཏིང་རིང་བ་ཟབ་པ་ཚད་མེད་བསམ་དུ་མེད་དོ། །ཡང་ན་མྱ་ངན་ལས་འདས་པའི་འཛིན་པའི་གཞི་བཅོམ་པའི་ ཕྱིར་བྷ་གའོ། །དེ་ལ་བཞུགས་པ་སུ་ཞིག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་འཛིན་པ་ཆེན་པོ་ཞེས་བྱའོ། །ད་ནི་འདི་སྐད་བདག་གིས་ཐོས་པ་ལ་སོགས་པ་ནས་བཞུགས་པ་ཡན་ཆད་གནས་དང་ཉེ་བའི་གནས་ལ་སོགས་པའི་དོན་གྱིས་ཇི་ལྟ་ བའི་རང་བཞིན་བཤད་དེ་གང་གི་ཕྱིར་ཞེ་ན། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོ་ལ་ཨེ་ཝཾ་གྱི་རྣམ་པ་གནས་པ་དེའི་ཕྱིར་གནས་དང་ཉེ་བའི་གནས་ལ་སོགས་པའི་དོན་གྱིས་ངེས་པར་སྨྲ་བར་བྱའོ། །ཟླ་བ་གྲགས་པའི་ཞལ་སྔ་ལ་སོགས་པ་ནས་སེམས་ཅན་གྱི་ཕྱོགས་ལ་སྙིང་རྗེ་མེད། ཡོད་ན་འདི་སྐད་བདག་གིས་ལ་སོགས་པ་ཅིའི་དོན་གྱི་ཕྱིར་ཡང་དག་པར་མ་བཤད། གང་ཞིག་བཤད་པ་དེ་ནི་རྒྱུད་རང་གི་རིམ་པ་བོར་ནས་གལ་ཏེ་འདུས་པ་ལ་གནས་ལ་སོགས་པའི་དོན་མ་བཤད་ཅེས་དགོངས་ནས་དེ་ལ་སྨྲའོ། །གང་འདུས་པ་མ་བཤད་ན་དེ་ནི་འདུས་པ་ཆེན་པོ་ལ་བཅོམ་ ལྡན་འདས་ཀྱིས་མ་བཤད་དམ་ཅི། གལ་ཏེ་རྒྱུད་མཐོང་བ་ཡིན་ན་དེ་ལྟ་ཡིན་ན་ཐོས་པ་ཆེ་བའི་མཚན་ཉིད་གང་། ཐོས་པ་ཆུང་བ་དེས་འགྲེལ་པ་ལ་སོགས་པ་མི་བྱ། མང་པོ་སྨྲ་བས་ཅི་བཅོམ་ལྡན་འདས་ཀྱིས་བཤད་པའི་གོ་རིམས་ཀྱིས་བདག་གི་དེར་དོན་བཤད་དེ། འདི་སྐད་ཅེས་བྱ་བའི་གནས་ དངོས་པོ་ཐམས་ཅད་ཀྱི་རྟེན་གྱི་ཕྱིར། ཡང་ན་འོངས་པ་རྣམས་ལ་གནས་བགྱིད་པའི་ཕྱིར་རོ། །བདག་གིས་ཞེས་བྱ་བ་ནི་ཉེ་བའི་གནས། གནས་པ་ལ་འཕེལ་བར་བྱེད་པའི་ཕྱིར་ཡང་ན་ཡོངས་སུ་སྨིན་པར་བྱེད་པས་སོ། །ཐོས་ཞེས་བྱ་བ་ནི་ཞིང་ཐམས་ཅད་སྐྱེ་བའི་རྒྱུའི་ཕྱིར་ཡང་ན་རྫོགས་པར་བྱེད་པས་སོ། ། དུས་གཅིག་ཅེས་པ་ནི་ཉེ་བའི་ཞིང་ཐམས་ཅད་ལ་ཐམས་ཅད་ཡན་ལག་གིས་ཐམས་ཅད་རྒྱས་པར་བྱེད་པའི་ཕྱིར། ཡང་ན་ཁྱབ་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་པ་ནི་འདུན་པ། རྟེན་དང་འཕེལ་བ་དང་འབྱུང་བ་དང་ཡན་ལག་རྒྱས་པ་ལ་གཟུང་བའི་ཕྱིར། ཡང་ན་ལྟ་བའི་ཕྱིར་རོ། །སྐུ་ནི་ཉེ་ བའི་འདུན་པ། བཟུང་བའི་དངོས་པོ་ལ་འདུ་བྱེད་བགྱིད་པའི་ཕྱིར་ཡང་ན་དག་པར་བྱེད་པའི་ཕྱིར་རོ། །གསུང་ནི་འདུས་པ། ཆོས་ཐམས་ཅད་ལ་སྦྱོར་བར་བྱེད་པའི་ཕྱིར་ཡང་ན་བྱེ་བྲག་གསལ་བར་བྱེད་པའི་ཕྱིར་རོ། །སེམས་ནི་ཉེ་བའི་འདུས་པ། དངོས་པོ་ཐམས་ཅད་ལ་ཉེ་བ་མ་ཡིན་པའི་ཕྱིར། ཇི་ལྟར་ པདྨའི་འདབ་མ་ནི་ནང་ན་ཆུ། ཡང་ན་ཐམས་ཅད་ཀྱི་ནང་ན་ཡོད་པའི་ཕྱིར། ཇི་ལྟར་ཤིང་ལ་སོགས་པའི་ནང་ན་མེའོ། །རྡོ་རྗེ་ཞེས་བྱ་བ་ནི་དུར་ཁྲོད། དངོས་པོ་ཐམས་ཅད་ལ་དངོས་པོ་མེད་པར་བྱེད་པའི་ཕྱིར། ཡང་ན་རླག་པར་བྱེད་པའི་ཕྱིར་རོ། །དཔའ་བོ་ཆེན་པོ་ཞེས་པ་ནི་ཉེ་བའི་དུར་ཁྲོད། བརླག་པ་འགྲུབ་ པ་ལ་སྔོན་གྱི་བག་ཆགས་ཀྱི་སྟོབས་ཀྱིས་གཞན་མའི་དངོས་པོས་མྱུ་གུ་འབྱུང་བར་བྱེད་པའི་ཕྱིར། ཡང་ན་རང་གི་མཚན་ཉིད་གསལ་བར་བྱེད་པའི་ཕྱིར་རོ། །དཔའ་མོའི་དབང་ཕྱུག་མ་ནི་རིང་བ་ཆོས་ཐམས་ཅད་ལ་ཡེ་ཤེས་ཀྱི་ལྟ་བས་ཁྱབ་པར་བྱེད་པའི་ཕྱིར། ཡང་ན་ཁོང་དུ་ཆུད་པར་བྱེད་པའི་ཕྱིར་རོ། ། ཡོངས་སུ་བསྐོར་བ་ཞེས་བྱ་བ་ནི་ཉེ་བའི་རིང་བ། ཡེ་ཤེས་ཀྱི་ལྟ་བས་ཁྱབ་པའི་དངོས་པོ་ལ་ཡང་དག་པར་དྲན་པར་བྱེད་པའི་ཕྱིར་རོ། །ཡང་ན་ཉམས་སུ་མྱོང་བའི་ཕྱིར་རོ། །ཤེས་རབ་ཅེས་བྱ་བ་ནི་སྦྱོར་བ། ཡེ་ཤེས་ཐམས་ཅད་ལས་གཞན་མ་ཡིན་པ་སྤྱོད་པའི་ཕྱིར། ཡང་ན་རྣམ་པར་དཔྱོད་ པའི་ཕྱིར་རོ། །བྷ་ག་ཞེས་བྱ་བ་ནི་ཉེ་བའི་སྦྱོར་བ། རྣམ་པར་དཔྱོད་པའི་ཡེ་ཤེས་ལ་ཡང་དག་པར་མཚན་ཉིད་མི་དམིགས་པར་བྱེད་པའི་ཕྱིར། ཡང་ན་བཏང་སྙོམས་བྱེད་པའི་ཕྱིར་རོ། །བཞུགས་སོ་ཞེས་བྱ་བ་ནི་ལམ། ཆོས་ཐམས་ཅད་ལ་འགོག་པ་གྲོལ་བའི་ཕྱིར། ཡང་ན་དག་པར་བྱེད་པའི་ཕྱིར་ རོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་ཉེ་བའི་ལམ། སྐད་ཅིག་གཅིག་གིས་བཅུ་བཞི་དབང་བྱེད་པའི་ཕྱིར། ཡང་ན་རྙེད་པའི་ཕྱིར་ཞེས་པའི་དོན་ཏོ། །ད་ནི་རྣལ་འབྱོར་མའི་རྒྱུད་ཀྱི་གོ་རིམས་ཀྱི་དོན་བཤད་དེ། རྣལ་འབྱོར་དང་རྣལ་འབྱོར་མ་གཉིས་སུ་མེད་པའི་ཕྱིར་རོ། །རྣལ་འབྱོར་ནི་ཐབས། རྣལ་ འབྱོར་མ་ནི་ཤེས་རབ། ཤེས་རབ་དང་ཐབས་གཉིས་སུ་མེད་པའི་སྦྱོར་བས་ཡེ་ཤེས་ཆེན་པོ་ཐོབ་བོ། །ཨེའི་རྣམ་པ་ཞེས་བྱ་བ་ནི་ཆར་ཡང་ཐམས་ཅད་བདེ་བ་བསྐྱེད་པའི་ཕྱིར། གླེང་གཞིའི་རང་བཞིན་ཡེ་ཤེས་ཀྱི་གཟུགས་སོ། །ཝཾ་གྱི་རྣམ་པ་ཞེས་བྱ་བ་ནི་ཐིག་ལེ་བདེ་བ་ལ་ཚིམ་པར་བྱེད་པའི་ ཕྱིར། འབྱུང་བའི་རང་བཞིན་ཡེ་ཤེས་ཀྱི་གཟུགས་སོ། །མའི་རྣམ་པ་ཞེས་བྱ་བ་ཚུལ། བདེ་བ་ལ་ཡངས་པར་བྱེད་པའི་ཕྱིར་གནས་ཀྱི་རང་བཞིན་གྱི་ཡེ་ཤེས་ཀྱི་ངོ་བོའོ། །ཡཱའི་རྣམ་པ་ཞེས་བྱ་བ་ནི་ཚུལ་ཙམ་བདེ་བ་ལ་ནང་གི་རེག་བྱ་བྱེད་པའི་ཕྱིར་སྟོང་པ་ཉིད་ཡེ་ཤེས་ཀྱི་མཚན་ཉིད་དོ། །དེ་ལྟར་རང་ བཞིན་ཡེ་ཤེས་གཞིའི་བྱེ་བྲག་ཏུ་འདི་སྐད་བདག་གི་དོན་དཔལ་དེ་ཁོ་ན་ཉིད་ཀྱི་སྒྲོན་མའི་རྒྱུད་ཀྱི་འདི་རུ་ཞེས་བསྟན་ཏོ། །ད་ནི་ཡེ་ཤེས་བཞི་ལ་རྩའི་དོན་གྱིས་རང་གི་ངོ་བོར་བཤད་དེ། འདས་པ་དང་མ་འོངས་པ་དང་། ད་ལྟར་ཡོད་པ་དགའ་བ་རྣམས་ལ་གནས་སྦྱིན་པའི་ཕྱིར། ཡང་ན་རྩ་ནི་ཐམས་ཅད་ ལ་རྩ་བའི་རྟེན་ལ་གནས། རྩ་བའི་རྟེན་གནས་ལས་བདེ་བ་ཐམས་ཅད་ལ་སོགས་པ་རྙེད་དོ། །ཨེའི་རྣམ་པ་ཞེས་བྱ་བ་ནི་ལུས་ཀྱི་མཚན་ཉིད་སྲོག་མ། ལུས་གསལ་བའི་གཟུགས་ཀྱི་ཕྱིར་ངག་ལ་སོགས་པ་བཞིའོ། །ཝཾ་གྱི་རྣམ་པ་ཞེས་བྱ་བ་ནི་ངག་གི་མཚན་ཉིད་རོ་མ། ངག་ནི་རོ་ཐམས་ཅད་ཀྱི་དབང་ བྱེད་པ་མི་གསལ་ན་ཡང་གསལ་བའི་སྣང་བ་བྱེད་དོ། །མའི་རྣམ་པ་ཞེས་བྱ་བ་ནི་སེམས་ཀྱི་རང་བཞིན་འཛིན་མ། བདེ་བ་ཐམས་ཅད་དང་རོ་ལས་འབྱུང་བའི་ངོ་བོ་འཛིན་པའི་ཕྱིར། ཡང་ན་ཚོར་བའི་ཕྱིར་རོ། །ཡཱའི་རྣམ་པ་ཞེས་བྱ་བ་ནི་སེམས་ལས་བྱུང་བའི་ངོ་བོ་ཉིད་རྟོག་མེད་མ་ གསལ་བ་རྟེན་ལ་སོགས་པ་ནི་ཁྱད་པར་བྱེ་བྲག་ངོ་བོ་ཞེས་པས། ཡང་ན་སྤྲོས་པ་དང་བྲལ་བར་བྱེད་པའི་ཕྱིར་ཞེས་པའི་དོན་ཏོ། །ད་ནི་རྩའི་མཚན་ཉིད་ཅན་ཡི་གེ་བཞི་ལ་གནས་བཤད་དེ། ཨེའི་རྣམ་པ་ཞེས་བྱ་བ་ནི་འདབ་མ་བརྒྱད་པའི་ནང་དུ་རྣམ་པ་སྣ་ཚོགས་ཀྱི་མཚན་ཉིད་ཅན་འདབ་མ་གསུམ་ པའི་འདབ་སྐྱེས་སོ། །ཝཾ་གྱི་རྣམ་པ་ཞེས་བྱ་བ་ནི་དེའི་ནང་ན་ཡོད་པ་རྣམ་པར་སྨིན་པའི་མཚན་ཉིད་ཅན་ལྟེ་བ། མའི་རྣམ་པ་ཞེས་བྱ་བ་ནི་ལྟེ་བའི་ནང་ན་ཡོད་པ་རྣམ་པར་འཇོམས་པའི་མཚན་ཉིད་ཅན་སྒུར་མོའི་རྣམ་པའི་བྱ་གདོང་མ་གཏུམ་མོའོ། །ཡཱའི་རྣམ་པ་ཞེས་བྱ་བ་ནི་རྣམ་པའི་མཚན་ཉིད་ ཅན་ཡོན་པོའི་གདུབ་བུའི་རྣམ་པ་ཨཉྫ་ཀའོ། །དེ་ལ་འདི་ལྟར་དགོངས་པའོ། །གནས་གསུམ་གྱི་དབུས་སུ་གང་ཞིག་ཡོན་པོའི་གདུབ་བུའི་རྣམ་པ་ཨཉྫ་ཀ་དེ་ནི་ཀུན་རྫོབ་དང་། དོན་དམ་པ་གཉིས་སུ་མེད་པའི་རང་བཞིན་བྱང་ཆུབ་ཀྱི་སེམས་ཞེས་བྱ་བའི་དོན་ཏོ། །ད་ནི་དགའ་བ་བཅུ་དྲུག་གི་བྱེ་བྲག་ཏུ་ཐོས་ པ་ལ་སོགས་པའི་དོན་གསལ་བར་བཤད་དེ། གང་གི་ཕྱིར་ཨེ་ཝཾ་ཞེས་བྱ་བ་ནི་བདེ་བའི་ཞིང་དེ་བདག་གིས་ཐོས་ཞེས་བྱ་བ་ནི་འབྲེལ་པ། དེའི་ཕྱིར་ཇི་ལྟར་ཐོས་པ་ལ་སོགས་པའི་དོན་དགའ་བ་ལ་སོགས་པའི་དོན་གྱིས་གསལ་བར་བྱེད་པ་དེ་ནི་རྒྱུ་འབྲས་མཐུན་པར་འགྱུར་རོ། །ཐོས་པ་ཞེས་བྱ་བ་ནི་ འདོད་པའི་མཚན་ཉིད་ཟླ་བའི་བདེ་བ། བདེ་བ་ལ་སྦྱོར་བར་བྱེད་པའི་ཕྱིར་རོ། །གཅིག་ཅེས་བྱ་བ་ནི་འདར་བའི་གྲགས་པ་མཆོག་སྦྱོར་བ་ཙམ་གྱིས་ནི་སྟེང་གནས་ན་ཡོད་པའི་བྱང་ཆུབ་ཀྱི་སེམས་འོག་ནས་འགྲོ་བའི་རབ་གཡོ་བའི་ཕྱིར་རོ། །དུས་ཞེས་བྱ་བ་ནི་འགྲོ་བའི་རང་གི་ངོ་བོ་ཕྱག་རྒྱ་ཆེན་པོ་རང་ གི་གནས་རེག་བྱ་ཉམས་སུ་མྱོང་བའི་དུས་ཤེས་ནས་ཕྱི་ནས་གྱེན་དུ་འགྲོ་བའི་ཕྱིར་རོ། །ཕྱག་རྒྱ་ཆེན་པོའི་སྒྲ་ནི་རྟོག་མེད་མ་བདག་གིས་དགོངས་པའོ། །ཐམས་ཅད་ཅེས་བྱ་བ་ནི་དགའ་བའི་མཚན་ཉིད་ཡེ་ཤེས་གསུམ་གཅིག་པུ་ཡིན་ན་ཡང་རླག་པ་ལོངས་སྤྱོད་དབང་བྱེད་པའི་ཕྱིར་རོ། །དེ་བཞིན་ གཤེགས་པ་ཞེས་བྱ་བ་ནི་རྒྱས་པའི་ངོ་བོ་ཉིད་རྣམ་པར་འབྱེད་པ་དབང་ལ་སོགས་པ་བྱེད་པས་སྐད་ཅིག་དང་། རོ་ལ་སོགས་པ་ཁེངས་པ་ལས་ཆད་པ་ལ་རྣམ་པར་འབྱེད་པ་བྱེད་པའི་ཕྱིར་རོ། །སྐུ་ཞེས་བྱ་བ་ནི་མདུང་གི་ངོ་བོ་ཉིད་དགའ་བ་ལས་ཀྱི་ཕྱག་རྒྱ་ལས་འབྱུང་། བདེ་བར་རང་གིས་ དཔྱོད་པའི་སྟོབས་ཀྱིས་ཡོངས་སུ་བོར་བས་མཚན་ཉིད་མེད་པར་བྱེད་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །གསུང་ཞེས་བྱ་བ་ནི་འབྱུང་བའི་གྲགས་པ་མཆོག་གི་དགའ་བ་དམ་ཚིག་ཕྱག་རྒྱ་ལས་འབྱུང་བའི་བདེ་བ་མྱོང་ནས་བཅོས་མ་ཞེས་ཡོངས་སུ་བསྒོམས་ཏེ། དཔེ་མེད་གསར་དུ་འབྱུང་བའི་བདེ་བ་ བྱེད་པས་སོ། །སེམས་ཞེས་བྱ་བ་ནི་མཆོག་གི་དགའ་བའི་ངོ་བོ་ཉིད་ཆད་པའི་ངོ་བོ་དེ་རུ་སྨྲ་བ་མང་པོ་ཡོད། མན་ངག་གི་ཕྱིར་སྨྲ་བ་ལུགས་མ་ཡིན་ན་ཡང་དེ་ལྟ་མོད་ཀྱི་སྐལ་ལྡན་སེམས་ཅན་གྱི་ངོར་མཛད་པས་བསྟན་བཅོས་ཀྱི་གཞི་ལ་བདག་གིས་བྲི་ཞེས་འབྲེལ་པའོ། །མཆོག་གི་དགའ་བ་འདི་ མེད་ན་དེ་ལ་ཇི་ལྟར་ཆད་པའི་དགའ་བ་ལས་རང་བཞིན་དགའ་བ་རྙེད་དེ། ཆད་པའི་དགའ་བ་ཞེས་བྱ་བ་ནི་དགའ་བའི་དངོས་པོ་ལས་རླག་པ་སྲོག་དང་བྲལ་བའི་དངོས་པོ་འཐོབ་བོ། །ཇི་ལྟར་སྣུམ་ཟད་པའི་མར་མེའི་སྡོང་བུ་དེ་ནི་འདོད་པའི་དངོས་པོ་རྙེད་པ་ཡུན་རིང་པོ་ཡོད་དམ་ཅི། ཆད་པའི་དགའ་ བ་ཡང་དེ་བཞིན་ནོ། །མེད་པས་ན་གཅིག་པུ་ཆད་པའི་མུན་ནག་གོ། །མུན་ནག་ལ་ཤིན་ཏུ་ཕྲ་མོའི་དངོས་པོ་སུས་རྙེད་པར་ནུས། དེ་བས་ན་མཆོག་གི་དགའ་བའི་མར་མེ་དགོས་སོ། །གང་གི་ཕྲ་མོའི་དངོས་པོ་རང་བཞིན་དགའ་བ་རྙེད་པ་ཞེས་བདག་གིས་དགོས་པའོ། །ཇི་ལྟར་རྙེད་པའི་མན་ ངག་གི་དོན་བདག་གིས་བཤད་དེ། དང་པོ་སྲུབ་དང་བསྲུབ་ཐབས་ཀྱི་གཏུམ་མོའི་སྦྱོར་བ་ལས་རྡོ་རྗེ་རྩ་བར་དགའ་བ་ཚོར་བར་བྱའོ། །རྩ་བ་ལས་རྐེ་རུ་མཆོག་གི་དགའ་བ་རྐེ་ལས་སྙིང་གར་ཆད་པའི་དགའ་བ་དེ་ནི་བསྐྱེད་པའི་རིམ་པའི་ཕྱོགས་སོ། །རྫོགས་པའི་ཕྱོགས་སུ་སྙིང་གའི་ གནས་སུ་བདེ་བ་ཆེན་པོ་སླེབ་པ་ཙམ་གྱིས་བླ་མའི་མན་ངག་ལས་དེ་རུ་གང་ཞིག་གཟུང་བ་དེ་ནི་མཆོག་ཏུ་དགའ་བའོ། །ཅུང་ཟད་ཙམ་གྱེན་དུ་འགྲོ་བར་བྱེད་པ་རང་བཞིན་དགའ་བའོ། །དེ་ལྟར་མིན་ན་རང་བཞིན་དགའ་བ་ཐོབ་པར་མི་འགྱུར་ཞེས་བདག་གིས་དགོངས་སོ། །རྡོ་རྗེ་ཞེས་ བྱ་བ་རྡོ་རྗེ་འབར་བའི་ངོ་བོ་ཉིད་ཀྱི་རང་བཞིན་སྤྲོས་པ་ཐམས་ཅད་ལྷན་ཅིག་སྐྱེས་པའི་ཕྱག་དང་མདོག་ལ་སོགས་པ་བྲལ་བའི་འོད་ཀྱི་ངོ་བོའི་ཕྱིར་རོ། །དཔའ་བོ་ཆེན་པོ་ཞེས་བྱ་བ་ནི་དཔའ་བོ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཐིག་ལེའི་ངོ་བོ་ཉིད་དུ་ཞུ་བ་དང་ཆད་པ་དང་བྲལ་ བའི་ཕྱིར་ཐིག་ལེའི་སྒྲས་བཤད་པའོ། །དཔའ་བོ་ཆེན་པོའི་དབང་ཕྱུག་མ་ནི་མྱོས་པའི་རང་བཞིན་གཙོ། །བདེ་བ་ཐམས་ཅད་ལ་སོགས་པ་ཁོང་དུ་ཆུད་པའི་ཕྱིར་རོ། །ཡོངས་སུ་བསྐོར་བ་ཞེས་པ་ནི་ཆད་པའི་དགའ་བའི་མཚན་ཉིད་ཀྱི་ཡན་ལག་ཐམས་ཅད་ཆད་པ་དང་བྲལ་བའི་ཕྱིར་རོ། །དེ་ ལ་འདི་ནི་དགོངས་པའོ། །ཆད་པའི་མཚན་མའི་མཚན་ཉིད་དགའ་བ་ནི་ཉིན་མོའི་མཚན་ཉིད་མཚན་མོ་འདས་པས་ཉིན་མོར་འགྱུར་རོ། །ཉིན་མོའི་ཡན་ལག་ཐམས་ཅད་འོད་དང་ལྡན་པ་མཆོག་གི་དགའ་བ་མཐོང་བ་མཛེས་པ་ཞེས་བྱ་བའི་དོན་ཏོ། །ས་ཞེས་བྱ་བ་ནི་ཤེས་རབ་ཨོཾ་དྷའི་རང་བཞིན་སངས་རྒྱས་རིན་པོ་ཆེའི་ སྣོད་རོ་ཐམས་ཅད་དང་། རེག་བྱ་ལ་སོགས་པ་ལ་གཞིའི་ཕྱིར་རོ། །ཡང་ན་ངལ་སོ་བ་ཞེས་བྱ་བར་དགོངས་པའོ། །བྷ་ག་ཞེས་བྱ་བ་ནི་ཚུལ་གྱི་ངོ་བོ་ཉ