Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 102_དྲི་མེད་འོད།_ཤྲཱི
Văn bản gốc(Tây Tạng)
Trang 7 / 30 (50.000 ký tự/trang)
་ཡང་དཔལ་དུས་ཀྱི་འཁོར་ལོར་ལོ་གསུམ་གྱི་ལོངས་སྤྱོད་ལ་རབ་འཇུག་དེ་ནི་གང་ཚེ་ལོ་ཡི་ལོངས་སྤྱོད་ལ་ཞུགས་པ་དེའི་ཚེ་མཐོང་བ་མིན་པར་འགྱུར་རོ། །དེ་ཡི་འཆར་བའི་ཆ་དག་ཤེས་པར་གྱུར་ན་སྟེ་དེ་ལྟར་མཇུག་རིངས་དེའི་འཆར་བའི་ ཆ་དག་ཤེས་པར་གྱུར་ན་དེ་ཡི་འཆར་བ་མཐའ་ཡས་པའི་དུས་ཀྱང་ཤེས་པར་འགྱུར་རོ། །ད་ནི་དུས་ཀྱི་འཁོར་ལོ་ལོ་གསུམ་གྱི་ཉིན་ཞག་དེ་ཉིད་ཉི་ཤུ་རྩ་ལྔས་བསྒྱུར་ཞིང་བགྲོད་པའི་ཉིན་ཞག་གིས་དམན་པ་ལ་དགུ་བསྲེས་པ་རྣམས་གཟའ་རྣམས་ཀྱི་དཀྱིལ་འཁོར་དུ་གསུངས་པ། ལོ་ཡི་ཉིན་ ཞག་ཅེས་པ་ལ་སོགས་པ་སྟེ། ལོ་ཡི་ཉིན་ཞག་ནི་སྟོང་ཕྲག་གཅིག་དང་བརྒྱད་ཅུའོ། །དེ་ཉིད་ལྔ་ཡིས་བསྒྱུར་ཏེ་སླར་ཡང་མདའ་ཞེས་པ་ལྔས་བསྣུན་པ་ནི་བསྒྱུར་ཞེས་པའི་དོན་ཏོ། །དེ་ལྟར་དུམ་བུར་བསྒྱུར་བ་ནི་ཉི་ཤུ་རྩ་ལྔས་བསྒྱུར་བར་འགྱུར་རོ། །བགྲོད་པའི་ཉིན་ཞག་ནི་བརྒྱ་བརྒྱད་ཅུ་སྟེ་དེས་ དམན་པའོ། །བགྲོད་པ་གཅིག་ལ་གཟའ་རྣམས་ལོངས་སྤྱོད་པའི་དབང་གིས་བགྲོད་པ་གཅིག་གི་ཉིན་ཞག་རྣམས་ཀྱིས་དམན་པར་འགྱུར་རོ། །བུག་པ་བསྲེས་པ་རྣམས་ནི་བུག་པ་ཞེས་པ་དགུ་སྟེ་དེ་དག་གིས་བསྲེས་པ་རྣམས་ནི་རང་རང་གི་བགྲོད་པའི་དབང་གིས་གཟའ་ལྔ་པོ་རྣམས་ཀྱི་ཉིན་ཞག་ གི་དཀྱིལ་འཁོར་དུ་འགྱུར་རོ། །གཅིག་ཏུ་བསྡུས་པ་ལས་དྲུག་སྟོང་བརྒྱད་བརྒྱ་ཉི་ཤུ་རྩ་དགུ་ལྷག་པའི་ཁྲི་ཕྲག་གཉིས་ཏེ། དེ་ལས་ས་སྐྱེས་ལ་ནི་རི་ཀླུ་དྲུག་ཅེས་པ་དྲུག་བརྒྱ་བརྒྱད་ཅུ་རྩ་བདུན་གྱི་ཉིན་ཞག་གི་ཚོགས་སུ་འགྱུར་རོ། །རི་བུག་རི་ཀླུ་སྟེ་ཟླ་སྐྱེས་ལ་སྟོང་ཕྲག་བརྒྱད་དང་བདུན་བརྒྱ་ དགུ་བཅུ་རྩ་བདུན་དུ་འགྱུར་རོ། །ལྷའི་བླ་མ་དག་ལ་སོ་མེ་རིག་བྱེད་དེ་བཞི་སྟོང་སུམ་བརྒྱ་སུམ་ཅུ་རྩ་གཉིས་སུ་འགྱུར་རོ། །པ་སངས་ལ་ནི་རི་དང་རྒྱལ་བ་མིག་ཅེས་པ་ཉིས་སྟོང་ཉིས་བརྒྱ་བཞི་བཅུ་རྩ་བདུན་དུ་འགྱུར་རོ། །ཉི་མའི་བུ་ལ་དྲུག་དྲུག་རི་དང་ནམ་མཁའ་གཅིག་ཅེས་པ་ཁྲི་ཕྲག་གཅིག་ དང་བདུན་བརྒྱ་དྲུག་ཅུ་རྩ་དྲུག་གི་ཉིན་ཞག་གི་ཚོགས་ནི་དཀྱིལ་འཁོར་དུ་འགྱུར་རོ། །ས་སྐྱེས་ལ་ནི་རི་དུས་གཅིག་ཀྱང་ཞེས་པ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་ཀྱི་བར་ནི་འགྲེལ་བཤད་ལས་སྔར་བརྗོད་ཟིན་ཏོ། །ད་ནི་གཟའ་རྣམས་ཀྱི་སྐྱེ་ཕ་དག་པར་བྱ་བའི་དོན་དུ་རྒྱུ་སྐར་གྱི་ཚོགས་ གསུངས་པ་ཟླ་བ་དྲུག་གིས་ཟླ་བའི་ལོངས་སྤྱོད་ཅེས་པ་ནི་དེའི་སྟེང་དུ་དག་པ་སྟེ་གྲུབ་པའི་མཐའ་ལའོ། །འོན་ཀྱང་སེམས་ཅན་གྱི་བསམ་པའི་དབང་གིས་བྱེད་པ་ལ་ལྟོས་པའོ། །མཇུག་རིངས་འཆར་བ་ལ་ཡང་ཕྱོགས་གསུམ་གྱི་ཉིན་ཞག་གིས་རྒྱུ་བའི་རྐང་པ་བསྒྱུར་བ་ནི་ཆུ་སྲང་གི་ཚོགས་ ཕྱེད་དང་བཅས་པའི་བརྒྱ་བཅུ་གཉིས་སུ་འགྱུར་ཏེ་དེ་ཉིད་མཇུག་རིངས་ཤར་བ་ནས་ཉིན་ཞག་སོ་སོ་ལ་འགྱུར་རོ་ཞེས་པ་ནི་བྱ་བར་རིག་པར་བྱའོ། །གང་ཞིག་ཕྱེད་ཀྱི་ཆུ་ཚོད་རྒྱུ་སྐར་གྱི་བུ་ལོན་གྱི་གནས་ནས་ཐོབ་པ་ཞེས་པ་ནི་སེམས་ཅན་རྣམས་སྨིན་པར་བྱ་བའི་སླད་དུ་མའི་ལ་དུ་མའི་ཚིག་གོ། །ད་ནི་ གཟའ་རྣམས་ཀྱི་རྒྱུ་བའི་སྟོབས་གསུངས་པ་ཟླ་སྐྱེས་ཞེས་པ་ལ་སོགས་པ་སྟེ་ཟླ་སྐྱེས་གཟའ་ལག་དང་བློན་པོ་ཕུར་བུ་ནི་མྱུར་བ་སྟེ་མྱུར་བར་རྒྱུ་བ་ཕྱེད་སྔ་མ་ལ་ཤར་བར་གྱུར་པ་ན་སྟོབས་དང་ལྡན་པར་འགྱུར་རོ། །ས་སྐྱེས་དང་མཇུག་རིངས་ནི་ས་སྐྱེས་མཇུག་རིངས་ཏེ་འཁྱོག་པོ་ལ་ཞེས་པ་དཀྱིལ་འཁོར་ ཕྱེད་ཡོངས་སུ་བཏང་ནས་རིམ་པ་མིན་པ་ལ་ལོངས་སྤྱོད་པ་ལས་སྟོབས་དང་ལྡན་པར་འགྱུར་རོ། །དམན་པ་སྤེན་པ་དང་པ་སངས་ནི་དལ་བ་ལ་སྟེ་རིམ་པའི་ཕྱེད་ཕྱི་མ་ལ་སྟོབས་དང་ལྡན་ནོ། །རང་བཞིན་ཡོན་ཏན་དབང་གིས་ཞེས་པ་ནི་ཁམས་ཀྱི་ཡོན་ཏན་གྱི་དབང་གིས་སོ། །རྒྱུ་བ་ལྷག་མ་ ལ་སྟེ་རྒྱུ་བ་གསུམ་ལས་སྐྱེས་ལ་སོགས་པ་རྣམས་སྟོབས་མེད་དོ། །མྱུར་ལ་ཤར་དུ་ཁ་ཕྱོགས་འགྱུར་ཏེ་གཟའ་ཐམས་ཅད་མྱུར་བར་རྒྱུ་བ་ཕྱེད་སྔ་མ་ལ་ཤར་དུ་ཁ་ཕྱོགས་པར་འགྱུར་རོ། །སླར་ཡང་དེ་དག་འཁྱོག་པོར་རྒྱུ་བ་ལ་རབ་ཏུ་ཞུགས་པར་གྱུར་པ་ན་གཞན་དུ་མངོན་པར་ཕྱོགས་ཏེ་ ནུབ་ཏུ་མངོན་པར་ཕྱོགས་སོ། །དལ་བ་རིམ་པའི་ཕྱེད་ཕྱི་མ་ལ་ལྷོ་རུ་བཞིན་ཕྱོགས་པར་འགྱུར་རོ། །རང་བགྲོད་ཡོན་ཏན་དབང་གིས་འབྱུང་བ་ལ་ཡང་སྟེ་རིམ་པ་མིན་པའི་ཕྱེད་ཕྱི་མ་ལ་བྱང་དུ་གདོང་ཕྱོགས་པར་འགྱུར་ཏེ་ཚིག་འདི་ནི་དབྱངས་འཆར་བ་ལ་སའི་སྟོབས་ཀྱི་དོན་དུའོ། །ད་ནི་ཉི་ མ་དང་ཟླ་བའི་རྐང་པ་གསུངས་པ་ཟླ་བའི་ཉིན་ཞག་སུམ་ཅུ་གང་དག་ཆུ་གཏེར་གྱིས་བསྒྱུར་ཞེས་པ་བཞིས་བསྒྱུར་བ་དེ་དག་མཁའ་མིག་ཟླ་བ་ཟླ་བའི་རྐང་པ་སྟེ་ཉིན་ཞག་བདུན་གྱི་བར་དུ་ཟླ་བའི་ཆ་འཕེལ་བའི་དོན་དུ་རྐང་པ་བརྒྱ་ཉི་ཤུར་འགྱུར་ཏེ་འཆད་པར་འགྱུར་བ་ལས་བརྗོད་ པར་བྱའོ། །ཁྱིམ་ནི་བཅུ་གཉིས་པོ་རྣམས་བཞིས་བསྒྱུར་བ་བརྒྱད་དང་རིག་བྱེད་དག་ཀྱང་ཟླ་བ་དྲུག་གི་བར་དུ་ཉི་མའི་རྐང་པར་འགྱུར་རོ། །དེ་ཡང་འཆད་པར་འགྱུར་བ་ལས་བརྗོད་པར་བྱ་སྟེ་འདིར་ནི་མདོར་བསྡུས་པ་ཙམ་གྱིས་རྐང་པ་འདི་དག་གི་ངེས་པའོ། །དེའི་ནང་དུ་འགྲིབ་དང་ འཕེལ་བ་དག་ཀྱང་བགྲོད་པ་འགྲོ་བའི་དབང་གིས་རིམ་མིན་རིམ་པ་སྟེ། འཁོར་ལོ་ཕྱེད་ཕྱེད་དག་ལ་མཐའ་དག་ནོར་དང་དུས་ཀྱི་གྲངས་རྣམས་ཏེ་བཞི་བཅུ་རྩ་བརྒྱད་ཀྱི་གྲངས་རྣམས་བྱེད་པ་བརྗོད་པར་འདོད་པ་ལ་རིག་པར་བྱའོ། །ད་ནི་ཟླ་བའི་དཀྱིལ་འཁོར་ལ་སྒྲ་གཅན་འཇུག་པའི་མཚན་ ཉིད་གསུངས་པ་ཚིགས་མཚམས་ཞེས་པ་ལ་སོགས་པ་སྟེ་ཚིགས་མཚམས་ནི་ཉའི་མཐའ་འམ་གནམ་སྟོང་གི་མཐར་རོ། །རི་བོང་ཅན་གྱི་དཀྱིལ་འཁོར་དག་ལ་སྒྲ་གཅན་རབ་ཏུ་འཇུག་སྟེ་དཀྱིལ་འཁོར་ཡང་། དཀྱིལ་འཁོར་གྱི་སྒྲས་ནི་འདིར་ཆུ་ཚོད་དྲུག་ཅུའི་བདག་ཉིད་རྒྱུ་སྐར་ གཅིག་གི་ལོངས་སྤྱོད་དེ་དེ་ཡང་ཐམས་ཅད་འཛིན་པའི་དབང་གིས་ཁྱིམ་བཅུ་གཉིས་ཀྱི་བདག་ཉིད་དང་ཆ་བཅུ་དྲུག་གི་བདག་ཉིད་དུ་རིག་པར་བྱའོ། །རྣམ་དག་གྱུར་ན་ཐམས་ཅད་འཛིན་ཏེ་གལ་ཏེ་སྒྲ་གཅན་གྱི་ལོངས་སྤྱོད་ཀྱིས་ཟླ་བའི་ལོངས་སྤྱོད་ཡོངས་སུ་དག་ན་དེའི་ཚེ་ཆུ་ཚོད་དྲུག་ཅུའི་མཐར་ ཐུག་པར་ཐམས་ཅད་འཛིན་ནོ། །ལོངས་སྤྱོད་ཕྱེད་དག་པར་གྱུར་ན་ཕྱེད་འཛིན་ནོ། །རི་བོང་ཅན་གྱི་རྒྱུ་བའི་དབང་གིས་དཀྱིལ་འཁོར་ཆུ་ཚོད་དྲུག་ཅུ་སྟེ་ཟླ་བའི་ཆ་བཅུ་དྲུག་གི་བདག་ཉིད་དོ། །དེ་བཞིན་དུ་རི་བོང་ཅན་གྱིས་རྒྱུ་བའི་དབང་གི་ཆུ་ཚོད་དག་ནི་ཇི་སྙེད་ཡོད་པ་སྟེ། སྒྲ་གཅན་གྱི་ལོངས་ སྤྱོད་ལ་རབ་ཏུ་ཞུགས་པ་དེ་སྙེད་ནི་ཆ་གཅིག་གི་བཞི་ཆའི་བར་དུ་གཟའ་དང་འགྲོགས་པར་ཤེས་པར་བྱའོ། །སྒྲ་གཅན་འཁོར་བ་ལ་སོགས་པ་འདི་དག་གྲུབ་པའི་མཐའ་ལས་ཕྱི་རོལ་ཤེས་པའི་དོན་དུ་རྒྱ་ཆེར་རིག་པར་བྱའོ། །རྒྱུད་འདིར་ནི་བསྡུས་པའི་སླད་དུ་འཇམ་དཔལ་གྱིས་གསལ་པོར་ མ་བསྟན་ཏེ་འདིར་ནི་གང་ཞིག་ནང་ལ་ཉེ་བར་མཁོ་བ་དེ་ཉིད་མདོར་བསྡུས་པས་བརྗོད་དོ། །དེ་བཞིན་དུ་གཟའ་འཐབ་པ་ལ་སོགས་པ་མཐའ་དག་གྲུབ་པའི་མཐའ་ལས་ཤེས་པར་བྱ་སྟེ་རྒྱུད་འདིར་ནི་སྐར་རྩིས་ཀྱི་ཡུལ་གཟའ་འཐབ་པ་ལ་སོགས་པ་གྲུབ་པའི་མཐའ་ལ་ལྟོས་སོ། །ནང་དུ་ ནི་གཟའ་འཐབ་པར་བརྗོད་པར་འདོད་པ་མེད་དོ་ཞེས་པ་བཅོམ་ལྡན་འདས་ཀྱི་ངེས་པ་སྟེ་ཕྱི་རོལ་དུ་ཟླ་བ་འཛིན་པ་བྱུང་བར་གྱུར་པ་ན་ནང་དུ་སེམས་ཅན་རྣམས་ཀྱི་ཁུ་བ་འཛིན་པར་འགྱུར་བ་མ་ཡིན་ཞིང་ཉི་མ་འཛིན་པས་རྡུལ་འཛིན་པར་འགྱུར་རོ་ཞེས་པའི་ངེས་པ་ཡང་ཐམས་ཅད་དུ་མེད་དོ། ། དེའི་ཕྱིར་སངས་རྒྱས་པ་རྣམས་ཀྱིས་ཕྱི་རོལ་ཡོངས་སུ་ཤེས་པའི་དོན་དུ་ཚངས་པ་དང་ཉི་མ་དང་གཅེར་བུ་པ་དང་སྐྲ་ཅན་གྱི་གྲུབ་པའི་མཐའ་རྣམས་ཤེས་པར་བྱའོ་ཞེས་པ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། །ད་ནི་གཟའ་ཐམས་ཅད་ཀྱི་རྒྱུ་བ་དུས་བཞིའི་མཐར་སྟོང་པ་ལ་འཇུག་པ་གསུངས་ པ། མི་རྣམས་ཀྱི་ནི་ཞེས་པ་ལ་སོགས་པ་སྟེ། མི་རྣམས་ཀྱི་ལོ་བརྒྱ་གང་ཡིན་པ་དེ་དག་གཟའ་རྣམས་དག་གི་ལོའི་ལོངས་སྤྱོད་ཀྱིས་ནི་བསྒྱུར་བར་བྱ་ཞེས་པ་ནི་དུས་ཀྱི་འཁོར་ལོ་དང་བཅས་པའི་གཟའ་རྣམས་ཀྱིས་ཉིན་ཞག་ཕྱེད་དང་གཉིས་ཀྱིས་ལོ་བརྒྱ་ལོངས་སྤྱོད་དོ། །ཉིན་ཞག་ གསུམ་གྱིས་ཉིས་བརྒྱའོ། །ཉིན་ཞག་སུམ་ཅུས་སྟོང་ཕྲག་གཉིས་སོ། །ཉིན་ཞག་སུམ་བརྒྱ་དྲུག་ཅུས་ལོ་སྟོང་ཕྲག་ཉི་ཤུ་རྩ་བཞིས་ལོངས་སྤྱོད་པར་འགྱུར་ཏེ་དེས་ལོ་བརྒྱ་བསྒྱུར་བའོ། །གནས་གཉིས་ཕྱོགས་ཀྱི་ཆས་ཐོབ་བཅུའི་ཆས་ཐོབ་པ་སྟེང་གི་ཕུང་པོ་དག་ལ་བུ་ལོན་སྦྱང་བར་བྱ་ བར་འགྱུར་ཏེ། ལྷག་མ་འབུམ་ཕྲག་ཉི་ཤུ་གཅིག་དང་ཞེས་པ་ནི་འབུམ་ཕྲག་ཉི་ཤུ་རྩ་གཅིག་དང་ཁྲི་ཕྲག་དྲུག་གི་ལོ་གྲངས་གང་དག་རྣམས་ནི་དུས་ཀྱི་ཕྱེད་ལ་འགྱུར་རོ། །དུས་ཀྱི་ཕྱེད་ཀྱི་མཐའ་ལ་རྐང་པ་ལྔ་སྟེ་རྫོགས་ལྡན་གྱི་རྐང་པ་བཞི་དང་གསུམ་ལྡན་གྱི་རྐང་པ་གཅིག་གོ། །དུས་ཀྱི་ཕྱེད་ ནི་ནམ་མཁའ་དང་རླུང་དང་མེ་དང་ཆུ་དང་སའི་དཀྱིལ་འཁོར་གྱི་བདག་ཉིད་དེ་རིམ་པ་བཞིན་དུ་གཙོ་བོའི་རྩ་གཡོན་པ་ལ་སྲོག་ཡང་དག་པར་རྒྱུ་བའོ། །སླར་ཡང་ཕུང་པོ་གཉིས་ཀྱིས་ཞེས་པ་སླར་ཡང་གཉིས་པའི་ཕུང་པོ་རྐང་པ་ལྔའི་བདག་ཉིད་ཀྱིས་ཏེ་དེ་ལ་གསུམ་ལྡན་གྱི་རྐང་པ་གཉིས་དང་། གཉིས་ལྡན་གྱི་རྐང་པ་གཉིས་དང་། རྩོད་ལྡན་གྱི་རྐང་པ་གཅིག་སྟེ། ས་དང་ཆུ་དང་མེ་དང་རླུང་དང་སྟོང་པའི་བདག་ཉིད་ནི་གོ་རིམས་ཇི་ལྟ་བ་བཞིན་དུ་གཙོ་བོའི་རྩ་གཡས་པ་ནས་སྲོག་ཡང་དག་པར་རྒྱུ་བའི་དཀྱིལ་འཁོར་ལྔའི་བདག་ཉིད་དོ། །དེ་ལྟར་ན་རྩ་གཉིས་ཀའི་དཀྱིལ་འཁོར་ གྱི་ལོའི་ཕུང་པོ་གཉིས་ཀྱིས་དུས་བཞི་པོ་རྣམས་ཀྱི་ལོ་ཡི་གྲངས་ཏེ་མི་རྣམས་ཀྱི་ལོ་ཁྲི་ཕྲག་གཉིས་ལྷག་པའི་འབུམ་ཕྲག་བཞི་བཅུ་རྩ་གསུམ་སྟེ། གཙོ་བོའི་དུས་སྦྱོར་གཉིས་གཡོན་དང་གཡས་ཀྱི་རྩའི་དཀྱིལ་འཁོར་ཡང་དག་པར་རྒྱུ་བ་ལས་སོ། །འདིར་དུས་སོ་སོ་རྣམས་ཀྱི་ཚད་ནི་སྟོང་པ་སྟོང་པ་ ནམ་མཁའ་ཀླུ་དང་ལག་པ་ཐུབ་པ་རི་བོང་ཅན་རྣམས་ཞེས་པ་ནི་ལོ་སྟོང་ཕྲག་ཉི་ཤུ་རྩ་བརྒྱད་ལྷག་པའི་འབུམ་ཕྲག་བཅུ་བདུན་རྫོགས་ལྡན་དུས་ཀྱི་ཚད་དེ་དཀྱིལ་འཁོར་བཞིའི་རྐང་པ་ཉེ་བར་ལོངས་སྤྱོད་པའི་ཕྱིར་རོ། །གསུམ་ལྡན་ལ་ནི་ནམ་མཁའ་མཁའ་སྟོང་རོ་དང་དགུ་དང་ཉིན་བྱེད་ཅེས་པ་ སྟོང་ཕྲག་དགུ་བཅུ་རྩ་དྲུག་ལྷག་པའི་འབུམ་ཕྲག་བཅུ་གཉིས་ཀྱི་ལོ་ཡི་གྲངས་སུ་རབ་ཏུ་གྲགས་སོ། །སྟོང་པ་སྟོང་པ་མཁའ་དང་རིག་བྱེད་རོ་དང་ལག་འགྲོ་ཞེས་པ་ནི་སྟོང་ཕྲག་དྲུག་ཅུ་རྩ་བཞི་ལྷག་པའི་འབུམ་ཕྲག་བརྒྱད་དེ་གཉིས་ལྡན་ལོར་ནི་ཡང་དག་པར་འགྱུར་རོ། །སྟོང་པ་ནམ་མཁའ་ མཁའ་མིག་ཡོན་ཏན་ཆུ་གཏེར་རྣམས་ཞེས་པ་ནི་སྟོང་ཕྲག་སུམ་ཅུ་རྩ་གཉིས་ལྷག་པའི་འབུམ་ཕྲག་བཞི་རྣམས་ཀྱི་ལོའི་གྲངས་ནི་རྩོད་པའི་དུས་ལ་འགྱུར་རོ། །དེ་ལྟར་ན་གསུམ་ལྡན་གྱི་རྐང་པ་གསུམ་དང་། གཉིས་ལྡན་གྱི་གཉིས་དང་། རྩོད་ལྡན་གྱི་རྐང་པ་གཅིག་གོ། །དཀྱིལ་འཁོར་ གསུམ་དང་། གཉིས་དང་གཅིག་གི་བདག་ཉིད་དེ་དཀྱིལ་འཁོར་སོ་སོ་ནི་རྩོད་ལྡན་གྱི་དུས་ཀྱི་ལོའི་ཚད་དོ། །ལོ་ནི་འདི་དག་རྣམས་ཀྱིས་དུས་ཀྱི་མཐའ་རུ་གཟའ་ཚོགས་རྒྱུ་བ་ཁྱིམ་ནི་སྟོང་པ་དག་ལ་གནས་ཞེས་པ་ལ་ལོ་ནི་སྔར་བརྗོད་པ་འདི་དག་རྣམས་ཀྱིས་དུས་ཀྱི་མཐའ་རུ་སྟེ་དུས་བཞིའི་ མཐར་གཟའ་ཚོགས་རྒྱུ་བ་ནམ་གྲུའི་མཐར་ཁྱིམ་ནི་སྟོང་པ་དག་ལ་གནས་སོ། །སླར་ཡང་ཐ་སྐར་ལ་སོགས་པའི་རྒྱུ་སྐར་དག་གཟའ་རྣམས་ཀྱི་ལོངས་སྤྱོད་དུ་འགྱུར་རོ། །རབ་བྱུང་ཞེས་པར་འགྱུར་བ་ཇི་ལྟ་བ་དེ་བཞིན་དུ་ནག་པའི་ཟླ་བ་ལ་སོགས་པར་ཡང་འགྱུར་རོ། །གཟའ་དང་སྦྱོར་ བ་ཚེས་དང་བྱེད་པ་རྣམས་ཀྱང་དེ་བཞིན་དང་པོ་དག་སྟེ་དེའི་དུས་སུ་ནི། གཟའ་ཉི་མ་དང་། སྦྱོར་བ་སེལ་བ་དང་། ཚེས་དཀར་པོའི་ཕྱོགས་ཀྱི་ཚེས་གཅིག་དང་། བྱེད་པ་པ་བྃ་ཞེས་པ་དང་པོ་དག་སྟེ་དེའི་དུས་སུ་ལྷ་རྣམས་དག་དང་ལྷ་མིན་ཀླ་ཀློ་རྣམས་ཀྱི་འཁྲུག་པ་དྲག་པོས་གཞིའི་གནས་པཱ་ག་དཱ་ རྣམས་སུ་འབྱུང་བར་འགྱུར་ཏེ་དེ་ནས་རྫོགས་ལྡན་གྱི་དུས་འཇུག་པར་འགྱུར་རོ། །ད་ནི་ཚེས་ལ་སོགས་པ་གཟའི་ལོངས་སྤྱོད་ཐམས་ཅད་སྟོང་པ་ལ་གནས་པ་ནི་སླར་ཡང་ངེས་པ་འབྱུང་བར་གསུངས་པ། དེ་ནས་རྒྱུ་སྐར་རྣམས་ཀྱིས་ཉིན་ཞག་གཅིག་ནི་བསྒྱུར་བར་འགྱུར་ཏེ་ཆུ་ཚོད་དྲུག་ཅུ་རྣམས་ ཀྱིས་ཀྱང་། གཟའ་རྣམས་ཀྱི་ནི་དཀྱིལ་འཁོར་དག་གིས་ངེས་པར་ཆ་ནི་རབ་ཏུ་ཐོབ་པར་གྱུར་པ་ལོངས་སྤྱོད་འགྱུར། ཟླ་བ་རྫོགས་ན་ངེས་པར་འགྱུར་ཏེ་སླར་ཡང་གཟའ་དང་ཆུ་ཚོད་ཀྱི་ནི་གནས་རྣམས་དག་ཏུ་འགྱུར། རྒྱུ་སྐར་ལ་ནི་ཉི་མའི་ལོངས་སྤྱོད་དུ་འགྱུར་ཟླ་བ་གཅིག་ལས་སྦྱངས་པ་ཉིན་ཞག་ དག་ནི་ཚོགས་ཞེས་སོ། །ད་ནི་དུས་ཀྱི་འཁོར་ལོའི་ལོ་དང་ཕྱོགས་ལས་ཟླ་བའི་ངེས་པ་གསུངས་པ་སྡེ་པ་དྲུག་ནི་ཉི་མའི་དབྱངས་བཅས་ཞེས་པ་ལ་སྡེ་པ་དྲུག་ནི་ཀ་ཙ་ཊ་པ་ཏ་ས་རྣམས་ནི་གསལ་བྱེད་ཀྱི་ཡི་གེ་སུམ་ཅུའོ། །དབྱངས་བཅུ་གཉིས་དང་བཅས་པས་སུམ་བརྒྱ་དྲུག་ཅུར་འགྱུར་ཏེ་ཡི་གེ་ རྣམས་ཐུང་ངུ་དང་རིང་པོའི་དབྱངས་ཀྱིས་བྱེ་བས་སོ། །ཨ་ཨཱ། ཨི་ཨཱི། རྀ་རཱྀ། ཨུ་ཨཱུ། ལྀ་ལཱྀ། ཨྃ་ཨཿ། འདི་དག་གིས་ཀ་ཡིག་ལ་སོགས་པའི་ཡི་གེ་སོ་སོ་ལ་བཅུ་གཉིས་ཀྱི་དབྱེ་བས་ཐ་དད་པར་འགྱུར་རོ། །དེས་ན་གསལ་བྱེད་སུམ་ཅུ་པོ་རྣམས་བཅུ་གཉིས་ཀྱི་དབྱེ་བས་ཐ་དད་ པ་དག་ནི་སུམ་བརྒྱ་དྲུག་ཅུ་སྟེ། སླར་ཡང་ཀ་ཡིག་ལ་སོགས་པ་དེ་དག་ཡོན་ཏན་གཞན་གྱིས་ཕྱེ་བ་དང་། ཡ་ཎར་བསྒྱུར་བས་ཕྱེ་བ་དག་སྟེ་ངེས་པར་ཡོན་ཏན་གྱིས་བསྒྱུར། ཡོན་ཏན་ནི་ཨ་ཨེ་ཨར་ཨོ་ཨལ་ཨྃ། འཕེལ་བ་ནི་ཨཱ་ཨཻ་ཨཱར་ཨཽ་ཨལ་ཨཱཿ། ཡ་ཎར་བསྒྱུར་བ་ནི་ཧ་ཧཱ་ཡ་ ཡཱ་ར་རཱ་ཝ་ཝཱ་ལ་ལཱ་ཧྃ་ཧཱཿ། ཞེས་པ་སྟེ། དེ་ལྟར་ན་ལོ་གསུམ་ཉི་མ་དག་ལ་སྟེ་ཀ་ཡིག་ལ་སོགས་པ་དེ་རྣམས་ཉིན་ཞག་སྟོང་བརྒྱད་ཅུར་འགྱུར་རོ། །ཨ་སོགས་ཐུང་ངུ་ཉིན་ཞག་ཅེས་བྱ་བཅྭ་ལྔ་སྟེ་སུམ་འགྱུར་རི་བོང་ཅན་ཆ་ཐུང་ངུ་དང་རིང་པོ་དང་ཤིན་ཏུ་རིང་པོའི་དབྱེ་བས་ཕྱེད་བཅས་ཟླ་བ་ ཕྱོགས་གསུམ་དུ་ཟླ་བ་ལ་འགྱུར་རོ། །དེ་ལ་ཨ་ཨི་རྀ་ཨུ་ལྀ། ཨ་ཨེ་ཨར་ཨོ་ཨ་ལ། ཧ་ཡ་ར་ཝ་ལ། ལཱ་ཝཱ་རཱ་ཡཱ་ཧཱ། ཨཱལ་ཨཽ་ཨཱར་ཨཻ་ཨཱ། ལཱྀ་ཨཱུ་རཱྀ་ཨཱི་ཨཱ། ཨཱྃ་ཨཱིྃ་རཱྀཾ་ཨཱུཾ་ལཱྀཾ། ཨཱཾ་ཨེཾ་ཨཱ་རཾ་ཨཽ་ཨཱ་ལཾ། ཧཱྃ་ཡཱྃ་རཱྃ་ཝཱྃ་ལཱྃ་ཞེས་པ་ནི་ཕྱོགས་གསུམ་གྱི་དབྱངས་ སོ། །ཆུ་ཚོད་ཧ་སོགས་རྣམས་སུ་འགྱུར་ཏེ་དུས་སྦྱོར་བཅུ་གཉིས་ཀྱི་དབྱེ་བས་དྲུག་ཅུའི་གྲངས་སོ། །སྔར་བརྗོད་པའི་ཆོ་གས་ཉི་མ་ཕྱེད་ནས་མཚན་ཕྱེད་ཀྱི་བར་དུ་ཐུང་ངུ་རྣམས་སོ། །མཚན་ཕྱེད་ནས་ཉི་མ་ཕྱེད་ཀྱི་བར་དུ་རིང་པོ་སུམ་ཅུའོ། །དཔལ་ལྡན་སྟོང་པ་གཞོམ་མེད་ལ་ སོགས་ལྔ་པོ་གང་ཡིན་པ་དེ་དག་སྙིང་སྟོབས་དང་རྡུལ་དང་མུན་པའི་དབྱེ་བས་སད་པ་དང་རྨི་ལམ་དང་ཤིན་ཏུ་གཉིད་ལོག་པའི་རང་བཞིན་གྱིས་དེ་དག་ནི་སྒྲ་གཅན་ཏེ་སྲོག་གི་རླུང་གི་དུས་སྦྱོར་གསུམ་དུ་འགྱུར་རོ་ཞེས་བྱ་བ་ནི་ངེས་པའོ། །འབྱུང་བ་ཉི་མ་ཟླ་བའི་གྲངས་ནི་སླར་ཡང་ལོ་གསུམ་ དང་ཕྱོགས་གསུམ་གྱི་ཉིན་ཞག་སྟེ་ཉི་ཤུ་རྩ་ལྔ་ལྷག་པའི་བརྒྱ་ཕྲག་བཅུ་གཅིག་ཏུ་འགྱུར་རོ། །ཀྱེ་མིའི་བདག་པོ་ཞེས་པ་སྟེ་ཕྱེད་བཅས་ཟླ་བ་ཞེས་པ་ནི་ཕྱོགས་གསུམ་མོ། །ཕྱེད་དང་བཅས་པའི་ཟླ་བ་དོར་ནས་ཞེས་པ་ནི་དེ་ལས་ཕྱེད་དང་བཅས་པའི་ཟླ་བ་དོར་བས་གཞན་ནི་སྟོང་བརྒྱད་ཅུར་ འགྱུར་རོ། །དེ་ནས་ལྷག་མ་ཐུབ་མཆོག་བདུན་རྣམས་ཀྱིས་བཅད་པའི་ཐོབ་པ་དག་ནི་བསྡུས་པའི་དུས་ཀྱི་འཁོར་ལོར་འགྱུར་རོ། །དེ་ཉིད་ཟླ་བའི་ངེས་པ་ལ་གཟའ་གཅིག་དང་། ཆུ་ཚོད་སུམ་ཅུ་རྩ་གཉིས་དང་། ཚོགས་གཉིས་རབ་ཏུ་བསྲེས་ནས་ཚེས་གཅིག་དང་རྒྱུ་བའི་རྐང་པ་ལྔའོ། ། འཁོར་ལོ་དག་ལས་རྣམ་པར་ཕྱེ་བ་དག་ནི་གཟར་འགྱུར་རོ། །ལྷ་མོ་དྲུག་ཅུ་རྣམས་ཀྱིས་ཏེ་ཆུ་ཚོད་དྲུག་ཅུ་རྣམས་ཀྱིས་སོ་ཞེས་པའི་དོན་ཏོ། །ལྷ་མོ་སུམ་ཅུ་རྩ་གཉིས་ཀྱི་ཆུ་ཚོད་རྣམས་ཀྱིས་ཟླ་བའི་ངེས་པ་ལ་ཆུ་ཚོད་ཀྱི་གནས་སུ་སུམ་ཅུ་རྩ་གཉིས་སོ། །ཐུབ་པ་ནོར་གྱིས་བསྒྱུར་བ་ལྔ་ བཅུ་རྩ་དྲུག་གི་ལྷ་མོ་རྣམས་ཀྱིས་ཚོགས་ཀྱི་གནས་སུ་ཚོགས་གཉིས་སུ་འགྱུར་རོ། །སྦྱིན་དོར་སྦྱིན་པ་དག་ནི་ལྷ་མོ་གཅིག་ཏུ་འགྱུར་ཞིང་རྐང་པ་ལྔ་ནི་ལྷ་མོ་ལྔར་འགྱུར་ཏེ་ལྔ་པོ་གཅིག་དང་བཅས་པའི་དྲུག་གིས་སོ། །ཟླ་བའི་ཕྱོགས་གསུམ་ཉིན་ཞག་རྣམས་ནི་ཉིན་ཞག་བཞི་བཅུ་རྩ་ལྔ་ སྟེ་སུམ་འགྱུར་སྙིང་སྟོབས་དང་རྡུལ་དང་མུན་པའི་བདག་ཉིད་དག་ཀྱང་ཉི་མའི་ལོངས་སྤྱོད་ལ་ནི་རབ་ཏུ་གྲགས་སོ། །དྲུག་ཅུས་ཕྱེ་བའི་སྐར་མ་གཉིས་དང་ཞེས་པ་ཆུ་ཚོད་བརྒྱ་ཉི་ཤུས་རྒྱུ་སྐར་གྱི་ངེས་པ་ལ་གཉིས་སུ་འགྱུར་རོ། །ཉི་མའི་ཉིན་ཞག་དང་པོ་ལ་བཞིས་བསྒྱུར་བའི་ཆུ་ཚོད་བཞི་ ལ་སོགས་པ་དང་ལྡན་པའི་དབང་ཕྱུག་ཆུ་ཚོད་དེ་ཆུ་ཚོད་བཅུ་གཅིག་ཆུ་ཚོད་ཀྱི་གནས་སུ་འགྱུར་རོ་ཞེས་པ་ནི་ཐམས་ཅད་དུ་ངེས་པའོ། །དཔལ་ལྡན་དུས་ཀྱི་འཁོར་ལོ་གཟའ་ཡི་ཚོགས་དང་བཅས་པ་འདི་དག་ཅེས་པ་ལ་སོགས་པ་བརྗོད་པའི་རིམ་པས་ཕྱི་དང་ལུས་ལ་དབྱེར་མེད་པ་བསྡུ་བ་དང་ ནི་སྤྲོ་བའི་སླད་དུ་སྲིད་པ་གསུམ་འདོད་པ་དང་གཟུགས་དང་གཟུགས་མེད་པ་སྟེ་གནས་དེར་རོ། །ཉི་མ་ཞེས་པ་ནི་ཀྱེ་ཉི་མའི་ཤིང་རྟ་བསྡུས་པའི་རྒྱུད་ཡང་དག་པར་འཆིང་བ་ལ་གསོལ་བ་འདེབས་པ་པོ་ཞེས་འཇམ་དཔལ་གྱིས་བོད་པའོ། །དུས་ཀྱི་གཟུགས་ནི་སྲོག་གི་གཟུགས་ཀྱིས་ སོ། །ཤེས་རབ་ཐབས་ཀྱི་རབ་དབྱེ་ནི་ཉིན་མོ་དང་མཚན་མོའི་དབྱེ་བ་དང་ཟླ་བ་དང་ཉི་མའི་དབྱེ་བ་ལ་སོགས་པས་སོ། །མཉམ་དང་མི་མཉམ་རིགས་ནི་མཉམ་པ་རིང་པོ་དང་མི་མཉམ་པ་ཐུང་ངུ་དང་མྱུར་འཁྱོག་ལ་སོགས་པའི་རྒྱུ་བས་སོ། །ཆགས་བྲལ་དང་ནི་ཐུབ་མཆོག་རིགས་དང་ ཚངས་དང་དྲག་པོ་ལ་སོགས་ལྷ་རྣམས་ཀྱིས་ནི་ཤེས་མ་ཡིན་ཞེས་པ་ནི་དེ་ལྟར་སྔར་བརྗོད་པའི་ཆོགས་ཚངས་པ་ལ་སོགས་པ་འདི་དག་གིས་ཤེས་པ་མ་ཡིན་པ། བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ཀུན་རྫོབ་ཀྱི་ཚུལ་གྱིས་རྣམ་པར་གནས་པ་ཁྱབ་པར་བྱ་བ་བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ ཅད་ལ་ཁྱབ་པར་བྱེད་པ། ཇི་ལྟར་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཀུན་རྫོབ་དང་དོན་དམ་པའི་ངོ་བོ་ཉིད་ཀྱིས་ཕྱག་ན་རྡོ་རྗེ་ཟླ་བ་བཟང་པོ་ལ་རབ་ཏུ་བསྟན་པ་བཞིན་དུ་མིའི་དབང་པོ་འཇམ་དཔལ་གྲགས་པ་བདག་ གིས་ཀྱང་ཉི་མའི་ཤིང་རྟ་ཁྱོད་ལ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་དེ་ཉིད་མདོར་བསྡུས་པས་རབ་ཏུ་བསྟན་ཏོ། །དཔལ་ལྡན་དང་པོའི་སངས་རྒྱས་ལས་ཕྱུང་བ་བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་འགྲེལ་བཤད་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ལས་སྐར་རྩིས་ཤེས་པའི་ཆོ་གའི་ མདོར་བསྡུས་ཆེན་པོ་སྟེ་དགུ་པོའོ།། །།ད་ནི་དབྱངས་འཆར་བ་གསུངས་པ་ཨ་སོགས་ཞེས་པ་ལ་སོགས་པའོ། །དབྱངས་གང་དག་གི་དང་པོ་ཨ་ཡིག་ཡིན་པ་དེ་དག་ནི་ཨ་སོགས་ལྔ་སྟེ་ཨ་ཨི་རྀ་ཨུ་ལྀ་ཞེས་པ་རང་བྱུང་གི་ཚིག་གོ། །ཨ་ཨི་ཨུ་ཎ། རྀ་ལྀ་ཀ་ ཅེས་པ་ནི་སོ་སོར་བརྗོད་པ་གཟུང་བའི་ཕྱིར་རོ། །ཨེ་ཨོ་ཙ་ཞེས་པ་ནི་བཀླག་པའི་ཕྱིར་ཏེ་ཨི་ཡིག་དང་ཨུ་ཡིག་དག་གི་ཡོན་ཏན་སྦྱར་བའི་ཡི་གེ་དག་གོ། །རྀ་ཀའི་ཨ་ཎ་ལས་རལ་དག་གོ་ཞེས་པའི་མདོའི་ཕྱིར་རྀ་ལྀ་དག་ནི་མ་ནིང་དུ་མི་འགྱུར་ཏེ། རཾ་ཡིག་ལྀ་ཡིག་དག་ཀྱང་ཡོན་ཏན་ དང་ལྡན་པས་ཨི་ཡིག་ལ་སོགས་པ་རྣམས་དང་ཁྱད་པར་མེད་དོ། །དེའི་ཕྱིར་ཨ་ཨི་ཨུ་ཨེ་ཨོ་ཞེས་པ་ནི་བྱིས་པ་རྣམས་ལ་འཇིག་རྟེན་དུ་གྲགས་པའོ། །ཡོན་ཏན་དང་ཡ་ཎ་སྐྱེད་པའི་ཕྱིར་ཨ་ཨི་ཨུ་ཎ་རི་ལི་ཀ་ཅེས་པར་རིགས་ཏེ་ཨི་ཀའི་ཨ་ཙ་ལ་ཡ་ཎ་འོ་ཞེས་པའི་ཁྱད་པར་གྱི་ཕྱིར་དང་ ཨ་ཀའི་ཨ་ཀ་ལ་རིང་པོའོ། །ཞེས་པའི་ཤེས་པར་བྱེད་པའི་ཕྱིར་རོ། །དང་པོར་དབྱངས་ལྔ་གང་ཡིན་པ་དེ་དག་རང་བྱུང་དུ་ལུང་བསྟན་པས་མཉམ་པའི་ངོ་བོ་སྟེ་དེ་དག་ཀྱང་ནམ་མཁའ་ལ་སོགས་པའི་རང་བཞིན་གྱི་དབང་གིས་གྲངས་བཞིན་དུ་འཇམ་དཔལ་གྱིས་རང་གི་ལུང་སྟོན་པ་ལས་བྲིས་ པ་ཨ་ཨི་རྀ་ཨུ་ལྀ་ཀ་ཅེས་པ་སྟེ་ནམ་མཁའ་དང་རླུང་དང་མེ་དང་ཆུ་དང་སའི་རང་བཞིན་རིམ་པ་བཞིན་ནོ། །དེ་བཞིན་དུ་ཨ་ཨེ་ཨར་ཨོ་ཨ་ལ་ཙ་དང་དེ་བཞིན་དུ་ཧ་ཡ་ར་ཝ་ལ་ཊ་འཇམ་དཔལ་གྱིས་ངེས་པར་བསྟན་ཏེ་ཡོན་ཏན་དང་ཡ་ཎ་ར་བསྒྱུར་བ་ལས་རང་རང་གི་རང་བཞིན་གྱི་ངོ་བོ་ཉིད་ལ་རྟེན་པའི་ ཕྱིར་རོ། །དབྱངས་ལྔ་པོ་དེ་དག་དང་པོའི་ཚེས་གྲངས་དབང་གིས་ཞེས་པ་ནི་དང་པོའི་ཚེས་གྲངས་ལྔ་མུན་པའི་དབྱེ་བས་ཏེ་དཀར་པོའི་ཚེས་གཅིག་དང་གཉིས་པ་དང་གསུམ་པ་དང་བཞི་པ་དང་ལྔ་པའོ། །དེ་དག་གི་དབང་གིས་ནི་དང་པོའི་ཚེས་གྲངས་དབང་གིས་ཏེ་དགའ་བ་ལ་སོགས་པ་རྣམས་ ལྔ་པོ་དང་ལྡན་པར་གྱུར་པ་སྟེ་དབྱངས་ལྔ་པོ་རྣམས་ཀྱི་དང་པོའི་ཚེས་ནི་དགའ་བའོ། །གཉིས་པ་ནི་བཟང་པོའོ། །གསུམ་པ་ནི་རྒྱལ་བའོ། །བཞི་པ་ནི་སྟོང་པའོ། །ལྔ་པ་ནི་རྫོགས་པའོ། །དེ་བཞིན་དུ་དྲུག་པ་ལ་སོགས་པ་དང་དེ་བཞིན་དུ་བཅུ་གཅིག་པ་ལ་སོགས་པའོ། །དགའ་བ་ ལ་སོགས་ལྡན་པ་འདི་ལ་དེ་དག་འདིར་ནི་འཆར་བར་བྱེད་དེ། གལ་ཏེ་དེ་ལ་ས་སྐྱེས་ལ་སོགས་གཟའ་དག་མ་གྱུར་ནའོ་ཞེས་པ་དགའ་བ་ལ་ས་སྐྱེས་དང་། བཟང་པོ་ལ་གཟའ་ལག་དང་། རྒྱལ་བ་ལ་ཕུར་བུ་དང་། སྟོང་པ་ལ་པ་སངས་དང་། རྫོགས་པ་ལ་སྤེན་པ་སྟེ། དགའ་བ་ ལ་སོགས་པ་འདི་དག་ལ་གལ་ཏེ་ས་སྐྱེས་ལ་སོགས་པའི་གཟའ་དག་མ་གྱུར་ན་དེའི་ཚེ་འཆར་བར་འགྱུར་རོ། །རྣམ་པ་གཞན་དུ་མི་ཤིས་པ་འཆར་ཏེ་ཀྱེ་མིའི་བདག་པོ་ས་སྐྱེས་མི་ཤིས་ཤར་བར་གྱུར་ཅིང་དགའ་བ་ལ་གལ་ཏེ་སླར་ཡང་སྨིན་དྲུག་དག་དང་ལྡན་པ་ཉིད་དུ་གྱུར་པའི་དགའ་ བའི་ཚེས་དེ་ལ་གལ་ཏེ་གཡུལ་ལམ་ནད་དུ་གྱུར་ན་མི་རྣམས་དག་ནི་འཆི་བར་འགྱུར་ཏེ་དང་པོའི་དབྱངས་ཀྱིའོ་ཞེས་པ་ཐོག་མ་ནམ་མཁའི་དབྱངས་ཀྱི་ཞེས་པའི་དོན་ཏེ་སྐྱེས་པའམ་བུད་མེད་གང་གི་མིང་གི་དང་པོ་ཨ་ཡིག་ཡིན་པ་དེའོ། །དེ་བཞིན་དུ་བཟང་པོ་དང་གཟའ་ལག་ལ་གལ་ ཏེ་རྒྱུ་སྐར་མཆུར་གྱུར་ན་དེའི་ཚེ་གཉིས་པ་ཨི་ཡིག་གི་དབྱངས་ཀྱི་མིང་ཅན་འཆི་བར་འགྱུར་རོ། །དེ་བཞིན་དུ་རྒྱལ་བ་ཕུར་བུ་ལ་གལ་ཏེ་སྐག་ཏུ་གྱུར་ན་དེའི་ཚེ་གསུམ་པ་རྀ་ཡིག་གི་དབྱངས་ཀྱི་མིང་ཅན་འཆི་བར་འགྱུར་རོ། །དེ་བཞིན་དུ་སྟོང་པ་དང་པ་སངས་ལ་གལ་ཏེ་མོན་གྲུར་གྱུར་ན་ དེའི་ཚེ་བཞི་པ་ཨུ་ཡིག་གི་དབྱངས་ཀྱི་མིང་ཅན་འཆི་བར་འགྱུར་རོ། །དེ་བཞིན་དུ་རྫོགས་པ་དང་སྤེན་པ་ལ་གལ་ཏེ་བྲ་ཉེར་གྱུར་ན་དེའི་ཚེ་ལྔ་པ་ལྀ་ཡིག་གི་དབྱངས་ཀྱི་མིང་ཅན་འཆི་བར་འགྱུར་རོ། །དེ་ལྟར་དབྱངས་འཆར་བ་རྣམས་ལ་ཡང་རྒྱུ་སྐར་དང་གཟའི་དབང་གིས་འཆི་བའི་ སྦྱོར་བར་འགྱུར་རོ། །དེ་བཞིན་དུ་གཟའ་ཉི་མ་དག་ལ་དགའ་བ་འཆར་བ་རྣམས་ཀྱི་གཡུལ་དུ་རྨར་འགྱུར་ཏེ་གཟིར་བ་རྣམས་ཉོན་མོངས་པར་འགྱུར་རོ། །དེ་བཞིན་དུ་གཟའ་ཟླ་བ་ལ་ནི་བཟང་པོ་འཆར་བ་རྣམས་ཀྱི་ཡང་ཤེས་པར་བྱའོ། །བདེན་པར་འཆར་བ་ལྔ་པོ་རྣམས་ཀྱི་སྟེ་ ཨ་ཡིག་ལ་སོགས་པ་རང་རང་གི་ཚེས་ལ་ཤར་བ་རྣམས་ཀྱི་འབྲས་བུ་མང་པོར་འཆི་བའི་སྦྱོར་བས་དམན་པ་དག་ལ་འགྱུར་རོ། །ནད་དང་གཡུལ་དང་ཡུལ་དུ་བགྲོད་པ་དང་བག་མ་ལེན་པའི་དུས་དག་ཏུ་དགེ་བ་དང་མི་དགེ་བའི་འབྲས་བུ་དེ་ཉིད་མཚན་མས་ཤེས་པར་བྱའོ། །དེ་ལྟར་ རྒྱུ་སྐར་གཟའ་སྔར་བརྗོད་པའི་རིམ་པས་ཏེ་དབྱངས་ཚོགས་ཚེས་རྣམས་དག་ནི་དེ་ཉིད་ལྔའི་རབ་ཏུ་དབྱེ་བ་ཡིས་ཞེས་པ་ནི་སླར་ཡང་དབྱངས་རྣམས་འཆར་བ་འདི་ཉིད་ཕྱོགས་དང་ཟླ་བ་དང་བགྲོད་པ་དང་ལོ་དང་ལོ་དྲུག་ཅུ་ལ་ཡང་འགྱུར་བ་སྟེ། འདིར་ནག་པ་ལ་སོགས་ པ་ནས་འཆར་བ་ནི་ནག་པ་ལ་སོགས་པའི་ཟླ་བ་གཉིས་ལ་ཉིན་ཞག་དྲུག་ཅུ་སྟེ་དེ་དག་ལ་ཉིན་ཞག་བཅུ་གཉིས་ཀྱིས་རིམ་པ་བཞིན་དུ་ཨ་ཡིག་ལ་སོགས་པ་རྣམས་འཆར་བར་འགྱུར་ཏེ་ནག་པའི་དཀར་པོའི་ཚེས་གཅིག་ལ་སོགས་པ་ཇི་སྲིད་པར་ཟླ་བ་གཉིས་པའི་ཡང་དཀར་པོའི་ཚེས་གཅིག་ གོ། །དེ་ལྟ་ན་ལོ་ཟླ་དུས་ཀྱི་དབྱེ་བས་དབྱངས་ལྔ་པོ་རྣམས་ལན་དྲུག་ཡོངས་སུ་འཁོར་བར་འགྱུར་རོ། །ཕྱོགས་ལ་འཆར་བའི་ཡུལ་ལ་ཡང་ཉིན་ཞག་བཅུ་གཉིས་ཀྱིས་ཕྱོགས་ཀྱི་དབྱེ་བའོ། །དེ་བཞིན་དུ་ལོའི་ཉིན་ཞག་སུམ་བརྒྱ་དྲུག་ཅུ་ལ་བདུན་ཅུ་རྩ་གཉིས་ཀྱིས་ཨ་ཡིག་ལ་སོགས་ རྣམས་རིམ་པས་འཆར་བར་ཤེས་པར་བྱ་སྟེ་དེ་ཉིད་ནི་ནག་པ་ལ་སོགས་པའི་དཀར་པོའི་ཚེས་གཅིག་ལ་སོགས་པའི་ཟླ་བའི་དབྱེ་བའོ། །དེ་བཞིན་དུ་རབ་བྱུང་ལ་སོགས་པའི་ལོ་དྲུག་ཅུ་ལ་དབྱངས་ལྔ་པོ་རྣམས་རིམ་པ་བཞིན་དུ་དབྱངས་རེ་རེ་ཟླ་བ་དྲུག་གིས་འཆར་ཏེ་ཉི་ཤུ་རྩ་བཞི་ཡོངས་སུ་ བསྐོར་བས་སླར་ཡང་སཱ་ར་གྱི་ཆོ་གའོ་ཞེས་པ་ནི་བགྲོད་པ་ལ་འཆར་བའོ། །རབ་བྱུང་ལ་སོགས་པའི་ལོ་བཅུ་གཉིས་ལ་འཆར་བ་ནི་རབ་བྱུང་ལ་སོགས་པ་རྣམས་དེ་བཞིན་དུ་ཡོངས་སུ་བསྐོར་བ་སྟེ་ལོ་ལ་སོགས་པ་རྣམས་ཤེས་པར་བྱའོ། །དེ་ལྟར་དབྱངས་ནི་ལྔ་པོ་རྣམས་དག་འདིར་ནི་འཆར་བར་ འགྱུར་ཏེ་དེ་ནི་སླར་ཡང་ནུབ་པའོ། །ཞེས་པ་ནི་འདིར་ཕྱོགས་ཀྱི་དབྱེ་བ་ལ་ཉིན་ཞག་བཅུ་གཉིས་ནི་དགའ་བ་སྟེ་དེ་བཞིན་དུ་བཟང་པོ་ལ་སོགས་པའོ། །ཟླ་བའི་དབྱེ་བ་ལ་ཉིན་ཞག་བདུན་ཅུ་རྩ་གཉིས་ནི་དགའ་བ་སྟེ། དེ་བཞིན་དུ་བཟང་པོ་ལ་སོགས་པ་ཡང་ངོ་། །བགྲོད་པའི་དབྱེ་བ་ལ་བགྲོད་ པ་ནི་དགའ་བ་སྟེ་དེ་བཞིན་དུ་བཟང་པོ་ལ་སོགས་པའོ། །ལོའི་དབྱེ་བ་ལ་ལོ་བཅུ་གཉིས་ནི་དགའ་བ་སྟེ་དེ་བཞིན་དུ་བཟང་པོ་ལ་སོགས་པ་ཡང་ངོ་། །དང་པོ་ལ་ནི་དབྱངས་དང་པོ་རྣམས་བྱིས་པ་སྟེ་རང་ཚེས་ཡོན་ཏན་དབང་གིས་ཞེས་པ་ནམ་མཁའ་དང་རླུང་དང་མེ་དང་ཆུ་དང་སའི་ཡོན་ཏན་ གྱི་དབང་གིས་དང་སྒྲ་དང་རེག་དང་རོ་དང་གཟུགས་དང་དྲི་ཡི་ཡོན་ཏན་གྱི་དབང་གིས་ཏེ་གྲངས་བཞིན་ནོ། །འདིར་དགའ་བ་ལ་ཨ་ཡིག་འཆར་བའོ། །བཟང་པོ་ལ་ཨི་ཡིག་གོ། །རྒྱལ་བ་ལ་རྀ་ཡིག་གོ། །སྟོང་པ་ལ་ཨུ་ཡིག་གོ། །རྫོགས་པ་ལ་ལྀ་ཡིག་གོ། །དེ་བཞིན་དུ་རང་རང་གི་འཆར་ བའི་ཉིན་ཞག་ལས་ཉིན་ཞག་གཉིས་པ་ལ་དཔལ་ལྡན་གཞོན་ནུ་ཡང་སྟེ་བཟང་པོ་ལ་ཨ་ཡིག་གཞོན་ནུའོ། །རྒྱལ་བ་ལ་ཨི་ཡིག་གོ། །སྟོང་པ་ལ་རྀ་ཡིག་གོ། །རྫོགས་པ་ལ་ཨུ་ཡིག་གོ། །དགའ་བ་ལ་ལྀ་ཡིག་གོ། །དར་བབ་རྒན་པོ་རིམ་པས་མེ་དང་ཆུ་གཏེར་ཉིན་ཞག་ལ་སྟེ་ཞེས་པ་ ནི་རང་གི་ཉིན་ཞག་ལས་མེ་ཞེས་པ་ཉིན་ཞག་གསུམ་པ་ལ་དར་ལ་བབ་པར་འགྱུར་ཏེ་རྒྱལ་བ་ལ་ཨ་ཡིག་དར་ལ་བབ་པའོ། །སྟོང་པ་ལ་ཨི་ཡིག་གོ། །རྫོགས་པ་ལ་རྀ་ཡིག་གོ། །དགའ་བ་ལ་ཨུ་ཡིག་གོ། །བཟང་པོ་ལ་ལྀ་ཡིག་གོ། །རྒན་པོ་ཆུ་གཏེར་ཞེས་པ་ནི་རང་གི་ཚེས་ལས་ཉིན་ ཞག་བཞི་པ་ལ་སྟེ་འདིར་སྟོང་པ་ལ་ཨ་ཡིག་རྒན་པོའོ། །རྫོགས་པ་ལ་ཨི་ཡིག་གོ། །དགའ་བ་ལ་རྀ་ཡིག་གོ། །བཟང་པོ་ལ་ཨུ་ཡིག་གོ། །རྒྱལ་བ་ལ་ལྀ་ཡིག་གོ། །ལྔ་པ་ལ་ནི་ནུབ་པར་འགྱུར་ཞེས་པ་ནི་རྫོགས་པ་ལ་ཨ་ཡིག་ནུབ་པར་གྱུར་པའོ། །དགའ་བ་ལ་ཨི་ཡིག་གོ། བཟང་པོ་ལ་རྀ་ཡིག་གོ། །རྒྱལ་བ་ལ་ཨུ་ཡིག་གོ། །སྟོང་པ་ལ་ལྀ་ཡིག་གོ་ཞེས་པ་སྟེ་དབྱངས་རྣམས་ཀྱི་འཆར་བ་ལ་སོགས་པ་རྣམ་པ་ལྔའི་དབྱེ་བ་ཤེས་པར་བྱའོ། །ཨ་སོགས་དབྱངས་ལྔ་གང་དག་ངེས་པར་ཡོན་ཏན་གྱིས་བསྒྱུར་ཞེས་པ་ནི་སྙིང་སྟོབས་དང་རྡུལ་དང་མུན་པའི་ཡོན་ཏན་ གྱིས་བསྒྱུར་བས་བཅོ་ལྔར་འགྱུར་རོ། །དེ་རྣམས་སླར་ཡང་རྣམ་གཉིས་སུམ་ཅུ་ཉིད་དེ། ཨ་ཨི་རྀ་ཨུ་ལྀ། ཨ་ཨེ་ཨར་ཨོ་ཨ་ལ། ཧ་ཡ་ར་ཝ་ལ་ཞེས་པ་དགའ་བ་ལ་སོགས་པ་སུམ་འགྱུར་ཏེ་དཀར་པོའི་ཕྱོགས་ལའོ། །དེ་བཞིན་དུ་ལཱ་ཝཱ་རཱ་ཡཱ་ཧཱ། ཨཱ་ལ་ཨཽ་ཨཱར་ཨཻ་ཨཱ། ལཱྀ་ཨཱུ་ རཱྀ་ཨཱི་ཨཱ་ཞེས་པ་ནི་དགའ་མ་ལ་སོགས་པ་སྟེ་ནག་པོའི་ཕྱོགས་ལའོ། །དེ་ལྟར་ན་ཕྱོགས་གཉིས་ཀ་ལ་ཚེས་སུམ་ཅུ་རྣམས་གྲངས་བཞིན་ནོ། །ཀ་སོགས་སྡེ་པའི་ཡི་གེ་རྣམས་ལ་རང་བཞིན་ཡོན་ཏན་དབང་གིས་དབྱངས་དེ་དག་མཐའ་དག་སྦྱར་བར་བྱ་བ་སྟེ། ཐུང་ངུ་རྣམས་ནི་འདིར་ཡང་ དཀར་པོའི་ཕྱོགས་ལ་འཆར་བར་འགྱུར་ཏེ་དེ་ཉིད་ལྔ་ཡི་དབྱེ་པ་ཡིས་ཞེས་པ་ནི་འདིར་གསལ་བྱེད་གང་ཞིག་དབྱངས་ཐུང་ངུས་བརྗོད་པ་དེ་ནི་དཀར་པོའི་ཕྱོགས་ལ་འཆར་རོ། །རིང་པོ་རྣམས་ནི་ནག་པོའི་ཕྱོགས་ལ་སྟེ་དེ་བཞིན་དུ་གང་ཞིག་དབྱངས་རིང་པོས་བརྗོད་པའི་གསལ་བྱེད་ རིང་པོ་ནི་ནག་པོའི་ཕྱོགས་ལ་འཆར་རོ། །འདིར་གསལ་བྱེད་ཀྱི་ཡུལ་ལ་ཉི་མ་འཕོ་བའི་ཕྱོགས་སུ་རིག་པར་བྱ་སྟེ་སྤྲོ་བ་དང་བསྡུ་བའི་སྦྱོར་བས་སོ། །ཉི་ཤུ་རྩ་བདུན་རྒྱུ་སྐར་དེ་ལ་ཞེས་པ་རྒྱུ་སྐར་གྱི་ཚོགས་ཉི་ཤུ་རྩ་བདུན་ཏེ་དེ་དག་ལས་རྐང་པ་དང་བཅས་པའི་རྒྱུ་སྐར་གཉིས་ཀྱིས་ཉི་མའི་དུས་ སྦྱོར་བཅུ་གཉིས་སོ། །གསལ་བར་མདའ་ཞེས་པ་ནི་དེ་དག་ཆུ་ཚོད་ལྔའི་བདག་ཉིད་ཀྱི་ཆ་དགུ་པའོ། །འདི་དག་རྣམས་ཀྱང་རང་བཞིན་གསུམ་སྟེ་གཡོ་བ་ལུག་ལ་སོགས་པ་དང་བརྟན་པ་གླང་ལ་སོགས་པ་དང་མཉམ་པ་གཉིས་ཀྱི་རང་བཞིན་འཁྲིག་པ་ལ་སོགས་པའོ། །ལུག་དང་ཀཪྐ་ ཊ་དང་སྲང་དང་ཆུ་སྲིན་ནི་གཡོ་བ་བཞིའོ། །གླང་དང་སེང་གེ་དང་སྡིག་པ་དང་བུམ་པ་ནི་བརྟན་པའོ། །འཁྲིག་པ་དང་བུ་མོ་དང་གཞུ་དང་ཉ་ནི་གཉིས་ཀྱི་རང་བཞིན་ནོ། །དེ་ལྟར་དེ་དག་རྟག་པ་ཉིད་དུ་འཆར་ཏེ་ཉིན་མཚན་ལ་བཅུ་གཉིས་སོ། །འདིར་འདྲི་བའི་དུས་སུ་གཡོ་བ་རྣམས་ཀྱིས་ བྱ་བ་མྱུར་དུ་འགྱུར་རོ། །བརྟན་པ་རྣམས་ཀྱིས་བརྟན་པའོ། །གཉིས་ཀྱི་རང་བཞིན་རྣམས་ཀྱིས་བྱ་བ་འབྲིང་པོའོ། །དེ་ལ་ཡུད་ཙམ་སུམ་ཅུ་རྣམས་དང་ཞེས་པ་དུས་སྦྱོར་གྱི་ཚོགས་དེ་ལ་ཡུད་ཙམ་སུམ་ཅུའོ། །ཉིན་ཞག་དུས་ཐུན་བརྒྱད་ཀྱི་བདག་ཉིད་ལ་ཆུ་ཚོད་དག་ཀྱང་དྲུག་ཅུ་ཁོ་ནར་འགྱུར་ རོ། །དང་པོར་དེ་ཐོག་མར་སུམ་ཅུའི་དབྱངས་རྣམས་འདིར་ནི་འཆར་བར་འགྱུར་བ་ཉིད་དེ་ཡུད་ཙམ་ཡུད་ཙམ་དག་ལའོ། །ཟླ་བའི་དབུས་སུ་ཆོས་ཀྱི་ཆ་ལ་ཞེས་པ་ནི་ཚེས་གྲངས་གཅིག་ཡུད་ཙམ་སུམ་ཅུའི་ཆར་བྱས་ནས་ཡུད་ཙམ་རེ་རེའི་ཆ་ལ་སྟེ་ཚེས་གཅིག་ལ་ཨ་ཡིག་ལ་སོགས་པའོ། ། གཉིས་པ་ལ་ཨི་ཡིག་ལ་སོགས་པའོ། །གསུམ་པ་ལ་རི་ཡིག་ལ་སོགས་པའོ། །བཞི་པ་ལ་ཨུ་ཡིག་ལ་སོགས་པའོ། །ལྔ་པ་ལ་ལི་ཡིག་ལ་སོགས་པའོ། །དྲུག་པ་ལ་ཡོན་ཏན་གྱི་ཨ་ཡིག་ལ་སོགས་པའོ། །བདུན་པ་ལ་ཨེ་ཡིག་ལ་སོགས་པའོ། །བརྒྱད་པ་ལ་ཨར་ཡིག་ ལ་སོགས་པའོ། །དགུ་པ་ལ་ཨོ་ཡིག་ལ་སོགས་པའོ། །བཅུ་པ་ལ་ཨ་ལ་ཡིག་ལ་སོགས་པའོ། །བཅུ་གཅིག་པ་ལ་ཧ་ཡིག་ལ་སོགས་པའོ། །བཅུ་གཉིས་པ་ལ་ཡ་ཡིག་ལ་སོགས་པའོ། །བཅུ་གསུམ་པ་ལ་ར་ཡིག་ལ་སོགས་པའོ། །བཅུ་བཞི་པ་ལ་ཝ་ཡིག་ལ་སོགས་པའོ། ཉ་ལ་ལ་ཡིག་ལ་སོགས་པ་སྟེ། དབྱངས་སུམ་ཅུ་རྣམས་སྤྲོ་བའི་རིམ་པས་དཀར་པོའི་ཕྱོགས་ཀྱི་ཚེས་གྲངས་སོ་སོ་ལ་སུམ་ཅུའི་དབྱེ་བས་འཆར་རོ། །དེ་ནས་ནག་པོའི་ཕྱོགས་ཀྱི་ཚེས་གཅིག་གི་ཚེས་དགའ་བ་ལ་དབྱངས་སུམ་ཅུ་པོ་རྣམས་སྡུད་པའི་རིམ་པས་འཆར་རོ། །དེ་ལ་ཚེས་ གཅིག་ལ་ལཱ་ཡིག་ལ་སོགས་པའོ། །གཉིས་པ་ལ་ཝཱ་ཡིག་ལ་སོགས་པ་སྟེ་དེ་བཞིན་དུ་ཐམས་ཅད་དོ། །ཟླ་བའི་དབུས་སུ་ཚེས་ཀྱི་ཆ་ལ་འཆར་བར་བརྗོད་དེ་དེ་དག་ནུབ་པ་དག་ཀྱང་དེ་ཉིད་ལའོ་ཞེས་པ་ཟླ་བ་ལ་སྟེ། འདིར་དབྱངས་ཡིག་གང་དཀར་པོའི་ཚེས་གཅིག་ལ་སོགས་པ་ ལ་ཤར་བ་དེ་དག་ནག་པོའི་ཚེས་གཅིག་ལ་སོགས་པ་ལ་ནུབ་པའོ། །སྟོང་པ་རླུང་མེ་ཆུ་དང་ས་རྣམས་དག་ཀྱང་ཨ་ལ་སོགས་པ་དབྱངས་ནི་ལྔ་པོ་རྣམས་ཀྱི་རིགས་ཞེས་པ་ནི་སྔར་བརྗོད་པའི་རིམ་པས་ནམ་མཁའ་ལ་སོགས་པ་རྣམས་ནི་ཨ་ཡིག་ལ་སོགས་པ་རྣམས་ཀྱི་རིགས་སོ། །སྒྲ་ གཅན་ལ་སོགས་པའི་གཟའ་རྣམས་ནི་གྲངས་བཞིན་དུ་ཐུང་ངུ་དང་རིང་པོ་རྣམས་ཀྱི་ལྷག་པའི་ལྷ་སྟེ་སྒྲ་གཅན་དང་དུས་མེ་ནི་ཨ་ཡིག་ཐུང་ངུ་དང་རིང་པོ་དག་གིའོ། །ཟླ་བ་དང་ཉི་མ་ནི་ཨི་ཡིག་དག་གིའོ། །གཟའ་ལག་དང་ས་སྐྱེས་ནི་རི་ཡིག་དག་གིའོ། །པ་སངས་དང་བླ་མ་ནི་ཨུ་ ཡིག་དག་གིའོ། །མཇུག་རིངས་དང་སྤེན་པ་ནི་ལྀ་ཡིག་དག་གི་སྟེ་འདིར་ཇི་ལྟར་རིགས་པར་ལྷག་པའི་ལྷའོ། །དེ་བཞིན་དུ་དུས་སྦྱོར་བཅུ་གཉིས་ལས་དུས་སྦྱོར་སོ་སོ་དེ་དག་ཉིན་དང་མཚན་མོའི་དབང་གིས་ཆུ་ཚོད་རྣམས་ནི་བསྒྲུབ་པར་བྱ་སྟེ་ད་ལྟར་གྱི་དུས་སྦྱོར་འཆར་བ་ལ་ཆ་ལྔ་པའོ། ། དེའི་དབུས་སུ་དབྱངས་གང་བྱུང་བའི་གཟའ་ཞེས་བྱ་བ་སྟོབས་ལྡན་དེ་ཡིས་དཀྱིལ་འཁོར་བསྒྲུབ་པར་བྱ། མི་མཉམ་པ་དང་མཉམ་པའི་དུས་སྦྱོར་གྱི་དབྱེ་བས་སྟོང་པ་ལ་སོགས་པ་དང་ས་ལ་སོགས་པ་བསྒྲུབ་པར་བྱའོ། །གཡོན་པ་དག་ལ་ཐུང་ངུའི་དབྱངས་རྣམས་འདིར་ནི་འཆར་ཏེ་ གཡོན་པ་མི་མཉམ་པའི་དུས་སྦྱོར་ལ་དབྱངས་དང་གསལ་བྱེད་ཐུང་ངུ་རྣམས་འཆར་བར་འགྱུར་རོ། །གཡས་པ་མཉམ་པའི་དུས་སྦྱོར་ནས་གཞན་རིང་པོ་བརྗོད་པའི་གསལ་བྱེད་རྣམས་སུ་འགྱུར་རོ། །དེ་བཞིན་དུ་གཡོན་ལ་སྟོང་པ་ལ་སོགས་པ་དེ་ཉིད་དཀྱིལ་འཁོར་ལྔའོ། ། སྒྲ་གཅན་ལ་སོགས་པ་གཅིག་གིས་བར་དུ་ཚོད་པའི་གཟའི་ཚོགས་ཏེ་སྒྲ་གཅན་ལ་སོགས་མཐའ་དག་ཅེས་པ་ནི་སྒྲ་གཅན་དང་ཟླ་བ་དང་གཟའ་ལག་དང་པ་སངས་དང་མཇུག་རིངས་སོ། །གཡས་པ་ལྷོའི་དུས་སྦྱོར་ལ་དེ་ཉིད་འཛིན་མ་ལ་སོགས་དཀྱིལ་འཁོར་ལྔའི་དབྱེ་བའོ། །གཟའི་ ཚོགས་ནི་ངེས་པར་ཉི་མའི་བུ་ལ་སོགས་པ་ཞེས་པ་ནི་སྤེན་པ་དང་ཕུར་བུ་དང་བཀྲ་ཤིས་དང་ཉི་མ་དང་དུས་མེའོ། །འདིར་མཉམ་པའི་དུས་སྦྱོར་ཆུ་སྲིན་ལ་ཆུ་ཚོད་ལྔ་ནི་གྲངས་བཞིན་དུ་ཨཱ་ཡིག་ལ་སོགས་པའི་དབྱངས་རྣམས་དང་། ཡོན་ཏན་དང་འཕེལ་བ་རྣམས་ཀྱིས་དབྱངས་རིང་ པོས་བརྗོད་པའི་གསལ་བྱེད་རྣམས་འཆར་རོ། །དེ་ལ་ཆུ་ཚོད་དང་པོ་སའི་དཀྱིལ་འཁོར་ལ་ཀཱའོ། །གཉིས་པ་ཆུའི་དཀྱིལ་འཁོར་ལ་ཁཱའོ། །གསུམ་པ་མེའི་དཀྱིལ་འཁོར་ལ་གཱའོ། །བཞི་པ་རླུང་གི་དཀྱིལ་འཁོར་ལ་གྷཱའོ། །ལྔ་པ་སྟོང་པའི་དཀྱིལ་འཁོར་ལ་དཱ་སྟེ་དེ་ལ་ཀ་ལ་སོགས་ པའི་གསལ་བྱེད་ཨ་ཡིག་ལ་སོགས་པས་བརྗོད་པ་དག་ནི་ཆུ་སྲིན་གྱི་དཀྱིལ་འཁོར་ལྔ་ལ་རིམ་པ་བཞིན་དུ་འཆར་རོ། །དེ་བཞིན་དུ་བུམ་པའི་སྟོང་པ་ལ་སོགས་པའི་དཀྱིལ་འཁོར་ལྔ་ལ་དབྱངས་ཐུང་ངུས་བརྗོད་པའི་ང་ལ་སོགས་པ་རྣམས་ལུགས་ལས་བཟློག་པས་རིག་པར་བྱ་སྟེ་དེ་ལ་ ཆུ་ཚོད་དང་པོ་ནི་ནམ་མཁའི་དཀྱིལ་འཁོར་ལ་ངའོ། །གཉིས་པ་ལ་གྷའོ། །གསུམ་པ་ལ་གའོ། །བཞི་པ་ལ་ཁའོ། །ལྔ་པ་སའི་དཀྱིལ་འཁོར་ལ་ཀ་འཆར་རོ། །དེ་བཞིན་དུ་ཉ་ལ་ཙཱ་ཚཱ་ཛཱ་ཛྷཱ་ཉཱའོ། །ལུག་གི་དཀྱིལ་འཁོར་ལྔ་རྣམས་ལ་ཉ་ཛྷ་ཛ་ཚ་ཙའོ། །དེ་བཞིན་དུ་གླང་ལ་ཊཱ་ ཋཱ་ཌཱ་ཌྷཱ་ཎཱའོ། །འཁྲིག་པའི་དཀྱིལ་འཁོར་ལྔ་ལ་ཎ་ཌྷ་ཌ་ཋ་ཊའོ། །དེ་བཞིན་དུ་ཀཪྐ་ཊ་ལ་པཱ་ཕཱ་བཱ་བྷཱ་མཱའོ། །སེང་གེའི་དཀྱིལ་འཁོར་ལྔ་ལ་མ་བྷ་བ་ཕ་པའོ། །བུ་མོ་ལ་ཏཱ་ཐཱ་དཱ་དྷཱ་ནཱའོ། །སྲང་གི་དཀྱིལ་འཁོར་ལྔ་ལ་ན་དྷ་ད་ཐ་ཏའོ། །དེ་བཞིན་དུ་སྡིག་པ་ལ་སཱ་ྉྤཱ་ཥཱ་ཤཱ་ྈྐཱའོ། ། གཞུའི་དཀྱིལ་འཁོར་ལྔ་ལཪྐ་ཤ་ཥ་ྉྤ་ས་སྟེ་ཆུ་ཚོད་འཆར་བ་ལ་གསལ་བྱེད་རྣམས་ནི་ལྷག་པའི་ལྷའོ། །འདིར་གསལ་བྱེད་བརྗོད་པའི་དབྱངས་ནི་གསལ་བྱེད་ཀྱི་ཡི་གེའི་དབྱངས་སུ་འགྱུར་ཞིང་དབྱངས་ནི་སྲོག་གི་དབྱངས་སུ་འགྱུར་རོ། །སྲོག་གི་དབྱངས་དེ་ཡང་ཟླ་བའི་ཆ་ལ་ཐུང་ངུ་དང་ རིང་པོའི་དབྱེ་བ་དང་ཡུད་ཙམ་གྱི་དབྱེ་བ་སྔར་བརྗོད་པས་ཤེས་པར་བྱའོ། །གསལ་བྱེད་འཆར་བ་ནི་དུས་སྦྱོར་གྱི་ཆུ་ཚོད་ཀྱི་དབྱེ་བས་ཤེས་པར་བྱའོ། །འདིར་གཡུལ་དུ་སྲོག་གི་དབྱངས་ནུབ་པར་གྱུར་ན་འཆི་ཞིང་ཡི་གེའི་དབྱངས་ནུབ་པར་གྱུར་ན་རྨ་སྟེ་ནད་པ་རྣམས་ནི་འཆི་བ་དང་ཉོན་མོངས་ པའོ། །དེ་བཞིན་དུ་གང་ལ་མིང་གི་ཡི་གེ་དང་པོ་ལ་གསལ་བྱེད་མེད་པ་དེ་ལ་དབྱངས་ཉིད་སྲོག་གི་དབྱངས་ཏེ་ཅིག་ཤོས་ནི་ཡི་གེའི་དབྱངས་སོ། །དེ་ལྟར་ན་ནང་ལ་གཡོན་དང་གཡས་ཀྱི་སྣ་བུག་ནས་དཀྱིལ་འཁོར་འབབ་པའི་དབྱེ་བས་གསལ་བྱེད་འཆར་བར་ཤེས་པར་བྱའོ། །ཕྱི་རོལ་ དུ་ཡང་དུས་ཀྱི་ཆུ་ཚོད་ཅེས་པ་ནི་དེ་ལས་དུས་ཅན་འཆར་བའི་ཆུ་ཚོད་ཕྱི་རོལ་གྱི་གཟའི་གནས་དང་མཉམ་པའོ། །གཟའི་གནས་ནི་དཀྱིལ་འཁོར་ཏེ་དེ་དང་མཉམ་པའི་དབྱངས་བཅས་གསལ་བྱེད་དང་བཅས་པ་དག་ནི་བསྒྲུབ་པར་བྱ་སྟེ་དགེ་བ་དང་མི་དགེ་བ་ཡོངས་སུ་ཤེས་པའི་དོན་དུའོ། ། ད་ནི་དྲིས་ན་ཞེས་པ་ལ་སོགས་པས་དྲིས་པ་ལས་དགེ་བ་དང་མི་དགེ་བའི་འབྲས་བུ་གསུངས་པ་དྲིས་པར་གྱུར་ན་གཡུལ་གྱི་དུས་སུ་རབ་ཏུ་འཆི་བར་འགྱུར་ཏེ་སྟོང་པ་ལ་ནི་དུས་དག་ཤར་བར་གྱུར་པ་ནའོ། །གཡས་ཀྱི་རྩར་སྟོང་པའི་དཀྱིལ་འཁོར་ལ་དུས་མེ་ཤར་བར་གྱུར་པ་ན་གཡུལ་གྱི་ སླད་དུ་གང་ཞིག་དང་པོར་འབོད་པར་བྱེད་ན་རྒྱལ་པོ་འམ་མི་བདག་དེ་ནི་རབ་ཏུ་འཆི་བར་འགྱུར་རོ། །དེ་བཞིན་དུ་རླུང་དུ་སྟེ་རླུང་གི་དཀྱིལ་འཁོར་དུ་ཉི་མ་ཤར་བ་ལ་འཕམ་པར་འགྱུར་རོ། །མེའི་དཀྱིལ་འཁོར་ལས་སྐྱེས་ཤར་བར་གྱུར་པ་ལ་རྨའོ། །ཆུའི་དཀྱིལ་འཁོར་ལ་བླ་མ་ཤར་བ་ལ་ནི་འདུ་མ་ པར་འགྱུར་རོ། །ས་ལ་སྤེན་པ་ཤར་བ་ལ་གཡུལ་དུ་འཐབ་པར་མི་འགྱུར་རོ་ཞེས་པ་ནི་འདྲི་བའི་ངེས་པའོ། །དེ་བཞིན་དུ་ནད་པ་ལ་ནི་སྟོང་པའི་དཀྱིལ་འཁོར་ལ་སོགས་པ་ལ་གྲངས་བཞིན་དུ་འཆི་བ་དང་ཉོན་མོངས་པ་དང་རྨ་དང་བདེ་བ་དང་མཉམ་པ་ཉིད་དུ་འགྱུར་ཏེ་འདྲི་བྱེད་ཀྱིས་དྲིས་པར་ གྱུར་པ་ན་ནད་པ་རྣམས་ལ་འགྱུར་རོ་ཞེས་པའོ། །གཡུལ་དུ་དགྲ་ནི་ངེས་པར་རབ་ཏུ་ཉམས། འདིར་སྔར་བརྗོད་པའི་གཡུལ་དུ་དགྲ་ནི་ངེས་པར་རབ་ཏུ་ཉམས་པར་འགྱུར་ཏེ་གཡོན་གྱི་རྩར་སྒྲ་གཅན་སྟོང་པའི་དཀྱིལ་འཁོར་ལ་ཤར་ནའོ། །ཡང་ཡིག་ནི་ཚིག་ཁ་བསྐང་བའི་དོན་ ཏོ། །རླུང་སྟེ་རླུང་གི་དཀྱིལ་འཁོར་ལ་ཟླ་བ་ཤར་བ་ན་འཕམ་པར་འགྱུར་རོ། །ཟླ་སྐྱེས་མེ་ལ་ཤར་བདག་ཕོ་ཉས་དྲིས་པ་ན་དགྲའི་རྨ་ཡང་ངོ་། །ཆུའི་དཀྱིལ་འཁོར་པ་སངས་ཤར་བ་ལ་དོན་རྙེད་པར་འགྱུར་རོ། །ས་ལ་མཇུག་རིངས་ཤར་བ་དག་ལ་དང་པོར་བརྗོད་པའི་དགྲ་ཡང་ དབང་དུ་འགྱུར་ཏེ། གཡུལ་གྱི་ཡུལ་ལའོ། །དེ་བཞིན་བགྲོད་པ་བག་མ་དག་ལ་གཡོན་གྱི་ལམ་ལ་གཟའ་རྣམས་ཀྱི་ནི་མང་བའི་འབྲས་བུར་འགྱུར་ཏེ་དྲི་བ་བྱས་པར་གྱུར་ནའོ་ཞེས་པ་སྟེ་འདྲི་བའི་དུས་སུ་སྣ་ལས་འཆར་བའི་ངེས་པའོ། །ད་ནི་དྲིས་པའི་དབྱངས་གསུངས་པ་ཕོ་ཉས་ཞེས་པ་ ལ་སོགས་པ་སྟེ། པོ་ཉས་བརྗོད་པའི་དབྱངས་རྣམས་གང་དག་ངེས་པར་བཅུ་ཡིས་བསྒྱུར་ཏེ་ཞེས་པ་གཡོན་དང་གཡས་ཀྱི་དཀྱིལ་འཁོར་རྣམས་ཀྱིས་བསྒྱུར་བའོ། །ཁྱིམ་གྱི་འཁོར་ལོ་བཅུ་གཉིས་དག་གིས་བསྲེའོ། །སླར་ཡང་དེ་དག་འབྱུང་བས་སྣུན་པ་ནི་ལྔས་བསྒྱུར་བའོ། །ཉེ་བའི་ སྐྱེ་བོ་དང་ལྡན་མཚན་མ་མཁན་པོ་མ་གཏོགས་པའི་ཉེ་བའི་སྐྱེ་བོ་དང་ལྡན་པའོ། །བདུན་གྱི་ཆའི་ལྷག་མ་ནི་གཟའི་ཆའི་ལྷག་མ་སྟེ། ཟླ་བ་སྟེ་གཟའ་གཅིག་ལ་གནས་པ་དང་། མེ་སྟེ་གཟའ་གསུམ་པ་དང་། མདའ་སྟེ་གཟའ་ལྔ་པ་དང་རི་བོ་སྟེ་གཟའ་བདུན་པ་ལ་ལྷག་མ་ལ་གནས་པར་ གྱུར་ན་མི་རྣམས་ལ་གྲུབ་པ་ཡོད་པ་མ་ཡིན་ཏེ་ཉི་མ་དང་བཀྲ་ཤིས་དང་ཕུར་བུ་དང་སྤེན་པ་སྟེ་མི་མཉམ་པ་རྣམས་ལའོ། །མིག་སྟེ་གཟའ་གཉིས་པ་དང་། རིག་བྱེད་དེ་གཟའ་བཞི་པ་དང་རོ་སྟེ་དྲུག་པ་ལ་བྱ་བ་འགྲུབ་པར་འགྱུར་ཏེ་ཤིན་ཏུ་མཉམ་པའི་གནས་སུ་གྱུར་པ་ཟླ་བ་དང་གཟའ་ལག་དང་པ་ སངས་རྣམས་ལ་ལྷག་མ་གནས་པར་གྱུར་ནའོ་ཞེས་པ་སྟེ་དྲིས་པའི་དབྱངས་ཀྱི་ངེས་པའོ། །ད་ནི་ལོ་ལ་སོགས་པའི་ཁྱད་པར་ལས་ཁྱད་པར་གསུངས་པ་ལོ་དང་ཞེས་པ་ལ་སོགས་པ་སྟེ། ལོ་སྟེ་ལོ་དྲུག་ཅུ་དང་། ཟླ་བ་བཅུ་གཉིས་དང་། ཕྱོགས་ཉི་ཤུ་རྩ་བཞི་དང་། ཉིན་དང་མཚན་ མོའི་དུས་ཉིན་མཚན་དང་ཐུན་བརྒྱད་ནི་དུས་སྦྱོར་བཅུ་གཉིས་ཀྱི་དབུས་སུ་རབ་ཏུ་ཞུགས་པ་སྟེ། དེ་དག་ལ་དགེ་བ་དང་མི་དགེ་བའི་འབྲས་བུའི་སླད་དུ་དུས་སྦྱོར་དབུས་སུ་རབ་ཏུ་ཞུགས་ཤིང་དུས་སྦྱོར་གྱི་འབྲས་བུ་ལ་ནུབ་པར་འགྱུར་བ་སྟེ་འདི་དག་གི་སྟོབས་དུས་སྦྱོར་རྒྱུ་བ་ལས་གཞན་པ་མེད་དོ་ ཞེས་པའོ། །དུས་སྦྱོར་གཅིག་ནི་ལྔའི་དབྱེ་བས་གཟའ་ཚོགས་དང་ལྡན་དབྱངས་དང་བཅས་པའི་དེ་ཉིད་ཐ་དད་དུ་འགྱུར་ཏེ་སྔར་བརྗོད་པའི་ཚོགས་སོ། །དེ་ཉིད་གཅིག་ནི་དབུགས་རྣམས་དྲུག་ཅུས་མངོན་ལྷག་ཡོན་ཏན་བརྒྱ་སྟེ་སུམ་བརྒྱའི་དུས་ཀྱི་ཆུ་ཚོད་དེ་ཆུ་ཚོད་ཀྱི་དཀྱིལ་འཁོར་དག་ ལ་གནས་སོ། །ཆུ་ཚོད་ཀྱི་ཆ་ཤས་ཆུ་སྲང་དྲུག་ཅུའོ། །དེ་ཡི་ཆ་ཤས་ཞེས་པ་ཆུ་སྲང་གི་ཆ་ཤས་ཏེ་དབུགས་དྲུག་རྣམས་སོ། མི་ཡི་དབང་ཞེས་པ་ནི་བོད་པ་སྟེ་ཁྱད་པར་ལས་ཁྱད་པར་གྱི་དབུགས་ཀྱི་སྟོབས་ངེས་པའོ། །ད་ནི་དབུགས་འབྱུང་བ་དང་འཇུག་པའི་དབུས་སུ་མི་དགེ་བ་ དང་དགེ་བའི་འབྲས་བུ་གསུངས་པ། དབུགས་འབྱུང་བ་དང་འཇུག་པ་དག་གི་དབུས་སུ་གྲངས་བཞིན་དུ་མི་དགེ་བ་དང་དགེ་བའི་འབྲས་བུ་སྟེ་འདྲི་བའི་དུས་སུ་དབུགས་འབྱུང་བ་སྟེ་ལྟེ་བ་ནས་སྲོག་ཕྱིར་འབྱུང་ན་མི་དགེ་བའི་འབྲས་བུར་འགྱུར་རོ། །འདྲི་བའི་དུས་སུ་དབུགས་འཇུག་པ་སྟེ་ཕྱི་རོལ་ནས་ ལྟེ་བར་སྲོག་རབ་ཏུ་འཇུག་པར་གྱུར་ན་དགེ་བའི་འབྲས་བུར་འགྱུར་རོ། །དེ་ཉིད་ནི་གང་ཞིག་རྣལ་འབྱོར་ལྡན་པས་ཤེས་པར་བྱེད་དེ་གཞན་རྣམས་ཀྱིས་ནི་མ་ཡིན་ནོ། །ལྷ་ཤེས་སྐར་རྩིས་པ་རྣམས་ཀྱིས་ཀྱང་དུས་ཀྱི་ཆུ་ཚོད་ཤེས་པར་བྱེད་དེ་ཉིན་ཞག་འདས་པའི་དབང་གིས་ཉི་མ་ཟླ་བ་བསྒྲུབས་ ནས་ཏེ་མི་མཉམ་པ་དང་མཉམ་པའི་དུས་སྦྱོར་གཡོན་དང་གཡས་ཀྱི་དཀྱིལ་འཁོར་གྱི་ཆུ་ཚོད་ཕྱི་རོལ་ལ་བསྒྲུབས་ནས་སོ། །ད་ལྟར་བྱུང་བ་ཤེས་པ་མིན་པར་ཏེ་དེ་ལྟར་སྔར་བརྗོད་པ་དག་ད་ལྟར་བྱུང་བའི་དུས་སུ་ཤེས་པར་གྱུར་པ་མ་ཡིན་པར་དགེ་དང་མི་དགེའི་འབྲས་བུ་འཇིག་རྟེན་འདིར་ནི་གང་བརྗོད་ པ། དེ་ནི་ལོང་པ་ཡིས་ཀྱང་ལོང་བ་བཟུང་ནས་གླང་ཆེན་སེང་གེས་གཏམས་པའི་ཐིབས་པོར་རབ་ཏུ་འཇུག་ཅེས་པ་སྟེ་དགེ་བ་དང་མི་དགེ་བ་སྟོན་པའི་འབྲས་བུའི་ངེས་པའོ། །ད་ནི་དུས་སྦྱོར་གྱི་སྦྱོར་བ་གསུངས་པ་ཕྲ་མོ་ཞེས་པ་ལ་སོགས་པ་སྟེ། ཕྲ་མོའི་རྣལ་འབྱོར་མི་ཤེས་པ་ལ་ཞེས་པ་ནི་ སྔར་བརྗོད་པའི་ཕྲ་མོའི་རྣལ་འབྱོར་དབུགས་འབྱུང་བ་དང་འཇུག་པའི་སྦྱོར་བ་མི་ཤེས་པར་གྱུར་པ་ལ་འཇིག་རྟེན་གྱི་ཐ་སྙད་ཀྱིས་གཟའ་ཡི་སྟོབས་དང་བཅས་པའི་དུས་སྦྱོར་གྱི་སྦྱོར་བ་སྦྱིན་པ་ནི་འཆར་བའི་དུས་སྦྱོར་དང་། འཆར་བ་ལས་བདུན་པའི་དུས་སྦྱོར་ལ་གལ་ཏེ་དུས་ ཀྱི་མེ་ཡོད་ན་དེའི་ཚེ་དགེ་བའི་བྱ་བ་དོན་དུ་གཉེར་བ་རྣམས་འཆི་བར་འགྱུར་རོ། །གལ་ཏེ་ཉི་མ་ཡོད་ན་དེའི་ཚེ་ནད་ཀྱིས་ཐེབས་པར་འགྱུར་རོ། །གལ་ཏེ་ས་སྐྱེས་ཡོད་ན་རྨ་འབྱུང་བར་འགྱུར་རོ། །གལ་ཏེ་སྤེན་པ་ཡོད་ན་དེའི་ཚེ་ནོར་རྣམ་པར་ཉམས་པར་འགྱུར་ཏེ། དེ་ ལྟར་ན་སྐྱེ་བའི་དུས་སྦྱོར་ཏེ་འཆར་བའི་དུས་སྦྱོར་དང་བདུན་པ་དེ་ལ་གཟའ་རྣམས་ཀྱིས་འདི་དག་ཐམས་ཅད་བྱེད་པ་གང་ཡིན་པ་དེའི་ཕྱིར་དེ་དག་སྤང་བར་བྱ་སྟེ་གསལ་བར་བདག་གི་ཚིག་གིས་དུས་སྦྱོར་གཞན་ནི་སྔགས་པས་རབ་ཏུ་སྦྱིན་པར་བྱའོ། །འདིར་འཆར་བའི་ དུས་སྦྱོར་དང་བདུན་པ་ལ་གལ་ཏེ་སྒྲ་གཅན་ཡོད་ན་དེའི་ཚེ་དགྲ་ཉམས་པར་འགྱུར་རོ། །གལ་ཏེ་ཟླ་བ་ཡོད་ན་དེའི་ཚེ་རང་ཉིད་རྒྱས་པར་འགྱུར་རོ། །གལ་ཏེ་ཟླ་སྐྱེས་ཡོད་ན་དེའི་ཚེ་གཡུལ་དུ་རྣམ་པར་རྒྱལ་བར་འགྱུར་རོ། །གལ་ཏེ་པ་སངས་ཡོད་ན་དེའི་ཚེ་དགའ་མ་ དང་བཅས་ཏེ་བུད་མེད་དང་བཅས་པའི་ནོར་དག་ཐོབ་པར་འགྱུར་རོ། །གལ་ཏེ་ཡང་དག་དུས་སྦྱོར་ཐམས་ཅད་ཀྱིས་ཏེ་གལ་ཏེ་སླར་ཡང་དུས་སྦྱོར་བཅུ་གཉིས་པོ་ཞི་བའི་གཟའ་དང་བཅས་པར་གྱུར་ན་དགེ་བར་འགྱུར་རོ། །སླར་ཡང་གལ་ཏེ་རང་ལུས་གཡོན་གྱི་རྩ་ལ་ གྱུར་པ་ན། ངེས་པར་དོན་ནི་ཐམས་ཅད་འགྲུབ་སྟེ། མཐའ་དག་ས་ཡི་སྟེང་དུ་དག་པའི་གཟའ་དང་ཚེས་ལའོ། །འདིར་དག་པའི་གཟའ་ནི་རྒྱུ་སྐར་མེ་བཞི་དང་ཉི་མའོ། །རྒྱལ་དང་བླ་མའོ། །ལྷ་མཚམས་དང་གཟའ་ལག་གོ། །སྣར་མ་དང་སྤེན་པའོ། །གྲོ་ བཞིན་དང་ཟླ་བའོ། །ཐ་སྐར་དང་བཀྲ་ཤིས་སོ། །ནམ་གྲུ་དང་པ་སངས་ཏེ་གྲུབ་པའི་སྦྱོར་བའོ། །འདིར་མི་དགེ་བ་ནི། ལྷ་མཚམས་དང་ཉི་མའོ། །སྨིན་དྲུག་དང་ཟླ་བའོ། །མོན་གྲུ་དང་ས་སྐྱེས་སོ། །ཐ་སྐར་དང་གཟའ་ལག་གོ། །མགོ་དང་བླ་མའོ། །སྣར་ མ་དང་པ་སངས་སོ། །མེ་བཞི་དང་སྤེན་པ་སྟེ་འདི་དག་ནི་འཆི་བའི་སྦྱོར་བའོ། །སྲེག་པའི་ཆོས་རྣམས་སྤངས་ནས་གཟའ་ཐམས་ཅད་དང་ཆོས་ཐམས་ཅད་དག་པ་སྟེ་བིཥྚིའི་ལོངས་སྤྱོད་ནི་སྤང་བར་བྱའོ། །འདིར་སྲེག་པའི་ཚེས་རྣམས་ནི་ཉི་མ་དང་ བཅུ་གཉིས་པ་སྲེག་པའོ། །ཟླ་བ་དང་བཅུ་གཅིག་པའོ། །བཀྲ་ཤིས་དང་བཅུ་པའོ། །གཟའ་ལག་དང་གསུམ་པའོ། །ཕུར་བུ་དང་དྲུག་པའོ། །པ་སངས་དང་གཉིས་པའོ། །སྤེན་པ་དང་བདུན་པ་སྟེ་ཚེས་གྲངས་འདི་དག་དགེ་བའི་བྱ་བ་ལ་ སྤང་བར་བྱའོ། །མི་དགེ་བའི་བྱ་བ་ལ་ནི་གདུག་པའི་གཟའ་དང་ཚེས་ལ་སོགས་པ་ཐམས་ཅད་གཟུང་བར་བྱའོ། །འདིར་ཤིན་ཏུ་ལྟུང་དང་ཡོངས་འཇོམས་དང་ཁོ་ན་འཛིན་སྤངས་པའི་སྦྱོར་བ་ཐམས་ཅད་ནི་དགེ་བའི་བྱ་བ་ལ་ཤིས་པ་སྟེ། དེ་བཞིན་དུ་སེལ་བ་ལ་ ཆུ་ཚོད་གསུམ་སྤང་བར་བྱའོ། །ཟུག་རྔུ་ལ་ཡང་ལྔ་སྤང་བར་བྱའོ། །སྐྲང་བ་དང་ཤིན་ཏུ་སྐྲང་བ་ལ་དྲུག་གོ། །ཀུན་འཇོམས་དང་རྡོ་རྗེ་ལ་དགུའོ་ཞེས་པ་ནི་སྦྱོར་བ་མ་དག་པའོ། །དེ་བཞིན་དུ་དག་པའི་གཟའ་དང་ཚེས་ལའོ་ཞེས་པ་ནི་འཇིག་རྟེན་པའི་ཐ་སྙད་ཀྱིས་ གཟའ་ལ་སོགས་པ་ཡོངས་སུ་དག་པ་སྟེ། དོན་དམ་པར་སེམས་ཅན་རྣམས་ཀྱི་སྔར་བསྒྲུབས་པའི་ལས་ཀྱིས་དགེ་བ་དང་མི་དགེ་བའི་འབྲས་བུར་འགྱུར་རོ་ཞེས་པ་ནི་དེ་བཞིན་གཤེགས་པའི་ངེས་པའོ། །ད་ནི་འཇིག་རྟེན་གྱི་ཐ་སྙད་ཀྱིས་སྐར་མ་ལ་སོགས་པའི་སྟོབས་ གསུངས་པ་རྒྱུ་སྐར་ཞེས་པ་ལ་སོགས་པ་སྟེ། རྒྱུ་སྐར་རྣམས་ནི་ཆ་གསུམ་བྱས་ནས་ཞེས་པ་ནི་རྒྱུ་སྐར་ཉི་ཤུ་རྩ་བདུན་པོ་འདི་དག་ཆ་གསུམ་སྟེ་དགུ་དང་དགུ་དང་དགུ་ཡིས་སོ། །དགུ་པ་དེ་དག་སོ་སོ་ལ་ནད་པའམ་གཡུལ་དུ་འཐབ་མོ་དག་གི་སྐྱེས་པའི་རྒྱུ་སྐར་ནི་དགུ་དགུ་ ལས་དང་པོའི་སྟེ་ཐོག་མར་འགྱུར་རོ། །དེ་ནས་གཅིག་གིས་བར་དུ་ཆོད་པའི་སྐར་མ་ནི་མི་མཉམ་པའི་གནས་ཏེ་མི་མཉམ་པའི་གནས་དེ་ལ་གལ་ཏེ་གདུག་པའི་ཉི་མ་དང་བཀྲ་ཤིས་དང་སྤེན་པ་དང་དུས་མེ་རྣམས་ནི་ཟླ་བ་དག་དང་ལྷན་ཅིག་ཏུ་གྱུར་ན་དེའི་ཚེ་ནད་པ་རྣམས་སམ་ གཡུལ་དུ་འཐབ་མོ་རྣམས་ནི་འཆི་བ་ཉིད་དེ་མཉམ་པའི་གནས་ལ་རྒྱལ་བའོ་ཞེས་པ་ནི་སྐར་མའི་སྟོབས་ཀྱི་ངེས་པའོ། །ད་ནི་གདེངས་ཅན་གྱི་འཁོར་ལོ་གསུངས་པ་ཐ་སྐར་ཞེས་པ་ལ་སོགས་པ་སྟེ། ཐ་སྐར་ལ་སོགས་པ་རྒྱུ་སྐར་ཉི་ཤུ་རྩ་བདུན་རྣམས་ ཀྱིས་རྩ་གསུམ་སྤྲུལ་ཡང་སྤྲས་པར་གྱུར་པ་རྒྱུ་སྐར་ནམ་གྲུ་ཉིད་ཀྱི་བར་དུ་སྟེ་སྡིག་ཟླ་ཞེས་པ་སྡིག་པའི་གཟའ་དང་ཟླ་བ་ནི་སྡིག་ཟླ་སྟེ་ནད་པའམ་འཐབ་མོ་བའི་སྐྱེས་པའི་རྒྱུ་སྐར་གལ་ཏེ་རྩ་གཅིག་དག་ལ་གྱུར་ན་དེའི་ཚེ་མི་རྣམས་དག་ནི་རྣམ་པར་ཉམས་ཏེ་འཆི་བར་འགྱུར་རོ་ཞེས་ པ་རྩ་གསུམ་པ་གདེངས་ཅན་གྱི་འཁོར་ལོའི་ངེས་པའོ། །རྩ་གསུམ་ལ་སྨིན་དྲུག་ལ་སོགས་པ་གཅིག་གིས་བར་དུ་ཆོད་པ་དང་དེ་བཞིན་དུ་རྩ་གསུམ་ལ་ལག་ལ་སོགས་པ་རྒྱུ་སྐར་གསུམ་གྱིས་བར་དུ་ཆོད་པ་རྣམས་ལ་ཟླ་བ་གནས་ན་གང་ཐོག་མར་གཡུལ་གྱི་སར་ ཞུགས་པ་དེ་རྣམ་པར་རྒྱལ་བར་འགྱུར་རོ། །རྩའི་ཕྱི་རོལ་གྱི་རྒྱུ་སྐར་གསུམ་པོ་རྣམས་ལ་ཟླ་བ་གནས་ན་གང་ཕྱི་ནས་ཞུགས་པ་རྣམ་པར་རྒྱལ་བར་འགྱུར་རོ་ཞེས་པ་ནི་གདེངས་ཅན་གྱི་འཁོར་ལོ་གསུམ་པའི་ངེས་པའོ། །ཚེའི་གནས་སྐབས་ཀྱི་འབྲས་བུ་གསུངས་པ་དྲུག་ དང་ཚེས་དང་ཞེས་པ་ལ་སོགས་པ་སྟེ། འདིར་རྩིབས་བརྒྱད་པའི་འཁོར་ལོ་བྱས་ལ་དེ་ནས་ཤར་ནས་དབང་ལྡན་གྱི་བར་དུ་ཉི་མ་ལ་སོགས་པའི་གཟའ་རྣམས་ཀྱི་ལོངས་སྤྱོད་ལོ་བརྒྱ་རྩ་བརྒྱད་དགོད་པར་བྱ་སྟེ་ཤར་གྱི་རྩིབས་ལ་དྲུག་གོ། །མེར་ཚེས་ཞེས་པ་བཅྭ་ལྔའོ། ། གཤིན་རྗེར་བརྒྱད་དོ། །བདེན་བྲལ་དུ་རི་ཟླ་ཞེས་པ་བཅུ་བདུན་ནོ། །ཆུ་རུ་བཅུའོ། །རླུང་དུ་བཅུ་དགུ་ཞེས་པ་གཅིག་གིས་མ་ཚང་བའི་ཉི་ཤུའོ། །བྱང་དུ་ཉི་མ་ཞེས་པ་བཅུ་གཉིས་སོ། །དབང་ལྡན་དུ་ཉི་ཤུ་གཅིག་སྟེ་ཉི་མས་དྲུག་ལོངས་སྤྱོད་དོ། །ཟླ་བས་བཅྭ་ ལྔའོ། །མིག་དམར་གྱིས་ལོ་བརྒྱད་སྤྱོད་དོ། །གཟའ་ལག་གིས་བཅུ་བདུན་སྤྱོད་དོ། །ཉི་སྐྱེས་ཀྱིས་བཅུ་སྤྱོད་དོ། །བླ་མ་སྟེ་ཕུར་བུས་བཅུ་དགུ་སྤྱོད་དོ། །ལག་འགྲོ་ཞེས་པ་སྒྲ་གཅན་ཏེ་ལོ་བཅུ་གཉིས་སྤྱོད་དོ། །དཀར་པོ་སྟེ་པ་སངས་ཀྱིས་ལོ་ཉི་ཤུ་རྩ་གཅིག་ སྤྱོད་དོ། །དེ་ལྟར་ན་ལོ་བརྒྱ་རྩ་བརྒྱད་གྲངས་བཞིན་དུ་ཉི་མ་ལ་སོགས་པ་རྣམས་ཀྱིས་ཏེ་དེ་དག་རིམ་པས་སྤྱོད་ཅེས་སོ། །སླར་ཡང་དེ་དང་ནང་གི་གནས་སྐབས་ལ་ཞེས་པ་སྟེ་འདིར་རགས་པའི་གནས་སྐབས་ལ་དྲག་པོ་རྣམས་ཀྱིས་ཞི་བ་མིན་པ་བྱེད་དེ་ཉི་མ་དང་བཀྲ་ ཤིས་དང་སྤེན་པ་དང་སྒྲ་གཅན་རྣམས་ཀྱིས་སོ། །ཞི་བ་རྣམས་ཀྱིས་ཞི་བ་བྱེད་དེ་ཟླ་བ་དང་གཟའ་ལག་དང་ཕུར་བུ་དང་པ་སངས་རྣམས་ཀྱིས་སོ་ཞེས་གྲག་གོ། །འདིར་ལོ་དྲུག་ལ་སོགས་པ་གནས་སྐབས་གཅིག་ལ་སླར་ཡང་ནང་གི་གནས་སྐབས་རྣམ་པ་བརྒྱད་དུ་འགྱུར་རོ། ། དེ་དང་ནང་གི་གནས་སྐབས་ལ་ཡང་དེ་ལས་སྡེ་པ་བརྒྱད་པོ་རྣམས་ཀྱི་ཡི་གེ་དག་གིས་ཞེས་པ་ལ། འདིར་སྡེ་པའི་ཡི་གེ་རྣམས་ནི་རྣམ་པ་གཉིས་ཏེ་གཅིག་ནི་འཇིག་རྟེན་ལ་གྲགས་པའི་བརྗོད་པས་ཡིན་ལ་གཞན་ནི་རང་བྱུང་གི་བརྗོད་པས་སོ། །འདིར་འཇིག་རྟེན་པའི་བརྗོད་པས་ ཨའི་སྡེ་པ་ནི་ཨ་ཨི་ཨུ་ཨེ་ཨོ་སྟེ་ཨ་ཨི་རྀ་ཨུ་ལྀ་ཀ་ཅེས་པ་ནི་རིགས་པའོ། །ཀའི་སྡེ་པ་ནི་ཀ་ཁ་ག་གྷ་ང་སྟེ། དེ་བཞིན་དུ་ཙའི་སྡེ་པ་དང་། ཊའི་སྡེ་པ་དང་། ཏའི་སྡེ་པ་དང་། པའི་སྡེ་པ་དང་། ཡའི་སྡེ་པ་ཡ་ར་ལ་ཝ་དང་། ཤའི་སྡེ་པ་ཤ་ཥ་ས་ཧ་ཞེས་པ་ནི་འཇིག་རྟེན་པའི་ བརྗོད་པས་སོ། །ཧ་ཡ་ཝ་ར་ལ་ཎ། ཉ་མ་ང་ཎ་ན་མ། ཛྷ་བྷ་ཉ། གྷ་ཌྷ་དྷ་ཥ། ཛ་བ་ག་ཌ་ད་ཤ །ཁ་ཕ་ཚ་ཋ་ཐ་ཙ་ཊ་ཏ་བ། ཀ་པ་ཡ། ཤ་ཥ་སར་ཞེས་པ་ལ་སོགས་པ་ནི་ནམ་མཁའ་ལ་སོགས་པའི་རིགས་པའོ། །འདི་ཉིད་ལ་ནམ་མཁའ་ལ་སོགས་པས་སྡེ་པའི་ཡི་གེ་རྣམས་ ཡོངས་སུ་དག་པ་མེད་དེ་བདེ་བྱེད་སྤྲོས་པས་བརྗོད་པའི་ཕྱིར་རོ། །འདིར་ཡང་ཨ་ཨི་རྀ་ཨུ་ལྀ་ཞེས་པ་ནི་ཉི་མའི་རགས་པའི་གནས་སྐབས་ལོ་དྲུག་དང་ནང་གི་གནས་སྐབས་ལ་རྣམ་པ་བརྒྱད་ལོངས་སྤྱོད་དོ། །དེ་བཞིན་དུ་ཧ་ཡ་ཝ་ར་ལ་ཎ་ཞེས་པ་ནི་ཟླ་བའི་ལོ་བཅྭ་ལྔ་དང་ ནང་གི་གནས་སྐབས་ལའོ། །ང་གྷ་ག་ཁ་ཀ་ནི་བཀྲ་ཤིས་ཀྱི་ལོ་བརྒྱད་དང་ནང་གི་གནས་སྐབས་ལའོ། །ཉ་ཛྷ་ཛ་ཚ་ཙ་ནི་གཟའ་ལག་གི་ལོ་བཅུ་བདུན་དང་ནང་གི་གནས་སྐབས་ལའོ། །ཎ་ཌྷ་ཌ་ཋ་ཊ་ནི་སྤེན་པའི་ལོ་བཅུ་དང་ནང་གི་གནས་སྐབས་ལའོ། །མ་བྷ་བ་ཕ་བ་ནི་ཕུར་ བུའི་ལོ་བཅུ་དགུ་དང་ནང་གི་གནས་སྐབས་ལའོ། །ན་དྷ་ད་ཐ་ཏ་ནི་སྒྲ་གཅན་གྱི་ལོ་བཅུ་གཉིས་དང་ནང་གི་གནས་སྐབས་ལའོ། །ྈྐ་ཤ་ཥ་ྉྤ་ས་ནི་དཀར་པོའི་ལོ་ཉི་ཤུ་རྩ་གཅིག་དང་ནང་གི་གནས་སྐབས་ལ་རྣམ་པ་བརྒྱད་ལོངས་སྤྱོད་དོ། །དེ་བཞིན་དུ་སྡེ་ པའི་རང་བཞིན་ནི་ཉི་མ་དང་ཟླ་བ་དང་ནམ་མཁའ་དང་རླུང་དང་མེ་དང་ཆུ་དང་ས་དང་། ཡེ་ཤེས་ཀྱི་ཁམས་ཀྱི་རང་བཞིན་ཏེ་རིམ་པ་བཞིན་དུ་ཡི་གེ་ལྔ་ལྔའི་བདག་ཉིད་ཀྱི་སྡེ་པ་བརྒྱད་པོ་རྣམས་སོ། །གང་དུ་ཨེ་ཨོ་ཨ་ར་ཨཱ་ར་ཨ་ལ་ཨཱ་ལ་ཡོད་པ་དེར་རྩ་བའི་རང་བཞིན་གཟུང་ བར་བྱའོ། །དེ་ལྟར་སྡེ་པ་བརྒྱད་ཀྱི་ཡི་གེ་རྣམས་ལས་ཡི་གེ་ལྔ་རྣམས་ལ་ཉི་མ་ལ་སོགས་པ་རྣམས་ལོ་དྲུག་ལ་སོགས་པ་རྣམས་ལ་དབྱངས་ཀྱིས་ཡུད་ཙམ་དང་། གསལ་བྱེད་ཀྱིས་དཀྱིལ་འཁོར་ལོངས་སྤྱོད་དེ། ལྔ་པ་རྣམ་པར་ཕྱེ་བ་ལས་སོ། །ཆ་བརྒྱད་ཀྱིས་ ལོ་དྲུག་ལ་སོགས་པ་རྣམས་ཀྱི་ནང་གི་གནས་སྐབས་ལའོ་ཞེས་པ་ནི། གནས་སྐབས་ཀྱི་འཁོར་ལོའི་ངེས་པའོ། །གཟའི་ལོངས་སྤྱོད་སོ་སོའི་དང་པོའི་ཆ་ལ་ཚེའི་གནས་སྐབས་ཀྱི་བདག་པོ་སྟེ་དེ་ནས་གཞན་བདུན་པོ་གོ་རིམས་བཞིན་ནོ་ཞེས་པ་ནི་ཚེའི་གནས་སྐབས་ཀྱི་ ངེས་པའོ། །ད་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་གསུངས་པ། རྒྱལ་ཞེས་པ་ལ་སོགས་པ་སྟེ། རྒྱལ་གྱི་ཟླ་བར་ཞེས་པ་རྒྱལ་འདས་ཤིང་མཆུ་འཇུག་པའི་ཉིན་ཞག་ལ་མ་རིག་པའོ། །འདིར་ཆུ་སྲིན་ལ་སོགས་པའི་ཁྱིམ་གྱི་འཁོར་ལོ་རྩིབས་བཅུ་གཉིས་པའོ། །དེ་ལ་དང་པོའི་ རྩིབས་ལ། ཆུ་སྲིན་ཏེ་དེར་ཉི་མ་སོན་པ་ལའོ། །བུམ་པར་ཉི་མ་མཆུ་ལ་ཡང་། ཡང་ཡིག་གིས་མཆུའི་མཐའ་འདི་ཉིད་དུ་དབོ་འཇུག་པའི་ཉིན་ཞག་ལ་འདུ་བྱེད་དོ། །དེ་བཞིན་དུ་དབོའི་མཐའ་ནག་པའི་དང་པོ་ཉའི་ཉིན་ཞག་ལ་རྣམ་པར་ཤེས་པའོ། །དེ་བཞིན་དུ་ནག་པའི་ མཐའ་ས་གའི་དང་པོ་ལུག་གི་ཉིན་ཞག་ལ་མིང་དང་གཟུགས་སོ། །དེ་བཞིན་དུ་ས་གའི་མཐའ་སྣྲོན་གྱི་དང་པོ་གླང་གི་ཉིན་ཞག་ལ་སྐྱེ་མཆེད་དྲུག་གོ། །དེ་བཞིན་དུ་སྣྲོན་གྱི་མཐའ་ཆུ་སྟོད་ཀྱི་དང་པོ་འཁྲིག་པའི་འཕོ་བའི་ཉིན་ཞག་ལ་རེག་པའོ། །དེ་བཞིན་དུ་ཆུ་སྟོད་ཀྱི་མཐའ་གྲོ་ བཞིན་གྱི་དང་པོ་ཀཪྐ་ཊའི་འཕོ་བའི་ཉིན་ཞག་ལ་ཚོར་བའོ། །དེ་བཞིན་དུ་གྲོ་བཞིན་གྱི་མཐའ་ཁྲུམས་ཀྱི་དང་པོ་སེང་གེའི་འཕོ་བའི་ཉིན་ཞག་ལ་སྲེད་པའོ། །དེ་བཞིན་དུ་ཁྲུམས་ཀྱི་མཐའ་ཐ་སྐར་གྱི་དང་པོ་བུ་མོའི་འཕོ་བའི་ཉིན་ཞག་ལ་ལེན་པའོ། །དེ་བཞིན་དུ་ཐ་སྐར་གྱི་མཐའ་ སྨིན་དྲུག་གི་དང་པོ་སྲང་གི་འཕོ་བའི་ཉིན་ཞག་ལ་སྲིད་པའོ། །དེ་བཞིན་དུ་སྨིན་དྲུག་གི་མཐའ་མགོའི་དང་པོ་སྡིག་པའི་འཕོ་བའི་ཉིན་ཞག་ལ་སྐྱེ་བའོ། །དེ་བཞིན་དུ་མགོའི་མཐའ་རྒྱལ་གྱི་དང་པོ་གཞུའི་འཕོ་བའི་ཉིན་ཞག་ལ་རྒ་ཤི་སྟེ། རྩིབས་བཅུ་གཉིས་པོ་རྣམས་ལ་རིམ་ པ་བཞིན་ཡན་ལག་བཅུ་གཉིས་པོ་རྣམས་ཤེས་པར་བྱའོ། །ཉི་མའི་དབྱེ་བ་དང་ཟླ་བའི་དབྱེ་བ་ནི་རྒྱལ་གྱི་ཚེས་གཅིག་ལ་སོགས་པས་ཐམས་ཅད་དུ་རབ་ཏུ་གྲགས་སོ། །གཉིས་ཀའི་བགྲོད་པའི་དབང་གིས་ཞེས་པ་ནི་འཕོ་བའི་བགྲོད་པའི་དབང་དང་ཟླ་བའི་ཕྱོགས་དང་ཚེས་ཀྱི་བགྲོད་ པའི་དབང་གིས་ཏེ་ཡན་ལག་བཅུ་གཉིས་པོ་རྣམས་སོ། །རྒྱལ་དང་མཆུ་ཡི་མཚམས་སུ་ཆུ་སྲིན་དག་ལ་ཉི་མ་གནས་པའི་གཟའ་དེ་ལ་ནི་མ་རིག་པའོ། །ཉིན་ཞག་དེ་ནས་ཉིན་ཞག་གཉིས་པ་ལ་རྒ་ཤིའོ། །གཟའ་གསུམ་པ་ལ་སྐྱེ་བའོ། །བཞི་པ་ལ་སྲིད་པའོ། །ལྔ་པ་ ལ་ལེན་པའོ། །དྲུག་པ་ལ་སྲེད་པའོ། །བདུན་པ་ལ་ཚོར་བའོ། །བརྒྱད་པ་ལ་རེག་པའོ། །དགུ་པ་ལ་སྐྱེ་མཆེད་དྲུག་གོ། །བཅུ་པ་ལ་མིང་དང་གཟུགས་སོ། །བཅུ་གཅིག་པ་ལ་རྣམ་པར་ཤེས་པའོ། །བཅུ་གཉིས་པ་ལ་འདུ་བྱེད་དོ། །གཟའ་གསུམ་པ་ལ་ཇི་ལྟ་ བ་དེ་བཞིན་དུ་བཅུ་གསུམ་པ་ལ་སྐྱེ་བའོ། །བཅུ་བཞི་པ་ལ་སྲིད་པའོ། །བཅོ་ལྔ་པ་ལ་ལེན་པའོ། །རེས་འགའ་གཟའ་བཅུ་དྲུག་པ་ལ་ཡང་སྲེད་པའོ། །ཉི་མའི་བགྲོད་པའི་དབྱེ་བས་ཡན་ལག་རྣམས་ཏེ། འཕོ་བའི་ཕྱོགས་འགའ་ཞིག་ལ་གཟའ་ བཅུ་དྲུག་ཏུ་འགྱུར་རོ་ཞེས་པ་སྟེ། གཡས་ཀྱི་རྩ་ལ་ཆུ་སྲིན་གྱི་དུས་སྦྱོར་མཉམ་པའི་དབང་གིས་སོ། །དེ་བཞིན་དུ་མཆུ་དང་དབོའི་མཚམས་སུ་བུམ་པར་ཉི་མ་སོན་པའི་གཟའ་དེ་ལ་འདུ་བྱེད་དོ། །གཉིས་པ་ལ་རྣམ་པར་ཤེས་པའོ། །གསུམ་པ་ལ་མིང་དང་གཟུགས་སོ། ། བཞི་པ་ལ་སྐྱེ་མཆེད་དྲུག་གོ། །ལྔ་པ་ལ་རེག་པའོ། །དྲུག་པ་ལ་ཚོར་བའོ། །བདུན་པ་ལ་སྲེད་པའོ། །བརྒྱད་པ་ལ་ལེན་པའོ། །དགུ་པ་ལ་སྲིད་པའོ། །བཅུ་པ་ལ་སྐྱེ་བའོ། །བཅུ་གཅིག་པ་ལ་རྒ་ཤིའོ། །བཅུ་གཉིས་པ་ལ་མ་རིག་པ་ སྟེ། གཡོན་གྱི་ཆར་བུམ་པའི་དུས་སྦྱོར་མི་མཉམ་པའི་དབང་གིས་སྤྲོ་བའི་རིམ་པས་སོ། །འདིར་གསུམ་པ་ལ་ཇི་ལྟ་བ་དེ་བཞིན་དུ་བཅུ་གསུམ་པ་ལ་མིང་དང་གཟུགས་སོ། །བཅུ་བཞི་པ་ལ་སྐྱེ་མཆེད་དྲུག་གོ། །བཅོ་ལྔ་པ་ལ་རེག་པའོ། །ཁ་ཅིག་ཏུ་བཅུ་དྲུག་པ་ལ་ ཚོར་བའོ། །དེ་ལྟར་ཐམས་ཅད་དུ་ཉི་མ་དང་ཟླ་བའི་རྒྱུ་བ་མཉམ་པ་དང་མི་མཉམ་པའི་དབྱེ་བས་ཤེས་པར་བྱ་སྟེ། གཉིས་ཀའི་ཕྱོགས་ཀྱི་འཕོ་བ་ལ་གཟའི་དབྱེ་བས་སོ། །འདིར་མ་རིག་པ་ལ་སོགས་པའི་ཡན་ལག་མི་མཉམ་པ་ནི་ཞི་བའི་བྱ་བ་ཀུན་ལ་དགེ་བ་སྟེ། མ་རིག་ པ་དང་རྣམ་པར་ཤེས་པ་དང་སྐྱེ་མཆེད་དྲུག་དང་ཚོར་བ་དང་ལེན་པ་དང་སྐྱེ་བ་ནི་མི་མཉམ་པའི་ཡན་ལག་གོ། །གང་ཞིག་འདུ་བྱེད་ལ་སོགས་པ་མཉམ་པ་ནི་ཞི་བའི་བྱ་བ་ལ་མི་དགེ་བ་སྟེ། འདུ་བྱེད་དང་མིང་དང་གཟུགས་དང་རེག་པ་དང་སྲེད་པ་དང་སྲིད་པ་དང་རྒ་ཤི་ནི་ མཉམ་པ་སྟེ། མཉམ་པ་ནི་དྲག་པོའི་ལས་ལ་ཤིས་པར་འགྱུར་རོ། །དེ་བཞིན་དུ་རྒྱལ་གྱི་ཟླ་བའི་དཀར་པོའི་ཕྱོགས་ཀྱི་ཚེས་གཅིག་ལ་མ་རིག་པའོ། །གཉིས་པ་ལ་འདུ་བྱེད་དེ་སྤྲོ་བའི་རིམ་པས་སོ། །ནག་པོའི་ཕྱོགས་ཀྱི་ཚེས་གཅིག་ལ་མ་རིག་པའོ། །གཉིས་པ་ལ་ རྒ་ཤི་སྟེ། དེ་ལྟར་ཉེ་བར་སྡུད་པའི་རིམ་པས་ཚེས་བཅུ་གཉིས་པོ་རྣམས་ལ་ཡན་ལག་བཅུ་གཉིས་སོ། །རྒྱལ་གྱི་ཟླ་བ་ལ་དཀར་པོ་དང་ནག་པོའི་ཕྱོགས་ཀྱི་དབྱེ་བས་མ་རིག་པ་ལ་སོགས་པའི་ཡན་ལག་རྣམས་ཇི་ལྟ་བ་དེ་བཞིན་དུ་མཆུ་ལ་དཀར་པོ་དང་ནག་པོའི་ཕྱོགས་ཀྱི་དབྱེ་བས་ འདུ་བྱེད་ལ་སོགས་པ་རྣམས་སྤྲོ་བ་དང་བསྡུ་བའི་དབྱེ་བས་རྟོགས་པར་བྱའོ། །དེ་བཞིན་དུ་དབོ་ལ་སོགས་པའི་དཀར་པོ་དང་ནག་པོའི་ཕྱོགས་རྣམས་ལ་རྣམ་པར་ཤེས་པ་ལ་སོགས་པ་སྟེ། ཡན་ལག་བཅུ་གཉིས་རྣམས་སོ་སོར་འགྱུར་རོ། །འདིར་འཇིག་རྟེན་པའི་ཐ་ སྙད་ཀྱིས་སྐར་རྩིས་ཤེས་པ་ལ་ཇི་ལྟ་བ་དེ་བཞིན་དུ་མངོན་པར་ཤེས་པ་དང་བྲལ་བ་རྣམས་ཀྱིས་ཤེས་པར་བྱའོ་ཞེས་པ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་ངེས་པ་སྟེ། དེས་ན་རྒྱས་པར་མ་གསུངས་སོ། །ད་ནི་སའི་སྟོབས་གསུངས་པ་ཉི་མ་ཞེས་པ་ལ་སོགས་པ་སྟེ། འདིར་སའི་དཀྱིལ་འཁོར་ཕྱོགས་བརྒྱད་ཀྱི་བདག་ཉིད་དང་ཁྱིམ་གྱི་འཁོར་ལོ་ལ་གཟའི་འཁོར་ལོ་འཁོར་བ་ཤེས་ནས། སའི་ཕྱོགས་བརྒྱད་པོ་དེ་དག་ལ་གང་དུ་ཉི་མ་མིག་དམར་མཇུག་རིངས་སྤེན་པ་ཐམས་ཅད་གཡས་ཏེ། གཡས་སམ་རྒྱབ་ཏུ་ཡང་དག་གནས་པས་དགྲ་ནི་ འཆི་བར་བྱེད་དེ་དགྲ་རྣམས་ཀྱི་མདུན་དང་གཡོན་དུ་གནས་པས་འཆི་བར་བྱེད་དོ། །གཡོན་དང་མདུན་དུ་ཞི་བའི་རང་བཞིན་གཟའ་ཚོགས་མཐའ་དག་གཡུལ་གྱི་སར་ནི་དེ་བཞིན་ཁོ་ན་དགྲ་ནི་འཆི་བར་བྱེད་དེ་ཟླ་བ་དང་གཟའ་ལག་དང་པ་སངས་དང་བླ་མ་ནི་ཞི་བའི་རང་བཞིན་ གཟའ་ཚོགས་ཏེ་དགྲ་རྣམས་ཀྱི་གཡས་དང་རྒྱབ་ན་གནས་ན་དགྲ་ནི་འཆི་བར་བྱེད་དོ་ཞེས་པ་ངེས་པའོ། །དེ་བཞིན་དུ་འཆད་པར་འགྱུར་བའི་རྣལ་འབྱོར་མ་དང་བིཥྚི་དྲག་པོ་རླུང་དང་བཅས་པ་གཡས་དང་རྒྱབ་ཏུ་བདེ་བ་སྦྱིན་པ་སྟེ། དགྲ་རྣམས་ཀྱི་གཡོན་དང་མདུན་དུ་གནས་ པས་འཆི་བར་བྱེད་པར་འགྱུར་རོ། །མཉམ་དང་མི་མཉམ་གྱུར་པ་སྟེ། དྲག་པོ་ཕྱེད་དགྲ་རྣམས་ཀྱི་གཡས་དང་རྒྱབ་ཏུ་ཡིན་ལ་དྲག་པོ་ཕྱེད་ནི་མ་ཡིན་ཞིང་ཞི་བ་ཕྱེད་གཡོན་དང་མདུན་དུ་ཡིན་ལ་ཞི་བ་ཕྱེད་ནི་མ་ཡིན་པ་དེའི་ཚེ་གཉིས་ཀའི་དཔུང་ནི་འཇོམས་པར་འགྱུར་ཏེ། གཉིས་ཀའི་དཔུང་རྣམས་འཆི་བར་འགྱུར་རོ་ཞེས་པ་ནི་ངེས་པའོ། །ད་ནི་ཚངས་མ་ལ་སོགས་པ་རྣལ་འབྱོར་མ་རྣམས་ཀྱི་སྟོབས་གསུངས་པ་ཚངས་མ་ཞེས་པ་ལ་སོགས་པ་སྟེ། འདིར་དཀར་པོའི་ཕྱོགས་སམ་ནག་པོའི་ཕྱོགས་ཀྱི་ཚེས་གཅིག་ལ་བརྒྱ་བྱིན་དུ་ཚངས་མའོ། ། གཉིས་པ་ལ་གནོད་སྦྱིན་དུ་དྲག་མོའོ། །གསུམ་པ་ལ་མེའི་མཚམས་སུ་གཞོན་ནུ་མའོ། །བཞི་པ་ལ་བདེན་བྲལ་དུ་ཁྱབ་འཇུག་མའོ། །ལྔ་པ་ལ་གཤིན་རྗེར་ཕག་མོའོ། །དྲུག་པ་ལ་ཆུར་དབང་མོའོ། །བདུན་པ་ལ་རླུང་དུ་ཙཱ་མུཎྜཱའོ། །བརྒྱད་པ་ལ་དབང་ལྡན་དུ་དཔལ་མོ་ཆེན། མོ་སྟེ་ནོར་གྱི་ཚེས་ལ་ཞེས་པ་བརྒྱད་ཀྱི་ཚེས་ལའོ། །དང་པོ་ནི་ཚེས་གཅིག་ལ་སོགས་པའོ། །དགུ་པ་ལ་ཞེས་པ་ནི་སླར་ཡང་དགུ་པ་ལ་བརྒྱ་བྱིན་དུ་ཚངས་མའོ། །བཅུ་པ་ལ་གནོད་སྦྱིན་དུ་དྲག་མོའོ། །བཅུ་གཅིག་པ་ལ་མེར་གཞོན་ནུ་མའོ། །བཅུ་གཉིས་པ་ ལ་བདེན་བྲལ་དུ་ཁྱབ་འཇུག་མའོ། །བཅུ་གསུམ་པ་ལ་གཤིན་རྗེར་ཕག་མོའོ། །བཅུ་བཞི་པ་ལ་ཆུར་དབང་མོའོ། །བཅྭ་ལྔ་པ་ལ་ཉའམ། གནམ་སྟོང་གི་ཚེས་ཕྱེད་ལ་ཙཱ་མུཎྜཱ་དང་ཚེས་ཕྱེད་ལ་དཔལ་ཆེན་མོའོ་ཞེས་པ་ནི་རིགས་པའོ། །དེ་ལྟར་ཕྱོགས་བརྒྱད་པོ་འདི་ དག་ཏུ་རྣལ་འབྱོར་མ་དེ་དག་འཆར་བར་བྱེད་དོ། །སླར་ཡང་ཚེས་གཅིག་ལ་སོགས་པའི་ཚེས་རྣམས་ལ་ཕྱེད་སྔ་མ་བརྒྱད་དུ་དབྱེ་ཞིང་ཕྱེད་ཕྱི་མ་བརྒྱད་དུ་དབྱེ་སྟེ། དེ་ལྟར་ན་ཚེས་དེ་དག་ཏུ་བརྒྱད་གཉིས་ཀྱི་དབྱེ་བ་རྣམས་ལ་འཆར་བར་ཤེས་པར་བྱའོ། །དེ་དག་རྣམས་ཀྱི་རང་ རང་གི་ཚེས་ལ་བརྒྱད་ཆ་དང་པོ་ལོངས་སྤྱོད་པ་ནི་ཆོས་ཀྱི་བདག་མོ་སྟེ་ཕྱི་ནས་ཇི་ལྟར་བརྗོད་པའི་རིམ་པས་བདུན་པོ་ལོངས་སྤྱོད་པ་ནི་བདུན་པོ་རྣམས་སོ་ཞེས་པ་ནི་རིགས་པའོ། །དེ་བཞིན་དུ་ཚེས་ཀྱི་ཕྱེད་ཕྱི་མ་ལ་ཡང་ཤེས་པར་བྱའོ་ཞེས་པ་ནི་རྣལ་འབྱོར་མའི་འཁོར་ལོ་འཆར་བའི་ ངེས་པའོ། །ད་ནི་བིཥྚི་སྟོབས་གསུངས་པ་བིཥྚི་རྣམས་ནི་དཀར་པོའི་ཕྱོགས་ཀྱི་བཞི་པ་དང་བརྒྱད་པ་དང་བཅུ་གཅིག་པ་དང་ཉ་ལ་འཆར་ཏེ་རིམ་པ་བཞིན་དུ་བརྒྱ་བྱིན་དང་གཤིན་རྗེ་དང་ནུབ་དང་བྱང་དུའོ། །ནག་པོའི་ཕྱོགས་ཀྱི་གསུམ་པ་དང་བདུན་པ་དང་བཅུ་པ་དང་བཅུ་བཞི་པ་ ལ་འཆར་ཏེ་རིམ་པ་བཞིན་དུ་མེ་དང་བདེན་བྲལ་དང་རླུང་དང་དབང་ལྡན་དུའོ་ཞེས་པ་ནི་བིཥྚི་འཆར་བའི་ངེས་པ་སྟེ་འདི་དག་གི་བྱ་བ་ནི་སྔར་ཉིད་དུ་གསུངས་སོ། །ད་ནི་དྲག་པོའི་སྟོབས་གསུངས་པ་དྲག་པོ་ཤར་ནས་ཏེ་ཤར་གྱི་ཕྱོགས་ནས་གཞན་ཕྱེད་ཆུའི་བར་དུ་འགྲོ་སྟེ་ཉིན་ཞག་དབང་ གིས་ནི་འཕོ་བ་རྒྱུ་བའི་དབང་གིས་སོ། །བྱང་དུ་ཞེས་པ་ནི་གཡོན་སྐོར་གྱིས་སོ། །བྱང་གི་ཉི་མ་ལ་ཞེས་པ་ནི་བྱང་བགྲོད་ལ་གནས་པ་ལ་སྟེ་ཆུ་སྲིན་དང་བུམ་པའི་ཕྱེད་ལ་ཤར་དུའོ། །བུམ་པའི་ཕྱེད་དང་ཉ་ལ་དབང་ལྡན་དུའོ། །ལུག་དང་གླང་གི་ཕྱེད་ལ་བྱང་ངུའོ། །གླང་གི་ཕྱེད་དང་ འཁྲིག་པ་ལ་རླུང་དུའོ། །དེའི་འོག་ཏུ་ཆུ་ནས་མེ་ལྡན་ཞེས་པ་ནི་ཉི་མ་ལྷོར་བགྲོད་པ་ལ་གནས་པ་ལ་དྲག་པོ་ལྷོར་འགྲོ་སྟེ་ཀཪྐ་ཊ་དང་སེང་གེའི་ཕྱེད་ལ་ཆུ་རུའོ། །སེང་གེའི་ཕྱེད་དང་བུ་མོ་ལ་བདེན་བྲལ་དུའོ། །སྲང་དང་སྡིག་པའི་ཕྱེད་ལ་གཤིན་རྗེར་རོ། །སྡིག་པའི་ཕྱེད་དང་གཞུ་ལ་མེ་ རུའོ་ཞེས་པ་ནི་དྲག་པོ་འཆར་བའི་ངེས་པའོ་ཞེས་པ་ལ་སོགས་པ་ཟླ་བའི་དྲག་པོ་དང་ཕྱོགས་ཀྱི་དྲག་པོ་དང་ཉིན་ཞག་གི་དྲག་པོ་དང་དུས་ཀྱི་དྲག་པོ་དང་རྣམ་པ་དྲུག་ནི་དོན་མེད་པ་སྟེ། དེས་ན་མ་གསུངས་སོ། །ད་ནི་ཐུན་ཕྱེད་པའི་སྒྲ་གཅན་གྱི་སྟོབས་གསུངས་ཏེ་འདིར་གཟའ་བདུན་ པོ་རྣམས་ལས་ཉི་མ་འཆར་བ་ལ་ཤར་ནས་ཏེ་ཤར་གྱི་ཕྱོགས་ཀྱི་ཆ་ནས་ཐུན་ཕྱེད་ཀྱི་མཇུག་ཏུ་རླུང་དུ་རབ་ཏུ་འཇུག་གོ། །དེ་ནས་ཐུན་ཕྱེད་གཞན་གྱི་མཐར་ལྷོ་རུ་འགྲོ་བར་བྱེད་དོ། །སླར་ཡང་ཐུན་ཕྱེད་གཞན་གྱི་མཐར་དབང་ལྡན་དུ་འགྲོའོ། །དེ་ནས་ཐུན་ཕྱེད་གཞན་གྱི་མཐར་ཆུ་རུ་ འགྲོའོ། །དེ་ནས་ཐུན་ཕྱེད་གཞན་གྱི་མཐར་མེར་རོ། །དེ་ནས་ཐུན་ཕྱེད་གཞན་གྱི་མཐར་གནོད་སྦྱིན་དུའོ། །དེ་ནས་ཐུན་ཕྱེད་གཞན་གྱི་མཐར་བདེན་བྲལ་དུ་འཇུག་གོ་ཞེས་པ་ནི་ཕྱོགས་བརྒྱད་པོ་རྣམས་ལ་ཉི་མ་འཆར་བ་ནས་ཉི་མ་ནུབ་པའི་བར་དུ་ངེས་པ་སྟེ་དེ་བཞིན་དུ་མཚན་མོ་ལ་ ཤེས་པར་བྱའོ། །དཔལ་ལྡན་རྩ་བའི་སྒྲ་གཅན་དོར་ནས་རླུང་དག་ལས་ཀྱང་འདི་ནི་རྣམ་པར་རྒྱལ་བར་འགྱུར་ཏེ། མཚན་མའི་འཐབ་མོ་འཐབ་མོ་པ་གཉིས་ཀྱིས་འཐབ་མོ་དང་འཁྲུག་པ་དག་ལ་ཡང་རྩ་བའི་སྒྲ་གཅན་གྱིས་ནི་དགྲའི་སྟོབས་འཇོམས་ཏེ་ཟླ་བ་ལ་སོགས་པའི་སྒྲ་ གཅན་རྣམས་ཀྱི་ནང་ན་དེ་དང་མཚུངས་པའི་སྒྲ་གཅན་གཞན་ཡོད་པ་མིན་ནོ་ཞེས་པ་ནི་ངེས་པའོ། །ང་ནི་མཚན་མའི་འཐབ་མོ་ལ་འཐབ་མོ་པའི་སྟོབས་གསུངས་པ་དབྱངས་དམན་འཐབ་མོ་པ་ནི་མཉམ་པའི་གཡུལ་མཚན་མའི་འཐབ་མོ་དང་མི་མཉམ་པའི་གཡུལ་གཉི་གའི་དཔུང་ གི་འཁྲུག་པ་ལ་སྟེ། མཉམ་དང་མི་མཉམ་གཡུལ་ལ་ལྷག་པ་དག་གིས་ཏེ་དབྱངས་ཀྱི་ཡི་གེ་ལྷག་པའི་མིང་གིས་འཇོམས་པར་བྱེད་པ་སྟེ་དབྱངས་ཐུང་ངུ་དབྱངས་རིང་པོས་འཇོམས་པར་བྱེད་དོ། །དབྱངས་རིང་པོ་ནི་དབྱངས་ཤིན་ཏུ་རིང་པོས་འཇོམས་པར་བྱེད་དོ། །སླར་ཡང་མཚན་མ་ གཞན་ནི་དབུགས་ལ་གཉིས་ཀྱི་མིང་གང་སྙིང་ལ་རབ་ཏུ་འཇུག་ན་དེ་ནི་འཁྲུག་པ་དག་ལས་རྒྱལ་བར་འགྱུར། གང་གི་མིང་དབུགས་ཕྱིར་འཐོན་པ་ལ་ཡིན་པ་དེ་ནི་འཆི་བར་འགྱུར་རོ། །སྦྱོར་བ་གཞན་ནི་ཕོ་ཉས་བརྗོད་པ་དང་པོའི་མིང་དེ་རྣམ་པར་རྒྱལ་བར་འགྱུར་ཏེ་ཕྱིས་ ཀྱི་མིང་ནི་ཕམ་པར་འགྱུར་ཞེས་པ་ནི་ངེས་པའོ། །འདུ་བ་ཞེས་པ་ནི་རྒྱལ་མཚན་དང་དུ་བ་དང་སེང་གེ་དང་ཁྱི་དང་གླང་དང་བོང་བུ་དང་གླང་པོ་ཆེ་དང་བྱ་རོག་ཅེས་པའི་འདུ་བ་རྣམས་སོ། །ཁ་དོག་ནི་ལྗང་ཁུ་དང་དཀར་པོ་དང་དམར་པོ་དང་ནག་པོ་སྟེ་དེ་བཞིན་དུ་བྲམ་ཟེ་དང་རྒྱལ་ རིགས་དང་རྗེའུ་རིགས་དང་དམངས་རིགས་སོ། །དབྱངས་ལ་སོགས་པ་ནི་ཡི་གེའི་ཚོགས་ཉིས་འགྱུར་དང་དབྱངས་ཀྱི་ཚོགས་བཞི་འགྱུར་བདུན་གྱི་ཆའི་ལྷག་མ་ནི་འབྲས་བུ་སྟེ་དབྱངས་ལ་སོགས་པ་འདི་དག་དང་དབང་ཕྱུག་གིས་སྤྲོས་པས་བརྗོད་པ་གཞན་མཉམ་པ་དང་མི་ མཉམ་པར་གྱུར་པ་རྣམས་ཀྱིས་ཀྱང་འབྲས་མེད་སྟོན་པ་ཉིད་དེ་གང་གི་ཕྱིར་མངོན་པར་ཤེས་པ་ལྔ་མེད་པའི་ཕྱིར་རོ། །འཇིག་རྟེན་གྱི་ཐ་སྙད་ཐམས་ཅད་ཀྱིས་བྱིས་པ་རྣམས་ཀུན་ཏུ་རྨོངས་པ་སྐྱེད་པར་བྱེད་པའི་ཚིག་རང་གི་ལས་ཀྱི་འབྲས་བུ་ལ་ལོངས་སྤྱོད་པ་དང་བྲལ་བ་ནི་ གཟའ་ལ་སོགས་པའི་འབྲས་བུའི་ཟོལ་གྱིས་དྲང་སྲོང་རྣམས་ཀྱིས་བརྫུན་གྱི་བཀོད་པ་བྱས་པའོ། །དབང་ཕྱུག་གི་ཆོས་ལ་གནས་པ་རྣམས་ཀྱིས་དབྱངས་འཆར་བའི་བཀོད་པ་བྱས་ཏེ། དབང་ཕྱུག་གིས་གསུངས་སོ་ཞེས་པའི་བརྫུན་གྱི་ཚིག་གིས་འཇིག་རྟེན་རྣམས་རབ་ཏུ་སླུ་བར་བྱེད་དོ། ། སྤྲོས་པ་འདི་ནི་རྒྱ་ཆེར་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་པ་ལས་བརྗོད་པར་བྱ་སྟེ་འདིར་ནི་ཆོ་གའོ། །ད་ནི་རྩ་བའི་སྒྲ་གཅན་གྱི་སྟོབས་གསུངས་པ་དུས་ཞེས་པ་ལ་སོགས་པ་སྟེ། འདིར་ས་ལ་རྒྱུ་སྐར་བྱས་ནས་ཞེས་པ་ནི་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་པོ་རྣམས་ཏེ་རྒྱུ་སྐར་གང་ལ་ཉི་མ་ ཡོད་པའི་རྒྱུ་སྐར་དེ་ཤར་གྱི་སྐར་མ་བདུན་པོ་རྣམས་ཀྱི་དབུས་སུ་ཡིན་ཞིང་གཡས་དང་གཡས་མིན་དུ་རྒྱུ་སྐར་གསུམ་སྟེ་ཐུབ་པ་ཞེས་པ་བདུན་ནི་ཤར་དུའོ། །དུས་ཀྱིས་བསྒྱུར་བ་ནི་ཤར་དུ་ཇི་ལྟ་བ་དེ་བཞིན་དུ་བྱང་དང་ནུབ་དང་གཤིན་རྗེར་རོ། །འཁོར་ལོ་འཁོར་བར་བྱེད་པ་ནི་གཡས་སྐོར་ གྱིས་ཏེ་རྒྱུ་སྐར་དགོད་པ་ནི་གཡོན་སྐོར་གྱིས་སོ། །ཉིན་མཚན་གྱིས་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་པོ་རྣམས་སོ་སོར་འཆར་བ་ལ་ལོངས་སྤྱོད་དོ། །འདིར་འཁོར་བའི་དབང་གིས་རྒྱུ་སྐར་གང་ལ་དུས་ཏེ་སྒྲ་གཅན་གྱི་མཇུག་མར་གྱུར་པ་དང་མུན་ཅན་དུ་ཡང་རབ་གྱུར་ཞེས་པ་སྟེ་འཐབ་མོའི་ས་ལ་ མི་བདག་རྣམས་ཀྱི་གཡས་སུ་དུས་དང་གལ་ཏེ་གཡས་མིན་དུ་མུན་ཅན་སྒྲ་གཅན་གྱི་གདོང་དུ་གྱུར་པ་ན་དེའི་ཚེ་གཡུལ་དུ་ལྷའི་མགོན་པོ་དག་ནི་འཕྲོག་བྱེད་དྲག་པོ་དང་བཅས་མི་རྣམས་ཀྱིས་ཀྱང་འཇོམས་པར་འགྱུར་རོ། །ལྟ་བ་ལྟུང་བས་གདོང་དང་མཇུག་མའི་སྒྲ་གཅན་གཉིས་ པོ་དེ་དག་ལ་ཡང་གཡུལ་དུ་དགྲའི་སྡེ་རྣམས་དག་ནི་འཕྲལ་དུ་ངེས་པར་ལྟུང་སྟེ་ལྟོ་ཡི་དབུས་སུ་རྒྱལ་བར་འགྱུར་རོ། །འདིར་གལ་ཏེ་ཤར་དུ་གདོང་བ་དང་ནུབ་ཏུ་མཇུག་མ་ཡོད་ན་དེའི་ཚེ་ལྷོར་ལྟ་བ་དང་བྱང་དུ་ལྟོ་བའོ། །གང་གི་ཚེ་མེ་ལ་གདོང་པ་ཡོད་ན་དེའི་ཚེ་རླུང་དུ་མཇུག་མ་དང་ བདེན་བྲལ་དུ་ལྟ་བ་དང་དབང་ལྡན་དུ་ལྟོ་བའོ། །གང་གི་ཚེ་ལྷོར་གདོང་པ་ཡོད་པ་དེའི་ཚེ་བྱང་དུ་མཇུག་མ་དང་ཆུར་ལྟ་བ་དང་ཤར་དུ་ལྟོ་བའོ། །གང་གི་ཚེ་བདེན་བྲལ་དུ་གདོང་པ་ཡོད་པ་དེའི་ཚེ་དབང་ལྡན་དུ་མཇུག་མ་དང་རླུང་དུ་ལྟ་བ་དང་མེར་ལྟོ་བའོ། །གང་གི་ཚེ་ཆུར་གདོང་པ་ཡོད་པ་ དེའི་ཚེ་ཤར་དུ་མཇུག་མ་དང་བྱང་དུ་ལྟ་བ་དང་ལྷོར་ལྟོ་བའོ། །གང་གི་ཚེ་རླུང་དུ་གདོང་པ་ཡོད་པ་དེའི་ཚེ་མེར་མཇུག་མ་དང་དབང་ལྡན་དུ་ལྟ་བ་དང་བདེན་བྲལ་དུ་ལྟོ་བའོ། །གང་གི་ཚེ་བྱང་དུ་གདོང་པ་ཡོད་པ་དེའི་ཚེར་ལྷོར་མཇུག་མ་དང་ཤར་དུ་ལྟ་བ་དང་ནུབ་ཏུ་ལྟོ་བའོ། །གང་གི་ཚེ་ དབང་ལྡན་དུ་གདོང་པ་ཡོད་པ་དེའི་ཚེ་བདེན་བྲལ་དུ་མཇུག་མ་དང་མེར་ལྟ་བ་དང་རླུང་དུ་ལྟོ་བའོ། །དེ་ལྟར་སྒྲ་གཅན་དུས་ལ་གནས་པ་རྣམས་ཏེ་གདོང་ལ་གནས་པ་དང་མཇུག་མ་ལ་གནས་པ་རྣམས་ནི་འཆི་བར་འགྱུར་རོ། །དཔུང་རྣམས་མཉམ་དུ་ལྟུང་བར་འགྱུར་བ་ནི་ལྟ་བའི་ཆ་ལ་ གནས་པ་རྣམས་ཏེ་འདིར་ལྟ་བའི་ཆ་ནི་ལྟ་བ་ལ་གནས་པའི་རྒྱུ་སྐར་བཅུ་གཉིས་རྣམས་ཀྱི་གཡས་དང་གཡོན་ནས་གསུམ་པའི་ཆ་རྒྱུ་སྐར་བཞི་ནི་སྒྲ་གཅན་གྱི་ཡིན་ལ་བཞི་ནི་དུས་ཀྱི་སྟེ། བྲང་འགྲོ་འགྲོ་བའི་དབང་གིས་དེར་ནི་སྡེ་རྣམས་བཅོམ་པར་འགྱུར་རོ། །ལྟ་བའི་ཆ་ནི་སྤངས་པ་རྣམས་ ནི་ལྟོ་ལ་གནས་པའི་རྒྱུ་སྐར་བཅུ་གཉིས་རྣམས་ཀྱི་གསུམ་པའི་ཆ་ནི་ལྟོར་ཞུགས་པ་སྟེ་རྒྱུ་སྐར་བཞི་གཡས་དང་བཞི་གཡས་མིན་དུའོ། །འདིར་ལྟ་བའི་ཆ་ལ་གནས་པ་རྣམས་ལྟོའི་ཆར་ཞུགས་པ་རྣམས་ལ་མངོན་པར་ཕྱོགས་པར་འགྱུར་ཏེ་དེ་རྣམས་དང་ལྷན་ཅིག་འཐབ་བོ། ། དེ་ལྟར་དཔལ་ལྡན་རྩ་བའི་སྒྲ་གཅན་བླ་མའི་གསུང་ལ་གནས་པ་དུས་ཀྱི་འཁོར་ལོར་ཤེས་པར་བྱ་སྟེ་བླ་མའི་གསུང་ནི་སངས་རྒྱས་ཀྱི་གསུང་ངོ་། །རྒྱུ་དེའི་ཕྱིར་དཔལ་ལྡན་རྩ་བའི་སྒྲ་གཅན་སྲིད་གསུམ་རྣམ་རྒྱལ་ཏེ་འཁྱོག་པོ་ཞེས་པ་ནི་གཟའ་དྲག་པོའོ། །ལྷ་མིན་ཞེས་པ་ནི་རྣལ་ འབྱོར་མ་དྲུག་ཅུ་སྟེ་འཁྱོག་པོ་དྲག་པོ་ལྷ་མིན་དེ་དག་གི་ནང་ན་རྣམ་པར་རྒྱལ་བའོ། །གཡུལ་གྱི་དུས་སུ་སའི་དཀྱིལ་འཁོར་ལ་གནས་ཤེས་པར་བྱ་སྟེ་གཞན་དུ་དགྲ་ནི་ཉམས་པ་མེད། དེ་ལྟར་བརྗོད་པའི་རིམ་པས་སྒྲ་གཅན་ཤེས་པར་བྱའོ་ཞེས་པ་ནི་ངེས་པའོ། །འདིར་རྣལ་འབྱོར་མ་ལ་ སོགས་པའི་སྟོབས་ཐམས་ཅད་བཏང་ནས་རྒྱལ་རིགས་རྣམས་ཀྱིས་སྒྲ་གཅན་འདི་གཅིག་པུ་གཟུང་བར་བྱ་སྟེ་གང་གིས་ཉི་མ་ཟླ་བ་ཟ་ཞིང་སྐབས་གསུམ་པ་རྣམས་འཇིགས་པར་བྱེད་ལ་དྲག་པོའི་གཟུགས་ཅན་མིག་སྨན་གྱི་མདོག་སྟེ། ས་ལ་གང་ཞིག་ཉིན་མཚན་གྱིས་ཤར་དང་ནུབ་དང་ ལྷོ་དང་བྱང་གི་ཕྱོགས་ཀྱི་ཆ་སྟེ་ཕྱོགས་བརྒྱད་པོ་རྣམས་སུ་འཁོར་བ་དེ་ཉིད་གཟུང་བར་བྱའོ་ཞེས་པ་ནི་གཡུལ་གྱི་སྟོབས་ལ་ངེས་པའོ། །ད་ནི་གདུག་པའི་དགྲའི་རྫོང་གཞོམ་པའི་དོན་དུ་འཁྲུལ་འཁོར་རྣམས་གསུངས་པ། གཡུལ་དུ་ཞེས་པ་ལ་སོགས་པ་སྟེ། གཡུལ་དུ་ཕམ་པའི་དགྲ་ བོ་དག་ནི་གལ་ཏེ་འཕྲལ་ལ་མཁར་གྱི་ནང་དུ་ཞུགས་པར་གྱུར་པ་ན་དེའི་ཚེ་ཕྱི་རོལ་དུ་འཁྲུལ་འཁོར་བྱས་ཏེ་འཁྲུལ་འཁོར་དེ་དག་གིས་འཕངས་པ་རྒྱུན་ཆད་མེད་པར་ལྟུང་བའི་རྡོ་དང་མེ་མདའ་རབ་ཏུ་འབབ་པ་དང་། རལ་གྲི་ལ་སོགས་གཅོད་པའི་འཁྲུལ་འཁོར་དག་གིས་ རང་གི་ཁྱིམ་བསྲུང་བ་བྱས་ནས་ས་གཞིའི་གནས་ལ་རྡོ་རྗེའི་གུར་དང་ལྕོགས་ནི་དབྱེ་བ་དག་གིས་ཀྱང་དེ་ཡི་རྫོང་ནི་ཕྱེ་མར་བྱས་ཏེ་ཉིན་ཞག་ཉུང་ཟད་དག་གིས་གདུག་པ་དེ་ནི་བསྒྲུབ་པར་བྱ་ཞེས་པ་ནི་རིགས་པའོ། །འདིར་ཐང་གི་ར་བའི་རྫོང་ལ་རྡོའི་འཁྲུལ་འཁོར་གྱི་མཚན་ཉིད་གསུངས་པ། ཀ་བ་ བཞི་ཞེས་པ་ལ་སོགས་པ་སྟེ། ཀ་བ་བཞི་ནི་བརྒྱད་གཉིས་ཁྲུ་ལྡན་ཞེས་པ་ནི་ཁྲུ་བཅུ་དྲུག་པ་གྲུ་བཞི་པ་ཞེང་དུ་སོར་བཅུ་དྲུག་པ་སྟེ། འཁྲུལ་འཁོར་རབ་ཀྱིའོ། །འབྲིང་གི་ཀ་བ་ནི་ཁྲུ་བཅུ་བཞི་པ་སྟེ་ཞེང་དུ་སོར་བཅུ་བཞི་པའོ། །ཐ་མའི་ཀ་བ་ནི་ཁྲུ་བཅུ་གཉིས་པ་སྟེ་ཞེང་དུ་སོར་བཅུ་ གཉིས་པའོ། །དེ་དག་ཀྱང་གནས་བརྒྱད་དུ་ཕུག་པར་གྱུར་པ་སྟེ། མཉམ་དང་མི་མཉམ་གནས་ནས་སོ། །མཉམ་པ་ནི་ཤར་དང་ནུབ་ཀྱི་མཐའ་སྟེ། མི་མཉམ་པ་ནི་ལྷོ་དང་བྱང་གི་མཐའོ། །གནས་བརྒྱད་པོ་དེ་དག་ཏུ་ཕུག་པར་གྱུར་པ་སྟེ། བུག་པའི་ཚད་ནི་གསུམ་གྱི་ཆའོ། དེ་དག་ཐ་དད་པ་རྣམས་ནི་མདུན་དུ་རྡང་བུ་བཞི་དང་གཡས་སུ་བཞི་དང་གཡོན་དུ་བཞི་དང་རྒྱབ་ཏུ་འོག་གི་ཆར་གཅིག་གིས་སོ། རྒྱབ་ཀྱི་ཀ་བ་དག་ལ་བུག་པ་ལྔ་ཉིད་དེ་མདུན་གྱི་ཀ་བ་དག་ལ་ནི་བརྒྱད་དོ། །འཁྲུལ་འཁོར་གྱི་ཚད་ནི་རྩ་བར་ཁྲུ་བཅུ་སྟེ་སྟེང་དུ་ཁྲུ་ལྔའོ། །སྒྱོགས་ མདའ་ནི་ཀ་བ་རྣམས་ལས་ཁྲུ་གཉིས་ཀྱིས་དམན་པའོ། །ཨོ་ལོག་གཅུའི་ཚད་ནི་ཁྲུ་དྲུག་པ་སྟེ། ཨོ་ལོག་གཅུའི་གཡོན་དང་གཡས་སུ་བ་ལང་གི་མཇུག་མའི་རྣམ་པའོ། །དབུས་ཀྱི་ཟླུམ་པོར་ཕྱེད་བཅས་ཁྲུ་གཉིས་དག་གོ། །ངོས་གཉིས་ཀར་སོར་ཉི་ཤུའོ། །རྩེ་མོའི་ བུམ་པ་དག