Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 4
Văn bản gốc(Tây Tạng)
Trang 1 / 20 (50.000 ký tự/trang)
༄༅༅། །རྒྱ་གར་སྐད་དུ། ཀཽ་མུ་དི་པཉྩི་ཀཱ་ནཱ་མ། བོད་སྐད་དུ། ཀཽ་མུ་དི་ཞེས་བྱ་བའི་དཀའ་འགྲེལ། ཀྱེ་རྡོ་རྗེ་ལ་ཕྱག་འཚལ་ལོ། །གླང་པོ་རྟ་སོགས་ནད་བརྒྱད་ཕྱག་བརྒྱད་འཛིན་ཅིང་ ལྷག་མ་གཡོན་པའི་ཕྱག་བརྒྱད་ཀྱིས། །དབང་ཕྱུག་བརྒྱད་ཀྱི་ཕུན་ཚོགས་ནོར་འཛིན་དང་པོ་རིམ་པར་འཛིན་པའི་དབང་ཕྱུག་ནི། །སྤྲིན་མེད་ནམ་མཁའི་མཐིལ་དུ་བརྒྱད་པའི་ཟླ་ཕྱེད་ཟིལ་གནོན་ཐོད་པའི་ཕྲེང་བ་ ཅན། །ཕྱག་གི་ཡལ་ག་སྤྱི་བོ་མེ་ཏོག་བརྒྱན་མཛད་ཧེ་རུ་ཀ་དཔལ་ཁྱོད་ལ་སྐྱོངས། །བྱང་ཆུབ་སེམས་དཔའ་རྡོར་སྙིང་སོགས། །མཆོག་གི་སྤྱོད་ཡུལ་ཀྱེའི་རྡོ་རྗེ། །འདི་ནི་བླ་མའི་མཐུ་སྟོབས་ཀྱིས། །བདག་ གིས་ཀྱང་ནི་བཤད་པར་བྱ། །ངན་པར་བསྟན་པའི་དྲི་མས་གོས་པས་མིང་གི་ལྷག་མ་ནི། །གང་ཡོད་མུན་པས་བསྒྲིབས་པ་ཆུ་སྐྱེས་ཚལ་ནི་ཁྱད་མེད་པ། །སྒྲིབ་པ་ལས་དེ་ཀཽ་མུ་དི་མཚུངས་ཀཽ་མུ་དི་འདིས་ནི། ། ཀྱེའི་རྡོ་རྗེའི་ཚིག་གི་ལམ་ནི་བཏུ་བར་བྱ། །འདི་སྐད་ཅེས་བྱ་བའི་ཚིག་གི་ཕྲད་ནི་འདི་སྐད་བདག་གིས་ཞེས་བྱ་བ་ལ་སོགས་པ་ནས། དེ་སྐད་ཅེས་གསུངས་ནས་ཞེས་བྱ་བའི་མཐར་ཐུག་པའི་རྒྱུད་ལ་བསྙེགས་སོ། ། བདག་གིས་ཞེས་བྱ་བ་ནི་སྡུད་པར་བྱེད་པ་རྡོ་རྗེ་སྙིང་པོས་སོ། །ཐོས་པ་ཞེས་བྱ་བ་ནི་གོམས་པའོ། །གང་ལས་ཤེ་ན། བཅོམ་ལྡན་འདས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ལས་སོ། །བཞུགས་སོ་ཞེས་བྱ་བ་ནི་གནས་པ་ ལས་སོ། །ཐོས་པའི་འབྲེལ་པས་རྣམ་པར་དབྱེ་བ་ཡོངས་སུ་བསྒྱུར་བའི་ཕྱིར་ལྔ་པའི་དོན་ལ་དང་པོའོ། །ཡང་ན་སྟོན་པ་པོ་རྡོ་རྗེ་འཛིན་པས་ཐོས་པ་ནི་ཐོས་པའོ། །འདིར་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་གཅིག་ལ་ཡང་། ཐམས་ཅད་ཀྱི་རང་བཞིན་ གྱིས་དུ་མའི་གཟུགས་ཀྱི་ཕྱིར་འདི་ནི་བསྟན་པར་བྱ་བ་དང་། སྟོན་པ་པོ་དང་། བསྟན་པ་འགལ་བ་མེད་པའི་ཕྱིར། །དེ་ལྟར་ཡང་འདི་འགལ་བ་མེད་དོ། །དུ་མར་ཡང་བཅོམ་ལྡན་འདས་ཉིད་ཀྱིས་འདིར་རྟོགས་པར་བྱ་བར། །འཆད་པ་པོ་ང་ཆོས་ ཀྱང་ང་། །རང་གི་ཚོགས་ལྡན་ཉན་པ་ང་། །ཞེས་བྱ་བ་ལ་སོགས་པའོ། །ཡང་ན་འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་ནི། ཨེ་ཝཾ་མ་ཡཱའི་ཡི་གེ་འབྲུ་བཞིར་རབ་ཏུ་གྲུབ་པར་ཇི་ལྟར་གྱུར་པ་དེ་ལྟར། བཅོམ་ལྡན་འདས་བཞུགས་སོ་ཞེས་བྱ་ བར་འབྲེལ་ཏོ། །དོན་ནི་འདི་ལྟ་སྟེ། ཨེ་ཝཾ་མ་ཡཱའི་རང་གི་ངོ་བོ་དེ་ལ་བཅོམ་ལྡན་འདས་གནས་པའོ། །ཞེས་བྱའོ། །ཨེ་ཝཾ་མ་ཡཱའི་ཡིག་འབྲུ་རྣམས་ཀྱི་ངོ་བོ་གང་ཞེ་ན། གང་ཞིག་བཅོམ་ལྡན་འདས་ཀྱི་ངོ་བོ་ཞེས་བྱ་བ་དེའི་ངོ་བོ་འདི་བརྗོད་པར་ བྱ་སྟེ། ཨེ་ནི་ས་རུ་ཤེས་པར་བྱ། །ལས་ཀྱི་ཕྱག་རྒྱའང་སྤྱན་མ་ཉིད། །བྱམས་པ་ཆེན་པོ་ཐབས་ཆེན་མ། །སྣ་ཚོགས་གཟུགས་མ་སྣ་ཚོགས་བསྐྱེད། །ཆུ་སྐྱེས་འདབ་མ་དྲུག་ཅུ་བཞིར། །སྤྲུལ་པའི་འཁོར་ལོ་ཉིད་དུ་གནས། ཝཾ་ནི་ཆུ་རུ་ཤེས་པར་བྱ། །ཆོས་ཀྱི་ཕྱག་རྒྱ་མཱ་མ་ཀཱི། །སྙིང་ རྗེ་དང་ནི་སྨོན་ལམ་ཚུལ། །ལྷ་མོ་རྡོ་རྗེ་རིགས་རྗེས་འགྲོ། །སྙིང་གར་ཆུ་སྐྱེས་འདབ་བརྒྱད་དུ། །ཆོས་ཀྱི་འཁོར་ལོར་ཡང་དག་གནས། །མ་ནི་མེ་རུ་བརྗོད་པ་ཉིད། །ཕྱག་རྒྱ་ཆེན་པོ་གོས་དཀར་མོ། །དགའ་དང་སྟོབས་ཀྱི་སྦྱོར་བ་ཡིས། །ལྷ་མོ་པདྨའི་རིགས་འབྱུང་མ། །མགྲིན་པར་ཆུ་སྐྱེས་འདབ་བརྒྱད་ གཉིས། །ལོངས་སྤྱོད་རྫོགས་པའི་འཁོར་ལོར་གནས། །ཡ་ནི་རླུང་དུ་བཤད་པ་ཉིད། །ཉོན་མོངས་ཐམས་ཅད་རབ་འཇོམས་པ། །དམ་ཚིག་ཆེན་པོའི་ཕྱག་རྒྱ་དེ། །ལྷ་མོ་ལས་ཀྱི་རིགས་རྗེས་འགྲོ། །བཏང་སྙོམས་ཡེ་ཤེས་རྣལ་འབྱོར་གྱིས། །སྒྲོལ་མ་འཁོར་བ་སྒྲོལ་བ་མོ། །འདམ་སྐྱེས་འདབ་ མ་སུམ་ཅུ་གཉིས། །བདེ་ཆེན་འཁོར་ལོ་ཆེན་པོ་ལ། །ཞེས་ཕྱག་རྒྱ་བཞིས་རྒྱས་བཏབ་པའོ། །བཞུགས་སོ་ཞེས་བྱ་བ་ནི་གནས་པའོ། །འདི་ཉིད་དུ་གསུངས་པ། སྲ་བའི་ཆོས་ཀྱིས་ས་ཉིད་དེ། །འགྲོ་བས་རླུང་དུ་རབ་ཏུ་གྲགས། །གཤེར་བའི་ཕྱིར་ན་ཆུ་ཡི་ཁམས། །བསྐྱོད་པ་ལས་ནི་མི་སྐྱེ་ སྟེ། །ཞེས་བྱ་བ་ལ་སོགས་པའོ། །ཡང་ན་ཨེ་ཝཾ་འདི་དག་ནི་ཐབས་དང་ཤེས་རབ་དག་གོ། །ཡང་གསུངས་པ། ཨེས་ནི་ཤེས་རབ་བརྗོད་པ་སྟེ། །ཝཾ་ནི་ཐབས་སུ་གྱུར་པ་ཉིད། །བུད་མེད་ལ་ནི་ཨེས་མཛེས་པ། །དེ་ནི་ཝཾ་གྱིས་རྣམ་པར་བརྒྱན། །འོག་དང་སྟེང་དུ་སྙོམས་འཇུག་པས། །ཐབས་དང་ ཤེས་རབ་རབ་བསྐྱེད་པ། །ཨེ་ཉིད་དང་ནི་ཝཾ་ཉིད་དེ། །གཉིས་གཉིས་སུ་ནི་བརྗོད་པ་ཉིད། །བདག་གིས་ཐོས་པ་འདོད་ཆགས་ཆེ། །མཚོན་འགྱུར་འདི་ལ་ཡང་དག་གནས། །ཞེའོ། །ཡང་གང་གི་ཚེ་འདི་ཐོས་ཤིང་བཞུགས་ཤེ་ན། དུས་ངེས་པར་བྱ་བའི་ཕྱིར་གཅིག་ན་ཞེས་བྱ་བ་ལ་སོགས་པ་གསུངས་ ཏེ། དུས་གཅིག་ན་ཞེས་བྱ་བ་ནི་གཉིས་མ་ཡིན་པ་དང་། མང་པོ་རྣམས་མ་ཡིན་པའོ། །གཅིག་ཅེས་བྱ་བ་ནི་ལྷན་ཅིག་མ་ཡིན་པའོ། །དུས་ཞེས་བྱ་བ་ནི་དུས་ཚོད་དོ། །དེ་ཡང་རྣམ་པ་གསུམ་སྟེ། བདེ་བའི་དུས་ཉིད་དང་། སྡུག་བསྔལ་གྱི་དུས་ཉིད་དང་། བསམ་གྱིས་མི་ཁྱབ་པའི་ཡང་དུས་ཉིད་དོ། ། འདོད་ཆགས་དང་འདོད་ཆགས་དང་བྲལ་བ་ནི་བདེ་བའི་དུས་དང་སྡུག་བསྔལ་གྱི་དུས་སོ། །དེ་དག་གིས་སྤངས་པའི་དུས་ནི་བསམ་གྱིས་མི་ཁྱབ་པའི་དུས་དེ། དེར་དུས་གཅིག་ན་བསམ་པ་དང་བྲལ་བ་ནི། །དེ་ལྟར་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་བདག་གིས་ཐོས་ཀྱི། ཡང་ སོ་སོའི་སྐྱེ་བོ་ཉིད་ཀྱི་དུས་ཀྱི་དབྱེ་བ་དང་། བསམ་པ་དང་། ཐེ་ཚོམ་མང་བས་ནི་མ་ཡིན་ནོ། །ཡང་གསུངས་པ། དུས་ནི་བསམ་གྱིས་མི་ཁྱབ་དུས། །གཅིག་ནི་ལྷན་ཅིག་མེད་པ་ཡིན། །ཞེས་བྱ་བ་ལ་སོགས་པའོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་སྟོན་པ་དཔལ་རྡོ་རྗེ་འཛིན་པ་སྟེ་བྷ་གའི་སྦྱོར་བའི་ ཕྱིར། བཅོམ་ལྡན་འདས་ཞེས་བརྗོད་པར་འགྱུར་རོ། །བྷ་ག་ནི་རྣམ་པ་གཉིས་ཏེ། དབང་ཕྱུག་ལ་སོགས་པ་ཡོན་ཏན་དྲུག་གི་བྷ་ག་དང་། འདོད་ཆགས་ལ་སོགས་པ་དགྲའི་དཔུང་འཇོམས་པའི་བྷ་ག་སྟེ། འདི་གཉིས་འདི་ལ་མངའ་བའི་ཕྱིར་དེ་སྐད་ཅེས་བརྗོད་དོ། །དེ་བཞིན་གཤེགས་པ་ ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཞེས་བྱ་བ་ནི། དེ་རྣམས་ཉིད་ཀྱི་མཆོག་ཉིད་ཀྱི་ཕྱིར་སྙིང་པོ་རྣམས་ཏེ། སྙིང་པོ་ནི་མཆོག་ཅེས་བྱ་བའི་ཐ་ཚིག་གོ། །རྡོ་རྗེ་ནི་མི་ཕྱེད་པའི་ཕྱིར་རོ། །བཙུན་མོ་ནི་གདུལ་བྱའི་སྐྱེ་བོའི་ངོར་བྱས་པའི་ཕྱིར་རོ། །ཡང་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རྡོ་རྗེ་ལ་ སོགས་པ་དེ་རྣམས་ཀྱི་སྙིང་པོའི་མཆོག་སྟེ། རྒྱུར་གྱུར་པ་རྒྱལ་བ་དྲུག་པ་རྡོ་རྗེ་འཛིན་པའོ། །རྡོ་རྗེ་འཛིན་ནི་སྐུ་རྡོ་རྗེ་ལ་སོགས་པ་སྟེ། དེ་རྣམས་ཀྱི་ནི་རྡོ་རྗེ་འཛིན་པ་དྲུག་པོ་རྣམས་ཀྱི་སྟེ་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ལྔ་པོ་རྣམས་ཀྱི་བཙུན་མོ་རྣམས་སོ། །དེ་བཞིན་གཤེགས་ པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ། རྡོ་རྗེའི་བཙུན་མོ་རྣམས་ནི་སྤྱན་ལ་སོགས་པ་བཞི་པོ་རྣམས་དང་། ཕྱག་རྒྱ་ལྔ་པ་བདག་མེད་མ་སྟེ། དེ་རྣམས་ཀྱི་བྷ་ག་ནི་ཁྱིམ་རྣམས་སོ། །ཡང་གསུངས་པ། གང་ལ་གཙོ་བོ་སྤྱོད་གྱུར་པའི། །ཁྱིམ་ནི་བྷ་ག་ཞེས་སུ་གསུངས། །ཇི་སྲིད་ལུས་ ནི་རྣམ་གནས་པ། དེ་ཡིས་ལས་དང་ལས་མིན་འགྱུར། །ཞེས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་རྡོ་རྗེའི་བཙུན་མོའི་བྷ་ག་དེ་རྣམས་ལ་བཞུགས་པ་ནི་རྣམ་པར་སྤྱད་པའོ། །དེ་ལྟར་གནས་སུ་བཞུགས་པ་ན། །རྡོ་རྗེ་སྙིང་པོ་སྟན་ལས་ལངས་ཏེ། བླ་གོས་ཕྲག་ པ་གཅིག་དུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ཐལ་མོ་སྦྱར་བ་བྱས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཡེ་ཤེས་ཀྱི་དབང་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་རྗེ་བཙུན་གསང་བའི་ཡང་ཤིན་ཏུ་ཆེས་གསང་ བའི་གླེང་གཞིའི་ཚིག་གསུངས་པ་ཉན་པར་འཚལ་ན་སྐུ་ནི་གང་གསུང་ནི་གང་ཐུགས་ནི་ཅི་ལགས། དེ་ཉིད་གསང་བ་གསུམ་པོ་འདི་རྣམས་ཀྱི་ཡང་སྙིང་པོ་ཤིན་ཏུ་ཆེས་གསང་བ་དེ་གང་ལགས། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་བཤད་པར་རིགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། ཨེ་མའོ་རྡོ་རྗེ་སྙིང་པོ་ཞེས་བྱ་བ་ལ་སོགས་པ་ལ། ཨེ་མའོ་ཞེས་བྱ་བའི་ཚིག་གི་ཕྲད་ནི་ངོ་མཚར་བ་ལ་བྱའོ། །རྡོ་རྗེ་སྙིང་པོ་རྣལ་འབྱོར་གྱི་དབང་ཕྱུག་བྱེ་བ་ཕྲག་བརྒྱད་ཅུའི་འཁོར་རྣམས་ཀྱི་དེ་ཁོ་ན་འདི་སྤྱོད་ཡུལ་མ་ཡིན་པ་ཞུ་བ་ལེགས་སོ་ལེགས་སོ། །ཞེས་བྱ་བ་འདི་ནི་མཛེས་པའོ། །འདོད་ པ་དེ་བཤད་པར་བྱ་ཡིས་ཉོན་ཅིག །རྡོ་རྗེ་སེམས་དཔའ་ནི་སྐུ་སྟེ། ཧེ་རུ་ཀ་ཕྱག་གཉིས་པའོ། །སེམས་དཔའ་ཆེན་པོ་ནི་གསུང་སྟེ་ཕྱག་བཞི་པའོ། །དམ་ཚིག་སེམས་དཔའ་ནི་ཐུགས་ཏེ་ཕྱག་དྲུག་པའོ། །རྡོ་རྗེ་སེམས་དཔའ་དང་། སེམས་དཔའ་ཆེན་པོ་དང་། དམ་ཚིག་སེམས་དཔའ་དང་། དེའི་ སྙིང་པོ་ཀྱེའི་རྡོ་རྗེ་ཞེས་བྱ་བ་འབྲས་བུ་རྡོ་རྗེ་འཛིན་ཉོན་ཅིག །སྐུ་དང་གསུང་དང་ཐུགས་ནི་རབ་ཏུ་གྲུབ་བོ། །དེ་རྣམས་ཀྱིས་མཚན་གཞན་གྱི་ཡོན་ཏན་གྱི་ཁྱད་པར་ཤེས་པར་འདོད་པས་ཞུས་པ། གང་ཕྱིར་རྡོ་རྗེ་སེམས་དཔའ་ལགས། །ཞེས་བྱ་བ་ལ་སོགས་པའོ། །དེ་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྡོ་རྗེ་མི་ཕྱེད་ཅེས་བྱ་བ་ལ་སོགས་པ་ནི། །རང་བཞིན་དང་བྲལ་བའི་ཕྱིར་གཟུགས་བརྙན་ལ་སོགས་པ་ལྟ་བུར་མི་ཕྱེད་པ་ནི་རྡོ་རྗེའོ། །གཉིས་སུ་མེད་པའི་ངོ་བོས་དངོས་པོ་ཐམས་ཅད་སྙོམས་པའི་ཕྱིར། སེམས་དཔའ་ནི་གཅིག་པ་ཉིད་དོ། །ཞེས་ཚིག་རྐང་གཉིས་ཀྱིས་སྐུ་རྡོ་རྗེ་ནི་རྡོ་རྗེ་སེམས་དཔའ་ཞེས་ གསུངས་སོ། །ཡེ་ཤེས་རྣམས་ཀྱང་ཡིན་ལ། ཆེན་པོ་རྣམས་ཀྱང་ཡིན་པ་དེ་རྣམས་ནི་ཡེ་ཤེས་ཆེན་པོ་རྣམས་ཏེ། མེ་ལོང་ལྟ་བུ་ལ་སོགས་པ་རྣམས་སོ། །དེའི་རང་བཞིན་གྱི་ཕྱིར་ཡེ་ཤེས་ཆེན་པོའི་སྒྲས་ནི་སངས་རྒྱས་ལྔ་རུ་གསུངས་སོ། །རོ་ནི་ཁ་བ་དང་། སྐྱུར་བ་དང་། ཚ་བ་དང་། བསྐ་བ་དང་། ལན་ཚྭ་དང་། མངར་བ་རྣམས་སོ། །ཡེ་ཤེས་ཆེན་པོ་རྣམས་ཀྱང་ཡིན་ལ། རོ་རྣམས་ཀྱང་ཡིན་པ་དེ་རྣམས་ནི་ཡེ་ཤེས་ཆེན་པོའི་རོ་རྣམས་སོ། །དེའི་གནས་ཀྱི་ཕྱིར་དེ་རྣམས་ཀྱིས་གང་བ་ནི་གསུང་གི་རྡོ་རྗེ་སྟེ། སེམས་དཔའ་ཆེན་པོ་ཞེས་གསུངས་སོ། །རོའི་རང་བཞིན་དེ་ཉིད་དང་། སངས་རྒྱས་ རྣམས་ཀྱི་ཚིགས་བཅད་འདི་ལ་དཔྱད་པར་བྱ་སྟེ། ཁ་བ་ཚ་བ་རྡོ་རྗེར་དབུལ། །མངར་བ་རྡོ་རྗེ་རྟག་པ་ལ། །སྐྱུར་བ་རྡོ་རྗེ་ཉི་མ་ལ། །དེ་བཞིན་ལན་ཚྭ་འཇིག་རྟེན་རྗེར། །རྟ་ཡི་རྒྱལ་པོ་ཐམས་ཅད་དམ། །བསྐ་བ་རབ་ཏུ་བརྟག་པར་བྱ། །ཞེས་སོ། །དམ་ཚིག་ནི་བསྐྱང་བར་བྱ་བ་ཉིད་དེ། དེ་ཡང་རྣམ་པ་གཉིས་ཏེ། བསྲུང་བར་བྱ་བ་དང་། བཟའ་བར་བྱ་བའོ། །དེ་ལ་བསྲུང་བར་བྱ་བ་ནི་བཞི་ཉིད་དེ། འདི་ལྟ་སྟེ། རང་རང་གི་ཡུལ་ལ་རྣམ་པར་ཤེས་པ་ལྔའི་ལུས་བསྲུང་བ་ཞེས་བྱ་བའི་དམ་ཚིག་རྣམས་དང་། ཕུང་པོ་ལྔ་དུལ་བ་ཞེས་བྱ་བའི་དམ་ཚིག་རྣམས་དང་། ཁམས་བཞི་འདུས་པ་ཞེས་ བྱ་བའི་དམ་ཚིག་རྣམས་དང་། རང་དང་གཞན་གྱི་དོན་གྱི་རྒྱུར་གྱུར་པ་ཞེས་བྱ་བའི་བྱང་ཆུབ་ཀྱི་སེམས་འདྲིས་པར་བྱེད་པ་དང་གོམས་པ་ཞེས་བྱ་བའི་དམ་ཚིག་སྟེ། འདི་ནི་བསྲུང་བར་བྱ་བའི་དམ་ཚིག་གོ། །འདྲིས་པར་བྱ་བའི་དམ་ཚིག་ཀྱང་བཅུད་ཀྱིས་ལེན་པ་ལྔ་པོ་རྣམས་ཏེ། དེ་རྣམས་ཐམས་ཅད་ ལ་སྤྱད་པ་ནི། དམ་ཚིག་ལ་སྤྱད་པ་སྟེ། དེའི་དངོས་པོ་ནི་དམ་ཚིག་ལ་སྤྱད་པ་ཉིད་དེ། དེའི་ཕྱིར་དམ་ཚིག་ལ་སྤྱད་པ་ཉིད་ཀྱི་རྒྱུའི་ཕྱིར་ཐུགས་ཀྱི་རྡོ་རྗེ་ནི་དམ་ཚིག་སེམས་དཔའ་ཞེས་བཤད་དོ། །རྡོ་རྗེ་སེམས་དཔའི་སྐུ་ལ་སོགས་པ་ལྟ་བུར་རབ་ཏུ་གྲུབ་པ་དེའི་ཕྱིར། ཇི་ལྟར་འདིར་ཀྱེའི་རྡོ་རྗེ་ཞེས་བྱ་བའི་ མཚན་གྱི་རྒྱུ་རྟོགས་པར་བྱ་བའི་ཕྱིར། ཧེ་ཡི་རྣམ་པས་ཅི་ཞིག་བཤད། །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་སླའོ། །དེ་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཧེས་ནི་སྙིང་རྗེ་ཆེན་པོ་ཉིད། །ཅེས་བྱ་བ་ལ་སོགས་པ་ནི་སེམས་ཅན་ཐམས་ཅད་ལ་སྙོམས་པའི་ཕྱིར་རོ། །ཉི་ཚེ་བ་ལས་ཆེ་བའི་ཕྱིར་ སྙིང་རྗེ་ཆེན་པོ་ནི་སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོབ་པའོ། །འང་ཞེས་བྱ་བ་ནི་ཡང་གི་དོན་ཏོ། །ཧེས་ནི་རེ་ཞིག་སྙིང་རྗེ་གསུངས་ན། བཛྲ་ཡིས་ཀྱང་ཅི་གསུངས་ཤེ་ན། བཛྲ་ཤེས་རབ་བརྗོད་པར་བྱ། །ཞེས་གསུངས་ཏེ། ངེས་པ་རྙེད་པའི་ཕྱིར་ཐེ་ཚོམ་ཟློག་པ་ནི་ཤེས་རབ་སྟེ། རྡོ་རྗེས་བརྗོད་པར་ འགྱུར་རོ། །ཅི་འདི་དག་ཡང་སྙིང་རྗེ་དང་། ཤེས་རབ་དག་གིས་སྐུ་གསུམ་དམིགས་པར་འགྱུར་ཞིང་། དེ་དམིགས་པའི་ཕྱིར་ཇི་ལྟར་དེའི་སྙིང་པོར་འགྱུར་བའི་རིགས་དེའི་ཕྱིར་བདག་ཉིད་ཅན་གྱི་ཀྱེའི་རྡོ་རྗེ་ཡང་འགྲུབ་པར་མི་འགྱུར་རོ། །འདིའི་ཕྱིར་སྙིང་པོ་ཀྱེའི་རྡོ་རྗེ་ཞེས་བྱ་བ་ཡང་ཉོན་ཅིག །ཅེས་བྱ་ བ་ཡང་འཐད་པ་མ་ཡིན་ཏེ། སྐུ་གསུམ་ལས་སྟེང་དུ་སངས་རྒྱས་ཀྱང་ཡོད་པ་མ་ཡིན་ཞིང་། འོན་ཀྱང་སྐུ་གསུམ་འདུས་པ་ཉིད་སངས་རྒྱས་སུ་འདོད་དོ། །དེ་བཞིན་དུ་ཡང་དཔལ་གསང་བ་འདུས་པ་ལས། སྐུ་གསུང་ཐུགས་ནི་རྣམ་པ་གསུམ། །གསང་བ་ཞེས་ནི་མངོན་པར་བརྗོད། །སངས་རྒྱས་ཐམས་ ཅད་ཅེས་བྱ་བ། །ཚོགས་པ་འདུས་པར་གསུངས་པ་ཉིད། །ཅེའོ། །དེ་ལྟར་ནི་མ་ཡིན་ཏེ། སྐུ་གསུམ་བསྡུ་བའི་ཕྱིར། དེར་ཐབས་ཀྱི་ཡན་ལག་འདི་འབའ་ཞིག་གསུངས་ཀྱི། ཡང་ཤེས་རབ་ཀྱི་ཡན་ལག་ནི་མ་ཡིན་ནོ། །འདིར་ཡང་ཐབས་དང་ཤེས་རབ་ལྡན་ཞིང་དམིགས་པ་མེད་པའི་ཕྱིར་སྐུ་གསུམ་ ལས་འདས་པ་ཤེས་རབ་ཀྱི་ཡན་ལག་གི་སྙིང་པོ་གསུངས་སོ། །དེ་བས་ན་དེའི་ཡན་ལག་གཉིས་བསྟན་པ་ཀྱེའི་རྡོ་རྗེ་ཉོན་ཅིག་ཅེས་བྱ་བ་ནི་མཛེས་པའོ། །དེ་བཞིན་དུ་ཡང་བཤད་པའི་རྒྱུད་དུ་སྙིང་རྗེ་དང་ཤེས་རབ་དག་གི་དམིགས་པ་མེད་པ་ཉིད་ཡང་གསུངས་པ། སྤྲོས་པ་མེད་པའི་རང་བཞིན་ཉིད། །ཤེས་ རབ་ཅེས་ནི་ཡོངས་སུ་གྲགས། །ཡིད་བཞིན་ནོར་ལྟར་མ་ལུས་པའི། །སེམས་ཅན་དོན་མཛད་སྙིང་རྗེ་ཉིད། །དམིགས་མེད་གནས་སུ་ཤེས་རབ་དང་། །དམིགས་མེད་སྙིང་རྗེ་ཆེན་པོ་ནི། །བློ་དང་ལྷན་ཅིག་གཅིག་གྱུར་པ། །ནམ་མཁར་ནམ་མཁའ་ཇི་ལྟ་བ། །ཞེའོ། །དེ་ཉིད་ཐབས་ནི་རྒྱུ་དང་ཐུན་མོང་མ་ ཡིན་པར། ཐབས་དང་ཤེས་རབ་བདག་ཉིད་རྒྱུད། །དེ་ནི་ང་ཡིས་བཤད་ཀྱིས་ཉོན། །ཞེས་གསུངས་ཏེ། རྒྱུད་ཅེས་བྱ་བ་ནི་རྗོད་པར་བྱེད་པའོ། །དེ་ནི་ཞེས་བྱ་བ་ནི་ཀྱེའི་རྡོ་རྗེ་ཞེས་བྱ་བའི་སྙིང་པོ་ཞེས་བྱ་བ་སྟེ་བརྗོད་པར་བྱ་བའོ། །ང་ཡིས་བཤད་ཀྱིས་ཞེས་བྱ་བ་ནི་བྱེད་པའི་དྲུག་པ་སྟེ། །བདག་གིས་ བཤད་དོ་ཞེས་བྱ་བའི་དོན་ཏོ། །རྒྱུད་ནི་བརྗོད་པར་བྱ་བ་ལ་སྒྲའི་ཚོགས་ཞེས་བྱ་བ་འདིས་སྟོན་པར་བྱེད་པ་དང་། རྟོགས་པར་བྱེད་པའོ། །དེ་ཡང་རྗོད་པར་བྱེད་པ་དང་བརྗོད་པར་བྱ་བའི་དོན་ཏོ། །ཡང་འབྲེལ་པ་ནི་འདི་དག་གཉིས་ཀྱི་ཉམས་སུ་མྱོང་བ་ལྷན་ཅིག་འབྱུང་བའོ། །རྒྱུད་འདིར་སྐྱེ་བོ་གུས་པ་ནི་རེ་ཞིག་ དགོས་པའོ། །སངས་རྒྱས་ཉིད་དང་དངོས་གྲུབ་བརྒྱད་པོ་རྣམས་ནི་དགོས་པའི་ཡང་དགོས་པའོ། །དེ་ལ་ཧེ་རུ་ཀ་ནི་བསྐྱེད་པའི་རྒྱུ། དང་པོ་རེ་ཞིག་གཅིག་ཡིན་ནོ། །ཞེས་བྱ་བ་ལ་སོགས་པས། རེ་ཞིག་དམིགས་པ་དང་བཅས་པའི་ཐབས་གསུངས་ཏེ། ཧེ་རུ་ཀ་བསྐྱེད་པའི་ རྒྱུ་ནི་ཧེ་རུ་ཀ་འབྱུང་བ་ཕུན་སུམ་ཚོགས་པའི་རྒྱུ་ནི་རྩའི་འཁོར་ལོ་སྟེ། དེ་དེ་ལྟར་འགྱུར་རོ། །ཕྱིས་ནི་འབྲས་བུ་ཀྱེའི་རྡོ་རྗེ་ཞེས་བྱ་བ་འབྱུང་བར་འགྱུར་རོ། །གྲོལ་བར་འདོད་པའི་སྲིད་པ་ལ་ཞེ་སྡང་བ་རྣམས་ཀྱི་ཧེ་རུ་ཀ་བསྐྱེད་པའི་རྒྱུ་དང་། ཧེ་རུ་ཀས་ཀྱང་ཅི་ཞིག་བྱ། །ཞེས་དོགས་པ་ལ། དངོས་པོ་ཉིད་ཀྱིས་རྣམ་ གྲོལ་ཞིང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྱུང་བའི་ཕྱིར་དངོས་པོ་སྟེ། ཕུང་པོ་དེ་ཁམས་དང་སྐྱེ་མཆེད་ལ་སོགས་པའོ། །དེ་ཉིད་ཀྱི་ཕྱིར་དངོས་པོ་ཉིད་ཀྱིས་རྣམ་པར་གྲོལ་བར་འགྱུར་གྱི་ཡང་ཕུང་པོ་ལ་སོགས་པ་དངོས་པོ་མེད་པས་ནི་མ་ཡིན་ནོ། །གལ་ཏེ་དངོས་པོ་ཉིད་ཀྱིས་རྣམ་པར་གྲོལ་ བར་འགྱུར་ན། དེའི་ཚེ་སེམས་ཅན་རྣམས་ཀྱང་གང་གིས་གྲོལ། །གང་གིས་འཆིང་བར་འགྱུར་ཞེས་དོགས་པ་ལ། །དངོས་པོའི་འཆིང་བས་འཆིང་བར་འགྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དངོས་པོའི་འཆིང་བས་ནི་དངོས་པོར་མངོན་པར་ཞེན་པ་སྟེ། ཇི་ལྟར་གཟུང་བ་དང་འཛིན་ པའི་ཤེས་པ་དེས་འཆིང་བར་འགྱུར་རོ། །གལ་ཏེ་དངོས་པོའི་འཆིང་བས་འཆིང་བར་འགྱུར་ན། དེའི་ཚེ་བཅིངས་པ་ཉིད་ཀྱིས་གྲོལ་བར་མི་འགྱུར་རོ་ཞེས་དོགས་པ་ལ། དེ་ཡོངས་ཤེས་པས་གྲོལ་བར་འགྱུར། །ཞེས་གསུངས་ཏེ། དེ་ཡོངས་ཤེས་པ་ནི་དེའི་ཡོངས་སུ་ཤེས་པ་སྟེ། དངོས་པོ་ཡོངས་ སུ་ཤེས་པའི་ཕྱིར་དེ་ཡོངས་སུ་ཤེས་པ་ཞེས་གསུངས་སོ། །གལ་ཏེ་དེ་ལྟར་དེའི་ཕྱིར་ཇི་ལྟར་དེ་ཡོངས་སུ་ཤེས་པ་ཡིན་ཞེས་དོགས་པ་ལ། དངོས་པོ་བསྒོམ་གྱུར་ཤེས་རབ་ཅན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤེས་རབ་ཅན་ཞེས་བྱ་བ་ནི། རྡོ་རྗེ་སྙིང་པོའོ། །དངོས་པོ་བསྒོམ་པ་ནི་དངོས་པོ་ཡོངས་སུ་ ཤེས་པ་དོན་དུ་གཉེར་བས་ཡོངས་སུ་ཤེས་པའི་ཕྱིར། ཆོས་དང་དོན་ལ་བྱེ་བྲག་ཕྱེད་པའི་ཤེས་རབ་ཀྱིས་བསྒོམ་པར་བྱ་བའི་དངོས་པོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དེས་ཅིར་འགྱུར་ཞེ་ན། དངོས་པོ་མེད་པ་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བས་ན་དངོས་པོ་མེད་པ་ཡང་བསྒོམ་པར་འགྱུར་གྱི། དངོས་པོ་འབའ་ཞིག་ནི་མ་ཡིན་ནོ། །དེའི་ཕྱིར། དེ་ཉིད་དངོས་པོ་ཡོངས་སུ་ཤེས་པ་སྟེ། །འོན་ཀྱང་གཅིག་དང་དུ་མ་དང་བྲལ་བའི་ཕྱིར་རང་བཞིན་མེད་པས་དངོས་པོའི་དངོས་པོ་མེད་པར་རབ་ཏུ་ཤེས་སོ། །གལ་ཏེ་དེ་ལྟར་དངོས་པོའི་དངོས་པོ་མེད་པ་ཡོངས་སུ་ཤེས་ན། དེའི་ཚེ་དངོས་པོ་མེད་ པ་ཉིད་མཆོག་སྟེ་ཅུང་ཟད་བསྒོམ་པས་མཆོག་ན་དངོས་པོ་བསྒོམ་ཞེས་དོགས་པ་ལ། བཤད་པའི་རྒྱུད་དུ་གསུངས་པས་དྲིས་པའི་ལན་གདབ་པའི་ཕྱིར་གསུངས་པ། ལྟ་བ་རྣམས་ལས་ལོག་རྣམས་དང་། །བདག་ཏུ་ལྟ་བ་ཚོལ་རྣམས་ཀྱི། །བདག་ཞེན་བསམ་པ་བཟློག་དོན་དུ། །སྟོན་པ་རྒྱལ་བ་ རྣམས་ཀྱིས་གསུངས། །གལ་ཏེ་སྟོང་པ་ཐབས་ཡིན་ན། །དེ་ཚེ་སངས་རྒྱས་ཉིད་མི་འགྱུར། །འབྲས་བུ་ལས་རྒྱུ་གཞན་མིན་ཕྱིར། །ཐབས་ནི་སྟོང་པ་ཉིད་མ་ཡིན། །འདི་ནི་ང་སྟེ། སྟོན་པ་སུམ་ཅུ་རྩ་གཉིས་མཚན། །གཙོ་བོ་དཔེ་བྱད་བརྒྱད་ཅུར་ལྡན། །ཇི་ལྟར་མི་འདྲ་བའི་རྒྱུས་བསྒྲུབ་པར་ བྱ་བར་འགྱུར། དེ་ནས་རྡོ་རྗེ་སྙིང་པོས་གསོལ་བ། དེའི་ཚེ་བཅོམ་ལྡན་འདས་བེམས་པོའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ང་ནི་བེམས་པོ་མ་ཡིན་ནོ། །དེ་ཅི་ལགས། ང་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །རྡོ་རྗེ་སྙིང་པོས་གསོལ་བ། མེ་ལོང་ལྟ་བུའི་ཡེ་ཤེས་དེ་ཅི་ལགས། རྡོ་རྗེ་འཛིན་པས་བཀའ་སྩལ་པ། བདེན་པ་མ་ཡིན་པ་ དང་། བརྫུན་པ་མ་ཡིན་པ་དང་། དོར་བ་མ་ཡིན་པ་དང་། བླང་བ་མ་ཡིན་པའོ། །དེ་ལྟར་ང་ནི་མཉམ་པ་ཉིད་ལ་སོགས་པའོ། །དེའི་ཕྱིར་རྣམ་པ་མེད་པའི་བྱང་ཆུབ་ནི་མ་ཡིན་ནོ། །རྡོ་རྗེ་སྙིང་པོས་གསོལ་བ། དེའི་ཚེ་ཁྱོད་འདུས་བྱས་ཉིད་དོ། །ཞེས་བྱ་བ་ལ་སོགས་པའོ། །རྡོ་རྗེ་འཛིན་པས་བཀའ་ སྩལ་པ། དེ་ལྟར་ནི་མ་ཡིན་ནོ། །ཇི་ལྟར་མེ་ལོང་རྣམས་ལ་གཟུགས་བརྙན་དོན་མེད་པ་དང་། བདེན་པ་རྣམ་པར་སྤངས་པ་དེ་བཞིན་དུ་དཀྱིལ་འཁོར་གྱི་འཁོར་ལོ་འདུས་བྱས་པས་ཀྱང་ཟིལ་གྱིས་གནོན་པར་མི་འགྱུར་རོ། །དེ་ལྟར་ཧེ་རུ་ཀ་བསྒོམ་བྱ། ཞེས་བྱ་བ་ནི། དངོས་པོ་དང་དངོས་པོ་མེད་པའི་བདག་ཉིད་ ཅན་ཧེ་རུ་ཀ་བསྒོམ་པར་བྱ་ཞེས་པའི་དོན་ཏོ། །ཡང་གསུངས་པ། དངོས་ང་དངོས་པོ་མེད་པའང་ང་། །དང་པོར་གྲོལ་བའི་དེ་བཞིན་གཤེགས། །གཟུགས་མེད་གཟུགས་ཅན་རྣམས་ཀྱི་མཆོག །ཟབ་ཅིང་རྒྱ་ཆེའི་རང་བཞིན་ཅན། །ཞེའོ། །དེ་ཉིད་ལ་གསུངས་པའི་དབྱེ་བ་རྟོགས་པར་བྱ་བའི་ཕྱིར། ལུས་ལ་ ཡེ་ཤེས་ཆེན་པོ་གནས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལུས་ལ་གནས་པའི་ཕྱིར་ལུས་ལ་གནས་པ་སྟེ། ལུས་ལ་མེད་ན་ནི་དམིགས་པར་མི་འགྱུར་རོ། །དེའི་ཕྱིར་ལུས་ཀྱི་རྒྱུ་བླང་བར་བྱ་སྟེ། གཞན་དུ་ན་དེ་ཡོངས་སུ་མི་ཤེས་པར་ཡེ་ཤེས་གནས་པར་མི་འགྱུར་རོ། ། །བཤད་པའི་རྒྱུད་དུ་གསུངས་པ། རང་གི་ལུས་ནི་སངས་རྒྱས་ཉིད། །ལུས་ལས་གཞན་དུ་སངས་རྒྱས་ཉིད། །གཞན་ནི་གང་དུའང་མི་གནས་ཏེ། །མི་ཤེས་པ་ཡིས་བསྒྲིབས་པར་བརྗོད། །ཅེའོ། །འདིའི་ཕྱོགས་གཅིག་པ་ཉིད་སྤང་བར་བྱ་བའི་ཕྱིར། དངོས་པོ་ཀུན་ལ་ཁྱབ་པ་པོ། །ཞེས་བྱ་ བ་ལ་སོགས་པ་གསུངས་སོ། །འདིས་ནི་ལུས་ལ་ཡེ་ཤེས་ཡོངས་སུ་ཤེས་པ་ཡང་དག་པར་ཡིད་ཆེས་པར་བྱ་བའི་ཕྱིར་གསུངས་པ་དེའི་རྒྱུ་ཞུས་པ། རྡོ་རྗེའི་ལུས་ལ་རྩ་དུ་ལགས་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེའི་ལུས་ནི་ཀྱེའི་རྡོ་རྗེའི་ལུས་ལ་སྟེ། མ་ལུས་པར་བསྡུས་པ་ཡང་གང་ཡང་ཕྱོགས་ གཅིག་གིས་གསུངས་པ་སྟེ། བདེན་པའི་གསལ་བ་ནི་གསལ་བ་ཞེས་བྱ་བ་ལྟ་བུའོ། །དེ་ལ་གཙོ་བོའི་དབང་དུ་མཛད་ནས། རྩ་རྣམས་ནི་སུམ་ཅུ་རྩ་གཉིས་ཏེ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཙོ་བོ་ནི་ཡང་འདི་རྣམས་སུ་བྱང་ཆུབ་ཀྱི་སེམས་འབབ་པའི་ཕྱིར་རོ། །ཡང་གསུངས་པ། འཁོར་ ལོ་བཞི་ཡི་རབ་དབྱེ་བས། །བརྒྱ་དང་ཉི་ཤུ་ལྷག་པ་ཉིད། །བྱང་ཆུབ་སེམས་ཀྱི་རང་བཞིན་གྱི། །རྩ་ནི་སུམ་ཅུ་རྩ་གཉིས་མཆོག །ཅེས་སོ། །དེ་ལ་མཆོག་རྣམས་ཀྱི་ཡང་མཆོག་གསུམ་དུ་གསུངས་པ། དེ་རྣམས་ཀྱི་ནང་ནས་རྩ་རྣམ་པ་གསུམ་ནི་གཙོ་མོ་སྟེ། ཞེས་བྱ་བ་ལ་སོགས་པ་རྩ་སུམ་ཅུ་རྩ་ གཉིས་ཀྱི་ནང་ནས་རྩ་གསུམ་པོ་རྣམས་ནི་གཙོ་མོའོ། །གལ་ཏེ་གསུམ་པོ་དེ་རྣམས་གང་ཞེ་ན། བརྐྱང་མ་དང་རོ་མ་དང་། ཀུན་འདར་མའོ། །གཙོ་མོ་ཉིད་ཀྱི་གཏན་ཚིགས་སུ། །བརྐྱང་མ་ཤེས་རབ་རང་བཞིན་གྱིས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐབས་དང་ཤེས་རབ་དག་གིས་ལེགས་པའི་ ཐུན་མོང་མ་ཡིན་པའི་རྒྱུ་དག་གོ། །ཀུན་འདར་མ་ནི་འབྲས་བུར་གྱུར་པ་དེ་གཉིས་སུ་མེད་པ་སྟེ། མ་ནིང་གི་ཕྱིར་དང་། མཐའ་གཉིས་དང་བྲལ་བའི་ཕྱིར་གཟུང་བ་དང་འཛིན་པ་སྤངས་པ་ཞེས་གསུངས་སོ། །དེ་རྣམས་ཀྱི་འབབ་པའི་དབྱེ་བའི་བྱེ་བྲག་ནི། བརྐྱང་མ་མི་བསྐྱོད་འབབ་པ་སྟེ། །ཞེས་བྱ་བ་ལ་སོགས་ པ་གསུངས་སོ། །དེ་ཉིད་ཀྱི་ཕྱིར་བྱང་ཆུབ་ཀྱི་སེམས་འབབ་པ་ཞེས་བྱ་བ་སྨོས་ཏེ། ཡང་འདི་རྣམས་སུ་བྱང་ཆུབ་ཀྱི་སེམས་ཀྱིས་ཡོངས་སུ་གང་བ་འདི་རྣམས་ལ་ཕུང་པོ་དང་། སྐྱེ་མཆེད་ལ་སོགས་པ་བདག་གི་ལུས་སྐྱེ་བར་འགྱུར་རོ། །འདི་ཉིད་བཤད་པའི་རྒྱུད་དུ་གསུངས་པ། །བྱང་སེམས་སུམ་ཅུ་ རྩ་གཉིས་ཀྱིས། །གང་ཚེ་འདིར་ནི་གང་གྱུར་པ། །ཕུང་པོ་འབྱུང་བ་དབང་པོ་ཡི། །སངས་རྒྱས་དེ་ཡི་དེ་མ་ཐག །ཅེའོ། །རྩ་རྣམས་ཀྱི་གྲངས་ཉིད་གཅིག་པུ་གསུངས་ནས། བྱ་བ་དང་མིང་དང་། ངོ་བོ་ཡང་རྟོགས་པར་བྱ་བའི་ཕྱིར། །བདེ་བ་ཆེན་པོའི་གནས་སུ་འཛག་པ་ཞེས་བྱ་བ་ལ་སོགས་པ་ གསུངས་ཏེ། ཟག་པ་དང་བཅས་པའི་ཡུལ་ལས་བྱུང་བའི་བདེ་བ་རྣམས་ལས་ཆེ་བ་ནི་བདེ་བ་ཆེན་པོ་སྟེ། དེའི་གནས་ནི་ལྟེ་བའི་དཀྱིལ་འཁོར་རོ། །དེ་ལ་པུལླཱི་ར་ལ་སོགས་པའི་ཡུལ་དུ་གནས་པས་འཛག་པ་ཉིད་དུ་གནས་པའི་ཕྱིར་བྱ་བའོ། །མིང་དང་ངོ་བོ་ཡང་གསུངས་པ། མི་ཕྱེད་མ་ནི་སོ་དང་སེན་ མོ་འབབ་མའོ། །ཕྲ་གཟུགས་མ་ནི་སྐྲ་དང་བ་སྤུ་འབབ་མའོ། །རྩེ་བ་མ་ནི་པགས་པ་དང་དྲི་མ་འབབ་མའོ། །གཡོན་པ་ནི་ཤ་འབབ་མའོ། །ཐུང་ངུ་མ་ནི་ཆུ་རྒྱུས་འབབ་མའོ། །རུས་སྦལ་སྐྱེས་མ་ནི་རུས་པ་འཛིན་མའོ། །སྒོམ་མ་ནི་མཁལ་མ་འབབ་པའོ། །དབང་མ་ནི་སྙིང་འཛིན་མའོ། །སྐྱོན་མ་ནི་ མིག་འབབ་མ་སྟེ། དེ་ནི་སྐྱོན་ལྡན་མ་ཞེས་བྱའོ། །མཇུག་མ་ནི་མཁྲིས་པ་འབབ་མའོ། །མ་མོ་ནི་གློ་བ་འབབ་མའོ། །མཚན་མོ་ནི་རྒྱུ་མ་འབབ་མའོ། །བསིལ་སྦྱིན་མ་ནི་ངོས་ཀྱི་ཆུ་རྒྱུས་འབབ་མའོ། །ཚ་བ་མ་ནི་ལྟོ་བའི་བདག་མའོ། །བརྐྱང་མ་ནི་མི་བསྐྱོད་པ་འབབ་མའོ། །ཀུན་འདར་མ་ནི་ཤེས་རབ་ ཟླ་བ་འབབ་མའོ། །རོ་མ་ནི་ཁྲག་འབབ་མའོ། །གཞོལ་མ་ནི་བཤང་བ་འབབ་མའོ། །རངས་མའི་གདོང་མ་ནི་མཚམས་ཀྱི་མཐའི་དབུས་སུ་འགྲོ་མའོ། །ཤིན་ཏུ་གཟུགས་ཅན་མ་ནི་བད་ཀན་འབབ་མའོ། །སྤྱི་མ་ནི་རྣག་འབབ་མའོ། །རྒྱུ་སྦྱིན་མ་ནི་དམར་པོ་འབབ་མའོ། །སྦྱོར་བྲལ་མ་ནི་རྡུལ་ འབབ་མའོ། །སྡུག་གུ་མ་ནི་ཚིལ་འབབ་མའོ། །གྲུབ་མ་ནི་མྱ་ངན་དང་མཆི་མ་འབབ་མའོ། །འཚེད་མ་ནི་མཆིལ་མ་འབབ་མའོ། །ཡིད་བཟང་མ་ནི་སྣབས་འབབ་མའོ། །སུམ་སྐོར་མ་ནི་གཟུགས་ལ་མི་རེག་པའི་ཕྱིར་རོ། །འདོད་མ་ནི་སྒྲ་ལ་གནས་མའོ། །ཁྱིམ་མ་ནི་དྲི་ལ་གནས་མའོ། །གཏུམ་མ་ནི་ རེ་འགྱུར་མའོ། །ཀཱ་ཏྱ་མ་ནི་རེག་བྱ་འབབ་མའོ། །བདུད་བྲལ་མ་ནི་ཆོས་ཞེས་སོ། །འདི་རྣམས་ཀྱི་རང་བཞིན་གསུངས་པ། སྲིད་གསུམ་ཡོངས་གྱུར་ཞེས་བྱ་བ་ལ་སོགས་པ་ནི་འདོད་པའི་སྲིད་པ་དང་། གཟུགས་ཀྱི་སྲིད་པ་དང་། གཟུགས་མེད་པའི་སྲིད་པ་ནི་སྲིད་ གསུམ་མོ། །དེ་ལས་གཞན་པའི་ངོ་བོ་མེད་པའི་ཕྱིར། སྐུ་དང་གསུང་དང་ཐུགས་རྣམས་སོ། །སྐུ་གསུམ་ཡང་སྲིད་གསུམ་སྟེ། སྐུ་གསུམ་གྱི་ངོ་བོས་ཡོངས་སུ་གྱུར་པ་ནི་སྲིད་གསུམ་ཡོངས་སུ་གྱུར་པའོ། །ཅི་གལ་ཏེ་རྩའི་འཁོར་ལོ་འདི་ཁོ་ན་ཧེ་རུ་ཀ་བསྐྱེད་པའི་རྒྱུར་གསུངས་སམ། འོན་ཏེ་རྒྱུ་ གཞན་ཡང་ཡོད་ཅེ་ན། སྡོམ་པའི་དབྱེ་བས་བཤད་པར་བྱ་སྟེ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་སྡོམ་པའི་ཕྱིར་སྡོམ་པའམ། འདིར་སྡོམ་པར་བྱེད་པའི་ཕྱིར་སྡོམ་པ་སྟེ་དཔལ་རྡོ་རྗེ་སེམས་པའི་ལུས་སོ། །དེའི་ཁྱད་པར་ནི་སྡོམ་པའི་དབྱེ་བ་འཆད་པར་འགྱུར་བ་དེའི་ཡན་ལག་དང་ཉིད་ ལག་གོ། །ཡང་གསུངས་པ། སངས་རྒྱས་ཀུན་གྱི་བདེ་ཆེན་གྱི། །སྡེ་བ་སྡོམ་ཞེས་རྣམ་པར་བཤད། །སྒྱུ་མ་ཀུན་གྱི་སྦྱོར་བ་ཡིས། །སྡོམ་པ་དེས་ན་སྡོམ་པ་ཉིད། །ཅེས་བྱ་བ་ལ་སོགས་པའོ། །རྡོ་རྗེ་སྐྱེ་བ་མི་འདའ་བའི། །སྡོམ་པ་དང་ཚིག་ཉིད་དུ་བརྗོད། །དེ་ཡི་དབྱེ་བའི་ཁྱད་པར་འདི། ། སྔ་མའི་རྗེས་སུ་རབ་ཏུ་བསྟན། །ཞེའོ། །ཨཱ་ལི་དང་ཀཱ་ལི་དང་། ཐབས་དང་ཤེས་རབ་དག་གོ། །ཆོས་དང་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པ་དང་། སྐུ་དང་གསུང་དང་ཐུགས་སོ། །སྐུ་གསུམ་ནི་འཁོར་ལོ་གསུམ་མོ། །བསྡུ་བའི་འཁོར་ལོ་ནི་བཞི་པ་སྟེ། འཁོར་ལོ་གསུམ་གྱི་གནས་པའོ། ། ཨེ་ཝཾ་མ་ཡཱ་ནི་དང་པོའི་ཚིག་ཏུ་བཤད་པའོ། །རྣལ་འབྱོར་མ་ལུས་དབུས་གནས་སུ། །ཨེ་ཡི་རྣམ་པའི་སྡོམ་པ་གནས། །ཇི་ལྟར་ཕྱི་རོལ་དེ་ལྟར་ནང་། །སྡོམ་པའི་དེ་ཉིད་རབ་ཏུ་དབྱེ། །ཨེ་ཝཾ་མ་ཡཱ་ཞེས་བྱ་བ་ལ་སོགས་པ་སྔར་གསུངས་པ་རྣམས་དང་། འཆད་པར་འགྱུར་བ་སྐད་ཅིག་མ་ལ་ སོགས་པ་རྣམས་ཀྱིས་ཡང་རྣམ་པར་གཞག་པར་འཁོར་ལོའི་གྲངས་ཀྱི་རིམ་པས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཁོར་ལོ་ནི་སྔར་གསུངས་པའི་མཚན་ཉིད་བཞི་པོ་རྣམས་སོ། །དེ་རྣམས་ཀྱི་གྲངས་ནི་འཁོར་ལོའི་གྲངས་སོ། །འཁོར་ལོའི་གྲངས་ཀྱི་རིམ་པ་ནི་དེའི་རྗེས་སུ་སྟེ། སྤྲུལ་པ་ དང་ཆོས་དང་ལོངས་སྤྱོད་རྫོགས་པ་དང་། བདེ་བ་ཆེན་པོའི་རིམ་པ་ལས་བཟློག་པ་མ་ཡིན་ནོ། །དེ་བས་ན་འཁོར་ལོའི་གྲངས་ཀྱི་རིམ་པས་རྣམ་པར་གཞག་པ་ནི། སྤྲུལ་པ་ལ་ནི་ཨེའོ། །ཆོས་ལ་ནི་ཝཾ་ངོ་། །ལོངས་སྤྱོད་རྫོགས་པ་ལ་ནི་མའོ། །བདེ་བ་ཆེན་པོ་ལ་ནི་ཡཱའོ། །དེ་བཞིན་དུ་སྤྲུལ་བ་ལ་ ནི་སྣ་ཚོགས་སོ། །ཆོས་ལ་ནི་རྣམ་པར་སྨིན་པའོ། །ལོངས་སྤྱོད་རྫོགས་པ་ལ་ནི་རྣམ་པར་ཉེད་པའོ། །བདེ་བ་ཆེན་པོ་ལ་ནི་མཚན་ཉིད་དང་བྲལ་བའོ། །དེ་ལྟར་སྡུག་བསྔལ་གྱི་བདེན་པ་དང་། ཀུན་འབྱུང་གི་བདེན་པ་དང་། འགོག་པའི་བདེན་པ་དང་། ལམ་གྱི་བདེན་པ་ཞེས་བྱ་བ་ལ་སོགས་པའོ། ། དེ་ལྟར་ཐམས་ཅད་བཞི་བཞིའོ། །ཞེས་བྱ་བ་ནི། འཁོར་ལོ་བཞི་པོ་རྣམས་ལ་ཐམས་ཅད་རྣམ་པར་གཞག་གོ། །འདི་རྣམས་ཀྱི་མཚན་ཉིད་གསུངས་པ་རྣམས་ནི་རྒྱས་པར་བཤད་པར་བྱའོ། །ཐབས་ཐམས་ཅད་དང་། སྡོམ་པ་ཐམས་ཅད་དང་ལྡན་པ་བཅོམ་ལྡན་འདས་ཀྱིས་ལྷན་ཅིག་སྐྱེས་པའི་ ཤེས་རབ་གཏུམ་མོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གཞུང་རབ་ཏུ་གྲུབ་པ་འདིའི་བཤད་པ་གསུངས་པ། ཨཱ་ལི་ཀཱ་ལི་མཉམ་བྱས་ནས། །དེ་ལ་རེ་ཁཱ་སྦྱར་བ་ཉིད། །སྟེང་གི་རེ་ཁཱར་འབར་བ་ནི། །གཞན་དུ་འཛག་པའི་རྒྱུ་ཅན་མ། །བདུད་རྩིའི་ཐིག་ལེའི་གཟུགས་ཅན་ནི། །ཁུ་བའི་ གཟུགས་ཀྱིས་འཛག་པར་འགྱུར། །གཙུབ་དང་གཙུབ་བྱེད་སྦྱོར་བའི་ཕྱིར། །འདིར་ནི་ལས་ཀྱི་ཡེ་ཤེས་མེ། །རླུང་གིས་བསྐྱོད་པའི་ལྟེ་བའི་དཀྱིལ་འཁོར་དུ་འབར་བའི་འོད་ཟེར་རྣམས་ཀྱིས་དམ་ཚིག་གི་འཁོར་ལོར་སོན་པའི་དེ་བཞིན་གཤེགས་པ་བསྲེགས་ནས། ལོངས་སྤྱོད་རྫོགས་པའི་ འཁོར་ལོར་གཤེགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐབས་ལ་བསྐོར་བ་ལན་གསུམ་བྱས་ནས་མཛོད་སྤུར་སོན་པས་གནད་ཀྱི་སྒོ་ཕྱེ་ནས་བྱུང་སྟེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཡེ་ཤེས་ཀྱི་བདུད་རྩི་བླངས་ནས་སྤྱི་གཙུག་གི་བ་སྤུའི་ ཁུང་བུ་གསེར་གྱི་སྒོ་འབར་བ་འཛིན་པ་ཞེས་བྱ་བ་ནས་ཞུགས་ཏེ། སོ་སོའི་མཚམས་ཀྱི་དབུས་སུ་སོན་པའི་བུ་ག་ནས་ལོངས་སྤྱོད་རྫོགས་པའི་འཁོར་ལོར་ངལ་བསོས་ཏེ། བསྲེགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་དགའ་བ་སྐྱེད་པར་བྱེད་པ་ནི་ལྟེ་བའི་དཀྱིལ་འཁོར་དུ་གནས་པར་འགྱུར་རོ། །འདི་ ལ་ཡང་འབྱུང་བ་དང་འཇུག་པ་མི་མཐོང་སྟེ། སྐྲའི་རྩེ་མོ་བརྒྱ་སྟོང་གི་ཆའི་ཕྱིར་རོ། །དེ་ནས་ཇི་ལྟར་བདེ་བར་གནས་པར་བྱ་སྟེ། རང་གི་ལྷའི་རྣལ་འབྱོར་གྱིས། །ཞེས་བྱ་བ་ལ་སོགས་པའོ། །རྡོ་རྗེ་རིགས་ཀྱི་ལེའུ་ཞེས་བྱ་བ་ལ། རྡོ་རྗེ་ནི་བྱང་ཆུབ་ཀྱི་སེམས་སོ། །རིགས་ནི་ དང་པོའི་རུས་ཏེ། ཨཱ་ལི་དང་ཀཱ་ལིའོ། །དེའི་ལེའུ་ནི་ལེའུ་བཤད་པ་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་ལེའུ་ཞེས་བྱ་བ་ཇི་སྙེད་པའོ། །ཡང་གསུངས་པ། སངས་རྒྱས་ཀུན་གྱི་རང་བཞིན་ཕྱིར། །བྱང་ཆུབ་སེམས་འདི་རྡོ་རྗེ་ཉིད། །ཅེས་བྱ་བ་ལ་སོགས་པའོ། །སློབ་དཔོན་མཁས་པ་དཔལ་སྦྱང་དཀའ་ བའི་ཟླ་བས་མཛད་པ། ཀཽ་མུ་དི་ཞེས་བྱ་བའི་དཀའ་འགྲེལ་ལས། །རྡོ་རྗེ་རིགས་ཀྱི་ལེའུ་སྟེ་དང་པོའོ།། །།གང་གི་གླེང་གཞི་དང་རྩ་བའི་འཁོར་ལོ་དེ་རྟོགས་པར་བྱ་བའི་ཕྱིར། སྔགས་ཀྱི་ལེའུ་བཤད་པར་བྱའོ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔགས་ནི་སྙན་གསན་འབེབས་ པར་ཤེས་པར་བྱ་སྟེ། བསྒྲུབ་པར་བྱ་བ་མངོན་དུ་བྱེད་པའོ། །ཨཱ་ལི་ཀཱ་ལི་གཉིས་ནི་སྔགས། །ཡང་ན་དེ་ལས་གང་བཏུས་པ། །ཞེའོ། །ཡང་གསུངས་པ། དེ་ལ་ཨཱ་ལི་ཀཱ་ལི་འདྲེས། །སྡེ་ཚན་བརྒྱད་ནི་རྣམ་པར་གནས། །ལུས་ཅན་རྣམས་ཀྱི་སྔགས་གཟུགས་ཀྱིས། །ལས་ཀྱི་ཚོགས་ ནི་བྱེད་པར་འགྱུར། །ཞེས་བྱ་བ་ལ་སོགས་པའོ། །དེ་ཉིད་ཉེ་བར་བསྟན་པའི་ཕྱིར། །འབྱུང་པོ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འབྱུང་པོ་ཐམས་ཅད་ཀྱི་འགྲོ་བ་དྲུག་ཏུ་འཁོར་བ་འདི་ནི་འབྱུང་པོ་ཐམས་ཅད་དོ། །གཏོར་མ་ནི་མཆོད་པའོ། །དེ་ཡིས་བྱིན་གྱིས་རློབ་པར་བྱེད་པ་དང་། དེ་ཡོངས་སུ་བརྟག་པར་བྱེད་པ་ནི་སྔགས་ཏེ། འབྱུང་པོ་ཐམས་ཅད་ཀྱི་གཏོར་མའི་སྔགས་སོ། །ཨ་ཀཱ་རོ་མུ་ཁཾ་ཞེས་བྱ་བ་ལ། ཨ་ཀཱ་རོ་ནི་དང་པོའི་དབྱངས་སོ། །དེ་ནི་མུ་ཁཾ་སྟེ་དང་པོའོ། །དེའི་ཕྱིར་དེ་ནི་མཆོག་ཉིད་དུ་གསུངས་ཏེ། དེ་ལས་བྱུང་བའི་ཕྱིར་ཡང་དེ་མ་ཐག་ཏུ་གཞན་རྣམས་སོ། །ཡང་ གསུངས་པ། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་སྡེ་ཚན་འདྲེན་པ་ཉིད། །ལུས་ཅན་རྣམས་ཀྱི་སྔགས་ཀུན་ནི། །དེ་ཉིད་ལས་ནི་ཡང་དག་འབྱུང་། །ཞེའོ། །ཨ་ཀཱ་རོ་འདི་ལ་སྔགས་ཐམས་ཅད་འབྱུང་དུ་ཟིན་ཀྱང་། ཡང་ཇི་ལྟར་དང་པོ་ཡིན་ཞེ་ན། གཏན་ཚིགས་གསུངས་པ། སརྦ་དྷརྨྨཱ་ཎཱཾ་ ཨཱ་དྱ་ནུཏྤནྣ་ཏྭཱཏ། ཅེས་བྱ་བ་ནི་དང་པོར་ཨ་ཀཱ་རོ་ལས་སྔོན་དུ་མ་སྐྱེས་པ་ནི་ཨཱ་དྱ་ནུཏྤན་ན་ཏེ། དེ་རྣམས་ཀྱི་དངོས་པོ་ནི་དེ་ཉིད་དོ། །དེའི་ཕྱིར་དང་པོར་མ་སྐྱེས་པའི་ཕྱིར། ཨ་ཀཱ་རོ་འདི་ནི་སརྦ་དྷརྨཱ་ཎཱཾ་ཨཱ་དྱའོ། །དེ་ལྟར་དང་པོ་མ་ཡིན་པའི་ཕྱིར་དང་པོའི་དབྱངས་ཀྱི་རྒྱུའི་འབྱུང་བ་མེད་པའི་ཕྱིར། སྐྱེ་བ་མེད་ པ་ཡང་རྟོགས་པར་མཛད་དོ། །ཡང་གསུངས་པ། དེའི་ཕྱིར་གྲུབ་པར་གནས་པའི་སྔགས། །ངེས་པ་གང་ཡང་ཡོད་མ་ཡིན། །སྐྱེ་བ་མེད་པའི་རང་བཞིན་ཕྱིར། །སྔགས་ཀྱི་སྡེ་ཚན་དབང་ཕྱུག་མཆོག །ཅེའོ། །སྔགས་ཐམས་ཅད་ཀྱི་རྐང་པ་དང་པོ་ཞེས་བྱ་བ་ནི་ཁྱད་པར་མ་བསྟན་པ་དེ་བཞིན་ གཤེགས་པ་ཐམས་ཅད་དང་། ལྷ་མོ་ཐམས་ཅད་ཀྱི་སྔགས་དང་། ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་ཞེས་བྱ་བར་གསུངས་ཀྱི། ཡང་གཞན་ཁྱད་པར་གྱི་ཆོ་གས་ཁྱད་པར་དུ་བྱས་པ་ལ་ནི་མ་ཡིན་ནོ། །ཨ་ཀཱ་རོ་འདི་ནི་གཏོར་མ་ཁོ་ནའི་འམ། ཅི་ཆོས་ཐམས་ཅད་ཀྱི་དང་པོ་ཡིན་པའི་ཕྱིར། སྔགས་ཐམས་ཅད་ཀྱི་དང་པོར་ སྦྱར་ཞེ་ན། སུན་དབྱུང་བའི་ཕྱིར། ཨ་ཀཱ་རོ་དང་པོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཨ་ཀཱ་རོ་ལས་ཨ་ནི་ཨ་ཀཱ་རོའོ། །གང་དག་གི་དེ་དང་པོ་དང་། མཐར་སྭཱ་ཧཱ་ཡིན་པ་དེ་དག་ནི། ཨ་ཀཱ་རོ་དང་པོར་མཐར་སྭཱ་ཧཱའོ། །ཨ་ནི་དོན་དང་ཤེས་པ་དང་ཁྱད་པར་དང་བསྲུབ་པ་དང་ཡི་གེ་དང་བསྒྱུར་ཞིང་བསྒྲུབ་པ་དང་། ཚིགས་སུ་བཅད་ པ་ནི་ཤུགས་རྣམས་ལ་ཅི་རིགས་པར་སྦྱར་བར་བྱའོ། །གང་ལ་དོན་མ་རྟོགས་པས་ཁྱད་པར་མེད་པའི་ཕྱིར། ཕྱི་མ་མ་གྲུབ་པའི་བསམ་པ་མེད་པའི་ཕྱིར་ཚིགས་བཅད་ཀྱི་ཚད་མའི་ཕྱིར་ཡང་བསྲེ་བའོ། །ཧཱུཾ་ཕཊ་ཀྱི་རྣམ་པ་ནི་ནང་དུ་གཞུག་གོ། །ཞེས་བྱ་བ་ནི་ཕཊ་དང་བཅས་པར་ཡི་གེ་གསུམ་དབུས་ སུ་བྱས་པའོ། །དེའི་ཕྱིར་ཨོཾ་ཨ་བྷྲཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿཨཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བྱ་བ་ལ་སོགས་པའོ། །ཨོཾ་ཨཱཿཨ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བྱ་བ་ལ་སོགས་པ་ནི་སོ་སོས་སོ། །བསྡུས་པ་ཡང་། ཨོཾ་ཨ་ཨཱ་ཨི་ཨཱི་ཞེས་བྱ་བ་ལ་སོགས་པ་ནས། མཐར་ཨཾ་ཀ་རའོ། །ཨོཾ་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་ཧཱུཾ་ཕཊ་ སྭཱ་ཧཱ། ཞེས་བྱ་བ་ནི་སྔགས་རྫོགས་པའོ། །ཆར་མི་འབབ་ན་ཆར་དབབ་པའི་ཕྱིར། །མཐའ་ཡས་ཀྱི་གཟུགས་བརྙན་བྱས་ལ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བདུད་རྩི་ལྔ་ནི་གཟུགས་བརྙན་ལ་སྦྱར་གྱི། ཡང་བླུགས་པ་ནི་མ་ཡིན་ནོ། །བླུགས་པ་ཞེས་བྱ་བ་ནི་དབང་བསྐུར་བར་བྱ་བ་སྟེ། བསྙེན་པ་ལ་སོགས་པ་བཞིའི་ཡན་ལག་རྣམས་ཀྱིས་རབ་ཏུ་བསྒྲུབ་པར་བྱའོ་ཞེས་བྱ་བ་ཇི་སྙེད་པའོ། །ལྷ་དགས་པར་འདོད་པས་ཐིག་ལེ་གསུངས་པ། ཚངས་པ་ཞེས་བྱ་བ་ལ་སོགས་ལ་ཚངས་པ་དང་ས་བོན་ནི་ཚངས་པའི་ས་བོན་ནོ། །རྒྱལ་ལ་བསྒྲུབས་ནས་ཞེས་བྱ་བ་ནི་ མེ་ཏོག་དང་སྒྲུབ་པ་ནི་མེ་ཏོག་སྒྲུབ་པའོ། །གཞན་ནི་གོ་སླའོ། །ཟླ་བ་དང་ཉི་མ་རྣམ་པར་འཛིན་པའི་ཆོ་ག་གསུངས་པ། སཱ་ལུ་བཏགས་པ་ཅན་གྱིས་ཞེས་བྱ་བ་ལ་སོགས་པ་ལ། །སཱ་ལུ་བཏགས་པ་ནི་སཱ་ལུ་བཏགས་པའོ། །ཅན་གྱི་དངོས་ནི་ཅན་གྱི་རང་བཞིན་ནོ། །དེ་ནི་སཱ་ལུ་བཏགས་པ་ཅན་ཡང་ ཡིན་ལ། ཅན་གྱི་དངོས་ཡང་ཡིན་པའི་ཕྱིར། སཱ་ལུ་བཏགས་པ་ཅན་གྱི་དངོས་པོའོ། །དེ་ལྟར་ཕྱོགས་འདི་ཉིད་ཀྱིས་གཞན་ལ་ཡང་དཔྱད་པར་བྱའོ། །སློབ་དཔོན་མཁས་པ་དཔལ་སྦྱང་དཀའ་བའི་ཟླ་བས་མཛད་པ། ཀཽ་མུ་དི་ཞེས་བྱ་བའི་དཀའ་འགྲེལ་ལས་སྔགས་ཀྱི་ལེའུ་སྟེ་གཉིས་པའོ།། །། སྔགས་གསུངས་ནས་ལུས་བརྗོད་པར་བྱ་བའི་ཕྱིར། ལྷའི་ལེའུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་སོ་སོའི་སྐྱེ་བོ་རྨོངས་པར་བྱ་བའི་ཕྱིར། རིམ་པ་བཟློག་པར་རིག་པ་རྣམས་ཀྱི་རིམ་པ་བཏུ་བར་བཅོམ་ལྡན་འདས་ལྷ་འདིས་རྒྱུད་ཀྱི་རིམ་པ་ཤིན་ཏུ་སྤང་བར་བྱ་སྟེ་དེའི་ཕྱིར། དང་པོར་ བྱམས་པ་བསྒོམ་པར་བྱ། །ཞེས་བྱ་བ་ལ་སོགས་པ་རིང་དུ་སྤངས་ནས་རང་གི་སྙིང་གར་རེ་ཕ་སྒོམ། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འཆད་པར་འགྱུར་བའི་རྣལ་འབྱོར་དང་རྗེས་སུ་མཐུན་པའི་གནས་སུ་དུར་ཁྲོད་ལ་སོགས་པར་བདེ་བའི་སྟན་ལ་ཉེ་བར་འདུག་སྟེ། རྣལ་འབྱོར་པ་རང་གི་ སྙིང་གར་པདྨ་དམར་པོའི་སྟེང་དུ། རེ་ཕ་ཁ་དོག་དམར་པོའོ། །དེ་ཡོངས་སུ་གྱུར་པ་ལས་ཉི་མའི་གཟུགས་བརྙན་ནོ། །དེའི་སྟེང་དུ་ཐབས་དང་ཤེས་རབ་ཀྱི་རང་གི་ལྷའི་མྱུ་གུའི་ས་བོན་ཧཱུཾ་ཡང་རྣམ་པར་བསམ་པར་བྱའོ། །ཡང་ས་ལ་སོགས་པ་ལྟ་བུར་ལྷན་ཅིག་བྱེད་པའི་རྒྱུ་བསོད་ནམས་ཀྱི་ ཚོགས་བསྐྱེད་པར་བྱ་བའི་ཕྱིར། ནམ་མཁར་རྗེ་བཙུན་ཞེས་བྱ་བ་ལ་སོགས་པ་ནས། འདོད་ཆགས་ཆེན་པོའི་རྗེས་ཆགས་ནས། །ཞེས་བྱ་བ་ལ་སོགས་པའི་མཐར་ཐུག་པ་གསུངས་ཏེ་གོ་སླའོ། །ཕྱིས་འཆད་པར་འགྱུར་བ་ལྷ་མོའི་འཁོར་ལོའམ། དཔལ་ཧེ་རུ་ཀའི་འཁོར་ལོར་གསུངས་པ་འདིར་ གཞན་དུ་མཐོང་བ་བླངས་ནས་རྟོགས་པར་བྱ་བ་ནི། སྡིག་པ་བཤགས་པར་བྱ་བ་དང་། བྱེད་པ་སྡོམ་པ་དང་། རྗེས་སུ་ཡི་རང་བ་དང་། ཡོངས་སུ་བསྔོ་བ་དང་། སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པར་ཡང་བལྟ་བར་བྱའོ། །ཚངས་པ་ཆེན་པོ་དང་། བསོད་ནམས་ཀྱི་ཚོགས་དེའི་ གནས་ནི་གནས་ཀྱི་ཕྱོགས་ཏེ། བྱམས་པ་ལ་སོགས་པ་བཞི་པོ་རྣམས་སོ། །དེ་རྣམས་ཀྱི་སྒོམ་པ་ནི་ཇི་ལྟར་འདོད་པ་ངེས་པ་མ་ཡིན་ཏེ། འོན་ཀྱང་རིམ་པ་འདི་ཉིད་ཀྱིས་ངེས་པར་བསྟན་པའི་ཕྱིར། དང་པོ་བྱམས་པ་བསྒོམ་པར་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱམས་པ་སྤྱོད་ པ་ལ་དགྲ་དང་བཏང་སྙོམས་སུ་བྱ་བའི་ཆ་གཉིས་སྤྱད་པས་སེམས་ཅན་གྱི་ཁམས་ལ་སྙིང་རྗེ་ལ་སོགས་པ་རྣམས་ཀྱི་སྤྱད་པ་རང་གི་རོ་འབབ་པའི་ཕྱིར། དང་པོར་བྱམས་པ་སྒོམ་པར་གསུངས་སོ། །དེ་ལ་མཚན་མ་མེད་པ་དང་། སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བའི་བསམ་པ་ནི་བྱམས་པའོ། ། དེ་ལྟར་མ་རིག་པ་དང་། སྡུག་བསྔལ་རྣམས་ལས་སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོབ་པ་ནི་སྙིང་རྗེའོ། །རིག་པ་མ་ཡིན་པ་དང་བྲལ་བའི་སེམས་ཅན་རྣམས་ཀྱིས་དགེ་བའི་ཕྱོགས་ལ་སྤྱོད་པ་ཇི་ལྟར་ཆོས་རྟོགས་པ་ལ་ཡང་རངས་པའི་སེམས་ནི་དགའ་བའོ། །བག་མེད་པའི་མི་མཐུན་པའི་ཕྱོགས་སུ་ གྱུར་པ་སྲིད་པ་དང་། ཞི་བ་མཉམ་པ་ཉིད་ལ་སྤྱོད་པའི་སེམས་ཅན་རྣམས་ལ་ལྟོས་པ་མེད་པ་ནི་བཏང་སྙོམས་སོ། །ཡང་ནི་སྟོང་པའི་བྱང་ཆུབ་སྟེ། །ཞེས་བྱ་བ་ལ། ཡང་གི་སྒྲས་ནི། །བླ་མ་རྡོ་རྗེ་མཆོད་པ་དང་། །བདུན་པོ་རྣམ་པར་དག་པར་བྱ། །ཞེས་མཆོད་པ་ལ་སོགས་པ་བཤད་པའི་རྒྱུད་དུ་གསུངས་ པ་བདུན་པོ་རྣམ་པར་དག་པའི་ནང་དུ་སོན་པ་བྱང་ཆུབ་ཀྱི་སེམས་བསྐྱེད་མ་ཐག་ཏུ་གཉིས་པ་བྱང་ཆུབ་ཀྱི་སེམས་འདི་ཞེས་བསྙེགས་སོ། །རང་བཞིན་མེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་གཉིས་སུ་མེད་པའི་ངོ་བོ་ཉིད་ནི་སྟོང་པ་ཉིད་དོ། །ཡང་རྣམ་པར་ངེས་པ་ལས་གསུངས་པ། ཀུན་ནས་ཉོན་མོངས་པ་མི་རྒྱུ་ བའི་ཕྱིར། གཉིས་སུ་མེད་པའི་རྣམ་པར་སྤྱོད་པ་ནི་སྟོང་པ་ཉིད་ཅེས་སོ། །དེ་ཉིད་ཀྱང་བྱང་ཆུབ་ཀྱི་རྒྱུ་ཡིན་པའི་ཕྱིར་བྱང་ཆུབ་ནི་བྱང་ཆུབ་ཀྱི་སེམས་སོ། །དེའི་ངོ་བོའི་སེམས་ལས་སེམས་ཞེས་བྱ་བ་ནི་གཞན་དུ་མ་གསུངས་སོ། །གོ་དཀའ་བ་མ་ཡིན་པའི་ཕྱིར་འདིར་ཚིག་ནི་བཤད་པར་མི་བྱ་སྟེ། འོན་ཀྱང་ མངོན་པར་རྟོགས་པའི་རིམ་པའི་ཚིགས་བཅད་སྦྱར་བར་བྱའོ། །བྱང་ཆུབ་ཀྱི་སེམས་སྟོང་པ་ཉིད་འདི་ཙམ་ནི་མ་ཡིན་ཏེ། འོན་ཀྱང་ཡན་ལག་བཞི་ཞེས་བྱ་བའི་ཡན་ལག་རྣམས་བསྟན་པར་བྱ་བའི་ཕྱིར། གཉིས་པ་ལ་ནི་ས་བོན་བསྡུ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། ། སྟོང་པ་དང་རང་བཞིན་མེད་པའི་ཁྱད་པར་ལས་ཇི་ལྟར་བཞིར་དབྱེ་ཞེས་དོགས་པ་ལ། ཡང་དག་པར་དགོད་པའི་འདུ་བྱེད་དང་ལྡན་པའི་བློས་ཁྱད་པར་གསུངས་པ། རེ་ཕས་ཞེས་བྱ་བ་ལ་སོགས་པ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེའི་ལུས་ཀྱི་རྣལ་འབྱོར་པའི་མདུན་དུ། པཾ་དམར་པོ་ཡོངས་སུ་གྱུར་ པ་ལས་ཆུ་སྐྱེས་དམར་པོའི་སྟེང་དུ། རཾ་དམར་པོ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་དུ་གཉིས་པ་ལ་སོགས་པའི་ཚིག་བསྡུས་ནས། ཡན་ལག་གསུམ་པ་རྣམ་པར་བསྒོམ་པར་བྱ་བའི་ཕྱིར། ཧཱུཾ་བྱུང་སྣ་ཚོགས་རྡོ་རྗེ་སྟེ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཧཱུཾ་ནི་ས་བོན་ཏེ་དེ་བསྐྱེད་པ་ནི་ ས་བོན་བསྡུ་བ་སྟེ། ཡན་ལག་གཉིས་པའོ། །དེའི་ས་བོན་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་ནི་ཧཱུཾ་ལས་བྱུང་བ་སྣ་ཚོགས་རྡོ་རྗེ་སྟེ། དེ་ཉིད་ནི་གཟུགས་བརྙན་དང་། ཕྱག་རྒྱ་དང་། མཚན་མ་སྟེ་ཡན་ལག་གསུམ་པའོ། །དེའི་ལྟེ་བ་ལ་དེའི་ས་བོན་དགོད་པ་ནི་ཡན་ལག་བཞི་པའོ། །སྟོང་པ་ཉིད་ ཀྱི་ཡན་ལག་མེ་ལོང་ལྟ་བུ་ལ་གཟུགས་བརྙན་འབྱུང་བ་ཐབས་སུ་གྱུར་པ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་འདིས་ཅི་ཞིག་བྱེད་ཅེས་དོགས་པ་ལ། དེ་ཉིད་ཀྱིས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཉིད་ཀྱིས་གསུངས་པའི་ཡོན་ཏན་དང་ལྡན་པའི་རྡོ་རྗེ་ར་བ་དང་གུར་འདི་གཉིས་ཀྱང་བསམ་པར་བྱའོ། ། གལ་ཏེ་དེ་མ་ཐག་ཏུ་དེ་དག་གི་ནང་དུ་ཅི་ཞིག་བྱ་ཞེ་ན། དང་པོར་རོ་ནི་རྣམ་སྒོམ་པ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་སླའོ། །འདིར་ར་བ་དང་གུར་འདི་གཉིས་འབའ་ཞིག་ངོས་དང་སྟེང་གི་སྒྲིབ་གཡོགས་གསུངས་ཀྱི། ཡང་གནས་ནི་མ་ཡིན་ཏེ། དེའི་ཕྱིར་གང་དུ་རོ་སྒོམ་པར་འགྱུར། དེ་ ཡང་དང་པོའི་ཕྱིར་འདི་ཐམས་ཅད་མཐུན་པར་དཀའོ་ཞེ་ན། དེའི་ཕྱིར་འདིར་བླ་མ་ལ་ཞུ་བར་བྱ་བའམ། བཤད་པའི་རྒྱུད་དུ་བཙལ་བར་བྱའོ། །དེ་ཡང་བཤད་པའི་རྒྱུད་དུ། ནམ་མཁའི་ཁམས་ནང་པདྨ་ལ། །ཉི་མའི་དཀྱིལ་འཁོར་བསམ་པར་བྱ། །དེ་ལ་ཧཱུཾ་སྐྱེས་སྔོན་པོ་ནི། །བརྟུལ་ ཞུགས་ཅན་གྱིས་ཕྱག་གཉིས་བསྒོམ། །ཞེས་བྱ་བ་ལ་སོགས་པའོ། །དེ་ལ་འདི་ནི་མངོན་པར་རྟོགས་པའི་རིམ་པ་སྟེ། ནམ་མཁའི་ཁམས་སུ་པདྨ་འདབ་མ་བརྒྱད་པ་དམར་པོའོ། །དེའི་སྟེང་དུ་ཉི་མའི་དཀྱིལ་འཁོར་རོ། །དེར་ནི་རོ་སྟེ། དེའི་སྙིང་གར་རྣམ་པ་ལྔ་པོ་རྣམས་ཀྱིས་བཅོམ་ལྡན་ འདས་བཞེངས་པར་སྦྱར་བར་བྱ་བའི་ཕྱིར། ཨཱ་ལི་ཟླ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཨཱ་ལི་ཟླ་བའི་རྣམ་པས་ཡོངས་སུ་གྱུར་པ་ནི་ཨཱ་ལི་ཟླ་བའོ། །ཀཱ་ལི་ཉི་མ་ཞེས་བྱ་བ་ནི་ཀཱ་ལི་ལས་ཉི་མའོ། །དེ་དག་གི་ནང་དུ་ས་བོན་ནི་ཧཱུཾ་ངོ་། །དེ་ཉིད་སེམས་དཔའ་ཞེས་བྱ་བ་ལ་དེ་ཉིད་ནི་ཧཱུཾ་ངོ་། །སེམས་ དཔའ་ནི་རྡོ་རྗེ་སེམས་དཔའོ། །མཆོག་ཏུ་དགའ་བའི་རང་བཞིན་ནི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་གྱི་ཕྱིར་རོ། །དེ་ནས་ཅིར་འགྱུར་ཞེས་སྙམ་པ་ལ། ཁ་དོག་ནག་པོ་འཇིགས་ཆེན་པོ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཧཱུཾ་ལས་གྱུར་པའི་རྡོ་རྗེ་ནི། །ཞེས་བྱ་བ་ནི་རྣམ་པར་དབྱེ་བ་ ཕྱིས་པའི་ཚིག་ཅན་ནོ། །ལྷག་མ་གཞན་ནི་གོ་སླའོ། །བཅོམ་ལྡན་འདས་བསྐྱེད་པ་ན་དེའི་རྣལ་འབྱོར་མ་རྣམས་ཇི་ལྟར་བྱ་ཞེས་སྙམ་པ་ལ། རང་གི་ལུས་མཚུངས་རྣམ་པར་སྤྲོ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་སླའོ། །འདི་ལྟ་བུའི་བཅོམ་ལྡན་འདས་གང་དུ་ཅི་ཞིག་མཛད་ཅེས་སྙམ་པ་ ལ། དུར་ཁྲོད་དུ་ནི་མགོན་པོ་རོལ། །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དུར་ཁྲོད་ནི་གཉིས་ཏེ། ལུས་དང་ཡི་དགས་ཀྱི་གནས་སོ། །དེ་ལ་འཇིགས་མེད་འཕྲོག་པ་ཙཱུ་ཏ་ལ། །སྙིང་རྗེ་བྲལ་ཡིན་ཨ་ཤོ་ཀ་ལ་ཆུ་བདག་ཉིད། །བྱང་ཆུབ་ཤིང་ལ་ལུས་ངན་པོ། །ཀ་རཉྫར་འབར་ལ་ཏཱ་ཛཱ་ཊཱུ་ལ་ མཚན་རྒྱུ། །ཀ་ཀུ་བ་ཁྱཱ་ལ་རླུང་ནྱ་གྲོ་དྷ་ལ་འབྱུང་པོའི་བདག་པོ་ཉིད། །ཅེས་ཕྱོགས་སྐྱོང་བ་བརྒྱད་པོ་རྣམས་ཀྱི་རང་གི་འཁོར་ཐམས་ཅད་བལྟ་བར་བྱའོ། །ཞེས་བྱ་བ་ལ་སོགས་པ་བཤད་པའི་རྒྱུད་དུ་གསུངས་པའི་མཚན་ཉིད་ནི་ཕྱི་རོལ་ཏེ། ཡི་དགས་ཀྱི་གནས་སུ་རབ་ཏུ་གྲགས་པའོ། །ལུས་ནི་ ཡང་ཇི་ལྟར་དུར་ཁྲོད་ཅེས་སེམས་དཔའ་ལ། དབུགས་རྒྱུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་དབུགས་རྒྱུ་བ་དང་སྲོག་ཅེས་བྱ་བ་ནི་དུར་ཁྲོད་དེ་དཔལ་ཧེ་རུ་ཀའི་ལུས་སོ། །ཕྱག་གཉིས་པའི་བསྐྱེད་པ་འདི་ཇི་ལྟ་བར། ཕྱག་བཞི་པ་དང་། ཕྱག་དྲུག་པ་ཡང་དེ་བཞིན་ཏེ། ཁྱད་པར་ནི་འདི་གཉིས་ ཤེས་རབ་དང་བཅས་པའོ། །སློབ་དཔོན་མཁས་པ་དཔལ་སྦྱང་དཀའ་བའི་ཟླ་བས་མཛད་པའི། ཀཽ་མུ་དི་ཞེས་བྱ་བའི་དཀའ་འགྲེལ་ལས་ལྷའི་ལེའུ་སྟེ་གསུམ་པའོ།། །།ལྷའི་ལེའུ་བཤད་ནས། དེ་དབང་བསྐུར་བའི་ལེའུ་གསུངས་པ། ལྷ་ཞེས་བྱ་བ་ལ་སོགས་ པ་གསུངས་ཏེ། ལྷ་ནི་ལྷ་ཉིད་དེ་སངས་རྒྱས་ཀྱི་གཟུགས་བརྙན་ནོ། །དེའི་དབང་བསྐུར་བ་ནི་རབ་ཏུ་གནས་པ་སྟེ་ཡན་ལག་བཞི་པའོ། །དེ་རྟོགས་པར་བྱེད་པའི་ལེའུ་ནི་ལྷ་དབང་བསྐུར་བའི་ལེའུ་སྟེ་དེ་བཤད་པར་བྱའོ། །དེའི་བཤད་པ་ཇི་ལྟར་ཐོས་ཞེས་སྙམ་པ་ལ། རང་གི་སྙིང་གར་ཞེས་བྱ་བ་ ལ་སོགས་པ་གསུངས་ཏེ། བདག་གི་སྙིང་གར་སོན་པའི་རང་གི་ས་བོན་ལས་བྱུང་སྟེ། ལྕགས་ཀྱུ་ལྟ་བུའི་འོད་ཟེར་གྱིས་རྒྱལ་བ་རྣམས་སྤྱན་དྲངས་ནས་མ་མོ་རྣམས་ཀྱིས་མཆོད་དེ། རྗེས་སུ་བླང་བར་བྱ་བ། ཨ་བྷི་ཥིཉྩ་ཏུ་མཾ་སརྦ་ཏ་ཐཱ་ག་ཏ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་དེ་ལ་དབང་ བསྐུར་བར་འགྱུར་རོ། །ཧེ་རུ་ཀའི་གཟུགས་སུ་བྱས་པས་ཞེས་བྱ་བ་ནི་ཞལ་བརྒྱད་པ། ཞབས་བཞི་པ། ཕྱག་བཅུ་དྲུག་གིས་བརྒྱན་པ་རྣམས་ཀྱིས་སོ། །སྤྱི་བོར་རང་གི་རིགས་ཀྱི་བདག་པོར་འགྱུར་རོ། །ཞེས་བྱ་བ་ནི་འདི་ཅོད་པན་ལ་དབང་བསྐུར་བའི་མཚན་མ་རང་གི་རིགས་ཀྱི་བདག་པོ་མི་བསྐྱོད་ པར་འགྱུར་རོ། །སློབ་དཔོན་མཁས་པ་དཔལ་སྦྱང་དཀའ་བའི་ཟླ་བས་མཛད་པ། ཀཽ་མུ་དི་ཞེས་བྱ་བའི་དཀའ་འགྲེལ་ལས་ལྷ་དབང་བསྐུར་བའི་ལེའུ་སྟེ་བཞི་པའོ།། །།ལྷ་གསུངས་ནས་དེའི་རིགས་བརྗོད་པར་བྱ་བའི་ཕྱིར། དེ་ཁོ་ན་ཉིད་ཀྱི་ལེའུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཁོ་ན་ནི་ དེའི་དངོས་པོ་སྟེ་རིགས་ལྔའོ། །གང་དུ་གསུངས་པ་དེ་ནི་ཁོ་ནའི་ལེའུ་འོ། །དེ་རྟོགས་པར་བྱ་བའི་ཕྱིར། ངོ་བོས་གཟུགས་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་ནི་གཟུགས་སུ་ཡོད་པའི་མཚན་ཉིད་དོ། །དེ་ཡོད་པ་མ་ཡིན་པ་ནི་འབྱུང་བ་བཞི་ལ་གནས་པས་རང་གི་རང་བཞིན་ དང་བྲལ་བའི་ཕྱིར་རོ། །ཡང་རྣམ་པར་ངེས་པ་ལས་གསུངས་པ། གཟུགས་གང་ཡིན་པ་ཅི་ཡང་རུང་བ་དེ་ཐམས་ཅད་གཞན་དུ་མི་འཐད་པའི་ཕྱིར་རམ། རྗེས་སུ་འགྱུར་བའི་ཕྱིར་རམ། གནས་སྐབས་ཐམས་ཅད་དུ་འབྱུང་བ་ཆེན་པོ་བཞི་རྣམས་བཟུང་ནས་རིག་པར་བྱའོ་ཞེའོ། །གཟུགས་ཀྱི་ སྟོང་པ་ཉིད་ཀྱི་ཕྱིར། གཟུགས་ཀྱི་ཕུང་པོར་ལྟ་བ་ལ་སོགས་པའི་ཡུལ་ཅན་རྣམས་ཀྱང་བསྡུས་པའོ། །སྒྲ་ལ་སོགས་པའི་ཡུལ་རྣམས་ཀྱང་སྟོང་པའོ། །དེ་ཉིད་དུ་ཡང་གསུངས་པ། གཟུགས་ནས་གཟུང་བའི་ཡུལ་དྲུག་པོ་རྣམས་དང་དབང་པོ་དྲུག་པོ་རྣམས་སོ་ཞེའོ། །སེམས་ནི་ཀུན་ གཞི་རྣམ་པར་ཤེས་པ་སྟེ་རང་བཞིན་སྟོང་པའོ། །དེ་ཡང་དག་པ་མ་ཡིན་པའི་ཕྱིར། བཞི་ལ་སོགས་པའི་སེམས་པར་བྱ་བ་ཚད་མས་མ་ཡིན་ནོ། །གཟུང་བའི་ངོ་བོ་ནི་གཟུགས་དང་སྒྲ་ལ་སོགས་པའོ། །སེམས་ཀྱི་བདག་པོ་སྔོན་དུ་འགྲོ་བ་ཅན་གྱི་འཛིན་པ་མིག་གི་དབང་པོ་ལ་སོགས་པའི་ རྣམ་པར་ཤེས་པ་ལྔ་པོ་སྟེ་དོན་དམ་པར་འདི་དག་ཐམས་ཅད་ཡང་དག་པ་མ་ཡིན་ནོ། །ཡོད་པ་ནི་དུ་ཡོད་ཅེ་ན། གཟུགས་ལ་སོགས་པ་ཡང་དག་མ་ཡིན་ཡང་། ཡང་དག་པ་ལྟ་བུར་འདོད་པ་དེ་དེའི་ཚེ་གང་ཡིན། དེ་མི་དམིགས་པ་ཡང་དག་པ་ཇི་ལྟ་བུ་ཞེས་དོགས་པ་ལ། བཤད་པའི་རྒྱུད་ ལས། རྣམ་ཤེས་ཡེ་ཤེས་སེམས་ཀྱིས་ནི། མཚན་གཞི་མཚན་ཉིད་མཚོན་པར་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཅི་དེ་ལྟར་ཡང་འགྱུར་ཞེས་སྙམ་པ་ལ། རང་འདོད་ལྷ་ཡི་རྣལ་འབྱོར་བྱ། །མཚན་གཞི་མངོན་སུམ་བྱ་བ་ཉིད། །རྫོགས་པ་དེ་ཡི་མཚོན་བྱ་ལ། །གནས་ གསུམ་དེ་ཡི་རང་བཞིན་འགྱུར། །ཞེས་གསུངས་སོ། །དེ་ལྟར་གལ་ཏེ་དགེ་བས་ཆོ་ག་སྟེ། དེའི་ཕྱིར་གང་དུ་ཡང་མཚོན་པར་བྱ་བ་འདི་སྔོན་དུ་བྱ་ཞེས་དོགས་པ་ལ། མཚོན་པའི་གནས་ནི་སྐྱེད་བྱེད་མ་དང་། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མ་ནི་བླ་མས་འདི་ལ་གསང་བ་སྐྱེད་པར་བྱེད་ པའི་ཕྱིར། མ་ནི་ཤེས་རབ་བོ། །སྲིང་མོ་ནི་ལྷན་ཅིག་ཉན་པ་མའོ། །མཆོད་པ་ནི་མཉེས་པ་བསྐྱེད་པར་བྱའོ། །རྣལ་འབྱོར་རིག་པ་ཞེས་བྱ་བ་ནི་མཉེས་པར་བྱེད་པའི་སྙོམས་པར་འཇུག་པའི་བསྟན་བཅོས་ཀྱི་སྦྱོར་བ་མཐོང་བའོ། །མ་དང་སྲིང་མོ་དེ་ཡང་གང་ཞེས་དོགས་པ་ལ། གར་མ་ཚོས་མ་ ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བཤད་པའི་རྒྱུད་ལས་གསུངས་པའི་ཡང་། ཕྱག་རྒྱ་རབ་ཏུ་དབྱེ་བའི་ཕྱིར། །མ་ནི་སྐྱེ་གཉིས་དེ་བཞིན་གཤེགས། །བུ་མོ་གཡུང་མོར་བརྗོད་པ་ཡིན། །མནའ་མ་གདོལ་བ་མོར་ཤེས་བྱ། །སྲིང་མོ་གར་མར་བརྗོད་པ་ཉིད། །སྲིང་མོའི་བུ་མོ་ཚོས་མ་སྟེ། ། ཞེས་བརྡའི་སྐད་གསུངས་སོ། །དགེ་བའི་མཆོད་པ་རབ་ཏུ་དབྱེ་བའི་ཕྱིར། །ཐབས་དང་ཤེས་རབ་ཆོ་ག་ཡིས། །ཞེས་བྱ་བ་གསུངས་ཏེ། ཐབས་ནི་རང་ངོ་། །ཤེས་རབ་ནི་དེ་རྣམས་སོ། །དེ་དག་གི་ཆོ་ག་ཇི་ལྟ་བ་དེས་ན། །ཐབས་དང་ཤེས་རབ་ཆོ་གས་སོ། །མཆོད་ པ་པོ་ནི་ཇི་ལྟ་བུ་ཞེ་ན། དེ་ཉིད་བསྲུབས་པས་ཞེས་བྱ་བ་ནི། དེ་ཁོ་ན་ཉིད་གཅིག་པུ་འདོད་པའོ། །དེ་ཁོ་ན་ཉིད་ཤེས་པར་འདོད་པས་འདི་རྣམས་ཉིད་ཇི་ལྟར་ན་མཆོད་པར་བྱ་ཞེས་དོགས་པ་ལ། རིགས་ལྔའི་ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིགས་ལྔ་པོ་རྣམས་ནི་ཕྱག་རྒྱ་ལྔ་པོ་རྣམས་སོ། ། གྲོལ་བར་འདོད་པ་ལ་རིགས་ཀྱིས་ཅི་ཞིག་བྱ་ཞེས་དོགས་པ་ལ། ཐར་པའི་རྒྱུར་ནི་བརྗོད་པར་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐར་པ་ནི་བསྒྲུབ་པར་བྱ་བའོ། །རྒྱུ་ནི་ཞེས་བྱ་བ་ནི་དེ་དག་ཉིད་ལས་གར་མ་ལ་སོགས་པ་ཐ་མལ་པ་ལས་ཕྱིར་ལོག་པ་དེ་རྣམས་ཀྱི་སྒྲུབ་པའི་ཆོ་ག་ལ་ཏེ། དེ་ བས་ན་ཐར་པའི་རྒྱུས་སོ། །བུད་མེད་ནི་རིགས་ཡིན་དུ་ཟིན་ཀྱང་། ཡང་ཕྱག་རྒྱ་ཇི་ལྟར་ཡིན་ཞེས་སྙམ་པ་ལ། རྡོ་རྗེས་གདབ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྡོ་རྗེ་གདབ་པ་དང་བསྐྱེད་པའི་ཕྱིར་ཕྱག་རྒྱ་ནི་བུད་མེད་དེ་རྡོ་རྗེ་གཞུག་པའི་གནས་ཡིན་གྱི། ཡང་ཕྱག་རྒྱ་ནི་ཕྱག་རྒྱས་གདབ་པ་ དང་། མཚན་མ་ནི་མ་ཡིན་ནོ། །དེ་རྣམས་ཀྱི་རིགས་ཀྱི་མིང་ཅི་ཞེས་སྙམ་པ་ལ། རྡོ་རྗེ་པདྨ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཅི་རིགས་རྣམས་ནི་དེ་ཙམ་ཁོ་ནར་བྱ་ཞེས་སྙམ་པ་ལ་དམ་པའི་ཞེས་བྱ་བ་གསུངས་ཏེ། རིགས་རྣམས་མང་དུ་ཟིན་ཀྱང་འོན་ཀྱང་འདིར་ཐམས་ཅད་བསྡུ་བར་ བྱ་བ་ལྔ་པོ་ཉིད་མཆོག་ཏུ་གསུངས་སོ། །གང་དག་གིས་རིགས་རྣམས་ཇི་ལྟ་བུ་ཞེས་སྙམ་པ་ལ། རྡོ་རྗེ་གཡུང་མོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རིགས་འདི་རྣམས་གང་རྣམས་ཀྱི་ཞེས་སྙམ་པ་ལ། དེ་བཞིན་གཤེགས་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་ པའི་སྒྲ་འདི་ནི་ཌཏྠི་དང་ཌ་བཏྠ་ལ་སོགས་པ་ལྟ་བུར་བསྟན་པ་མེད་པ་ནི་མ་ཡིན་ཏེ། འོན་ཀྱང་མ་ཧེ་དང་རྨ་བྱ་ལ་སོགས་པ་ལྟ་བུར་བསྟན་པའི་ཕྱིར་དང་། བསྟན་པར་བྱ་བ་བཤད་པའི་ཕྱིར། དེ་བཞིན་ཉིད་དུ་གཤེགས་ཤིང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགེ་བ་རྣམས་དང་། མི་དགེ་བ་ རྣམས་དང་། ལུང་དུ་མ་བསྟན་པ་རྣམས་ཀྱི་ཆོས་རྣམས་ཀྱིས་དབྱེ་བའི་ཕྱིར། དེ་བཞིན་ཉིད་གསུམ་མོ། །ཡང་ན་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། དོན་དམ་པ་དང་། ཡང་དག་པའི་མཐའ་དང་། ཆོས་ཀྱི་དབྱིངས་ཞེས་བྱ་བ་རྣམ་པ་ལྔའོ། །དེ་དེ་ལྟར་འགྱུར་བ་དེ་ལ་དེ་བཞིན་ཉིད་དུ་ བྱོན་པའམ་གཤེགས་པ་ནི་དེ་བཞིན་གཤེགས་པའོ། །དཔལ་དང་ལྡན་ཞེས་བྱ་བ་ནི། ཚོགས་གཉིས་ཕུན་སུམ་ཚོགས་པའོ། །ཅི་དེ་ལྟ་བུར་ཡང་རྟོགས་ཞེས་སྙམ་དུ་དོགས་པ་ལ། རིགས་དང་འབྱུང་བ་ལྔ་རྣམས་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་ལ་སོགས་ པའི་ཕུང་པོ་ལྔ་པོ་དེ་རྣམས་ཉིད་ཀྱི་རང་གི་ངོ་བོ་སྟེ། རྣམ་པ་ཡོད་པར་འགྱུར་བ་དེ་རྣམས་དང་གང་དག་ཕུང་པོ་ལྔའི་རང་གི་ངོ་བོ་རྣམས་ཏེ། དེ་རྣམས་ཀྱི་ཕུང་པོ་ལྔའི་རང་གི་ངོ་བོ་ཅན་རྣམས་ཀྱི་ཕུང་པོ་ལྔར་གྱུར་པ་རྣམས་ཀྱི་རིགས་རྣམས་ཀྱི་ཕྱག་རྒྱ་འདི་རྣམས་མི་ཕྱེད་པའི་ཕྱིར་ཡང་རིགས་རྣམས་ཏེ། དེ་ བཞིན་གཤེགས་པས་དེ་བཞིན་ཉིད་བརྙེས་པ་དེ་ལྟ་བུའི་རང་བཞིན་ཞེས་བྱ་བ་ཇི་སྙེད་པའོ། །འབྱུང་བ་རྣམས་ནི་ས་ལ་སོགས་པ་རྣམས་སོ། །ཕུང་པོ་ནི་གཟུགས་དང་ཚོར་བ་ལ་སོགས་པ་རྣམས་སོ། །དེ་བཞིན་ཉིད་ཀྱི་མི་མཐུན་པའི་ཕྱོགས་སུ་གྱུར་པ་དེ་རྣམས་ཇི་ལྟར་དེའི་རང་བཞིན་ཡིན། ཡང་ དག་པའི་ཕུང་པོ་ལྔ་པོ་རྣམས་ལ་གང་གི་ཕྱིར་བསྒོམ་པར་བྱ་བ་དང་། སྒོམ་པ་པོ་འདི་དགག་པར་བྱ། དེ་བས་ན་ཕུང་པོ་ལྔའི་རང་གི་ངོ་བོ་ཅན་རྣམས་ཀྱི་ཕྱིར། སྒོམ་པ་པོ་མེད་བསྒོམ་པའང་མེད། །ཅེས་བྱ་བ་ལ་སོགས་པ་ཡང་འཐད་པར་མི་འགྱུར་རོ། །དེ་ལ་འདི་ནི་དགོངས་པ་སྟེ། འབྱུང་བའི་བདག་ཉིད་ ཕུང་པོ་ལྔ་པོ་རྣམས་ལ་དེའི་རང་བཞིན་གྱི་ཕྱིར། དེ་བཞིན་གཤེགས་པ་རྣམས་འཇུག་པ་ནི་མེ་དང་མཚུངས་པས་ཕུང་པོའི་བུད་ཤིང་རྣམས་སྲེག་པར་བྱེད་དོ། །ཡང་གསུངས་པ། གང་ཞིག་གང་གིས་ཟ་བར་གྱུར་པ་དེ་རྣམས་དེའི་ངོ་བོ་བུད་ཤིང་བསྲེག་པར་རིགས་པའི་ཕྱིར། རྒྱལ་བའི་གར་དེ་ཉམས་ དགའ་བར་འགྱུར་ཏེ། དེའི་ཕྱིར་འདི་ཐམས་ཅད་འགལ་བ་མེད་དོ། །གལ་ཏེ་དེ་ལྟར་དེ་བཞིན་ཉིད་ཀྱིས་བརྫུན་པར་བྱས་པ་དེའི་ཚེ། སྣ་ཚོགས་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་སྔགས་དང་རྒྱུད་དང་མན་ངག་འདིའི་དོན་ཅི་ཞེས་དོགས་པ་ལ། སྔགས་དང་ལྷ་དག་ཡང་དག་གནས། །ཞེས་བྱ་ བ་ལ་སོགས་པ་གསུངས་ཏེ། སྔགས་དང་ལྷ་དག་མི་གནས་པ་ཉིད་མ་ཡིན་མོད་ཀྱི་འོན་ཀྱང་སྤྲོས་པ་མེད་པའི་རང་བཞིན་ལས་ཞེའོ། །འདི་ནི་དགོངས་པ་སྟེ། དེ་བཞིན་ཉིད་ཀྱིས་སྤྲོས་པ་ཕྱག་དང་ཞལ་དང་དབྱིབས་ལ་སོགས་པ་གཞན་དུ་བརྟགས་པས་འཇོམས་པར་འགྱུར་ གྱི། ཡང་རང་བཞིན་ལས་བྱུང་བའི་ཆོས་ཐམས་ཅད་ཀྱི་རང་བཞིན་སྤྲོས་པ་དང་བྲལ་བ་ནི་མ་ཡིན་ནོ། །ཡང་གསུངས་པ། གང་ཚེ་ལས་ཀྱིས་ལུས་བཅོམ་པ། །དེ་ལྟར་ལྷ་རུ་འགྱུར་བ་ཡིན། །ཇི་སྲིད་ལས་དང་ལས་མིན་འགྱུར། །དེ་སྲིད་ལུས་ལ་རྣམ་པར་གནས། །ཞེའོ། །གང་དག་རིགས་འདི་ རྣམས་ཀྱི་དེ་བཞིན་གཤེགས་པ་དེ་རྣམས་ཀྱི་མཚན་ཅི་ཞེས་བྱ་བ་སྙམ་པ་ལ། རྣམ་སྣང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པར་སྣང་མཛད་ནས་བརྩམས་ཏེ། སེམས་དཔའ་ཆེན་པོའི་མཐར་ཐུག་པ་དེ་བཞིན་གཤེགས་པ་དྲུག་པོ་རྣམས་གསུངས་སོ། །དེ་ལ་རྣམ་པར་སྣང་མཛད་ནི་ གང་། གཞན་ནི་གང་ཞེས་དོགས་པ་ལ། རྗེས་ཀྱི་རིམ་པས་ཚངས་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཇི་ལྟར་དེ་ལྟར་འགྱུར་ཞེས་དོགས་པ་ལ། ཚངས་པ་སྒྲིབ་བྲལ་སངས་རྒྱས་ཉིད། །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྲིབ་བྲལ་ནི་མྱ་ངན་ལས་འདས་པ་སྟེ། ནུབ་པར་འགྱུར་ བ་དང་། ཅི་ཡང་མི་ནུས་པ་དང་། འོད་གསལ་བ་ཞེས་བྱ་བ་ཇི་སྙེད་པ་སྟེ། དེའི་ཕྱིར་སྒྲིབ་པ་དང་བྲལ་བའི་ཕྱིར་ཚངས་པ་ནི་སངས་རྒྱས་རྣམ་པར་སྣང་མཛད་དུ་འགྱུར་རོ། །ཆོས་ཐམས་ཅད་ལ་དེའི་ངོ་བོའི་ཕྱིར་རམ། འཇུག་པའི་ཕྱིར་ཁྱབ་འཇུག་ནི་མི་བསྐྱོད་པའོ། །རྟག་ཏུ་སེམས་ཅན་གྱི་དོན་གྱི་ བྱ་བ་བྱེད་པའི་ཕྱིར། ཞི་བ་ནི་དོན་ཡོད་གྲུབ་པའོ། །རྒྱུའི་ཕྱིར་རམ་རྗེས་སུ་འགྱུར་བའི་ཕྱིར་ཀུན་གྱི་བདག་ཉིད་ལ་གནས་པའི་ཕྱིར་ཐམས་ཅད་ནི་རིན་ཆེན་འབྱུང་གནས་སོ། །དམ་པའི་བདེ་བའི་རྒྱུའི་ཕྱིར་དམ་པའི་བདེ་བ་སྟེ། དེའི་དངོས་པོ་ནི་དེ་ཁོ་ནའོ། །དེ་བས་ན་དམ་པའི་བདེ་བ་ཉིད་ཀྱི་ ཕྱིར་དེ་ཉིད་ནི་འོད་དཔག་ཏུ་མེད་པའོ། །དགའ་བ་ལས་བདེ་བ་ཆེན་པོ་ཕུན་སུམ་ཚོགས་པ་རྟོགས་པའི་ཕྱིར་རྣམ་པར་སངས་རྒྱས་ནི་སེམས་པ་པོ་སྟེ། སེམས་པ་ལས་སྐྱེས་པས་རིགས་ཐམས་ཅད་སྡུད་པ་ནི་སངས་རྒྱས་དྲུག་པའོ། །དེ་བཞིན་ཉིད་དུ་གཤེགས་པའི་ཕྱིར་རྣམ་པར་སྣང་མཛད་ལ་ སོགས་པ་འདིའི་དེ་བཞིན་གཤེགས་པ་ཉིད་ནི་རིགས་ན། ལྷ་ཉིད་ཡང་ཇི་ལྟར་ཡིན་ཞེས་དོགས་པ་ལ། ལུས་ལས་འབྱུང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་དེ་བཞིན་གཤེགས་པ་ཉིད་གྲུབ་པའི་ངེས་པའི་ཚིག་གིས་དེ་བཞིན་ཉིད་ཀྱི་ཉིད་ཆེ་བ་དེ་བཞིན་དུ། འདིར་ཡང་ལུས་ལ་ཧ་ནི་ཝར་ བྱས་ཏེ་དེ་བས་ན་ལྷ་ཞེས་བྱ་བར་འགྱུར་རོ། །དེ་བཞིན་གཤེགས་པ་དང་ལྷའི་ལུས་གསུངས་པ་ཡིན་དུ་ཟིན་ཀྱང་། བཅོམ་ལྡན་འདས་ཡང་ཇི་ལྟར་ཡིན་ཞེས་དོགས་པ་ལ། འདི་ལ་བྷ་ག་མངའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ནི་གླེང་གཞིའི་ཚིག་ཏུ་བཤད་དོ། །མ་དང་སྲིང་མོ་ལ་སོགས་ པར་གྱུར་པ་རྣམས་ཀྱི་གར་མ་དང་། ཆོས་མ་ལ་སོགས་པ་ཕྱག་རྒྱ་ལྔ་པོ་རྣམས་ཀྱི་ཤེས་རབ་ཉིད་རྟོགས་པར་བྱ་བའི་ཕྱིར། མ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་སྣ་ཚོགས་ཀྱིས་སྐྱེད་པར་བྱེད་པའི་ཕྱིར། མ་ནི་ཤེས་རབ་ཏུ་མངོན་པར་བརྗོད་པར་བྱའོ། །དེ་བཞིན་གཤེགས་པ་ལྔ་ པོ་རྣམས་དང་། དྲུག་པ་སྙིང་རྗེའི་ཆ་རྣམས་དང་། བསྙེན་པའི་ཕྱིར་སྲིང་མོའོ། །འདོད་ཆགས་ཀྱི་རང་བཞིན་གྱིས་སྐྱེ་བོ་དགའ་བར་བྱེད་པའི་ཕྱིར་བཙོ་བླག་མའོ། །སངས་རྒྱས་ཀྱི་ཡོན་ཏན་མ་ལུས་པར་འཇོ་བའི་ཕྱིར་བུ་མོའོ། །ཐམས་ཅད་དུ་འགྲོ་བའི་ཕྱིར་དང་གཡོ་བའི་ཕྱིར་གར་མའོ། །སྟོང་པའི་ ཕྱིར་དང་རེག་པའི་སྦྱོར་བ་མེད་པའི་ཕྱིར་གཡུང་མོའོ། །ཐམས་ཅད་དངོས་པོ་མེད་པའི་མཚན་ཉིད་ཀྱི་གཏུམ་པའི་ལས་བྱེད་པའི་ཕྱིར་དང་། ནུས་པའི་ཕྱིར་གདོལ་བ་མོ་ནི་ཤེས་རབ་ཉིད་དུ་གསུངས་སོ། །ལྷའི་དེ་ཁོ་ན་ཉིད་གསུངས་ནས། ད་ནི་སྔགས་ཀྱི་དེ་ཁོ་ན་ཉིད་བརྗོད་པའི་ཕྱིར། བརྗོད་པ་བཟླས་པ་ ཡང་དག་བཤད། །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དོན་དམ་པར་སྔགས་ཀྱི་བྱེ་བྲག་མ་བྱུང་བའི་ཕྱིར། གང་སྨྲས་པ་ཉིད་དེ་བཟླས་པའོ། །གཏན་ཚིགས་གསུངས་པ། ཨཱ་ལི་ཀཱ་ལི་རབ་སྨྲས་པས། །ཞེས་བྱ་བ་ནི། ཨཱ་ལི་དང་ཀཱ་ལི་དག་ལས་གཞན་དུ་སྨྲ་བར་མི་འགྱུར་བའི་ཕྱིར་ཏེ་འོན་ཀྱང་ ཨཱ་ལི་དང་ཀཱ་ལི་བདག་ཉིད་དེ། དེ་བས་བཟླས་པ་འགྲུབ་པོ། །ཅི་བཟླས་པར་ནི་གྲུབ་པ་ཉིད་ན་ཡང་སྔགས་ཀྱི་བཟླས་པ་ནི་མ་ཡིན་ཏེ། སྔགས་ཉིད་དུ་ཨཱ་ལི་དང་ཀཱ་ལི་དག་ནི་མི་འདོད་པའི་ཕྱིར་རོ། །སྔགས་ཀྱི་ལེའུ་ལས་སྔགས་ཅུང་ཟད་གསུངས་པའི་ཕྱིར། དེ་རྣམས་ཀྱི་གང་སྨྲས་པ་དེ་སྔགས་ཀྱི་ བཟླས་པ་ཡིན་གྱི། ཡང་ཨཱ་ལི་དང་ཀཱ་ལི་དག་ནི་མ་ཡིན་ནོ། །ཞེས་བཅོམ་ལྡན་འདས་ལ་མི་མཁས་པ་རྣམས་ཀྱིས་བརྒལ་བ་དེའི་ལན་གདབ་པར་དེ་མ་ཐག་ཏུ་གསུངས་པ་འདི་དྲན་པར་བྱ་སྟེ། སྤྲོས་པ་མེད་པའི་རང་བཞིན་ལས། །སྔགས་དང་ལྷ་ནི་ཡང་དག་གནས། ། ཞེའོ། །སྔགས་ཀྱི་ལེའུ་ལས་ནི་སྤྲོས་པ་གསུངས་སོ། །སྤྲོས་པ་མེད་པ་ནི་འདིར་བརྗོད་པར་བྱ་སྟེ། པད་ནང་སྡེ་ཚན་བརྒྱད་རྣམས་ཀྱིས། །སྡེ་ཚན་གཙོ་བོ་ཡོངས་སུ་བསྐོར། །དེ་སྒྲ་སྔགས་ཞེས་གསུངས་པ་ནི། །སྣ་ཚོགས་གདུང་བར་རྣམ་འབྱུང་བ། །སྔགས་དང་རྒྱུད་དང་དངོས་གྲུབ་རྣམས། ། དེ་ཉིད་ལས་ནི་འབྱུང་བར་འགྱུར། །ཡང་གསུངས་པ། གང་ཞིག་ཅུང་ཟད་ཚིག་རྒྱས་པ། །སྐྱེ་བོ་རྣམས་ཀྱིས་རྟོགས་བྱ་བ། །དེ་ཀུན་སྔགས་ཀྱི་ངོ་བོའི་ཕྱིར། །དེ་ཉིད་ལས་ནི་སྐྱེ་བར་འགྱུར། །གང་ཞིག་རལ་གྲི་མི་སྨན་རྐང་ཕྱུག་རི་ལུ་རྐང་འོག་གནོད་སྦྱིན་ཡན་ལག་མ། །འཇིག་རྟེན་ གསུམ་གྱི་ནང་དུ་གནས་པ་དངུལ་ཆུར་གྱུར་པ་ལས་ཀྱི་རྗེས་འགྲོ་གྲུབ། །གང་ཞིག་རྫུ་འཕྲུལ་ཆེན་པོ་ཐམས་ཅད་རང་གི་གནས་སུ་འདོད་བཅས་བསྒྲུབ་པ་ཡང་། །དེ་རྣམས་སྡེ་བརྒྱད་ནང་འགྲོ་དབྱངས་མཆོག་སྡེ་ཚན་བདག་ཉིད་ཅན་ལས་འབྱུང་གྱུར་པ། །ཞེའོ། །གསུངས་པ་དང་། འཆད་པར་ འགྱུར་བའི་དཀྱིལ་འཁོར་ལ་མངོན་པར་ཞེན་པ་སུན་དབྱུང་བའི་ཕྱིར། རྐང་པའི་རྗེས་ནི་དཀྱིལ་འཁོར་ཡིན། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཉིད་ཕྱིར་ཞེས་བྱ་བ་ནི་ཉེད་པ་ལས་སྐྱེས་པ་སྟེ། རྐང་པས་འདྲི་བའི་དཀྱིལ་འཁོར་རོ། །ལག་པ་བསྒྱུར་བ་ཕྱག་རྒྱ་ཞེས་བྱ་བ་ནི་ལག་པའི་ མཚན་མའོ། །སོར་མོ་ཉེད་པ་ཇི་ལྟ་བས། །ཞེས་བྱ་བ་ནི་གང་གི་ཕྱིར་སེན་མོ་བསྒུལ་བའི་ཁྱད་པར་རོ། །བསམ་གཏན་གྱི་བསམ་པའི་རང་བཞིན་གྱི་ཕྱིར་གང་སེམས་པ་དེ་བསམ་པར་བྱ་བའོ། །སྤྲོས་པ་ཐམས་ཅད་དང་བྲལ་བའི་ཕྱིར་རྣལ་འབྱོར་པས་ཅི་བཟའ་ཞེས་དོགས་པ་ལ། ཇི་ལྟར་ཕ་ལ་ བདེ་བ་གང་ཐོབ་པ། དེ་ཡིས་བདེ་བ་ཟ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མེད་པའི་དངོས་པོ་མེད་པའི་ཕྱིར་སྐྱེད་པ་པོ་ཕ་ལ་ཞེས་བདུན་པའི་མཐའ་ཉིད་དོ། །དེའི་བདག་ཉིད་ནི་དེའི་བདེ་བ་སྟེ་ཟ་ཞེས་བྱ་བ་ཇི་སྲིད་པའོ། །འཆི་བ་ནི་ལས་ཀྱི་ལུས་འཇིག་པ་སྟེ། དེ་གང་གི་འགྱུར་བ་དེའི་བདེ་བ་ནི་བསམ་ གཏན་ནོ། །སློབ་དཔོན་མཁས་པ་དཔལ་སྦྱང་དཀའ་བའི་ཟླ་བས་མཛད་པ། ཀཽ་མུ་དི་ཞེས་བྱ་བའི་དཀའ་འགྲེལ་ལས་དེ་ཁོ་ན་ཉིད་ཀྱི་ལེའུ་སྟེ་ལྔ་པའོ།། །།རྒྱལ་ཚབ་ཀྱི་གནས་དབང་དུ་བྱ་བ་དེ་ཁོ་ན་རིག་པའི་རྣལ་འབྱོར་པའི་སེམས་ཅན་རྗེས་སུ་བཟུང་བ་དང་། ངེས་པར་སེམས་པའི་ཕྱིར་ལེའུ་ དྲུག་པ་གསུངས་པ། སྤྱོད་པ་ཕ་རོལ་ཕྱིན་མཆོག་ཉིད། །ཅེས་བྱ་བ་ལ་སོགས་པ་ལ། སྤྱོད་པ་ནི་རྒྱུ་བ་སྟེ། གནས་དང་ཉེ་བའི་གནས་སུ་ཡོངས་སུ་འགྲོ་བའོ། །ཕ་རོལ་ཕྱིན་པ་ནི་སོ་སོའི་སྐྱེ་བོ་ཤིན་ཏུ་སྤངས་པའོ། །མཆོག་ནི་དམ་ཚིག་གི་ཚོགས་ཏེ། སྒྲུབ་པ་པོ་རྣམས་ཀྱི་ནུས་པ་རྣམས་ཀྱི་ཤིན་ཏུ་ ལེགས་པའོ། །སེམས་ཅན་རྗེས་སུ་གཟུང་བ་དང་ངེས་པར་སེམས་པའི་ཕྱིར་ཐབས་རྣམས་ནི་མང་པོ་ཡོད་ན་ཅིའི་དོན་དུ་ཡང་ཡོངས་སུ་འགྲོ་བས་ཁམས་ཟད་པར་བྱེད་པའི་སྤྱོད་པ་འདི་བཅོམ་ལྡན་འདས་ཀྱིས་གསུངས་སྙམ་པ་ལ། གང་གི་དངོས་གྲུབ་མཐར་འགྲོ་བ། །ཞེས་བྱ་བ་ལ་སོགས་པ་སྨོས་ ཏེ། གང་གི་ཕྱིར་སྤྱོད་པ་འདིས་ཀྱེའི་རྡོ་རྗེའི་རྒྱུད་འདིར་གསུངས་པའི་གྲུབ་པའི་གནས་བཅུ་གཉིས་པོ་རྣམས་ཀྱི་མཐར་ཐུག་པར་འགྲོ་བར་འགྱུར་རོ། །ཡང་ན་གནས་དེ་ལ་གནས་པའི་གྲུབ་པའི་སྐྱེས་བུ་རྣམས་ཀྱིའམ། གྲུབ་པའི་རྣལ་འབྱོར་མ་རྣམས་ཀྱི་མཐའ་དང་ཉེ་བར་འགྲོ་བར་འགྱུར་རོ། །དེ་ལ་ ཡང་ཅིའི་ཕྱིར་ན་འགྲོ་བར་འགྱུར་ཞེས་དོགས་པ་ལ། དངོས་གྲུབ་རྒྱུས་ཞེས་གསུངས་ཏེ། དངོས་གྲུབ་ནི་སངས་རྒྱས་ཉིད་དེ། དེའི་རྒྱུ་ནི་རྣལ་འབྱོར་མའོ། །གང་གི་ཕྱིར་རིམ་གྲོ་བྱེད་པ་དང་བསྙེན་བཀུར་བྱེད་པའམ། དེ་དང་ལྷན་ཅིག་གྲུབ་པའི་ཕྱིར་རོ། །ཡང་གསུངས་པ། གནོད་སྦྱིན་དྲི་ཟ་ལྷ་ མིན་ཆུ་འབྱུང་གི། །གང་ཡང་མངོན་པར་འདོད་པ་བླངས་ནས་ནི། །བུ་མོ་རིམ་གྲོར་བཅས་པའི་ཕྱིར། །རྣལ་འབྱོར་པ་ཡི་ནུས་པས་སྦྱར། །མི་ཡི་ཕྱག་རྒྱར་བླངས་ནས་ནི། །དེ་ལ་ཆོས་ནི་རབ་ཏུ་དབྱེ། །དེ་དང་ལྷན་ཅིག་དངོས་གྲུབ་འགྱུར། །ཕྱག་རྒྱ་ཆེན་པོ་ཞེས་སུ་བརྗོད། །ཅེས་བྱ་བ་ལ་ སོགས་པའོ། །རྒྱལ་ཚབ་ཀྱི་རྒྱན་ནི། སྒོམ་པ་པོ་ཡིས་རྣམ་བཟུང་བ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྒྱལ་ཚབ་ཀྱི་གནས་ལ་དབང་བར་འོས་པའི་རྒྱུ་སྒོམ་པའི་གནས་ནི་ཤིང་གཅིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤིང་གཅིག་ནི་གཉིས་པ་མེད་པའོ། །དུར་ཁྲོད་ནི་སྲོག་སོང་ བའི་གནས་སོ། །མ་མོའི་ཁྱིམ་ནི་ཚངས་མ་ལ་སོགས་པ་མ་མོ་བདུན་གྱི་གནས་སུའོ། །མཚན་མོ་ནི་དུས་མ་ཡིན་པ་ནའོ། །དབེན་པ་ནི་སྐྱེ་བོ་སྤངས་པའོ། །བས་མཐའ་ནི་ལམ་རིང་བའོ། །སྒོམ་པ་ནི་རང་གི་ལྷ་མངོན་དུ་བྱེད་པའོ། །ཡང་ན་ཤིང་གཅིག་ཅེས་བྱ་བ་ནི། །ཤིང་ ཡང་ཡིན་ལ་གཅིག་ཀྱང་ཡིན་པ་ནི་ཤིང་གཅིག་གོ། །དེ་ལས་གཞན་པ་མི་དམིགས་པའི་ཕྱིར་གཅིག་གོ། །ཤིང་དང་ཆོས་མཐུན་པའི་ཕྱིར་ཤིང་ངོ་། །གང་གི་ཕྱིར་ཤིང་གིས་ནི་འབྲས་བུ་དང་འདབ་མ་ལ་སོགས་པ་ཕུན་སུམ་ཚོགས་པ་རྣམས་ཀྱིས་སེམས་ཅན་རྣམས་ལ་ཕན་པར་བྱེད་དོ། །དེ་བཞིན་ དུ་འབྲས་བུ་ལ་སོགས་པར་གྱུར་པ་དམན་པ་དང་། འབྲིང་དང་མཆོག་གི་དངོས་གྲུབ་རྣམས་ཀྱིས་འདིས་ཀྱང་ཞེའོ། །ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་རྒྱུ་རང་བཞིན་གྱིས་འོད་གསལ་བའི་རྣམ་པར་རང་གི་རྣམ་པ་ལྟ་བུ་ནི་ཤིང་གཅིག་ཅེས་གསུངས་ཏེ། དེར་ནི་ཤིང་གཅིག་ལའོ། །ཡང་གསུངས་པ། ཁ་དོག་ཅན་གྱི་སྒྲིབ་པ་རྣམས། །ཞེན་པ་མེད་པའི་སེམས་ཀྱིས་ནི། །བ་སྤུའི་ཁུང་བུའི་རྩེ་བུག་ནས། །ཕྱོགས་བཅུ་དག་ཏུ་འབྱུང་བར་འགྱུར། །ཞེའོ། །དུར་ཁྲོད་ཅེས་བྱ་བ་ནི་འདི་དབུགས་རྒྱུ་ཞེས་བསྟན་པའི་ཕྱིར། རང་གི་ལུས་ནི་དུར་ཁྲོད་དོ། །ཡང་ན་རུས་པའི་དུམ་བུ་ལ་སོགས་པའི་གནས་ཀྱི་ཕྱིར་དུར་ཁྲོད་ ལྟ་བུ་ནི་དུར་ཁྲོད་དོ། །མ་མོའི་ཁྱིམ་ཞེས་བྱ་བ་ལ་མ་མོ་ནི་རྣལ་འབྱོར་མ་བཅོ་ལྔ་རྣམས་སོ། །དེ་རྣམས་ཀྱི་ཁྱིམ་ནི་རྩའི་འཁོར་ལོ་སྟེ། དེར་བྱང་ཆུབ་བསམ་པའམ་སྒོམ་པའོ། །མཚན་མོ་ནི་ཤེས་རབ་བོ། །སྐྱེ་བོ་ནི་རྒྱལ་བ་རྣམས་སོ། །དེ་རྣམས་བྲལ་བ་ནི་གང་དུ་དེར་དབེན་པ་ནའོ། །བས་ མཐའ་ནི་བདེ་བ་ཆེན་པོའི་འཁོར་ལོ་ལས་འོག་ཏུ་འཁོར་ལོ་གསུམ་གྱི་ནང་གི་ལམ་ལའོ། །བསྒོམ་པ་ནི་ཡིད་དེ་རོ་གཅིག་པ་ཉིད་དོ། །དྲོད་ནི་འདིར་བསྒོམ་པས་ཅུང་ཟད་ཐོབ་པའོ། །འགྲུབ་འགྱུར་ཞེས་བྱ་བ་ནི་དངོས་གྲུབ་ཀྱི་ཕྱིར་སྤྱོད་པ་བྱ་བར་འདོད་པའོ། །གལ་ཏེ་ཞེས་བྱ་བ་ནི་ངེས་པ་མེད་པས་སོ། ། འདིས་ནི་སྤྱོད་པ་སྤྱད་པ་ཉིད། །ཅེས་བྱ་བ་ནི་ཆོ་གའོ། །ཤེས་རབ་མེད་པས་སྤྱོད་པ་སྤྱད་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཤིན་ཏུ་བཞིན་བཟང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེའི་རྗེས་སུ་ཆགས་པར་བྱ་བའི་ཕྱིར་དགའ་བའི་རྩེ་མོའི་རྐྱེན་གསུངས་པ། གལ་ཏེ་གླུ་བླང་ཞེས་བྱ་བ་ལ་ སོགས་པ་ལ། དགའ་བར་ཞེས་བྱ་བ་ནི་རྣལ་འབྱོར་མ་དགའ་བའི་ཕྱིར་རོ། །རྡོ་རྗེ་ལྡན་པ་ཞེས་བྱ་བ་ནི་རྡོ་རྗེའི་ཚིག་དང་ལྡན་པའོ། །ཡང་གསུངས་པ། ཤེས་རབ་ཅན་གྱིས་གླུ་མི་སྨད། །དེ་ནི་རྣལ་འབྱོར་མ་གསོལ་འདེབས། །དེ་ལྟར་རྣལ་འབྱོར་རིག་པ་དེས། །དེ་ལྟ་བུའམ་དེ་གཞན་བྱ། ། ཞེས་སོ། །འདོད་པའི་རྩེད་མོའི་ལོངས་སྤྱོད་སྨན་ནི་རྣམ་པར་བཟའ་བས་ཏེ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྨན་ནི་ཙནྡན་དམར་པོའོ། །ཆུ་ནི་རི་དགས་ལས་སྐྱེས་པའི་ཆང་ངོ་། །རྟག་ཏུ་ག་པུར་གུར་གུམ་དག །ཅེས་བྱ་བ། འདི་དག་ཐམས་ཅད་ནི་ཁམས་བསྡུ་བར་གསལ་ལོ། ། རྒ་ཤི་ཟིལ་གྱིས་མི་ནོན་ཅིང་། །ཞེས་བྱ་བ་ནི་དུས་དྲུག་ཏུ་བྱེད་པ་རྣམས་ལའོ། །སློབ་དཔོན་མཁས་པ་དཔལ་སྦྱང་དཀའ་བའི་ཟླ་བས་མཛད་པ་ཀཽ་མུ་དི་ཞེས་བྱ་བའི་དཀའ་འགྲེལ་ལས་སྤྱོད་པའི་ལེའུ་སྟེ་དྲུག་པའོ།། །།རྒྱལ་ཚབ་ཀྱི་ཕྱོགས་ལས་རྒྱལ་བར་བྱད་པའི་སྤྱོད་པའི་ལེའུ་གསུངས་པ་དང་། འགྲོ་བའི་ཕྱིར་ལྔའི་ལེའུ་ལས། སྒྲུབ་པའི་ཐབས་དང་སྲིད་ལས་ཉམས་པ་བསྲུང་བའི་དེ་ཁོ་ནའི་ལེའུ་ལས། དེ་ཁོ་ནའི་དང་། ཟླ་བ་དང་། ཉི་མ་དང་། ཨཱ་ལི་དང་། ཀཱ་ལི་དང་། ཞེས་བྱ་བ་ལ་སོགས་པས་རིགས་ཀྱི་ལེའུ་ལས་དུས་དང་། ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ། ཞེས་བྱ་བ་ལ་སོགས་པས་སྔགས་ ཀྱི་ལེའུ་ལས་སྔགས་གསུངས་པ་དང་། ལྷན་ཅིག་པ་དང་ཡུལ་གྱི་ཡན་ལག་གཉིས་བརྗོད་པར་བྱ་བར། ཙྪོ་མའི་ལེའུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འཇིག་རྟེན་ལ་གྲགས་པ་ནི། །ལྷན་ཅིག་པ་དང་སྒྲུབ་ཐབས་དང་། །ཡུལ་དང་དུས་ཀྱི་ཆ་དག་དང་། །སྲིད་ལས་ཉམས་པ་སྲུང་བ་དང་། །སྔགས་ ཀྱི་ཡན་ལག་ལྔ་རུ་འདོད། ཅེའོ། །གྲོགས་ཀྱི་ཡན་ལག་ནི་ལྔ་རུ་འདོད་དོ། །འཇིག་རྟེན་པ་ལ་ཇི་ལྟ་བར་བསྟན་བཅོས་ལ་ཡང་བཅོམ་ལྡན་འདས་ཀྱིས་ཀྱང་ཡན་ལག་ལྔ་ཉིད་དུ་འགྱུར་བའི་ཡན་ལག་གསུངས་སོ། །ཙྪོ་མའི་ལེའུ་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོའི་ཐེ་ཚོམ་གྱིས་ཡིན་ལ། དམ་ཚིག་རིག་པའི་སྐྱེ་བོ་ནི་ འགྲོ་བ་ཡིན་ནོ། །ཙྪོ་མེ་ནི་བརྡའི་སྐད་དོ། །དེ་བརྗོད་པ་ནི་ལེའུར་བཅད་པའོ། །གང་གིས་ཞེས་བྱ་བ་ནི་ཙྪོ་མའི་ལེའུ་ཡིས་སམ། བརྡ་ཡིས་སོ། །སྤུན་ནི་དངོས་གྲུབ་བསྒྲུབ་པར་བྱ་བའི་ལྷན་ཅིག་པ་མཆོག་སྟེ། བརྡ་རིག་པའི་དཔའ་བོའོ། །སྲིང་མོ་ནི་དམ་ཚིག་གི་བརྡའི་རིག་མའོ། ། གང་གིས་ཤེས་པར་བྱ་བ་དེའི་ཙྪོ་མའི་ལེའུ་བཤད་པར་བྱའོ་ཞེས། དངོས་གྲུབ་ཀྱི་ཡན་ལག་ཏུ་གྱུར་པ་སྤུན་ལ་སོགས་པ་ལྷན་ཅིག་པ་མཆོག་གི་མཚན་ཉིད་གསུངས་ནས། ཡན་ལག་ལྔ་པ་གཡུལ་ལས་རྒྱལ་བ་གསུངས་པ། གནས་དང་ཉེ་བའི་གནས་དང་ཞེས་བྱ་བ་ལ་ སོགས་པ་སྟེ། འདི་རྣམས་ནི་བཅུ་གཉིས་ཏེ། ཞེས་འཆད་པར་གྱུར་པ་ཡུལ་སུམ་ཅུ་རྩ་གཉིས་ལས་རྒྱལ་བ་བླང་བར་བྱ་བའི་འབྲས་བུ་གསུངས་སོ། །ས་དང་གྲོགས་དང་ནོར་དང་ནི། །གཡུལ་གྱི་འབྲས་བུ་གསུམ་པོ་ཉིད། །གང་ཕྱིར་འདི་ནི་ངེས་འགྱུར་བ། །དེ་ཚེ་གཡུལ་དུ་འཇུག་པར་བྱ། ། ཞེའོ། །འདི་ནི་འཇིག་རྟེན་གྱི་ཐ་སྙད་དོ། །ཡུལ་གྱི་སྒྲས་ནི་མི་ཕྱེད་མ་ལ་སོགས་པ་རྩ་སུམ་ཅུ་རྩ་གཉིས་གསུངས་སོ། །དེ་རྣམས་ཀྱི་གནས་ལ་སོགས་པའི་རིམ་པས་རབ་ཏུ་དགའ་བ་ལ་སོགས་པ་ས་བཅུ་གཉིས་པོ་རྣམས་བསྡུ་བ་ནི་འདི་ལྟ་སྟེ། གནས་ནི་རབ་ཏུ་དགའ་བའི་ས། །དེ་ བཞིན་ཉེ་གནས་དྲི་མ་མེད། །ཞིང་ནི་འོད་བྱེད་ཤེས་པར་བྱ། །འོད་འཕྲོ་ཅན་ནི་ཉེ་བའི་ཞིང་། །ཚནྡོ་ཧ་ནི་སྦྱང་དཀའ་ཞེས། །ཉེ་བའི་ཚནྡོ་མངོན་དུ་གྱུར། །རིང་དུ་སོང་དང་མི་གཡོ་བ། །གཉིས་ནི་འདུ་དང་ཉེ་འདུ་བ། །དུར་ཁྲོད་ལེགས་པའི་བློ་གྲོས་ཉིད། །ཆོས་སྤྲིན་ཉེ་བའི་དུར་ཁྲོད་ཅེས། །འཐུང་ གཅོད་དཔེ་མེད་དེ་བཞིན་དུ། །ཉེ་བའི་འཐུང་གཅོད་ཡེ་ཤེས་ཅན། །གནས་ལ་སོགས་པ་ཀླ་ཀློའི་སྐད་ཀྱིས་གསུངས་པའོ། །འདི་རྣམས་ས་ནི་བཅུ་གཉིས་ཏེ། །ས་བཅུའི་དབང་ཕྱུག་མགོན་པོ་ཉིད། །འདི་ནི་གཞན་གྱིས་བརྗོད་མི་བྱ། །ཞེས་བྱ་བ་ལ། ས་བཅུའི་དབང་ཕྱུག་ནི་བྱང་ཆུབ་སེམས་ དཔའ་འོ། །མགོན་པོ་ནི་དེ་བཞིན་གཤེགས་པ་རྣམས་སོ། །འདི་གཉིས་ཀྱང་སའི་བརྡ་གནས་པ་དང་། ཉེ་བའི་གནས་ལ་སོགས་པ་རྣམས་ལས་ལོགས་ན་མེད་པས། དེ་ལས་གཞན་པའི་རང་བཞིན་མ་ཡིན་པའི་ཕྱིར་བརྗོད་པར་མི་བྱ་བ་ནི་དབྱེ་བར་མི་བྱ་བའོ། །མཚན་མོ་གསུངས་ནས་འདུ་བའི་ དུས་གསུངས་པ། ཉིན་པར་ཉིན་ཀྱང་རབ་བཤད་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རེ་ཞིག་དྱོ་ནི་མཐོ་རིས་ཏེ། དེ་ལས་བྱུང་བའི་བདེ་བ་ཡང་དྱོ་ཉིད་དོ། །དེ་སྨོད་པའི་ཕྱིར་ཉིན་པར་ཏེ། མཐོ་རིས་ཀྱི་འཇིག་རྟེན་གྱི་བདེ་བ་ཕུན་སུམ་ཚོགས་པ་ལས་ཤིན་ཏུ་འདས་པའོ། །དམ་ཚིག་ཅན་རྣམས་ཀྱི་ མར་གྱི་ངོའི་བརྒྱད་པ་དང་། བཅུ་བཞི་པས་མཚན་མོ་ཉིན་མོའི་བྱེ་བྲག་ཏུ་གྲགས་པ་སྔགས་པ་དེར་འདུ་བ་ནི། ཡི་དགས་ཟླ་ཕྱེད་བཅུ་བཞི་དང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཅུ་བཞི་པ་རྣམས་ཀྱི་གང་བ་ནི་བཅུ་བཞི་པ་སྟེ། ཆ་དམའ་བའི་ཚེས་ནི་བདེ་བར་དགའ་བའི་རང་གི་ངོ་བོའོ། ། བརྒྱད་པ་རྣམས་ཀྱི་གང་བ་ནི་བརྒྱད་པ་སྟེ། བཅོ་ལྔ་ལྟ་བུར་ཡང་དག་པར་གང་བ་ནི་ལྷན་ཅིག་སྐྱེས་པའི་རང་བཞིན་ཏེ་རྒྱུ་དང་ཡིད་ཆེས་པ་འདི་དག་གི་ཚེས་ནི་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ལ་འདུས་པའི་བྱ་བ་ནི། རྒྱལ་མཚན་དང་ནི་མཚོན་བསྣུན་ཉིད། །ཅེས་བྱ་བ་ལ་སོགས་པ་གསུངས་ ཏེ། རྒྱལ་མཚན་ནི་སྟེང་དུ་བཅིངས་པའོ། །མཚོན་བསྣུན་ནི་དཔའ་བོ་འཐབས་པས་ཤི་བའོ། །ལན་བདུན་པ་ནི་སྐྱེ་བ་བདུན་པའོ། །གལ་ཏེ་འདི་དག་ཐམས་ཅད་མང་བ་མ་ཡིན་པ་དེ་ལྟར་ཡང་མཚན་མོ་གསུངས་པའི་ཕྱིར། དེའི་མཚམས་ནས་ལན་བདུན་པའི་མཐར་སྤྱད་པར་བྱའོ། །ངེས་པ་ བཤད་ནས་དེ་ཉིད་ཀྱི་ཕྱིར། ཉིན་མོ་བཅོམ་ལྡན་རྡོ་རྗེ་ཅན། །མཚན་མོ་ཤེས་རབ་བརྟག་པར་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གསུངས་པའི་རིམ་པས་ཉིན་མོ་ནི་བཅོམ་ལྡན་འདས་སོ། །མཚན་མོ་ནི་ཤེས་རབ་པོ། །དེ་ལ་ཞེས་བྱ་བ་ནི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཀྱིས་རྣམ་པར་ རྟོག་པའི་མུན་པ་ཀུན་བཅོམ་པའི་ཕྱིར། །ལས་དང་ལས་མ་ཡིན་པའི་རྒྱུས་སྡུག་བསྔལ་ནུབ་པའི་རྣལ་འབྱོར་བའི་བྱ་བ་དང་། བྱ་བ་མ་ཡིན་པ་ཅི་ཡང་ཡོད་པ་མ་ཡིན་པར་བསྟན་པའི་ཕྱིར། མི་བྱ་ཅུང་ཟད་ཡོད་མ་ཡིན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱ་བ་དང་བྱ་བ་མ་ཡིན་པར་གྲགས་ པ་འདི་ནི་ལས་ཀྱི་ལུས་ཅན་གྱི་ཆོས་ཏེ། དེ་ཡང་ལས་ཀྱི་ལུས་བཅོམ་པའི་བྱང་ཆུབ་ཀྱི་སེམས་ཀྱི་རང་གི་ངོ་བོ་ལས་མ་བྱུང་པ་ཞེས་དགོངས་པའོ། །ཡིན་མོད་ཀྱི་སད་པར་གྱུར་པས་བྱང་ཆུབ་ཀྱི་སེམས་ཀྱང་རྟོགས་པར་འགྱུར་བ་སྟེ། རྣལ་འབྱོར་གྱི་གཉིད་ལ་གནས་པའི་རྣལ་འབྱོར་པ་དེས་ཅི་མི་ ཟ་བར་འགྱུར་རམ་ཞེ་ན། དེའི་ཚེ་ཅི་མི་ཟ་བར་འགྱུར་ཏེ་ཟ་བར་འགྱུར་རོ། །ཇི་ལྟར་ཟ་ཞེས་དོགས་པ་ལ། ཇི་ལྟར་བདག་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་ལ་ཞེས་བྱ་བ་ནི་དང་པོའི་དོན་ལ་བད