Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 102_དྲི་མེད་འོད།_ཤྲཱི
Văn bản gốc(Tây Tạng)
Trang 17 / 30 (50.000 ký tự/trang)
ལ་བྱེད་མཚན་ཉིད་རྣམས། །ཆུ་ཡི་ཁམས་ལས་ཡང་དག་བྱུང་། །མེ་ལས་སྐྱེས་པ་རྣམས་ཀྱི་དགྲ། །ལྀ་ཏུ་ལ་ས་སོ་སྐྱེས་གང་། །དབྱངས་དང་གསལ་བྱེད་མཚན་ཉིད་རྣམས། །ས་ཡི་ཁམས་ལས་ཡང་དག་བྱུང་། ། རླུང་ལས་སྐྱེས་པ་རྣམས་ཀྱི་དགྲ། །རྟག་ཏུ་རླུང་གི་གྲོགས་པོ་མེ། །ཐ་མལ་པ་ཆུ་ནུས་མེད་ཕྱིར། །མེ་ཡི་གྲོགས་པོ་རླུང་ཡིན་ཏེ། །ཐ་མལ་པ་ས་ནུས་མེད་ཕྱིར། །ཆུ་ཡི་གྲོགས་པོ་ས་ཡིན་ཏེ། །ཐ་མལ་པ་མེ་ནུས་མེད་ཕྱིར། །ས་ཡི་གྲོགས་པོ་ཆུ་ ཡིན་ཏེ། །ཐ་མལ་པ་ནི་རླུང་ཉིད་དོ། །ཨོྃ་གྱི་ཡི་གེ་སྤངས་ནས་ཀྱང་། །སྔགས་ཀྱི་དང་པོའི་ཡི་གེའི་རིགས། །དེ་ཉིད་སྔགས་རྣམས་དག་གི་ཐུགས། །གཟུགས་ནི་རྫོགས་པའི་རྒྱུ་ཡིན་ནོ། །གང་ཚེ་སྔགས་ཀྱི་དང་པོ་ཡི། །ཡི་གེ་གསལ་བྱེད་གཞན་ བརྩེགས་ན། །དེ་ཚེ་ཐོག་མར་བརྗོད་པའི་སླད། །དེ་དག་ལས་ནི་དང་པོ་གཟུང་། །དབྱངས་དང་གསལ་བྱེད་དབྱེ་བ་ཡིས། །དེ་ཉིད་རྣམ་པ་གཉིས་སུ་འགྱུར། །སྲོག་གི་དགྲ་དང་གྲོགས་པོ་དང་། །ལུས་ཀྱི་ཡང་ནི་བརྗོད་པར་བྱ། །སྲོག་གི་དགྲ་དང་ གྲོགས་པོའམ། །ཐ་མལ་པ་ནི་དབྱངས་སུ་བརྗོད། །ལུས་ཀྱི་དགྲ་གྲོགས་ཐ་མལ་པ། །གསལ་བྱེད་རྣམས་ཀྱི་བདག་ཉིད་དོ། །དབྱངས་ཀྱི་དགྲ་ཡིས་སྒྲུབ་པ་པོའི། །སྲོག་འཕྲོག་པར་ནི་ཐེ་ཚོམ་མེད། །གསལ་བྱེད་མཚན་ཉིད་དགྲ་ཡིས་ནི། །ལུས་ ལན་ད་ལ་སོགས་པ་བྱེད། །སྡེ་པ་གཅིག་ལའང་ཀ་ལ་སོགས། །གསལ་བྱེད་ཆོས་ཅན་ལྔ་རྣམས་གང་། །དེ་རྣམས་ས་ལ་སོགས་པའི་རིགས། །སྔགས་སྒྲུབ་པ་ལ་ཤེས་པར་བྱ། །ང་ཉ་ཎ་མ་ནན་འདི་རྣམས། །རླུང་སོགས་ལས་སྐྱེས་རྣམས་ཀྱི་གྲོགས། ། གྷ་ཛྷ་ཌྷ་བྷ་དྷ་དྷ་འདི་རྣམས། །ཆུ་ལས་སྐྱེས་པ་རྣམས་ཀྱི་དགྲ། །ག་ཛ་ཌ་བ་དད་འདི་རྣམས། །ས་ལས་སྐྱེས་པ་རྣམས་ཀྱི་དགྲ། །ཁ་ཚ་ཋ་ཕ་ཐ་ཐ་འདི་རྣམས། །མེ་ལས་སྐྱེས་པ་རྣམས་ཀྱི་དགྲ། །ཀ་ཙ་ཊ་པ་ཏ་ཏ་འདི་རྣམས། །རླུང་ལས་སྐྱེས་པ་རྣམས་ཀྱི་དགྲ། ། སྔགས་ཀྱི་དང་པོར་གནས་ཡི་གེ། །རང་གི་སྡེ་པའམ་གཞན་ལ་ཡང་། །སྒྲུབ་པ་པོ་ཡི་ཡི་གེ་གཉིས། །སྐྱེ་བ་ལས་སྐྱེས་མིང་སྐྱེས་འགྱུར། །ཞེས་པ་ལ་སོགས་པ་རྩ་བའི་རྒྱུད་ལས་བཅོམ་ལྡན་འདས་ཀྱི་ངེས་པའོ། །སླར་ཡང་དེ་ཉིད་ལས་དང་པོའི་ཡི་གེའི་ ལས་རྣམ་པ་དྲུག་གསུངས་པ་འདི་ལྟ་སྟེ། སྔགས་ཀྱི་དང་པོར་གསལ་བྱེད་དམ། །དབྱངས་རྣམས་བསྒྲུབ་པར་བྱ་བའི་སླད། །བསྙེན་དང་བཟླས་པ་བྱེད་རྣམས་ལ། །འདི་ཡི་ལས་ནི་རྣམ་དྲུག་གསུངས། །དང་པོར་བསྣུན་པར་བྱ་བ་སྟེ། །དེ་ནས་དབབ་ དང་བསྲེག་པ་དང་། དེ་ནས་སྔགས་པས་བསླང་བ་དང་། །དེ་ནས་རྒྱས་དང་མཉེས་པའོ། །རྣམ་པར་བཅད་བཅས་སྟོང་པ་ཡིས། །སྔགས་ཀྱི་སྔོན་འགྲོ་མནན་པ་ནི། །མཚོན་ཆའི་རྒྱལ་པོས་བསྣུན་པ་སྟེ། །བརྒྱལ་བའི་གནས་སྐབས་ཐོབ་པར་འགྱུར། ། ཐུགས་ཀྱི་བཟླས་པ་འབུམ་གྱིས་ནི། །བརྒྱལ་བར་གྱུར་པའི་སྔགས་ཀྱི་ལྷ། །ང་རྒྱལ་ཡོངས་སུ་སྤངས་པ་ནི། །སྒྲུབ་པ་པོ་ཡི་དབང་དུ་འགྱུར། །དེ་བཞིན་རླུང་གིས་མནན་ན་དེ། །རྣལ་འབྱོར་པ་ལ་ཕེབས་པར་འགྱུར། །མེ་ཡིས་མནན་ན་བསྲེགས་པར་འགྱུར། ། དེ་བཞིན་ཆུ་ཡིས་བསླང་བར་འགྱུར། །ས་ནི་སྤྱི་བོར་གནས་པ་དག །བཟླས་ན་ལྷ་ནི་རྒྱས་པར་འགྱུར། །སྤྱི་བོར་ཐིག་ལེའི་ཆས་མནན་ན། །མཉེས་པས་མཆོག་ནི་སྟེར་བར་འགྱུར། །དེ་ལྟར་དྲུག་འབུམ་བཟླས་པ་ནི། །དང་པོའི་སངས་རྒྱས་རྒྱུད་ཆེན་ལས། ། འདོད་པ་གྲུབ་སླད་བདེ་གཤེགས་ཀྱིས། །སྔོན་དུ་བསྙེན་པ་རྣམས་སུ་གསུངས། །ཕཊ་ཡིག་དེ་བཞིན་ཧཱུྃ་བཽ་ཥ་ཊ། །ན་མཿསྭཱ་ཧཱ་བ་ཥ་ཊ་རྣམས། །ལས་དྲུག་ལ་ནི་གྲངས་བཞིན་དུ། །སྔགས་མཐར་བརྟུལ་ཞུགས་ཅན་གྱིས་བྱ། །དང་པོར་རྣམ་སྣང་མཛད་བྱིན་ ནས། །སླར་ཡང་བཟླས་པ་ཡང་དག་བརྩམ། །དེ་ནས་བྱེ་བ་བཟླས་བྱས་ནས། །སྦྱིན་སྲེག་བཅུ་ཡི་ཆ་ཤས་ཀུན། །རྒྱུད་ལས་གསུངས་པའི་ཆོ་གས་བྱ། །དེ་ནས་ལྷ་ནི་འགྲུབ་འགྱུར་ཏེ། །སྔགས་པ་རྣམས་ལ་གྲུབ་པ་དེས། །མཆོག་ དང་གང་ཞིག་དོན་གཉེར་སྟེར། །རིགས་གཞན་དང་ནི་བྱ་བ་གཞན། །དུས་དང་དེ་བཞིན་སྔགས་ཀྱི་རིགས། །གནས་དང་ཕྱོགས་དང་གདན་གཞན་གྱི། །ལས་རྣམས་ཀུན་ལ་འབྲས་བུ་མེད། །གླེགས་བམ་དག་ལས་བཀླགས་པའི་སྔགས། །མན་ངག་ རྣམ་པར་སྤངས་རྣམས་ཀྱིས། །སྒྲུབ་པ་རབ་ཏུ་བྱེད་པའི་མི། །གང་དེས་ལ་ཉོན་མོངས་འགྱུར། །གལ་ཏེ་གླེགས་བམ་ལས་རྙེད་ན། །མན་ངག་ཅེས་བྱ་དེ་ནི་ཅི། །ཇི་ལྟར་བྲིས་པ་བཀླགས་པ་ནི། །དྲང་བའི་དོན་གྱིས་རབ་སྟོན་ཏོ། །སྔགས་ཀྱི་དམ་པའི་ དངོས་སྤངས་རྣམས། །གླེགས་བམ་བཀླགས་པའི་སྔགས་རྣམས་ཀྱིས། །ལྷ་ལ་སོགས་རྣམས་སྒྲུབ་པ་པོ། །ནམ་མཁའ་དག་ནི་ཟ་བར་འདོད། །རང་སེམས་བརྟན་པའི་བརྩོན་འགྲུས་ཀྱིས། །སྔགས་ཀྱི་བཟླས་པས་སྒྲུབ་པ་པོ། །གཞན་དོན་གཉེར་བ་ རྣམས་ཀྱི་ནི། །འདོད་པའི་འཇིག་རྟེན་དངོས་གྲུབ་འགྱུར། །སྔགས་བཟླས་དེ་བཞིན་སྦྱིན་སྲེག་དང་། མཆོད་རྟེན་མཆོད་པའི་ཆོག་རིམ་གྱིས། །ཚིག་འདི་ཇི་ལྟར་གྱུར་པ་བཞིན། །བརྩེ་བས་དམན་ན་འགྲུབ་མི་འགྱུར། །དེ་ཕྱིར་འབད་པ་ཐམས་ཅད་ཀྱིས། ། སྟོན་པ་བྱང་ཆུབ་སེམས་དཔའ་དང་། །ལྷ་རྣམས་སྒྲུབ་པའི་སླད་དུ་ནི། །དེ་ཉིད་མཁས་པས་གཟུང་བར་བྱ། །ཞེས་པ་སྟེ་དེ་ལྟར་སྔོན་དུ་བསྙེན་པ་བྱས་ནས་ཐུགས་ཀྱི་ཡི་གེ་བསྒྲུབ་པར་བྱའོ། །འདིར་སྔགས་ལ་བསྣུན་པ་ལ་སོགས་པ་ནི་འདི་ལྟ་སྟེ། དང་པོར་སྒྲོལ་ མའི་སྔགས་བསྟན་པར་བྱ་སྟེ། རྣམ་པ་དེས་གཞན་ལ་ཡང་ཤེས་པར་བྱའོ། །ཨོྃ་ཧྟཱཿཕཊ་ཅེས་པའི་སྔགས་ཀྱིས་བསྣུན་པ་སྟེ་འབུམ་བཟླས་སོ། །ཨོྃ་ཡྟཱཿཧཱུྃ་ཞེས་པ་ནི་དབབ་པའོ། །ཨོྃ་ཪྟཱཿགཽ་ཥ་ཊ་ཅེས་པ་ནི་བསྲེག་པའོ། །ཨོྃ་ཝྟཱཿན་མཿཞེས་པ་ནི་བསླང་བའོ། ། ཨོྃ་ལྟཱཿསྭཱ་ཧཱ་ཞེས་པ་ནི་རྒྱས་པའོ། །ཨོྃ་ཏཱཾ་ཝ་ཥ་ཊ་ཅེས་པ་ནི་མཉེས་པའོ། །བཟླས་པ་དྲུག་འབུམ་དང་སྦྱིན་སྲེག་དྲུག་ཁྲི་བྱས་ཏེ། དེ་ནས་ཨོྃ་ཏཱ་རེ་སྭཱ་ཧཱ་ཞེས་པ་གསུང་རྡོ་རྗེའི་བཟླས་པ་འབུམ་ཕྲག་བཅུ་དང་སྦྱིན་སྲེག་བཅུ་ཆའོ། །དེ་ནས་ཨོྃ་ཏཱ་རེ་ཏུ་ཏ་ཏཱ་རེ་ཏུ་རེ་སྭཱ་ཧཱ་ ཞེས་པ་སྐུ་རྡོ་རྗེའི་བཟླས་པ་བྱེ་བའི་མཐར་ཐུག་པ་དང་འབུམ་ཕྲག་བཅུའི་སྦྱིན་སྲེག་བྱ་སྟེ། དེ་ལྟར་ན་རྣལ་འབྱོར་པ་རྣམས་ལ་སྔགས་ཀྱི་ལྷ་མཆོག་སྟེར་བར་འགྱུར་གྱི་རྣམ་པ་གཞན་དུ་ནི་མ་ཡིན་ནོ། །ཐུགས་དང་གསུང་དང་སྐུའི་དབྱེ་བ་རྣམས་ཀྱིས་བསྒོམ་པར་བྱ་ བ་དང་མཆོད་པར་བྱ་བ་དང་བཟླས་པར་བྱ་བའི་སྔགས་སོ་སོར་འབུམ་ཕྲག་དྲུག་དང་འབུམ་ཕྲག་བཅུ་དང་འབུམ་ཕྲག་བརྒྱའོ་ཞེས་པ་ནི་རྩ་བའི་རྒྱུད་ལས་བཅོམ་ལྡན་འདས་ཀྱི་ངེས་པའོ། །ད་ནི་རིལ་བུའི་སྒྲུབ་པ་གསུངས་པ་གྲུབ་པ་ཞེས་པ་ལ་སོགས་པ་སྟེ། འདིར་དང་པོར་ རིལ་བུ་སྒྲུབ་པའི་སྔགས་སྔར་གསུངས་པའི་ཆོ་གས་བསྒྲུབས་ནས། ཨོྃ་ཀཱ་ལ་ཙཀྲ་ཨཱ་ཛྙཱ་སིད་དྷ་གུ་ལི་ཀཱཾ་སཱ་དྷ་ཡ་སྭཱ་ཧཱ། དེ་ནས་རིལ་བུ་བསྒྲུབ་པའི་སླད་དུ་ལྷས་རབ་ཏུ་གནང་བར་འགྱུར་ཏེ་དེ་ལ་འདི་ནི་ཆོ་གའོ། །གྲུབ་པ་ཞེས་པ་ནི་དབང་གི་ལེའུ་ལས་ གསུངས་པ་མཁའ་ལ་སྤྱོད་པ་སུམ་ཅུ་རྩ་དྲུག་པོ་རྣམས་ལྔ་དང་དྲུག་དང་བཅུ་དང་བརྒྱད་དང་བརྒྱད་ནི་སྡེ་ཚན་ཏེ། དེ་རྣམས་ལས་སྡེ་ཚན་གཅིག་གི་ཤ་བསྒྲུབས་ནས་གྲིབ་མ་ལ་བསྐམས་པ་བདུད་རྩི་ལྔ་དང་ལྷན་ཅིག་ཏུ་ཕྱེ་མར་བྱས་ཏེ། དེ་ནས་མི་བསྐྱོད་པས་སྦྲུས་ནས་ ཙ་ཎ་ཀའི་ཚད་ཀྱི་རིལ་བུ་བྱས་ཏེ་དེ་ལྟར་ན་གྲུབ་པ་ཞེས་པའོ། །ལྕགས་གསུམ་གྱིས་བཅིངས་ཞེས་པ་ནི་འདིར་སྐུ་དང་། གསུང་དང་ཐུགས་ཀྱི་དག་པས་ཟླ་བ་དང་ཉི་མ་དང་སྒྲ་གཅན་གྱི་དབྱེ་བས་དངུལ་དང་ཟངས་དང་ཁབ་ལེན་གྱི་ལྕགས་ཏེ། སོ་སོར་བཅིངས་པ་ ནི་ལྕགས་གསུམ་གྱིས་བཅིངས་པའོ། །མཁའ་ལ་འགྲོ་བའི་ཤ་ཡི་རིལ་བུ་འཆད་པར་འགྱུར་བའི་རིམ་པས་བསྒྲུབས་པ་ནི་མཁའ་ལ་སྤྱོད་པ་ཉིད་དག་སྟེར་རོ། །དེ་བཞིན་དུ་ཁྱི་དང་རྟ་ལ་སོགས་པ་ས་ལ་སྤྱོད་པ་དང་ཆུ་ལ་སྤྱོད་པ་རྣམས་ཀྱི་ལུས་ཀྱི་ཤ་རྣམས་ཀྱི་རིལ་བུ་ གྲུབ་པ་ལྕགས་གསུམ་གྱིས་བཅིངས་པས་ལུས་ལ་བཀྲེས་སྐོམ་སོགས་དང་། ནད་རྣམས་འཕྲོག་པར་བྱེད་དོ་ཞེས་པ་རིལ་བུ་སྒྲུབ་པའི་ངེས་པའོ། །ད་ནི་མིག་སྨན་སྒྲུབ་པ་གསུངས་པ་དེ་དག་རྣམས་ཀྱི་ཞེས་པ་ལ་སོགས་པ་སྟེ། འདིར་མིག་ སྨན་སྒྲུབ་པའི་སྔགས་སྔར་བཞིན་བསྒྲུབས་ནས་དེ་ནས་མིག་སྨན་བསྒྲུབ་པར་བྱའོ། །ཨོྃ་ཀཱ་ལ་ཙཀྲ་ཨཱ་ཛྙཱ་སིད་དྷཱཉྫཱ་ནཾ་སཱ་དྷ་ཡ་སྭཱ་ཧཱ། དེ་ནས་མཁའ་ལ་འགྲོ་བ་རྣམས་ཀྱི་མིག་རྣམས་བླངས་ནས་ཕྱེ་མ་ཞི་བ་མོར་བྱས་ཏེ། བྱང་ཆུབ་ཀྱི་སེམས་ཀྱིས་སྦྲུ་བར་ བྱའོ། །མིག་སྨན་དེ་ཉིད་ནི་གཏེར་བསྒྲུབ་པའི་སླད་དུ་ས་རབ་ཏུ་འབྱེད་པར་འགྱུར་རོ། །མཁྲིས་པ་རྣམས་ཀྱིས་ཞེས་པ་ནི། ཁྱི་དང་རྟ་ལ་སོགས་པ་རྣམས་ཀྱི་མཁྲིས་པ་རྣམས་ཀྱིས་མིག་སྨན་བྱས་ནས། བུད་མེད་ཀྱི་མེ་ཏོག་གིས་སྦྲུ་བར་བྱའོ། ། མིག་སྨན་དེ་ཉིད་ནི་མི་སྣང་བའི་ཡུལ་ལ་མི་སྣང་བར་བྱེད་ཅིང་དབང་དུ་བྱ་བའི་ཡུལ་ལ་ན་ཆུང་གི་ཡིད་འཕྲོག་པར་འགྱུར་ཏེ། དཔལ་ལྡན་དུར་ཁྲོད་དུ་ནི་བསྒྲུབས་པའོ། །དེ་ལ་འདི་ནི་ཆོ་ག་སྟེ་ནག་པོའི་བརྒྱད་ཀྱི་མཚན་མོའམ། ཡང་ན་མ་ནུའི་ཉིན་ཞག་ལ་ ཞེས་པ་ནག་པོའི་བཅུ་བཞིའི་མཚན་མོ་དཀྱིལ་འཁོར་བཞེངས་བྱས་ནས། སྔར་གསུངས་པའི་ལྷ་མིན་དབང་པོའི་སྒྲུབ་པ་ལས་བསྲུང་བ་སྔར་གསུངས་པ་གང་ཡིན་པ་དག་ཀྱང་ཀུན་ནས་བྱས་ཏེ། དེ་ནས་དེའི་དབུས་སུ་དཀྱིལ་འཁོར་གྱི་ལྟེ་བ་ལ་རིལ་བུའམ། མིག་སྨན་ཐོད་པར་གནས་པ་གཞག་པར་བྱའོ། །དེ་ལྟར་དེ་ཡི་དབུས་སུ་ཤ་ཡི་རིལ་བུ་རྣམས་སམ། མིག་སྨན་ནི་བྱས་ནས་ཤིན་ཏུ་དྲི་བཟངས་མེ་ཏོག་རྣམས་ཀྱིས་ཡང་དག་མཆོད་ཅིང་། དེ་བཞིན་དུ་སྔར་གསུངས་པའི་གཏོར་མ་ལ་སོགས་པ་བྱིན་ལ། དེ་ ནས་སྔར་གསུངས་པའི་སྔགས་ཀྱི་བཟླས་པ་ཆོ་ག་འདིས་རབ་ཏུ་བྱའོ། །དུས་ཀྱི་འཁོར་ལོའི་བཀས་ཇི་སྲིད་རིལ་བུའམ། མིག་སྨན་རྣམས་འོད་ཟེར་འཕྲོ་བའི་བར་དེ་སྲིད་དུ་སྔགས་བཟླས་པར་བྱའོ། །དེ་ནས་ཏེ་དེའི་མཚམས་སུ་བླངས་ལ་གཟུང་བར་བྱའོ། ། གལ་ཏེ་འོད་ཟེར་མི་འཕྲོ་ན་དེའི་ཚེ་ཡང་ཇི་སྲིད་ལྷས་རབ་ཏུ་གནས་པར་གྱུར་གྱི་བར་དུ་སྔགས་བསྒྲུབ་པར་བྱའོ། །དེ་ནས་རིལ་བུ་བཟུང་བའི་གྲངས་ཀྱི་མི་རྣམས་རིལ་བུའི་རིག་པ་འཛིན་པར་འགྱུར་རོ། །དེ་བཞིན་དུ་མིག་སྨན་གྱི་རིག་པ་འཛིན་པའོ། །རལ་གྲིས་རལ་གྲིའི་ རིག་པ་འཛིན་པ་སྟེ། དེ་བཞིན་དུ་རིན་པོ་ཆེ་ལ་སོགས་པས་ཀྱང་ངོ་། །དེ་ལ་སྔགས་ནི། ཨོྃ་ཀཱ་ལ་ཙཀྲ་ཨཱ་ཛྙཱ་སིད་དྷ་ཁ་ཌ་གཾ་སཱ་དྷ་ཡ་སྭཱ་ཧཱ། དེ་བཞིན་དུ་རིན་པོ་ཆེ་ལ་སོགས་པ་རྣམས་ལ་དང་པོར་ཀཱ་ལ་ཙཀྲ་ཞེས་པ་ངེས་པའོ། །དེ་ལ་ལྕགས་ཀྱི་རལ་གྲི་ བྱས་ནས་ལྷའི་ངེས་པས་བསྒྲུབ་པར་བྱའོ། །ཤེལ་གྱི་རིན་པོ་ཆེ་དང་། དངུལ་གྱི་པདྨ་དང་། གསེར་གྱི་འཁོར་ལོ་དང་། ལྕགས་ཐམས་ཅད་ཀྱི་རང་བཞིན་གྱི་རྡོ་རྗེ་དང་། དེ་བཞིན་དུ་དྲིལ་བུ་དང་། ལྕགས་ཀྱི་གྲི་གུག་བྱས་ནས་སོ། །མཚན་མ་ བསྒྲུབ་པའི་ངེས་པ་སྟེ། དེ་བཞིན་དུ་རྩེ་གསུམ་དང་དགྲ་སྟ་ལ་སོགས་པའི་མཚོན་ཆ་ཐམས་ཅད་བསྒྲུབ་པར་བྱའོ། །དུས་ཀྱི་འཁོར་ལོའི་བཀས་མཚོན་ཆ་གང་དང་གང་བསྒྲུབས་པ་དེ་མཚན་མ་དེས་དེའི་རིགས་ཀྱི་རིག་པ་འཛིན་པར་འགྱུར་རོ། །ཅི་སྟེ་ལྷའི་ ངེས་པས་གྲུབ་པའི་བཅུད་བཞིན་དུ་སྐྱེ་བ་བདུན་དུ་འཁོར་བ་དང་ཕྲད་ན། སྒྲུབ་པ་མེད་པར་ཡང་མཁའ་ལ་སྤྱོད་པ་རྣམས་གྲུབ་པར་འགྱུར་རོ་ཞེས་པ་ནི་རྩ་བའི་རྒྱུད་ལས་ངེས་པ་སྟེ། རིལ་བུ་ལ་སོགས་པ་སྒྲུབ་པའི་ཆོ་གའོ། །དེ་ནས་ཚིགས་སུ་བཅད་པ་ བདུན་ཅུ་ལྷག་པའི་བརྒྱ་པ་ནས། མཁའ་ལྡིང་གི་ཚིགས་སུ་བཅད་པ་བཅུ་བཞི་ནི་གོ་སླ་སྟེ་དེས་ན་འདིར་མ་བྲིས་སོ། །ད་ནི་ཞི་བ་ལ་སོགས་པ་ལ་འཁྲུལ་འཁོར་གསུངས་པ་རིག་བྱེད་ཅེས་པ་ལ་སོགས་པ་སྟེ། འདིར་དབང་གི་ལེའུ་ལས་གསུངས་པའི་ནྱ་གྲོ་ དྷའི་འདབ་མ་ལ་སོགས་པ་ལ་ཤྲཱི་ཁཎྜ་ལ་སོགས་པ་དང་། ཙནྡན་ལ་སོགས་པའི་སྨྱུ་གུས་ཞི་བ་ལ་སོགས་པའི་འཁྲུལ་འཁོར་བྲི་བར་བྱའོ། །དེ་ལ་འདི་ནི་རིམ་པ་སྟེ་དང་པོའི་ཟླུམ་སྐོར་ལ་འདབ་མ་བཞི་དང་། གཉིས་པ་ལ་བརྒྱད་དང་། གསུམ་པ་ལ་ བཅུ་དྲུག་དང་། བཞི་པ་ལ་སུམ་ཅུ་རྩ་གཉིས་དང་། ལྔ་པ་ལ་དྲུག་ཅུ་རྩ་བཞི་དང་། དྲུག་པ་ལ་སུམ་ཅུ་རྩ་གཉིས་སོ། །ཇི་ལྟར་ལུས་ལ་གཙུག་ཏོར་དང་། སྙིང་ཁ་དང་། དཔྲལ་བ་དང་། མགྲིན་པ་དང་། ལྟེ་བ་དང་། གསང་བ་ན་འཁོར་ ལོ་དྲུག་ཡོད་པ་དེ་བཞིན་དུ་འཁྲུལ་འཁོར་བྲི་བ་ལ་ཟླུམ་སྐོར་དྲུག་གོ། །དེ་ལ་འདབ་མ་བཞིའི་དབུས་སུ་བསྒྲུབ་བྱའི་མིང་ངོ་། །རིག་བྱེད་ཅེས་པ་འདབ་མ་བཞི་ལ་ཕྱོགས་སུ་དང་པོར་ཨ་ཨཾ་ཟུང་ཞེས་པ་ནི་ཤར་དུ་ཨ། བྱོད་དུ་ཨཾ། ནུབ་ཏུ་ཨཱ། ལྷོར་ཨཿཞེས་པ་ནི་ ཟླུམ་སྐོར་དང་པོ་ལའོ། །ཆུ་སྐྱེས་འདབ་བརྒྱད་ཅེས་པ་ནི་ཨི་ལ་སོགས་པ་འདབ་བརྒྱད་ལ་ཞེས་པ་སྟེ། ཤར་དང་མེར་ཨི་ཨཱི། གཤིན་རྗེ་དང་བདེན་བྲལ་དུ་རྀ་རཱྀ། བྱང་དང་དབང་ལྡན་དུ་ཨུ་ཨཱུ། ནུབ་དང་རླུང་དུ་ལྀ་ལཱྀ་ཞེས་པ་ནི་ཟླུམ་སྐོར་གཉིས་པ་ལའོ། ། དེ་བཞིན་དུ་མི་ཡི་བདག་པོ་ཞེས་པ་ནི་ཟླུམ་སྐོར་གསུམ་པའི་འདབ་མ་བཅུ་དྲུག་ལ་ཨེ་ཡ་ལ་སོགས་ཞེས་པ་སྟེ། ཤར་ལ་སོགས་པའི་འདབ་མ་བཞི་ལ་ཨེ་ཨཻ་ཡ་ཡཱའོ། །ལྷོའི་འདབ་མ་རྣམས་ལ་ཨར་ཨཱར་ར་རཱའོ། །བྱང་གི་འདབ་མ་རྣམས་ལ་ཨོ་ཨཽ་ཝ་ཝཱའོ། ། ནུབ་ཀྱི་འདབ་མ་རྣམས་ལ་ཨ་ལ་ཨཱ་ལ་ལ་ལཱ་ཞེས་པ་ནི་ཟླུམ་སྐོར་གསུམ་པ་ལའོ། །སོ་ཞེས་པ་འདབ་མ་སུམ་ཅུ་རྩ་གཉིས་རྣམས་ལ་ཀ་སོགས་གསུམ་གྱིས་བསྒྱུར་བའི་བཅུ་ཞེས་པ་སུམ་ཅུ་དང་ཧཀྵ་ཞེས་པ་གཉིས་སྐྱེས་ལའོ། །དེ་ལ་ཤར་གྱི་དང་པོའི་འདབ་མ་ལྔ་པོ་རྣམས་ ལ་ཙ་ཚ་ཛ་ཛྷ་ཉ་དང་། ལྷོའི་འདབ་མ་ལྔ་རྣམས་ལ་ཊ་ཋ་ཌ་ཌྷ་ཎ་དང་། བྱང་གི་འདབ་མ་རྣམས་ལ་པ་པ་བ་བྷ་མ་དང་། ནུབ་ཀྱི་འདབ་མ་ལྔ་རྣམས་ལ་ཏ་ཐ་ད་དྷ་ནའོ། །དེ་བཞིན་དུ་དབང་ལྡན་ནས་བརྩམས་ནས་ཤར་དུ་འདབ་མ་གསུམ་ལ་མ་ཡིག་ནས་བརྩམས་ ཏེ་ཀ་ཁ་གའོ། །མེ་ནས་བརྩམས་ནས་ལྷོར་འདབ་མ་གསུམ་ལ་ཉ་ཡིག་ནས་བརྩམས་ཏེ་གྷ་ད་ཀྵའོ། །བདེན་བྲལ་ནས་བརྩམས་ནས་ནུབ་ཏུ་འདབ་མ་གསུམ་ལ་ཎ་ཡི་གནས་བརྩམས་ཏེ་ས་ྉྤ་ཥའོ། །རླུང་ནས་བརྩམས་ནས་བྱང་དུ་འདབ་མ་གསུམ་ལ་ ན་ཡིག་ནས་བརྩམས་ཏེ་ཤ་ྈྐ་ཧའོ། །དེ་ལྟར་འདབ་མ་སུམ་ཅུ་རྩ་གཉིས་པོ་རྣམས་ལ་སྟེ་ཟླུམ་སྐོར་བཞི་པ་ལའོ། །ཆུ་གཏེར་དྲུག་ཅེས་པ་འདབ་མ་དྲུག་ཅུ་རྩ་བཞི་ལ་སྟེ། ཐུན་མཚམས་འདབ་མ་བཞི་པོ་རྣམས་ལ་ཤར་དང་། ལྷོ་དང་། བྱང་དང་། ནུབ་ཏུ་བསྒྲུབ་བྱའི་མིང་སྟེ་དབུས་སུ་ཇི་ལྟ་བ་བཞིན་ནོ། །དེ་ལྟར་གནས་ལྔར་བསྒྲུབ་བྱའི་མིང་ངོ་། །ཚེས་ཀྱིས་བསྒྱུར་བའི་དུས་ལ་ཞེས་པ་འདབ་མ་དྲུག་ཅུ་པོ་རྣམས་ལ་གྲངས་བཞིན་དུ་ལ་མཐའ་དབྱངས་དང་བཅས་པ་རྣམས་ཞེས་པ་ནི་ཧ་ཡ་ར་ཝ་ལ་རྣམས་ དབྱངས་དང་བཅས་པ་ཞེས་པ་དབྱངས་བཅུ་གཉིས་དང་བཅས་པ་སྟེ་འདབ་མ་དྲུག་ཅུ་པོ་རྣམས་ལའོ། །དེ་ནས་ཤར་ལ་སོགས་པའི་བསྒྲུབ་བྱའི་མིང་ལས་གཡས་སྐོར་གྱིས་ཡ་ཡཱ་ཡི་ཡཱི་ཡྼྀ་ཡྼཱྀ་ཡུ་ཡཱུ་ཡླྀ་ཡླཱྀ་ཡཾ་ཡཿཞེས་པ་འདབ་མ་བཅུ་གཉིས་ལའོ། །དེ་ནས་ ལྷོར་བསྒྲུབ་བྱའི་མིང་ལས་ར་རཱ་རྀ་རཱྀ་རྼྀ་རྼཱྀ་རུ་རཱུ་རླྀ་རླཱྀ་རཾ་རཿཞེས་པ་འདབ་མ་བཅུ་གཉིས་ལའོ། །བྱང་དུ་བསྒྲུབ་བྱའི་མིང་ལས་ཝ་ཝཱ་ཝི་ཝཱི་ཝྼྀ་ཝྼཱྀ་ཝུ་ཝཱུ་ཝླྀ་ཝླཱྀ་ཝཾ་ཝཿ ཞེས་པ་འདབ་མ་བཅུ་གཉིས་ལའོ། །ནུབ་ཏུ་བསྒྲུབ་བྱའི་མིང་ལས་ལ་ལཱ་ལི་ལཱི་ལྼྀ་ལྼཱྀ་ལུ་ལཱུ་ལླྀ་ ལླཱྀ་ལཾ་ལཿཞེས་པ་འདབ་མ་བཅུ་གཉིས་ལའོ། །དེ་ནས་ཤར་དུ་བསྒྲུབ་བྱའི་ཕ་རོལ་གྱི་འདབ་མ་ལ་ཧའོ། །ནུབ་ཏུ་ཧཱ་ལྷོར་ཧཿབྱང་དུ་ཧཾ་སྟེ། དེ་བཞིན་དུ་གཡོན་སྐོར་གྱིས་ཧི་ཧཱི་དབང་ལྡན་གྱི་མཐར་རོ། །ཧྼྀ་ཧྼཱྀ་མེའི་མཐར་རོ། །ཧུ་ཧཱུ་རླུང་གི་མཐར་རོ། །ཧླྀ་ ཧླཱྀ་བདེན་བྲལ་གྱི་མཐར་རོ། །བསྒྲུབ་བྱའི་མིང་གི་ཡི་གེ་དང་པོ་ནི་ལྟེ་བ་ལའོ། །གཉིས་པ་ནི་ཤར་གྱི་ཐུན་མཚམས་ཀྱི་འདབ་མ་ལའོ། །གསུམ་པ་ནི་ལྷོར་དང་བཞི་པ་ནི་བྱང་དུ་དང་ལྔ་པ་ནི་ནུབ་ཏུ་སྟེ། དེ་རྣམས་ཧུྃ་ཨཱཿཨོྃ་ཧོ་ཞེས་པ་ཐུགས་དང་གསུང་ དང་སྐུ་དང་ཡེ་ཤེས་ཀྱི་ཡི་གེ་མིང་གི་ཡི་གེ་དང་པོ་དང་བཅས་པ་རྣམས་བྲི་བར་བྱའོ། །ཡང་ན་ཨ་སོགས་དབྱངས་ནི་རེ་རེ་དག་གིས་ཆུ་སྲིན་བུམ་པའི་དབང་ལས་རིང་པོ་ཐུང་ངུ་དག་ཀྱང་ལྔ་ཞེས་པ་སྟེ། འདིར་ཆུ་སྲིན་ལ་སོགས་པའི་དུས་སྦྱོར་རྣམས་ཀྱི་ལྷག་པའི་ ལྷ་ནི་ཀཱ་ཁཱ་གཱ་གྷཱ་དཱ་ཞེས་པ་ལ་སོགས་པའོ། །ཤར་དུ་བསྒྲུབ་བྱའི་ཐུགས་ཀྱི་ཡི་གེ་ནས་གཡས་སྐོར་གྱིས་ཉ་ལ་ཙཱ་ཚཱ་ཛཱ་ཛྷཱ་ཉཱའོ། །དེ་བཞིན་དུ་ལུག་ལ་ཉ་ཛྷ་ཛ་ཚ་ཙ་སྟེ་དེ་ལྟར་འདབ་མ་བཅུ་ལའོ། །དེ་བཞིན་དུ་ལྷོར་གསུང་རྡོ་རྗེ་ནས་ཊཱ་ ལ་སོགས་པ་བཅུ་དང་། བྱང་དུ་སྐུ་རྡོ་རྗེ་ནས་པཱ་ལ་སོགས་པ་བཅུ་དང་། ནུབ་ཏུ་ཡེ་ཤེས་རྡོ་རྗེ་ནས་ཏཱ་ལ་སོགས་པ་བཅུའོ། །ལྷག་མའི་འདབ་མ་ཉི་ཤུ་པོ་རྣམས་ཀྱི་ནུབ་ཀྱི་འདབ་མ་ལྔ་ལ་ཀཱ་ལ་སོགས་པ་རིང་པོ་ལྔའོ། །ཤར་དུ་ང་ལ་སོགས་པ་ཐུང་ངུ་ལྔ་ དང་། ལྷོར་སཱ་ལ་སོགས་པ་རིང་པོ་ལྔ་དང་། བྱང་དུ་ྈྐ་ལ་སོགས་པ་ཐུང་ངུ་ལྔ་སྟེ། དེ་ལྟར་ཡི་གེ་དྲུག་ཅུ་རྣམས་ཟླུམ་སྐོར་ལྔ་པ་ལའོ། །ཕྱི་རོལ་འདབ་མ་སུམ་ཅུ་གཉིས་ལ་ཞེས་པ་ནི་འདིར་གསང་བའི་པདྨའི་འདབ་མ་སུམ་ཅུ་རྩ་གཉིས་རྣམ་པར་དག་པས་ ཟླུམ་སྐོར་དྲུག་པའི་འདབ་མ་སུམ་ཅུ་རྩ་གཉིས་པོ་རྣམས་ལ་བདག་གི་སྙིང་པོ་བཛྲ་ཏཱི་ཀྵྞ་ལ་སོགས་ཡི་གེ་རྣམས་ཞེས་པ་ནི་འདི་ལྟ་སྟེ། བཛྲ་ཏཱི་ཀྵྞ་དུཿཁ་ཙྪེ་ད་ཞེས་པ་ནི་དབང་ལྡན་ནས་བརྩམས་ནས་མེའི་མཐར་ཐུག་པར་རོ། །དེ་ནས་ལྷོར་པྲ་ཛྙཱ་ཛྙཱ་ན་མཱུརྟྟ་ཡེ་ཛྙཱ་ཞེས་ པའོ། །དེ་བཞིན་དུ་ནུབ་ཏུ་ན་ཀཱ་ཡ་བཱ་གཱི་ཤྭ་ར་ཨ་ཞེས་པའོ། །དེ་བཞིན་དུ་བྱང་དུ་ར་པ་ཙ་ནཱ་ཡ་ཏི་ན་མཿཞེས་པ་སྟེ་བཛྲ་ཏཱི་ཀྵྞ་ལ་སོགས་པ་ཡི་གེ་རྣམས་སོ། །དེ་ལྟར་འཁོར་ལོ་དྲུག་གི་བདག་ཉིད་ཀྱི་འཁྲུལ་འཁོར་དབང་གི་ལེའུ་ལས་གསུངས་པའི་ཆོ་གས་བྲིས་ ནས་དེ་དག་རྣམས་ཀྱི་ཕྱི་རོལ་དུ་ཡང་ཞི་སོགས་ལས་ལ་ཝ་ཡ་ར་ལ་དཀྱིལ་འཁོར་རྣམས་ཉིད་དོ་ཞེས་པ་ནི་འཁྲུལ་འཁོར་འདིས་ཞི་བ་དང་རྒྱས་པ་དང་རིམས་འཕྲོག་པ་དང་དུག་མེད་པར་བྱེད་པ་ལ་འཁྲུལ་འཁོར་ཆུའི་དཀྱིལ་འཁོར་རམ་ཝ་ཡིག་གིས་བསྐོར་བར་བྱའོ། ། དེ་ནས་ཟླ་བའི་དཀྱིལ་འཁོར་གྱི་དབུས་སམ་གླང་པོ་ཆེའི་དབུས་སུ་གཞུག་པར་བྱའོ། །དེ་བཞིན་དུ་གསད་པ་ལ་སོགས་པ་ལ་རླུང་གི་དཀྱིལ་འཁོར་དང་། དབང་ལ་སོགས་པ་ལ་མེའི་དཀྱིལ་འཁོར་དང་། རེངས་པ་ལ་སོགས་པ་ལ་སའི་དཀྱིལ་འཁོར་གྱིས་ བསྐོར་བར་བྱའོ། །ལྷག་མ་དབང་གི་ལེའུ་ལས་གསུངས་པ་དག་བྱའོ། །འདིར་འཁྲུལ་འཁོར་ལ་སྙིང་པོར་ཡི་གེའི་ཡན་ལག་མཆོག་ཅེས་པ་ནི་སྙིང་པོར་མགོ་བོ་བྲི་བར་བྱའོ། །རྩེ་མོ་ལྡན་པར་རྐང་པ་དག་ནི་ཞེས་པ་ལྷུན་པོ་ཐམས་ཅད་ཀྱི་བྱང་ན་གནས་པ་ སྙིང་པོའི་ལྟེ་བ་ཡིན་པའི་ཕྱིར་ལྷོར་རྐང་པ་སྟེ་དབང་དང་དགུག་པ་ལའོ། །དེ་བཞིན་དུ་ཞི་བ་སོགས་ལ་སྙིང་པོར་རྐང་པ་ཞེས་པ་ནི་བྱང་དུ་རྐང་པ་སྟེ་ལྷུན་པོ་ལ་མངོན་པར་ཕྱོགས་པའོ། །རྩེ་མོ་ལྡན་པར་མགོ་བོ་ཞེས་པ་ནི་ལྷོར་མགོ་བོའོ། །དེ་བཞིན་དུ་གསད་པ་ལ་ སོགས་པ་ལ་ཤར་དུ་རྐང་པ་དང་ནུབ་ཏུ་མགོ་བོའོ། །རེངས་པ་ལ་སོགས་པ་ལ་ཤར་དུ་མགོ་བོ་དང་ནུབ་ཏུ་རྐང་པ་སྟེ་དེ་ལྟར་འཁྲུལ་འཁོར་སོ་སོ་ལ་སྔགས་པས་བྲི་བར་བྱའོ། །ཞི་བ་ཞེས་པ་ལ་སོགས་པ་ནི་གོ་སླའོ། །འཁོར་ལོ་དྲུག་གི་འཁྲུལ་འཁོར་ གྱི་ངེས་པའོ། །ད་ནི་གཤིན་རྗེ་མཐར་བྱེད་ཀྱི་འཁྲུལ་འཁོར་གསུངས་པ་རྩིབས་བརྒྱད་ཅེས་པ་ལ་སོགས་པ་སྟེ། འདིར་ནྱ་གྲོ་དྷའི་འདབ་མ་ལ་སོགས་པ་ལ་འཁྲུལ་འཁོར་བྲི་བར་བྱ་སྟེ་ཟླུམ་སྐོར་དང་པོ་ནི་རྩིབས་བརྒྱད་པའོ། །གཉིས་པ་ནི་རྩིབས་བཅུ་ གཉིས་པའོ། །གསུམ་པ་ནི་རྩིབས་བཅུ་དྲུག་པའོ། །དེ་ལ་རྩིབས་བརྒྱད་པོ་རྣམས་ལ་ཕྱོགས་དང་ཕྱོགས་བྲལ་དུ་གནས་ཞེས་པ་ནི་ཕྱོགས་སུ་ཡ་མ་ལ་སོགས་པའི་ཡི་གེ་གནས་པ་དང་ཕྱོགས་བྲལ་གྱི་འདབ་མ་ལ་བསྒྲུབ་བྱའི་མིང་གི་ཡི་གེ་གནས་ཤིང་ བཅུ་དྲུག་རྩིབས་ལ་ཡང་བར་བར་གྱི་འདབ་མ་བརྒྱད་པོ་རྣམས་ལའོ། །དེ་ལྟར་ཟླུམ་སྐོར་དང་པོ་ལ་བསྒྲུབ་བྱ་ཟུར་རྣམས་སུ་སྟེ། དབུས་སུ་ལྟེ་བར་རབ་ཏུ་འགྱུར་བ་ཡ་དང་ཤར་དུ་མ་དང་རྩིབས་བཅུ་གཉིས་པའི་ཤར་དུ་རཱ་དང་། གཉིས་པར་ཛཱ་དང་། གསུམ་ པར་ས་དང་འདབ་མ་བཞི་པར་དོའོ། །དང་པོའི་རྩིབས་བརྒྱད་པའི་ལྷོར་མེའོ། །སླར་ཡང་རྩིབས་བཅུ་གཉིས་པའི་འདབ་མ་ལྔ་པར་རུ་དང་དྲུག་པར་ཎ་དང་བདུན་པར་ཡོའོ། །སླར་ཡང་རྩིབས་བརྒྱད་པའི་ནུབ་ཀྱི་འདབ་མར་དའོ། །སླར་ཡང་རྩིབས་བཅུ་ གཉིས་པའི་བརྒྱད་པར་ནི་དང་དགུ་པར་ར་དང་བཅུ་པར་ཡའོ། །སླར་ཡང་རྩིབས་བརྒྱད་པའི་བྱང་དུ་ཀྵེའོ། །སླར་ཡང་རྩིབས་བཅུ་གཉིས་པའི་བཅུ་གཅིག་པར་ཙྪ་དང་བཅུ་གཉིས་པར་ནིའོ། །དེ་བཞིན་དུ་རྩ་བའི་རྒྱུད་ལས་གསུངས་པ། ཡ་ མ་རཱ་ཛཱ་ས་དོ་མེ་ཡ། ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཡ་ད་ཡོ་ནི་ར་ཡ་ཀྵེ་ཡ། ཡ་ཀྵེ་ཡ་ཙྪ་ནི་རཱ་མ་ཡ་ཞེས་སོ། །གཅིག་བདག་པོ་ཡིས་ཡི་གེ་བཅུ་དྲུག་པོ་རྣམས་འདབ་མ་བཅུ་དྲུག་ལའོ། །དེ་ལྟར་དབུས་སུ་རབ་འགྱུར་ཡ་མ་རཱ་ཛཱ་ས་དོ་མེ་རུ་ཎ་ལས་ཡོའོ། །དེ་ནས་ སྙིང་པའི་རྩིབས་ཀྱི་དབུས་ནས་ད་ནི་ར་ཡ་ཀྵེ་ཙྪ་དེ་ནས་མཐར་ནི་ནི་རུ་འགྱུར་ཞེས་པ་རྩིབས་བརྒྱད་པ་དང་རྩིབས་བཅུ་གཉིས་པ་ལ་ངེས་པའོ། །དེ་ནས་རྩིབས་བཅུ་དྲུག་པ་ལ་བསྒྲུབ་བྱའི་མིང་གི་བར་བར་གྱི་འདབ་མ་ལ་སྔགས་འདི་བྲི་བར་བྱའོ། །ཨོྃ་ཧྲཱིཾ་ཥྚྲཱིཾ་བི་ཀྲྀ་ཏཱ་ན་ན་ཧུྃ་ ཧཱུྃ་ཕཊ་ཅེས་པའོ། །དེ་ལྟར་རེ་མིག་ནས་ནི་རེ་མིག་བར་ལ་འགྱུར་ཏེ་མི་ཡི་བདག་པོ་བསྒྲུབ་བྱའི་མིང་དང་སྔགས་འདིའོ། །དབྱེ་དང་གསད་དང་དབང་ལ་ཞེས་པ་ནི་འདིར་དབྱེ་བ་ལ་དབུས་སུ་ལྷག་པའི་ལྷ་ཡ་དང་གསད་པ་ལ་མ་དང་དབང་ལ་རཱ་རབ་ཏུ་འགྱུར་རོ། །དེ་བཞིན་ དུ་ཀྵེ་ད་མེ་དོ་ས་ཙྪ་སོགས་ཞེས་པ་ནི་འདིར་རེངས་པ་ལ་ཀྵེ་དང་དགུག་པ་ལ་ད་དང་རྨོངས་པ་ལ་མེ་དང་སྟོབས་བྱེད་པ་ལ་དོ་དང་ཞི་བ་ལས་དང་བསྐྲད་པ་ལ་ཙྪ་དང་རིམས་བྱེད་པ་ལ་ཎ་དང་བསྐྱོད་པ་ལ་རུ་དང་བརྒྱལ་བ་ལ་ཛཱ་དང་གདུང་བ་ཞི་བར་བྱེད་པ་ལ་ཡོ་དང་དགྲ་བཟློག་པ་ ལ་ནིའོ། །དེར་ནི་སྙིང་པོ་དག་ནས་ཡ་ཡིག་འགྲོ་སྟེ་ཡོན་ཏན་དབང་གིས་ཞེས་པ་ནི་འདིར་ལས་ཀྱི་རང་བཞིན་གྱིས་ཡི་གེ་གང་ཞིག་སྙིང་པོར་བདག་པོར་གྱུར་པ་དེའི་གནས་སུ་ཡ་ཡིག་བྲི་བར་བྱའོ། །ཕྱི་རོལ་ཐམས་ཅད་སྔ་མ་བཞིན་ཏེ་གཤིན་རྗེ་མཐར་བྱེད་ཀྱི་འཁྲུལ་ འཁོར་གྱི་ངེས་པའོ། །ད་ནི་འཇམ་དཔལ་གྱི་འཁྲུལ་འཁོར་གསུངས་པ་ཡི་གེ་རྣམས་ཀྱི་ཞེས་པ་ལ་སོགས་པ་སྟེ་འདིར་ཡི་གེ་རྣམས་ཀྱི་ཡན་ལག་མཆོག་ལས་ཞེས་པ་ནི་ཡི་གེ་རྣམས་ཀྱི་མགོ་ལ་ཐིག་ལེའོ། །ཡན་ལག་མཆོག་དེ་ལས་མདུན་དུ་དབྱངས་ཀྱིས་འཁྱུད་ པ་དག་མ་རུ་རབ་ཏུ་འགྱུར་ཏེ་རྗེས་སུ་ང་རོ་དབྱངས་ཨ་ཡིག་གིས་འཁྱུད་པ་ནི་མ་རུ་འགྱུར་རོ། །གཞན་ཡང་ཀ་ཡིག་ལ་སོགས་པའི་ཡི་གེ་རྣམས་ཀྱིས་འཁྱུད་པ་ནི་སྡེ་མཐའ་ཞེས་པ་ང་ཉ་ཎ་མ་ནན་རྣམས་སུ་འགྱུར་ཏེ་རྡོ་རྗེ་རིགས་ཀྱི་དབང་གིས་ལྔ་པ་ཧྃ་དང་སྃ་དུ་གསུངས་སོ། ། དེའི་ཕྱིར་ཐིག་ལེ་ནི་བདག་གོ། །རྣམ་པར་བཅད་པ་ཐིག་ལེ་གཉིས་ཀྱིས་དབྱངས་མཆོག་སྦྱར་བ་ལ་ནི་ཞེས་པ་ཨ་ཡིག་གཉིས་ཀྱི་དབུས་སུ་འདི་ཡང་བདག་གི་ཤེས་རབ་ཡི་གེ་ཨུ་རུ་འགྱུར་རོ། །དེ་ལྟར་མྃ་ཞེས་པ་ནི་ཐབས་ཏེ་མུཿཞེས་པ་ནི་ཤེས་རབ་བོ། ། དེ་བཞིན་དུ་ཧྃ་ཧུཿསྃ་སུཿམྃ་ཛུཿཞེས་པ་ཡི་གེ་བརྒྱད་པོ་རྣམས་འདབ་མ་བརྒྱད་ལའོ། །ཉི་མའི་འདབ་མ་ལ་ཞེས་པ་རྩིབས་བཅུ་གཉིས་པའི་ཟླུམ་སྐོར་གཉིས་པ་ལ། ཕྱི་རོལ་དུ་འདབ་མ་དང་པོ་ལ་ཤྲཱི་དང་གཉིས་པ་ལ་བའོ། །དེ་བཞིན་དུ་རིམ་པས་ཛྲ་ གྷོ་ཥ་ས་མནྟ་བྷ་ཏྲ་ཧཱུྃ་ཕཊ་ཅེས་པ་ཡི་གེ་བཅུ་གཉིས་པོ་རྣམས་ཏེ་ལྷག་མ་ཐམས་ཅད་སྔར་བཞིན་ནོ། །བསྒྲུབ་བྱ་འདིར་ནི་ལྟེ་བ་ལ་སྟེ་ཞེས་པ་ནི་བསྒྲུབ་བྱའི་མིང་གི་ཡི་གེ་དང་པོ་ལྟེ་བ་ལའོ། །དེ་ནས་བཟླས་པའི་དུས་སུ་དཔལ་ལྡན་ཞི་བ་སོགས་ལ་བསྐུལ་ཞེས་པ་ནི་ཨོྃ་ ཤྲཱི་བཛྲ་གྷོ་ཥ་ས་མནྟ་བྷ་ཏྲ་ཆེ་གེ་མོའི་ཤཱནྟིཾ་ཀུ་རུ་ཀུ་རུ་ན་མཿདེ་བཞིན་དུ་རྒྱས་པ་ལ་སོགས་པ་ལ་སྭཱ་ཧཱ་ཕཊ་ཧཱུྃ་བ་ཥ་ཊ་བཽ་ཥ་ཊ་ཅེས་པ་མཐར་སྦྱིན་པར་བྱ་སྟེ་འཁྲུལ་འཁོར་བྲི་བ་ལ་ཡང་མཐའི་འདབ་མ་ལའོ། །དེ་བཞིན་སྔར་བརྗོད་འཁོར་ལོ་རྣམས་དག་ལ་ཡང་རྟག་ཏུ་བསྒྲུབ་ བྱའི་མིང་ནི་བྲི་བར་བྱ་བར་འགྱུར། འདི་རྣམས་ཐམས་ཅད་བདག་གི་དྲིན་ལས་རྒྱལ་བའི་བདག་པོའི་བཀའ་ཡིས་མི་རྣམས་ཀྱིས་ནི་འགྲུབ་པར་འགྱུར་ཞེས་པ་སྟེ་འཁྲུལ་འཁོར་བྲི་བའི་ཆོ་གའོ། །དེ་ནས་ཚིགས་སུ་བཅད་པ་བརྒྱ་དགུ་བཅུ་རྩ་གཅིག་པའི་རྗེས་ལ་ཚིགས་ སུ་བཅད་པ་བཞི་བཅུ་ནི་གོ་སླ་སྟེ་སྒྲ་ནི་གང་ཞིག་ཅེས་པ་ལ་སོགས་པ་ནས་ཕོ་ཉ་མོ་རྣམས་དག་ལ་ཟས་ཕུད་ཅེས་པའི་ཚིགས་སུ་བཅད་པའི་མཐར་ཐུག་པའི་ཚིགས་སུ་བཅད་པ་འགའ་ཞིག་ནི་གོ་སླ་ཞིང་ཚིགས་སུ་བཅད་པ་འགའ་ཞིག་ནི་དགོས་པའི་དབང་གིས་དབང་གི་ལེའུར་ ཁ་བསྐངས་ཏེ་བརྗོད་ཟིན་ཏོ། །ད་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་སླད་དུ་ལྷ་ཡི་དམིགས་པ་གསུངས་པ་ལྷ་ཡི་ཞེས་པ་ལ་སོགས་པ་སྟེ་འདིར་སེམས་ཅན་རྣམས་ཀྱི་བསམ་པའི་དབང་གིས་རྣལ་འབྱོར་པ་རྣམས་ཀྱི་ལྷ་ཡི་དམིགས་པ་ གང་ཡིན་མངོན་སུམ་དང་ནི་རྗེས་སུ་དཔག་པ་རྣམ་པ་གཉིས་སུ་འགྱུར་བ་སྟེ། མངོན་སུམ་དང་རྗེས་སུ་དཔག་པ་དེ་དག་ལས་མངོན་སུམ་གང་ཡིན་པ་དག་ནི་དེ་ཉིད་སྦྱོར་བས་མཁའ་ལ་སྐར་མ་བཞིན་དུ་འགྱུར་ཏེ། སྐར་མའི་ཚོགས་བཞིན་དུ་དུ་མ་ལོངས་སྤྱོད་རྫོགས་ པའི་སྐུ་ཞེས་པ་ནི་ཤ་ལ་སོགས་པའི་མིག་གིས་གཟུང་བར་བྱ་བ་སྲིད་པ་གསུམ་དང་དུས་གསུམ་རྨི་ལམ་དང་སྒྱུ་མ་དང་མཚུངས་པའོ། །འདིར་དང་པོར་ལས་དང་པོ་པའི་རྣལ་འབྱོར་པས་མངོན་པར་ཤེས་པ་མེད་པར་ཤའི་མིག་གིས་སྣ་ཚོགས་མཐོང་ངོ་། །དེ་ནས་མངོན་ པར་ཤེས་པའི་མཚམས་ཀྱི་དབང་གིས་ལྷའི་མིག་གིས་མཐོང་ངོ་། །དེ་ནས་ཆགས་པ་དང་བྲལ་བའི་མཚམས་ཀྱི་དབང་གིས་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་སོ། །དེ་ནས་བྱང་ཆུབ་སེམས་དཔའི་མཚམས་ཀྱི་དབང་གིས་ཤེས་རབ་ཀྱི་སྤྱན་གྱིས་གཟིགས་སོ། ། དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་མཚམས་ཀྱི་ཐུགས་ཀྱི་དབང་གིས་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་ཏེ་ལྷག་མ་ཀུན་ལས་རྣམ་གྲོལ་ཞིང་ཞེས་སོ། །དེ་ལྟར་དེ་བཞིན་གཤེགས་པའི་ཤ་ལ་སོགས་པའི་སྤྱན་ལྔ་པོ་རྣམས་ནི་སྟོང་པ་ཉིད་གཟིགས་པའི་སླད་དུ་ སྟེ། སེམས་ཅན་གཞན་རྣམས་ནི་སྟོང་པ་ཉིད་ལྟ་བའི་ཡུལ་ལ་དམུས་ལོང་ངོ་། །འདི་རྣམས་ཀྱི་རྒྱས་པ་ནི་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་པ་ལས་བརྗོད་པར་བྱ་སྟེ་དེ་ཁོ་ན་ཉིད་བསྒོམ་པའི་ངེས་པའོ། །དེ་ཁོ་ན་ཉིད་མ་ཡིན་པའི་སྒྲུབ་པ་ལ་མངོན་སུམ་མིན་ ན་རྗེས་སུ་དཔག་པ་ཤི་བའི་ལུས་བཞིན་དེ་ཉིད་མིན་པ་ཡིས་ནི་བརྟགས་པ་གང་། དེ་ནི་རི་མོ་སོགས་ལ་བལྟ་བྱ་ཞེས་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐུ་གཟུགས་རི་མོར་བྱས་པ་དང་ལུགས་མའམ་དཀྱིལ་འཁོར་གྱི་འཁོར་ལོ་བྲིས་ནས་ངེས་པའི་རྣམ་པར་ བལྟ་བར་བྱ་སྟེ་བྱིས་པའི་རྣལ་འབྱོར་པ་དམན་པ་རྣམས་ཀྱི་བསྒོམ་པའི་དོན་དུའོ་ཞེས་པ་རྣམ་པར་རྟོག་པའི་སྒོམ་པའི་ངེས་པའོ། །ད་ནི་རྣམ་པར་རྟོག་པའི་སྒོམ་པའི་ཐབས་གསུངས་པ་གཟུགས་ཞེས་པ་ལ་སོགས་པ་སྟེ་འདིར་བྱིས་པའི་རྣལ་འབྱོར་པ་རྣམས་ཀྱི་རང་གི་སེམས་ ཀྱི་ནུས་པས་གཟུགས་ཞེས་པ་ལྷ་གཅིག་གམ་དཀྱིལ་འཁོར་བྲིས་སྐུར་བྲིས་པ་བསྒོམ་པར་བྱ་སྟེ་དང་པོར་བྲིས་སྐུ་ལ་ནི་དེ་ཉིད་མིན་པས་རང་སེམས་བསྒོམ་པར་བྱ་ཞེས་སོ། །དེ་ཁོ་ན་ཉིད་ཀྱིས་ཀྱང་ནམ་མཁའ་ལ་ནི་དེ་ཉིད་སྦྱོར་བ་དག་གིས་ཞེས་པ་སྟོང་པ་ཉིད་དང་སྙིང་རྗེའི་ སྦྱོར་བས་རང་སེམས་མ་ཚང་མེད་པ་མཐའ་དག་མཐོང་གྱུར་པ་ཞེས་པ་རྣམ་པ་ཐམས་ཅད་པ་སྟེ་གཟུགས་དང་དཀྱིལ་འཁོར་གྱི་འཁོར་ལོར་བརྟགས་པ་མེད་པའི་ཕྱིར་རོ། །དེ་ལྟར་གཟུགས་ལ་སོགས་པ་བྲིས་སྐུར་བྲིས་པ་བརྟགས་པའམ་སྟོང་པ་ཉིད་ཀྱི་གཟུགས་མ་ བརྟགས་པ་ལོ་ཡི་ཕྱེད་དམ་ལོ་གཅིག་བླ་མའི་ངེས་པའི་དབང་གིས་ཇི་སྲིད་ཉིད་དུ་རང་སེམས་བརྟན་པར་གྱུར་གྱི་བར་དུའོ། །དེ་ནས་ཕྱག་རྒྱའི་སྦྱོར་བས་ཞེས་པ་ནི་འདིར་སོ་སོར་སྡུད་པ་དང་བསམ་གཏན་དང་སྲོག་རྩོལ་དང་འཛིན་པའི་སྟོབས་ཀྱིས་རང་སེམས་བརྟན་པ་སྐྱེས་པར་ གྱུར་པ་ན་དེ་ནས་ཕྱག་རྒྱའི་སྦྱོར་བས་ཉིན་ཞག་འགའ་ཞིག་རྣམས་ཀྱིས་ཞེས་པ་ནི་དུས་ཀྱི་འཁོར་ལོའི་ཉིན་ཞག་ཉི་ཤུ་རྩ་ལྔ་ལྷག་པའི་བརྒྱ་ཕྲག་བཅུ་གཅིག་གིས་སོ་ཞེས་པ་ངེས་པ་སྟེ་ཉིན་ཞག་འདི་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས་འགྱུར་བ་མེད་པ་ཉིད་དུ་རབ་ཏུ་འགྱུར་ཏེ་དྲི་མ་མེད་ པ་ཉིད་དུ་འགྱུར་རོ་ཞེས་འབྲེལ་ལོ། །འདིར་བྲིས་སྐུ་དང་སྐུ་གཟུགས་དང་གླེགས་བམ་བྲི་བའི་སླད་དུ་ཉེ་གནས་ཆོས་སྨྲ་བ་བཙལ་བར་བྱ་སྟེ་དེས་བྲིས་སྐུ་དང་སྐུ་གཟུགས་དང་གླེགས་བམ་ལ་སོགས་པ་བྱ་སྟེ་དྲག་པོ་དང་ཞི་བའི་བྱ་བས་སོ། །སྔར་གསུངས་པའི་མཆོད་ཡོན་ ལ་སོགས་པ་ཕུལ་ནས་སློབ་དཔོན་ལ་མཆོད་པ་བྱའོ། །དགེ་འདུན་ལ་མཆོད་སྟོན་དང་ཚོགས་ཀྱི་འཁོར་ལོ་དབུལ་བར་བྱའོ། །རབ་གནས་ཀྱི་དུས་ཀྱི་ཆོ་ག་ཇི་ལྟ་བ་དེ་བཞིན་དུ་མཆོད་ཡོན་འབུལ་བའི་དུས་སུ་ཡང་ཇི་ལྟར་ནུས་པས་བྱའོ་ཞེས་པ་ནི་ངེས་པའོ། །ད་ནི་ རྡོ་རྗེའི་ཚིག་གི་ངེས་པ་གསུངས་པ་རྒྱུད་ཀྱི་རྒྱལ་པོ་ཞེས་པ་ལ་སོགས་པ་སྟེ་འདིར་རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་ལས་ནི་ཞེས་པ་འདུས་པ་ལ་སོགས་པ་ཐབས་ཀྱི་རྒྱུད་དང་འཁོར་ལོ་སྡོམ་པ་ལ་སོགས་པ་ཤེས་རབ་ཀྱི་རྒྱུད་ལས་ངེས་པར་རྡོ་རྗེའི་ཚིག་སྔར་གསུངས་ པའི་མི་འགྱུར་བའི་བདེ་བ་དེ་བཅོམ་ལྡན་འདས་ཀྱིས་རྣལ་འབྱོར་པ་རྣམས་དག་ལ་གསུངས་ཏེ། དེ་བཞིན་དུ་གསུངས་པ། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །རྫོགས་པའི་སངས་རྒྱས་ཨ་ལས་བྱུང་། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ འགྱུར་མེད་དམ་པ་ཡིན། །སྲོག་ཆེན་པོ་ནི་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཚིག་ཀུན་རབ་ཏུ་གསལ་བར་བྱེད། །ཅེས་པ་ལ་སོགས་པ་ནས་ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད་ཅེས་པའི་མཐར་ཐུག་པ་ཚིགས་སུ་ བཅད་པ་དྲུག་ཅུ་རྩ་གཉིས་ལྷག་པའི་བརྒྱས་མཚན་ཡང་དག་པར་བརྗོད་པ་ལས་ཡེ་ཤེས་ཀྱི་སྐུ་གསུངས་པ་དེ་ཉིད་རྡོ་རྗེའི་ཚིག་ཏུ་གསུངས་ཏེ་དེ་ཉིད་ནི་རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་དུ་བྱིས་པ་རྣམས་ནི་སྨིན་པར་བྱེད་པའི་དོན་དུ་མཆོག་གི་ཐུགས་རྗེ་དག་གིས་སྣ་ཚོགས་གཙོ་བོས་ སྦས་ཏེ་བྱིས་པ་རྣམས་ལ་དབང་པོ་གཉིས་ཀྱི་བདེ་བ་རབ་ཏུ་བསྟན་ཏོ། །དེའི་ཕྱིར་རྡོ་རྗེའི་ཚིག་དེ་ནི་དབྱེ་བ་བྱས་ནས་ཉིན་ཞག་སོ་སོའི་དུས་སུ་སྟེ་ཉིན་དང་མཚན་མོར་རྣལ་འབྱོར་པ་ཡིས་སྔར་གསུངས་པའི་མིག་གིས་བསྒོམ་པར་བྱ་སྟེ་ཕྱག་རྒྱའི་དངོས་གྲུབ་དོན་སླད་ཅེས་པ་ ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་སླད་དུའོ། །དེ་ཅི་ཞིག་ཅེ་ན་དེ་ནི་རྒྱལ་བ་མཆོག་གི་སྐྱེད་མཛད་གཞོམ་དུ་མེད་པ་དུས་ཀྱི་འཁོར་ལོའོ་ཞེས་པ་བཅོམ་ལྡན་འདས་ཀྱི་ངེས་པ་སྟེ་རྫོགས་པའི་སངས་རྒྱས་ཀྱི་གནས་ཐོབ་པའི་སླད་དུ་རྒྱུད་གཞན་ཐམས་ཅད་ལས་རྣལ་འབྱོར་པ་རྣམས་ཀྱིས་རྟོགས་པར་བྱའོ། ། བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་རྒྱས་འགྲེལ་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ལས་སྣ་ཚོགས་པའི་སྒྲུབ་ཐབས་ཀྱི་མདོར་བསྡུས་ཆེན་པོ་སྟེ་ལྔ་པའོ།། །།སྒྲུབ་ཐབས་ཀྱི་ལེའུ་ཡི་རྒྱས་འགྲེལ་རྫོགས་སོ།། །། དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །གང་གིས་རྟ་ལ་སོགས་པ་སྦྱིན་པ་རྣམ་བཅུ་སྦྱིན་པ་དོན་གཉེར་རྣམས་ལ་བྱིན། །བསོད་ནམས་ཡེ་ཤེས་སྟོབས་ནི་ཆེན་པོ་དེ་ཡིས་བདུད་ལ་སོགས་པ་བཅོམ་བྱས་ཏེ། །དཔལ་ལྡན་ཆོས་དབྱིངས་དྲི་མེད་གསུང་གི་དབང་ཕྱུག་ དཀྱིལ་འཁོར་དུ་ནི་དབང་བསྐུར་ནས། །ཐམས་ཅད་སྟོན་པ་གཅིག་པུའི་ཡུལ་ལ་ལུང་བསྟན་སངས་རྒྱས་དེ་ལ་ཕྱག་འཚལ་ལོ། །དེ་བཞིན་དུས་འཁོར་བདེ་ཆེན་པོ། །སྐུ་གསུམ་མཆོག་དང་དཀྱིལ་འཁོར་གསུམ། །རྡོ་རྗེ་གསུམ་མཆོག་རྡོ་རྗེའི་དབྱངས། །འགྱུར་བ་མེད་ལ་ཕྱག་འཚལ་ ཏེ། །བསོད་ནམས་ཡེ་ཤེས་འབྲས་ཐོབ་སླད། །རྩ་བའི་རྒྱུད་ནི་རྟོགས་པ་ལས། །རྒྱུད་འདིར་དབང་གི་ལེའུ་ལ། །རྒྱས་འགྲེལ་བདག་གིས་བྲི་བར་བྱ། །འདིར་དཔལ་ལྡན་ཀ་ལཱ་བའི་གྲོང་གི་ལྷོ་ཕྱོགས་མ་ལ་ཡའི་སྐྱེད་མོས་ཚལ་གྱི་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ཁང་པའི་ ཤར་སྒོའི་མཐར། ནོར་བུ་རིན་པོ་ཆེ་ཆེན་པོའི་སྒོ་ཁྱམས་ན་ནོར་བུ་རིན་པོ་ཆེ་ཆེན་པོའི་སེང་གེའི་ཁྲི་ལ་བཞུགས་པ་དེ་བཞིན་གཤེགས་པས་ལུང་བསྟན་པ་འཇམ་དཔལ་གྱི་སྤྲུལ་པའི་སྐུ་རྒྱལ་པོ་གྲགས་པ་ལ་ཉི་མའི་ཤིང་རྟས་གསོལ་བ་བཏབ་པས། མཆོག་གི་དང་པོའི་སངས་རྒྱས་ལས་ ཟླ་བ་བཟང་པོས་གསོལ་བ་བཏབ་པའི་དོན་རབ་ཏུ་སྟོན་པར་བྱེད་པ། བསྡུས་པའི་རྒྱུད་ཀྱི་དབང་བསྐུར་བའི་ལེའུ་ལས་ལུས་ལ་སྣ་ཚོགས་ཚད་ཅེས་པ་ལ་སོགས་པ་ཚིགས་སུ་བཅད་པ་དང་པོས་བསྟན་པ་དེ་ཉིད་དེ་བཞིན་གཤེགས་པས་ལུང་བསྟན་ཅིང་འཇམ་དཔལ་གྱིས་བསྐུལ་བ་འཇིག་ རྟེན་དབང་ཕྱུག་གི་སྤྲུལ་པའི་སྐུ་པདྨ་དཀར་པོ་བདག་གིས་མདོར་བསྡུས་ཆེན་པོའི་རྒྱས་འགྲེལ་གྱིས་རྒྱས་པར་བྱའོ། །འདིར་ལུས་ལ་སྣ་ཚོགས་ཚད་དང་ཞེས་པ་ལ་སོགས་པ་ནས་དཀྱིལ་འཁོར་དག་ནི་བསྟན་དུ་གསོལ་ཞེས་པའི་མཐར་ཐུག་པ་ནི་ཟླ་བ་བཟང་པོས་གསོལ་བ་བཏབ་པའོ། ། དེ་ནས་ཟླ་བ་བཟང་པོའི་ཚིག་གསན་ནས་ནི་བདེ་བར་གཤེགས་པས་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་རབ་ཏུ་གསུངས་ཞེས་པ་ལ་སོགས་པ་དབང་གི་ལེའུ་ཡི་ཚིགས་སུ་བཅད་པ་མཐའ་དག་ནི་དེ་བཞིན་གཤེགས་པས་ལན་གསུངས་པ་སྟེ་ལེའུ་ཡི་མཐའི་བར་དུ་སླར་གསོལ་བ་བཏབ་པ་མེད་དོ། ། འདིར་ཟླ་བ་བཟང་པོས་གསོལ་པ། བཅོམ་ལྡན་འདས་འདིར་ལུས་ལ་ནང་གི་ལེའུ་ལས་བཅོམ་ལྡན་འདས་ཀྱིས་གང་གསུངས་པ་སྣ་ཚོགས་ཚད་དང་ཉིན་དང་མཚན་མོའི་དུས་དང་ཟླ་བ་འཕོ་བའི་དབྱེ་བ་རྣམས་ལ་སོགས་པ་རིག་བྱེད་དང་ནི་བྱེད་པོ་ལ་སོགས་དབྱེ་བའི་མཐར་ ཐུག་པ་བདག་གིས་ཐོས་ཏེ་ཐམས་ཅད་ཤེས་སོ་ཞེས་པའི་དོན་ཏོ། །དེས་ནད་ནི་སེམས་ཅན་རྣམས་ཀྱིས་བསོད་ནམས་དང་ཡེ་ཤེས་ཐོབ་པར་བྱ་བའི་སླད་དུ་བཅོམ་ལྡན་འདས་ཀྱིས་དཀྱིལ་འཁོར་བསྟན་དུ་གསོལ་ཞེས་པ་སྟེ་དེ་ཉིད་བཅུ་དང་ཡང་དག་པར་ལྡན་པས་སློབ་མ་རྣམས་ལ་དབང་བསྐུར་ བ་སྦྱིན་པ་དང་སྐུ་གཟུགས་ལ་སོགས་པ་རབ་ཏུ་གནས་པར་བྱ་བ་དང་འོག་མིན་གྱི་སྲིད་པའི་མཐར་ཐུག་པ་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པའི་ཆེད་དུ་སྟེ་འཇིག་རྟེན་པའི་བདེན་པས་སོ། །དོན་དམ་པའི་བདེན་པས་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་བྲི་བ་མེད་དེ་བཅོམ་ལྡན་འདས་ཀྱིས་བཀག་པའི་ ཕྱིར་རོ། །དེ་སྐད་དུ་དང་པོའི་སངས་རྒྱས་ལས་བཅོམ་ལྡན་འདས་ཀྱིས་གསུངས་པ། །རྡོ་རྗེའི་ཐིག་རྣམས་གདབ་པ་དང་། །རྡུལ་ཚོན་དག་ཀྱང་གདབ་པ་ནི། །སྔགས་ཀྱི་དེ་ཉིད་ཀྱིས་མི་བྱ། །བྱེད་ན་བྱང་ཆུབ་ཐོབ་པར་དཀའ་ཞེས་པ་ལ་འདིར་གལ་ཏེ་སྔགས་ཀྱི་དེ་ཉིད་ནི་སྔགས་ཞེས་ པ་ཡེ་ཤེས་ཏེ་ཡིད་སྐྱོབ་པར་གྱུར་པའི་ཕྱིར་རོ། །སྔགས་ཀྱི་དེ་ཉིད་དེས་གལ་ཏེ་རྡོ་རྗེ་སློབ་དཔོན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་དོན་དུ་ཐིག་གདབ་པ་ལ་སོགས་པ་བྱེད་ན་དེའི་ཚེ་བྱེད་པ་དེའི་བྱང་ཆུབ་ཐོབ་པར་དཀའ་བར་འགྱུར་རོ་ཞེས་པ་ནི་དེ་བཞིན་གཤེགས་པའི་ངེས་པའོ། །རྒྱུ་དེས་ན་ཟླ་ བ་བཟང་པོས་གསོལ་བ་བཏབ་པ་འདི་ནི་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པའི་དོན་དང་བསོད་ནམས་ཀྱི་ཚོགས་ཀྱི་དོན་དུ་སྟེ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བསྒྲུབ་པའི་དོན་དང་ཡེ་ཤེས་ཀྱི་ཚོགས་ཀྱི་དོན་དུ་ནི་མ་ཡིན་ནོ། །འདིར་ཡེ་ཤེས་བསྒྲུབ་པའི་སླད་དུ་གཞན་དཀྱིལ་འཁོར་གསུམ་བཅོམ་ ལྡན་འདས་ཀྱིས་གསུངས་པ་འདི་ལྟ་སྟེ། །ལུས་ཀྱི་དབང་པོ་བྷ་ག་སེམས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི། །དཀྱིལ་འཁོར་རྣམ་པ་གསུམ་དུ་འགྱུར། །གཞན་པ་ཚོན་ལྔ་ལྡན་པ་མིན། །ཞེས་པ་སྟེ། དེའི་ཕྱིར་བདེ་བ་ཆེན་པོ་སྒྲུབ་པ་དང་མཆོག་གི་དབང་བསྐུར་བ་སྦྱིན་ པའི་དོན་དུ་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་མི་འགྱུར་རོ་ཞེས་པ་ནི་ཟླ་བ་བཟང་པོས་གསོལ་བ་བཏབ་པའོ། །ཟླ་བ་བཟང་པོའི་ཚིག་སྟེ་གསོལ་བ་བཏབ་པའི་ཚིག་དེ་ཉིད་གསན་ནས་ནི་བདེ་བར་གཤེགས་པས་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ཐམས་ཅད་རབ་ཏུ་གསུངས་ཏེ་ཐམས་ཅད་འཆད་ པར་འགྱུར་བའི་རིམ་པས་བསྟན་ཏོ་ཞེས་པའི་དོན་ཏོ། །སྟོན་པོ་པོ་དང་གསོལ་བ་འདེབས་པ་པོའི་ཚིག་བསྡུས་པའོ། །ད་ནི་བླ་མ་བསྟེན་པའི་དོན་དུ་རྡོ་རྗེ་སློབ་དཔོན་ཡོངས་སུ་བརྟག་པ་ཚིགས་སུ་བཅད་པ་གཉིས་པས་གསུངས་པ་དང་པོར་ཞེས་པ་ལ་སོགས་པ་སྟེ། འདིར་སྔགས་ ཀྱི་ཚུལ་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་འདོད་པའི་སློབ་མ་རྣམས་ཀྱིས་དང་པོར་བླ་མ་བསྟེན་པར་བྱ་སྟེ་དེ་ཡང་རྡོ་རྗེ་སློབ་དཔོན་ཡོངས་སུ་བརྟག་པ་གསུངས་པའི་ཆོ་གས་ཡང་དག་པར་ཡོངས་སུ་བརྟགས་ནས་སོ། །རྣམ་པ་གཞན་དུ་ཡོངས་སུ་བརྟག་པའི་མཚན་ཉིད་ དང་བྲལ་བའི་བླ་མ་བསྟེན་པས་སློབ་མ་རྣམས་ཀྱི་ཆོས་ཕྱིན་ཅི་ལོག་ཏུ་འགྱུར་ཏེ་ཆོས་ཕྱིན་ཅི་ལོག་པས་དམྱལ་བར་འགྲོ་བར་འགྱུར་རོ། །དེའི་ཕྱིར་གསུངས་པ། དང་པོར་ཡང་དག་བསྟེན་བྱ་བླ་མ་དག་ཀྱང་དམ་ཚིག་ལྡན་ཞིང་ཞེས་པ་ལ་འདིར་དམ་ཚིག་རྣམ་པ་གཉིས་ནི་ཕྱི་དང་ནང་གི་སྟེ་དྲང་ བ་དང་ངེས་པའི་དོན་གྱིས་རྟོགས་པར་བྱ་བ་འཆད་པར་འགྱུར་བའོ། །དམ་ཚིག་འདི་ལ་ཡོད་པའི་ཕྱིར་དམ་ཚིག་ལྡན་པའི་བླ་མའོ། །དང་པོར་ཡང་དག་པར་བསྟན་པར་བྱ་སྟེ་བུ་དང་ཆུང་མ་ལ་སོགས་པས་ཀྱང་མཉེས་པར་བྱའོ་ཞེས་པའི་དོན་ཏོ། །རྡོ་རྗེ་ཐེག་པ་ལ་ལྷག་པར་ གནས་ཞེས་པ་ལ་འདིར་རྡོ་རྗེ་ཐེག་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་པ་སྟེ་མུ་སྟེགས་པ་དང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་རྣམས་ཀྱིས་མི་ཕྱེད་པའི་ཕྱིར་རྡོ་རྗེ་སྟེ་ཐར་པར་འདིས་འགྲོ་བའི་ཕྱིར་རྡོ་རྗེ་ཐེག་པའོ། །དེ་ལ་ལྷག་པར་གནས་པ་ནི་རྡོ་རྗེ་ཐེག་པ་ལ་ལྷག་ པར་གནས་པའོ། །དེ་ཉིད་བསྒོམས་ཤིང་ཞེས་པ་ལ་འདིར་དེ་ཉིད་ནི་འཇིག་རྟེན་པའི་དངོས་གྲུབ་སྒྲུབ་པར་བྱེད་པ་དང་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་སྒྲུབ་པར་བྱེད་པ་རྣམ་པ་གཉིས་ཏེ་ལྔ་པ་ཡེ་ཤེས་ཀྱི་ལེའུ་ཡི་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་པ་འཆད་པར་འགྱུར་བ་ ལས་བརྗོད་པར་བྱའོ། །དེ་ཉིད་དེ་ཁོ་ན་སྒོམ་པ་ནི་འདིའི་ངང་ཚུལ་ལོ་ཞེས་པའི་དོན་ཏོ། །མ་ཆགས་ཞེས་པ་ནི་བུ་དང་ཆུང་མ་ལ་སོགས་པ་ཐམས་ཅད་དང་རང་གི་ལུས་ལ་ཡང་ལྟོས་པ་མེད་པའོ། །དྲི་མ་དག་དང་རྣམ་པར་བྲལ་ཞིང་ཞེས་པ་ལ་དྲི་མ་ནི་འདོད་ཆགས་ དང་ཞེ་སྡང་དང་གཏི་མུག་དང་ང་རྒྱལ་དང་ཕྲག་དོག་དང་སེར་སྣའི་ཚོགས་ཏེ་དེ་ཉིད་རྣམ་པ་མང་པོས་བྲལ་བ་གང་ཡིན་པ་དེ་ནི་དྲི་མ་དག་དང་རྣམ་པར་བྲལ་བའོ། །བཟོད་པའི་ངང་ཚུལ་ཞེས་པ་ལ་བཟོད་པ་ནི་འདི་འབྲས་བུ་ལ་ལྟོས་པ་མེད་པའི་རང་བཞིན་གྱིས་རབ་ཏུ་ཞུགས་པའོ། །ལམ་ལ་ ཞུགས་ཞེས་པ་ལ་ལམ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ལམ་སྟེ་དེ་ལ་ཞུགས་པའི་ངང་ཚུལ་ཅན་ནོ། །བླ་མ་དེ་བསྟེན་པར་གྱུར་ན་སློབ་མ་རྣམས་ལ་ལམ་ནི་སྦྱིན་བྱེད་དམྱལ་བའི་འཇིགས་པ་འཕྲོག་པར་འགྱུར་རོ། །དེ་ཉིད་ལས་ནི་ཚངས་སྤྱོད་ལྡན་ཞེས་པ་གང་ཞིག་མཆོག་ཏུ་ མི་འགྱུར་བའི་བདེ་བ་ཐོབ་པའོ། །བདུད་རྣམས་ལ་ཞེས་པ་ཕུང་པོ་དང་ཉོན་མོངས་པ་དང་འཆི་བདག་དང་ལྷའི་བུ་སྟེ་བདུད་བཞི་པོ་རྣམས་ལ་རྡོ་རྗེ་དབྱུག་པ་དང་འདྲ་བ་རྡོ་རྗེ་དབྱུག་པའོ། །དེ་ཡང་འཛིན་མའི་གཞི་ལ་རྡོ་རྗེ་སེམས་དཔར་རབ་ཏུ་གྲགས་པ་སྟེ་སྤྲུལ་པའི་སྐུས་སོ་ཞེས་པ་ནི་རྡོ་རྗེ་སློབ་ དཔོན་བསྟེན་པའི་ངེས་པའོ། །ད་ནི་གདུག་པའི་སློབ་དཔོན་གྱི་སྐྱོན་ཡོངས་སུ་བརྟག་པའི་དོན་དུ་ང་རྒྱལ་དང་ལྡན་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གསུམ་པ་ཉིད་ཀྱིས་གསུངས་ཏེ། འདིར་སྔགས་ཀྱི་ཚུལ་ལ་བླ་མ་གང་ཞིག་ང་རྒྱལ་ལ་སོགས་པའི་སྐྱོན་དང་བཅས་པའི་བླ་མ་དེ་ནི་བླ་མར་ བྱས་ཀྱང་དམྱལ་བ་བཞིན་དུ་སློབ་མ་མཁས་པ་སྟེ་ཤེས་ལྡན་རྣམས་ཀྱིས་རྫོགས་པའི་བྱང་ཆུབ་རྒྱུར་ནི་སྤང་བར་བྱའོ། །ང་རྒྱལ་འདི་ལ་ཡོད་པའི་ཕྱིར་ང་རྒྱལ་དང་ལྡན་པའོ། །ང་རྒྱལ་ཡང་རྣམ་པ་དུ་མ་སྟེ་མཁས་པས་མངོན་པར་ཁེངས་པ་དང་རྫས་དང་དབང་ཕྱུག་གིས་མངོན་པར་ཁེངས་པ་ དང་དེ་ཉིད་བཅུ་ཡོངས་སུ་ཤེས་པ་དང་ལམ་དང་གཟུགས་ལ་སོགས་པས་མངོན་པར་ཁེངས་པ་སྟེ་དེ་གང་ལ་ཡོད་པ་དེ་ནི་སྤང་བར་བྱའོ། །འོག་མ་འོག་མའི་སེམས་ཅན་རྣམས་ལ་བལྟས་ན་ང་རྒྱལ་དང་ལྡན་པ་དང་གོང་མ་གོང་མའི་སེམས་ཅན་རྣམས་ལ་བལྟས་ན་ང་རྒྱལ་དང་བྲལ་བར་འགྱུར་ བ་དེས་ན་ཡང་དག་པའི་ལམ་རིག་པ་པོས་ང་རྒྱལ་དང་ལྡན་ཞིང་སྙིང་རྗེ་དང་བྲལ་བ་ནི་སྤང་བར་བྱ་སྟེ། དེ་བཞིན་དུ་ཁྲོ་བས་ཟིལ་གྱིས་མནན་པའོ། །དམ་ཚིག་རྣམ་བྲལ་ཞེས་པ་ནི་འཇིག་རྟེན་པས་སྨད་པ་གསང་བའི་དམ་ཚིག་རྣམས་གསལ་བོར་སྤྱད་པས་དམ་ཚིག་དང་བྲལ་བར་འགྱུར་ཏེ། དེ་ཡང་ སྤང་བར་བྱའོ། །རྫས་ལ་བརྐམ་པ་ཡང་སྟེ་དགེ་འདུན་དང་མཆོད་རྟེན་གྱི་རྫས་ལ་སོགས་པ་ལྕི་བའི་དང་བླ་མའི་རྫས་ཉེ་བར་ལོངས་སྤྱོད་པ་ནི་རྫས་ལ་བརྐམ་པའོ། །དེ་བཞིན་དུ་འཁོར་བའི་ལོངས་སྤྱོད་ཀྱི་དོན་དུ་རྫས་སོགས་པར་བྱེད་པའོ། །ཐོས་པ་དག་ཀྱང་མེད་ཅེས་པ་ནི་རྨོངས་པ་སྟེ་དམ་ པའི་ལམ་གྱི་མན་ངག་དང་བྲལ་བའོ། །དེ་བཞིན་དུ་དམ་པའི་སློབ་མ་རྣམས་ནི་སླུ་བ་དོན་དུ་གཉེར་ཞིང་ཞེས་པ་ནི་བརྫུན་སྨྲ་བ་པོ་སྟེ་སྤང་བར་བྱའོ། །མཆོག་གི་བདེ་བའི་གནས་ལས་སེམས་ཉམས་དབང་མ་བསྐུར་ཞེས་པ་ནི་དབང་བསྐུར་མེད་པར་རྒྱུད་འཆད་པ་པོ་ཞེས་པ་སྟེ་སྤང་བར་བྱའོ། ། ལོངས་སྤྱོད་དག་ལ་ཀུན་ཆགས་ཞེས་པ་ནི་ཕྱི་རོལ་འཁོར་བ་པའི་ལོངས་སྤྱོད་རྣམས་ལ་ཀུན་ཏེ་རྣམ་པ་ཀུན་ནས་ཡང་དག་པར་ཆགས་པའོ། །བག་མེད་ནི་ཆང་འཐུངས་པས་ཏེ་མཉམ་པར་མ་བཞག་པ་སྤང་བར་བྱའོ་ཞེས་པའི་དོན་ཏོ། །དབང་པོའི་དོན་དུ་འདོད་ལྡན་པ་ཞེས་པ་ནི་དབང་པོ་ གཉིས་ཀྱི་བདེ་བའི་དོན་དུ་འདོད་ལྡན་ཡང་སྤང་བར་བྱའོ་ཞེས་པ་ནི་དེ་བཞིན་གཤེགས་པའི་ངེས་པའོ། །སྔགས་ཀྱི་ཚུལ་ལས་འདི་ལྟ་སྟེ། སློབ་དཔོན་ཡོན་ཏན་བླང་བྱ་སྟེ། །སྐྱོན་ནི་ནམ་ཡང་མིན་པ་ཉིད། །ཡོན་ཏན་བླངས་པས་དངོས་གྲུབ་འགྱུར། །སྐྱོན་བརྗོད་པ་ལས་ དངོས་གྲུབ་མེད་ཅེས་དང་དེ་བཞིན་དུ། དབང་མཆོག་ཐོབ་གང་རྡོ་རྗེ་ཡི། །སློབ་དཔོན་ལ་ནི་དེ་བཞིན་གཤེགས། །ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་རྣམས། །དུས་གསུམ་བྱོན་ནས་ཕྱག་འཚལ་ལོ་ཞེས་དེ་བཞིན་གཤེགས་པས་གསུངས་པ་མ་ཡིན་ནམ། དེའི་ཕྱིར་ སློབ་དཔོན་གྱི་ཡོན་ཏན་བླང་བར་བྱའོ་ཞེས་པ་ལམ་ཉམས་པ་འགའ་ཞིག་གི་ཚིག་འབྱུང་བར་འགྱུར་ཏེ། དེའི་ཕྱིར་བརྗོད་པར་བྱའོ། །འདིར་མ་འོངས་པའི་དུས་སུ་ལམ་ཉམས་པའི་བྱིས་པའི་སྐྱེ་བོ་རྣམས་ཀྱིས། སློབ་དཔོན་ཡོན་ཏན་བླང་བྱ་སྟེ། སྐྱོན་ནི་ནམ་ཡང་མིན་པ་ཉིད་ ཅེས་པ་གང་བརྗོད་པར་བྱ་བ་དེ་ནི་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་བླ་མ་བསྟེན་པའི་སླད་དུ་སློབ་དཔོན་གྱི་སྐྱོན་དང་ཡོན་ཏན་ཡོངས་སུ་བརྟག་པ་དེ་བཞིན་གཤེགས་པས་གསུངས་པ་འདི་ལྟ་སྟེ། སྙིང་རྗེ་མེད་ཅིང་ཁྲོ་ལ་གདུག །ཁེངས་ཤིང་ཆགས་ལམ་ བསྡམས་དང་། །རང་བསྟོད་བླ་མར་སློབ་མ་ནི། །བློ་བཟང་ལྡན་པས་མི་བྱའོ་ཞེས་པ་སྟེ་གསུངས་འདིའི་ཕྱིར་བླ་མར་བྱས་ཀྱང་བྱ་བ་མ་ཡིན་པ་བྱེད་པ་ནི་ཐར་པ་དོན་དུ་གཉེར་བའི་སློབ་མས་སྤང་བར་བྱ་བ་ཉིད་དོ། །དེ་བཞིན་དུ་དང་པོའི་སངས་རྒྱས་ལས། གང་ཞིག་ཁྱིམ་པ་བསྟི་གནས་ སྤྱོད། །གཡོག་པོ་ཞིང་པ་ཚོང་པ་དང་། །དམ་ཆོས་འཚོང་བའི་རྨོངས་པ་དེ། །ས་ལ་རྡོ་རྗེ་འཛིན་པ་མིན་ཞེས་པ་ལ་སོགས་པས་སོ། །བླ་མ་རྣམ་པ་གསུམ་སློབ་དཔོན་ཡོངས་སུ་བརྟག་པ་ལས་གསུངས་པ། དེ་ཉིད་བཅུ་ནི་ཡོངས་ཤེས་པ། །གསུམ་ལས་དགེ་སློང་ མཆོག་ཡིན་ཞིང་། །འབྲིང་ནི་དགེ་ཚུལ་ཞེས་བྱ་སྟེ། །ཁྱིམ་གནས་དེ་ལས་ཐ་མའོ་ཞེས་དང་དེ་བཞིན་དུ། ས་ཐོབ་མ་གཏོགས་ཁྱིམ་པ་ནི། །རྒྱལ་པོས་བླ་མར་མི་བྱ་སྟེ། །དེ་ལ་ཐོས་པ་ཡོངས་ཤེས་པས། །གང་ཞིག་རྟགས་ཅན་བྱ་བ་ཉིད། །ས་ཐོབ་མ་གཏོགས་སློབ་དཔོན་ ནི། །ཁྱིམ་གནས་གང་ཚེ་མཆོད་བྱེད་པ། །དེ་ཚེ་སངས་རྒྱས་ཆོས་དང་ནི། །དགེ་འདུན་རྣམས་ལ་གུས་མེད་འགྱུར་ཞེས་དང་དེ་བཞིན་དུ། ལྷ་ཁང་སོགས་ཀྱི་རབ་གནས་སོགས། །རྟགས་ཅན་གྱིས་ནི་རྟག་ཏུ་བྱ། །གནས་གཅིག་དག་ན་གསུམ་ཡོད་ན། །ཁྱིམ་པ་གོས་དཀར་ ལྡན་པས་མིན་ཞེས་པ་སྟེ། དེ་ལྟར་རྣམ་པ་དུ་མས་སློབ་དཔོན་ཡོངས་སུ་བརྟག་པ་ལས་བཅོམ་ལྡན་འདས་ཀྱིས་གསུངས་པའི་བླ་མ་སློབ་མ་རྣམས་ཀྱིས་བསྟེན་པར་བྱ་སྟེ་སྔར་གསུངས་པའི་ངེས་པ་ནི་སྐྱོན་དང་ལྡན་པ་སྤང་བའི་སླད་དུའོ། །དེ་བཞིན་དུ་ཡོན་ཏན་ལས་ཀྱང་གསུངས་པ་འདི་ལྟ་ སྟེ། བརྟན་ཞིང་དུལ་ལ་བློ་གྲོས་ལྡན། །བཟོད་ལྡན་དྲང་ལ་གཡོ་སྒྱུ་མེད། །སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས། །སྙིང་བརྩེར་ལྡན་ཞིང་བསྟན་བཅོས་མཁས། །དེ་ཉིད་བཅུ་ནི་ཡོངས་སུ་ཤེས། །དཀྱིལ་འཁོར་འདྲི་བའི་ལས་ལ་མཁས། །གསང་སྔགས་འཆད་བྱེད་ སློབ་དཔོན་དེ། །དང་བའི་བདག་ཉིད་དབང་པོ་ཐུལ་ཞེས་པ་ལ་སོགས་པས་སོ། །འོན་ཀྱང་ཚིགས་སུ་བཅད་པ་གཞན་གྱིས་གསུངས་པའི་ཚིག་ཅི་སྟེ་རྣམ་པར་མི་དཔྱོད་ཅེ་ན། དབང་མཆོག་ཐོབ་གང་ཞེས་པ་ལ་སོགས་པའི་ཚིག་ནི་མཁས་པ་རྣམས་ཀྱིས་དོན་དམ་པའི་བདེན་པ་དང་འཇིག་རྟེན་པའི་ བདེན་པ་སྟེ་ངེས་པའི་དོན་དང་དྲང་བའི་དོན་གྱིས་རྟོགས་པར་བྱའོ། །དེ་ལ་རེ་ཞིག་ངེས་པའི་དོན་བརྗོད་པར་བྱ་སྟེ་འདིར་བུམ་པ་དང་གསང་བ་དང་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་རྣམས་ཀྱི་མཆོག་ཕྱག་རྒྱ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་འགྱུར་བའི་བདེ་བ་ཆེན་པོའི་སྐད་ཅིག་མ་རྣམས་ཀྱི་མཐའ་ མ་མངོན་པར་རྫོགས་པར་བྱང་ཆུབ་པའི་མཚན་ཉིད་མི་ཆོད་པ་སྟེ་དེ་བཅོམ་ལྡན་འདས་གང་གིས་བྱང་ཆུབ་ཀྱི་ཤིང་དྲུང་དུ་ཐོབ་པ་དེ་ནི་དབང་མཆོག་ཐོབ་པའོ། །གང་ནི་གང་གི་ཕྱིར་ཏེ་སྐུ་དང་གསུང་དང་ཐུགས་མི་ཕྱེད་པ་དེའི་ཕྱིར་རྡོ་རྗེ་སློབ་དཔོན་ཏེ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའོ། །ཁམས་ གསུམ་པོ་འདིར་སེམས་ཅན་གྱི་དོན་དུ་གང་གིས་སྐུ་དང་གསུང་དང་ཐུགས་མི་ཕྱེད་པ་རྡོ་རྗེ་བཞིན་དུ་སྤྱོད་པ་དེ་ནི་རྡོ་རྗེ་སློབ་དཔོན་ཀུན་དུ་གཤེགས་པ་ཐམས་ཅད་མཁྱེན་པ་ཉིད་དེ། དེ་ལ་ཡང་དེ་བཞིན་གཤེགས། ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པ་རྣམས་ཞེས་པ་ལ་འདིར་ ཕྱོགས་བཅུ་རྣམས་ན་བྱང་ཆུབ་སེམས་དཔའ་གང་དག་ཡོད་པ་དེ་རྣམས་ཀྱི་ཅོད་པན་རིན་པོ་ཆེ་བདུན་གྱི་རང་བཞིན་ནི་ངེས་པའི་དོན་གྱིས་འཇིག་རྟེན་གྱི་ཁམས་ཞེས་བརྗོད་དེ་ཅོད་པན་དེ་དག་ལ་དེ་བཞིན་གཤེགས་པ་གང་དག་རིགས་ཀྱི་ཕྱག་རྒྱའི་རང་བཞིན་གྱིས་བཞུགས་པ་དེ་དག་ནི་ཕྱོགས་བཅུའི་ འཇིག་རྟེན་ཁམས་བཞུགས་རྣམས་སོ། །བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱང་དུས་གསུམ་དུ་བྱོན་ནས་སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག་འཚལ་བར་བྱེད་དེ། དེ་དག་ཕྱག་འཚལ་བར་བྱེད་པས་ཅོད་པན་ལ་གནས་པའི་དེ་བཞིན་གཤེགས་པ་རྣམས་དང་ཕུང་པོ་རྣམས་ཀྱིས་ཀྱང་ དེ་བཞིན་གཤེགས་པ་ལ་ཕྱག་འཚལ་བར་འགྱུར་རོ་ཞེས་པ་ནི་བཅོམ་ལྡན་འདས་ཀྱི་ངེས་པའི་དོན་ཏོ། །དེ་བཞིན་དུ་ཉེ་བར་བརྟགས་ནས་དྲང་བའི་དོན་བརྗོད་པར་བྱ་སྟེ་འདིར་ཕྱི་རོལ་ལ་ཇི་ལྟ་བ་དེ་བཞིན་དུ་ལུས་ལ་སྣ་ཚོགས་ཞེས་གསུངས་པའི་ཕྱིར་འཇིག་རྟེན་གྱི་ཁམས་ཀྱི་སྒྲས་ཕྱོགས་བཅུ་ ན་གནས་པའི་སློབ་མ་རྣམས་ཀྱི་ལུས་བརྗོད་དེ་འོག་ནི་སའི་ཁང་པ་ལ་གནས་པ་རྣམས་སོ། །སྟེང་ནི་ཁང་བཟངས་སུམ་རྩེག་ལ་སོགས་པ་ལ་གནས་པ་རྣམས་སོ། །དེ་རྣམས་ལ་ཕུང་པོ་ལྔ་གནས་པ་ནི་དེ་བཞིན་གཤེགས་པ་ཞེས་བརྗོད་དེ། དེ་ལྟར་འཇིག་ རྟེན་ཁམས་བཞུགས་རྣམས་སོ། །སློབ་མ་དེ་རྣམས་ཀྱང་ཐུན་མཚམས་གསུམ་དུ་འོངས་ནས་བླ་མ་ལ་ཕྱག་འཚལ་བར་བྱེད་དེ་དེ་རྣམས་ཕྱག་འཚལ་བར་བྱེད་པས་ཕུང་པོ་ལྔ་རྣམས་ཀྱིས་ཀྱང་བླ་མ་ལ་ཕྱག་འཚལ་བར་འགྱུར་རོ་ཞེས་པ་ནི་དྲང་བའི་དོན་ཏོ། །འདིར་ངུར་སྨྲིག་ འཛིན་པའི་དགེ་སློང་རྣམས་ཀྱིས་དུས་གསུམ་དུ་རྡོ་རྗེ་སློབ་དཔོན་ལ་ཕྱག་འཚལ་བར་བྱ་སྟེ། ཁྱིམ་པ་དང་གསར་བུ་རྣམས་ལ་ནི་དམ་པའི་ཆོས་འཆད་པ་མ་གཏོགས་པར་མ་ཡིན་ནོ། །འདི་ལྟ་སྟེ། འཇིག་རྟེན་སྨོད་པ་སྤང་བའི་ཕྱིར། །དམ་ཆོས་ལ་སོགས་མདུན་བདར་ཏེ། ། ཁྱིམ་པའམ་ནི་གསར་བུ་ལ། །བརྟུལ་ཞུགས་འཛིན་པས་བློས་ཕྱག་བྱ། །དེ་བཞིན་དུ། མཆོག་མིན་ལས་དང་ཕྱག་སྤངས་ནས། །སྟན་བསྟབ་པ་དང་ལྡང་བ་དང་། །དོན་བྱ་ལ་སོགས་བསྙེན་བཀུར་འདིར། །ཐམས་ཅད་བརྟུལ་ཞུགས་ཅན་གྱིས་བྱ་ཞེས་པ་འདིར་གལ་ཏེ་ ཁྱིམ་པའམ་གསར་བུ་དག་ཀྱང་དགེ་སློང་གི་རྡོ་རྗེ་སློབ་དཔོན་དུ་མཚུངས་པར་གྱུར་ན་དེའི་ཚེ་ཅི་ལྟར་ཞེ་ན། མཆོག་མིན་གྱི་ལས་རྐང་པ་བཀྲུ་བ་ལ་སོགས་པ་དང་ཡན་ལག་ལྔའི་ཕྱག་སྤངས་ནས་རང་གི་གནས་སུ་བླ་མ་བྱོན་པ་ལ་ནོར་ལ་སོགས་པའི་བཀུར་སྟི་བྱའོ། །འཆད་པའི་དུས་སུ་ འཇིག་རྟེན་སྨོད་པ་སྤང་བའི་ཕྱིར་དམ་པའི་ཆོས་ལ་སོགས་པ་མདུན་དུ་བདར་ནས་ཕྱག་འཚལ་བར་བྱའོ། །འདིར་འཇིག་རྟེན་སྨོད་པ་ནི་ཁྱིམ་པའམ་དགེ་ཚུལ་གང་ཡིན་པ་དེ་དག་ལེ་ལོ་ཉིད་ཀྱི་གོང་མའི་རྟགས་མི་འཛིན་པས་སོ་སོར་ཐར་པ་ཐོས་པ་དང་ཡོངས་སུ་ཤེས་པ་མེད་པའི་ཕྱིར་རོ། ། གལ་ཏེ་ལེ་ལོ་དང་ང་རྒྱལ་མེད་པ་དེ་ལྟ་ན་སྔར་དགེ་སློང་གི་སྡོམ་པ་ཤེས་ནས་ཕྱིས་ཐེག་པ་ཆེན་པོ་ཤེས་པར་བྱ་བ་སྟེ་ཀྱེའི་རྡོ་རྗེ་ལ་སོགས་པར་བཅོམ་ལྡན་འདས་ཀྱིས་གསུངས་པ་ཅིའི་དོན་དུ་མི་བྱེད། དེའི་ཕྱིར་དགེ་སློང་རྡོ་རྗེ་འཛིན་པ་ཡོད་ན་ཁྱིམ་ན་གནས་པའི་སློབ་དཔོན་ནི་དགེ་སློང་རྣམས་ཀྱིས་ བསྟེན་པར་མི་བྱ་སྟེ་རྒྱལ་པོས་ཀྱང་རྣམ་པ་ཐམས་ཅད་དུ་བསྟེན་པར་མི་བྱའོ། །དེ་བཞིན་དུ་སློབ་དཔོན་ཡོངས་སུ་བརྟག་པ་ལས། སློང་མོ་དང་ནི་གོས་དམར་གྱིས། །ངན་པའི་བདག་གང་ངོ་ཚ་ནས། །གཡེམ་བཅས་ཕྱག་དང་མཆོད་བྱེད་པས། །སངས་རྒྱས་པ་རྣམས་ལ་མ་ཉམས་ པར། འགྱུར་རོ་ཞེས་འབྲེལ་ལོ། །དེ་བཞིན་དུ། གང་ཚེ་གོས་དམར་མཐོང་གྱུར་ནས། །སྡིག་ཅན་རྣམས་ནི་ཞེ་སྡང་འགྱུར། །ཀླ་ཀློའི་ཆོས་དགའ་སངས་རྒྱས་པ། །དེ་ཚེ་དཀར་པོའི་གོས་ལ་མོས། །ཞེས་སོ། །འདིར་སངས་རྒྱས་པའི་བསྟན་པ་ནི་དུས་ཐམས་ཅད་དུ་ གོས་དཀར་པོ་མ་ཡིན་ཏེ། དེ་ལྟར་ཡང་འཇམ་དཔལ་གྱི་ཡུལ་གྱི་གཙུག་ལག་ཁང་དུ་དགེ་སློང་དང་། དགེ་ཚུལ་ཕམ་པར་གྱུར་པ་དེའི་ཚེ་གོས་དཀར་པོ་བྱིན་ཞིང་ངུར་སྨྲིག་བླངས་ཏེ་གཙུག་ལག་ཁང་ནས་ངེས་པར་འབྱིན་པར་བྱེད་དོ། །རྡོ་རྗེ་སློབ་དཔོན་ཡང་སྔགས་པའི་གཙུག་ལག་ ཁང་ནས་རྒྱལ་པོའི་ངེས་པས་སོ། །འཕགས་པའི་ཡུལ་འདིར་ཡང་ཁྱིམ་ན་གནས་པ་གོས་དཀར་པོ་འཛིན་པ་ནི་ངུར་སྨྲིག་འཛིན་པ་རྣམས་ཀྱི་བླ་མ་དང་གཙུག་ལག་ཁང་ལ་སོགས་པ་རབ་ཏུ་གནས་པ་བྱེད་བ་པོ་ཅི་ལྟར་ཡིན། གང་ཞིག་དགེ་སློང་རྡོ་རྗེ་འཛིན་པ་ཡོད་ཀྱང་གནོད་པའི་གནས་སྐབས་ ཐོབ་པ་དག་སྟེན་པར་བྱེད་ན་འདི་ནི་དགེ་འདུན་ལ་བརྙས་པ་ཆེན་པོ་སྟེ་ངེས་པར་འདི་ནི་བདེ་བར་གཤེགས་པའི་རྣམ་པར་དབྱེ་བ་རྣམ་པར་ཉམས་པར་བྱེད་པའོ། །དེའི་ཕྱིར་རྣམ་པ་ཀུན་དུ་ཡོངས་སུ་བརྟགས་ནས་སྐྱོན་དང་བྲལ་བའི་བླ་མ་བསྟེན་པར་བྱ་ཞིང་སྐྱོན་དང་ལྡན་པ་སྤང་བང་བྱའོ། ། སློབ་དཔོན་ཡོངས་སུ་བརྟག་པ་གསུངས་པའི་ངེས་པའོ། །ད་ནི་ཟབ་ཅིང་ཞེས་པ་ལ་སོགས་པས་ཤེས་རབ་ཡེ་ཤེས་ལ་སོགས་པའི་དབང་གི་དོན་དུ་སློབ་མ་དམ་པའི་མཚན་ཉིད་གསུངས་ཏེ། འདིར་སྔགས་ཀྱི་ཚུལ་ལ་སློབ་མ་རྣམ་པ་གཉིས་ཏེ་གཅིག་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ སྒྲུབ་པ་དོན་དུ་གཉེར་བ་དང་གཉིས་པ་ནི་འཇིག་རྟེན་པའི་དངོས་གྲུབ་སྒྲུབ་པ་དོན་དུ་གཉེར་བའོ། །གང་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པ་དོན་དུ་གཉེར་བ་དེ་ནི་སྟོང་པ་ཉིད་ཀྱི་ལམ་བསྒོམ་པའི་དོན་དུ་བུམ་པ་དང་གསང་བ་ལ་སོགས་པའི་དབང་གིས་ཡང་དག་པར་བསྡུ་བར་བྱའོ། །གང་ འཇིག་རྟེན་པའི་དངོས་གྲུབ་སྒྲུབ་པ་དོན་དུ་གཉེར་བ་དེ་ནི་སྔགས་དང་ཕྱག་རྒྱ་དང་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པའི་དོན་དུ་དབང་བདུན་གྱིས་ཡང་དག་པར་བསྡུ་བར་བྱ་སྟེ་འབྲིང་པོ་བསོད་ནམས་དག་གི་རྒྱུར་ཞེས་སོ། །ཐ་མ་ནི་དབང་གིས་ཡང་དག་པར་བསྡུ་བར་བྱ་བ་མ་ ཡིན་ཏེ། །དགེ་བསྙེན་གྱི་བསླབ་པས་ཡང་དག་པར་བསྡུ་བར་བྱའོ་ཞེས་པ་ནི་ངེས་པའོ། །འདིར་ཟབ་ཅིང་རྒྱ་ཆེ་བའི་ཆོས་སྟོང་བ་ཉིད་དང་སྙིང་རྗེའི་བདག་ཉིད་ལ་གང་ཞིག་སེམས་པ་དེ་ནི་ཟབ་ཅིང་རྒྱ་ཆེ་ལ་སེམས་ཞེས་པ་སྟེ་སློབ་མ་མཆོག་གོ། །བླ་མའི་ངེས་པ་ལ་དགའ་ཞེས་པ་ནི་ རྩ་བའི་ལྟུང་བ་བཅུ་བཞི་དང་བྲལ་ཞིང་དགེ་བ་བཅུའི་ཆོས་ལ་དགའ་བའོ། །གཏོང་བའི་ངང་ཚུལ་དང་ལྡན་ཞེས་པ་ནི་འདུ་འཛི་ཐམས་ཅད་རྣམ་པར་སྤངས་ཤིང་། རྫས་ལ་སོགས་པ་ལ་ལྟོས་པ་མེད་པའོ། །ཡོན་ཏན་ཤེས་ཞེས་པ་ནི་དཀོན་མཆོག་གསུམ་ལ་དད་པའོ། །ཐར་ པ་དོན་གཉེར་ཞེས་པ་ནི་འཇིག་རྟེན་པའི་དངོས་གྲུབ་ལ་ལྟོས་པ་མེད་པའོ། །རྒྱུད་ལ་གུས་ཤིང་ཞེས་པ་ནི་རྒྱུད་ལས་གསུངས་པའི་སྡོམ་པ་སྲུང་བར་བྱེད་པའོ། །གཡོ་བ་མིན་པའི་སེམས་ལྡན་ཞེས་པ་ནི་འཇིག་རྟེན་པའི་ལམ་རྣམས་ཀྱིས་གང་གི་སེམས་མི་གཡོ་བ་དེ་ནི་གཡོ་བ་ མེད་པའི་སེམས་ལྡན་ནོ། །དེ་ཉིད་ཐོབ་པ་ཤིན་ཏུ་སྦེད་ཅེས་པ་ནི་དེ་ཁོ་ན་ཉིད་ཐོབ་པ་ན་ཇི་སྲིད་རང་གིས་ཉམས་སུ་མྱོང་བར་གྱུར་པ་དེ་སྲིད་དུ་སྦེད་པ་ནི་ཤིན་ཏུ་སྦེད་པའོ། །གདུག་པ་རྣམས་ཀྱི་གྲོགས་ཉམས་ཞེས་པ་ནི་འདིར་གང་དག་ནོར་དོན་དུ་གཉེར་བའི་ཁྱིམ་པའི་སློབ་དཔོན་རྣམས་ དང་དེ་བཞིན་དུ་དཀའ་ཐུབ་པ་རྣམས་ཀྱང་སྟེ་གང་ཟག་གཅིག་གིས་བསྟི་གནས་དང་གཙུག་ལག་ཁང་ཉེ་བར་ལོངས་སྤྱོད་པ་དེ་རྣམས་ནི་གདུག་པའོ། །དེ་རྣམས་ཀྱི་གྲོགས་ནི་མི་དགེ་བ་བཅུའི་ལམ་སྟེ་དེ་གང་ལ་ཉམས་པ་དེ་ནི་གདུག་པ་རྣམས་ཀྱི་གྲོགས་ཉམས་པའོ། །དེ་ལྟར་གྱུར་པ་ ནི་སློབ་མ་ཆེན་པོ་སྟེ་བླ་མ་ཤིན་ཏུ་མཁས་པ་དེ་ཉིད་རིག་པ་རྣམས་ཀྱིས་ཤེས་རབ་ཡེ་ཤེས་ཀྱི་དབང་ལ་སོགས་པའི་རྒྱུར་བསྡུ་བར་བྱའོ། །སོགས་པའི་སྒྲས་དབང་བཞི་བའི་རྒྱུར་ཡང་དེ་ཉིད་དོ། །གཞན་འབྲིང་པོ་ནི་སླར་ཡང་བསོད་ནམས་དག་གི་རྒྱུར་ཏེ་ཡོན་ཏན་འབྲིང་པོ་དང་ལྡན་པ་ ནི་དབང་བདུན་གྱི་རྒྱུར་ཡང་དག་པར་བསྡུ་བར་བྱའོ། །ཐ་མ་ཡང་གལ་ཏེ་བླ་མ་སྟེན་པར་བྱེད་ཅིང་སྨོད་པར་མི་བྱེད་ན་བསླབ་པའི་གནས་ལྔའི་རྒྱུར་ཡང་དག་པར་བསྡུ་པར་བྱའོ་ཞེས་པ་ནི་བཅོམ་ལྡན་འདས་ཀྱི་ངེས་པ་སྟེ་སློབ་མ་ཡོངས་སུ་བརྟག་པའི་ངེས་པའོ། །ད་ནི་རྡོ་རྗེ་སློབ་དཔོན་ གྱིས་དཀྱིལ་འཁོར་བཞེངས་པ་དང་། དབང་སྦྱིན་པ་དང་རྒྱུད་བསྟན་པའི་དོན་དུ་རྣལ་འབྱོར་མ་རྣམས་ལ་མཆོད་པ་བྱེད་པའི་སླད་དུ་ནག་པའི་མཐར་ཞེས་པ་ལ་སོགས་པས་དཀར་པོའི་ཚིགས་ངེས་པ་བཅོམ་ལྡན་འདས་ཀྱིས་གསུངས་པ་རྣམ་པར་རྒྱས་པར་བྱ་སྟེ། འཕགས་པའི་ཡུལ་ འདིར་དཀར་པོའི་ཚེས་གཅིག་ལ་སོགས་པ་ཆ་བཅྭ་ལྔའི་མཐར་ནག་པོའི་ཚེས་གཅིག་འཇུག་པ་ས་གའི་ཉའི་སྐྱ་རེངས་འཆར་བའི་ཚེ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་མངོན་པར་རྫོགས་པར་སངས་རྒྱས་ཏེ་དེ་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་ཐེག་པ་གསུམ་བསྟན་པ་མཛད་ནས་ཟླ་བ་བཅུ་གཉིས་ པ་ནག་པའི་ཉ་ལ་ཤྲཱི་དྷཱ་ནྱ་ཀ་ཊ་ཀར་ཆོས་ཀྱི་དབྱིངས་གསུང་གི་དབང་ཕྱུག་གི་དཀྱིལ་འཁོར་ཆ་བཅུ་དྲུག་གི་རྣམ་པར་དབྱེ་བའི་མཚན་ཉིད་ཅན་དང་། དེའི་སྟེང་དུ་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་ཆ་བཅུ་དྲུག་གི་རྣམ་པར་དབྱེ་བ་ཅན་དང་པོའི་སངས་རྒྱས་རྣམ་པར་སྤྲོས་སོ། །འདིར་རྒྱུ་ སྐར་གྱི་དཀྱིལ་འཁོར་ཞེས་ཅི་ལྟར་ཤེས་པར་བྱ་ཞེ་ན་བརྗོད་པར་བྱ་སྟེ། འདིར་མཆོད་རྟེན་གྱི་ཕྱི་རོལ་དུ་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་རྣམ་པར་དག་པས་ཀ་བ་ཉི་ཤུ་རྩ་བརྒྱད་དེ་ཕྱོགས་བཞི་རྣམས་སུ་ཐུར་མ་བདུན་གྱི་དབྱེ་བས་ཤར་དུ་ཁྱབ་འཇུག་གིས་ཁྱེར་ནས་འོངས་པ་དང་ལྷོར་ཀཱརྟི་ཀས་དང་ནུབ་ཏུ་ ཚངས་པས་དང་བྱང་དུ་བདེ་བྱེད་ཀྱིས་ཁྱེར་ནས་འོངས་པ་རྣམས་བཙུགས་པ་གང་ཡིན་པ་དེས་ན་མཆོད་རྟེན་གྱི་ཕྱི་རོལ་རྒྱུ་སྐར་གྱི་རྣམ་པར་དབྱེ་བས་མཆོད་རྟེན་གྱི་ནང་གི་དཀྱིལ་འཁོར་ནི་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་རོ། །དེ་བཞིན་དུ་སྒོ་ལོགས་ཉི་ཤུ་རྩ་བཞི་ནི་ཕྱོགས་ཀྱི་ཆའི་དབྱེ་བས་ སོ། །གཞན་འོག་གི་དཀྱིལ་འཁོར་སྐུ་དང་གསུང་དང་ཐུགས་ཀྱི་དཀྱིལ་འཁོར་གྱི་བདག་ཉིད་ཆ་བཅུ་དྲུག་དང་ལྡན་པ་ནི་སྟོང་པ་ཉིད་དང་སྙིང་རྗེ་བཅུ་དྲུག་རྣམ་པར་དག་པས་སོ་ཞེས་པ་དཀྱིལ་འཁོར་གྱི་གནས་ངེས་པའོ། །གནས་དེར་ཉིན་ཞག་དེ་ཉིད་ལ་དེ་བཞིན་གཤེགས་པས་སངས་ རྒྱས་ཀྱི་དབང་བྱིན་ནས་ལྷ་དང་ལྷ་མ་ཡིན་ལ་སོགས་པ་རྣམས་སངས་རྒྱས་ཉིད་དུ་ལུང་བསྟན་ཏེ། དེས་ན་མ་འོངས་པའི་དུས་སུ་ཉ་འདི་ནི་དུས་ཀྱི་འཁོར་ལོ་ལས་རྡོ་རྗེ་སློབ་དཔོན་རྣམས་ལ་དེ་བཞིན་གཤེགས་པའི་ངེས་པར་གྱུར་ཏོ། །ནག་པའི་མཐར་ནི་དཀར་པོའི་ཚིགས་ ལ་གཞན་ལ་ཕན་པའི་བླ་མས་དཀྱིལ་འཁོར་དག་ནི་བཞེངས་བྱས་ནས། །སྡིག་པའི་དྲི་མ་འཕྲོག་པའི་དབང་བདུན་རྣམས་ནི་བསོད་ནམས་དོན་དུ་བུ་རྣམས་དག་ལ་སྦྱིན་པར་བྱ་ཞེས་པ་ལ། འདིར་དང་པོར་དབང་བདུན་སྦྱིན་པ་ནི་གཞུག་པའི་དོན་དང་སྔགས་བཟླས་པ་དང་དཀྱིལ་འཁོར་སྒོམ་ པའི་དོན་དུ་སྟེ་དེས་བསོད་ནམས་ཀྱི་ཚོགས་སོ། །དེའི་ཕྱིར་བསོད་ནམས་ཀྱི་ཚོགས་ཀྱི་རྒྱུར་དབང་བདུན་སྦྱིན་པར་བྱ་ཞིང་མི་འཚེ་བ་ལ་སོགས་པའི་བརྟུལ་ཞུགས་ཉི་ཤུ་རྩ་ལྔ་སྦྱིན་པར་བྱའོ། །དེ་ནས་ཡེ་ཤེས་ཀྱི་ཚོགས་ཀྱི་དོན་དུ་དབང་གོང་མ་གསུམ་སྦྱིན་པ་ནི་རང་གི་ཤལ་སོགས་པ་དང་ ཤིན་ཏུ་འདོད་པ་སྦྱིན་པ་ལ་སོགས་པའི་དོན་དང་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་སྒོམ་པའི་དོན་དང་བྱང་ཆུབ་ཀྱི་སེམས་མི་འགྱུར་བའི་དོན་ཏེ་དེས་ཡེ་ཤེས་ཀྱི་ཚོགས་སོ། །དེའི་ཕྱིར་ཡེ་ཤེས་ཀྱི་ཚོགས་ཀྱི་རྒྱུར་དབང་གོང་མ་རྣམས་སྦྱིན་པར་བྱའོ། །དེ་དག་ཀྱང་ དབང་བཞི་པ་དང་བཅས་པ་སྟེ་བཞི་པ་ནི་མན་ངག་གིས་བརྗོད་པར་བྱའོ། །ཞེས་པ་བཅོམ་ལྡན་འདས་ཀྱི་དབང་གི་ངེས་པའོ། །དེ་ལྟར་ནག་པའི་ཉ་གཙོ་བོར་བྱས་ནས་ཉ་བཅུ་གཉིས་པོ་རྣམས་ལ་རྡོ་རྗེ་སློབ་དཔོན་གྱིས་དབང་སྦྱིན་པར་བྱ་ཞིང་སྐུ་གཟུགས་ལ་སོགས་པ་རྣམས་རབ་ཏུ་གནས་ པར་བྱའོ། །དེ་བཞིན་དུ་རྒྱུ་སྐར་དང་སྦྱོར་བ་དགེ་བ་དང་བཅས་པའི་ཉིན་ཞག་གཞན་ལ་ཡང་བྱའོ་ཞེས་པ་ནི་དབང་ལ་སོགས་པའི་ངེས་པའོ། །ད་ནི་དུས་ཀྱི་འཁོར་ལོའི་རྒྱུད་བསྟན་པའི་དོན་དུ་རྣལ་འབྱོར་མ་རྣམས་མཆོད་པའི་ངེས་པ་གསུངས་ཏེ། ནག་པའི་ཉ་ལ་དཀྱིལ་འཁོར་ བཞེངས་ནས་སམ་ཡང་ན་དཀྱིལ་འཁོར་བྲིས་པ་མེད་པར་མཐའ་དག་ཡོན་ཏན་གཏེར་གྱུར་རྒྱུད་ཀྱི་རྒྱལ་པོ་བསྟན་པའི་སླད་དུ་རྣལ་འབྱོར་མ་རྣམས་དག་ལ་བཟའ་བ་དང་བཏུང་བ་ལ་སོགས་པས་མཆོད་པ་བྱའོ། །ཅི་སྟེ་མ་ཚོགས་པའི་དབང་གིས་ནག་པའི་ཉ་ལ་མཆོད་པ་མེད་པར་གྱུར་ ན་དེའི་ཚེ་ལོ་གཅིག་ཏུ་ནི་རྒྱུད་ཀྱི་རྒྱལ་པོ་དག་ནི་བླ་མ་རྡོ་རྗེ་སློབ་དཔོན་གྱིས་བསྟན་པར་མི་བྱའོ། །ཅི་སྟེ་མཆོད་པ་མེད་པར་གྱུར་པ་ལ་འོས་པའི་སློབ་མ་འགའ་ཞིག་ཐོས་པ་དོན་དུ་གཉེར་ན་དེའི་ཚེ་དེས་ཉ་བཅུ་གཉིས་པོ་རྣམས་ལ་རྣལ་འབྱོར་མ་རྣམས་ལ་མཆོད་པ་བྱས་ནས་མཉན་པར་བྱ་སྟེ། དེའི་བསོད་ནམས་ཀྱི་ཚོགས་ཀྱིས་གཞན་རྣམས་ཀྱིས་ཀྱང་མཉན་ནོ། །འདིར་རྣལ་འབྱོར་མ་རྣམས་ལ་མཆོད་པ་ནི་ཕྱིའི་བགེགས་ཉེ་བར་ཞི་བར་བྱ་བའི་དོན་དུ་སྟེ་རྟག་ཏུ་བརྒྱད་དང་བཅུ་བཞི་ལ་ཇི་ལྟར་འབྱོར་པ་བྱ་བ་དང་འབྱུང་པོ་ལ་སོགས་པ་རྣམས་ལ་ཉིན་ཞག་སོ་སོར་གཏོར་མ་སྦྱིན་པར་བྱ་བ་དང་། སངས་རྒྱས་མཆོད་པ་མཎྜལ་ལ་སོགས་པ་བྱ་བ་ནི་ཁྱིམ་ན་གནས་པ་ནོར་དང་ལྡན་པ་རྣམས་ཀྱི་ངེས་པའོ། །ཀུན་སྤངས་ཀྱི་སློབ་མ་རྣམས་ལ་ནི་མཆོད་པ་ངེས་པ་མེད་ཅིང་དེ་རྣམས་ལ་བསྟན་པའི་དོན་དུ་བླ་མ་རྣམས་ཀྱིས་ཀྱང་ངེས་པ་མི་བྱའོ། །གང་གིས་ཕྱིར་སངས་རྒྱས་དང་རྡོ་རྗེ་རྣལ་འབྱོར་མ་ རྣམས་ཀྱང་བསམ་པ་འཛིན་པར་བྱེད་པ་སྟེ་མཆོད་པ་ལ་སོགས་པའི་དངོས་པོ་འཛིན་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། །རྒྱུད་བསྟན་པའི་མཆོད་པའི་ངེས་པའོ། །ད་ནི་དབང་གི་དོན་དུ་ས་ལ་སོགས་པའི་མཚན་ཉིད་གསུངས་ཏེ། ཚིགས་སུ་བཅད་པ་འདིར་ས་ལ་སོགས་པ་གང་སྨོས་པ་དེ་མཐའ་ དག་འཆད་པར་འགྱུར་བ་ལས་བརྗོད་པར་བྱའོ་དགེ་བ་དང་མི་དགེ་བའི་ལས་ཀྱི་འབྲས་བུའི་དོན་དུ་ཞི་བ་ལ་སོགས་པ་བྱའོ་ཞེས་པ་ནི་རྡོ་རྗེ་སློབ་དཔོན་གྱིས་སོ། །སློབ་མ་རྣམས་ནི་བསྡུ་བ་དག་དང་གང་ཡང་དཀྱིལ་འཁོར་བྲི་བདག་ཤེས་ནས་བྱའོ་ཞེས་པ་ནི་ངེས་པའོ། །གདུག་པའི་སློབ་དཔོན་ཕ་ རོལ་སླུ་བ་པོ་རྫས་ལ་ཆགས་པས་ཡོངས་སུ་ཤེས་པ་མེད་པར་བྱེད་ན་དམྱལ་བར་འགྲོ་བར་འགྱུར་རོ་ཞེས་པ་ནི་སློབ་དཔོན་ལ་རྗེས་སུ་བསྟན་པའི་ཚིགས་སུ་བཅད་པའོ། །དབང་གི་དོན་དུས་ནི་ཡོངས་བརྟག་ཅེས་པ་ལ་སོགས་པ་ནི་གོ་སླའོ། །ད་ནི་ས་ཡི་ཞེས་པ་ལ་སོགས་པས་སའི་མཚན་ཉིད་ གསུངས་ཏེ་འདིར་འཇིག་རྟེན་གྱི་ཐ་སྙད་ཀྱིས་དངོས་པོ་རྣམས་ཀྱི་རིགས་རྣམ་པ་བཞིའོ། །དེ་ཡང་ཁ་དོག་བཞིས་རིག་པར་བྱ་སྟེ་དམངས་རིགས་ལ་སོགས་པ་རྣམས་ཁ་དོག་ནག་པོ་ལ་སོགས་པས་སོ། །འདིར་འཇིག་རྟེན་ཀུན་རྫོབ་ཀྱིས་ཁ་དོག་ནག་པོའི་ས་ནི་དམངས་རིགས་སོ། །སེར་པོ་ནི་ རྗེའུ་རིགས་དང་དམར་པོ་ནི་རྒྱལ་རིགས་དང་དཀར་པོ་ནི་བྲམ་ཟེའི་རིགས་སོ། །དེ་བཞིན་དུ་དྲི་ལས་ཏེ་རྨག་གི་དྲི་ནི་དམངས་རིགས་སོ། །ལན་ཚྭའི་དྲི་ནི་རྗེའུ་རིགས་དང་པདྨའི་དྲི་ནི་རྒྱལ་རིགས་དང་མཆོག་གི་དྲི་ནི་བྲམ་ཟེའི་རིགས་ཏེ་རིམ་པས་སོ། །དེ་བཞིན་དུ་རོ་ལས་ཏེ་ སྐྱུར་བ་དང་ལན་ཚྭའི་རོ་ནི་དམངས་རིགས་སོ། །མངར་དང་ཚ་བ་ཞེས་པ་ལ་མངར་བའི་རོ་ནི་རྗེའུ་རིགས་དང་ཚ་བའི་རོ་ནི་མི་བདག་གི་རིགས་ཏེ་རྒྱལ་རིགས་དང་གཞན་པའི་རོ་ཁ་བ་དང་བསྐ་བ་དག་ནི་གཉིས་སྐྱེས་ཀྱི་རིགས་སོ་ཞེས་པ་སྟེ་རོ་ལས་རིགས་ངེས་པའོ། །ད་ནི་ཞི་བ་ལ་སོགས་པའི་ དོན་དུས་གསུངས་པ་དཀར་པོ་ཞེས་པ་ལ་སོགས་པ་སྟེ་འདིར་ཞི་བ་དང་རྒྱས་པ་ལས་དཀར་པོ་དང་བསད་པ་དང་བསྐྲད་པ་ལ་ཁ་དོག་ནག་པོ་དང་དབང་དང་དགུག་པ་ལ་དམར་པོ་དང་རེངས་པ་དང་རྨོངས་པ་ལ་སེར་པོར་འགྱུར་རོ། །ཡག་ཡིག་ལས་དུག་གཞིལ་བ་ལ་སོགས་པ་ལ་ཡང་རིམ་པ་ཇི་ལྟ་ བས་ཏེ་ངེས་པའོ། །འདིར་ལས་ཀྱི་ཆ་ནི་ཐམས་ཅད་པ་ལས་ལྗང་གུ་ལས་ཐམས་ཅད་བྱེད་པར་འགྱུར་ཏེ་ལྔ་པ་དང་ནི་མཐའ་མ་དག་གི་རིགས་སོ། །རོ་དང་དྲི་རྣམས་ཐམས་ཅད་དང་ལྡན་མཐའ་དག་ཡོན་ཏན་གཏེར་དེ་ནི་ནམ་མཁའི་ཁམས་ཀྱི་མཚན་ཉིད་དུ་རྣལ་འབྱོར་པས་རིག་པར་བྱའོ་ ཞེས་པ་སྟེ་སའི་མཚན་ཉིད་ངེས་པའོ། །འདིར་གལ་ཏེ་འདི་འདྲ་བའི་སའི་མཚན་ཉིད་ངེས་པ་ཞི་བ་ལ་སོགས་པའི་དོན་དུ་ཡིན་ན་དེའི་ཚེ་ནགས་དང་གྲོང་ཁྱེར་ལ་སོགས་པའི་ཕྱོགས་ཀྱི་ཆ་ཐམས་ཅད་དུ་མཚན་ཉིད་འདི་རྣམས་དང་ལྡན་པའི་སར་མི་འགྱུར་རོ། །དེ་ནས་རྩ་བའི་རྒྱུད་ལས་ བཅོམ་ལྡན་འདས་ཀྱིས་གསུངས་པ། འདིར་གང་དུ་དཀྱིལ་འཁོར་ལ་སོགས་པའི་ལས་བྱ་བ་དེར་གལ་ཏེ་ལས་དང་རྗེས་སུ་མཐུན་པའི་ས་མེད་པར་གྱུར་ན་དེའི་ཚེ་ཁུང་བུ་བརྐོས་ནས་ཏེ་ཆུའི་མཐའ་མ་རྡོ་བའི་མཐར་བརྐོ་བར་བྱའོ། །དེ་ནས་ལས་དང་རྗེས་སུ་མཐུན་པའི་ས་གཞན་གྱིས་ ཁུང་བུ་དགང་བར་བྱའོ། །འདིར་སའི་དྲིའི་དོན་དུས་དཀར་པོ་ནི་ཙནྡན་གྱི་ཆུས་བྲན་པར་བྱའོ། །ས་དམར་པོ་ནི་པདྨའི་ཆུ་དང་ཙནྡན་དམར་པོའི་ཆུས་བྲན་པར་བྱའོ། །ས་སེར་པོ་ནི་བོང་བུ་དང་རྟ་དང་མིའི་གཅི་བས་བྲན་པར་བྱའོ། །ས་ནག་པོ་ནི་ཤ་རུལ་པའི་ཆུས་བྲན་པར་བྱའོ། །རོ་ བྲོ་ངའི་དོན་དུ་ནག་པོ་ལ་ལན་ཚྭ་དང་སྐྱུར་བ་བསྲེ་བར་བྱའོ། །སེར་པོ་ལ་བུར་མ་དང་དམར་པོ་ལ་ཚ་བ་གསུམ་དང་དཀར་པོ་ལ་ཁ་བ་དང་བསྐ་བའོ། །ལྗང་གུ་ནི་ལས་ཐམས་ཅད་པ་ཉིད་ཀྱི་ཕྱིར་ཅི་ཡང་བསྲེ་བར་མི་བྱའོ། །དེ་བཞིན་དུ་སའི་ནང་དུ་གཏེར་གཞུག་པར་བྱ་སྟེ་ནག་པོ་ལ་ནི་ བསད་པ་ལ་མི་རུས་དང་བསྐྲད་པ་ལ་བྱ་རོག་གི་མཇུག་སྒྲོ་དང་སྡང་བ་ལ་བོང་བུའི་རུས་པའོ། །སེར་པོ་ལ་ནི་ཕུར་བུས་གདབ་པ་ལ་ལུག་གི་རྭ་དང་རེངས་པ་ལ་བ་བླ་དང་རྨོངས་པ་ལ་སྦྲུལ་ལོ། །དམར་པོ་ལ་ནི་དབང་ལ་གི་ཝང་དང་དགུག་པ་ལ་མཚལ་དང་བསྐྱོད་པ་ལ་ལྡོང་རོས་སོ། ། དཀར་པོ་ལ་ནི་ཞི་བ་ལ་ཤེལ་དང་རྒྱས་པ་ལ་དུང་དང་རིམས་འཕྲོག་པ་དང་བསྲེག་པ་ལ་མུ་ཏིག་གོ། །ལྗང་གུ་ལ་ནི་ཅུང་ཟད་ཀྱང་གཞུག་པར་མི་བྱའོ། །ཅི་སྟེ་ལྗང་གུ་ལ་ཐུན་མོང་གི་ལས་ཐམས་ཅད་པ་བྱ་བ་ཡིན་ན་དེའི་ཚེ་སའི་སྙིང་པོར་རིན་པོ་ཆེ་ལྔ་གཞུག་པར་བྱའོ། །དཀར་པོ་དང་ དམར་པོ་ལ་ཡང་སྟེ་ལས་ཐམས་ཅད་པ་ལ་དྲག་པོའི་རྫས་རྣམས་སྤང་བར་བྱའོ། །ལས་ཐམས་ཅད་པའི་སྒྲས་ནི་ཞི་བ་ལ་སོགས་པ་དང་དབང་ལ་སོགས་པའི་ལས་དྲུག་སྟེ་བསད་པ་ལ་སོགས་པ་དང་ཕུར་བུས་གདབ་པ་ལ་སོགས་པ་དྲུག་ནི་མ་ཡིན་ནོ། །ས་ཡོངས་སུ་བརྟག་པའི་ངེས་ པའོ། །ད་ནི་དབང་ལྡན་ཞེས་པ་ལ་སོགས་པས་ཞི་བ་ལ་སོགས་པའི་དོན་དུ་ཕྱོགས་ཀྱི་ཆ་གསུངས་ཏེ་འདིར་སྤྱིའི་གྲོང་ལས་གྲོང་གི་ཕྱི་རོལ་དབང་ལྡན་དང་བྱང་དུ་ཡང་ཞི་བ་དང་རྒྱས་པ་དག་བྱའོ། །རྒྱལ་པོ་ཆེན་པོའི་གནས་ལས་ནི་ཕྱོགས་བརྒྱད་ན་རོ་སྲེག་པ་ལ་སོགས་པའི་དུར་ཁྲོད་བརྒྱད་དེ། དེས་ན་ཞི་བ་དང་རྒྱས་པ་འགྲུབ་པར་མི་འགྱུར་རོ། །དེའི་ཕྱིར་རྒྱལ་པོའི་ཁབ་ཀྱི་དབང་ལྡན་དང་བྱང་དུ་ཞི་བ་དང་རྒྱས་པ་བྱའོ། །ལས་ལྷག་མ་རྣམས་ནི་གྲོང་གི་བཞིན་དུ་རྒྱལ་པོའི་གནས་ལས་ཕྱི་རོལ་དུའོ་ཞེས་པ་ཞི་བ་དང་རྒྱས་པའི་ལས་ངེས་པའོ། །དེ་བཞིན་དུ་མེར་བསད་པ་དང་ ཤར་དུ་རྣམ་པར་དབྱེ་བ་དང་བསྐྲད་པ་དང་བདེན་བྲལ་དུ་དབང་དུ་བྱ་བ་དང་ལྷོར་དགུག་པ་དང་རླུང་དུ་རྨོངས་པ་དང་ནུབ་ཏུ་རེངས་པ་དང་ཕུར་བུས་གདབ་པའོ། །གྲོང་གི་དབུས་སུ་ལས་ཐམས་ཅད་པའི་དཀྱིལ་འཁོར་དང་ཐབ་དང་སྦྱིན་སྲེག་ལ་སོགས་པ་སྔགས་པས་བྱའོ་ཞེས་པ་ནི་ཕྱོགས་ཀྱི་ ཆར་ལས་བྱེད་པའི་ངེས་པའོ། །ད་ནི་ཞི་བ་ལ་སོགས་པའི་ཐབ་གསུངས་ཏེ་ཐབ་ཁུང་གྲོང་གི་ཕྱོགས་བརྒྱད་དབང་ལྡན་ལ་སོགས་པ་རྣམས་སུ་རིམ་པ་ཇི་ལྟ་བས་ཏེ་ཞི་བ་ལ་ཐབ་ཁུང་ཟླུམ་པོའོ། །རྒྱས་པ་ལ་གྲུ་བཞི་དང་བསད་པ་ལ་གཞུའི་རྣམ་པ་དང་དབྱེ་བ་ལ་ ཟུར་ལྔ་པ་དང་དབང་ལ་ཟུར་གསུམ་པ་དང་དགུག་པ་ལ་ཟུར་བདུན་པ་དང་རྨོངས་པ་ལ་ཟུར་དྲུག་པ་དང་རེངས་པ་ལ་ཟུར་བརྒྱད་པའོ། །འདི་རྣམས་ཀྱི་མཚན་ཉིད་ནི་འཆད་པར་འགྱུར་བའི་སྦྱིན་སྲེག་གི་ཆོ་ག་ལས་རྒྱས་པར་བརྗོད་པར་བྱའོ། །ད་ནི་ཐབ་ཁུང་གི་མཚན་མ་གསུངས་ཏེ་འདིར་ ཐབ་ཁུང་ཟླུམ་པོའི་པདྨའི་ལྟེ་བ་ལ་མཚན་མ་ནི་པདྨའོ། །གྲུ་བཞི་པ་ལ་འཁོར་ལོ་དང་གཞུའི་རྣམ་པ་ལ་གྲི་གུག་དང་ཟུར་ལྔ་པ་ལ་རལ་གྲི་དང་ཟུར་གསུམ་པ་ལ་མདའ་དང་ཟུར་བདུན་པ་ལ་རྡོ་རྗེ་ལྕགས་ཀྱུ་དང་ཟུར་དྲུག་པ་ལ་རྨོངས་པ་ལ་སྦྲུལ་དང་ཟུར་བརྒྱད་པ་ལ་ལྕགས་སྒྲོག་གོ། །འདིར་ ཐབ་ཁུང་གཉིས་ཀྱི་མཚན་མ་བཟློག་པ་ནི་སྡེབ་སྦྱོར་གྱི་དབང་གིས་ཏེ་མཚན་མའི་ངེས་པའོ། །འདི་རྣམས་ཀྱི་ཚད་གསུངས་པ་གཅིག་ཅེས་པ་ལ་སོགས་པ་སྟེ་ཟླུམ་པོ་ནི་ཁྲུ་གཅིག་པའོ། །གྲུ་བཞི་པ་ནི་ཁྲུ་གཉིས་པ་དང་གཞུའི་རྣམ་པ་ནི་ཁྲུ་ཕྱེད་པ་དང་ཟུར་ལྔ་པ་ནི་ཟླུམ་པོའི་ཚད་དང་ ཟུར་གསུམ་པ་ནི་སོར་ཉི་ཤུ་དང་ཟུར་བདུན་པ་ནི་སོར་བཞི་བཅུ་དང་ཟུར་དྲུག་པ་ནི་སོར་སུམ་ཅུ་དང་ཟུར་བརྒྱད་པ་ནི་སོར་དྲུག་ཅུའོ། །ཐབ་ཁུང་གི་ཕྱེད་ཀྱི་ཚད་ནི་ཟབས་སོ། །ཐབ་ཁུང་གི་དྲུག་གི་ཆ་ཤས་ནི་ཁ་ཁྱེར་རོ། །ཐབ་ཁུང་གི་བཅུ་གཉིས་ཀྱི་ཆ་ཤས་ནི་མཆུའོ། །མཚན་ མའི་ཕྲེང་བ་ཡང་ཁ་ཁྱེར་ལ་ཀུན་ནས་སོ། །ཕྱི་རོལ་དུ་ཆུ་སྐྱེས་འདབ་མ་རྣམས་ནི་ཞི་བ་དང་རྒྱས་པ་ལའོ། །ལྷག་མའི་ལས་རྣམས་ལ་ནི་རྩིག་པའི་ཕྱི་རོལ་དུ་གཞན་དད་གཞན་འཆད་པར་འགྱུར་རོ། །ཡང་ན་ལས་ཐམས་ཅད་ལ་ཐབ་ཁུང་གི་དབུས་སུ་རྡོ་རྗེ་མཚན་མར་ཤེས་པར་བྱའོ། ། ད་ནི་ས་ལ་ཕུར་བུ་གདབ་པའི་དོན་དུ་ཕུར་བུ་གསུངས་ཏེ་འདིར་ཕྱོགས་བཅུར་ཕུར་བུ་གདབ་པའི་དོན་དུ་ཞི་བ་ལནྱ་གྲོ་དྷཱའི་ཕུར་བུའོ། །རྒྱས་པ་ལ་ཨ་ཤྭ་ད་ཐ་དང་བསད་པ་ལ་རུས་པའི་བདག་ཉིད་དང་བསྐྲད་པ་ལ་ལྕགས་དང་དབང་ལ་སེང་ལྡེང་ལས་སྐྱེས་པ་དང་དགུག་པ་ལ་ཙཱུ་ཏ་ལས་སྐྱེས་པ་ དང་རྨོངས་པ་ལ་ཨརྐ་ལས་སྐྱེས་པ་དང་རེངས་པ་ལ་བིལ་བ་ལས་སྐྱེས་པའོ་ཞེས་པ་ནི་ཕུར་བུའི་ངེས་པ་སྟེ་ལས་ཐམས་ཅད་པ་ལ་ཨུ་དུམ་བཱ་ར་ལས་སྐྱེས་པའོ། །ད་ནི་བུམ་པ་གསུངས་ཏེ་ཞི་བ་ལ་ཤེལ་གྱི་བུམ་པའོ། །རྒྱས་པ་ལ་དངུལ་གྱིའོ། །བསད་པ་ལ་མིའི་ཐོད་པའོ། །བསྐྲད་ པ་དང་དབྱེ་བ་ལ་ལྕགས་ཀྱིའོ། །དབང་ལ་གསེར་གྱིའོ། །དགུག་པ་ལ་ཟངས་ཀྱིའོ། །རེངས་པ་ལ་སའི་བདག་ཉིད་དོ། །རྨོངས་པ་ལ་ཤིང་ལས་སྐྱེས་པའི་བུམ་པ་བཅུའོ། །དེ་ནས་ཞི་བ་དང་རྒྱས་པའི་དོན་དུ་བུམ་པའི་མཚན་ཉིད་གསུངས་ཏེ་འདིར་བུམ་པའི་ལྟོ་བ་ཟླུམ་པོ་ནི་ བརྒྱད་གཉིས་སོར་དུ་བརྗོད་དེ་སོར་བཅུ་དྲུག་ཏུ་བརྗོད་དོ། །གཉིས་ཀྱིས་བསྒྱུར་བའི་བཅུ་ཡིས་དཔངས་ཞེས་པ་ནི་བུམ་པའི་ལྟོ་བའི་འོག་ནས་ཁ་དང་མཆུའི་མཐར་སོར་ཉི་ཤུ་ནི་དཔངས་སོ། །སོར་གཉིས་དག་གི་མཆུ་ཞེས་པ་ནི་གང་དག་གི་མཆུ་སོར་གཉིས་ འཕྱང་བ་དེ་དག་ནི་སོར་གཉིས་དག་གི་མཆུའོ། །ཁའི་མཚམས་ནས་སོར་དྲུག་གི་མགྲིན་པའོ། །སོར་བརྒྱད་ཁ་སྟེ་ཞེས་པ་ནི་མཆུའི་མཐའ་ནས་མཆུའི་མཐར་ཁ་སོར་མོ་བརྒྱད་དེ། སོར་བརྒྱད་ཆ་གསུམ་དུ་བྱས་ནས་ཆ་གཉིས་ཀྱིས་མགྲིན་པའི་བུག་པའོ། །ཆ་གཅིག་གིས་མཆུ་གཉིས་ཀྱི་ཞེང་ངོ་། །དེ་ ཡང་རི་བོང་འཛིན་པ་ལྟར་དཀར་བའི་བུམ་པ་ནི་ཞི་རྒྱས་དག་ལ་སྟེ་གཞན་ལ་ནི་འགྱུར་བ་མ་ཡིན་ནོ། །ཤེལ་དང་དངུལ་གྱི་བུམ་པ་རྣམས་མེད་ན་སའི་རང་བཞིན་གྱི་བུམ་པ་ནག་པོ་དང་རྩ་བ་མེད་པ་རྣམས་སཱ་ལི་བཏགས་པ་འམ་ཙནྡན་གྱིས་བྱུགས་ཏེ་དཀར་པོར་བྱའོ། །དེ་བཞིན་དུ་རྩ་ བའི་རྒྱུད་ལས་ཀྱང་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། བསད་པ་ལ་མིའི་ཐོད་པ་དུར་ཁྲོད་ཀྱི་སོལ་བའི་ཕྱེ་མ་དང་མིའི་ཞག་གིས་བྱུགས་ཏེ་ནག་པོར་བྱའོ་ཞེས་སོ། །བསྐྲད་པ་དང་དབྱེ་བ་ལ་མགྲིན་པ་རིང་པོ་སོར་བརྒྱད་པ་འཁྱོག་པོ་ལུས་ཕྲ་བ་ཟླུམ་པོ་སོར་བཅུ་གཉིས་པ་སྲིད་དུ་ སོར་ཉི་ཤུ་རྩ་བཞི་པ་མཆུ་སོར་གཅིག་པ། ཁ་སོར་དྲུག་པའོ། །དབང་དང་དགུག་པ་ལ་འཇིག་རྟེན་གྱི་ཐ་སྙད་ཀྱིས་བཟོ་བོས་ཇི་ལྟར་བྱས་པའོ། །རེངས་པ་ལ་སྦོམ་ཐུང་སྟེ་ཟླུམ་པོ་དང་དཔངས་མཚུངས་པར་སོར་བཅུ་དྲུག་པ་མགྲིན་པ་སོར་བཞི་པ། ཁ་སོར་དྲུག་པ་མཆུ་མཐུག་ པོ་སོར་གཉིས་པའོ། །བུམ་པའི་ངེས་པ་སྟེ་ལས་ཐམས་ཅད་པ་ལ་ཞི་བ་ལ་སོགས་པ་དང་དབང་ལ་སོགས་པའི་ལས་ལ་གསུངས་པ་རྣམས་གཟུང་བར་བྱའོ་ཞེས་པ་ནི་ངེས་པའོ། །ད་ནི་སྔ་དྲོ་ཞེས་པ་ལ་སོགས་པས་ཞི་བ་ལ་སོགས་པའི་དུས་གསུངས་ཏེ་འདིར་ ཉིན་ཞག་སོ་སོ་ལ་སྔ་དྲོ་ནས་ཐུན་བརྒྱད་ནི་ཐུན་ཚོད་རྣམས་ཏེ་དེ་རྣམས་ལས་དང་པོའི་ཐུན་ལ་ཞི་བ་དང་གཉིས་པ་ལ་རྒྱས་པ་དང་གསུམ་པ་ལ་བསད་པ་དང་བཞི་པ་ལ་བསྐྲད་པ་དང་ལྔ་པ་ལ་དབང་དང་དྲུག་པ་ལ་དགུག་པ་དང་བདུན་པ་ལ་རྨོངས་པ་དང་། བརྒྱད་པ་ལ་རེངས་པ་བྱའོ་ཞེས་ པ་ནི་ཞི་བལ་སོགས་པ་ལ་ཐུན་མཚམས་སུ་འགྱུར་རོ། །དེ་བཞིན་དེ་ཡི་ཐུན་ཕྱེད་དག་ལ་ཞེས་པ་ནི་སྔ་དྲོའི་ཐུན་ཕྱེད་ལ་ཞི་བ་དང་ཕྱེད་ཕྱི་མ་ལ་རྒྱས་པ་སྟེ་ཐམས་ཅད་དུ་ཡང་དེ་བཞིན་ནོ། །དེ་བཞིན་དུ་མཚན་མོའི་ཐུན་ཕྱེད་སྔ་མ་ལ་ཞི་བ་དང་ཕྱེད་ཕྱི་མ་ལ་རྒྱས་པའི་ལས་རྣམས་ཀྱང་ སྔགས་པས་བྱའོ། །གལ་ཏེ་འཆད་པར་འགྱུར་བའི་འདུག་སྟངས་བཅིངས་ནས་ཐུན་ཚོད་གཅིག་ཏུ་སྦྱིན་སྲེག་བྱེད་པར་མི་ནུས་ན་དེའི་