Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 102_དྲི་མེད་འོད།_ཤྲཱི
Văn bản gốc(Tây Tạng)
Trang 16 / 30 (50.000 ký tự/trang)
ྲང་བའི་དོན་གྱིས་ནི་ཕྱི་རོལ་དུ་ལྷ་སྤྲོས་པས་སོ་ཞེས་པ་ཉེ་བའི་སྒྲུབ་པ་གྲུབ་པའོ། །ད་ནི་སྒྲུབ་པ་གསུངས་པ་དགའ་བ་ཞེས་པ་ལ་སོགས་པ་སྟེ། འདིར་དགའ་བ་ལ་སོགས་རྣམས་ཀྱིས་རྡོ་རྗེ་གསུམ་ཞེས་པ་སྐུ་དང་གསུང་དང་ཐུགས་ཀྱི་ཐིག་ ལེ་རྣམས་དང་ཆུ་སྐྱེས་རོ་མཉམ་གྱུར་པ་སྒོམ་པ་སྒྲུབ་པར་འགྱུར་ཏེ་སྙིང་ག་དང་ལྟེ་བ་དང་གསང་བར་ཐིག་ལེ་རྣམས་གནས་པའོ་ཞེས་པའི་དོན་ཏེ་དེ་ལྟར་ན་སྒྲུབ་པའོ། །དེ་ནས་སྒྲུབ་པ་ཆེན་པོ་ནི་ཤེས་རབ་སྦྱར་ལ་གང་གི་ཚེ་འཕོ་བ་མེད་པའི་བདེ་བར་འགྱུར་བ་ དེའི་ཚེ་ངེས་པར་སྒྲུབ་པ་ཆེན་པོ་སྟེ་ཕྲ་མོའི་རྣལ་འབྱོར་དག་ལས་ཞེས་པ་ངེས་པའི་དོན་གྱིས་ཤིན་ཏུ་ཡིད་བཟང་མའི་རྩའི་སྟེང་དུ་ཁུ་བ་ཡང་དག་པར་སྦྱོར་བ་ལས་སྒྲུབ་པ་ཆེན་པོར་གསུངས་ཏེ། དྲང་བའི་དོན་དུ་ནི་ཤེས་རབ་ཀྱི་ཆོས་འབྱུང་གི་སྣའི་རྩེ་མོར་ཡུངས་ཀར་ལ་སོགས་ པའོ་ཞེས་པ་ངེས་པའོ། །དེ་ལྟར་སྒྲུབ་པ་ཆེན་པོར་འགྱུར་རོ། །ད་ནི་དམན་པ་དང་མཆོག་གི་དབྱེ་བས་བསྙེན་པ་ལ་སོགས་པ་གསུངས་པ། དང་པོར་ཞེས་པ་ལ་སོགས་པ་སྟེ་འདིར་སྐྱེད་པའི་རིམ་པ་ལ་དང་པོར་སྟོང་ཉིད་བྱང་ཆུབ་ཅེས་པ་ནི་སྲོག་ཆགས་རྣམས་ཤི་བའི་མཐར་ ཕུང་པོ་ཡོངས་སུ་དོར་ནས་སྐྱེ་བའི་ཆ་ཤས་ཅན་གྱི་ཕུང་པོ་འཛིན་པ་ལས་བར་གང་ཡིན་པ་སྟོང་པ་ཉིད་ཀྱི་སྐད་ཅིག་མ་གཅིག་པོ་སྲིད་པ་གསུམ་མཐོང་བ་ནི་སྟོང་བ་ཞེས་གསུངས་ཏེ་ངེས་པར་ནི་གདོན་མི་ཟ་བར་རོ། །སྐད་ཅིག་དེའི་ཕྱི་ནས་ཟླ་བ་ཐིག་ལེ་དག་ནི་ཡང་དག་འཛིན་ཞེས་པ་ འདིར་ཀུན་གཞིའི་རྣམ་པར་ཤེས་པས་མའི་མངལ་དུ་ཁུ་བའི་ཐིག་ལེ་རྣམས་འཛིན་པ་ཞེས་བྱ་བ་ནི་ཡང་དག་འཛིན་པའོ། །དེའི་འོག་ཏུ་ཁུ་བ་ལ་སོགས་པ་བཟུང་བ་དེ་ནས་གཟུགས་ནི་བསྐྱེད་པ་ཞེས་བྱ་བ་ནི་ཟླ་བ་བདུན་གྱིས་མངལ་རྫོགས་པ་སྟེ་ལུས་རྫོགས་པའོ་ཞེས་པའི་དོན་ཏོ། ། དེ་ནས་རབ་མཆོག་རོ་ཡི་རིགས་རྣམས་དག་གིས་ཞེས་པ་ཕུང་པོ་དྲུག་པོ་རྣམས་ཀྱིས་མིག་ལ་སོགས་པ་རྣམས་ཀྱི་ཡི་གེ་དགོད་པ་སྟེ་གཟུགས་ལ་སོགས་པའི་ཡུལ་ལ་རབ་ཏུ་འཇུག་པའོ། །དེ་བཞིན་དུ་ལྷའི་སྒྲུབ་ཐབས་ལ་ཡང་ལས་དང་པོ་པས་བརྟགས་པའི་བདག་ཉིད་བསྒོམ་ པར་བྱའོ། །ཆུ་ཡི་གཏེར་གྱི་རྡོ་རྗེ་འདི་ནི་སྤྱི་ཡི་བསྙེན་པར་འགྱུར་ཏེ་ཞེས་པ་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་རྡོ་རྗེ་རྫོགས་པ་རྣམས་ཀྱིས་སྒྲུབ་པ་དག་ནི་དབུ་མ་ཡང་སྟེ་སྲོག་རྫོགས་པའོ། །འདི་ལ་ཐབས་ནི་རྣམ་བཞིར་འགྱུར་ཏེ་ཞེས་པ་ནི་བསྙེན་པའི་ཡན་ལག་དང་ཉེ་བར་སྒྲུབ་ པའི་ཡན་ལག་ལ་དམན་པ་དང་བརྟན་པའོ། །སྒྲུབ་པའི་ཡན་ལག་དག་ལ་དེ་བཞིན་ཉིད་དེ་ལོ་བཅུ་དྲུག་གི་མཚམས་སུ་ཞེས་པ་ངེས་པའོ། །འདིར་དམན་པ་ནི་སྐྱེས་པའི་བྱིས་པ་དང་སོ་སྐྱེས་ནས་འབྲིང་པོའི་བྱིས་པ་དང་སོ་ལྷུང་ནས་གཞོན་ནུའོ། །སླར་སོ་སྐྱེས་ཤིང་ལོ་ བཅུ་དྲུག་གི་རྗེས་ལ་དར་མ་སྟེ་བུ་དང་བུ་མོ་སྐྱེད་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །དེ་བཞིན་དུ་ལྷ་ཐམས་ཅད་ཡན་ལག་རྣམ་པ་བཞིར་རྣལ་འབྱོར་པས་བསྒོམ་པར་བྱའོ་ཞེས་པ་ནི་འཇིག་རྟེན་པའི་བདེན་པའི་ངེས་པའོ། །ད་ནི་དོན་དམ་པའི་བདེན་པས་སངས་རྒྱས་ཀྱི་སྐུ་རྫོགས་ པ་བརྗོད་པར་བྱ་སྟེ། འདིར་དང་པོར་སྟོང་ཉིད་བྱང་ཆུབ་ཅེས་པ་ནི་མུན་པ་ལ་ཅུང་ཟད་ཀྱང་བསམ་པར་མི་བྱ་བའོ། །དེ་ནས་ཟླ་བའི་ཐིག་ལེ་དག་ནི་ཡང་དག་འཛིན་ཞེས་པ་ནི་དུ་བ་ལ་སོགས་པའི་མཚན་མ་ཐིག་ལེའི་མཐར་ཐུག་པ་འཛིན་པའོ། །དེ་ནས་གཟུགས་དག་བསྐྱེད་ ཅིང་ཞེས་པ་ནི་ཐིག་ལེ་དེ་ནས་སྣ་ཚོགས་མཐོང་བ་ནི་གཟུགས་བསྐྱེད་པའོ། །རབ་མཆོག་རོ་ཡི་རིགས་རྣམས་དག་གིས་ཞེས་པ་སྒྲིབ་པ་མེད་པའི་ཕུང་པོ་དྲུག་རྣམས་ཀྱིས་སོ། །ཡི་གེ་དགོད་པ་ཞེས་པ་ནི་ཉི་ཚེ་བའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་རྣམས་འགོག་ པའོ། །དེའི་ཕྱིར་ས་ཐོབ་པས་དམན་པ་ལ་སོགས་པའི་དབྱེ་བར་འགྱུར་ཏེ་ཇི་སྲིད་ས་བཅུ་གཉིས་ཀྱི་དབང་ཕྱུག་ཏུ་མ་གྱུར་གྱི་བར་དུའོ། །དེའི་ཕྱིར། བདེན་དོན་རྣམ་པ་བཅུ་གཉིས་ལྡན། །དེ་ཉིད་རྣམ་པ་བཅུ་དྲུག་རིག །རྣམ་པ་ཉི་ཤུས་བྱང་ཆུབ་པ། །རྣམ་པར་ སངས་རྒྱས་ཀུན་རིག་མཆོག །ཅེས་པ་ངེས་པའོ། །ད་ནི་སྦྱོར་བ་ཡན་ལག་དྲུག་གསུངས་པ་སོ་སོར་སྡུད་པ་ཞེས་པ་ལ་སོགས་པ་སྟེ། འདིར་དང་པོའི་ལས་ལ་སོ་སོར་སྡུད་པ་ནི་རྒྱལ་བའི་དབང་པོ་ཞེས་པ་ཡེ་ཤེས་ཀྱི་ཕུང་པོའོ། །དེ་ཡང་མཚན་མའི་དབྱེ་བས་རྣམ་པ་ བཅུ་སྟེ་དུ་བ་དང་སྨིག་རྒྱུ་དང་མེ་ཁྱེར་དང་མར་མེ་དང་འབར་བ་དང་ཟླ་བ་དང་ཉི་མ་དང་སྒྲ་གཅན་དང་ཆ་ཤས་དང་ཐིག་ལེ་མཐོང་བའི་དབྱེ་བས་མ་བརྟགས་པ་ཡེ་ཤེས་ཀྱི་ཕུང་པོའོ། །བསམ་གཏན་མི་བསྐྱོད་པ་ཉིད་དོ་ཞེས་པ་རྣམ་པར་ཤེས་པའི་ཕུང་པོ་སྟེ་རྣམ་པ་བཅུ་ནི་ཡུལ་དང་ཡུལ་ ཅན་བཅུ་པོ་རྣམས་གཅིག་ཉིད་དུ་སྣ་ཚོགས་གཟུགས་ལ་བསམ་གཏན་པའོ། །སྲོག་རྩོལ་དག་ཀྱང་རལ་གྲི་ཅན་ནོ་ཞེས་པ་འདུ་བྱེད་ཀྱི་ཕུང་པོ་སྟེ་རྣམ་པ་བཅུ་ནི་གཡོན་དང་གཡས་ཀྱི་དཀྱིལ་འཁོར་བཅུ་པོ་གཅིག་ཏུ་འདྲེས་པར་གྱུར་པ་ཉིད་ཀྱི་ཕྱིར་རོ། །སླར་ཡང་ རྣམ་པ་བཅུ་སྟེ་འཛིན་པ་ཕྱག་ན་རིན་ཆེན་ནོ་ཞེས་པ་ནི་ཚོར་བའི་ཕུང་པོ་སྟེ་སྲོག་གི་འཛིན་པ་ལྟེ་བ་དང་སྙིང་ག་དང་མགྲིན་པ་དང་དཔྲལ་བ་དང་གཙུག་ཏོར་གྱི་པདྨ་ལ་འགྲོ་བ་དང་འོང་བའི་དབྱེ་བས་རྣམ་པ་བཅུའོ། །གཡུང་མོ་ལ་ནི་རྗེས་སུ་དྲན་པ་པདྨ་འཛིན་པར་འགྱུར་ཞེས་པ་འདུ་ ཤེས་ཀྱི་ཕུང་པོ་སྟེ་གཡུང་མོ་དབུ་མའི་རྩ་ལ་རྗེས་སུ་དྲན་པ་དེ་ཡང་རྣམ་པ་བཅུ་སྟེ་འདོད་པའི་གནས་སྐབས་བཅུའི་དབྱེ་བ་ལས་སོ། །དཔལ་ལྡན་ཏིང་འཛིན་འཁོར་ལོ་ཅན་ཞེས་པ་རྣམ་པར་སྣང་མཛད་དེ་ཏིང་འཛིན་རྣམ་པ་བཅུ་ནི་རླུང་བཅུ་པོ་རྣམས་འགོག་པའི་ཕྱིར་རོ། །དེ་ལྟར་བཅོམ་ ལྡན་འདས་ནི་རབ་ཏུ་མི་གནས་པའི་མྱ་ངན་ལས་འདས་པ་སྟེ་རླུང་རྣམས་མི་འབབ་པ་གང་གི་ཕྱིར་རོ་ཞེས་པའི་དོན་ཏོ། །རེ་རེ་དབྱེ་བ་ལྔ་རྣམས་ཀྱིས་ཏེ་ཞེས་པ་ནི་འདིར་སྦྱོར་བ་རེ་རེ་ནི་དཀྱིལ་འཁོར་ལྔ་འབབ་པའོ། །ཨ་སོགས་ཀ་སོགས་རྣམས་ཀྱིས་ཞེས་པ་ནི་དབྱངས་དང་གསལ་བྱེད་ གཡོན་དང་གཡས་ཀྱི་སྲོག་ཡང་དག་པར་རྒྱུ་བ་འགོག་པས་སོ། །ད་ནི་སོ་སོར་སྡུད་པ་ལ་སོགས་པའི་མཚན་ཉིད་གསུངས་སོ་སོར་ཞེས་པ་ལ་སོགས་པ་སྟེ། འདིར་སོ་སོར་སྡུད་པ་ཞེས་བྱ་བ་ནི་ལུས་ལ་ཡུལ་དང་ཡུལ་ཅན་བཅུ་པོ་རྣམས་ཀྱི་འབྲེལ་པས་རྣམ་པར་ཤེས་པ་རབ་ཏུ་ འཇུག་པ་མེད་པ་སྟེ་སྟོང་པའི་གཟུགས་ཀྱི་ཡུལ་རྣམས་ལ་མིག་གཞན་ལ་སོགས་པ་རྣམ་པ་ལྔ་པོ་རྣམས་ཀྱིས་རབ་ཏུ་འཇུག་པའོ། །དེ་བཞིན་དུ་གཟུགས་དེ་ཉིད་ལ་ཤེས་རབ་ཅེས་པ་ནི་ལྟ་བའོ། །རྟོག་པ་ཞེས་པ་ནི་དངོས་པོ་འཛིན་པའོ། །དཔྱོད་པ་ཞེས་པ་ནི་དེའི་དོན་ངེས་ པར་བྱེད་པའོ། །དགའ་བ་ཞེས་པ་ནི་གཟུགས་ལ་ཆགས་པའོ། །གཡོ་མེད་བདེ་བ་ཞེས་པ་ནི་གཟུགས་དང་ལྷན་ཅིག་སེམས་གཅིག་ཏུ་བྱེད་པའོ། །དེ་ལྟར་གཟུང་བ་དང་འཛིན་པའི་དབྱེ་བས་བསམ་གཏན་རྣམ་པ་བཅུའོ། །འདིར་སྲོག་རྩོལ་དག་ཀྱང་ལམ་ནི་གཉིས་པོ་ཞེས་ པ་གཡོན་དང་གཡས་པའི་ལམ་བསྒྱེལ་བ་སྟེ་འགོག་ཅིང་དབུ་མའི་ལམ་དུ་རབ་ཏུ་ཞུགས་པའོ། །དེ་ཡང་དཀྱིལ་འཁོར་བཅུ་འགོག་པ་ལས་རྣམ་པ་བཅུའོ། །འདིར་ཐིག་ལེར་ཞེས་པ་དཔྲལ་བར་སྲོག་ནི་རབ་ཏུ་ཞུགས་ཤིང་གཉིས་ཀའི་བགྲོད་པ་བཅོམ་པ་ཞེས་པ་འགྲོ་བ་དང་ འོང་བ་དང་བྲལ་བ་ནི་རྩེ་གཅིག་སེམས་པ་ཞེས་བྱ་བ་དཔྲལ་བར་སྲོག་འཛིན་པའོ། །གཏུམ་མོའི་སྣང་བ་གང་ཞིག་སྲིད་པ་གསུམ་གྱི་ནམ་མཁའ་ལ་གྱུར་པ་དེ་ནི་རྗེས་སུ་དྲན་པ་སྟེ་རྣམ་པ་བཅུར་སྔར་གསུངས་སོ། །ཤེས་རབ་ཐབས་ཀྱི་བདག་ཉིད་ཀྱིས་ནི་ཞེས་པ་ཤེས་ བྱ་དང་ཤེས་པ་གཅིག་ཏུ་འདྲེས་པར་གྱུར་པས་ཏེ་འགྱུར་མེད་བདེ་བའི་དབང་གིས་ཡེ་ཤེས་གཟུགས་ལ་ཏིང་འཛིན་ནོ། །དེ་ཡང་སྲོག་ལ་སོགས་པ་རྣམས་མེད་པ་ལས་རྣམ་པ་བཅུའོ། །དེ་ལྟར་སྦྱོར་བ་ཡན་ལག་དྲུག་གི་སྒྲུབ་ཐབས་སོ། །འདི་རྣམས་དམན་པ་ལ་སོགས་དབྱེ་བ་རྣམས་ཀྱིས་ སྣ་ཚོགས་གཙོ་བོ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་རྣམ་པ་གསུམ་དུ་འགྱུར། ཕྱག་རྒྱ་གསུམ་དང་གནས་སྐབས་གསུམ་ཞེས་པ་ནི་རྣམ་གསུམ་བགྲོད་པའི་དབང་གིས་ཞེས་པ་སྟེ་འདིར་བྱང་ཆུབ་ཀྱི་སེམས་འཛག་པའི་བགྲོད་པ་ནི་དམན་པའི་གནས་སྐབས་དང་གཡོ་བའི་བགྲོད་པ་ནི་འབྲིང་ པོའི་གནས་སྐབས་དང་མི་གཡོ་བའི་བགྲོད་པ་ནི་མཆོག་གི་གནས་སྐབས་སོ། །འདི་རྣམས་ལས་ལས་ཀྱི་ཕྱག་རྒྱ་ནི་འཛག་པའི་བདེ་བ་སྦྱིན་པ་མོ་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ནི་གཡོ་བའི་བདེ་བ་སྦྱིན་པ་མོ་དང་ཕྱག་རྒྱ་ཆེན་མོ་ནི་མི་གཡོ་བའི་བདེ་བ་སྦྱིན་པ་མོའོ། །དེ་ལྟར་སྦྱོར་བ་ཡན་ལག་ དྲུག་ལ་ཕྱག་རྒྱ་གསུམ་བསྒོམ་པར་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཕྱིར་རྣལ་འབྱོར་པས་སངས་རྒྱས་ཉིད་ཀྱི་སླད་དུ་སྦྱོར་བ་ཡན་ལག་དྲུག་བསྒོམ་པར་བྱའོ། །ད་ནི་སོ་སོར་སྡུད་པ་ལ་སོགས་པའི་འབྲས་བུ་གསུངས་པ་སོ་སོར་ཞེས་པ་ལ་སོགས་པ་སྟེ་འདིར་གང་གི་ཚེ་སོ་སོར་ སྡུད་པས་གཟུགས་བརྟན་པར་གྱུར་པའི་རྣལ་འབྱོར་པ་རྣམ་པར་དག་པར་གྱུར་པ་དེའི་ཚེ་སྔགས་རྣམས་ཀུན་གྱིས་བྱིན་གྱིས་རློབ་པར་འགྱུར་ཏེ་ཚིག་གི་མཆོག་སྦྱིན་པ་ལ་སོགས་པ་སྦྱིན་པར་འགྱུར་རོ། །མངོན་པར་ཤེས་པ་ལྔ་ནི་ཐོབ་པར་འགྱུར་ཏེ་མི་ཡི་བདག་པོ་བསམ་གཏན་སྦྱོར་ བས་དག་པའོ་ཞེས་པ་ནི་འདིར་གང་གི་ཚེ་མིག་མི་འཛུམས་པར་གྱུར་པ་དེའི་ཚེ་ལྷའི་མིག་ཏུ་འགྱུར་རོ། །དེ་བཞིན་དུ་ལྷའི་རྣ་བ་ལ་སོགས་པ་སྟེ་བསམ་གཏན་གྱིས་དག་པར་འགྱུར་རོ། །སྲོག་རྩོལ་གྱིས་དག་པ་ཞེས་པ་ནི་འདིར་གང་གི་ཚེ་རྣལ་འབྱོར་པ་ཉི་མ་དང་ རི་བོང་ཅན་གྱི་ལམ་དང་བྲལ་ཏེ་རྟག་ཏུ་དབུ་མར་འབབ་པར་གྱུར་པ་དེའི་ཚེ་སྲོག་རྩོལ་གྱིས་དག་པར་གྱུར་པས་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཆོད་དེ་བསྔགས་པར་བྱེད་དོ་ཞེས་པའི་དོན་ཏོ། །བདུད་དང་ཉོན་མོངས་ལ་སོགས་ཉམས་ཤིང་སྟོབས་བཅུ་ལ་ནི་འཇུག་པར་འགྱུར་ཏེ་ཞེས་ པ་ནི་སྟོང་པ་ཉིད་ཀྱི་གཟུགས་བཟུང་བའི་སེམས་ལ་འཇུག་པར་འགྱུར་ཏེ་འཛིན་པའི་སྟོབས་ཀྱིས་སོ་ཞེས་པ་ནི་སྲོག་འགྲོ་བ་དང་འོང་བ་ཟད་པས་གཅིག་ཏུ་འདྲེས་པར་གྱུར་པས་སོ། །རྗེས་སུ་དྲན་པ་ལེགས་པར་དག་པ་ཞེས་པ་ལ་འདིར་རྗེས་སུ་དྲན་པ་ནི་གཟུགས་ལ་འཁྱུད་པའི་སེམས་རྣམ་ པར་རྟོག་པ་ཐམས་ཅད་དང་བྲལ་བའོ། །དེའི་ཕྱིར་གང་གི་ཚེ་དག་པར་གྱུར་པ་དེའི་ཚེ་དྲི་མེད་འོད་ཀྱི་དཀྱིལ་འཁོར་དུ་འགྱུར་རོ། །ཀྱང་གི་སྒྲ་ལས་བ་སྤུའི་ཁུང་བུ་ནས་འོད་ཟེར་ལྔ་འཕྲོ་ཞིང་ངེས་པར་རྒྱུའོ། །ཡེ་ཤེས་གཟུགས་ལས་སོ་ཞེས་པ་སྟོང་པའི་གཟུགས་ལས་སོ། །དེ་ནས་ ཏིང་ངེ་འཛིན་གྱིས་དག་པ་ཞེས་པ་ནི་འདིར་གཟུང་བ་དང་འཛིན་པའི་སེམས་དག་གཅིག་པ་ཉིད་ཀྱིས་གང་ཞིག་འགྱུར་བ་མེད་པའི་བདེ་བར་གྱུར་པའི་བདེ་བ་དེ་ནི་ཏིང་ངེ་འཛིན་དུ་གསུངས་སོ། །དེའི་ཕྱིར་ཏིང་ངེ་འཛིན་གྱིས་དག་པ་དྲི་མ་མེད་པར་གྱུར་པ་ནི་ཉིན་ཞག་འགའ་ཞིག་རྣམས་ཀྱིས་ཏེ་ ལོ་གསུམ་དང་ཕྱོགས་གསུམ་གྱི་ཉིན་ཞག་རྣམས་ཀྱིས་ཡེ་ཤེས་སྐུ་ནི་འགྲུབ་པར་འགྱུར་ཞེས་པ་དབང་བཅུ་ལ་སོགས་པ་ཐོབ་པའི་བྱང་ཆུབ་སེམས་དཔར་འགྱུར་ཏེ་སོ་སོར་སྡུད་པ་ལ་སོགས་པའི་ངེས་པའོ། །ད་ནི་བཙན་ཐབས་ཀྱི་རྣལ་འབྱོར་གསུངས་ཏེ་འདིར་གང་གི་ཚེ་སོ་སོར་སྡུད་པ་ ལ་སོགས་པས་གཟུགས་མཐོང་བར་གྱུར་པ་ལ་སྲོག་མ་བཅིངས་པ་ཉིད་ཀྱིས་འགྱུར་བ་མེད་པའི་སྐད་ཅིག་མ་མ་སྐྱེས་ན་དེའི་ཚེ་ནཱ་དགོ་མས་པ་འཆད་པར་འགྱུར་བས་བཙན་ཐབས་སུ་དབུ་མར་འབབ་པར་བྱས་ནས་ཤེས་རབ་ཀྱི་ཆུ་སྐྱེས་སུ་གནས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་རྡོ་རྗེ་ ནོར་བུར་བཀག་ནས་མི་གཡོ་བས་འགྱུར་བ་མེད་པའི་སྐད་ཅིག་བསྒྲུབ་པར་བྱའོ་ཞེས་པ་ནི་བཙན་ཐབས་ཀྱི་རྣལ་འབྱོར་རོ། །ད་ནི་སྟོང་པ་ཉིད་ཀྱི་གཟུགས་བསྒྲུབ་པའི་སླད་དུ་ལྟ་སྟངས་གསུངས་པ་བསྙེན་པ་ཞེས་པ་ལ་སོགས་པ་སྟེ། འདིར་བསྙེན་པ་ཞེས་པ་ནི་དང་པོར་དུ་བ་ལ་སོགས་ པའི་མཚན་མ་སྒོམ་པའོ། །བསྙེན་པ་དེ་ལས་དང་པོའི་རྣལ་འབྱོར་ནི་སེམས་ཀྱིས་དུ་བ་ལ་སོགས་པའི་མཚན་མ་འཛིན་པའོ། །དེ་ཡང་དུ་བ་ལ་སོགས་པ་དང་ལྷན་ཅིག་ཡིད་ཆེས་པར་འགྱུར་བ་རྣམ་པ་བཅུ་སྟེ་དེས་ན་དེ་ཡང་རྣམ་པ་བཅུའོ། །འཁོར་ལོ་ཅན་གྱི་ཞེས་པ་གཙུག་ཏོར་ གྱི་ཁྲོ་བོའི་ལྟ་བས་ཞེས་པ་མིག་མི་འཛུམས་པར་སྟེང་དུ་ལྟ་བས་མཚན་མར་འགྱུར་ཏེ་མཚན་མོའི་རྣལ་འབྱོར་གྱིས་རྣམ་པ་བཞི་དང་ཉིན་མོའི་རྣལ་འབྱོར་གྱིས་རྣམ་པ་དྲུག་སྟེ་དེ་ནས་གཟུགས་སོ། །དེ་ལྟར་གཟུགས་ཀྱི་མཐར་ཐུག་པར་སོ་སོར་སྡུད་པ་དང་བསམ་གཏན་གྱིས་བསྙེན་པའི་ ཡན་ལག་ཏུ་འགྱུར་རོ། །བགེགས་མཐར་བྱེད་པའི་ལྟ་བ་ཞེས་པ་ལ་བགེགས་མཐར་བྱེད་ནི་བདུད་རྩི་འཁྱིལ་བའོ། །དེའི་ལྟ་བ་ནི་བདུད་རྩིའི་གནས་སུ་སོན་པ་སྟེ་དཔྲལ་བར་སོན་པའོ། །བགེགས་མཐར་བྱེད་དེའི་ལྟ་བ་ནི་བདུད་རྩིའི་ལམ་དུ་སོན་པ་ཡང་ཡན་ལག་དྲུག་གི་ཉེ་བར་ སྒྲུབ་པའོ། །ཀྱང་ཡིག་གིས་སྲོག་རྩོལ་དང་འཛིན་པ་བྱ་སྟེ་སྲོག་གཟུགས་མཐོང་ནས་སོ་ཞེས་པ་ཉེ་བའི་སྒྲུབ་པའོ། །ཤེས་རབ་ལ་སྤྲོས་ཟླ་བ་ཐིག་ལེ་ཞེས་པ་ལ་འདིར་ཤེས་རབ་ལ་ཆགས་པས་སྤྲོས་པ་འདི་ཟླ་བ་ཐིག་ལེ་ཡིན་པ་ནི་ལ་སྤྲོས་ཟླ་བ་ཐིག་ལེ་སྟེ། ཤེས་རབ་ལ་ སྤྲོས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ཡང་རྡོ་རྗེ་ནོར་བུར་གནས་པ་དེའི་གསང་བ་དང་ལྟེ་བ་དང་སྙིང་གར་འགྱུར་མེད་གསུམ་དུ་གྱུར་པ་གང་ཡིན་པ་དེ་ནི་སྒྲུབ་པ་ལ་ཞེས་པ་གསུམ་པ་སྒྲུབ་པའི་ཡན་ལག་ལ་འགྱུར་རོ། །དེ་ལྟར་སྒྲུབ་པའི་ཡན་ལག་བྱའོ། །བདེ་བ་མཉམས་གཅིག་ བུ་ཞི་བ་ཞེས་པ་ལ་འདིར་བདེ་བ་མཉམས་པའི་བྱང་ཆུབ་ཀྱི་སེམས་སྐད་ཅིག་གཅིག་པུ་གང་ཡིན་པ་དེ་ནི་ཞི་བ་ཞེས་གསུངས་ཏེ་ལྷན་སྐྱེས་ཡེ་ཤེས་རྣལ་འབྱོར་འདིར་ནི་སྒྲུབ་པ་ཆེན་པོ་ལ་ཞེས་པ་ནི་སེམས་འགྱུར་བ་མེད་པའི་བདེ་བ་དང་ལྷན་ཅིག་གཅིག་པ་ཉིད་དོ་ཞེས་པ་སྒྲུབ་པ་ཆེན་པོའི་ ཡན་ལག་བཞི་པའོ། །དེ་ལྟར་ཡེ་ཤེས་ཀྱི་སྒྲུབ་ཐབས་ལ་ཡན་ལག་བཞིའོ། །ལྷའི་སྒྲུབ་ཐབས་ལ་སྐྱེད་པའི་རིམ་པས་སྔར་གསུངས་ཏེ་འཇིག་རྟེན་པའོ། །འཇིག་རྟེན་ལས་འདས་པ་ནི་དེ་ཁོ་ན་ཉིད་ཀྱི་སྒྲུབ་ཐབས་རྫོགས་པའི་རིམ་པས་སོ། །དེ་བཞིན་དུ་ གསུངས་པ། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་རྟེན། །འཇིག་རྟེན་ཀུན་རྫོབ་བདེན་པ་དང་། །དམ་པའི་དོན་གྱི་བདེན་པའོ། །ཞེས་པ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། །སླར་ཡང་། རྡོ་རྗེ་ཅན་བདག་བསྟན་པ་ནི། །རིམ་ པ་གཉིས་ལ་ཡང་དག་རྟེན། །གཅིག་ནི་སྐྱེད་པའི་རིམ་པ་སྟེ། །གཞན་ནི་རྫོགས་པའི་རིམ་པའོ། །ཞེས་སོ། །དེ་ལྟར་ལྷའི་སྒྲུབ་པ་ལ་རྣམ་པར་རྟོག་པའི་སྒོམ་པ་དང་དེ་ཁོ་ན་ཉིད་ཀྱི་སྒྲུབ་པ་ལ་རྣམ་པར་རྟོག་པ་དང་བྲལ་བ་ཡན་ལག་བཞི་པོ་རྣམས་ཀྱིས་སོ་ཞེས་པ་རིགས་པའོ། ། ད་ནི་སྲོག་རྩོལ་གྱི་མཚན་ཉིད་གསུངས་པ་སྲོག་ཅེས་པ་ལ་སོགས་པ་སྟེ་འདིར་སྟོང་པ་ཉིད་ཀྱི་གཟུགས་མཐོང་བར་གྱུར་པ་ན་རྣལ་འབྱོར་པས་སྲོག་རྩོལ་བྱ་བ་གང་ཡིན་པ་དེ་ནི་ཇི་སྲིད་མགོ་ཡི་བར་དུ་ཞེས་པ་མགོ་བོ་ན་བར་མི་བྱེད་ཀྱི་བར་དུའོ། །དེ་ཡང་བདེ་མཉམ་འབྲས་བུ་སྟེར་བར་འགྱུར་ རོ། །དེ་ལས་སྟེང་དུ་ཞེས་པ་ནི་མགོ་བོ་ན་བའི་མཐའ་ལས་འདོད་པ་མིན་པ་འཆི་བའི་འཇིགས་པ་བྱེད་པར་འགྱུར་ཏེ་ཕུང་པོ་རྣམ་པར་ཉམས་པའི་རྒྱུར་འགྱུར་རོ། །ཅི་སྟེ་རྣལ་འབྱོར་གྱི་སྟོབས་ཀྱིས་གཙུག་ཏོར་ཕུག་ནས་སྲོག་འགྲོན་རྣལ་འབྱོར་པས་མཆོག་གི་བདེ་བའི་གོ་འཕང་དག་ ལ་ཞེས་པ་སྟོང་པ་ཉིད་ཀྱི་གཟུགས་ལ་ངེས་པར་སྦྱར་བར་བྱ་སྟེ་ངེས་པར་ནི་མཐའ་གཅིག་ཏུའོ། །དེ་ལྟར་ཕུང་པོ་མེད་ཀྱང་རྣལ་འབྱོར་བ་ནི་བདེ་མཉམ་ཞེས་པ་སངས་རྒྱས་ཀྱི་གཟུགས་ལ་འཇུག་སྟེ་རྣལ་འབྱོར་པ་ཞེས་པ་ནི་རྣལ་འབྱོར་གྱི་སེམས་འགྲོ་བའོ། །འོན་ཀྱང་འཇིག་རྟེན་དུ་ནི་ གྲགས་པ་མིན་པ་རྣལ་འབྱོར་པ་འདི་ཤིའོ་ཞེས་པ་སྟེ་སྲོག་རྩོལ་གྱི་ངེས་པའོ། །ཚིགས་སུ་བཅད་པ་གཞན་ནི་གོ་སླའོ། །ད་ནི་ལྷ་གཤེགས་སུ་གསོལ་བ་གསུངས་པ་གཙུག་ཏོར་ཞེས་པ་ལ་སོགས་པ་སྟེ་འདིར་དཀྱིལ་འཁོར་རྒྱལ་མཆོག་དང་ལས་རྒྱལ་མཆོག་དང་ཐིག་ལེའི་རྣལ་ འབྱོར་དང་ཕྲ་མོའི་རྣལ་འབྱོར་བསྒོམས་ནས་མཆོད་པ་དང་མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད་ཅེས་པ་ལ་སོགས་པས་བསྟོད་པ་བྱས་ཏེ། དེ་ནས་དཀྱིལ་འཁོར་གྱི་ལྷ་རྣམས་གཤེགས་སུ་གསོལ་བའི་སླད་དུ་གཙུག་ཏོར་དུ་ནི་རྡོ་རྗེ་རྩེ་མོ་ལྔ་པ་བསྒོམ་པར་བྱའོ། །དེའི་ལྟེ་བ་ལ་བདེ་ བ་ཆེན་པོའི་འཁོར་ལོ་གཤེགས་སུ་གསོལ་ལོ། །དེའི་ཕྱི་རོལ་གྱི་རྩེ་མོ་དག་ནི་ཉིས་འགྱུར་ཞེས་པ་རྩེ་མོ་བརྒྱད་པ་སྟེ། དབུས་ཀྱི་རྩེ་མོ་དང་ལྷན་ཅིག་རྩེ་མོ་དགུ་པའི་རྡོ་རྗེ་ཆོས་ཀྱི་འཁོར་ལོར་ཞེས་པ་སྙིང་གར་འགྱུར་ཏེ། དེའི་ལྟེ་བར་དུ་བ་མ་ལ་སོགས་པ་གཤེགས་སུ་གསོལ་ལོ། ། ཉིས་འགྱུར་གཞན་མ་ཞེས་པ། རྩེ་མོ་བཅུ་དྲུག་པ་དབུས་ཀྱི་རྩེ་མོ་དང་བཅུ་བདུན་པ་སྟེ་ལྷན་སྐྱེས་ཞེས་པ་དཔྲལ་བར་རོ། །དེའི་ལྟེ་བར་ཕུང་པོ་དང་ཁམས་ཀྱི་ལྷ་གཤེགས་སུ་གསོལ་ལོ། །དེ་ཡི་ཉིས་འགྱུར་དག་ཀྱང་གཞན་ཞེས་པ་རྩེ་མོ་སུམ་ཅུ་རྩ་གཉིས་པ་དབུས་ མའི་རྩེ་མོ་དང་ལྷན་ཅིག་རྩེ་མོ་སུམ་ཅུ་རྩ་གསུམ་པ་སྟེ་ལོངས་སྤྱོད་རྫོགས་ཞེས་པ་མགྲིན་པར་རོ། །དེའི་ལྟེ་བར་སྐྱེ་མཆེད་བཅུ་གཉིས་དང་ཁྲོ་བོ་བཞིའི་ལྷ་གཤེགས་སུ་གསོལ་ལོ། །དེ་ཡི་ཡང་ནི་ཉིས་འགྱུར་གཞན་ཞེས་པ་རྩེ་མོ་དྲུག་ཅུ་རྩ་བཞི་པ་དབུས་མའི་རྩེ་མོ་དང་ལྷན་ ཅིག་རྩེ་མོ་དྲུག་ཅུ་རྩ་ལྔ་པའི་རྡོ་རྗེ་སྟེ་སྤྲུལ་པ་ཞེས་པ་ལྟེ་བའི་འཁོར་ལོར་རོ། །དེའི་ལྟེ་བར་ཙ་རྩི་ཀཱ་ལ་སོགས་པ་དང་འཇིགས་མ་ལ་སོགས་པ་དཀྱིལ་འཁོར་དྲུག་ཅུ་འབབ་པ་རྣམས་ཏེ་བཞི་ནི་སྟོང་པ་ཉིད་ཀྱི་རིགས་ཅན་མའོ། །དེ་ལྟར་བདུན་ཅུ་རྩ་གཉིས་པོ་དེ་རྣམས་གཤེགས་ སུ་གསོལ་ལོ། །དེ་ཡི་སྙིང་པོ་རྩེ་མོ་གཅིག་པ་ཞེས་པ་ནི་དེ་རྣམས་ཀྱི་སྙིང་པོར་སྔར་གསུངས་པའི་རྩེ་མོ་གཅིག་པ་སྟེ་བ་དེ་མཉམ་འབྲས་སྟེར་གསང་བའི་པདྨའི་ཁོངས་སུ་གནས་པའོ། །དེ་ལ་ཡང་རྩེ་མོ་སུམ་ཅུ་རྩ་གཉིས་ཏེ་འདབ་མའི་གྲངས་སོ། །དེའི་ལྟེ་བར་འོད་ཟེར་ཅན་ ལ་སོགས་པ་གང་ཡིན་པ་དེ་རྣམས་གཤེགས་སུ་གསོལ་ལོ། །དེ་བཞིན་དུ་ལྷ་བཅུ་གཉིས་པོ་འཁོར་དང་བཅས་པ་རྣམས་ནི་ལས་ཀྱི་འཁོར་ལོ་རྣམས་རྡོ་རྗེར་བྱས་ནས་དེ་རྣམས་ཀྱི་ལྟེ་བར་དེ་རྣམས་གཤེགས་སུ་གསོལ་ལོ། །ཀླུ་རྣམས་དང་ཁྱི་གདོང་མ་ལ་སོགས་པ་རྣམས་ནི་ བྱ་བའི་འཁོར་ལོ་རྣམས་ལའོ། །དེ་ལྟར་གཤེགས་སུ་གསོལ་བ་བྱས་ཏེ་དེ་ནས་ཐུན་མཚམས་གསུམ་ལ་སྔར་གསུངས་པའི་ཆོ་གས་གཏོར་མ་སྦྱིན་པར་བྱའོ། །སྔར་གྱི་ཆོ་གས་བདུད་རྩི་ལྔ་སྦྱང་བ་བྱས་ནས་དེས་བདག་ཉིད་ཚིམ་པར་བྱའོ། །དེ་ལྟར་སྐྱེད་པའི་ རིམ་པ་དང་རྫོགས་པའི་རིམ་པས་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་བཅོམ་ལྡན་འདས་འཇམ་དཔལ་གྱིས་གསུངས་སོ། །ད་ནི་རྣལ་འབྱོར་གྱི་སྤྱོད་པ་གསུངས་པ་རྣལ་འབྱོར་པ་ཞེས་པ་ལ་སོགས་པ་སྟེ་འདིར་རྣལ་འབྱོར་པ་རྣམས་ཀྱིས་རྣལ་འབྱོར་གྱི་སྤྱོད་པ་རྣམ་པ་གཉིས་ཏེ་གཅིག་ ནི་ཕྱིའི་དང་གཉིས་པ་ནི་ནང་གིའོ། །དེ་ལ་ཕྱིའི་གང་ཡིན་པ་དེ་འཇིག་རྟེན་པའི་འབྲས་བུའི་རྒྱུ་དང་ནང་གི་གང་ཡིན་པ་དེ་འཇིག་རྟེན་ལས་འདས་པའི་འབྲས་བུའི་རྒྱུར་རྣལ་འབྱོར་པས་བྱའོ། །འདིར་རྣལ་འབྱོར་པ་ཡིས་ཉིན་དང་མཚན་མོར་སྲོག་གཅོད་པ་དག་བྱ་བ་དེ་ནི་ཐམས་ཅད་ མཁྱེན་པའི་འབྲས་བུ་ཐོབ་པའི་སླད་དུ་རང་གི་ལུས་ལ་སྲོག་ཉམས་པ་ལ་གསུངས་ཀྱི་ཕྱི་རོལ་དུ་སྲོག་གཅོད་པ་ནི་མ་ཡིན་ནོ། །འདིར་ཕྱི་རོལ་དུ་གདུལ་དཀའ་འདུལ་བའི་སླད་དུ་སྲོག་གཅོད་པར་གསུངས་པ་གང་ཡིན་པ་དེ་ནི་དེ་རྣམས་ཀྱི་སྲོག་རྣལ་འབྱོར་གྱི་སྟོབས་ཀྱིས་བཀུག་པ་སླར་ ཡང་ལུས་དེ་ཉིད་ལ་རྣལ་འབྱོར་པས་གཞུག་པར་བྱའོ། །དེ་ལྟར་ན་གདུལ་དཀའ་འདུལ་བ་པོར་འགྱུར་ཏེ་གདུལ་དཀའ་མཐར་བྱེད་པ་ནི་མ་ཡིན་ནོ་ཞེས་གྲུབ་པོ། །སྒྲ་ནི་གང་ཞིག་ཞལ་གྱིས་དམན་པ་དག་ཅེས་པ་ནི་འདིར་ཐམས་ཅད་མཁྱེན་པའི་གསུང་ཐམས་ཅད་ཀྱི་སྐད་སེམས་ ཅན་ཐམས་ཅད་ཀྱི་སྙིང་ལ་རང་རང་གི་སྐད་གཞན་གྱིས་འགྱུར་བ་གང་ཡིན་པ་དེ་ཉིད་ནི་རབ་ཏུ་མི་གནས་པ་སྟེ་སེམས་ཅན་ཐམས་ཅད་ཀྱི་སྐད་ཡིན་པ་ཉིད་ཀྱི་ཕྱིར་རོ། །རབ་ཏུ་མི་གནས་པ་ཉིད་ཀྱི་ཕྱིར་བརྫུན་དུ་སྨྲ་བར་གསུངས་སོ། །ཕྱི་རོལ་དུ་ཡང་སེམས་ཅན་གྱི་དོན་གྱི་སླད་དུ་སྒྱུ་ འཕྲུལ་ཆེན་མོ་དྲག་ཆེན་མོ། །འབྱུང་དང་སྡུད་པར་བྱེད་པ་མོ་ཞེས་པ་ལ་སོགས་པའི་གསུང་ནི་གདུལ་བྱའི་དོན་དུའོ། །དེ་བཞིན་དུ། དབང་པོ་གཉིས་སྐྱེས་པ་དེ་དེ་ཉིད། །སངས་རྒྱས་ཉིད་ཀྱི་འབྲས་བུ་སྟེར། །སྐྱེས་པ་རྡོ་རྗེ་འཛིན་རྣམ་པ། །བུད་མེད་རྡོ་རྗེ་བཙུན་ མོའོ་ཞེས་པ་ལ་སོགས་པའི་གསུང་ནི་བརྫུན་དུ་སྨྲ་བ་སྟེ་སེམས་ཅན་རྣམས་སླུ་བའི་སླད་དུ་སངས་རྒྱས་པའི་རྣལ་འབྱོར་པ་རྣམས་ཀྱིས་སླུ་བ་ཅན་གྱི་ཚིག་ནི་མ་ཡིན་ནོ་ཞེས་གྲུབ་བོ། །འདིར་ལུས་སྒྲིབ་པ་མེད་པར་སྐྱེས་པར་གྱུར་པ་ན་གང་ཞིག་ཐམས་ཅད་མཁྱེན་པའི་ས་བཅུ་གཉིས་པོ་ རྣམས་འཛིན་པ་དེ་ནི་རྣལ་འབྱོར་པ་ཡིས་བརྐུས་ཏེ་འཛིན་པར་གསུངས་སོ། །ཕྱི་རོལ་དུ་ཡང་སེམས་ཅན་ལ་ཕན་པའི་སླད་དུ་གཏེར་ལ་སོགས་པ་དབྱུང་བར་བྱ་སྟེ་གཏེར་སྲུང་བ་པོ་རྣམས་ངན་འགྲོ་ལས་གྲོལ་བར་བྱ་བའི་དོན་དུའོ། །ཁུ་བའི་ཐིག་ལེ་མ་ལྷུང་བ་ལས་བདེ་བར་འགྱུར་ བ་གང་ཡིན་པ་དེ་གཞན་གྱི་བུད་མེད་བསྟེན་པའོ། །གཞན་གྱི་བུད་མེད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྟེ་འཁོར་བའི་ཕ་རོལ་ཏུ་སོན་མའོ། །གཞན་ནི་རྡོ་རྗེ་སེམས་དཔའ་སྟེ་འཁོར་བའི་ཕ་རོལ་དུ་སོན་པའོ། །དེ་ཡི་བུད་མེད་ནི་གཞན་གྱི་བུད་མེད་དེ་རྣལ་འབྱོར་པ་རྣམས་ཀྱི་ ཆགས་བྲལ་མིན་པ་ལས་ཞེས་པ་མི་འགྱུར་བའི་བདེ་བ་ལས་དེ་བསྟེན་པའོ། །ཕྱི་རོལ་དུ་ཡང་དབང་བསྐུར་བ་ལ་སོགས་པའི་དུས་སུ་སྦྱིན་པ་པོས་རང་གི་ཆུང་མ་ལ་སོགས་པ་བྱིན་པ་གང་ཡིན་པ་དེ་བསྟེན་པ་ནི་གཞན་གྱི་བུད་མེད་བསྟེན་པ་སྟེ་ཆགས་བྲལ་མིན་པ་ལས་ཞེས་པ་ནི་ཇི་ ལྟར་དམ་ཚིག་ཅན་རྣམས་བདག་ཉིད་ཆགས་པ་དང་བྲལ་བས་དམ་ཚིག་དྲལ་བར་མི་འགྱུར་བའོ་ཞེས་པའི་དོན་ཏོ། །སྲོག་རྩོལ་བའི་མེ་ཡིས་ཞེས་པ་ནི་འདིར་སྲོག་འགོག་པས་གཏུམ་མོ་འབར་བ་གང་ཡིན་པ་དེ་སྲོག་རྩོལ་བའི་མེ་ཞེས་གསུངས་ཏེ། སྲོག་རྩོལ་བའི་མེ་དེ་ཡིས་རི་བོང་ ཅན་ནི་ཞུ་བ་དག་ཀྱང་ཞེས་པ་བྱང་ཆུབ་ཀྱི་སེམས་ཞུ་བའི་ཁུ་བ་ཐིག་ལེའི་གཟུགས་རྡོ་རྗེའི་ཁས་སྟེང་དུ་བཏུང་བ་ལྷན་ཅིག་སྐྱེས་པའི་བདེ་བ་སྐྱེད་པ་གང་ཡིན་པ་དེ་ནི་རྣལ་འབྱོར་པ་རྣམས་ཀྱི་ཆང་བཏུང་བར་གསུངས་སོ། །ཕྱི་རོལ་དུ་ཡང་དབང་བསྐུར་བ་ལ་སོགས་པའི་དུས་སུ་ཕྱིའི་ལྷ་རྣམས་ ཀྱི་གཏོར་མའི་དོན་དུ་གསུངས་སོ། །མཐེ་བོའི་ཚིགས་ནས་གཙུག་ཏོར་དག་ཏུ་ཞེས་པ་ནི་འདིར་འདོད་པའི་བསྟན་བཅོས་ལས་ཐོས་ཏེ། དཀར་པོའི་ཕྱོགས་ལ་རྐང་པ་གཡོན་པའི་མཐེ་བོ་ནས་ཚེས་གཅིག་ལ་སོགས་པ་འཕེལ་བ་དང་ཟླ་བའི་ཆ་འཕེལ་བས་ཉའི་མཐར་གཙུག་ཏོར་དུ་རང་ སེམས་ཞེས་པ་བྱང་ཆུབ་ཀྱི་སེམས་འགྲོ་སྟེ་ཚེས་ཀྱི་དབང་གིས་སོ། །སླར་ཡང་གཙུག་ཏོར་ནས་ནི་རྐང་པ་གཡས་པའི་སོར་མོ་རྣམས་སུ་སླར་ཡང་འདི་ནི་འགྲོ་སྟེ་ནག་པོའི་ཕྱོགས་ཀྱི་ཚེས་ཀྱི་དབང་གིས་ཇི་སྲིད་ནག་པོའི་ཕྱོགས་ཀྱི་མཐའ་རུ་ཞེས་པ་གནམ་ སྟོང་གི་མཐར་རོ། །དེ་ལྟར་ནག་པོའི་ཕྱོགས་ཀྱི་མཐར་ནི་བྱང་ཆུབ་ཀྱི་སེམས་རྐང་པའི་མཐེ་བོ་ལ་རིག་པར་བྱའོ། །སླར་ཡང་ཟླ་བ་གཞན་གྱི་དཀར་པོའི་ཕྱོགས་ལ་གཡོན་གྱི་མཐེ་བོ་ལ་སྔར་བཞིན་ནོ། །དེ་ལ་སྨྲས་པ། ཚེས་དང་པོ་ལ་ནི་སོར་མོའི་ཚིགས་དང་པོར་ རོ། །གཉིས་པ་ལ་ནི་གཉིས་པར་རོ། །གསུམ་པ་ལ་ནི་གསུམ་པར་རོ། །བཞི་པ་ལ་ནི་གཡོན་གྱི་ལོང་བུའི་མཚམས་སུའོ། །ལྔ་པ་ལ་ནི་པུས་མོའི་མཚམས་སུའོ། །དྲུག་པ་ལ་ནི་བརླ་དང་དཔྱིའི་མཚམས་སུའོ། །བདུན་པ་ལ་ནི་གཡོན་གྱི་ལག་པའི་སོར་མོའི་ ཚིགས་དང་པོའི་མཚམས་སུའོ། །བརྒྱད་པ་ལ་ནི་བར་མའི་མཚམས་སུའོ། །དགུ་པ་ལ་ནི་གསུམ་པའི་མཚམས་སུའོ། །བཅུ་པ་ལ་ནི་མཁྲིག་མའི་མཚམས་སུའོ། །བཅུ་གཅིག་པ་ལ་ནི་གྲུ་མོའི་མཚམས་སུའོ། །བཅུ་གཉིས་པ་ལ་ནི་ཕྲག་པ་དང་དཔུང་པའི་ མཚམས་སུའོ། །བཅུ་གསུམ་པ་ལ་ནི་སྙིང་ཁར་རོ། །བཅུ་བཞི་པ་ལ་ནི་མགྲིན་པར་རོ། །ཉ་ལ་ནི་དཔྲལ་བར་རོ། །ཉའི་མཐར་ནི་ཁུ་བ་གཙུག་ཏོར་དུ་འགྱུར་རོ། །སླར་ཡང་ནག་པོའི་ཚེས་དང་པོ་ལ་ནི་དཔྲལ་བར་རོ། །གཉིས་པ་ལ་ནི་མགྲིན་པར་རོ། །གསུམ་པ་ ལ་ནི་སྙིང་ཁར་རོ། །བཞི་པ་ལ་ནི་གཡས་པའི་ཕྲག་པ་དང་དཔུང་པའི་མཚམས་སུའོ། །ལྷག་མ་ནི་གཡོན་པ་བཞིན་ལུགས་ལས་བཟློག་པ་སྟེ་རྐང་པ་གཡས་པའི་སོར་མོའི་སེན་མོའི་མཐའ་ལ་གནམ་སྟོང་གི་མཐའ་ཇི་སྲིད་པར་བྱང་ཆུབ་ཀྱི་སེམས་སོ། །རྣལ་འབྱོར་པ་རྣམས་ སྤྱོད་པ་གང་དེ་ཉིན་ཞག་སོ་སོའི་དུས་སུ་འདོད་པའི་དངོས་གྲུབ་རབ་སྟེར་བ་ཞེས་པ་ནི་འདིར་གཡོན་དང་གཡས་ཀྱི་རྩ་ལ་རབ་ཏུ་འབབ་པའི་དབང་གིས་གཡོན་དང་གཡས་སུ་བགྲོད་པའི་བྱང་ཆུབ་ཀྱི་སེམས་དུས་ཐམས་ཅད་དུ་དབུ་མར་རབ་ཏུ་འབབ་པས་གསང་བ་ལ་སོགས་པའི་པདྨ་ དྲུག་པོ་རྣམས་སུ་འོག་ཏུ་འགྲོ་བ་ལས་སྟེང་དུ་འགྲོ་བ་ཞེས་བྱ་བའི་སྤྱོད་པ་དེ་ནི་འདོད་པའི་དངོས་གྲུབ་ཅེས་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྟེ་དེ་རབ་ཏུ་སྟེར་བ་པོའོ། །ཕྱི་རོལ་དུ་ཡང་དེ་བཞིན་གཤེགས་པ་ལྔའི་རིགས་ཅན་གྱི་བུད་མེད་རྣམས་འཛིན་པ་ནི་བུད་མེད་ཀྱི་སྤྱོད་པ་སྟེ་བུད་མེད་ ཀྱི་སྤྱོད་པ་དེ་རྣམས་ལ་སྲུབ་པ་ནི་ཚངས་པར་སྤྱོད་པའོ། །དེ་བཞིན་དུ་ཞལ་ནི་རྣལ་འབྱོར་པས་བྱའོ་ཞེས་དང་། དེ་བཞིན་དུ་བྱང་ཆུབ་སེམས་ཀྱི་འཐབ་མོ་ནི་རྩའི་ཀུན་དུ་སྤྱོད་པ་ཞེས་པ་སྟེང་དུ་ཁུ་བ་འགྲོ་བར་བྱའོ་ཞེས་པ་རྩ་བའི་རྒྱུད་ལས་ངེས་པ་སྟེ་རྩ་བའི་སྤྱོད་པའི་ངེས་པའོ། །འདིར་ ཉི་ཤུ་རྩ་ལྔ་ལྷག་པའི་བརྒྱའི་རྗེས་ལ་ཚིགས་སུ་བཅད་པ་བཞི་ནི་གོ་སླའོ། །ད་ནི་ཞི་བ་ལ་སོགས་པའི་དོན་དུ་ལྷ་བསྒོམ་པ་གསུངས་པ་དཀར་པོ་ཞེས་པ་ལ་སོགས་པ་སྟེ་འདིར་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་དཔའ་བོ་གཅིག་པའམ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་དམ་ལྔའི་ བདག་ཉིད་ལ་སོགས་པར་གསུངས་པ་ནི་ཞལ་ལ་སོགས་པའི་དབྱེ་བ་རྣམས་ཀྱིས་ཞི་བ་ལ་སོགས་པར་འགྱུར་རོ། །གང་གི་ཚེ་ཞི་བ་བྱེད་པ་དེའི་ཚེ་རྣལ་འབྱོར་པས་སྐུའི་ཞལ་གཙོ་བོར་བྱས་ནས་ཟླ་བའི་དཀྱིལ་འཁོར་ལ་ཁ་དོག་དཀར་པོ་དཔྲལ་བར་གནས་པ་བསྒོམ་པར་བྱ་སྟེ་དཀར་པོ་ ཡིས་ནི་ཞི་དང་རྒྱས་པ་བྱེད་དོ། །གསུང་གི་ཞལ་གཙོ་བོ་ཉི་མའི་དཀྱིལ་འཁོར་ལ་མགྲིན་པར་གནས་པ་ཡིད་ལ་བསྒོམས་པར་གྱུར་ན་དམར་པོ་ཡིས་ནི་དགུག་པ་དང་དབང་དུ་བྱ་བ་བྱེད་དོ། །ཡེ་ཤེས་ཀྱི་ཞལ་གཙོ་བོ་དུས་མེའི་དཀྱིལ་འཁོར་ལ་ལྟེ་བར་གནས་པ་བསྒོམས་པ་སེར་ པོས་རེངས་པ་དང་རྨོངས་པ་བྱེད་དོ། །སྙིང་ཁར་སྒྲ་གཅན་གྱི་དཀྱིལ་འཁོར་ལ་ཐུགས་ཀྱི་ཞལ་གཙོ་བོ་སྟེ་ནག་པོས་བསད་པ་དང་བསྐྲད་པ་དང་དབྱེ་བ་ཡང་བྱེད་དོ། །དེ་བཞིན་དུ་འབྱུང་བ་རྣམས་ཀྱི་དཀྱིལ་འཁོར་ལ་གནས་ལྷ་མིན་ལག་འགྲོའི་རིགས་འདི་བསྒོམས་པ་ཡིས་ནི་ བསྒྲུབ་པར་བྱ་ཞེས་པ་ལ་ལྷ་མིན་དང་ལག་འགྲོ་རྣམས་ཀྱི་རིགས་རྣམ་པ་བརྒྱད་དེ་རིགས་དེ་ཉིད་བསྒྲུབ་པར་བྱའོ། །མཁའ་ལྡིང་དུ་འཆད་པར་འགྱུར་བ་ནི་འདིར་རྒྱས་པར་མ་བྱས་སོ། །སྒོམ་དང་བཟླས་པ་དེ་བཞིན་ཉིད་དུ་རང་གི་ཡིད་ལ་བྱེད་ཅེས་པ་ནི་ཞལ་གཅིག་ཕྱག་གཉིས་ པའི་ལྷའི་སྐུ་ལ་སོགས་པའི་ཁ་དོག་གི་དབྱེ་བས་བསྒོམས་པ་ནི་འཆད་པར་འགྱུར་བའི་རིམ་པས་ཞི་བ་ལ་སོགས་པ་བྱེད་དོ། །དེ་ལྟར་འབྱུང་བ་རྣམས་ཀྱི་དཀྱིལ་འཁོར་ལ་གནས་ཞེས་པ་ཆུ་ལ་སོགས་པའི་དཀྱིལ་འཁོར་ལ་གནས་པའི་རྡོ་རྗེ་བཞི་སྲིད་པ་གསུམ་ གྱི་གནས་སུ་བསྒྲུབ་པར་བྱ་སྟེ་ལས་ཀྱི་དབྱེ་བ་དུ་མ་རྣམས་ཀྱིས་ཞེས་པ་ཆོ་ག་སྣ་ཚོགས་པ་རྣམས་ཀྱིས་ཞེས་པའི་དོན་ཏོ། །ད་ནི་གདུལ་དཀའ་འདུལ་བར་བྱེད་པའི་སླད་དུ་གླང་པོ་ཆེའི་པགས་པ་རློན་པའི་གོས་འཛིན་པར་བསྒོམ་པ་གསུངས་པ་ཕྱོགས་ཞེས་པ་ལ་སོགས་པ་སྟེ། འདིར་ དུས་རྣམ་པར་དག་པས་ལོའི་ཕྱོགས་ཉི་ཤུ་རྩ་བཞི་པོ་རྣམས་ཀྱིས་ཕྱག་ཉི་ཤུ་རྩ་བཞི་པ་སྟེ། རྡོ་རྗེ་ཕྲེང་ཐོགས་དཔལ་དང་ལྡན་ཞེས་པ་གྲུབ་བོ། །གླང་པོ་ཆེའི་པགས་པ་རློན་པའི་གོས་འཛིན་པ་འདི་ནི་ལྷག་པའི་ཟླ་བ་དང་བཅས་པ་སྟེ་ལོ་གང་ཞིག་ཟླ་བ་བཅུ་གསུམ་གྱི་བདག་ ཉིད་དོ། །དེའི་ཕྱོགས་ཉི་ཤུ་རྩ་དྲུག་རྣམས་ཀྱིས་ཕྱག་རྣམ་པར་དག་པའོ། །དེའི་ཕྱིར་ཕྱོགས་ལྷག་པ་ལས་བྱུང་བ་ནི་ཕྱག་གཉིས་སོ། །ཕྱག་དེ་དག་བོང་བ་དང་ནི་གསེར་དང་མཚུངས་པ་ཞེས་པ་ནག་པོ་དང་སེར་པོ་གཡས་དང་ཅིག་ཤོས་དག་གིས་ནི་ཕུང་པོའི་བདུད་ཉིད་གླང་ཆེན་ ཞེས་པ་ཕུང་པོའི་བདུད་ནི་གླང་པོ་ཆེ་སྟེ་དེ་ཟད་པ་ལས་ཆ་ཙམ་ཉིད་ནི་པགས་པའོ། །དེ་ཉིད་རབ་ཏུ་འབྱིན་པ་ནི་ཕུང་པོའི་བདུད་ཉིད་གླང་ཆེན་མ་ལུས་བཤུས་ནས་རྐང་པ་ཟུང་ཞིག་དག་ནས་འཛིན་ཅིང་རྐང་པ་ཟུང་ཞིག་འཕྱང་བ་གླང་ཆེན་པགས་པའི་གོས་ཞེས་པ་འཛིན་པ་སྟེ་གཡས་སུ་ མགོ་བོ་དང་གཡོན་གྱི་ཆར་མཇུག་མའོ། །ལྷ་མིན་དབང་པོ་ཞེས་པ་ནི་ལྷའི་བུའི་བདུད་དེ་དེའི་མ་རིག་པ་འཇུག་པ་ནི་ཁྲག་གོ། །དེ་ཟད་པ་ལས་ཆ་ཙམ་ནི་ཐོད་པའི་ཁྲག་སྟེ་ཁྲག་གི་ཐོད་པ་དེ་གང་གི་རབ་མཆོག་ཕྱག་གི་མཐིལ་ན་ཡོད་པ་དེ་ནི་ལྷ་མིན་དབང་པོའི་ཁྲག་གི་ཐོད་པ་ ཕྱག་མཐིལ་ན་ཞེས་པའོ། །འཆི་བདག་བདུད་ཀྱི་གདོང་གི་ཕྱག་ཅེས་པ་ནི་འཆི་བདག་གི་བདུད་ཟད་པ་ལས་ཆ་ཙམ་གྱི་སྒྲིབ་པ་མགོ་བོ་གང་གི་ཕྱག་ན་ཡོད་པ་དེ་ནི་འཆི་བདག་བདུད་ཀྱི་གདོང་གི་ཕྱག་གོ། །ཉོན་མོངས་བདུད་ནི་ཞབས་ཀྱིས་བསྒྱེལ་ཞེས་པ་ནི་ཉོན་མོངས་པའི་ བདུད་ཟད་པ་ལས་ཆ་ཙམ་གྱི་ཉོན་མོངས་པའི་སྒྲིབ་པ་ངེས་པར་མ་བསྲེགས་པ་གང་ཡིན་པ་དེ་ནི་ཡི་དགས་ཏེ་གང་གི་ཞབས་ཀྱི་འོག་ཏུ་བསྒྱེལ་བའོ། །དེས་ན་ཉོན་མོངས་བདུད་ནི་ཞབས་ཀྱིས་བསྒྱེལ་བ་སྟེ་དེ་ལྟར་ཆ་ཙམ་གྱི་སྒྲིབ་པ་རྣམས་ཀྱིས་སོ། །གཉིས་ལྷག་རྒྱལ་བའི་ ཕྱག་ཅེས་པ་ཕྱག་ཉི་ཤུ་རྩ་དྲུག་པ་སྟེ་ལྷག་མའི་ཕྱག་ལ་ནི་མཚོན་ཆ་དུས་ཀྱི་འཁོར་ལོ་བཞིན་ནོ། །མགོ་བོ་དང་ཐོད་པའི་ཕྲེང་བ་འཛིན་པ་སྟག་གི་པགས་པའི་ཤམ་ཐབས་ཅན་རུས་པའི་ཕྱག་རྒྱ་དང་ཀླུའི་དབང་པོས་བརྒྱན་པ་སྟེ་གཞན་གྱི་དོན་དུ་བསྒོམ་པར་བྱ་ཞེས་པ་ནི་གདུལ་ དཀའ་བའི་གདུལ་བྱའི་དོན་དུའོ་ཞེས་པ་ངེས་པའོ། །ད་ནི་དེའི་ཤེས་རབ་ཀྱི་མཚན་ཉིད་གསུངས་པ་དེ་ལ་ཞེས་པ་ལ་སོགས་པ་སྟེ། འདིར་ལུས་ཀྱི་དབྱེ་བས་ཉི་མ་ནི་ཤེས་རབ་སྟེ་ཟླ་བ་ནི་ཐབས་སོ། །ཟླ་བ་དེས་ཉི་མ་ལས་བཅུ་གཉིས་ལྷག་པའི་གཅིག་གི་རྒྱུ་བ་ཇི་སྲིད་པར་རྒྱུ་ སྟེ་ཟླ་བ་སོ་སོར་ཁྱིམ་བཅུ་གསུམ་རྒྱུ་ཞིང་ཉི་མས་ཁྱིམ་གཅིག་རྒྱུའོ། །དེས་ན་ཉི་མའི་རྒྱུ་བའི་དབང་གིས་དེ་ལ་ཡུམ་ནི་ཞལ་གཅིག་མ་སྟེ་ཟླ་བ་དག་པས་སོ། །ཟུང་གི་ཕྱག་གི་པདྨ་ནི་གཉིས་ཏེ་ཕྱག་གི་པདྨ་གཡས་དང་གཡས་མིན་དེ་དག་ལ་གྲི་གུག་དང་དཔལ་ལྡན་ཞེས་པ་མིའི་ཐོད་ པའོ། །དེ་ཕྱིར་ལུས་ཀྱི་རབ་ཏུ་དབྱེ་བས་ཞེས་པ་ཟླ་བའི་ཁྱིམ་གྱི་ཕྱོགས་ཀྱི་དབྱེ་བ་ཉི་ཤུ་རྩ་དྲུག་གིས་རྒྱལ་བའི་བདག་པོ་ཕྱག་ཉི་ཤུ་རྩ་དྲུག་པར་འགྱུར་ཏེ་སྣ་ཚོགས་ཡུམ་ནི་དེ་བཞིན་ཉིད་དུ་ལུས་ཀྱི་དབྱེ་བས་ཉི་མའི་ཁྱིམ་གཅིག་སྟེ་ཕྱོགས་ཀྱི་དབྱེ་བས་སྣ་ཚོགས་ཡུམ་ཕྱག་གཉིས་མའོ། ། གཅེར་བུ་སྐྲ་གྲོལ་མ་སྟེ་ལྷག་མ་ནི་བཅོམ་ལྡན་འདས་བཞིན་དུ་རྒྱན་གྱིས་བརྒྱན་པའོ། །ཤེས་རབ་ཐབས་ཀྱི་ལུས་དང་བསམ་པ་བདེ་མཉམ་འབྲས་སྟེར་ཞེས་པ་དེ་ལྟར་གསུངས་པ་རྣམས་ཀྱིས་མི་འགྱུར་བའི་བདེ་བའི་འབྲས་བུ་སྟེར་བ་སྟེ་ཟླ་བ་ཉི་མའི་རབ་ཏུ་རྒྱུ་བ་དབུགས་འཇུག་པ་དང་ འབྱུང་བ་འགོག་པས་བསྒོམ་པར་བྱའོ་ཞེས་པ་ནི་ངེས་པའོ། །ད་ནི་སྣ་ཚོགས་གཟུགས་བསྒོམ་པ་གསུངས་པ་གཅིག་ཅེས་པ་ལ་སོགས་པ་སྟེ་འདིར་ཞལ་གཅིག་པའམ་སོགས་པའི་སྤྲས་ཞལ་གཉིས་པའམ་ཞལ་བཞི་དང་ལྔ་དང་མཐའ་ཡས་པའམ་ཕྱག་དང་ཞབས་མང་ཞེས་པ་ ཕྱག་དང་ཞབས་དུ་མ་ཅན་མཚོན་ཆ་དུ་མ་འཛིན་པ་དུ་མའི་ཁ་དོག་དང་དུ་མའི་དབྱིབས་ཏེ། རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང་། ཆེ་བ་སངས་རྒྱས་རིག་སྔགས་འཛིན་པ་སྟེ་སྟོང་པ་ཉིད་དང་མི་འགྱུར་བ་འཛིན་པའི་བཅོམ་ལྡན་འདས་ཤེས་རབ་དང་ཐབས་ཀྱི་བདག་ ཉིད་དོ། །མུན་པ་དག་གི་མཐར་ཞེས་པ་ནི་མཚན་མོའི་དུས་སུ་མཚན་མོའི་རྣལ་འབྱོར་དང་ཉིན་མོའི་དུས་སུ་ཉིན་མོའི་རྣལ་འབྱོར་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་ལྟ་བ་གང་ཡིན་པ་དེ་ནི་མཚན་མོ་ནམ་མཁའ་ལ་ལྟ་ཞིང་ཉིན་མོ་བླ་གབ་མེད་པ་ལ་བལྟ་བའོ། །དེ་ལྟར་ གཟུགས་ཀྱི་མཐར་ཐུག་པར་བསྒོམས་ཏེ་རྩ་ནི་ཟླ་བ་ཉི་མ་འགོག་པ་ལས་ཞེས་པ་གཡོན་དང་གཡས་ཀྱི་སྲོག་འགོག་པ་ལས་བདེ་མཉམ་སྟེར་ཏེ་ཞེས་པ་མཆོག་ཏུ་མི་འགྱུར་བའི་བདེ་བ་སྟེར་རོ། །ས་ལ་སོགས་པ་རྣམས་ནི་ཞེས་པ་ས་ལ་སོགས་པའི་ཁམས་རྣམས་སོ། ། འབིགས་བྱེད་དྲི་མེད་ནོར་བུ་དང་མཚུངས་ཞེས་པ་ནི་ཇི་ལྟར་དྲི་མེད་ནོར་བུ་ཆེན་པོ་རེག་པ་ཙམ་གྱིས་རྡོལ་སོགས་པའི་ཁམས་རིན་པོ་ཆེར་བྱེད་དེ་འབིགས་པར་བྱེད་ཅེས་པ་འཇོམས་པར་བྱེད་པ་ནི་མ་ཡིན་ནོ། །དེ་བཞིན་དུ་སྟོང་པ་གཅིག་པུ་དྲི་མ་དང་བྲལ་བ་ནི་ས་ལ་སོགས་པའི་ལུས་ཀྱི་ཁམས་ རྣམས་ཀུན་ནས་འབིགས་པར་བྱེད་དོ། །སྟོང་པ་ཉིད་ཀྱི་གཟུགས་ཅན་དེ་ནི་ཐོགས་མ་མེད་ཅིང་མཐའ་མེད་དབུས་ཀྱང་མེད་ལ་ཡུལ་མེད་ཡུལ་ཞེས་པ་ནི་ཡུལ་རྣམས་མེད་པར་ཡུལ་དུ་སྣང་བ་སྒྱུ་མ་དང་རྨི་ལམ་དང་པྲ་ཕབ་པ་ལྟ་བུ་བསྒྲུབས་པ་ནི་དུས་ཀྱི་འཁོར་ལོ་སྟེ་བདེ་མཉམ་སྟེར་བའོ་ ཞེས་པ་ངེས་པའོ། །དེ་ལྟར་དཔལ་ལྡན་དང་པོའི་སངས་རྒྱས་ཀྱི་སྒྲུབ་ཐབས་རྫོགས་པའི་རིམ་པས་གསུངས་པ་སྟེ་འདིའི་རྒྱས་པ་ནི་ཡེ་ཤེས་ཀྱི་ལེའུ་ལས་བརྗོད་པར་བྱའོ། །བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་རྒྱས་འགྲེལ་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་ བཅུ་གཉིས་པ་དྲི་མ་མེད་པའི་འོད་ལས་སྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པའི་སྒྲུབ་ཐབས་ཀྱི་མདོར་བསྡུས་ཆེན་པོ་སྟེ་བཞི་པའོ།། །།རྗེ་བོ་སྣ་ཚོགས་རྡོ་རྗེ་འཛིན། །ཁྲོ་བོའི་རྒྱལ་པོ་རྣམས་ཀྱི་གཙོ། །རྡོ་རྗེ་ཤུགས་ལ་ཕྱག་འཚལ་ནས། །སྒྲུབ་ཐབས་སྣ་ ཚོགས་བཤད་པར་བྱ། ཁྲོ་བོའི་དབང་པོ་ཞེས་པ་ལ་སོགས་པས་སོ། །འདིར་ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས་ནི་སྔར་གསུངས་པའི་སྒྲུབ་ཐབས་ཀྱི་ཆོ་གས་ཧུྃ་ཡིག་དང་རྡོ་རྗེ་ལས་རྫོགས་པ་སྟེ་གཉིས་ལྷག་རྒྱལ་བའི་ཕྱག་ཅེས་པ་ཕྱག་ཉི་ཤུ་རྩ་དྲུག་པ་གླང་པོ་ཆེའི་པགས་ པའི་གོས་འཛིན་པ་རིག་བྱེད་ཞལ་ཞེས་པ་ཞལ་བཞི་པ་ཞབས་གཉིས་པ་དམར་སེར་སྤྱན་དང་དབུ་སྐྲ་དམར་སེར་རྒྱལ་བའི་བདག་པོའི་ཅོད་པན་ཞེས་པ་མི་བསྐྱོད་པའི་ཅོད་པན་ཅན་མཆེ་བ་རྣོན་པོ་གཙིགས་པ་སྦྲུལ་གྱི་རྒྱན་དང་ཞེས་པ་སྦྲུལ་གྱིས་བརྒྱན་པ་རབ་མཆོག་སྟག་གི་པགས་ པའི་ཤམ་ཐབས་ཅན་གཙོ་བོའི་བཞིན་དུ་མཚོན་ཆའི་ཕྱག་སྟེ་དུས་ཀྱི་འཁོར་ལོ་ལྟ་བུ་དང་སྤྱི་བོར་མཐའ་དག་རྒྱལ་བའི་རིགས་རྣམ་པར་དག་པའི་ཐོད་པ་ཁ་དོག་ལྔ་རྣམས་དག་གིས་ཕྲེང་བ་ངེས་པར་བཅིངས་པའོ། །དེ་ལྟར་གྱུར་པ་དྲི་མེད་འཕྲོ་བ་སྟེ་དང་བ་ནི་དཀྱིལ་འཁོར་གྱི་ཁང་པ་སྣ་ ཚོགས་མདོག་ལ་དབུས་སུ་སྣ་ཚོགས་ཆུ་སྐྱེས་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་དཔའ་བོ་གཅིག་པ་སྟེ་སྒོ་བཞི་རྣམས་སུ་རྡོ་རྗེ་ལྕགས་ཀྱུ་དང་རྡོ་རྗེ་དང་ཞགས་པ་དང་རྡོ་རྗེ་དྲིལ་བུ་རྣམས་གོ་རིམས་ཇི་ལྟ་བ་བཞིན་བཀོད་ནས་ཞབས་གཉིས་དག་གིས་འབྱུང་པོའི་མགོན་པོ་སྟེ་ཡི་དགས་ཀྱི་ མགོན་པོ་གཞན་གྱིས་མི་ཐུབ་པ་ལྷག་པའི་སྟོབས་ཀྱིས་མནན་ཞིང་གཡས་བརྐྱང་སྟབས་ཀྱིས་ཡང་དག་གནས་པ་འབྱུང་པོ་ལ་སོགས་པ་རྣམས་སྐྲག་པར་བྱེད་པའི་གླང་པོ་ཆེའི་པགས་པ་འཛིན་པ་ལག་པའི་སྡིགས་མཛུབ་དག་གིས་ལྷ་མིན་གདེངས་ཅན་ལྷ་རྣམས་སྐྲག་པར་བྱེད་པ་སྟེ་ ཛཿཧཱུྃ་བཾ་ཧོཿསྔགས་ཀྱི་ཚིག་འདི་རྣམས་ཀྱིས་ཡེ་ཤེས་སེམས་དཔའ་དང་། གཅིག་ཏུ་གྱུར་པ་རྣལ་འབྱོར་པས་བསྒོམས་ན་ཟླ་བ་གཅིག་ཉིད་ཁོ་ནས་དུར་ཁྲོད་ས་ལ་གནས་པ་ཞེས་པ་དུར་ཁྲོད་ཀྱི་སར་གནས་པའི་འབྱུང་པོའི་ཚོགས་ནི་བསྒྲུབ་པར་བྱ་ཞེས་པ་འབྱུང་པོ་ལ་སོགས་པ་རྣམས་ ཀྱི་གཙོ་བོ་གང་ཡིན་པ་དེ་གཟུགས་དེས་ཞབས་ཀྱི་འོག་ཏུ་བསྒྱེལ་བར་གྱུར་པ་ན་འཁོར་དང་བཅས་པ་འགྲུབ་པར་འགྱུར་ཏེ། ཡི་དགས་སམ་སྲིན་པོ་ལ་སོགས་པའོ། །འབྱུང་པོ་ལ་སོགས་པའི་སྒྲུབ་ཐབས་ཀྱི་ངེས་པའོ། །ད་ནི་སྤྲིན་གྱི་ཆར་དབབ་པའི་དོན་དུ་ཀླུའི་རྒྱལ་པོའི་ སྒྲུབ་ཐབས་གསུངས་པ་ཀླུ་རྣམས་ཞེས་པ་ལ་སོགས་པ་སྟེ། འདིར་ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས་དེ་ཉིད་བསྒོམས་པར་གྱུར་པས་ཉིན་ཞག་ཉུང་ཟད་རྣམས་ཀྱིས་ཞེས་པ་ཟླ་བའི་ཉིན་ཞག་རྣམས་ཀྱིས་སྤྲིན་གྱི་ཚོགས་ནི་བསྒྲུབ་པར་བྱ་སྟེ་དེ་ལྟར་ཞེས་པ་ཆོ་ག་ འདིས་སོ། །ཀླུ་རྣམས་ཆུ་སྐྱེས་འདབ་བརྒྱད་ལ་སྟེ་ཞེས་པ་ནི་ཆུ་སྐྱེས་ཀྱི་ཤར་གྱི་འདབ་མ་ལ་སྟོབས་ཀྱི་རྒྱུ་དང་། མེར་པདྨ་དང་། ལྷོར་ནོར་རྒྱས་ཀྱི་བུ་དང་། བདེན་བྲལ་དུ་དུང་སྐྱོང་དང་། བྱང་དུ་མཐའ་ཡས་དང་། དབང་ལྡན་དུ་རིགས་ལྡན་དང་། ནུབ་ཏུ་འཇོག་པོ་དང་། རླུང་དུ་པདྨ་ཆེན་པོ་སྟེ། ཤར་དང་མེར་ནག་པོ་དག་དང་། ལྷོ་དང་བདེན་བྲལ་དུ་དམར་པོ་དག་དང་། བྱང་དང་དབང་ལྡན་དུ་དཀར་པོ་དག་དང་། ནུབ་དང་རླུང་དུ་སེར་པོ་དག་གོ། །ཀླུའི་རྒྱལ་པོ་རྒྱལ་དང་རྣམ་རྒྱལ་ལྗང་ཁུ་དང་སྔོན་པོ་དག་ནི་ཉི་མའི་སྟེང་དུ་བསྒྱེལ་བྱས་ནས་ ཞེས་པ་ཉི་མའི་དཀྱིལ་འཁོར་ལ་གཡོན་པ་དང་གཡས་པའི་ཞབས་ཀྱི་འོག་ཏུ་ལྟེ་བ་ཡན་ཆད་སྐྱེས་བུའི་རྣམ་པ་མན་ཆད་སྦྲུལ་གྱི་རྣམ་པ་མགོའི་སྟེང་ན་གདེངས་ཀ་བདུན་གྱི་ཁོར་ཡུག་ཅན་ནོར་བུ་ཆེན་པོ་འཕྲོ་བ་དག་གན་རྐྱལ་དུ་བསྒྱེལ་ཅིང་། ཀླུའི་རྒྱལ་པོ་གཞན་རྣམས་བསྒྱེལ་ ནས། དེ་རྣམས་ཀྱི་མཇུག་མའི་རྩེ་མོ་ནི་སོ་སོར་རྒྱལ་བའི་སྟེང་དུ་ཤར་དང་བྱང་གི་རྣམས་དང་རྣམ་པར་རྒྱལ་བའི་སྟེང་དུ་ལྷོ་དང་ནུབ་ཀྱི་རྣམས་ཀྱི་མཇུག་མའི་རྩེ་མོ་ཐམས་ཅད་དོ། །དེ་ལྟར་ཞབས་དག་གིས་ནི་གདེངས་ཅན་བདག་པོ་ཟུང་དང་པདྨའི་འདབ་མར་གནས་པ་རྣམས་ཀྱི་ མཇུག་མའི་རྩེ་མོ་ཐམས་ཅད་མནན་ནས་ཞེས་སོ། །དེ་ལྟར་ཀླུའི་རྒྱལ་པོ་བརྒྱད་ནི་གདེངས་ཀ་ལྔ་དང་ལྡན་པ་སྤྲིན་གྱི་རིགས་ཏེ་སྤྲིན་ཚོགས་ལྟོ་བདག་ནས་ངེས་པར་ཀུན་དུ་སྤྲོ་བྱེད་པའོ། །དེ་ལྟར་དུར་ཁྲོད་ཀྱིས་ར་ཁྲོ་བོའི་དབང་པོ་བསྒོམས་པས་ཟླ་བའི་ཉིན་ཞག་རྣམས་ཀྱིས་སྤྲིན་ གྱི་ཚོགས་ནི་བསྒྲུབ་པར་བྱ་སྟེ། དེ་ནས་ཇི་ལྟར་མངོན་པར་འདོད་པའི་དུས་སུ་ཆར་འབེབས་པར་བྱེད་ཅིང་གཤེགས་སུ་གསོལ་བས་ཟློག་པར་བྱེད་དོ། །ཀླུའི་རྒྱལ་པོའི་སྒྲུབ་ཐབས་ཀྱི་ངེས་པའོ། །ད་ནི་ལས་ཀྱི་དབྱེ་བ་རྣམས་ཀྱིས་ལྷའི་སྒྲུབ་ཐབས་གསུངས་པ་ཞེས་པ་ལ་ སོགས་ཞེས་པ་ལ་སོགས་པ་སྟེ། འདིར་དཀྱིལ་འཁོར་དུ་གསུངས་པ་ལ་སོགས་པ་དང་མི་ཡི་བདག་པོ་གཞན་ལྷ་དང་ལྷ་མོ་རྣམས་ཀྱི་སྒྲུབ་ཐབས་སོ་སོ་རུ་དཀྱིལ་འཁོར་འདིར་ནི་དཔའ་བོ་གཅིག་པ་རྣམས་ཀྱིས་འགྱུར་ཏེ་རང་གི་རྒྱལ་བའི་རིགས་ཀྱི་དབང་གིས་ནི་རྣམ་པར་སྣང་ མཛད་ལ་སོགས་པའི་རིགས་ཀྱི་དབང་གིས་ལས་ཀྱི་དབྱེ་བ་མཐའ་དག་རྣམས་ཀྱི་སྒྲུབ་ཐབས་སུ་འགྱུར་རོ། །རེངས་དང་ཞི་བ་དག་དང་དབང་དང་གཞན་ནོར་འཕྲོག་དང་གསད་པ་དང་ནི་བསྐྲད་པ་ལ་སོགས་པ་དག་ལ་ཡང་སུམ་ཅུ་རྩ་དྲུག་རྣལ་འབྱོར་མ་རྣམས་དང་གཞན་དུར་ཁྲོད་ཀྱི་མཐར་ ཐུག་པ་རྣམས་ཀྱི་འཆད་པར་འགྱུར་བའི་སྒྲུབ་ཐབས་སུ་འགྱུར་ཏེ། སླར་ཡང་བཟླས་པ་དང་སྦྱིན་སྲེག་ནི་རང་རང་གི་སྔགས་ཀྱི་ས་བོན་རྣམས་ཀྱིས་འགྱུར་རོ། །ད་ནི་ཞི་བ་ལ་སོགས་པའི་བསམ་གཏན་གསུངས་བཞི་པ་ལ་ནི་ཞེས་པ་ལ་སོགས་པ་སྟེ། འདིར་ཞི་བ་ལ་བསམ་ གཏན་ཞི་བ་དང་རི་བོང་འཛིན་པ་ལྟར་དཀར་བའི་ལྷ་ཞི་བའི་གཟུགས་བསྒོམ་པར་བྱའོ། །དྲག་པོ་གསད་པ་ལ་སོགས་པ་ལ་བསམ་གཏན་དྲག་པོ་དང་ལྷ་ཁ་དོག་ནག་པོའོ། །དབང་ལ་བསམ་གཏན་ཆགས་པ་དང་བཅས་པ་དང་ལྷ་ཁ་དོག་དམར་པོ་ཆགས་པའི་གཟུགས་ སོ། །རེངས་པ་ལ་བསམ་གཏན་རྨོངས་པ་དང་ལྷ་ཁ་དོག་སེར་པོ་རེངས་པའི་གཟུགས་སོ། །ཞི་བ་ལ་ཇི་ལྟ་བ་དེ་བཞིན་དུ་རྒྱས་པ་དང་རིམས་ཉེ་བར་ཞི་བ་དང་དུག་གཞིལ་བ་ལ་འགྱུར་རོ། །གསད་པ་ལ་ཇི་ལྟ་བ་དེ་བཞིན་དུ་བསྐྲད་པ་དང་དབྱེ་བ་དང་རིམས་གཞུག་པ་ལ་ ཡང་ངོ་། །དབང་ལ་ཇི་ལྟ་བ་དེ་བཞིན་དུ་དགུག་པ་དང་བསྐྱོད་པ་དང་རིམས་བསྐྱེད་པ་ལ་ཡང་ངོ་། །རེངས་པ་ལ་ཇི་ལྟ་བ་དེ་བཞིན་དུ་རྨོངས་པ་དང་ཕུར་བུས་གདབ་པ་ལ་ཡང་ངོ་ཞེས་པ་ངེས་པའོ། །ད་ནི་ཚོགས་ཀྱི་རིགས་རྣམས་ཀྱིས་ཞི་བ་ལ་སོགས་པ་འགྲུབ་པར་གསུངས་པ་ ཞི་དང་ཞེས་པ་ལ་སོགས་པ་སྟེ། འདིར་ཞི་དང་རྒྱས་པ་དག་ཀྱང་སྲས་བཅས་རྒྱལ་བའི་རིགས་དང་ཞེས་པ་ནི་འདིར་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དེ་བཞི་པོ་འདི་རྣམས་ནི་རྒྱལ་བའི་རིགས་སོ། །སྲས་བཅས་ཞེས་པ་ནི་རྣམ་པར་སེལ་བ་དང་། སའི་སྙིང་པོ་དང་། འཇིག་རྟེན་དབང་ཕྱུག་དང་། ནམ་མཁའི་སྙིང་པོ་སྟེ་འདི་རྣམས་ནི་བྱང་ཆུབ་སེམས་དཔའི་རིགས་སོ། །དེ་བཞིན་དུ་སྤྱན་མ་དང་གོས་དཀར་མོ་དང་མཱ་མ་ཀཱི་དང་སྒྲོལ་མ་རྣམས་ནི་རྒྱལ་བའི་རིགས་སོ། །དྲི་རྡོ་རྗེ་མ་དང་། རོ་རྡོ་ རྗེ་མ་དང་། གཟུགས་རྡོ་རྗེ་མ་དང་། རེག་བྱ་རྡོ་རྗེ་མ་རྣམས་ནི་བྱང་ཆུབ་སེམས་དཔའི་རིགས་ཏེ་རིགས་འདི་རྣམས་ཁ་དོག་དཀར་པོ་དཔྲལ་བར་ཟླ་བའི་དཀྱིལ་འཁོར་ལ་པདྨའི་འདུག་སྟངས་ཀྱིས་གནས་པ་ཐབས་རྣམས་པདྨ་དཀར་པོ་དང་མཆོག་སྦྱིན་གྱི་ཕྱག་རྒྱ་དང་ཤེས་རབ་ རྣམས་ཨུཏྤལ་དཀར་པོ་དང་མི་འཇིགས་པའི་ཕྱག་ཅན་དུ་བསྒོམས་པ་སོ་སོ་རེ་རེས་ཞི་དང་རྒྱས་པ་དག་ཀྱང་འགྲུབ་པར་འགྱུར་ཏེ་རྒྱལ་པོ་ཞེས་པ་ནི་བོད་པའོ། །ཀྱང་ཡིག་གིས་དུག་མེད་པ་ཉིད་དང་རིམས་ཉེ་བར་ཞི་བ་ཡང་ངོ་། །དབྱེ་བ་དང་བསྐྲད་པ་དག་དང་ཀྱང་ཡིག་ གིས་གསང་བ་དང་དུག་གཞུག་པ་དག་ཀྱང་རང་བཞིན་ཡོན་ཏན་དབང་གིས་ཞེས་པ་ཁྲོ་བོའི་རང་བཞིན་གྱི་དབང་གིས་ཁྲོ་བོ་ལས་སྐྱེས་རྣམས་ཀྱིས་འགྲུབ་པར་འགྱུར་རོ། །ཁྲོ་བོ་ལས་སྐྱེས་ནི་ཧུྃ་ཡིག་དང་རྡོ་རྗེ་ལས་སྐྱེས་པ་ཁྲོ་བོ་བཅུ་པོ་རྣམས་དང་ཕྲེཾ་ཡིག་དང་གྲི་གུག་ལས་སྐྱེས་པ་ ཁྲོ་བོ་བཅུའི་བཙུན་མོ་རྣམས་ཏེ། སྙིང་ཁར་སྒྲ་གཅན་གྱི་དཀྱིལ་འཁོར་ལ་ཁྲོ་བོ་གཡས་བརྐྱང་གི་སྟབས་ཕྱག་ན་རྡོ་རྗེ་དང་ཞགས་པ་ཅན་རྣམས་ཀྱིས་གསད་པ་འགྲུབ་པར་འགྱུར་རོ། །ཕྱག་ན་རལ་གྲི་དང་ལྕགས་སྒྲོག་སྡིགས་མཛུབ་དང་བཅས་པ་རྣམས་ཀྱིས་དབྱེ་བ་ལ་སོགས་ པ་འགྲུབ་པར་འགྱུར་ཏེ་ཁ་དོག་ནག་པོ་དྲག་པོ་རྣམས་ཀྱིས་སོ། །ལྷ་མོ་གཡོན་བརྐྱང་བ་ཕྱག་ན་གྲི་གུག་དང་ཐོད་པ་ཅན་རྣམས་དང་ཕྱག་ན་རལ་གྲི་དང་ཞགས་པ་ཅན་རྣམས་ཀྱིས་སོ། །དབང་སོགས་འབྱུང་སྐྱེས་རྣམས་ཀྱིས་ཞེས་པ་ནི་འདིར་ཙརྩི་ཀཱ་ལ་སོགས་པའི་ལྷ་མོ་ བརྒྱད་པོ་མགྲིན་པར་ཉི་མའི་དཀྱིལ་འཁོར་ལས་གའི་སྟབས་ཁ་དོག་དམར་པོ་ཕྱག་ན་མདའ་གཞུ་ཅན་རྣམས་ཀྱིས་དབང་དུ་བྱ་བ་འགྲུབ་པར་འགྱུར་ཏེ། ཕྱག་ན་ཞགས་པ་དང་ལྕགས་ཀྱུ་ཅན་རྣམས་ཀྱིས་དགུག་པ་ལ་སོགས་པ་འགྲུབ་པར་འགྱུར་རོ། །རབ་གསལ་ལྷ་ མིན་རིགས་ལ་ཕུར་བུས་གདབ་པའང་ལྷ་མིན་མོ་རྣམས་ཀྱིས་ཞེས་པ་ནི་འདིར་ཁྱི་གདོང་མ་ལ་སོགས་པའི་ལྷ་མོ་བརྒྱད་པོ་ལྟེ་བར་དུས་མེའི་དཀྱིལ་འཁོར་སེར་པོ་ལ་ཟླུམ་པོའི་སྟབས་ཕྱག་ན་འཁོར་ལོ་དང་རི་བོ་ཅན་རྣམས་ཀྱིས་རེངས་པ་འགྲུབ་པར་འགྱུར་རོ། །ཕྱག་ན་ཐོ་བ་ དང་ཕུར་བུ་ཅན་རྣམས་ཀྱིས་ཕུར་བུས་གདབ་པ་འགྲུབ་པར་འགྱུར་རོ། །ཕྱག་ན་རྩེ་གསུམ་དང་སྦྲུལ་རྣམས་ཀྱིས་རྨོངས་པ་འགྲུབ་པར་འགྱུར་རོ། །ཡུམ་དག་གིས་ནི་ཞེས་པ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མས་གསུང་བའི་པདྨ་ལ་ལས་ཐམས་ ཅད་འགྲུབ་པར་འགྱུར་ཏེ། ཆུ་ལ་སོགས་པའི་དཀྱིལ་འཁོར་གྱི་དབྱེ་བས་དཀར་པོ་ལ་སོགས་པའི་ཁ་དོག་དང་སྔར་བརྗོད་པའི་མཚན་མ་དང་འདུག་སྟངས་སོ་སོ་རེ་རེས་སོ། །གསད་པ་དང་གསོ་བ་ཡང་འགྲུབ་པར་འགྱུར་ཏེ། རྡོ་རྗེའི་འདུག་སྟངས་ཀྱིས་ཐིག་ལེའི་ དབུས་སུ་དགའ་བ་དང་བཅས་པའི་ལྷ་མོས་གསོ་བར་བྱེད་དོ། །རྣལ་འབྱོར་གྱི་སྟོབས་ཀྱིས་སྲོག་བཀུག་སྟེ་ཐིག་ལེ་འཕོས་པས་ནི་ཆགས་པ་དང་བྲལ་བས་འཆི་བར་བྱེད་དེ། སླར་ཡང་བསྒྲུབ་བྱ་རབ་ཏུ་འཚོ་བ་མེད་དོ། །དེས་ན་དེ་ནི་སངས་རྒྱས་པའི་རྣལ་འབྱོར་པས་ བསྒྲུབ་པར་མི་བྱ་སྟེ། གང་དུ་བསྒྲུབ་བྱའི་སྲོག་བཀུག་པ་ན་ཁུ་བ་ཕྱིར་འབྱུང་བར་འགྱུར་བའོ་ཞེས་པ་སྟེ་ལས་ཐམས་ཅད་ལ་ངེས་པའོ། །ད་ནི་ལས་ཐམས་ཅད་ཀྱི་སྒྲུབ་ཐབས་རྣམས་ཀྱི་དང་པོའི་རྒྱུ་གསུངས་པ་དང་པོར་ཞེས་པ་ལ་སོགས་པ་སྟེ། འདིར་དང་པོར་རྣལ་འབྱོར་པས་ འབད་པ་ཡིས་ནི་བླ་མའི་མན་ངག་ལས་བསྒྲུབ་པར་བྱ་སྟེ། དུས་ཀྱི་འཁོར་ལོ་ཞེས་པ་ནི་སྲོག་གི་རླུང་སྟེ་རྟག་ཏུ་དབུ་མར་རབ་ཏུ་གཞུག་པར་བྱའོ། །སྲིད་གསུམ་སྐྱེད་མ་ཞེས་པ་ནི་སྟོང་པ་ཉིད་ཀྱི་གཟུགས་ཏེ་གཟུགས་དང་སྲོག་གཉིས་པོ་དེ་དག་འབད་པ་ཡིས་ནི་བསྒྲུབ་ པར་བྱ། ཕྱི་ནས་ས་གཞིའི་གནས་དག་ཏུ་ནི་གང་ཞིག་གསུངས་པ་ཞི་བ་ལ་སོགས་པའི་ལས་རྣམས་ཐམས་ཅད་བསྒྲུབ་པར་བྱ་བར་འགྱུར་རོ། །འདིར་དཔེ་ནི་ཕ་དང་མ་ཡིས་རྣམ་པར་དམན་པའི་བུ་ནི་ཡོད་པ་མིན་པར་དུས་ཀུན་དུ་ནི་འཇིག་རྟེན་གྲགས། དེ་ཕྱིར་བདེ་མཉམ་ འབྲས་སྟེར་གཟུགས་དང་སྲོག་གཉིས་པོ་བསྒྲུབ་པར་བྱ་སྟེ། རྣམ་པ་གཞན་དུ་གཟུགས་དང་སྲོག་མ་བསྒྲུབས་པས་ལས་ནི་འགྲུབ་པ་ཡོད་པ་མིན་ནོ་ཞེས་པ་ངེས་པའོ། །ད་ནི་ཞི་བ་ལ་སོགས་པ་བསྒྲུབ་པའི་སླད་དུ་དང་པོའི་བསྒོམ་པ་གསུངས་པ་ གཙོ་བོའི་ཞེས་པ་ལ་སོགས་པ་སྟེ། འདིར་གང་གི་ཚེ་རྣལ་འབྱོར་པས་ཨ་བ་དྷཱུ་ཏཱི་ལ་སྲོག་གནས་པ་གཟུགས་རྣམ་པར་གསལ་བ་མཐོང་བ་དེའི་ཚེ་གཟུགས་དེ་ཇི་ལྟར་རྣམ་པར་བརྟགས་པ་དེ་ལྟར་གཟུགས་དེ་མཐོང་བར་འགྱུར་རོ། །གཙོ་བོ་ཞེས་པ་ནི་སྔར་གསུངས་ པའི་དུས་ཀྱི་འཁོར་ལོ་རྫོགས་པར་བྱས་ཏེ། དེ་ནས་དེའི་ཐུགས་ཁར་པདྨའི་དབུས་ཀྱི་ལྟེ་བ་ལ་རི་བོང་ཅན་དང་ཉི་མ་མེ་ཞེས་པ་ཟླ་བ་དང་ཉི་མ་དང་སྒྲ་གཅན་ཏེ་གསུམ་གྱི་བདག་ཉིད་སྦྱོར་བའི་གཟའི་དཀྱིལ་འཁོར་དང་ནང་དུ་ལ་ལ་ནཱ་དང་ར་ས་ནཱ་དང་ཨ་བ་དྷཱུ་ཏཱི་གཅིག་ཏུ་འདྲེས་ པར་གྱུར་པ་སྙིང་ཁའི་པདྨ་སྟེ། དེའི་སྟེང་དུ་རྡོ་རྗེ་ནི་ཧུྃ་ཡིག་ཡོངས་སུ་གྱུར་པ་ལས་བྱུང་བ་འཇིག་དུས་སྤྲིན་དང་མཚུངས་པ་ཞེས་པ་ཁ་དོག་ནག་པོ་རྩེ་མོ་ལྔ་པ་འོད་ཟེར་དང་བཅས་ཞེས་པ་འོད་ཟེར་ལྔ་འཕྲོ་བ་དགོད་པར་བྱའོ། །དེ་ཡི་དབུས་སུ་ཞེས་པ་ནི་རྡོ་རྗེ་དེའི་དབུས་ཏེ་ལྟེ་བར་ ཛཿཡིག་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ལྕགས་ཀྱུ་བསྒོམ་པར་བྱའོ། །དེ་ནས་ཛཿཡི་ལྕགས་ཀྱུ་དེའི་འོད་ཟེར་རྡོ་རྗེ་ལྕགས་ཀྱུའི་རྣམ་པ་རྣམས་ཀྱིས་སྲིད་པ་གསུམ་པོ་ཞེས་པ་ཁམས་གསུམ་པོ་མཐའ་དག་བཀང་བྱས་ནས། རྡོ་རྗེ་ལྕགས་ཀྱུ་དེ་རྣམས་ཀྱིས་སྲིད་པ་གསུམ་གྱི་རྣམ་ པ་ཅན་དང་བ་ཁྱབ་བྱེད་ཉིད་ཀྱིས་རྣམ་གསུམ་སྲིད་པར་གནས་པའི་ཡེ་ཤེས་འཁོར་ལོ་གང་ཡིན་པ་དེ་ཐམས་ཅད་བཀུག་ནས་ཨ་བ་དྷཱུ་ཏཱིའི་སྒོ་ནས་གཙུག་ཏོར་དང་དཔྲལ་བ་དང་མགྲིན་པ་དང་སྙིང་ཁ་དང་ལྟེ་བ་དང་གསང་བའི་ལམ་དུ་རབ་ཏུ་གཞུག་པར་བྱའོ། །རྣམ་པ་ཐམས་ ཅད་པ་ཟླ་བ་ཞུ་བ་དང་མཚུངས་ཞེས་པ་བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཉིད་གང་ཡིན་པ་དེ་རང་གི་རྡོ་རྗེའི་ཁ་ནས་ཡུམ་གྱི་པདྨར་སྤྲོ་བར་བྱ་ཞེས་པ་ནི་སྐྱེས་བུས་རང་གི་རྡོ་རྗེའི་སྒོ་ནས་བུད་མེད་ཀྱི་པདྨར་བྱང་ཆུབ་ཀྱི་སེམས་དགའ་བ་དང་ལྡན་པར་སྤྲོ་བར་བྱེད་པ་ཇི་ལྟ་བ་དེ་བཞིན་དུ་ལྷའི་ རྣལ་འབྱོར་གྱིས་ལྷ་མོའི་པདྨར་སྤྲོ་བར་བྱའོ། །ཡུམ་ཞེས་པ་ནི་འཆད་པར་འགྱུར་བ་རྣམས་ཀྱི་སྐྱེད་མཛད་མ་སྟེ་མངལ་ནས་སྐྱེས་པ་རྣམས་ཀྱི་ཇི་ལྟ་བ་དེ་བཞིན་ཉིད་དོ། །དེར་ནི་ཉི་མར་རབ་ཏུ་ཞུགས་པ་ཞེས་པ་འདིར་བུད་མེད་ཀྱི་སྐྱེ་གནས་སུ་ཁྲག་ལ་རབ་ཏུ་ཞུགས་པའི་བྱང་ ཆུབ་ཀྱི་སེམས་ཁྲག་དང་ལྷན་ཅིག་རོ་མཉམ་པར་འགྱུར་བ་ཇི་ལྟ་བ་དེ་བཞིན་དུ་ཡུམ་གྱི་པདྨར་ཉི་མའི་དབུས་སུ་རབ་ཏུ་ཞུགས་པའི་ཟླ་བ་ནི་རོ་མཉམ་པར་འགྱུར་རོ། །ཨ་སོགས་དང་ལྡན་པ་ཟླ་བ་ཞུ་བ་དང་། ཀ་སོགས་དང་ལྡན་པ་ཉི་མ་རྡུལ་ཏེ་སྲོག་དང་ཐུར་སེལ་དང་ལྡན་ པའོ། །དེ་ཡི་དབུས་སུ་སྟེ་སྲོག་དང་ཐུར་སེལ་གྱི་དབུས་སུ་ཡེ་ཤེས་ས་བོན་ཀུན་གཞིའི་རྣམ་པར་ཤེས་པའི་མཚན་ཉིད་དུ་འགྱུར་ཏེ། རིགས་ཀྱི་དབང་གིས་སོ་ཞེས་པ་ནི་ཕུང་པོ་ལྔའི་བག་ཆགས་ཀྱི་དབང་གིས་སེམས་ཅན་རྣམས་ཀྱི་རྣམ་པར་ཤེས་པར་འགྱུར་བ་དེ་བཞིན་དུ་ ཞི་བ་ལ་སོགས་པའི་ལས་ཀྱི་ཡེ་ཤེས་ཀྱི་ས་བོན་དུ་འགྱུར་རོ། །ས་བོན་དེ་ཡིས་རྫོགས་པའི་གཞོན་ནུ་མའམ། གཞོན་ནུ་ལོ་བཅུ་གཉིས་ཀྱི་མཐའ་དང་ལོ་བཅུ་དྲུག་གི་མཐར་འབྲས་བུ་སྟེར་བར་འགྱུར་བ་ཇི་ལྟ་བ་དེ་བཞིན་དུ་ལྷ་མོའམ་ཐབས་ཀྱི་ལྷ་རྣལ་འབྱོར་ པས་བསྒོམས་པའོ་ཞེས་པ་ནི་ངེས་པའོ། །དེའི་ཕྱིར་ལོ་བཅུ་གཉིས་རྣམས་སུ་ལྷ་མོ་བསྒོམས་པས་མཆོག་སྟེར་བར་འགྱུར་ཞིང་ལྷ་ནི་ལོ་བཅུ་དྲུག་རྣམས་ཀྱིས་མཆོག་སྟེར་བར་འགྱུར་ཏེ། དེ་ནས་ལས་ཐམས་ཅད་དང་དངོས་གྲུབ་ཐམས་ཅད་དང་བདེ་བ་ཐམས་ཅད་རྣལ་ འབྱོར་པས་འགྲུབ་པར་འགྱུར་རོ། །རྣམ་པ་གཞན་དུ་ན་ཉོན་མོངས་པ་འབའ་ཞིག་སྟེ་རྒྱུད་གཞན་ཐམས་ཅད་ལས་དུས་ངེས་པ་ནི་བརྩོན་འགྲུས་དང་ལྡན་པ་ཉིན་དང་མཚན་མོར་བསྒོམས་པའི་བདག་ཉིད་ཅན་རྣམས་ཀྱི་ཡིན་གྱི་གཞན་རྣམས་ཀྱི་ནི་ལོ་བརྒྱའི་མཐར་ཡང་ མ་ཡིན་ནོ་ཞེས་པ་དངོས་གྲུབ་ངེས་པའོ། །ད་ནི་མཚན་མ་བསྐྱེད་པའི་སླད་དུ་ཡེ་ཤེས་ཀྱི་ས་བོན་རྣམས་གསུངས་པ་ཛཿཞེས་པ་ལ་སོགས་པ་སྟེ་འདིར་ཛཿཧཱུྃ་བཾ་ཧོཿརིམ་པས་ཞེས་པ་ནི་ཛཿཡིག་ལས་རྡོ་རྗེ་ལྕགས་ཀྱུར་འགྱུར་ཏེ། དེ་ཡོངས་སུ་གྱུར་པ་ལས་ལྷའམ་ལྷ་མོ་ ཕྱག་ན་རྡོ་རྗེ་ལྕགས་ཀྱུ་ཅན་དུ་འགྱུར་རོ། །དེ་བཞིན་དུ་ཧཱུྃ་ཡིག་ལས་རྡོ་རྗེ་སྟེ་དེ་ལས་ཕྱག་ན་རྡོ་རྗེར་འགྱུར་རོ། །བྃ་ཡིག་ལ་ས་ཞགས་པ་སྟེ་དེ་ལས་ཕྱག་ན་ཞགས་པར་འགྱུར་རོ། །ཧོཿཡིག་ལས་དྲིལ་བུ་སྟེ་དེ་ལས་ཕྱག་ན་དྲིལ་བུར་འགྱུར་རོ། ། ཨོྃ་ཨཿཧུྃ་ཧོ་དེ་བཞིན་དུ་གསུངས་ཞེས་པ་ལ་དེ་བཞིན་དུ་ཞེས་པ་ནི་སྔར་བཞིན་དུ་རིམ་པས་ཏེ། ཨོྃ་ཡིག་ལས་ཟླ་བ་ཞེས་པ་ཟླ་བའི་དཀྱིལ་འཁོར་དང་། ཨཱཿཡིག་ལས་ཉི་མ་ཞེས་པ་ཉི་མའི་དཀྱིལ་འཁོར་དང་། ཧུྃ་ཡིག་ལས་རྡོ་རྗེ་ཞེས་པ་སྒྲ་གཅན་གྱི་ དཀྱིལ་འཁོར་དང་། ཧོ་ཡིག་ལས་དེ་བཞིན་ཉིད་དུ་འགྱུར་མེད་ཅེས་པ་དུས་མེའི་དཀྱིལ་འཁོར་རོ། །ཨཱི་རཱྀ་ཨཱུ་ལཱྀ་དེ་བཞིན་ཉིད་དུ་ཞེས་པ་སྟེ། རིམ་པ་བཞིན་དུ་ཨཱི་ཡིག་ཡོངས་སུ་གྱུར་པ་ལས་རལ་གྲི་སྟེ། དེ་ཡོངས་སུ་གྱུར་པ་ལས་ལྷའམ་ལྷ་མོ་ཕྱག་ན་རལ་ གྲིར་འགྱུར་རོ། །དེ་བཞིན་དུ་རཱྀ་ཡིག་ལས་ནོར་བུའམ་མདའ་སྟེ། དེ་ལས་མེའི་ལྷ་ཕྱག་ན་ནོར་བུའམ་ཕྱག་ན་མདའོ། །ཨཱུ་ཡིག་ལས་པདྨ་སྟེ། དེ་ལས་ཆུའི་ལྷ་ཕྱག་ན་པདྨ་དང་ཕྱག་ན་ཨུཏྤ་ལའོ། །ལཱྀ་ཡིག་ལས་འཁོར་ལོ་སྟེ། དེ་ལས་སའི་ལྷ་ ཕྱག་ན་འཁོར་ལོའོ། །དེ་བཞིན་དུ་ཡ་ར་ཝ་ལ་རྣམས་ཀྱང་རིམ་པ་བཞིན་དུ་རླུང་དང་མེ་དང་ཆུ་དང་སའི་ལྷ་རྣམས་སོ། །དེ་བཞིན་དུ་ཧཿཞེས་པ་ནི་ཉི་མའི་དཀྱིལ་འཁོར་རོ། །ཧུྃ་ཞེས་པ་ནི་ཉི་མའི་སྟེང་དུ་གཙོ་བོའི་རྡོ་རྗེའོ། །ཧྃ་ཞེས་པ་ནི་ཟླ་བའི་དཀྱིལ་འཁོར་རོ། །ཕྲེཾ་ཞེས་ པ་ནི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་གཙོ་མོའི་གྲི་གུག་གོ། །མཚན་མའི་ངེས་པ་སྟེ་དེ་བཞིན་གསུངས་ཞེས་སོ། །ད་ནི་ལྷ་བསྒྲུབས་པའི་རྗེས་ལ་ཞི་བ་ལ་སོགས་པའི་ལས་བྱ་བའི་སླད་དུ་ལྷའི་ཏིང་ངེ་འཛིན་གསུངས་པ་ཟླ་བ་ཞེས་པ་ལ་སོགས་པ་སྟེ། འདིར་སྔར་ བརྗོད་པའི་ཡུམ་གྱི་གསང་བའི་པདྨར་ཟླ་བ་ཉི་མའི་དབུས་སུ་ཨ་སོགས་ཀ་སོགས་དང་བཅས་པར་ཆུ་ཡི་ས་བོན་བདག་ཉིད་ཆུ་སྐྱེས་ཏེ་ཞེས་པ་ནི་ཝཾ་ཡིག་ཡོངས་སུ་གྱུར་པ་ལས་པདྨ་དཀར་པོའོ། །དེ་ལས་རྫོགས་པའི་ལྷ་མོ་ཟླ་བའི་མདོག་ཅན་ཞལ་གཅིག་ཕྱག་གཉིས་མ་ གླང་ཆེན་དཀར་པོ་ལ་ཞོན་ཞེས་པས་སྲུངས་ལ་ཞོན་པ་ཕྱག་ན་ཆུ་སྐྱེས་དཀར་དང་ཞེས་པ་ནི་ལྷ་ཕྱག་ན་པདྨ་དཀར་པོ་དང་ལྷ་མོ་ཕྱག་ན་ཨུཏྤ་ལ་དཀར་པོ་སྟེ། མི་འཇིགས་པ་ནི་གཡས་པ་མི་འཇིགས་པའི་ཕྱག་གོ། །གོས་ནི་དཀར་པོ་དང་དཀར་པོའི་རྒྱན་དང་ལྡན་པ་སྟེ། མུ་ཏིག་གི་འབྲས་བུས་བརྒྱན་པ་རབ་ཏུ་བཞད་པའི་ཞལ་ནི་བསྒོམ་པར་བྱ་སྟེ། དེ་ཡང་བསྒྲུབ་བྱའི་ཁྱིམ་དུ་བསྐུལ་བར་བྱའོ། །དེ་ནས་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གཞན་གཉིས་ཀྱིས་གསུངས་པ་ནི་གོ་སླ་སྟེ། དེ་ལྟར་བསྒྲུབ་བྱ་ཡི་ནི་མཆོག་གི་བདེ་བ་ བྱེད་པ་ཐམས་ཅད་རྣལ་འབྱོར་པ་ཡིས་བསྒོམ་པར་བྱ་ཞེས་པའི་མཐར་ཐུག་པར་རོ། །དེ་བཞིན་དུ་ཟླ་བ་ཉི་མའི་དབུས་སུ་ཧྲཱིཿསྟེ་ཞེས་པ་ལ་སོགས་པ་ནས་དེ་བཞིན་ཞགས་པ་ལྕགས་ཀྱུ་དག་གིས་ཁམས་གསུམ་པོ་ནས་དགུག་པའི་ལས་ནི་རྣམ་པ་མང་པོར་འགྱུར་ཞེས་ པའི་མཐར་ཐུག་པ་དབང་དང་དགུག་པའི་ཚིགས་སུ་བཅད་པ་གསུམ་ནི་གོ་སླའོ། །དེ་བཞིན་དུ་དབྱེ་བ་དང་བསྐྲད་པ་ལ་ཉི་མ་ཟླ་བའི་དབུས་སུ་སྤྲིན་ནག་དང་མཚུངས་ཧཱུྃ་ཡིག་རིང་པོ་ལས་སྐྱེས་རལ་གྲི་བསྒོམས་བྱས་ནས་ཞེས་པ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་ནི་གོ་ སླའོ། །ཉི་ཟླའི་དབུས་སུ་ལཿཞེས་བྱ་བ་ཡོངས་གྱུར་འཁོར་ལོ་བཟང་པོ་ཁ་དོག་སེར་པོ་བསྒོམས་བྱས་ནས་ཞེས་པ་ལ་སོགས་པ་རེངས་པ་དང་ཕུར་བུས་གདབ་པ་དང་རྨོངས་པའི་ཚིགས་སུ་བཅད་པ་གཉིས་ནི་གོ་སླའོ། །སླར་ཡང་གསད་པ་ལ་ཉི་མ་ཟླ་བའི་དབུས་སུ་དྲི་ མེད་གློག་དང་མཚུངས་པའི་གྲི་གུག་ཕྲེཾ་གི་རང་བཞིན་བསྒོམས་བྱས་ནས་ཞེས་པ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་ནི་གོ་སླའོ། །དེ་ལྟར་དབང་ལ་སོགས་པའི་ཚིགས་སུ་བཅད་པ་དགུ་ནི་གོ་སླ་སྟེ་དེས་ན་མ་བྲིས་སོ། །ད་ནི་ཞི་བ་ལ་བསམ་གཏན་གཞན་གསུངས་ པ་ཞི་དང་ཞེས་པ་ལ་སོགས་པ་སྟེ། དང་པོར་རེ་ཞིག་དུས་ཀྱི་འཁོར་ལོ་དཔའ་བོ་གཅིག་པའི་བདག་ཉིད་བསྒོམ་པར་བྱ་སྟེ་ཞི་བ་ལ་སོགས་པ་དང་དབང་ལ་སོགས་པའི་ལས་ལ་ཕྱག་ཉི་ཤུ་རྩ་བཞི་པ་དང་། གསད་པ་ལ་སོགས་པ་དང་རེངས་པ་ལ་སོགས་པའི་ལས་ལ་ ཕྱག་ཉི་ཤུ་རྩ་དྲུག་པའོ། །དེ་ནས་སྐད་ཅིག་གི་རྣམ་པས་ཞི་དང་རྒྱས་པ་ལ་ཞེས་པ་ནི་འདིར་དུས་ཀྱི་འཁོར་ལོའི་ཐུགས་ཀར་ཆུའི་དཀྱིལ་འཁོར་ལ་ཆུའི་ས་བོན་གྱིས་བསྐྱེད་པའི་ལྷ་ཆུའི་བདག་ཉིད་ཅན་དཀར་པོ་སྟེ། རིགས་ཀྱི་དབང་གིས་ཞེས་པ་ཨུ་ཡིག་ གི་རིགས་ཀྱི་དབང་གིས་ཆུའི་ས་བོན་ལས་ནི་ཞི་དང་རྒྱས་པ་ལ་ཡང་དེའི་བསམ་གཏན་ནི་བསམ་གཏན་དཀར་པོར་འགྱུར་རོ། །དེ་བཞིན་དུ་དབང་དང་དགུག་པ་ལ་ཡང་དམར་པོ་ལུས་ནི་སྲེག་པར་བྱེད་པ་མེ་ཡི་ས་བོན་བདག་ཉིད་དེ། མགྲིན་པར་མེའི་དཀྱིལ་འཁོར་ལ་རྀ་ཡིག་ གི་རིགས་ཀྱི་དབང་གིས་སོ། །དབྱེ་བ་དང་ནི་བསྐྲད་པ་ལ་ཡང་ནག་པོ་རླུང་གི་ས་བོན་གྱི་རང་བཞིན་ཏེ། དཔྲལ་བར་རླུང་གི་དཀྱིལ་འཁོར་ལ་སྲོག་གི་ཨི་ཡིག་གི་རིགས་ཀྱི་དབང་གིས་སོ། །རེངས་པ་དང་ཕུར་བུས་གདབ་པ་ལ་སོགས་པ་ལ་སེར་པོ་ས་ཡི་ས་བོན་གྱི་ བདག་ཉིད་དེ་ལྟེ་བར་སའི་དཀྱིལ་འཁོར་ལ་ལྀ་ཡིག་གི་རིགས་ཀྱི་དབང་གིས་སོ། །གསད་པ་ལ་སྟོང་པའི་ས་བོན་ལས་སྔོན་པོའི་མདོག་སྟེ། གསང་བར་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་ཨྃ་ཡིག་གི་རིགས་ཀྱི་དབང་གིས་སོ། །གསོབ་ལ་ལྗང་གུ་སྟེ་གཙུག་ཏོར་དུ་སྟོང་ པའི་དཀྱིལ་འཁོར་ལ་ཨ་ཡིག་གི་རིགས་ཀྱི་དབང་གིས་སོ། །དེ་ལྟར་གནས་དྲུག་པོ་རྣམས་སུ་རིགས་དྲུག་གི་དབང་གིས་སྲོག་ཡང་དག་པར་སྡོམ་པ་ལས་འགྲུབ་པར་བཅོམ་ལྡན་འདས་ཀྱིས་གསུངས་སོ། །ད་ནི་ས་ལ་སོགས་པའི་ཟད་པར་བསྒོམ་པ་གསུངས་པ་ ས་ཞེས་པ་ལ་སོགས་པ་སྟེ། འདིར་གང་གི་ཚེ་རྣལ་འབྱོར་པ་རྣམས་ཀྱིས་ལྷ་གྲུབ་པར་གྱུར་པ་དེའི་ཚེ་ལྟེ་བའི་སའི་དཀྱིལ་འཁོར་ལས་ས་ཡི་ཟད་པར་རྒྱ་མཚོའི་སྟེང་དུ་ཟ་མ་སྟེགས་བརྩིགས་པ་བཞིན་དུ་སྤྲོས་ནས་བསྒོམ་པར་བྱ་སྟེ། ཆུ་ཡི་གཏེར་དུ་འགྲོ་བ་ལ་ཞེས་པ་ཟད་པར་ ས་ཡི་བསམ་གཏན་གྱིས་ཐང་ལ་ཇི་ལྟ་བ་དེ་བཞིན་དུ་ཆུ་ལ་རྒྱ་མཚོའི་སྟེང་དུ་རྣལ་འབྱོར་པ་འགྲོའོ། །དེ་བཞིན་དུ་རླུང་གི་ཟད་པར་ཆར་པ་ནི་ཉམས་པའི་དོན་ཏོ་ཞེས་པ་ནི་དཔྲལ་བའི་རླུང་གི་དཀྱིལ་འཁོར་ལས་སྤྲིན་གྱི་སྟེང་དུ་རླུང་གི་ཟད་པར་སྤྲོས་ནས་བསྒོམ་པར་བྱ་སྟེ། དེས་སྤྲིན་ དང་ཆར་རྣམ་པར་ཉམས་པར་བྱེད་དོ། །གཞན་ཡང་ཁམས་ལྔའི་བདག་ཉིད་ཀྱི་ཁང་པ་བརྩེགས་པ་བདག་ཉིད་ཀྱི་སྟེང་དུ་བསྒོམ་པར་བྱ་སྟེ། བསམ་གཏན་དེས་ནི་ཆར་འབབ་ཀྱང་རྣལ་འབྱོར་པ་ལ་ཆུས་མི་རེག་ཅིང་ཁང་པ་བརྩེགས་པའི་མཚམས་ཀྱི་མཐར་ཐུག་པར་སྤྲིན་ གྱི་ཆར་རབ་ཏུ་འཇུག་པར་མི་འགྱུར་རོ་ཞེས་རྩ་བའི་རྒྱུད་ལས་རབ་ཏུ་གསུངས་སོ། །དེ་ལྟར་རླུང་གི་ཟད་པར་ཆར་པ་ནི་ཉམས་པའི་དོན་ཏོ་ཞེས་སོ། །མེ་ཡི་ཟད་པར་ཞེས་པ་ནི་འདིར་མགྲིན་པའི་མེའི་དཀྱིལ་འཁོར་ལས་མེའི་ས་བོན་ཡོངས་སུ་གྱུར་པའི་འབར་བ་རྣམས་ སའི་སྟེང་དུ་སྤྲོས་ནས་བསྒོམ་པར་བྱ་སྟེ་འབར་བ་དེ་རྣམས་ཀྱིས་ས་ཡི་དཀྱིལ་འཁོར་གསེར་ཞུ་བ་བཞིན་དུ་ཞུ་བར་བྱེད་དོ། །དེ་ལྟར་ས་ཞུ་བར་བྱེད་པའི་དོན་དུ་མེའི་ཟད་པར་བསྒོམ་པར་བྱའོ། །དེ་བཞིན་དུ་མེ་དག་ཀྱང་ཉམས་པའི་དོན་དུ་ཆུ་ཡི་ཟད་པར་ཞེས་པ་ནི་འདིར་ ལྷའི་ཐུགས་ཀའི་ཆུའི་དཀྱིལ་འཁོར་ལས་ཆུའི་ས་བོན་གྱིས་བསྐྱེད་པའི་ཆུའི་ཟད་པར་མེའི་སྟེང་དུ་སྤྲོས་ནས་བསྒོམ་པར་བྱ་སྟེ། དེས་མེ་བསིལ་བར་འགྱུར་ཞིང་སྲེག་པར་བྱེད་པའི་ནུས་པ་མེད་དོ། །སྟོང་པའི་ཟད་པར་མཁའ་ལ་འགྲོ་དང་ཞེས་པ་ནི་གཙུག་ཏོར་གྱི་ནམ་ མཁའི་དཀྱིལ་འཁོར་ལ་ནམ་མཁའི་ཟད་པར་རྫས་དང་བྲལ་བ་བསྒོམ་པར་བྱ་སྟེ། དེས་ནམ་མཁའ་ལ་འགྲོ་བར་འགྱུར་རོ། །དེ་བཞིན་དུ་ཆོམ་རྐུན་ལ་སོགས་པའི་ཉེ་བར་འཚེ་བ་ལ་བསམ་གཏན་དེ་ཉིད་ཀྱིས་མི་སྣང་བར་འགྱུར་རོ་ཞེས་པ་ནི་ངེས་པའོ། །ད་ནི་དུད་འགྲོའི་ ཉེ་བར་འཚེ་བ་ཞི་བའི་སླད་དུ་བསམ་གཏན་གསུངས་པ་གླང་པོའི་ཞེས་པ་ལ་སོགས་པ་སྟེ། འདིར་གང་གི་ཚེ་གླང་པོའི་བདག་པོས་འཇིགས་པར་གྱུར་པ་དེའི་ཚེ་མགྲིན་པའི་མེ་ཡི་ས་བོན་ཞེས་པར་ཡིག་ལས་བྱུང་བའི་ཁ་ལྔ་པ་བསྒོམ་པར་བྱ་སྟེ་གླང་པོའི་བདག་པོའི་གཞོམ་ པའི་ཡུལ་ལ་དེ་ནི་ཁ་ལྔ་པའི་བསམ་གཏན་དུ་འགྱུར་རོ། །དེ་བཞིན་དུ་ཀླུའི་དབང་པོ་གཞོམ་པ་ལ་ནི་ནམ་མཁའ་ལྡིང་སྙིང་ཁའི་ཆུའི་དཀྱིལ་འཁོར་ལས་ཆུའི་ས་བོན་གྱི་བདག་ཉིད་ཅན་ཏེ་དེ་ནི་དཀར་པོར་འགྱུར་རོ། །བསེའི་འཇིགས་པ་དང་སེང་གེའི་འཇིགས་པ་ལ་ རྐང་བརྒྱད་ཅེས་པ་རྐང་པ་བརྒྱད་པ་ནག་པོ་སྟེ། དཔྲལ་བའི་རླུང་གི་དཀྱིལ་འཁོར་ལས་རླུང་གི་ས་བོན་གྱི་བདག་ཉིད་ཅན་ནོ། །རྟའི་དགྲ་ལ་ཞེས་པ་མ་ཧེའི་འཇིགས་པ་ལ་བསེ་ཞེས་གྲགས་པས་ཡི་རིགས་ཀྱི་དབང་གིས་ཞེས་པ་སེར་པོ་སྟེ་ལྟེ་བའི་ སའི་དཀྱིལ་འཁོར་ལ་ལ་ཡིག་གི་ས་བོན་ལས་སོ། །ལྷ་མིན་གཞོམ་ལ་ཁྲོ་བོ་སྐྱེས་གཙུག་ཏོར་གྱི་སྟོང་པའི་དཀྱིལ་འཁོར་ལྗང་གུའམ། གསང་བའི་ཡེ་ཤེས་ཀྱི་དཀྱིལ་འཁོར་སྔོན་པོ་ལས་ཧུྃ་ཡིག་གི་ས་བོན་གྱི་བདག་ཉིད་དམ་ཀྵུྃ་ཡིག་གི་ས་བོན་གྱི་བདག་ཉིད་ཁྲོ་བོ་ ལས་སྐྱེས་པ་ནི་ལྷ་མིན་ལ་སོགས་པ་རྣམས་གཞོམ་པའི་ཡུལ་ལ་རྣལ་འབྱོར་པ་རྣམས་ཀྱི་བདེ་བ་བྱེད་པར་འགྱུར་རོ་ཞེས་པ་སྟེ་དུད་འགྲོ་གཞོམ་པའི་སླད་དུ་བསམ་གཏན་གྱི་ངེས་པའོ། །ད་ནི་ལས་བསྒྲུབ་པའི་སླད་དུ་དང་པོའི་ངེས་པ་གསུངས་པ་ཁྱབ་བདག་ཅེས་པ་ ལ་སོགས་པ་སྟེ། འདིར་རྣལ་འབྱོར་པས་ལས་འགྲུབ་པའི་སླད་དུ་དང་པོར་བསྒྲུབ་པར་བྱ་སྟེ། སྔགས་གཞན་འགྲུབ་པའི་སླད་དུ་འཆད་པར་འགྱུར་བའི་བཟླས་པ་དང་སྦྱིན་སྲེག་གི་ཆོ་གས་དཔལ་ལྡན་སྔགས་ཞེས་པ་སྟེ་ཨོྃ་ཨཱཿཧུྃ་ཞེས་པ་བསྒྲུབ་པར་བྱའོ། །དེ་བཞིན་ དུ་བསམ་གཏན་གཞན་འགྲུབ་པའི་སླད་དུ་སངས་རྒྱས་གཟུགས་ཞེས་པ་སྟོང་པ་ཉིད་ཀྱི་གཟུགས་མངོན་སུམ་དུ་བྱ་སྟེ། དེ་ལྟར་ཁྱབ་བདག་གི་ནི་དཔལ་ལྡན་སྔགས་དང་སངས་རྒྱས་གཟུགས་ཀྱང་རྣལ་འབྱོར་པ་ཡིས་དང་པོར་བསྒྲུབ་པར་བྱའོ། །ཕྱི་ནས་ཉི་མའི་ དབྱེ་བ་རྣམས་ཀྱིས་ཞེས་པ་དབྱེ་བ་བཅུ་གཉིས་ཀྱིས་གནས་པ་ཡོན་ཏན་དཔག་ཏུ་མེད་པའི་ལས་རྣམས་འགྲུབ་པར་འགྱུར་རོ། །སྔགས་དང་གཟུགས་བརྙན་མ་གྲུབ་པར་ནི་སྲིད་གསུམ་གནས་སུ་ཅི་ཡང་འགྲུབ་པར་འགྱུར་བ་ཉིད་མ་ཡིན། དེ་ཕྱིར་རྒྱལ་པོ་རང་སེམས་ དྲི་མ་རྣམ་པར་བྲལ་བ་དག་ལས་དང་པོར་ཁྱབ་བདག་གི་སྔགས་དང་གཟུགས་ནི་བསྒྲུབ་པར་བྱའོ་ཞེས་པ་ངེས་པའོ། །ད་ནི་རལ་གྲི་ལ་སོགས་པའི་དངོས་གྲུབ་ཀྱི་དོན་དུ་ལྷ་མིན་དབང་པོའི་སྒྲུབ་པ་གསུངས་པ་དཔའ་བོ་ཞེས་པ་ལ་སོགས་པ་སྟེ། འདིར་གཡུལ་གྱི་སར་ དཔའ་བོ་ཞེས་པ་རྒྱལ་པོའི་བུའམ། འཐབ་མོ་པ་གཞན་ལྕགས་མདའ་གཅིག་བསྣུན་པས་ལྷུང་བར་གྱུར་པའམ། དེ་བཞིན་དུ་ཆོམ་རྐུན་ནམ་དཔའ་བོ་ཤིང་ལ་དཔྱངས་པ་ནི་ནག་པོའི་ཕྱོགས་ཀྱི་བརྒྱད་དམ་འབྱུང་པོའི་མཚན་མོ་ཞེས་པ་བཅུ་བཞི་ལ་སྟེ། མི་ཡི་ བདག་པོ་ཞེས་པ་ནི་བོད་པའོ། །རོ་སྲེག་སར་ནི་ཞེས་པ་དུར་ཁྲོད་དུ་དབང་གི་ལས་ལ་གསུངས་པའི་བུམ་པ་བརྒྱད་དང་རྒྱལ་བ་དང་རྣམ་པར་རྒྱལ་བའི་བུམ་པ་དག་གིས་ཀྱང་རོ་དེ་བཀྲུ་བར་བྱའོ། །དེ་ནས་དྲི་དང་སྤོས་དང་མར་མེ་དང་ནི་རྣམ་མང་ཁ་ཟས་མེ་ཏོག་དམར་ པོ་རྣམས་ཀྱིས་རབ་མཆོད་ནས། གོས་དམར་པོ་བསྐོན་པར་བྱ་སྟེ། མགོ་དང་སྙིང་ཁ་དང་ནི་སྤྱི་བོ་ལྟེ་བ་ལ་སོགས་སུ་ཡང་རྡོ་རྗེ་དགོང་པ་རབ་བྱས་ཏེ་ཞེས་པ་ནི་དཔྲལ་བར་ཨོྃ། སྙིང་ཁར་ཧུྃ། གཙུག་ཏོར་དུ་ཧྃ། ལྟེ་བར་ཧོཿ། མགྲིན་པར་ཨཱཿ། གསང་ པར་ཀྵཿའོ། །དེ་བཞིན་དུ་སྔར་གསུངས་པའི་སྙིང་ཁ་དང་མགོ་བོ་དང་གཙུག་ཏོར་དང་གོ་ཆ་དང་མིག་དང་མཚོན་ཆ་སྟེ། ཡན་ལག་དྲུག་དགོད་པ་བྱས་ནས་རོ་དང་བདག་ཉིད་ཀྱི་ལུས་ཀྱང་ལྷའི་རྣལ་འབྱོར་གྱིས་བསྲུང་བར་བྱའོ། །དེ་ནས་སྔར་གསུངས་པའི་ཐབ་ ཁུང་ཟུར་གསུམ་དུ་རྡུལ་ཚོན་དམར་པོས་སྙིང་པོའི་པདྨ་དམར་པོ་གང་ཡིན་པ་དེ་ནི་མཚན་མར་བཅས་པ་ཞེས་པ་སྟེ། ལྟེ་བ་ལ་མདའི་མཚན་མའོ། །ཡང་ན་ལས་ཐམས་ཅད་ལ་རྡོ་རྗེ་ཞེས་གསུངས་པའི་ཕྱིར་རྡོ་རྗེ་དམར་པོའོ། །འདབ་མར་རྒྱལ་རྣམས་མཚན་མ་ཞེས་ པ་ནི་ཤར་གྱི་འདབ་མར་རལ་གྲི་དང་། ལྷོར་རིན་པོ་ཆེ་དང་། བྱང་དུ་པདྨ་དང་། ནུབ་ཏུ་འཁོར་ལོ་སྟེ་ཕྱོགས་སུའོ། །ཕྱོགས་བྲལ་དུ་ནི་དེ་བཞིན་ལྷ་མོ་རྣམས་ཀྱི་རང་མཚན་མ་ཞེས་པ་ནི་སྔར་གསུངས་པའི་མ་མོའི་སྐྱོན་ལ་ཇི་ལྟ་བ་བཞིན་དུ་མེར་གྲི་གུག་དང་། བདེན་ བྲལ་གྱི་འདབ་མར་རྡོ་རྗེ་ལྕགས་ཀྱུ་དང་། རླུང་དུ་རྡོ་རྗེ་ཞགས་པ་དང་དབང་ལྡན་དུ་རྩེ་གསུམ་མོ། །ཕྱི་རོལ་རེ་ཁཱ་གསུམ་ལ་ཕྱོགས་བཅུའི་དཀྱིལ་འཁོར་དུ་ནི་དེ་བཞིན་ཁྲོ་བོའི་མཚན་མ་རྣམས་ཞེས་པ་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་ཇི་ལྟ་བ་དེ་བཞིན་དུ་ཕྱོགས་རྣམས་ སུའོ། །ལྷ་མོ་རྣམས་ཀྱི་ཇི་ལྟ་བ་དེ་བཞིན་དུ་ཕྱོགས་བྲལ་རྣམས་སུའོ། །སྟེང་དུ་གཙུག་ཏོར་གྱི་རྡོ་རྗེ་དང་འོག་ཏུ་གནོད་མཛེས་རྒྱལ་པོའི་དགྲ་སྟ་སྟེ་ར་བ་གསུམ་པོ་རྣམས་བསྲུང་བའི་སླད་དུའོ། །དེ་བཞིན་དུ་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་སྔར་ གསུངས་པའི་ཆོ་གས་མཚན་མ་རྣམས་བཀོད་ཅིང་དུར་ཁྲོད་ཀྱིས་གཞི་ལ་དཀྱིལ་འཁོར་གྱི་བུམ་པ་ལ་སོགས་པ་ཡང་དག་པར་བཞག་སྟེ་རབ་ཏུ་གནས་པ་བྱས་ལ་དྲི་ལ་སོགས་པ་རྣམས་ཀྱིས་འདོད་པའི་ལྷ་རྣམས་ལ་མཆོད་པ་བྱས་ནས། ཞིང་སྐྱོང་ལ་སོགས་པ་རྣམས་ ལ་གཏོར་མ་སྦྱིན་ཞིང་དེ་ནས་རོ་ནི་དེ་ཡི་གཡས་མིན་དུ་སྟེ་ཞེས་པ་ཐབ་ཁུང་གི་བྱང་རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་སྒོའི་ལྷོར་ཏེ། དེ་ལྟར་དཀྱིལ་འཁོར་དང་ཐག་ཁུང་དག་གི་དབུས་སུ་རོའོ། །གཡས་སུ་རྐང་པའོ་ཞེས་པ་ནི་ལྷོར་རྐང་པ་དང་བྱང་དུ་མགོ་བོའོ། །ལག་ པད་རལ་གྲི་ཞེས་པ་ནི་ལག་ན་རལ་གྲི་ཅན་གན་རྐྱལ་ཏེ་རི་མོ་གསུམ་གྱིས་ཡོངས་སུ་བསྐོར་བའོ། །དེ་ལྟར་སྔར་བརྗོད་མ་མོའི་སྐྱོན་ལས་དཀྱིལ་འཁོར་དུ་རྒྱལ་བའི་བདག་པོའི་རྡོ་རྗེ་སྔར་གསུངས་པ་རྣམས་ཀྱིས་བདག་ཉིད་བསྲུང་བ་རབ་བྱས་ནས་སྔགས་པས་ཐབ་ཀྱི་ གཡས་སུ་ཁྲག་དང་བཅས་པའི་ཤ་རྣམས་དག་གིས་སྦྱིན་སྲེག་ཉིད་ནི་རབ་བྱེད་པ་ཞེས་པ་ནི་འདིར་ཐབ་ཁུང་དུ་རྒྱལ་རིགས་ཀྱི་ཁྱིམ་ནས་བླངས་པའི་མེ་སེང་ལྡེང་གི་ཤིང་གིས་རབ་ཏུ་སྦར་ཏེ། དེ་ནས་སྔར་གསུངས་པའི་ཆོ་གས་མེ་ལྷ་སྤྱན་དྲང་བ་ལ་སོགས་པ་བྱས་ནས་ ལྷའི་རྣལ་འབྱོར་གྱིས་ཤ་ཆེན་པོ་ཁྲག་དང་བཅས་པ་བཅུ་ཡིས་བསྒྱུར་བའི་བརྒྱར་ནི་ཞེས་པ་སྟོང་ཕྲག་གཅིག་འདིའི་སྔགས་ཀྱིས་སྦྱིན་སྲེག་བྱའོ། །དེ་ཡི་སྔགས་ཞེས་པ་ཨོྃ་ཧྲཱིཾ་ཕྲེཾ་ཧཱུྃ་ཕཊ་ཅེས་པ་འདི་ནི་དེའི་སྔགས་སོ། །འདིས་དེ་ལ་དགོད་པ་ཡང་བྱ་སྟེ་དཔྲལ་ བར་ཨོྃ། མགྲིན་པར་ཧྲཱིཾ། སྙིང་ཁར་ཕྲེཾ། ལྟེ་བར་ཧཱུྃ། གསང་བར་ཕཊ་ཅེས་པ་དགོད་དོ། །རྡོ་རྗེ་སྐྱིལ་ཀྲུང་བཅས་ནས་འཆི་མེད་རི་བོ་བཞིན་དུ་གཡོ་བ་མེད་པ་ཉིད་ཀྱིས་མཚན་མོ་ཕྱེད་ན་ཐུན་གཅིག་ཇི་སྲིད་པར་སྦྱིན་སྲེག་བྱའོ། །དེས་སྦྱིན་སྲེག་སྟོང་ཕྲག་ རྫོགས་པར་གྱུར་པ་ན་རོ་འཛིན་རལ་གྲི་ལྟ་བུར་འཁྱུག་ཅིང་འབར་ལ་མཆེ་བ་རྣོན་པོ་མིག་གསུམ་པ། གང་ཞིག་རྣམ་པར་འགེམས་པའི་སྒྲ་སྒྲོགས་ས་ལ་རྐང་པ་རྡེབས་ཤིང་སྒྲུབ་པ་པོ་ནི་འཇིགས་བྱེད་པ། རོ་ཡི་ལུས་ལ་ལྷ་མིན་དབང་པོ་ཞུགས་པ་སྟེ། དེ་ལྟར་ གྱུར་པ་ཐབ་ཀྱི་མཐའ་རུ་གནས་ནས་ཀ་ཧ་ཀ་ཧ་རྒོད་པར་བྱེད་ཅིང་འཇིགས་པའི་ལུས་ཀྱིས་གར་བྱེད་དེ། དེ་མཐོང་ནས་ནི་འཇིགས་པའི་སྔགས་པ་སེམས་ཉམས་སྐད་ཅིག་གིས་ནི་གཤིན་རྗེའི་གྲོང་ཁྱེར་འགྲོ་བར་འགྱུར། འདི་ཡི་རྗེས་ལ་རོ་བསྲེག་གནས་སུ་ སྔགས་པས་ཞེས་པ་ལ་སོགས་པ་ནས་བརྩམས་ཏེ། ལྷ་མིན་དབང་པོ་བསྒྲུབ་པར་བྱ་ཞེས་པའི་མཐར་ཐུག་པ་ཚིགས་སུ་བཅད་པ་གསུམ་ནི་གོ་སླའོ། །དེ་ལྟར་ལྷ་མིན་དབང་པོ་བསྒྲུབ་པའི་ངེས་པའོ། །ད་ནི་སྔགས་ཀྱི་མཚན་ཉིད་གསུངས་པ་མིང་གི་དང་ པོ་ཞེས་པ་ལ་སོགས་པ་སྟེ། ཁམས་གསུམ་པོ་འདིར་བརྟན་པ་དང་གཡོ་བའི་ཆོས་རྣམས་ཀྱི་གང་གི་མིང་གང་ཡིན་པ་དེའི་མིང་གི་དང་པོའི་ཡི་གེ་ནི་མིང་གི་དང་པོའོ། །དེ་ཉིད་ཐུགས་ཀྱི་རྡོ་རྗེར་འགྱུར་ཏེ་མི་ཡི་བདག་པོ་ལྷ་དང་ལྷ་མོ་རྣམས་ཀྱིའོ། །གསུང་གི་རྡོ་རྗེ་མིང་ ཐམས་ཅད་དེ། འདིར་དཔེར་ན་ཏཱ་རཱ་པཱ་ཎ་ཌ་རཱ་མཱ་མ་ཀཱི་ལོ་ཙ་ནཱ་ཞེས་པ་མིང་དེ་ཉིད་གསུང་གི་རྡོ་རྗེའོ། །དེ་བཞིན་དུ་དངོས་པོ་ཐམས་ཅད་ཀྱི་མིང་ཡང་ངོ་། །དེ་ལྟར་ཐམས་ཅད་ཀྱི་མིང་གི་ཡི་གེ་དེ་ལས་ལྷག་པ་དག་ཀྱང་སྐུ་ཡི་རྡོ་རྗེ་སྟེ་ཞེས་པ་ནི་འདིར་དཔེར་ན་ཨོྃ་ ཏཱ་རེ་ཏུ་ཏ་ཏཱ་རེ་ཏུ་རེ་སྭཱ་ཧཱ། ཨོྃ་པཱ་ཎ་ཌ་ར་བཱ་སི་ནི་བ་ར་དེ་སྭཱ་ཧཱཾ། ཨོྃ་མཱ་མ་ཀཱི་ཀི་རི་ཀི་རི་སྭཱ་ཧཱ། ཨོྃ་ལོ་ཙ་ནེ་བ་སུ་དེ་སྭཱ་ཧཱ། ཞེས་པ་ལ་སོགས་པ་མིང་གི་ཡི་གེ་ལས་ལྷག་པའི་ཡི་གེ་ཐུགས་དང་གསུང་གི་ཡི་གེ་དང་བཅས་པ་རྣམས་ནི་སྐུ་རྡོ་རྗེའོ། །སྐུ་རྡོ་རྗེ་དེ་ ལས་གཞན་པ་ཕྲེང་བའི་སྔགས་གང་ཡིན་པ་དེ་ནི་ཡན་ལག་སོ་སོའི་སྔགས་ཞེས་གསུངས་ཏེ། ཇི་ལྟར་ལག་པ་དང་རྐང་པ་ལ་སོགས་པ་ལུས་ཀྱི་ཆ་ཤས་ཡིན་པ་དེ་བཞིན་དུ་མིང་གི་ཆ་ཤས་ནི་སྔགས་ཀྱི་མིང་གིའོ། །དེ་ཡང་རྣམ་པ་མང་པོར་འགྱུར་ཞིང་བཀླགས་ པས་གྲུབ་པ་བརྒྱ་ལམ་ན་སྟེ། འདིར་ཇི་ལྟར་དབང་གི་ལེའུ་ལས་ཡན་ལག་སོ་སོའི་སྔགས་ཨོྃ་ཨཱཿཧཱུྃ་ཧོཿཧཾ་ཀྵཿཧྐྵྨླྺྼྻྃ་ཀཱ་ལ་ཙཀྲ་དུར་དཱ་ནྟ་དམ་ཀ་ཛཱ་ཏི་ཛ་རཱ་མ་ར་ཎཱ་ན་ཏ་ཀ། ཏྲཻ་ལོ་ཀྱ་བི་ཛྲ་ཡ། མ་ཧཱ་བཱི་རེ་ཤྭ་ར། བཛྲ་བྷཻ་ར་བ། བཛྲ་ཀཱ་ཡ། བཛྲ་ གཱ་ཏྲ། བཛྲ་ནེ་ཏྲ་ཞེས་པ་ལ་སོགས་པ་ཡན་ལག་སོ་སོའི་སྔགས་ཏེ། བརྒྱ་ལམ་ན་སྔོན་གྱི་སྐྱེ་བ་ལ་བསྒྲུབས་ན་བཀླགས་པས་འགྲུབ་བོ། །སྐྱེ་བ་འདི་ལ་བསྒྲུབས་ན་ཡང་འགྲུབ་པར་འགྱུར་ཏེ་དེ་ནས་ལས་བྱེད་དོ། །འདིར་ཐུགས་ལ་སོགས་པ་རྣམས་ཀྱི་ སྔགས་བསྒོམ་པར་བྱ་བ་ནི་མིང་གི་ཡི་གེ་དང་པོའོ། །མཆོད་པར་བྱ་བ་ནི་མིང་གི་སྔགས་སོ། །བཟླས་པར་བྱ་བ་ནི་མིང་ལས་ལྷག་པའོ། །རང་གི་རྒྱལ་བའི་རིགས་ཀྱི་དབང་གིས་ཞེས་པ་བགྲང་ཕྲེང་ལ་སོགས་པའི་དབྱེ་བ་རྣམས་ཀྱིས་སོ། །ཐུགས་ཀྱི་ དབྱེ་བས་བསྒོམ་པར་བྱ་བའོ། །གསུང་གི་དབྱེ་བས་མཆོད་པར་བྱ་བའོ། །སྐུ་ཡི་དབྱེ་བས་བཟླས་པར་བྱ་བའོ་ཞེས་པ་ངེས་པའོ། །འདིར་ཨོྃ་ཡིག་མ་གཏོགས་པའི་མིང་གི་ཡི་གེ་དང་པོ་ལྷའི་རྣམ་པར་བསྒོམ་པར་བྱའོ། །ཨོྃ་ཡིག་དང་པོའི་མིང་གིས་ ཐམས་ཅད་ལ་མཆོད་པར་བྱ་སྟེ་སྐུ་རྡོ་རྗེས་སོ། །དེ་བཞིན་དུ་ཡན་ལག་སོ་སོལ་དང་པོར་སྐུ་རྡོ་རྗེ་དང་མཐར་ཐུགས་རྡོ་རྗེ་ཧཱུྃ་ཕཊ་ཅེས་པ་བྱིན་ནས་བཟླས་པར་བྱའོ། །དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་ལུས་དང་ངག་དང་ཡིད་ཀྱི་དབྱེ་བའོ། །ད་ནི་ཐུན་མོང་གི་ སྔགས་སྒྲུབ་པ་ལ་བཟླས་པའི་གྲངས་གསུངས་པ་སོ་སོར་ཞེས་པ་ལ་སོགས་པ་སྟེ། འདིར་སོ་སོར་སྐུ་རྡོ་རྗེའི་སྔགས་ཀྱི་རིགས་ནི་བྱེ་བ་བཟླས་པར་འགྱུར་ཏེ་རབ་ཏུ་གྲགས་པའོ། །སྦྱིན་སྲེག་ནི་བྱེ་བ་བཟླས་པ་དེ་ལས་བཅུ་ཡི་ཆ་ཤས་ཞེས་པ་གསུང་རྡོ་རྗེའི་སྦྱིན་ སྲེག་འབུམ་ཕྲག་བཅུར་འགྱུར་རོ། །རང་བཞིན་ཡོན་ཏན་དབང་གིས་ཞེས་པ་ནི་ཞི་བ་ལ་སོགས་པའི་ཡོན་ཏན་གྱི་དབང་གི་ལེའུ་ལས་གསུངས་པའི་རྫས་རྣམས་དང་། ཐབ་དང་འདུག་སྟངས་ལ་སོགས་པའི་ཆོ་གས་གྲུབ་པར་འགྱུར་བ་ཇི་སྲིད་ཉིད་དུའོ། ། ཕྱི་ནས་ཞི་བ་ལ་སོགས་རྣམས་ལ་འབྲས་བུ་སྟེར་བར་རབ་འགྱུར་རྣམ་པ་གཞན་དུ་འགྲུབ་མི་འགྱུར། །དེ་ལྟར་གསུངས་པའི་བསམ་གཏན་དང་བཅས་བཟླས་དང་སྦྱིན་སྲེག་བརྟུལ་ཞུགས་ངེས་ལྡན་རྣམས་ཀྱིས་སྔགས་ཀྱི་སྐྱེ་གནས་བསྒྲུབ་པར་བྱ། འདིར་ལྷ་གང་ དག་གི་དམ་ཚིག་གང་དང་གང་ཡིན་པའི་ལྷ་དེ་ནི་དམ་ཚིག་དང་བརྟུལ་ཞུགས་དང་ངེས་པ་དེས་བསྒྲུབ་པར་བྱ་བར་འགྱུར་ཏེ། རྣམ་པ་གཞན་དུ་ན་འགྲུབ་པར་མི་འགྱུར་རོ། །དེ་བཞིན་དུ་བསྒྲུབ་བྱའི་མིང་གི་ཡི་གེ་གལ་ཏེ་སྒྲུབ་པ་པོའི་མིང་གི་ཡི་གེ་དང་པོའི་དགྲར་གྱུར་ན་ དེའི་ཚེ་སྒྲུབ་པ་པོ་འཆི་བར་འགྱུར་ཞིང་། ཅི་སྟེ་ཐ་མལ་པར་གྱུར་ན་དེའི་ཚེ་ཉོན་མོངས་པར་འགྱུར་ལ། ཅི་སྟེ་གྲོགས་པོར་གྱུར་ན་དེའི་ཚེ་ལྷ་འགྲུབ་པར་འགྱུར་རོ། །དབྱངས་དགྲ་ཡིས་འཆི་བ་སྟེ་གསལ་བྱེད་དགྲ་ཡིས་ན་བའོ། །གཞན་པ་རླུང་གི་ཡི་གེ་ཐམས་ ཅད་ཆུའི་ཡི་གེ་རྣམས་ཀྱི་དགྲ་སྟེ་དབྱངས་རྣམས་ཀྱི་དབྱངས་རྣམས་དང་གསལ་བྱེད་རྣམས་ཀྱི་གསལ་བྱེད་རྣམས་སོ། །དེ་བཞིན་དུ་ཆུའི་ཡི་གེ་རྣམས་མེའི་ཡི་གེ་རྣམས་ཀྱིའོ། །མེའི་ཡི་གེ་རྣམས་སའི་ཡི་གེ་རྣམས་ཀྱིའོ། །སའི་ཡི་གེ་རྣམས་རླུང་གི་ཡི་གེ་རྣམས་ ཀྱིའོ། །ནམ་མཁའི་ཡི་གེ་རྣམས་ཐམས་ཅད་ཀྱི་གྲོགས་པོ་སྟེ་ཐམས་ཅད་ཀྱི་ཡི་གེ་རྣམས་ནམ་མཁའི་གྲོགས་པོའོ། །དེ་བཞིན་དུ་སའི་གྲོགས་པོ་ཆུ་དང་མེའི་གྲོགས་པོ་རླུང་དང་རླུང་གི་མེ་དང་ཆུའི་ས་སྟེ། དེ་ལྟར་ན་གྲོགས་པོའི་སྡེ་ཚན་ནོ། །རླུང་གི་ཐ་མལ་པ་ ནི་ཆུ་དང་མེའི་ཐ་མ་ལ་པ་ནི་ས་དང་ཆུའི་ཐ་མལ་པ་ནི་མེ་དང་སའི་ཐ་མལ་པ་ནི་རླུང་ངོ་། །དེ་ལྟར་ཐམས་ཅད་ཤེས་པར་བྱ་སྟེ། དེ་ནས་སྔགས་ཀྱི་ལྷ་བསྒྲུབ་པར་བྱའོ་ཞེས་པ་ནི་རྩ་བའི་རྒྱུད་ལས་ངེས་པའོ། །དེ་སྐད་དུ་རྩ་བའི་རྒྱུད་ལས་བཅོམ་ལྡན་འདས་ཀྱིས་གསུངས་ པ། ཨ་ཀུ་ཧ་ྈྐ་མགྲིན་བྱུང་གང་། །དབྱངས་དང་གསལ་བྱེད་མཚན་ཉིད་རྣམས། །སྟོང་པ་རླུང་སོགས་ཁམས་རྣམས་ཀྱི། །གྲོགས་པོ་ཉིད་ཀྱིས་རྟག་ཏུ་གནས། །ཨི་ཙུ་ཡ་ཤ་རྐན་ལས་བྱུང་། །དབྱངས་དང་གསལ་བྱེད་མཚན་ཉིད་རྣམས། །རླུང་གི་ ཁམས་ལས་ཡང་དག་བྱུང་། །ཆུ་ལས་སྐྱེས་པ་རྣམས་ཀྱི་དགྲ། །རྀ་ཊུ་ར་ཥ་སྤྱི་བོ་སྐྱེས། །དབྱངས་དང་གསལ་བྱེད་མཚན་ཉིད་རྣམས། །མེ་ཡི་ཁམས་ལས་ཡང་དག་བྱུང་། །ས་ལས་སྐྱེས་པ་རྣམས་ཀྱི་དགྲ། །ཨུ་པུ་ཝ་ྉྤ་མཆུ་ སྐྱེས་གང་། །དབྱངས་དང་གས