Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 083_རྒྱུད་འབུམ།_ཇ

Văn bản gốc(Tây Tạng)

Trang 11 / 21 (50.000 ký tự/trang)
ཚང་ཚིང་ཁྲོན་ངོགས་རྩུབ། །ཤིང་གཅིག་ཁང་སྟོང་མཚན་གཅིག་དབེན། །གང་འདོད་གནས་སུ་བསམ་གཏན་བརྩམ། །
དེ་ནས་བཅོམ་ལྡན་འདས་འཕྲུལ་བ་ཐམས་ཅད་ལ་ཁྱབ་པ་མེ་ལོང་ལྟ་བུ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །སྐུ་དང་ཡེ་ཤེས་ཐམས་ཅད་ལ་ཁྱབ་པར་བྱ་བའི་ཕྱིར། །སྐུ་མདོག་དཀར་པོ་ཞལ་ལྔ་དང་ལྡན་པར་བྱས་ནས། །འཇིག་རྟེན་པ་ཐམས་ཅད་ལ་གཟིགས་ནས། །རང་གི་རིགས་ཀྱི་
ཡི་གེ་ཉིད་བརྗོད་པས། སྐུ་དང་གསུང་དང་ཐུགས་དང་ཡོན་ཏན་དང་། ཕྲིན་ལས་དང་། ཡེ་ཤེས་ཀྱང་གཅིག་གི་ངོ་བོར་སྤྲུལ་པའི་སྐུར་གྱུར་ཏོ། །ཀྱེ་མ་བཅོམ་ལྡན་རྡོ་རྗེ་ཆེ། །དོན་རྣམས་བསྐྱེད་པ་ཡང་ཉིད་དོ། །མཁའ་དཀྱིལ་འོད་ཀྱིས་འགེངས་འགྱུར་བ། །སླར་ཞིང་ཁ་དོག་ལྔ་ལྡན་པ། །
ས་བོན་སྔགས་ཀྱིས་བསྐུལ་བ་ཡི། །འོད་ཀྱི་རྩེ་ཕྲག་ཐུབ་པའི་སྐུ། །ཀུན་ཀྱང་སངས་རྒྱས་གནས་ལས་སྐྱེས། །རང་ལ་ཞུགས་པས་སྐུ་རྫོགས་འགྱུར། །ཞལ་དྲུག་ཁྲོ་གཉེར་རབ་བརྗིད་པ། །མ་ཧེའི་ཞལ་ལྡན་སྟེང་གནས་པ། །འཇམ་དཔལ་ཞལ་ནི་འཛུམ་བཅས་བཞུགས། །ལྷག་
མ་དམར་དང་སེར་དང་སྔོ། །དུ་བའི་མདོག་མཚུངས་གྱེན་སྐྲར་ལྡན། །ཐོད་པ་སྐམ་རློན་རྒྱུ་མ་སྦྲུལ། །རུས་པ་རྡོ་རྗེའི་ཕྲེང་བས་བརྒྱན། །གླང་ཆེན་སྟག་ལྤགས་གྱོན་ནས་ནི། །ཧཱུྃ་ཕཊ་གླུར་ལེན་མོ་ཅན། །ནམ་མཁའི་ལུས་ཅན་ཁྲོ་བོའི་སྤྲིན། །ཡང་དང་ཡང་དུ་སྤྲོ་བྱེད་པའི། །ཕྱག་དྲུག་རབ་
ཏུ་བརྗིད་པ་སྟེ། །དབྱུག་པ་ཐོ་བ་གཏུན་ཤིང་དག །གཡས་པའི་ཕྱག་གིས་རིམ་བཞིན་འཛིན། །དགྲ་སྟ་དང་ནི་ལྕགས་ཀྱུ་དང་། །ཞགས་པ་གཡོན་པའི་ཕྱག་གིས་འཛིན། །པདྨ་ཉི་མ་མ་ཧེ་དང་། །གཤིན་རྗེའི་སྟེང་ན་འགྱིང་བག་ཅན། །ཞབས་དྲུག་གཡོན་བརྐྱང་གར་གྱིས་གནས། །འཇིག་
རྟེན་བདག་པོ་མཐར་མཛད་པའོ། །དེ་ལྟར་གང་ཞིག་དད་པ་དང་། །བློ་ལྡན་གཡོ་སྒྱུ་རབ་སྤངས་ཤིང་། །ལེགས་པར་དབང་རྣམས་ཐོབ་བྱས་ནས། །རྡོ་རྗེ་སློབ་དཔོན་མཉེས་བྱེད་པས། །ཡང་ནས་ཡང་དུ་དྲན་བྱེད་ན། །བརྟན་པ་ཆེན་པོ་ཐོབ་པར་འགྱུར། །ལྷ་ཡི་དགེ་འདུན་ང་ལ་ཉོན། །དཔའ་

བོ་འཆང་ལ་རབ་དགའ་ཞིང་། །ཤ་ཆེན་རྟག་ཏུ་མུར་བྱེད་ན། །ལས་རྣམས་དེ་ཡིས་མྱུར་དུ་འགྲུབ། །སྐུ་ནི་དུ་མ་འཕྲོ་བྱེད་ཅིང་། །སྐུ་ལ་སྐུ་རྣམས་ངེས་ཐིམ་བྱེད། །ཐམས་ཅད་སྒྱུ་མ་ཉིད་ཤེས་པས། །འཇིག་རྟེན་རྣམས་སུ་ཡིད་སད་བྱེད། །ཁོང་སྟོང་རྩ་ནི་ཀ་བ་སྟེ། །རྒྱུན་དུ་བྱང་ཆུབ་སེམས་
འཛག་བྱེད། །ཆུ་སྐྱེས་དམར་པོ་ཁ་སྦྱར་གཉིས། །ཡན་ལག་གཉིས་ཀྱིས་ལེགས་པར་བཅུན། །ཤེས་པ་འཕེལ་བ་མེ་དང་རླུང་། །ཉི་མ་ཟླ་བ་ཐབས་ལྡན་དང་། །ཤེས་རབ་ལྡན་པར་ཤེས་པར་བྱ། །གཉིས་པོ་དེ་ཉིད་རྣམ་སྤངས་ན། །ཁོང་དུ་ཆུད་པར་མི་འགྱུར་རོ། །ཆུ་སྐྱེས་ཁ་སྦྱོར་ལ་བརྟེན་ཏེ། །
གསུམ་གནས་པ་ཡི་ཏིང་འཛིན་ལ། །རྡོ་རྗེ་ཆོས་ཀྱིས་རྒྱས་བཏབ་པའི། །ཐབས་དང་ཤེས་རབ་གྲོལ་བའི་རྒྱུ། །བློ་ལྡན་འབད་པས་ཤེས་པར་འགྱུར། །དེ་ཕྱིར་དེ་ལ་བརྩོན་པར་བྱ། །ཆོས་རྣམས་ཆོས་ཉིད་དབྱེར་མེད་པས། །སྟོང་པ་ཉིད་ཀྱི་ཡེ་ཤེས་ཆེ། །མི་ཤིགས་རྟོག་བྲལ་མཚན་མ་མེད། །བདེ་ཆེན་
ཡེ་ཤེས་རྡོ་རྗེའི་སྐུར། །ཡེ་ཤེས་མི་རྟོག་རྟོག་པ་བྲལ། །རྟོག་པའི་མཚན་མ་ཐམས་ཅད་སྲེག །སྤྲོས་པའི་མཚན་མ་མཐའ་དག་ནི། །ཇི་སྙེད་སྒྱུ་མའི་རྣམ་པ་ཤེས། །དེ་ཉིད་ཤེས་ནས་གྲོལ་བའོ། །མི་ཤེས་པས་ནི་ཕྱིར་ཞིང་འཁོར། །འཇིག་རྟེན་སྐྱེ་བོ་བློ་ལྡན་འགས། །ངེས་པར་རྟོག་པ་ཐབས་ཀྱི་
མཆོག །སྡུག་བསྔལ་ཆེན་པོ་རབ་འཇིགས་ནས། །བདེ་བ་འདོད་པས་ནན་ཏན་བྱ། །དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྟོག་པའི་རྒྱུད་ཀྱི་རྒྱལ་པོ་ལས། །ཐབས་དང་ཤེས་རབ་ཀྱི་བསམ་གཏན་བསྟན་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཡང་དག་བཤད་བྱ་བ། །སྔགས་གྲུབ་པ་ལས་བྱུང་བ་ཡི། །ལས་
རྣམས་འདིར་ནི་ཤེས་བྱ་སྟེ། །དེར་ནི་ལྷ་ཡི་སྐུ་ཡང་སྦྱར། །ཞི་སོགས་བཟླས་པའི་རིམ་པ་ལ། །རྡོ་རྗེའི་དབུས་སུ་རྡོ་རྗེ་ནི། །ཉི་ཟླ་ལ་བརྟེན་ཡི་གེ་ཡི། །ཕྲེང་བ་ཁ་དོག་ལྔར་ཤེས་པ། །སྐྱེན་བུལ་སྤངས་ནས་བཀླག་པ་ནི། །མཁས་པས་བཟླས་པའི་རིམ་པའོ། །དྲག་པོའི་ལས་རྣམས་སྒྲུབ་པ་ལ། །
ཉོན་མོངས་གཅོད་པའི་འཁོར་ལོ་ནི། །སེར་པོ་རྩེ་རྩིབས་བཅུ་བ་ལ། །འོད་ཟེར་སྣ་ཚོགས་འཕྲོ་བ་བསམ། །ཞི་བར་འདོད་པའི་སྐྱེས་བུ་དེས། །སེམས་ནི་ཡང་དག་མཉམ་གཞག་ནས། །སྔགས་ཀྱི་འོད་ཀྱང་འགྲོ་གཞན་ལ། །ཕན་པའི་ཡིད་དང་ལྡན་པར་བྱ། །གྲོ་ག་རས་དང་ཤིང་ཤུན་ལ། །

གུར་གུམ་གི་ཝང་དྲི་རྣམས་ཀྱིས། །མཆོད་རྟེན་རིམ་པ་ལྔར་ལྡན་ཞིང་། །གདུགས་དང་འཁོར་ལོ་ལྡན་པར་བྱ། །སྒྲུབ་པ་པོ་ཡི་མིང་དང་རུས། །དེ་ཡི་བུམ་པའི་ནང་དུ་བྲི། །ཡེ་དྷརྨཱ་ལ་སོགས་པ་ཡི། །སྔགས་ཀྱིས་གཡོན་ནས་བསྐོར་བར་བྲི། །ཅིག་ཤོས་གཡས་ནས་གཡོན་དུ་བྲི། །
དེ་ལ་སྤེལ་ཚིག་མང་པའམ། །ཡང་ན་འཁོར་ལོའི་བར་དུ་གཞག །འཁོར་ལོ་ཀུན་ལ་ཁ་སྦྱོར་གནད། །རབ་ཏུ་གནས་པར་བྱས་ནས་ཀྱང་། །ལུས་སམ་མགུལ་ལམ་གང་བདེར་གཞག །དེས་ནི་གདོན་དང་བྱད་སྟིམས་དང་། །རིམས་དང་ཡམས་རྣམས་སེལ་བར་བྱེད། །གང་ཞིག་ཡུལ་རྣམས་
གཞོམ་འདོད་ན། །ཧུྃ་གི་ས་བོན་དང་ལྡན་པར། །མིང་ཡིག་ཙམ་པོ་བྲི་བར་བྱ། །སོ་ཕག་ཕྱེ་མ་ལྡོང་རོས་དང་། །བ་བླ་མ་ཧེའི་ཁྲག་གིས་བརྫིས། །ཟླ་གམ་གཉིས་པའི་གཟུགས་བྱས་ཏེ། །བར་དུ་གང་འདོད་བསྒྲུབ་བྱ་ཡི། །གཟུགས་བརྙན་སོར་བརྒྱད་པ་ཡི་ཚད། །བྱས་ལ་གན་རྐྱལ་དུ་གཞག་ལ། །
མ་ཧེ་གདོང་གི་སྦྱོར་བ་ཡིས། །ཁྲི་ཕྲག་གཅིག་ཏུ་སྔགས་བཟླས་ནས། །དུམ་བུ་དུམ་བུར་གཏུབས་བྱས་ཏེ། །ཆུ་བོའི་གཞུང་དུ་དོར་བྱས་ན། །སྐད་ཅིག་དེ་ལ་དེ་དབང་འགྱུར། །བྱ་རོག་འུག་པའི་གཟུགས་བྱས་ཏེ། །མ་ནུ་མ་ལི་རོ་ཙ་ནས། །ཁྱོ་ཤུག་བསྒྲུབ་བྱའི་མིང་བྲིས་ཏེ། །གཤིན་རྗེའི་ཕྱོགས་བལྟས་
གསང་སྔགས་གདོན། །རྐང་པ་གཡོན་པས་མནན་ནས་ནི། །མི་ཡི་རྗེ་ངར་ཕུར་པས་གདབ། །སྐད་ཅིག་ཙམ་ལ་དེ་དག་དབྱེ། །དེ་ནས་འདིར་ནི་བསད་པ་ཡི། །ཆོ་གའི་རིམ་པ་བཤད་པར་བྱ། །ཞལ་དྲུག་ཕྱག་དྲུག་ཞབས་དྲུག་གམ། །ཡང་ན་ཞལ་གཅིག་ཕྱག་བཞིའམ། །ཞལ་གཅིག་ཕྱག་གཉིས་
པ་ཡང་རུང་། །མ་ཧེའི་གདོང་གི་སྦྱོར་བ་ཡིས། །ཁྲག་རྣམས་སྣ་ཚོགས་ཐ་དད་དང་། །བསྒྲུབ་བྱའི་རྗེས་དང་དུག་གི་རིགས། །རྟ་དང་མ་ཧེ་བོང་བུའི་ཆུས། །སྦྲུས་པའི་བསྒྲུབ་བྱའི་ལིང་ག་བྱ། །ལུས་ལ་ཚེར་མས་གཟུགས་བྱ་ཞིང་། །ཏིལ་མར་གྱིས་ཀྱང་བསྐུ་བར་བྱ། །ཡང་ནི་ཤིང་ལོ་གྲོ་གའམ། །
དུར་ཁྲོད་རས་སམ་ཤུན་པ་ལ། །རང་ཉིད་གཅེར་བུ་སྐྲ་བཤིག་ནས། །ལུས་ནི་ཐལ་བས་བྱུགས་བྱས་ཏེ། །མངོན་སུམ་ཁྲོས་ནས་ཤ་ཆེན་བཟའ། །རབ་ཏུ་ཞིམ་པའི་ཆང་འཐུང་ཞིང་། །ནག་པོའི་ཆོས་ཀྱི་མཚན་ཕྱེད་དུས། །འཁོར་ལོ་བྲི་བ་བརྩམ་པར་བྱ། །ལེ་ཚེ་བཅུ་གཉིས་འཁོར་ལོ་ནི། །ཧཱུྃ་

དང་ཧྲཱིཿཥྚྲཱིཿདབུས་སུ་དགོད། །ཎ་ཡོ་ནི་ར་རྩིབས་མཆན་ལ། །ཡུངས་ཀར་ཏིལ་དང་སྐགས་ཁུ་དང་། །རྟ་དང་མ་ཧེ་ར་ཁྱི་ཁྲག །བྱ་རོག་འུག་པའི་སྒྲོ་ཡིས་བྲི། །ཡི་གེ་ཡ་ཡི་ལྟོ་བར་ཡང་། །མིང་དང་རུས་སུ་ལྡན་པར་བྲི། །ཕྱོགས་བཞིར་ཡི་གེ་བཅུ་པ་ནི། །མིང་དང་བཅས་པ་བྲི་བར་བྱ། །བརྒྱད་པོ་དག་
ལ་རིམ་པ་བཞིན། །ཡི་གེ་འདི་དག་བྲི་བར་བྱ། །ཨོྃ་མུ་ས་ལེ་ཙུརྞ་ར་ག་ཙ་ར་ན་ཙུ་ཤ་ན་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ། ཡི་གེ་ཡ་ལ་བསྐོར་ནས་ནི། །བསྒྲུབ་བྱ་གཟུགས་དང་ལྡན་པར་བྲི། །དེ་ཡི་མུ་ཁྱུད་དག་ལ་ནི། །ཡི་གེ་བཅུ་པ་མིང་བཅས་བྲི། །ཕྱོགས་བཞིར་རྩེ་གསུམ་རྡོ་རྗེས་མཚན། །དེ་བཞིན་རྫས་རྣམས་
མ་ལུས་པས། །འཁོར་ལོ་ལྟོ་བར་ལྡན་པ་བྲི། །གཤིན་རྗེའི་གཟུགས་ནི་རལ་གྲི་དང་། །དབྱུག་པ་འཛིན་པ་བྲིས་ནས་ནི། །དེ་དང་དེ་གཉིས་ལྟོ་སྦྱར་ལ། །མཚན་ངན་ཐོད་པའི་ནང་དུ་གཞུག །ཚ་གསུམ་སྐེ་ཚེ་དུག་མུ་ཟི། །རོ་ཉེས་བཀང་ནས་དཀྱིལ་འཁོར་ནི། །གྲུ་གསུམ་དབུས་སུ་གཞག་པར་བྱ། །
ཡུངས་དང་བྲ་བོ་སཱ་ལུ་ནག །ཛ་བྷི་བྲ་བོ་སོགས་རྣམས་ལ། །གསང་སྔགས་རྒྱལ་པོ་བརྗོད་བྱས་ཏེ། །དྲོའམ་དུ་བ་འཐུལ་བར་དུ། །རིམས་དང་རིམས་ཀྱི་ཁྲག་རྣམས་ནི། །མ་ལུས་ཟད་པར་འཐུང་བ་ཡིས། །མ་ཡེངས་པར་ནི་བསམ་གཏན་བྱ། །ཡང་ན་བསྒྲུབ་བྱ་ཟ་བར་མཐོང་། །ཤིང་གཅིག་རྩར་ནི་
རེངས་པ་དང་། །མལ་གྱི་འོག་ཏུ་ཞ་ཞིང་ལྐུགས། །ཆུ་མདོར་འབྱེད་ཅིང་རི་རྩེར་བསྐྲད། །གསད་པ་མེ་ཐབ་འོག་ཏུ་སྦ། །དགུག་པ་ལ་ནི་སྒོ་ཁང་འོག །ལྷ་འམ་འཁོར་ལོ་སྒྱུར་བའོ། །བདེ་གནས་རྣམས་ཀྱིས་དབང་དུ་འགྱུར། །མར་ཁུ་ཆེན་པོ་ཐོད་པ་ཡི། །ནང་དུ་བླུགས་ནས་བསྐོལ་བྱས་ཏེ། །བཞར་བས་
མིག་ལ་བྱུག་བྱེད་ན། །མངོན་ཤེས་དེ་ཉིད་མྱུར་དུ་འཐོབ། །རིགས་ལྡན་རྒྱལ་པོ་ལས་རྙེད་ཅིང་། །མདོག་ལྡན་ལང་ཚོ་གསར་བཀུག་ལ། །ཙནྡན་ལྡེ་གུ་མང་བྱས་ཏེ། །ལས་ཀྱི་སྦྱོར་བས་དེ་ཉིད་བཅིང་། །ཡང་ན་མེ་ལ་གདུང་བས་འགྲུབ། །ཨོྃ་བཛྲ་ཀྲོ་དྷ་ཡ་མ་རཱ་ཛཿབཛྲ་ཀཱི་ལི་ཀཱི་ལ། ཧཱ་ན་ཧ་ན་མཱ་ར་ཡ་ཕཊ།
ཅེས་བྱའི་གསང་སྔགས་བརྗོད་བྱས་ལ། །རུས་པའི་ཕུར་བས་གདབ་པར་བྱ། །གསལ་ཤིང་ལ་བཙུགས་སྐྱེས་བུ་ཡི། །རྫས་ལ་བརྟེན་ཏེ་བསྒྲུབ་པར་བྱ། །ཏིལ་མར་བྱུགས་ལ་ཐོད་པས་བཞར། །མར་མེར་བྱས་པའི་དུད་པ་ཡིས། །མིག་རྣོན་དག་ནི་འགྲུབ་པར་འགྱུར། །གསང་སྔགས་རྒྱལ་

པོ་ཐོགས་མེད་ལ། །བསྟེན་པས་ཐོབ་བྱ་མང་མོད་ཀྱང་། །འདིར་ནི་བརྗོད་པ་ཅི་ཞིག་དགོས། །ཡང་ན་འདི་ལྟར་ཤེས་བྱ་སྟེ། །རང་ཉིད་སྔགས་དང་ཏིང་འཛིན་ལྡན། །བརྩོན་ཆེན་གཞན་དུ་མ་ཡེངས་པས། །གང་དུ་བརྩམས་པ་དེ་འགྲུབ་འགྱུར། །སྨད་འཚོང་རང་བྱུང་ཉིད་
ཀྱིས་ནི། །སྔོན་བསྟན་ཙཀྲ་ལེགས་བྲིས་ཏེ། །ལིང་གའི་སྙིང་གར་བཅུག་བྱས་ལ། །རང་མདུན་ཁྲག་གི་ཟླ་གམ་སྟེང་། །ཁྲག་གིས་བྱུགས་པའི་སྟེང་དུ་གཞག །མི་འམ་རྒྱལ་པོའི་བུ་མོ་དག །དགུག་དང་དབང་གི་ཡི་གེ་ཡིས། །དེ་ཉིད་དུ་ནི་ངེས་པར་འགྱུར། །ཉལ་སའི་འོག་ཏུ་
མནན་པར་བྱ། །མི་གླང་ར་ཁྱི་བསེ་ཕག་ཁྲག །འཁོར་ལོ་བྲིས་ནས་ལིང་ག་ཡི། །མགྲིན་པར་བཅུག་ནས་བྱ་རོག་གི། །ཁྲག་གིས་ཁྲག་སྐྱུག་སྔགས་བྲིས་ནས། །ཡི་གེ་དེ་ལྡན་ཐོད་པ་རུ། །བཅུག་ནས་གསང་སྔགས་མང་བཟླས་ཏེ། །དུར་ཁྲོད་མེ་ཐབ་འོག་བཞག་ན། །
ཁྲག་སྐྱུག་པ་ལ་ཐེ་ཚོམ་མེད། །བསྲོས་ན་ཚ་བའི་ནད་ཀྱིས་འཆི། །སྦལ་ཁྲག་ཕ་ཝང་ཀླད་པ་ཡིས། །འཁོར་ལོ་དེ་ཉིད་ལེགས་བྲིས་ནས། །ལིང་གའི་མཆན་ཁུང་གཡོན་བཅུག་ལ། །གཡས་གཡོན་གླང་ཁྲག་སྦལ་ཁྲག་བྱུག །ལིང་གའི་ཕྱོགས་སུ་རང་ཉིད་ཀྱི། །རྐང་པ་
གཡོན་པའི་མཐེ་བོས་མནན། །དེ་ཚེ་བཟླས་པ་མང་བྱས་ནས། །རྒྱ་གྲམ་ལམ་དུ་མནན་ལ་གཞག །དེ་ལས་ཟློག་པ་བྲིས་ནས་ནི། །ཤིང་གཅིག་ཁོང་པར་སྦས་ན་རེངས། །རྔ་མོ་བྱ་རོག་རྒན་པོའི་ཁྲག །འཁོར་ལོ་བྲིས་ནས་ལིང་ག་ཡི། །རྐང་གཉིས་བར་བཅུག་རང་མདུན་དུ། །
ཁྲག་གིས་རྔ་མོ་གཟུགས་བྲིས་ཏེ། །དེ་ཡི་སྟེང་གཞག་རང་ཉིད་ཀྱིས། །རླུང་གི་བསམ་གཏན་ངེས་ལྡན་ན། །བསྐྲད་པ་ཉིད་དུ་ཐེ་ཚོམ་མེད། །རི་བོའི་རྩེ་ལ་འཛེགས་ཏེ་སྦ། །ནེའུ་ལེ་སྦྲུལ་རྟ་མ་ཧེ་དང་། །བྱ་རོག་འུག་པའི་ཁྲག་གིས་ནི། །ཁྱོ་ཤུག་རྐང་པའི་རྗེས་སྦྲུས་པའི། །ལིང་ག་
སོར་བརྒྱད་པར་བྱས་ཏེ། །ཁྲག་དེས་བྲིས་པའི་འཁོར་ལོ་དག །སྙིང་གར་བཅུག་པ་གཉིས་བྱས་ཏེ། །ནེའུ་ལེ་གཟུགས་བྱས་སྟེང་དུ་གཞག །ལག་གཉིས་རྟ་དང་མ་ཧེ་ཡི། །རུས་པས་བརྡུང་ཞིང་གསང་སྔགས་ཟློས། །རྩེ་འདྲུད་ཤིང་རྩར་སྦས་ན་འབྱེར། །ཙནྡན་དཀར་པོས་

ལེགས་བྲིས་ནས། །གསེར་སོགས་རིན་ཆེན་རྫས་སུ་དྲིལ། །མདུན་དུ་ཟླ་བའི་གཟུགས་སྟེང་དུ། །གཞག་ལ་ཉིན་རེའི་བསྐོར་བ་ནི། །ཇི་སྲིད་བྱས་ན་བསྲུང་བར་ངེས། །སྤྱི་བོར་བཏགས་ན་གཡུལ་ལས་རྒྱལ། །རྐང་པར་བཏགས་ན་ཆུ་སྟེང་འགྲོ། །བ་ཡི་འོ་མས་ཁྲུས་བྱས་ཏེ། །ཀུ་
ཤ་བ་མར་སོགས་མཆོད་ན། །གསོལ་བཏབ་ནད་རྣམས་ཐམས་ཅད་སྲུང་། །དེ་ནས་བཅོམ་ལྡན་འདས་ལས་ཕྲ་བ་ཐམས་ཅད་ལས་རྣམ་པར་རྒྱལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ལས་ཐམས་ཅད་ཀྱི་རྗེས་སུ་འགྲོ་བའི་སྔགས་འདི་སྐུ་དང་། གསུང་དང་ཐུགས་
རྡོ་རྗེ་ལས་ཕྱུང་ངོ་། །མཱ་ར་ཡ་ཕཊ་ཅེས་བསད་པའི་འོ། །བི་དྭེ་ཥ་ཡ་དབྱེ་བའི་འོ། །ཨུཙྪ་ཊ་ཡ་བསྐྲད་པའི་འོ། །མོ་ཧ་ཡ་རྨོངས་པའི་འོ། །བ་ཤྃ་ཀུ་རུ་དབང་དུ་བྱ་བའི་འོ། །སྟམྦྷ་ཡ་མནན་པའི་འོ། །ཨཱ་ཀརྵ་ཡ་ཛཿདགུག་པའི་འོ། །ཨོྃ་ཧྲཱིཿསྭཱ་ཧཱ་མཆོད་པའི་འོ། །ཨོྃ་ཨི་དྃ་གྷ་སྭཱ་ཧཱ་ཞལ་བསིལ་
གྱིའོ། །ཨོྃ་དུཥྚ་སྭཱ་ཧཱ་དྲིའིའོ། ཨོྃ་བྷོ་ཡྃ་ཛཿཛ་མེ་ཏོག་གིའོ། །ཨོྃ་ཥྚི་ཧ་ཧེ་ཕཊ་ཕཊ། བདུག་པའི་འོ། ཨོྃ་དཱི་པོ་དྷ་ན་མ་ཡ་སྭཱ་ཧཱ། མར་མེའིའོ། །ཨོྃ་བཛྲ་ནཻ་བིདྱ་ཨཱཿཧཱུྃ་སྭཱ་ཧཱ། ཞལ་ཟས་ཀྱིའོ། །ཨོྃ་ཀཱ་ལ་རཱུ་བ་ས་ཏྭ་ད་མ་ཀ །མ་ཧཱ་བྷཱུ་ཏ་པ་ཏི། ཨི་དྃ་བ་ལི་གྲྀཧྞཱ་པ་ཡ་སྭཱ་ཧཱ། གཏོར་མའིའོ། །
ཨོྃ་ཧྲཱིཿཡ་མ་རཱ་ཛ་ཨེ་ཧྱེ་ཧི་ཨཱ་གཙྪ་བྷ་ག་བཱ་ན་སརྦྦ་མཱྃ་ས་མེ་ད་མཛྫ། རུ་དྷི་ར་པྲི་ཡེ་བྷཀྵ་བྷཀྵ། མ་མ་སརྦྦ་སཏྭ་ད་མ་ཀ །ཀརྨ་ཀུ་རུ་སིདྷི་སྨེ་སྭཱ་ཧཱ་ལྷ་སྤྱན་དྲང་པའིའོ། །ཨོྃ་ཧྲཱིཿབཛྲ་ཛ་ཡེ་སུ་ཛ་ཡེ་མ་ཧཱ་བཛྲ་ཛ་ཡེ་མུ་ནི་བཛྲ་མུཿལྷ་ལ་སོགས་པ་གཤེགས་སུ་གསོལ་བའིའོ། །དེ་ནས་རྡོ་རྗེ་
འཛིན་པ་ཉིད་ཆོས་ཐམས་ཅད་ཀྱི་རྗེས་སུ་འགྲོ་བ་དང་། ལྡོག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། གསང་སྔགས་ཡོངས་སུ་རྫོགས་པའི་ཕྲིན་ལས་འདི་ཉིད་བཀའ་སྩལ་ཏོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཧཱུྃ་ལས་ཡོངས་སུ་རྫོགས་པ་ཡི། །རྡོ་རྗེ་
འཇིགས་བྱེད་བསམ་པར་བྱ། །དམར་པོ་ཞལ་གཅིག་ཕྱག་གཉིས་པ། །ཤེས་རབ་མོ་དང་མཉམ་དུ་སྦྱོར། །དབྱུག་པ་ཐོད་ཁྲག་ཕྱག་ན་འཛིན། །མ་ཧེ་པདྨ་ཉི་མ་ལ། །གཡོན་བརྐྱང་བ་ཡི་ཚུལ་གྱིས་བསྒོམ། །ཨོྃ་ཡ་མཱནྟ་ཀྲྀཏ་ཧཱུྃ་ཕཊ། གསང་སྔགས་རྒྱལ་པོ་འདི་བཟླས་ན། །འདོད་

པའི་དངོས་གྲུབ་ཐམས་ཅད་འབྱུང་། །ནམ་མཁའི་དབྱིངས་སུ་དབུས་གནས་པར། །ཡ་ཡིག་སྔོན་པོ་ལས་སྐྱེས་པའི། །ཁྲོ་བོ་རྡོ་རྗེ་འཇིགས་བྱེད་ནི། །པདྨ་ཉི་མའི་གདན་སྟེང་ན། །སེམས་དཔའི་སྐྱིལ་ཀྲུང་གིས་གནས་པའི། །གྲི་གུག་བི་དྷི་པ་ལ་དང་། །དགྲ་སྟ་དང་ནི་
ཐོད་ཁྲག་དང་། །ཕྱག་བཞི་པོ་ནི་རིམ་པས་འཛིན། །མ་ཧེ་ནག་པོ་ཞལ་སྟེང་ན། །འཇམ་དཔལ་ཞལ་ནི་སེར་ཞིང་འཛུམ། །དཔའ་བོ་ཆེན་པོ་རང་ཉིད་བསྒོམ། །རབ་ཏུ་ཞིམ་པའི་ཆང་བཏུང་ཞིང་། །ཤ་ཆེན་དག་ཀྱང་མུར་བར་བྱ། །མཚན་མོ་དུར་ཁྲོད་རྒྱུ་བྱེད་ཅིང་། །རྟག་པར་
གསང་སྔགས་བཟླ་བར་བྱ། །ཐིག་ལེ་འདྲེན་པའི་རྣལ་འབྱོར་ནི། །བསྒྲུབ་བྱའི་ཕྱོགས་སུ་བསམ་པར་བྱ། །ལས་རྣམས་མྱུར་དུ་འདིས་འགྲུབ་པོ། །ཡང་ན་འདི་ལྟར་ཤེས་བྱ་སྟེ། །མ་ཧེ་གདོང་གི་སྦྱོར་བ་ཡིས། །སྐུ་ཡི་ཁ་དོག་སོ་སོར་ཤེས། །ཁྱད་པར་དུ་ཡང་གསད་པ་ལ། །
ནག་པོ་མ་ཧེའི་ཞལ་ཅན་ནི། །རྩེ་གསུམ་ལྕགས་ཀྱུ་འཛིན་པ་སྟེ། །མ་ཧེ་ཤ་སྟེང་བསམ་བྱས་ན། །ཁྲག་འདྲེན་པ་ཡི་མཆོག་ཏུ་གསུངས། །རེས་འགའ་སྐུ་ལ་ཁྲོ་བོ་ནི། །ལྕགས་ཀྱུ་འཛིན་པ་གྲངས་མེད་སྤྲོ། །ཟླ་བ་སྤྱང་ཀིས་ཟིན་དུས་སུ། །བྱི་ལའི་སྡེར་མོ་ར་སྙིང་དང་། །
བྱ་ཡི་ཁྲག་དང་མི་རུས་བསྲེས། །གང་ལ་ཕོག་པ་སྨྱོ་བར་འགྱུར། །དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྟོག་པའི་རྒྱུད་ཀྱི་རྒྱལ་པོ་ལས་སྦྱོར་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །སྒྲུབ་པར་བྱེད་པའི་རྣལ་འབྱོར་པས། །དུར་ཁྲོད་རས་སམ་དཔའ་བོའི་གོས། །ཡང་
ན་མཚན་གྱི་ཁེབ་མ་ལ། །རྣམ་སྣང་མཛད་དང་རྡོ་རྗེ་ཆུས། །དཔའ་བོའི་ཁྲག་དང་ཆང་དང་དུག །གོ་རོ་ཙ་ནས་རས་ཚོས་བྱ། །ལེགས་པར་དམ་པོར་དྲུད་བྱས་ཏེ། །ལུས་ངག་ཡིད་ཀྱི་གནས་སུ་ནི། །བདུད་རྩི་ལྔ་དང་ལྡན་པའི་ཆུས། །ཡི་གེ་ཨོྃ་དང་ཨཱཿཧཱུྃ་བྲི། །སྐྲ་ཕྱེད་དུར་ཁྲོད་སོལ་བ་
དང་། །ཁྲག་ཆེན་ལྡོང་རོས་བ་བླ་ཡིས། །དབང་ཐོབ་དམ་ཚིག་སྲུང་བྱེད་ཅིང་། །ཤིན་ཏུ་གསང་ལ་དམ་པ་ཡི། །རི་མོ་མཁན་ནི་བརྩོན་ལྡན་དེས། །རྒྱུད་ཀྱི་དོན་ལ་མཁས་བྱས་ནས། །ནག་པོའི་ཚེས་ཀྱི་མཚན་ཕྱེད་དུས། །གསང་བའི་གནས་སུ་རབ་ཞུགས་ནས། །བཅོམ་

ལྡན་རྡོ་རྗེ་འཇིགས་མཛད་བྲི། །རྩ་བ་མ་ཧེ་ཁྲོས་པའི་ཞལ། །དེ་སྟེང་འཇམ་དཔལ་འཛུམ་པའི་ཞལ། །ལྷག་མ་དམར་དང་སེར་དང་སྔོ། །དུ་བའི་མདོག་མཚུངས་གྱེན་སྐྲ་ཅན། །རབ་ཏུ་བརྗིད་ཅིང་ཁྲོ་བོའི་ཞལ། །དྲུག་དང་ལྡན་པའི་སྐུ་ལུས་ཆེ། །ཐོད་པ་སྐམ་རློན་རྒྱུ་མ་སྦྲུལ། །
རུས་པ་རྡོ་རྗེ་ཕྲེང་བས་བརྒྱན། །གླང་ཆེན་སྟག་ལྤགས་གྱོན་ནས་ནི། །པདྨ་ཉི་མ་མ་ཧེ་ལ། །གཤིན་རྗེ་མནན་ནས་ཞབས་དྲུག་གིས། །གཡོན་བརྐྱང་གཡས་བསྐུམ་གར་གྱིས་འགྱིང་། །ཕྱག་དྲུག་གཡས་ཀྱི་དང་པོ་ན། །རྩེ་གཅིག་གཉིས་པ་ཐོ་བ་སྟེ། །གསུམ་པ་གཏུན་
ཤིང་མཁའ་ལ་འཕྱར། །དགྲ་སྟ་ལྕགས་ཀྱུ་ཞགས་པ་ནི། །གཡོན་པའི་ཕྱག་གིས་འཛིན་པ་བྲི། །ནམ་མཁའི་མདོག་ཅན་ཐལ་བས་བྱུགས། །སྐུ་ལ་ཁྲོ་བོ་དུ་མ་འཕྲོ། །སྣ་ཚོགས་མཆོད་པའི་ལྷ་མོས་བསྐོར། །ལེགས་པར་དེ་ལྟར་བྲིས་པ་ཡི། །རྒྱབ་དང་ཕྱོགས་རྣམས་
ཐམས་ཅད་དུ། །དུར་ཁྲོད་ཆེན་པོས་བསྐོར་བར་བྲི། །མགོ་རྡུམ་རྒྱུ་མ་མཁའ་ལ་ཁྱེར། །རྐང་རྡུམ་ལག་རྡུམ་རོ་ལངས་དང་། །ཝ་དང་སྤྱང་ཀི་གཏུམ་པོ་དང་། །མཁའ་འགྲོ་ཕོ་མོ་ཤ་ཟའི་ཚོགས། །བྱ་དང་གཅན་གཟན་སྣ་ཚོགས་བྲི། །སྐྱི་བུང་རབ་ཏུ་འཇིགས་བྲིས་ནས། །
དེར་ནི་སྒྲུབ་པ་པོ་ཡང་བྲི། །གྲི་ཐོད་བཟུང་ནས་ཤ་ཆེན་མུར། །གོས་ནག་གྱོན་ནས་ཁྲག་ཆེན་འཐུང་། །རྟ་དང་མ་ཧེ་རུས་པ་ཡི། །ཕྲེང་བ་བཟུང་ནས་གསང་སྔགས་འདོན། །བཅོམ་ལྡན་འདས་ལ་ལྟ་བར་བྲི། །དེ་ལྟར་བྲིས་ནས་ཆང་དང་ཁྲག །ཤ་ཆེན་གོ་རོ་ཙ་
ནས་མཆོད། །མཉམ་གཞག་ལྷ་ཡི་དགེ་འདུན་དེས། །དུས་གསུམ་རྒྱུན་དུ་མཆོད་བྱེད་ན། །རྡོ་རྗེ་འཛིན་པ་མྱུར་དུ་འཐོབ། །སྐུ་ནི་རབ་ཏུ་སྦ་ཞིང་གསང་། །ཕན་ཡོན་དམ་པ་འདི་ལས་འབྱུང་། །དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྟོག་པའི་རྒྱུད་ཀྱི་རྒྱལ་པོ་ལས་བྲིས་སྐུའི་ལེའུ་སྟེ་
གསུམ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །རྟོག་པ་མ་ལུས་ཟད་བྱེད་ཅིང་། །ལས་རྣམས་ཐམས་ཅད་གྲུབ་འདོད་པས། །བློ་ལྡན་སེར་སྣ་རྣམ་སྤངས་ཏེ། །རྟུལ་ཕོད་གཡེང་བ་རྣམ་སྤངས་ནས། །སྦྱིན་སྲེག་ལས་ལ་རབ་བརྩོན་བྱ། །མཚལ་དང་བ་

བླ་ལྡོང་རོས་དང་། །ཤན་པའི་གོ་ཐལ་དུར་ཁྲོད་ས། །མི་དང་མ་ཧེ་ཁྲག་གིས་བརྫི། །ཁྲུ་དོ་པ་ལ་ཁྲུ་ཕྱེད་བརྩིག །གྲུ་བཞིའི་སྟེང་དུ་ཟླུམ་པོ་ནི། །རྡོ་རྗེ་རྒྱ་གྲམ་ལྡན་བྱས་ལ། །དེ་སྟེང་འཁོར་ལོ་རྩིབས་དྲུག་ལ། །མཚན་མ་དྲུག་ནི་དགོད་པར་བྱ། །ལྟེ་བར་མེ་ཡི་དཀྱིལ་འཁོར་ནི། །མཐོ་གང་ཚད་དུ་བྱས་པ་ལ། །
མ་ཧེའི་ཁྲག་གིས་ལེགས་པར་བྱུག །བདག་ཉིད་ལྷོ་ཡི་ཕྱོགས་བལྟས་ཏེ། །མ་ཧེ་ཞལ་གྱི་སྦྱོར་བ་ཡིས། །ཐབ་ཀྱི་ནང་གི་ཕྱོགས་མཚམས་སུ། །མེ་ཡི་ས་བོན་མངོན་བལྟས་ལ། །བསྐལ་བའི་མེ་ཆེན་ལྟ་བུར་བསྒོམ། །དེར་ནི་མེ་ལྷའང་བསྒོམ་བྱ་སྟེ། །ཞལ་གསུམ་ཕྱག་བཞི་གནག་ལ་རྩུབ། །ཕྱག་གཉིས་རང་འདྲའི་ཡུམ་ལ་འཁྱུད། །གཡས་
བའི་ཕྱག་གིས་འགྲོ་རྣམས་ལ། །སྐྱབས་སྦྱིན་མཛད་ཅིང་བགྲང་ཕྲེང་འཛིན། །གཡོན་པས་རིལ་བ་མཆོག་སྩོལ་བརྩོན། །ཞབས་དྲུག་རིགས་དྲུག་མཚན་མ་བརྫིས། །ཞལ་ནས་མེ་རྣམས་རབ་འཕྲོ་ཞིང་། །འོད་རྣམས་སྣ་ཚོགས་ཀྱིས་བརྒྱན་པ། །དེ་ལྟར་ཤེས་ནས་རབ་བསྲེགས་ན། །འདོད་པའི་དོན་རྣམས་རབ་ཏུ་འབྱུང་། །
དགྲ་བོའི་གཟུགས་དང་ཤ་ཆེན་དང་། །ཆང་དང་མ་ཧེའི་ཁྲག་བཅས་པ། །སྟོང་ཕྲག་གསུམ་དུ་བསྲེགས་བྱས་ན། །བསྒྲུབ་བྱ་ཁྲག་ཏུ་སྐྱུགས་ནས་འཆི། །གླང་པོ་རྟ་བོང་ཁྱི་ཤ་ལ། །སྟོང་ཕྲག་གསུམ་གྱིས་དབང་དུ་བྱེད། །བྱ་རོག་འུག་པ་ཁྱི་ཤ་ཆུ། །བསྲེགས་ན་མི་རྟ་འབྱེར་བར་ངེས། །ཏིལ་དང་ནས་དང་གྲོ་སཱ་ལུ། །
ཡུང་བ་གི་ཝང་སོ་ཕག་རྣམས། །སྟོང་ཕྲག་དྲུག་ཏུ་གང་བསྲེགས་པ། །ལོངས་སྤྱོད་ཐམས་ཅད་རྙེད་པར་འགྱུར། །རྟ་དང་རྔ་མོ་བྱ་རོག་ཤ། །མི་ཤ་རྡོ་རྗེ་ཆུར་བཅས་པ། །གསང་སྔགས་རྣལ་འབྱོར་ལྡན་བྱས་ཏེ། །བརྒྱ་རྩ་བརྒྱད་ཀྱིས་ངེས་པར་སྐྲོད། །ར་ཤ་ད་ན་ཨུཏྤ་ལ། །ཆང་དང་མ་ཧེ་ཆུར་བཅས་པ། །གང་འདོད་བརྒྱ་རྩ་བརྒྱད་
ཀྱིས་ལྐུགས། །དུག་དང་ཁྲག་དང་སྒོག་པ་དང་། །ཤ་ཆེན་ཏིལ་མར་རབ་སྦགས་ཏེ། །བརྒྱ་རྩ་བརྒྱད་དུ་བསྲེགས་བྱས་ན། །ཕ་རོལ་གཞན་གྱི་རིག་སྔགས་གཅོད། །ཙནྡན་དཀར་པོ་འབྲས་དཀར་དང་། །ཏིལ་དཀར་འབྲས་ཆན་ཡུངས་ཀར་དང་། །ཨུཏྤལ་དཀར་དམར་ག་པུར་དག །ཤར་དུ་བལྟས་ཏེ་བརྒྱ་རྩ་བརྒྱད། །
བསྲེགས་ནས་དུས་རྣམས་ཀུན་ཏུ་བསྲུང་། །གང་ཞིག་བྱ་བའི་རིམས་སོགས་དང་། །སྔགས་རྣམས་བསམ་གཏན་ངེས་ལྡན་པས། །སྙིང་རྗེའི་ཡིད་ནི་མ་བྲལ་ན། འདོད་པ་ཐམས་ཅད་འདིར་བསྒྲུབ་བྱ། །གཞན་དུ་རྨོངས་པའི་བྱིས་པ་འགའ། །བློ་གྲོས་མེད་གང་ཤེས་རབ་འཆལ། །སྔགས་དང་དམ་ཚིག་དམན་གྱུར་ཅིང་། །

ཏིང་ངེ་འཛིན་ལ་མངོན་གཡེལ་བ། །བརྩོན་པ་ཆུང་ཞིང་ལྷོད་པ་འགས། །བསྐལ་པ་སྟོང་དུ་བསྒྲུབས་བྱས་ཀྱང་། །འབྲས་བུ་ཡོད་པ་མ་ཡིན་ཏེ། །ཤ་ཐང་ཆད་པ་ཉིད་དུ་འགྱུར། །དཔེར་ན་བློ་ཞན་བྱིས་པ་རྣམས། །འགའ་ཞིག་འབྲས་འདོད་འཁྲུལ་གྱུར་ནས། །ཕུབ་མ་རླུང་ཁར་བྱེད་པ་ལ། །འབྲས་ཡོད་ནམ་ཡང་མི་འགྱུར་བཞིན། །ཇི་
ལྟར་སྤྲིན་དང་ཆུ་ཟླ་དང་། །དབང་པོའི་གཞུ་རྣམས་རྟག་མིན་ཏེ། །ཐར་པ་འདོད་པའི་བྱ་བའང་དེ། །སྒྱུ་མ་ཉིད་ལ་སྒྱུ་མ་རོལ། །ཡེ་ཤེས་གཅིག་པུ་རྣམ་གྲོལ་རྒྱུ། །སྟོང་པ་དཔག་པར་བློས་ཅི་ནུས། །དེ་ལ་དཔྱད་ཅིང་གཞལ་བཟོད་ན། །བརྟགས་པའི་སྙིང་པོ་དེ་ལ་མེད། །དེ་ལ་དངོས་རྣམས་མ་གྲུབ་ན། །བསྒྲུབ་པའི་རིམ་གཞན་སྨོས་ཅི་དགོས། །
བྱ་བ་དང་ནི་བྱེད་པ་དག །ངེས་པར་དེ་ལ་བརྟག་མི་བཟོད། །ངམ་གྲོག་གཡང་སར་ལྷུང་ཡང་བླའི། །ཆད་པར་རྟོག་པ་འདི་མི་བཟོད། །རྟག་པ་ཉིད་ཀྱང་རིག་མིན་ཏེ། །དངོས་པོ་ཡོད་པ་ག་ལ་འགྱུར། །དཔེར་ན་བྱིས་པ་རྣམས་ལ་མས། །ས་འདིར་སྡོད་དང་མ་ཉིད་ཀྱིས། །འབྲས་བུ་ཤིང་ཏོག་མང་བླངས་ལ། །ཁྱོད་ལ་བདེ་བས་སྦྱིན་ཞེས་
བརྗོད། །དེ་བཞིན་རྣམ་པ་དུ་མ་ཡང་། །འཇིག་རྟེན་རྟོག་པ་ཐ་དད་པས། །དེ་དག་དྲང་བར་བྱ་ཕྱིར་བཤད། །བཅོམ་ལྡན་ལྷ་ཡི་ལྷ་མདུན་དུ། །ཤ་ཆེན་བོ་ཡི་ཞལ་ཟས་དང་། །ཆང་དང་ཏིལ་མར་མ་ཧེ་ཁྲག །རབ་ཏུ་ཞིམ་པའི་ཟས་མཆོག་རྣམས། །དུས་རྣམས་རྟག་ཏུ་དབུལ་བར་བྱ། །གསང་སྔགས་རྒྱལ་པོ་ཡི་གེ་བཅུ། །བདག་གིས་
རྒྱུན་དུ་གདོན་བྱ་ཞིང་། །བསམ་གཏན་རྟག་ཏུ་བརྩོན་པར་བྱ། །དེ་ལྟར་ཤེས་ཤིང་སྒྲུབ་བྱེད་པའི། །སྐྱེས་བུ་བློ་ལྡན་དེ་ཡིས་ནི། །སངས་རྒྱས་ཉིད་ཀྱང་མྱུར་འགྲུབ་འགྱུར། །ཞི་སོགས་ལས་རྣམས་སྨོས་ཅི་དགོས། །གྲོང་ཁྱེར་དཀྲུག་ན་སྔགས་པ་དེས། །ཁྱི་ཤ་སྦལ་ཤ་རུས་སྦལ་ཤ། །རྔ་མོ་བྱི་ལའི་ཤ་རྣམས་ལ། །སྟོང་རྩ་བརྒྱད་དུ་
བསྲེག་པར་བྱ། །རྟ་ཤ་དྲི་ཆེན་རབ་སྦྱར་བས། །རིལ་བུ་བྱས་ཏེ་བདག་མདུན་དུ། །གསང་སྔགས་རྒྱལ་པོ་བཟླས་བྱས་ནས། །བརྒྱ་རྩ་བརྒྱད་དུ་བསྲེགས་པས་ནི། །རྒྱལ་པོ་དབང་དུ་བྱེད་པར་འགྱུར། །བུད་མེད་དབང་དུ་བྱེད་འདོད་ན། །ཉ་ཤ་ཆང་དང་ཤ་ཆེན་རྣམས། །རྡོ་རྗེ་ཆུ་ཡིས་སྦགས་བྱས་ཏེ། །བརྒྱ་རྩ་བརྒྱད་དུ་བསྲེག་པར་བྱ། །ཐ་
མལ་དབང་དུ་བྱེད་འདོད་ན། །ཤ་ཆེན་གླང་པོའི་ཤ་དང་བཅས། །བྱང་ཆུབ་སེམས་དང་བསྲེས་བྱས་ཏེ། །སྟོང་ཕྲག་བརྒྱད་དུ་བསྲེག་པར་བྱ། །དགུག་པ་དུས་རྣམས་ཐམས་ཅད་དུ། །ཁྱི་ཤ་ཉ་ཤ་བདུད་རྩི་ལྔ། །ཆ་མཉམ་རིལ་བུ་བྱས་ནས་ནི། །བརྒྱ་རྩ་བརྒྱད་དུ་བསྲེགས་ན་འགུགས། །སྦྱིན་སྲེག་ལས་རྣམས་ཐམས་ཅད་ཀྱང་། །མ་ཧེ་ཞལ་

གྱི་སྦྱོར་བས་ནི། །གསང་སྔགས་རྒྱལ་པོས་འདོད་པ་སྦྱར། །མ་ཡེངས་རྩེ་གཅིག་སེམས་ཀྱིས་བྱ། །གསུངས་དང་མ་གསུངས་མཐའ་དག་ཀྱང་། །ཇི་ལྟ་བ་ཡི་རིམ་པ་ཡིས། །རྒྱུད་ཀྱི་རྒྱལ་པོ་ཉིད་ཉེར་གནས། །སངས་རྒྱས་འབྲས་བུ་མྱུར་དུ་འཐོབ། །ཞི་ལ་ཞི་བའི་ཡིད་ཀྱིས་ཏེ། །རྒྱལ་པོ་ལྟ་བུར་རྒྱས་པ་ལ། །སྡང་བྲལ་
ཆགས་པས་དབང་ལའོ། །དྲག་པོའི་ལས་ལ་ཁྲོ་ཞིང་རྩུབ། །རབ་ཏུ་གཏུམ་པའི་ཡིད་ཀྱིས་ནི། །གསོད་པའི་སེམས་དང་ལྡན་པར་བྱ། །གང་ཞིག་ལྟོས་པ་མེད་པའི་མི། །གྲུབ་པ་མྱུར་དུ་ཚོལ་བྱེད་ན། །སེམས་ཀྱི་རང་བཞིན་རྣམ་དག་པས། །རྡོ་རྗེ་འཛིན་པ་དེ་འགྲུབ་འགྱུར། །དངོས་པོ་གང་དང་གང་སྤྱོད་ཡུལ། །དེ་དང་དེ་
ཡི་རང་བཞིན་འགྲོ། །མཉམ་གཞག་ཉམས་པར་མི་བྱ་ལ། །དུས་རྣམས་རྟག་ཏུ་རྣལ་འབྱོར་པས། །ཤིན་ཏུ་མཉམ་པར་གཞག་པར་བྱ། །དེས་ནི་ཐར་པ་ཉིད་ཀྱི་རྒྱུ། །རྒྱུད་ཀྱི་རྒྱལ་པོ་འདི་ལས་ནི། །འདོད་པའི་དངོས་གྲུབ་མྱུར་བྱེད་དེ། །དཀའ་བ་མེད་པའི་ཐབས་འདི་ནི། །དཀའ་སྤྱོད་བརྟུལ་ཞུགས་རྣམས་སྤངས་ཏེ། །ཤིན་
ཏུ་བདེ་བར་སྒྲུབ་པའི་ཐབས། །སྡུག་བསྔལ་འཇིགས་མེད་བདུད་རྩིའི་རོ། །བློ་ལྡན་ལེགས་པར་བླང་བྱ་སྟེ། །ཤིན་ཏུ་འབད་པས་བསྒྲུབ་པར་བྱ། །མི་ཤེས་བློ་གྲོས་རྨོངས་པ་འགའ། །རྟོག་པའི་དྲ་བས་བསྒྲིབས་པའི་ཚེ། །བསོད་ནམས་དང་ནི་སྡིག་པ་ཡི། །ཕུང་པོ་རྣམ་པ་གཉིས་སུ་བརྟགས། །འོན་ཀྱང་འདོད་པ་ཐམས་
ཅད་ནི། །རྒྱུད་མཆོག་འདི་ལས་འབྱུང་འགྱུར་ཕྱིར། །དམན་ཞིང་བརྩོན་པ་ཆུང་བ་འགའ། །འདི་ལ་ཞུགས་ན་མྱུར་དུ་འགྲུབ། །དེ་བས་ངོ་མཚར་རྒྱུད་འདི་ནི། །རྙེད་དཀའ་ཁྱད་པར་མཆོག་གྱུར་པ། །ཡི་གེའི་དབྱིབས་ཀྱང་མི་བསྟན་ན། །བཤད་ཅིང་འགྲོལ་བ་སྨོས་ཅི་དགོས། །དབང་རྣམས་ངེས་པར་མ་བླངས་ཤིང་། །བླ་མ་
མཉེས་པར་མ་བྱས་ཚེ། །བསྟན་ཀྱང་ཐོབ་པར་མི་འགྱུར་ཏེ། །ཚ་བ་ལ་སོགས་འཁོར་བར་འཁོར། །དེ་སྐད་སྟོན་པས་བཤད་པའི་ཚེ། །སྡེ་རྣམས་མྱོས་ཤིང་བརྒྱ་ལ་རྨོངས་ཏེ། །ཀུན་ཀྱང་འདུད་ཅིང་མགོ་བོ་སྨད། །འཇིག་རྟེན་འདི་ནི་ཤིན་ཏུ་གཡོས། །གང་ཞིག་རྒྱུད་འདི་ཉན་པ་དང་། །ཤེས་ནས་འཆང་བར་བྱེད་པ་དང་།
དུས་རྣམས་ཀུན་ཏུ་འདོན་བྱེད་ན། །ཚེ་འདིར་འཇིགས་པ་ཀུན་བསལ་ཏེ། །ཤི་ནས་མཐོ་རིས་མྱུར་དུ་འཐོབ། །གལ་ཏེ་གཞན་དུ་རྒྱུད་མཆོག་འདི། །བསྟན་ནམ་བཤད་དམ་གསལ་ཕྱེ་ན། །དེ་ནི་སྡུག་བསྔལ་མང་མྱོང་ནས། །ཤི་ནས་མྱུར་དུ་དམྱལ་བར་འགྲོ། །རང་གིས་ཤིན་ཏུ་བཅང་བྱས་ཤིང་། །དངོས་གྲུབ་

ཉིད་བཞིན་མངོན་བྱས་ན། །སྡུག་བསྔལ་མཐའ་དག་ངེས་ཟད་ནས། །མྱུར་དུ་བླ་མེད་ཐོབ་པར་འགྱུར། །དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྟོག་པའི་རྒྱུད་ཀྱི་རྒྱལ་པོ་ལས་སྦྱིན་སྲེག་གི་རིམ་པར་ཕྱེ་བའི་ལེའུ་སྟེ་བཞི་པའོ།། །།དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྟོག་པའི་རྒྱུད་ཀྱི་རྒྱལ་པོའི་
ལས་ཀྱི་དངོས་གྲུབ་བརྟག་པ་ཞེས་བྱ་བ་རྫོགས་སོ།། །།པཎྜི་ཏ་ཆེན་པོ་ཨ་མོ་གྷའི་ཞབས་ནུས་པ་ཅན་དང་། བོད་ཀྱི་ལོཙྪ་བ་མར་པ་བནྡེ་ཆོས་ཀྱི་དབང་ཕྱུག་གྲགས་པས་བསྒྱུར་ཅིང་ཞུས་པའོ། །སླད་ཀྱིས་གྲུབ་ཐོབ་ཆེན་པོ་ཀརྞ་ཤྲཱིའི་ཞལ་སྔ་ནས་མཉན་ཏེ། །ཐར་པ་ལོ་ཙྪ་བ་
ཉི་མ་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ༄༅༅། །དཔལ་རྡོ་རྗེ་འཇིགས་བྱེད་ལ་ཕྱག་འཚལ་ལོ། །དེ་ནས་ཡང་དག་བཤད་བྱ་བ། །བཅོམ་ལྡན་ཉིད་ཀྱི་སྐུ་གསུང་ཐུགས། །རྡོ་རྗེ་རྣམས་ལས་བྱུང་བ་ཡི། །རྡོ་རྗེ་འཇིགས་བྱེད་ཆེན་པོ་ཡིས། །ལྷོ་ཕྱོགས་
རྒྱ་མཚོའི་ཕར་རྒལ་ན། །དེ་ནས་གཤིན་རྗེའི་གྲོང་ཁྱེར་ནི། །ག་ལ་བ་ཡི་གནས་སུ་བྱོན། །མི་བཟད་ཞབས་ནི་བཅུ་དྲུག་གིས། །ལྕགས་མཁར་སྒོ་མེད་བཅུ་དྲུག་བརྫིས། །ཡེ་ཤེས་རྩེ་གཅིག་མཚན་མ་ཡིས། །དབུས་ཀྱི་ལྕགས་མཁར་ཆེན་པོ་བརྫིས། །དེ་ཚེ་བདུད་ཆེན་ལས་བརྒྱལ་ནས། །ཧ་ཧ་ཧི་ཧིའི་སྒྲ་སྒྲོགས་པས།
ཆོས་ཀྱི་རྒྱལ་པོ་ལ་སོགས་པ། །གཟིར་བཞིན་དུ་ནི་རབ་སྨྲས་པ། །དཔའ་བོ་ཆེན་པོ་ག་ལ་ཅི། །དཔའ་བོའི་དགོས་པ་བདག་གིས་བགྱི། །བདག་ཅག་སྲོག་གི་སྙིང་པོ་རྣམས། །ཚུལ་བཞིན་འབུལ་གྱིས་དཔའ་བོས་བཞེས། །ལྷ་མ་སྲིན་ནི་སྡེ་བརྒྱད་ཀྱིས། །སྲོག་གི་ཡང་སྙིང་ཕུལ་བ་ནི། །གཤིན་རྗེས་ཡ་ཕུལ་མ་མོས་
མ། །སྲིན་པོས་ར་ཕུལ་གནོད་སྦྱིན་ཀྵེ། །མི་ཡིས་ཎི་ཕུལ་ས་བདག་ས། །བཙན་གྱིས་ཙ་ཕུལ་བདུད་ཀྱིས་ད། །དེ་རྣམས་གཅིག་ཏུ་དྲིལ་བ་ནི། །བྲན་དུ་ཡང་ནི་ཁས་བླངས་སོ། །གཏན་ཚིགས་ཆེན་པོ་དེ་ཡི་ཕྱིར། །ཡེ་ཤེས་ལྷ་ཡི་དགོངས་པ་དང་། །བསྙེན་པ་ཉམས་འོག་རབ་ཆུད་ནས། །ལྷ་ཡི་བསྙེན་པ་ལ་ཆུད་ནས། །
སྔོན་གྱི་ཐུགས་དམ་ལས་མི་འདའ། །མི་འགྲུབ་པ་ནི་མི་སྲིད་དོ། །ཡ་མ་རཱ་ཛ་ས་དོ་མེ་ཡ། །ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཡ་ད་ཡོ་ནི་ར་ཡ་ཀྵེ་ཡ། ཡཀྵེ་ཡཙྪ་ནི་རཱ་མ་ཡ། དེ་སྐད་ཅེས་ནི་སྨྲས་པ་དང་། །རྡོ་རྗེ་འཇིགས་བྱེད་ཆེན་པོ་ཡིས། །ཆོས་ཀྱི་རྒྱལ་པོ་ལ་སོགས་པ། །གཤིན་རྗེའི་ཕོ་ཉ་ཐམས་ཅད་ཀུན། །སྒྲོལ་བའི་

གིང་དུ་བྱིན་གྱིས་བརླབས། །མ་དང་སྲིང་མོ་བུ་མོ་རྣམས། །འཁོར་བཅས་རྣམས་ལ་བཀའ་བསྒོ་བ། །ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །ང་ཡི་བསྟན་པ་འབྱུང་བའི་ཚེ། །རྣལ་འབྱོར་རིག་འཛིན་ལྡན་པ་ལ། །བཀའ་བསྒོའི་ལས་རྣམས་ཚུལ་བཞིན་གྱིས། །ཅེས་པས་དམ་བཅས་པ་དང་
མནན་བཞིན་དུ་མནའ་བོར་རོ། །གཏམ་རྒྱུད་ཀྱི་རྟོག་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཙྪུ་ཙྪུ་ན་དྷ་ར་ཀལྤ་ན་མཿ། བོད་སྐད་དུ། ཏེའུ་ལོ་པའི་ཆོ་ག་ཞེས་བྱ་བ་གཤིན་རྗེའི་གཤེད་པོ་ལ་ཕྱག་འཚལ་ལོ། །དེ་ནས་ཙྪུ་ཙྪུ་ན་དྷ་རའི་ཆོ་ག་ཞིབ་མོ་
བཤད་པར་བྱ་སྟེ། ཨོཾ་ཏུ་ཏྲ་ཡ་མ་ཧེ་ཤ་ར་ཡོ་ག་པྲཏྟ་མ་ཡ། ཡོ་ག་སིདྡྷི། དཱ་ཧཱ་ནི་མེ་སྭཱ་ཧཱ། ཧཱུ་ཧ། ད་ཧ་ད་ཧ། པ་ཙ་པ་ཙ། ཨུར་དྷི་ཡ་ཧཱུཾ་ཕཊ། རིག་སྔགས་འདིའི་བྱ་བའི་ཆོ་ག་ནི། །ཉིན་མཚན་དུ་མི་ཉལ་བར་དྲི་དང་མེ་ཏོག་དང་། བདུག་སྤོས་ཕུལ་ནས། གཏོར་མ་བཏང་སྟེ་སྟོང་ཕྲག་བརྒྱད་བཟླས་ན་
འགྲུབ་པར་འགྱུར་རོ། །དེ་ནས་ལས་རྣམས་སུ་འགྱུར་བ་ནི། །ཙྪུ་ཙྪུན་དྷ་ར་ཤི་བ་བླངས་ལ། པགས་པ་དང་རུས་པ་དང་། ཤ་དང་སྤུ་རྣམས་ཕྱེ་མར་བཏགས་ཏེ་སྟོང་ཕྲག་གཉིས་བཟླས་ནས་ཕྱེ་མ་དེ་དཔྲལ་བར་བྱུགས་ན་བདག་ཉིད་དགྲས་མི་མཐོང་། ཨོཾ་མ་མ་ཧཱུ་པ་ཏི། ཕྱེ་མ་དེ་ལག་པ་ལ་བསྐུས་ནས་གང་
ལ་རེག་པ་དེ་དབང་དུ་འགྱུར་རོ། །ཕྱེ་མ་དེ་རྐང་པ་ལ་བསྐུས་ནས་དཔག་ཚད་བརྒྱར་སོང་ན་ཡང་ལྡོག་གོ། །ཕྱེ་མ་དེ་ཉིད་ཀྱིས་དགྲའི་སྒོ་ལོགས་ལ་བསྐུས་ནས་ཁྱིམ་གྱི་སྒོར་སྟོང་ཕྲག་བརྒྱར་བཟླས་ན་སྐྲོད་པར་འགྱུར་རོ། །ཕྱེ་མ་དེ་དང་དུར་ཁྲོད་ཀྱི་རས་དགྲ་བོའི་སྒོ་རྩར་བཅད་ཅིང་སྦས་ན་དགྲ་བོའི་རིགས་རྣམས་འཇོམས་
པར་འགྱུར་རོ། །ཡང་ན་དགྲ་བོའི་རིགས་སྐྲོད་པར་འདོད་ན་ཙྪུ་ཙྪུན་དྷ་རའི་པགས་པ་ཕྱེ་མར་བཏགས་ལ། སྟོང་ཕྲག་བརྒྱད་ཡོངས་སུ་བཟླས་ནས་གཅིན་ཤུལ་གྱི་སས་བཀང་ནས་སྐུད་པ་སྔོན་པོས་བཅིངས་ཏེ་ནམ་མཁར་བཏེག་ན་གཅིན་འགགས་པར་འགྱུར་རོ། །བཀྲོལ་ན་ནི་ཐར་རོ། །ཙྪུ་ཙྪུན་དྷ་རའི་
པགས་པ་ཕྱེ་མར་བཏགས་ནས་ལྷ་ཆེན་པོའི་མདུན་དུ་སྟོང་ཕྲག་བརྒྱད་བཟླས་ལ་ཡང་དྲི་དང་མེ་ཏོག་དང་བདུག་སྤོས་དང་གཏོར་མ་བཏང་སྟེ། སླར་ཡང་སྟོང་ཕྲག་བརྒྱད་བཟླས་ན་དེས་འགྲུབ་པར་འགྱུར་རོ། །ཕྱེ་མ་དེ་སྣའི་རྩེ་མོར་བསྐུས་ན་སྐྱེ་འགྲོ་ཐམས་ཅད་ལ་སྡུག་པར་འགྱུར་རོ། །མགོ་བོར་

བཞག་ན་དགྲ་ཐམས་ཅད་དང་འགྱེད་པའི་ལན་ཐེབས་པར་འགྱུར་རོ། །ཕྱེ་མ་དེ་ཉིད་རང་གི་སྙིང་གར་བསྐུས་ནས་དགྲ་ལ་བསྟན་ན་སྙིང་ན་བར་འགྱུར་རོ། །སཱ་ལུའི་ཕྱེ་མ་ལ་གཟུགས་བྱས་ནས་ཕྱེ་མ་དེ་བསྐུས་ན་མཛེས་ཐེབས་པར་འགྱུར་རོ། །དུར་ཁྲོད་ཀྱི་ཐལ་བ་དང་བཅས་པས་དགྲ་
བོའི་ཚོགས་ལ་གཏོར་ན་གང་གིས་མནན་པ་དང་མཐོང་བ་དེ་དག་ནད་ཀྱིས་ཐེབས་པར་འགྱུར་རོ། །ཕྱེ་མ་དེ་ལ་ལན་སྟོང་བཟླས་ནས་གང་གི་མགོ་བོར་བླུགས་པ་དེ་དབང་དུ་འགྱུར་རོ། །ཕྱེ་མ་དེ་ཐོད་པ་དང་ལྷན་ཅིག་སྒོ་ལོགས་སུ་བཞག་ན་དགྲ་བོ་དང་དབྱེ་བར་འགྱུར་རོ། །ཕྱེ་མ་དེ་བུད་
མེད་ཀྱི་ལག་པ་ལ་བསྐུས་ན་བུད་མེད་དེ་འཆི་བར་འགྱུར་རོ། །ཕྱེ་མ་དེ་གང་གི་སྒོར་སྦས་ན་སྐྲོད་པར་འགྱུར་རོ། །ཕྱེ་མ་དེ་ཤ་ཆེན་པོ་དང་བསྲེས་ནས་གང་གི་བཏུང་བར་སྦྱིན་ན་ཉི་མ་བདུན་གྱིས་འཆིའོ། །ཕྱེ་མ་དེ་དགྲ་ལ་བྱིན་ལ་དགྲ་བོ་བཀྲེས་པ་དང་། །གཞང་འབྲུམ་དང་། ཚད་
པས་ཐེབས་ནས་ཕྱི་ནས་ནི་རང་ཉིད་དགའ་བར་འགྱུར་རོ། །ཙྪུ་ཙྪུན་དྷ་རའི་རུས་པ་བླངས་ནས་གང་གི་ཁྱིམ་དུ་སྦས་ན་འཆིའོ། །ཙྪུ་ཙྪུན་དྷ་རའི་ཤ་དང་ཉའི་ཞག་དང་བཅས་པ་ལྷ་ལ་མཆོད་པ་བྱས་ནས་དུར་ཁྲོད་དུ་ཐོད་པའི་སྟེང་དུ་འདུག་ནས་ཐོད་པ་བཟུང་ལ་བཟླས་པ་བྱ། དུར་
ཁྲོད་ཀྱི་སོལ་བ་ལ་ལན་སྟོང་དུ་བླུགས་ཅིང་། སྦྱིན་སྲེག་བྱས་ན་འགྲུབ་པར་འགྱུར་རོ། །ཕྱེ་མ་དེ་ཚ་བ་གསུམ་དང་བསྲེས་པས་ལས་སུ་འགྱུར་བ་ནི། གང་གི་ཁྱིམ་དུ་བཞག་ན། དེ་ལ་མེའི་ཚ་བ་གསུམ་དང་འབྱུང་བར་འགྱུར་རོ། །ཕྱེ་མ་དེ་སྐེ་ཚེ་དང་བསྲེས་པས་ཀྱང་ལས་དེ་ཉིད་དུ་འགྱུར་
རོ། །ཕྱེ་མ་དེ་དང་དུར་ཁྲོད་ཀྱི་སས་གཟུགས་བརྙན་བྱས་ཏེ་སྒོ་རྩར་སྦས་ན། ཕྲལ་དུ་ན་ཚས་གསོད་པར་འགྱུར་རོ། །ཕྱེ་མ་དེ་ལན་ཚྭ་དང་བསྲེས་ནས་གང་ལ་བརྡེག་པ་དེ་དབང་དུ་འགྱུར་རོ། །ཕྱེ་མ་དེ་ཡུངས་ཀར་དང་བསྲེས་ནས་རྒྱལ་པོའི་སྒོ་ལ་གཏོར་ན། རྒྱལ་པོ་དབང་
དུ་འགྱུར་རོ། །ཙྪུ་ཙྪུན་དྷ་རའི་རྟོག་པ་ཞིབ་མོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དཱི་པྃ་ཀ་ར་དང་། བོད་ཀྱི་ལོཙྪ་བ་རྭ་རྡོ་རྗེ་གྲགས་ཀྱིས་བསྒྱུར་བའོ།། །།

༄༅༅། །རྒྱ་གར་སྐད་དུ། །ཡ་མཱ་རི་ཀྲྀ་ཥྞ་ཀརྨྨ་སརྦྦ་ཙཀྲ་སིདྡྷ་ཀར་ནཱ་མ་ཏ་ནྟྲ་རཱ་ཛ། བོད་སྐད་དུ། གཤིན་རྗེའི་གཤེད་དགྲ་ནག་པོའི་འཁོར་ལོ་ལས་ཐམས་ཅད་གྲུབ་པར་བྱེད་པ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ། བཅོམ་ལྡན་འདས་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །འདི་
སྐད་བདག་གིས་ཐོས་པ་དུས་གཅིག་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བཙུན་མོའི་བྷ་ག་ལ་གཏི་མུག་རྡོ་རྗེ་དང་། སེར་སྣ་རྡོ་རྗེ་དང་། འདོད་ཆགས་རྡོ་རྗེ་དང་། ཞེ་སྡང་རྡོ་རྗེ་དང་། ཕྲག་དོག་རྡོ་རྗེ་དང་། ས་རྡོ་རྗེ་དང་། ཆུ་རྡོ་རྗེ་དང་། མེ་
རྡོ་རྗེ་དང་། རླུང་རྡོ་རྗེ་དང་། བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་མ་དང་། ཡོན་ཏན་གྱི་ཕྲེང་བ་མ་དང་། སེམས་ཀྱི་རྒྱུད་ཚིམ་པར་བྱེད་པ་མ་དང་། བརྩོན་འགྲུས་ཀྱི་ངོ་བོ་མ་དང་། བདུག་སྤོས་མ་དང་། མེ་ཏོག་མ་དང་། མར་མེ་མ་དང་། དྲི་ཆབ་མ་དང་། དེ་ལ་སོགས་པ་དཔག་ཏུ་མེད་
པ་དང་། ཐབས་ཅིག་ཏུ་བཞུགས་སོ། །དེ་ནས་ལྷ་མོ་བཻ་ཏཱ་ལཱི་སྟན་ལས་ལངས་ཏེ་ཐལ་མོ་སྦྱར་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ད་ལྟར་འདི་ན་གདུག་པ་ཅན་རྣམས་ཀྱིས་སེམས་ཅན་ཐམས་ཅད་ལ་འཚེ་བར་བགྱིད་པ་དང་། མ་འོངས་པ་ན་ཡང་ཐེག་
པ་ཆེན་པོ་པ་དང་། སེམས་ཅན་ཐམས་ཅད་ལའང་འཚེ་བར་བགྱིད་པ་དག་འབྱུང་ན་དེ་རྣམས་ཇི་ལྟར་ཚར་གཅད་པར་བགྱི། དེ་ནས་བཅོམ་ལྡན་འདས་བགེགས་ཐམས་ཅད་འཇོམས་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་སྙིང་པོ་འདི་
ཕྱུང་ངོ་། །ཧྲཱིཿདེ་མ་ཐག་ཏུ་བཅོམ་ལྡན་འདས་ཉིད་ཞལ་དྲུག་པ་ཕྱག་དྲུག་པ་ཞབས་དྲུག་པའི་ངོ་བོར་གྱུར་ནས་མ་ཧེ་རྭ་གཉིས་པ་བརྫིས་ཏེ། མ་ཧེའི་བདག་པོ་ཆུང་མ་བཅས་པར་ཨོཾ་ཧྲཱིཿཥྚཱིཿཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ་ཞེས་ཞལ་བཞད་པ་དང་བཅས་པས་ཨོཾ་གསུང་ཞིང་མནན་པར་གྱུར་ཏོ། །
ལྷ་དང་ལྷ་མ་ཡིན་དང་བདུད་ཐམས་ཅད་ཀྱང་སྐྲག་ཅིང་འདར་བ་དང་བཅས་པས་འདུད་པར་གྱུར་ཏོ། །ཚངས་པ་དང་། དབང་པོ་ལ་སོགས་པ་ཐམས་ཅད་ཀྱང་ཕྱག་འཚལ་ཞིང་འདུད་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་ཁྲོ་བོ་ཡི། །རྒྱལ་པོ་ཆེན་པོ་རབ་འཇིགས་པ། །ཐུགས་རྗེ་ཆེན་པོ་

དང་ལྡན་པས། །གསུང་ནི་འདི་སྐད་བཀའ་སྩལ་ཏོ། །དེ་ནས་སྒྲུབ་པ་བཤད་བྱ་བ། །རྩིབས་བརྒྱད་དབུས་ཀྱི་ལྟེ་བ་ལ། །བདག་ཉིད་ཕྱག་དང་ཞལ་རྣམས་ནི། །དྲུག་དྲུག་ལྡན་པར་གྱུར་པ་བསྒོམ། །ཞབས་ཀྱང་དེ་དང་འདྲ་བ་སྟེ། །གཡས་ཀྱི་དང་པོའི་ཕྱག་ན་ནི། །རྡོ་རྗེ་ཐོ་བ་
གཡས་གཉིས་ན། །རལ་གྲི་དེ་བཞིན་གཡོན་གྱི་ཡང་། །དང་པོར་ཞགས་པ་སྡིགས་མཛུབ་ལྡན། །གཉིས་པར་གཏུན་ཤིང་ལེགས་པར་འཛིན། །རྡོ་རྗེ་དྲིལ་བུ་ཐ་མས་བསྣམས། །སྟེང་ཞལ་ནག་པོར་བ་འཇིགས་པ། །ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་སྟེ། །བརྐྱང་བསྐུམ་གར་
གྱིས་ཞབས་བཞིར་གནས། །སྟག་ལྤགས་ཀྱིས་ནི་རྣམ་དཀྲིས་ཤིང་། །སེང་གེ་སེར་ལ་རལ་པ་ནི། །གྱེན་འགྲེང་བསྡུས་ཏེ་སྤྱི་བོར་ཡང་། །ཐོད་པའི་ཕྲེང་བས་རྣམ་པར་བཅིངས། །འདི་ནི་ཁྲོ་བོ་འཆོལ་པ་སྟེ། །ལག་ཆ་སྣ་ཚོགས་དག་དང་ལྡན། །ཤར་རྩིབས་ལ་སོགས་རྣམ་
བཞི་ལ། །གཏི་མུག་སོགས་ཏེ་བཞི་པོ་ཡང་། །དཀར་དང་སེར་དང་དམར་བ་ཡང་། །དེ་བཞིན་བཞི་པ་ལྗང་གུ་སྟེ། །གཡས་ཀྱིས་འཁོར་ལོར་རིན་ཆེན་འབར། །པདྨ་སྣ་ཚོགས་རྡོ་རྗེ་སྟེ། །གཡོན་གྱིས་དྲིལ་བུ་ལེགས་པར་འཛིན། །མཚམས་སུ་ལྃ་སོགས་ལས་སྐྱེས་པ། །ལྷ་
མོ་བཞི་པོ་ངེས་པར་བསམ། །བདག་པོ་འདྲ་སྟེ་སྒེག་ཉམས་འཛིན། །གྲྭ་ཡི་ལྷ་མོ་མཚན་ལ་ནི། །སྒེག་མོ་ཁུ་ཚུར་དཀུར་ལྡན་ནོ། །རིན་ཆེན་ཕྲེང་བ་ཕྱག་གཉིས་བསྣམས། །པི་ཝང་སྒྲོགས་པའི་གསུང་དབྱངས་ཅན། །གར་གྱིས་རྒྱས་པར་འགྲོ་བ་ཡི། །དོན་ལ་རྟག་ཏུ་བརྩོན་
འགྲུས་ལྡན། །བདུག་སྤོས་སོགས་དང་བཞི་པོ་ཡང་། །རང་གི་མཚན་མ་ངེས་པར་འཛིན། །ཕྱག་རྒྱའི་སྔགས་རྣམས་བརྗོད་པས་སོ། །དེ་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་གཏི་མུག་རྡོ་རྗེའི་སྔགས་འདི་གསུངས་སོ། །ཨོཾ་ཛི་ན་ཛིཀ །དེ་
ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་སེར་སྣ་རྡོ་རྗེའི་སྔགས་འདི་གསུངས་སོ། །ཨོཾ་རཏྞ་དྷྲྀཀ །དེ་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་འདོད་ཆགས་རྡོ་རྗེའི་སྔགས་འདི་གསུངས་སོ། །ཨོཾ་ཨཱ་རོ་ལིཀ །དེ་ནས་ཡང་

བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་ཕྲག་དོག་རྡོ་རྗེའི་སྔགས་འདི་གསུངས་སོ། །ཨོཾ་པྲཛྙཱ་དྷྲྀཀ །དེ་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་ས་རྡོ་རྗེའི་སྔགས་འདི་གསུངས་སོ། །ཨོཾ་ལོ་ཙ་ནཱ་ཧཱུྃ། དེ་ནས་ཡང་
བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་ཆུ་རྡོ་རྗེའི་སྔགས་འདི་གསུངས་སོ། །ཨོཾ་ཨཱ་མ་ཀཱི་ཏྲཱཾ། དེ་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་མེ་རྡོ་རྗེའི་སྔགས་འདི་གསུངས་སོ། །ཨོཾ་པཎྜ་རི་བཱ་ཧྲཱིཿ། དེ་ནས་ཡང་བཅོམ་ལྡན་འདས་དེ་
བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་རླུང་རྡོ་རྗེའི་སྔགས་འདི་གསུངས་སོ། །ཨོཾ་ཏ་རཱ་ཨཱཿ། དེ་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་བདེ་བ་ཆེན་པོ་སྐྱེད་པར་བྱེད་པའི་སྔགས་འདི་གསུངས་སོ། །ཨོཾ་ལཱ་སྱེ། དེ་ནས་ཡང་བཅོམ་ལྡན་འདས་དེ་
བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པས་ཡོན་ཏན་རྒྱུད་པ་མའི་སྔགས་འདི་གསུངས་སོ། །ཨོཾ་མཱ་ལེ། དེ་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་དབྱངས་ཅན་མའི་སྔགས་འདི་གསུངས་སོ། །ཨོཾ་གཱི་ཏི། དེ་ནས་ཡང་བཅོམ་ལྡན་འདས་
དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་གར་མའི་སྔགས་འདི་གསུངས་སོ། །ཨོཾ་ནྲྀ་ཏྱེ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་མཆོད་པའི་སྔགས་རྣམས་གསུངས་པ་ནི། ཨོཾ་བཛྲ་དྷཱུ་པེ། ཨོཾ་བཛྲ་པུཥྤེ། ཨོཾ་བཛྲ་དཱི་པེ། ཨོཾ་བཛྲ་གནྡྷེ།
དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཐམས་ཅད་འགུགས་པར་བྱེད་པའི་སྔགས་དང་། དེ་བཞིན་གཤེགས་པ་ཐམས་ཅད་གཞུག་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་བཅིངས་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་དགྱེས་པར་བྱེད་པའི་སྔགས་རྣམས་བཅོམ་
ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་གསུངས་པ་ནི། ཨོཾ་བཛྲ་ཨོཾ་ཀུ་ཤ་ཛཿ། ཨོཾ་བཛྲ་པཱ་ཤཧཱུྃ། ཨོཾ་བཛྲ་སྥོ་ཊ་བྃ། ཨོཾ་བཛྲ་ཨཱ་བེ་ཤ་ཧོཿ། བློ་ལྡན་མཁས་པས་ཅི་ནུས་ཀྱིས། །ཐིག་གི་ཐིག་ནི་གདབ་པ་ལ། །ཚད་ལྡན་འཇུར་མདུད་མེད་པ་དང་། །གཤེར་

ཞིང་སར་པ་མཛེས་པ་ཡིས། །ཤར་དུ་བལྟས་ཏེ་གདབ་པར་བྱ། །ཚངས་ཐིག་གཉིས་པ་གདབ་པ་ཡང་། །ལྷོ་རུ་བལྟས་ཏེ་གདབ་པར་བྱ། །དེ་འོག་མཐའ་ཡི་ཐིག་གདབ་པ། །བྱིན་ཟར་གནས་ཏེ་དབང་ལྡན་བལྟ། །རླུང་གནས་བདེན་བྲལ་ཁ་བལྟས་ཏེ། །ནུབ་ཏུ་ལེགས་
པར་བྲི་བར་བྱ། །དེར་གནས་ཤར་དུ་ཁ་བལྟས་ཏེ། །བྱང་དུ་བྲིས་ཏེ་བྱིན་ཟར་གནས། །བདེན་བྲལ་མིན་པའི་མཐའ་མ་གདབ། །བལྟ་བ་བདེན་བྲལ་ཕྱོགས་སུའོ། །སློབ་དཔོན་ལྡང་མིན་གྲོགས་པོ་ནི། །རི་དགས་ཞོན་པའི་ཕྱོགས་འདུག་སྟེ། །ཚངས་ཐིག་དང་པོ་གདབ་པར་
བྱ། །གཉིས་པའང་བདེན་བྲལ་ཕྱོགས་འདུག་སྟེ། །བགེགས་ཕྱོགས་བརྐྱང་ལ་གདབ་པར་བྱ། །དབུས་དང་མཐའ་མར་ཕྱེ་བ་ཡི། །གཞལ་ཡས་ཁང་པའི་མཚན་ཉིད་ནི། །གྲུ་བཞིར་བགྱི་ཞིང་སྒོ་བཞི་དང་། །རྟ་བབས་བཞིས་ནི་བརྒྱན་པ་ཡི། །དབུས་སུ་རྩིབས་བརྒྱད་ལྟེ་བ་
ལ། །རྡོ་རྗེ་ཐོ་བ་བྲི་བར་བྱ། །ཉི་མའི་དཀྱིལ་འཁོར་དབུས་ཉིད་དུ། །གྲི་གུག་ཀྱང་ནི་བྲི་བར་བྱ། །ཤར་རྩིབས་འཁོར་ལོ་ཆེན་པོ་སྟེ། །རིན་ཆེན་ལྷོ་ཡི་ཕྱོགས་རྩིབས་ལ། །པདྨ་དམར་པོ་ནུབ་ཏུ་བྲི། །བྱང་དུ་རྡོ་རྗེ་ཀུན་དུ་རྩེ། །ཤར་ལྷོ་ཕྱོགས་སུའང་དེ་དང་འདྲ། །གྲྭ་བཞིར་བརྒྱད་
པོའང་ཉིས་བརྩེག་ཏུ། །མཚན་མ་རྣམས་ནི་ལེགས་པར་བྲི། །སྒོ་བཞི་དག་ཏུ་བྲི་བ་ཡང་། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ། །གཞན་ཡང་རྒྱན་ཀུན་ལེགས་པར་བྲི། །མཆོད་པ་ལེགས་པར་དགྲམ་པར་བྱ། །ཁུ་ཚུར་དཀུ་གཉིས་བཞག་པ་དང་། །དེ་བཞིན་དཔྲལ་བར་ཉུག་
པ་དང་། །ཁ་ནས་འབྱིན་དང་གར་བསྐྱོད་དང་། །བདུག་སྤོས་ཉུག་དང་མེ་ཏོག་འཐོར། །མཐེ་བོང་བསྒྲེང་སྟེ་རང་ལུས་ལའང་། །གཞན་ལ་ཉུག་ཚུལ་གནས་པ་ནི། །བརྒྱད་པོ་མཆོད་པའི་ལྷ་མོ་དག །བསྐྱེད་དང་ལེགས་གནས་ཕྱག་རྒྱ་ཡིན། །སྐུ་གསུང་ཐུགས་ཀྱི་ལྷ་རྣམས་དག །
རང་ལུས་བཅུག་སྟེ་གནས་པ་ལ། །སྔགས་ཀྱིས་བྱིན་གྱིས་བརླབ་པ་ནི། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷྲ་བ་ཨཱཏྨ་ཀོ྅ཧྃ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱ་ཀ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧྃ། མིག་སོགས་བྱིན་གྱིས་བརླབ་པ་ལ། །གཏི་མུག་རྡོ་རྗེ་

སོགས་ཀྱིས་བསྲུང་། །དབང་སྒྲུབ་སྟོང་པ་ཉིད་བྱས་ཏེ། །སྙིང་པོའམ་མིང་གི་ཡི་གེ་ཡི། །རིགས་ཀྱི་ཕྱག་མཚན་བསྣམས་པ་ཡི། །སྐུ་རྣམས་ངེས་པར་བསྐྱེད་པས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་བདུད་
རྩི་མྱང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་སྔགས་འདི་གསུངས་སོ། །ཨོཾ་ཨཱཿཧཱུྃ། དག་ཅིང་འབར་བར་རྣམ་བརྟགས་ཏེ། །ཉི་མའི་དཀྱིལ་འཁོར་དབུས་གནས་པར། །ཞེ་སྡང་རྡོ་རྗེའི་བདག་པོ་སྟེ། །ཟླ་བའི་དབུས་སུ་གཏི་མུག་བསམ། །རིན་ཆེན་དབུས་སུ་བསམ་
པ་ཡང་། །སེར་སྣ་ཉིད་དུ་བསམ་པར་བྱ། །པདྨའི་དབུས་སུ་འདོད་ཆགས་བསམ། །སྣ་ཚོགས་དབུས་སུ་ཕྲག་དོག་བསམ། །བསམ་བྱ་ལྗགས་ལ་ས་བོན་ཏེ། །འཕྲོས་པས་བཀུག་སྟེ་ཚིམ་པར་བྱ། །ཤར་ནི་དཀར་པོ་ཆེན་པོ་སྟེ། །ལྷོ་ནི་སེར་པོ་ཉིད་དུའོ། །ནུབ་ཏུ་དམར་
པོར་ངེས་པར་ཤེས། །བྱང་ནི་ལྗང་གུ་ཡང་དག་ལྡན། །དེ་ལས་དེ་བཞིན་རེ་ཁཱའི་རིམ། །དཀྱིལ་འཁོར་བསྒོམ་པའི་ཚེ་ན་ཡང་། །བྱམས་དང་སྙིང་རྗེ་དགའ་བཏང་སྙོམས། །ཚད་མེད་པ་ཡི་རིམ་པ་ཡིས། །སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། །བརྟན་དང་གཡོ་བའི་དངོས་པོ་
རྣམས། །ཡོད་མིན་མེད་མིན་གཉིས་ཀ་མིན། །གཉིས་ཀ་མིན་པའང་མ་ཡིན་ཏེ། །སྤྲོས་བྲལ་ངོ་བོ་མེད་པར་བསྒོམ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། རྃ་ལས་ཉི་མ་རྣམ་བསྒོམས་ཏེ། །དེ་དབུས་ལས་ཀྱི་རྡོ་རྗེ་ནི། །ཀུན་ཏུ་རྩེ་ལྔའི་རང་བཞིན་ཏེ། །དེ་དབུས་ཧཱུྃ་ལས་རྡོ་རྗེ་ནི། །
ཀུན་ཏུ་ཕྲ་མོས་བགེགས་བཅོམ་སྟེ། །ར་བ་གུར་དང་ས་གཞི་ཡང་། །དེ་ཡི་འོག་ཏུ་ངེས་པར་བསྒོམ། །གྲུ་གསུམ་གྱེན་བསྒྲེང་དཀར་པོ་ནི། །ཤིན་ཏུ་གསལ་བར་བདག་གིས་དམིགས། །ཞེ་སྡང་ལས་ནི་སྔར་མ་བྱུང་། །བྱུང་ཞིང་འབྱུང་བར་མི་འགྱུར་རོ། །བྱང་ཆུབ་སེམས་ལ་གཞོལ་
བ་དང་། །གཏོང་ཞིང་ཐོས་པའི་ཁེངས་པ་མེད། །ལེ་ལོ་བཅོམ་ཞིང་ཁྲོ་བ་མེད། །སེར་སྣ་མེད་དེ་གཡོ་ཡང་མེད། །སྒྱུ་སྤངས་ཤེས་རབ་གསལ་བ་དང་། །གཅིག་ཏུ་ཐེག་པ་ཆེ་ལ་གཞོལ། །དེས་ནི་དཀའ་བ་མེད་པར་ཡང་། །གཞན་གྱི་དོན་དུ་འདི་བརྩམས་ན། །གྲངས་ནི་བྱེ་བ་ཚང་བ་

ཡི། །བཅུ་བཞིར་ཚང་བའི་གསང་སྔགས་ཀྱིས། །ལས་རྣམས་ཀུན་གྲུབ་ཐེ་ཚོམ་མེད། །ཡང་ལྷ་མོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དེ་ཡི་འཁྲུལ་འཁོར་ཇི་ལྟ་བུ། །ཡི་གེ་རྣམས་ནི་ཇི་ལྟར་བྲི། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །བདུན་ཚན་བདུན་དང་
ལྡན་པ་ཡི། །རེའུ་མིག་ལེགས་པར་བྲི་བར་བྱ། །ལས་ཀུན་བྱེད་པའི་འཁོར་ལོ་ལ། །མཆོད་པ་ཡིས་ཀྱང་ལེགས་མཆོད་ལ། །དེ་འོག་ལས་རྣམས་བརྩམ་པར་བྱ། །བཟླས་པའི་མཚན་མ་རྨི་ལམ་མམ། །མངོན་སུམ་བྱུང་བར་གྱུར་ནས་ཀྱང་། །འཁྲུལ་འཁོར་རྣམས་ནི་བྲི་
བྱ་བའི། །རྨི་ལམ་མཚན་མ་འདི་ཡིན་ཏེ། །ཚལ་ཆེན་ཟུག་པའི་གླིང་དག་དང་། །ལྷ་ཁང་མཆོད་རྟེན་གཞལ་ཡས་སུ། །དམ་པ་རྣམས་དང་ངེས་ཕྲད་དེ། །དབང་བསྐུར་རི་ལ་འཛེག་པ་དང་། །རྒྱ་མཚོར་བཅས་པའི་ཆུ་བརྒལ་ལམ། །ཀླ་ཀློ་བྲན་དུ་འཁོལ་རྨི་ན། །ངེས་པར་འགྲུབ་
སྟེ་འཁོར་ལོ་བྲི། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་འབྱུང་བའི་དཀྱིལ་འཁོར་བསྒོམ་པ་གསུངས་ཏེ། ཡྃ་ལས་བྱུང་བའི་རླུང་དཀྱིལ་འཁོར། །སྔོན་པོ་གཞུ་ཡི་དབྱིབས་ཅན་ལ། །བ་དན་ལྡན་པར་ངེས་པར་བསམ། །རྃ་ལས་བྱུང་བའི་མེ་དཀྱིལ་འཁོར། །གྲུ་གསུམ་
དམར་པོ་བསམ་པར་བྱ། །བྃ་ལས་བྱུང་བ་ཆུ་ཡིན་ཏེ། །དཀར་པོ་ཟླུམ་པོ་བསམ་པར་བྱ། །ལྃ་བྱུང་ས་ཡི་དཀྱིལ་འཁོར་ནི། །ལྗང་སེར་གྲུ་བཞི་བསམ་བྱས་ཏེ། །སྔོན་དུ་བསམ་བྱ་ལྟ་རིམ་བཞིན། །ཏྭ་ར་ཕྱི་ནས་ངེས་པར་བསམ། །བྷྲུྃ་ལས་བྱུང་བའི་འཁོར་ལོའི་རྩིབས། །
དྲུག་གཉིས་ལྡན་པའི་ལྟེ་བ་ལ། །བྷྲུྃ་ལས་གཞལ་ཡས་ཁང་པ་སྟེ། །གདན་དང་ལྡན་པར་སྒྲུབ་པོས་བསམ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང་སྔགས་ཀྱིས་བདེ་བར་གཤེགས་པ་འཁོར་དང་བཅས་པ་བསྡུ་བར་བྱའོ། །ཨོཾ་བཛྲ་ས་མཱ་ཛཿ། ལག་ངར་
གཉིས་ནི་ངེས་བསྣོལ་ལ། །མཛུབ་གཉིས་ལྕགས་ཀྱུའི་ཚུལ་བྱས་ཏེ། །སེ་གོལ་བརྡབ་ཅིང་བསྡུ་བར་བྱ། །ལྕགས་ཀྱུ་ལ་སོགས་རྣམ་པ་བཞིས། །ངེས་པར་དགུག་པ་ལ་སོགས་བྱ། །དེ་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་མཆོད་པའི་སྔགས་

འདི་གསུངས་སོ། །ཨོཾ་ཨརྒྷཾ་པྲཏཱི་ཙྪ་སྭཱ་ཧཱ། པྲ་བར་སཏྐཱ་ར་པྲ་ཏཱིཙྪ་སྭཱ་ཧཱ། ནག་པོ་ར་རི་མེད་པ་ཡི། །བུམ་པ་ལྟོ་ཆེ་བྲེ་ཚད་པ། །མཆུ་འཕྱང་མགྲིན་རིང་གདན་ལྡན་པར། །སྙིང་པོར་ལྡན་པའི་སྨན་སོགས་གཞུག །མགྲིན་པར་རས་བཟངས་དག་གིས་དཀྲི། །འདབ་མར་
ལྡན་པའི་ལྕུག་མ་ཡང་། །དྲི་དང་ལྡན་པའི་ཁ་རྒྱན་ཏེ། །བདུད་རྩིར་ལྡན་པ་ཡིས་ཀྱང་མཆོད། །བླ་རེ་གདུགས་དང་རྒྱལ་མཚན་དང་། །བ་དན་སིལ་སྙན་རོལ་མོ་ཡིས། །གུས་པས་དཀྱིལ་འཁོར་ལ་ཡང་མཆོད། །འཛམ་བུའི་གླིང་ངམ་གླིང་གཞན་དག །ནོར་བུ་རིན་ཆེན་བཀང་བ་ཡང་། །
སྟོང་གསུམ་ལ་སོགས་དེ་བཞིན་ཏེ། །ཞུམ་པ་མེད་པར་བྱས་ཏེ་དབུལ། །བློ་ལྡན་སྒྲུབ་པོས་སེམས་ཅན་ལ། །ཕན་པའི་སེམས་ཀྱིས་སྲོག་མི་གཅོད། །མ་བྱིན་པར་ཡང་མི་བླང་ངོ་། །འདོད་པ་མི་སྤྱད་བརྫུན་མི་སྨྲ། །གནོད་པའི་རྒྱུ་ཕྱིར་ཆང་མི་བཏུང་། །གདུག་པ་རྣམས་ལས་བཟློག་
སྟེ་བྱ། །དངོས་སུའམ་ཡང་ན་སྔགས་དང་གཞན། །འཁྲུལ་འཁོར་དང་ནི་ཏིང་ངེ་འཛིན། །སྨན་གྱིས་ཀྱང་ནི་བྱ་བ་སྟེ། །དེ་ལྟར་མི་བྱེད་དེ་ཡི་ནི། །ངེས་པར་དམ་ཚིག་ཉམས་པར་འགྱུར། །གདོན་དང་ལོག་འདྲེན་དག་གིས་ཀྱང་། །ངེས་པར་འཆི་སྟེ་དམྱལ་བར་ནི། །ཡུན་རིང་སྡུག་
བསྔལ་གྱིས་སྡུག་སྟེ། །དེ་བས་ནན་ཏན་ལྡན་པ་རུ། །བཟོད་པ་མི་བསྐྱེད་སྙིང་རྗེ་ཡིས། །སྔགས་ཀྱིས་ངེས་པར་གསད་པར་བྱ། །མི་ལྡོག་པ་ཡི་སེམས་སུ་གནས། །བྱང་ཆུབ་ཆུ་ཡིས་ར་རོ་ཞིང་། །ཤེས་རབ་ཕ་རོལ་ཕྱིན་པ་ཡི། །ཕྱག་རྒྱ་ཆེ་ལ་དེ་གཞོལ་ཏེ། །ངོ་བོ་དང་བྲལ་དངོས་པོ་
འཇིག །མ་བྱིན་བྱང་ཆུབ་བླང་པ་ལ། །བརྩོན་པས་ལེ་ལོ་དོར་བར་བྱ། །བརྫུན་དུ་ཤེས་བྱ་དངོས་པོ་རྣམས། །དེ་ནས་དེ་བཞིན་གཞན་ལ་བརྗོད། །རྒྱས་བཏབ་པ་ཡི་དངོས་པོ་ལ། །རྒྱབ་ཤིག་ཤེས་རབ་རལ་གྲི་ཡིས། །བཅད་ཅིང་རྣམ་པ་མེད་པ་ལ། །བསད་པ་ཡང་ནི་ང་ཡིས་བསྒྲགས། །
ཨུ་མེད་པ་ཡི་ཡི་གེ་རྣམས། །སྟེང་གི་གཡས་ཕྱོགས་ཉིད་ནས་བྲི། །འོག་གི་ཡི་གེ་བྲི་བ་ནི། །དེ་ཉིད་གཡོན་གྱི་ཕྱོགས་ནས་བྲི། །ཨཱ་ལི་ཀཱ་ལི་ངེས་བྲིས་ཏེ། །ཀྵཿམ་གཏོགས་པར་དབུས་སྟོང་སྟེ། །དེ་ལ་བགེགས་ཀྱི་མཚན་མ་འམ། །མིང་སོགས་ངེས་པར་བྲི་བ་ཡང་། །ལྟོ་བའི་

ནང་དུ་ཆུད་པར་བྲི། །འཁོར་ལོ་ཉིད་ཀྱང་དེ་འདྲ་བ། །གྲྭ་བཞི་དག་ཏུ་བྲི་བ་ནི། །མ་ནིང་འདོད་པའི་ཀཱ་ལི་དང་། །ཨཱ་ལི་མིན་ཏེ་ལྷག་མ་ཡིན། །གདུག་པའི་ཡི་གེ་བཅུ་བཞི་པོ། །མིང་དང་བཅས་པ་ཕྱོགས་བཞིར་བྲི། །དབྱངས་ཀྱི་ཡི་གེ་བཞི་པ་ཡིས། །བཞི་པ་གཅིག་
གི་མགོ་སྟེངས་སུ། །སུམ་སྐོར་ཉིད་ནི་ཤིས་པ་ཡིན། །ལས་ཀུན་བྱེད་པའི་འཁོར་ལོ་དེ། །འདྲི་བར་བྱེད་པའི་སྤྱི་དུས་དང་། །ཁྱད་པར་དུས་ཚེས་ལྷ་ཡི་ནི། །རྣལ་འབྱོར་མེད་པས་བྱ་བ་མིན། །ཕྱོགས་སུ་བལྟ་བའི་བྱེ་བྲག་གིས། །ལས་ཀྱི་སྒྲུབ་པོས་ཤེས་པར་བྱ། །ལས་ཀུན་
བྱེད་པའི་འཁོར་ལོ་ནི། །བདེ་གཤེགས་ཀུན་གྱི་སྙིང་པོ་སྟེ། །དེ་བཞིན་གཤེགས་པའི་གསང་བའང་ཡིན། །འཁོར་ལོ་འདིར་ནི་བཅུག་པ་གང་། །སངས་རྒྱས་ཀྱང་ནི་ངེས་པར་འཇིག །དམ་ཆོས་སྨོད་པའང་དེ་བཞིན་ཞི། །འཁོར་ལོས་སྒྱུར་བའང་དབང་དུ་འདུ། །ལྷ་མིན་པྲ་
ཏིའང་ཞི་བར་བྱེད། །དགྲ་བཅོམ་གསོད་པའང་དེ་ཞི་ལ། །བརྒྱ་བྱིན་ཉིད་ཀྱང་དབང་དུ་ངེས། །དེ་ལྟ་བུ་ཡི་འཁོར་ལོ་དེ། །ཐོག་མར་བྲིས་ཏེ་དེ་འོག་ཏུ། །བྱིན་རླབས་མ་ནོར་དེ་ཉིད་ལ། །མཆོད་པ་གུས་པར་བདག་གིས་བྱ། །མཆོད་མིན་ལས་རྣམས་བྱས་པ་ལ། །འབྲས་བུ་
འབྱུང་མིན་འཁྲུལ་པ་ལའང་། །འབྲས་མེད་ངལ་བ་ཉིད་ཡིན་ནོ། །ཡང་ལྷ་མོ་རོ་ལངས་མ་ཉིད་སྟན་ལས་ལངས་ཏེ་མཆོད་པ་ཆེན་པོ་བྱས་ཏེ་འདི་སྐད་ཅེས་གསོལ་བ་བཏབ་བོ།། །།འཁོར་ལོ་འདྲི་བའི་སྣག་ཚ་གང་། །བྲི་གཞི་སྨྱུ་གུ་ཇི་ལྟ་བུ། །གཅིག་གམ་འོན་ཏེ་དེ་ཐ་དད། །
བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ལེགས་སོ་ལེགས་སོ། །དེའི་ཕྱིར་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་བཤད་དོ། །ཇི་ལྟར་ལས་རྣམས་བྱེ་བྲག་ཡོད་པ་ལྟར། །བྲི་བའི་གནས་དང་གཞུག་པའི་གནས། །
ཐ་དད་དེ་བཞིན་འཁོར་ལོ་བསྒྲུབ། །སྣག་ཚ་ཐ་དད་འབྲུ་རྣམས་བཞིན། །གྲོང་ཁྱེར་ཆེན་པོ་བསྲུང་འདོད་དམ། །སྐྱེས་པ་བསྲུང་བར་འདོད་ན་ཡང་། །གྲོ་ག་དེ་བཞིན་ཨུ་བྷི་ཤུན། །གླ་གོར་ཞོ་ཤའི་ཤུན་པའམ། །རས་ལ་ཁ་ཆེས་འཁོར་ལོ་ནི། །བསྐུལ་བའི་ཚིག་དང་ལྡན་

པར་རོ། །སོ་མ་བཏང་བའི་ཁམ་ཕོར་དུ། །སྦྲང་མར་དག་དབུས་འཁོར་ལོ་གཞུག །སྐུད་པ་དཀར་པོས་ལེགས་པར་དཀྲི། །ནང་པར་ཤར་དུ་ཁ་བལྟས་ཏེ། །མེ་ཏོག་དཀར་པོ་དག་གིས་མཆོད། །བདག་ཉིད་དཀར་པོའི་མདོག་ཏུ་བསམ། །མདུན་དུ་སྐྱེས་
པ་ཟླ་བ་ལ། །མཐའ་དག་གནས་པ་མདུན་དུ་བསམ། །སངས་རྒྱས་ཕྱོགས་བཅུར་བཞུགས་པ་ཡིས། །བདུད་རྩི་ལྔས་གང་བུམ་པ་ཡི། །ཆུ་རྒྱུན་དག་གིས་དབང་བསྐུར་ཏེ། །དེ་འོག་བཟླས་པ་བརྩམ་པར་བྱ། །སྭཱ་ཧཱའི་སྔོན་དུ་བསྐུལ་ཚིག་ལྡན། །བུད་མེད་ལ་ནི་གི་ཝང་
སྟེ། །ཕྱི་རོལ་མཚམས་བཞིར་ཕུར་པ་ཡིས། །བགེགས་བསྐྲད་སྟེང་དུ་བླ་རེ་བྲི། །ཕྱི་མ་སྐྱེས་པའི་ཇི་བཞིན་ནོ། །བྱེ་བྲག་ཏུ་ཡང་སྐྱེས་པའམ། །བུད་མེད་ཞི་བར་འདོད་ན་ཡང་། །ག་པུར་ཙནྡན་དག་གིས་ནི། །ཤིར་ཤ་ཤིང་གི་ཤུན་པ་ལ། །འཁོར་ལོ་ཡི་གེ་ལེགས་བྲིས་
ཏེ། །ཤར་དུ་ནང་པར་བལྟས་ཏེ་མཆོད། །ལས་ཀུན་བྱེད་པའི་ཐབས་ལ་ཡང་། །སྔོན་གསུངས་ཞལ་ལྡན་དགོད་པར་བྱ། །ཕྱི་རོལ་མཚམས་བཞིར་ཕུར་པ་ཡིས། །བགེགས་བསྐྲད་སྟེང་དུ་བླ་རེ་བྲི། །བུམ་པ་ཁ་རྒྱན་དང་ལྡན་ཞིང་། །རིན་ཆེན་འབྲུ་དང་སྨན་དུ་ལྡན། །དྲི་
ཞིམ་ཆུ་དང་ལྡན་པར་བྱ། །གོས་བཟངས་ཀྱིས་ནི་མགྲིན་པ་དཀྲི། །ཕྱོགས་བཞི་དག་ཏུ་གཞག་པར་བྱ། །ཐང་ཀའམ་དཀྱིལ་འཁོར་ལ་མཆོད་དེ། །དྲིའམ་ཆུ་དང་མེ་ཏོག་དང་། །བསྲེས་པའི་སྐྱོར་མོས་ཆུ་ཡང་བླུགས། །གཟར་བུ་སྟོང་གིས་སྦྱིན་སྲེག་བྱ། །ཆུ་དེས་གཞན་ཡང་
གཏོར་བར་བྱ། །བར་མ་ཆད་པར་ཉིན་བདུན་དུ། །དེ་ལྟར་རྒྱུན་དུ་གཏོར་མ་སྦྱིན། །ཕྱི་ནས་འཁོར་ལོ་རིན་ཆེན་དེ། །བུམ་པའི་ནང་ནས་རྣམ་ཕྱུང་སྟེ། །རྒྱལ་མཚན་རྩེ་ལ་བཏགས་ནས་སུ། །གནས་མཐོན་པོར་ཡང་གཞག་པར་བྱ། །ཞི་བར་བྱེད་པ་ཐེ་ཚོམ་མེད། །སྔར་བཤད་
པ་ཡི་ཤིང་ཤུན་དང་། །དུར་ཁྲོད་རས་ལ་སྒྲུབ་པོ་ཡིས། །ཡུང་བའི་ཁུ་བས་འཁོར་ལོ་བྲི། །སོ་མ་བཏང་བའི་ཁམ་ཕོར་དུ། །བསྒྲུབ་བྱའི་རྐང་རྗེས་ས་དག་དང་། །སྣང་མཛད་ཆུ་ངོགས་ས་དག་དང་། །རི་དང་ལམ་ས་བཏགས་ནས་ནི། །ལྡོང་རོས་དང་ནི་ཡུང་བ་ཡི། །ཁུ་བས་

སྦྲུས་ཏེ་གཟུགས་བྱས་ལ། །འཁོར་ལོ་གཉིས་དྲིལ་ཡུང་བ་དང་། །ལྡོང་རོས་ཀྱི་ནི་ཁུ་བས་བསྐུ། །སྙིང་གར་བཅུག་སྟེ་གཞུག་པར་བྱ། །སེང་ལྡེང་ཕུར་པ་སོར་བརྒྱད་པས། །ལུས་ལ་སོགས་པ་གདབ་པར་བྱ། །དགྲ་རྣམས་འོང་བའི་ལམ་དུ་ཡང་། །ཁུང་བུར་བརྐོས་ཏེ་གཞུག་པར་
བྱ། །ལྃ་ལས་དབང་ཆེན་གྱིས་མནན་ཅིང་། །སུྃ་ལས་སྐྱེས་པ་དེ་སྟེང་ན། །སྣ་ཚོགས་ལས་ཀྱིས་མནན་པ་ཡི། །ཁམ་ཕོར་སྐུད་སེར་དཀྲི་བར་བྱ། །རྒྱལ་ཆེན་དག་ནི་སེར་པོ་ཡང་། །དབང་ཆེན་ལ་གནས་ལྷོར་བལྟས་ཏེ། །བསྒྲུབ་བྱ་སེར་པོའི་རིགས་མནན་པར། །བསམས་
ནས་བཟླས་པ་བརྩམ་པར་བྱ། །སྭཱ་ཧཱ་མེད་པར་སྟྃ་བྷ་ཡ། །ལྃ་གྱི་མཐའ་ཅན་ལྔ་སྟོང་བཟླས། །གཏོར་མ་རྒྱུན་དུ་སྦྱིན་པར་བྱ། །རེངས་པ་ཆེན་པོའི་ལས་འདི་ཡིས། །དམག་གི་དཔུང་ཡང་ངེས་པར་རེངས། །འགའ་ཙམ་ལ་ནི་སྨོས་ཅི་དགོས། །སྲན་ནེ་ལན་གསུམ་བསྔགས་པ་
ཡིས། །དུར་ཁྲོད་རས་ལ་འཁོར་ལོ་བྲི། །རིམས་དང་དུག་གིས་ཟིན་པ་དེ། །དེ་ཡི་སྟེང་དུ་གཞག་པར་བྱ། །བདག་ཉིད་དཀར་པོར་རྣམ་བསམས་ཏེ། །ཆོ་གས་བྱབ་ཅིང་གདོན་པར་བྱ། །དེ་ནི་དེ་ནས་ཞི་བར་འགྱུར། །ངག་དག་རེངས་པར་འདོད་ན་ཡང་། །སྨྱོ་བྱེད་ཁུ་བ་དུར་ཁྲོད་
སོལ། །བཙག་རྣམས་བསྲེས་ཏེ་སོ་མ་བཏང་། །ཁམ་ཕོར་གཉིས་ལ་འཁོར་ལོ་འདི། །ཕོ་དང་མོ་ཡི་སྐོར་ཕྱོགས་གཉིས། །མ་ནོར་བྲིས་ཏེ་ཁ་སྦྱར་ལ། །རོ་བསྲེགས་སོ་དང་ཐལ་བས་གཡོགས། །སྟེང་དུ་བཟླས་ཤིང་སྤེལ་བ་ནི། །སྟྃ་བྷ་ན་དང་ཀུ་རུ་ལྃ། །སྭཱ་ཧཱ་མེད་པའི་སྔགས་
འདི་ཡིས། །ཁ་བཅིང་བ་ནི་ངེས་པར་འགྱུར། །གང་ཞིག་གསད་པར་བྱེད་པ་ལ། །སྙིང་རྗེར་ལྡན་པའི་གང་ཟག་གིས། །གདུག་བྱེད་ལས་འདི་བྱེད་པ་ལ། །གཤིན་དགྲ་ལྷ་ཡི་རྣལ་འབྱོར་གྱིས། །གཅིག་གིས་ནི་འགྲུབ་པར་བྱེད། །བཅུ་བཞི་ཉི་མ་ཕྱེད་པ་ན། །བྱ་རོག་
སྒྲོ་རྩའི་སྨྱུ་གུ་ཡིས། །དུར་ཁྲོད་ཀྱི་ནི་རས་དག་ལ། །དུག་དང་ཚྭ་དང་སྐེ་ཚེ་དང་། །ནིམ་པ་ཚ་བ་གསུམ་དག་དང་། །ཚ་བའི་མར་ཁུ་དུར་ཁྲོད་སོལ། །སྨྱོ་བྱེད་མཛུབ་མོའི་ཁྲག་གིས་བྲི། །རོ་བསྲེགས་པ་ཡི་ཐལ་བ་དང་། །བསྒྲུབ་བྱའི་རྐང་པའི་རྗེས་ཀྱིས། །མི་ཡི་རུས་ཕྱེ་ལ་སོགས་

ལ། །གཟུགས་བྱས་དེ་ཡི་སྙིང་གར་གཞུག །དུར་མེ་དག་ལ་དེ་བགྲོ་ཞིང་། །ཁྲོས་པའི་སེམས་ཀྱིས་ཁྲི་བཟླས་ན། །སྐད་ཅིག་ཙམ་གྱིས་འཆི་བ་ནི། །དེ་ཡི་ཁྱིམ་མམ་དུར་དུ་སྦ། །དེ་ལྟའི་ལས་ཀྱིས་དེ་འགྲུབ་སྟེ། །མཚན་མོ་ཕྱེད་ན་ཁ་ལྷོར་བལྟ། །
བདག་ཉིད་འཇིགས་པའི་གཟུགས་ཅན་ཏེ། །ཞལ་སོགས་སྔོན་དུ་གསུངས་པ་ལྟར། །མ་ཧེའི་སྟེང་ན་མཆེ་བ་གཙིགས། །གསུས་ཁྱིམ་ཆེ་ལ་གྱེན་སྐྲ་འབར། །སྤུ་སོགས་གཞན་ཡང་དེ་འདྲའོ། །བ་སྤུ་དག་གི་བུ་ག་ནས། །འཇིགས་མཚོན་སྣ་ཚོགས་ཐོགས་པ་ཡི། །
ཁྲོ་བོ་མང་པོ་འཕྲོ་བ་སྟེ། །བདག་ཉིད་བསྐལ་བའི་མེ་ལྟར་འབར། །བསྒྲུབ་བྱ་མདུན་དུ་བསམ་བྱ་བ། །མཚམས་མེད་རྫོགས་པའི་སྡིག་དང་ལྡན། །དྲི་མ་ཅན་དེ་ཕྱོགས་གོས་འཆང་། །གྲོང་ཁྱེར་སྐྱེ་བོས་འཚེ་བ་ཅན། །གྲང་བའི་རེག་པས་ལུས་ལ་རྒྱས། །མཚོན་གྱིས་བཏབ་
པ་བྱས་པ་ལ། །གཅན་གཟན་སོགས་ཟ་མདུན་དུ་བསམ། །ངག་ཏུའང་དེ་ལྟར་ཡང་ཡང་བརྗོད། །ལྕགས་ཀྱི་འཁྱུད་མོས་ཡན་ལག་བསྡམས། །ཚེར་མས་དབུག་པ་བྱས་པ་སྟེ། །ལུས་ཀྱི་པགས་པ་མེད་པར་བསམ། །སྐེ་ཚེ་ལན་ཚྭས་ལུས་བྱུགས་ཏེ། །ཨ་ཆུ་བ་
ཡི་སྒྲ་འབྱིན་བསམ། །དེ་ཡི་མགོན་སྐྱབས་བསལ་བྱས་ནས། །གཤིན་རྗེའི་ལྟོ་བའི་ཐ་མར་གཞག །བེ་ཅོན་ཐོགས་པས་དེ་ཟའོ། །འདི་ལྟར་བསད་པས་སངས་རྒྱས་ཀྱི། །སྲས་སུ་དེ་ནི་སྐྱེ་བར་འགྱུར། །ལས་ཀྱི་སྡིག་ལས་དེ་གྲོལ་ལོ། །གསོད་པའི་སྔགས་དེ་སྤེལ་
བ་ནི། །ཧཱུྃ་ཆེ་གེ་མོ་མཱ་ར་ཡ་ཧཱུྃ། བསྒྲུབ་བྱ་ནང་དག་དབྱེ་བ་ནི། །མ་ཧེ་རྟ་ཡི་པགས་པ་དག །ཡང་ན་རོ་དང་དུར་ཁྲོད་རས། །རྟ་དང་མ་ཧེ་བྱི་ལ་འམ། །ཁྱིམ་བྱའི་ཁྲག་དང་སྐེ་ཚེ་བསྲེ། །དེར་ནི་འཁོར་ལོ་འདི་བྲིས་ཏེ། །རྣམ་པར་འགྲས་པ་བསྐུལ་
དང་ལྡན། །རྟ་སྦལ་དག་གི་ནང་བཅུག་སྟེ། །མ་ཧེའི་རྨིག་པའི་ནང་བཅུག་ལ། །སྟོང་ཕྲག་བཅུ་ནི་ཚང་བར་བཟླས། །ནིམ་པའི་ཤིང་བསྲོས་དེ་ནང་སྦ། །དེ་ནང་འགྲས་པ་ཉིད་དང་ནི། །དཔག་ཚད་བརྒྱས་ཆོད་འཐབ་པར་འགྱུར། །ཨ་ནུ་ཀི་དང་ཨ་མུ་ཀི། །བི་དཱེ་ཥ་ཡ་ཕཊ། རིམས་

ཀྱིས་ཐེབས་པར་བྱ་བ་ལ། །དུར་ཁྲོད་ཀོ་བ་ཆེ་བ་ལ། །ཨརྐ་ཤིང་གི་ལོ་མ་དང་། །ཙི་ཏྲ་ཀ་དང་སྐེ་ཚེ་དང་། །ཁྲག་གིས་འཁོར་ལོ་བྲི་བར་བྱ། །བྲི་བ་བསྐོས་ལ་རི་མོས་དགང་། །སེང་ལྡེང་འདབ་མ་དུ་མེད་ལ། །བསྲོ་ཞིང་ཁྲོས་པས་ལྔ་བརྒྱ་བཟླ། །ཁྱིམ་དང་ལམ་གྱི་བཞི་མདོ་དང་། །དུར་ཁྲོད་སྦས་ན་
རིམས་ཀྱིས་འཛིན། །རྒྱས་པའི་ལས་ཀྱིས་རྒྱས་འདོད་ན། །གི་ཝང་གིས་ནི་གྲོ་ག་ལ། །འཁོར་ལོ་གཉིས་ནི་རྣམ་བྲིས་ཏེ། །བསྐུལ་ཚིག་ལྡན་པར་ཡི་གེ་བྲི། །ཟླ་དྲུག་ཐང་ཀའི་མདུན་དག་ཏུ། །གནོད་སྦྱིན་དང་ནི་གནོད་སྦྱིན་མོས། །རིན་ཆེན་ཆར་ནི་འབེབས་པ་དང་། །གཤིན་དགྲ་སེར་
པོ་ཟླ་སེར་ལ། །གནས་པར་བསམས་ཏེ་ཁྲི་བཟླས་ན། །འཕགས་པ་ནོར་འཛིན་འདྲ་བར་འགྱུར། །ཨོཾ་ཆེ་གེ་མོ་པུཥྚིཾ་ཀུ་རུ་ཨོཾ། གྲོག་སོགས་ཀྱི་ཤོག་ཤོག་ལ། །གི་ཝང་དང་ནི་རང་བྱུང་གི། །མེ་ཏོག་དག་གིས་བྲི་བ་སྟེ། །ཡང་ན་ཐ་ལྟག་ཁྲག་དང་ནི། །བིལ་བའི་ལོ་མའི་ཁུ་བ་དང་། །
རས་དམར་པོ་ཡི་ཁུ་བ་དང་། །སེན་རྩི་རྣམས་བསྲེས་བྲི་བར་བྱ། །སྤྲ་ཚིལ་གྱིས་ནི་འཁོར་ལོ་དྲིལ། །བུམ་པ་མར་སྦྲང་ལྡན་པར་གཞག །དུས་བཞི་དག་ཏུ་མཆོད་པ་ནི། །མེ་ཏོག་དམར་པོས་མཆོད་པའོ། །དེ་ཚེ་བཟླས་པ་ཚུལ་དག་ནི། །ཧོཿཝཱ་ཤཾ་ཀུ་རུ་ཧོཿ། །དེ་མཐག་ཏུ་ལྷ་རྣམས་
ཀྱང་། །དབང་དུ་བྱེད་པར་ངེས་འགྱུར་རོ། །གྲོ་ག་དག་ལ་བྲི་བ་ནི། །ཟླ་བ་གཟས་ཟིན་དུས་དག་གམ། །རྒྱལ་གྱི་ཉིན་པར་བྲི་བྱ་སྟེ། །སྐུད་པ་དམར་པོས་འཁོར་ལོ་དཀྲི། །མེ་ཏོག་དམར་པོས་མཆོད་པར་བྱ། །ཐོད་པ་ཁ་སྦྱར་ནང་གཞག་སྟེ། །བཟླས་པ་ཁྲིས་ནི་བརྒྱ་བྱིན་གྱི། །བུ་མོ་འང་རྙེད་པར་
ངེས་འགྱུར་རོ། །དུར་ཁྲོད་ཀྱི་ནི་རས་དག་ལ། །གུར་གུམ་སོགས་ཀྱིས་འཁོར་ལོ་བྲི། །ཡི་གེ་ཐིག་ལེས་རྣམ་བསྐོར་ཏེ། །ཨ་མུ་ཀི་དང་མཱ་མ་ཀཱི། །མོ་ཧ་ན་དང་རྣམ་སྤེལ་ལ། །བསྒྲུབ་བྱའི་གོས་ཀྱི་མཐའ་མ་ལ། །ལེགས་བཏགས་ཆོས་ཀྱི་དབྱིངས་ཉིད་དུ། །བསྒོམས་ནས་ཟློས་ཤིང་འགྲོ་ན་
ཡང་། །ལྷ་དང་ལྷ་མིན་གྱིས་མི་མཐོང་། །བདག་ཉིད་གཤིན་དགྲ་ཉིད་བསྒོམས་ནས། །ཆུ་ཡི་སྟེང་ནས་འགྲོ་འདོད་ན། །རྡུལ་ཕྲན་ལྷ་ཡི་རྣམ་པར་ཏེ། །ཨོ་རྒྱན་དུ་ནི་བདག་རང་ཉིད། །ངེས་པར་སྟེང་འགྲོ་གཞན་དག་ཀྱང་། །བུ་མོས་ནགས་ཀྱི་རས་བལ་ལ། །སྐུད་པ་བཀལ་བ་གཞོན་ནུ་མས། །

སུམ་སྒྲིལ་དུ་ཡང་དེ་ཡིས་བྱ། །གདུག་སྔགས་སྟོང་དུ་ཚང་བར་ཏེ། །བཟླས་ཚུལ་སྔོན་དུ་གསུངས་པ་བཞིན། །སྐར་མ་རྒྱལ་གྱི་དུས་ལ་བཟླ། །བྲི་བའི་ཉིན་མོའང་དེ་ལའོ། །དཀྱིལ་འཁོར་གྱི་ནི་ལྷར་བརྟག་པ། །གཡོན་གྱིས་མདུད་བྱས་གཞན་ལ་གདགས། །མ་ལུས་
མཚོན་དག་རེངས་བྱེད་དེ། །གཅེར་བུ་བ་ལང་རེངས་པར་བྱེད། །མེ་ཏོག་ལས་ནི་གཞན་དུ་མིན། །ཤ་ལྔ་སོགས་ཀྱི་རིལ་བུ་ནི། །ལེགས་པར་གྲིབ་མ་དག་ལ་བསྐམ། །ལྕགས་གསུམ་དག་གིས་དཀྲི་བར་བྱ། །བཟླས་ཤིང་མཆོད་པ་བྱེད་པའི་ཚེ། །དངུལ་དག་གི་ནི་རང་བཞིན་བྱ། །འབར་
བར་གྱུར་བ་ཉིད་ན་ཡང་། །མཆོད་པ་ལེགས་པར་རྣམ་བྱས་ཏེ། །སྐོར་བ་བརྒྱ་ཕྲག་དུ་མ་བྱ། །དེ་ནས་བློ་ལྡན་སྒྲུབ་པ་པོས། །ཁར་བཅུག་ཙམ་གྱིས་འདོད་པ་བསྒྲུབ། །ཕྱུང་ན་སྔོན་ལྟར་རྣལ་མ་ཉིད། །གསོ་བ་འདྲ་བར་འོ་མས་ཀྱང་། །ངེས་པར་འཁྲུལ་འཁོར་བཀྲུ་བར་བྱ། །རིག་སྔགས་
འཁྲུལ་འཁོར་ལས་གྲོལ་ཏེ། །རྣལ་མ་ཉིད་ལ་གནས་པ་ཡིན། །སྣུམ་སྟེར་དག་གི་ས་བོན་ལ། །ཉ་ལྕིབས་དང་ནི་བྱི་ཏང་ཀ །ཁུ་བས་ཡང་དེ་བྱུགས་པ་ལ། །ཐོད་པས་ས་ནི་རྣམ་བཀང་བར། །སྦས་ཏེ་བཟླས་པ་གྲངས་མེད་བྱ། །དེ་ཚེ་མཆོད་དང་གཏོར་མ་དག །ཡོངས་རྒྱས་འབྲས་བུ་རྣམ་
བླངས་ཏེ། །ཁར་བཅུག་མཁའ་འགྲོའི་བྱར་འགྱུར་རོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། །ཞུས་དང་འདས་དུས་བྱུང་གདུག་པ། །མངོན་པར་རྟོགས་པའི་ཏིང་ངེ་འཛིན། །དཀྱིལ་འཁོར་རྣམ་པར་སྤྲོས་པ་དང་། །ཐིག་གིས་གཞལ་ཡས་མཚོན་པ་དང་། །རྡུལ་ཚོན་ཕྱོགས་ལས་རྣམ་པར་
བརྟགས། །ཡང་དག་བྱིན་གྱིས་བརླབས་པ་དང་། །བདུད་རྩི་མྱང་བར་བྱ་བ་དང་། །ཚངས་པའི་གནས་བཞི་བསྒོམ་པ་དང་། །སྔགས་ཀྱི་དངོས་མེད་དེ་བཞིན་མཚམས། །ཆོས་འབྱུང་དང་ནི་སྒྲུབ་པོ་དང་། །བཟླས་དང་དེ་ཡི་གྲངས་ཚད་དང་། །འཁོར་ལོ་དང་ནི་ཡི་གེ་གཉིས། །ངེས་པར་
ཞུས་དང་མཆོད་པ་དང་། །འཁོར་ལོ་འདྲི་བའི་མཚན་མ་དང་། །འབྱུང་བ་བཞི་དང་བསྡུ་སོགས་དང་། །སྡོམ་པ་འཁོར་ལོའི་ཡི་གེ་བྲི། །གཞི་དང་དེ་བཞིན་སྣག་ཚ་དང་། །སོ་སོ་ལས་ཀྱི་བྱེ་བྲག་སྟེ། །བསྡུས་ཏེ་ང་ཡིས་བསྟན་པ་ཡིན། །དེ་ནས་བཅོམ་ལྡན་འདས་ཀྱིས་འབྱུང་པོ་རྣམས་ལ་

གཏོར་མས་ཚིམ་པར་བྱ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་ལས་སྔགས་འདི་ཕྱུང་ངོ་། །ཨོཾ་ཧྲཱིཿཥྱཱིཿཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། འབྱུང་པོ་རྣམས་དང་རྣམ་སྤེལ་ཏེ། །ཐ་མར་སྦྱར་བ་བྱས་པ་ནི། །ཧི་ཧི་ཧི་ཧཱུྃ་ཕེྃ་ཕེྃ་ཕེྃ་སྭཱ་ཧཱ། །
དུར་ཁྲོད་རྒྱན་གྱིས་རྣམ་བཞུགས་པའི། །ཞེ་སྡང་གཤིན་གཤེད་རྡོ་རྗེ་ནི། །སྤྲོས་མེད་ནམ་མཁའ་ལྟ་བུ་ལས། །སྙིང་རྗེའི་ཐབས་ཀྱིས་སྐུ་སྤྲུལ་བ། །ཡེ་ཤེས་ཁྲོ་རྒྱལ་རབ་འཇིགས་པའི། །དུད་པ་མུན་ཆེན་སྐུ་ལ་འདུད། །གར་དགུ་ཉམས་དང་ལྡན་པ་ཡི། །གཏི་མུག་རྡོ་རྗེ་
གཤིན་རྗེའི་གཤེད། །སྐྱེ་མེད་དོན་དམ་ངང་ཉིད་ལས། །ཐབས་ཀྱི་སྤྲུལ་པའི་སྐུར་བསྟན་པ། །འཇིགས་བྱེད་དྲག་པོའི་ཆ་ལུགས་ཅན། །ཟླ་བ་ཉ་འདྲ་ཁྱོད་ལ་འདུད། །བསྐལ་པའི་མེ་ལྟར་འབར་བ་ཡི། །སེར་སྣ་གཤིན་རྗེའི་རྡོ་རྗེ་ནི། །འཛིན་པ་པོ་ལས་གྲོལ་བ་ཡིས། །
གདུག་པ་འདུལ་ཕྱིར་ཁྲོ་བོར་སྤྲུལ། །གཏེར་འཆང་སེར་སྣ་གྲོལ་མཛད་པ། །བཙོ་མ་གསེར་འདྲ་ཁྱོད་ལ་འདུད། །ཆགས་པས་མ་ལུས་དབང་མཛད་པའི། །འདོད་ཆགས་གཤིན་རྗེའི་རྡོ་རྗེ་ནི། །སྐྱེ་མེད་རྣམ་དག་ཆོས་དབྱིངས་ལས། །ཁམས་གསུམ་པ་དག་ཁྲོ་བར་
སྤྲུལ། །མ་ཆགས་སྤྱན་ལྡན་ཐུགས་རྗེ་ཅན། །བནྡུ་ལྟ་བུའི་སྐུ་ལ་འདུད། །ཤེས་རབ་ཐབས་ལྡན་ཧེ་རུ་ཀ། །ཕྲག་དོག་གཤིན་རྗེའི་རྡོ་རྗེ་ནི། །རྣམ་རྟོག་དཔེ་དང་བྲལ་བ་ལས། །ཐུགས་རྗེས་སྤྲུལ་པའི་ཁྲོ་བོ་ནི། །འགྲོ་དོན་བརྩོན་པའི་རལ་གྲི་ཅན། །སྣ་ཚོགས་མདོག་ཅན་ཁྱོད་
ལ་འདུད། །ཐམས་ཅད་བསྐྱེད་པའི་ལྷ་མོ་ཆེ། །དཔང་པོ་ལྟ་བུར་སྒྱུར་མཛད་པ། །ཁམས་གསུམ་གཟིགས་པའི་སྤྱན་དང་ལྡན། །རྣམ་སྣང་ཅན་གྱིས་བདུད་བཞི་འཇིགས། །བདེ་བ་ཆེན་པོས་རྟག་ཏུ་དགྱེས། །ཡེ་ཤེས་སྤྱན་ཅན་ཁྱོད་ལ་འདུད། །ཀུན་སྡུད་ལྷ་མོ་རིན་པོ་ཆེ། །རྣམ་
རྟོག་སྐྱོན་ལས་རྣམ་གྲོལ་ཡང་། །དུས་གསུམ་བདེ་གཤེགས་བདག་གིར་བྱེད། །རིན་ཆེན་ཏོག་ཅན་མཛེས་པའི་སྐུ། །དོན་དམ་ཐུགས་ཆུད་འཁོར་བ་སེལ། །མ་ལུས་ཀུན་གྱི་བདག་ལ་འདུད། །འདུས་བྱས་མ་ལུས་སྲེག་བྱེད་པ། །རྣམ་རྟོག་ཞི་བའི་རང་བཞིན་ལས། །ཁམས་

གསུམ་མ་ལུས་སྒྲོལ་བར་བྱེད། །འོད་དཔག་མེད་ཀྱིས་རབ་མཛེས་པ། །མ་ཆགས་ཕྱག་ན་བསྣམས་པ་ཡི། །ཕྲིན་ལས་དག་བྱེད་ཅན་ལ་འདུད། །ཐུགས་རྗེས་གཡོ་བའི་རང་བཞིན་ཅན། །འཇིག་རྟེན་གསུམ་དག་སྒྲོལ་བར་བྱེད། །གཉིས་མེད་བདེ་ཆེན་
ངང་ཉིད་ལས། །ཕྲིན་ལས་གྲུབ་པའི་རང་བཞིན་ཅན། །བཏང་སྙོམས་བཞུགས་པས་འགྲོ་བ་འདུལ། །ཀུན་ཏུ་ལས་ཀྱི་རྒྱལ་ལ་འདུད། །ཅེས་གཟུགས་རྡོ་རྗེ་ལ་སོགས་པ་ལ་སོ་སོར་ཡོངས་སུ་བསྟོད་དོ། །དེ་ནས་ཡང་ཐམས་ཅད་ཀྱི་བདག་པོས་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ལྷ་མོ་
རྣམས་ཀྱི་སྐུ་ལ་བཏུད་དེ། །གདུག་པ་འཇིགས་པའི་ཡི་གེ་ནི། །བཅུ་བཞི་པ་ལ་དམིགས་པ་ཡང་། །འཁོར་བར་དམིགས་པར་བྱ་བ་འམ། །ཉི་མའི་སྟེང་ན་སྐྱེས་པ་ལྟར། །དམིགས་ཏེ་མ་ཡེངས་བརྗེད་པ་མེད། །བཟླས་པ་ཉིད་ནི་དེ་ལྟར་བྱ། །བྱེ་བ་ཚང་བར་བཟླས་པ་ཡིས། །
རབ་འབྱམ་ལས་ལ་མི་འགྲུབ་པ། །མེད་དེ་དེ་ཡིས་ཐམས་ཅད་འགྲུབ། །འབུམ་དང་ས་ཡ་བཟླས་པས་ཀྱང་། །ཕྲ་མོའི་ལས་རྣམས་འགྲུབ་པར་བྱེད། །གཞན་དུ་མི་འགྲོའི་སེམས་ཀྱིས་ནི། །དེ་ལྟའི་ཚུལ་དུ་བཟླས་པ་བྱ། །ཡུལ་གཞན་བློ་ནི་འགྲོ་བ་ཡིས། །བསྐལ་
པར་བཟླས་ཀྱང་འབྲས་མི་འབྱིན། །མི་འཕྲོ་སེམས་ཀྱིས་འདི་ཟློས་ཤིང་། །ལམ་དུ་ཞུགས་པའི་སྐྱེས་བུ་ལ། །སྟག་སོགས་ཆུ་ཡིས་མི་འཇིགས་སོ། །དེ་ནས་ཡང་དག་བཤད་བྱ་བ། །དབང་གི་བློ་སྦྱངས་རབ་ལྡན་པས། །འབྲས་ཐོབ་དེ་མེད་མི་འགྲུབ་སྟེ། །དེ་བས་དེ་ནི་
བཤད་པར་བྱ། །བུམ་པའི་དབང་གིས་ཐོག་མར་སྦྱང་། །གསང་བའི་དབང་གིས་གཉིས་པ་སྟེ། །གསུམ་པར་བྱ་བ་དེ་ཉིད་ནི། །ཤེས་རབ་ཡེ་ཤེས་དེ་ཡིན་ཏེ། །དེ་ལྟར་དེ་བཞིན་བཞི་པ་ཡིན། །བརྟན་གཡོ་དངོས་པོ་མ་ལུས་པ། །བསྒོམ་པར་བྱ་བའི་དུས་ཉིད་ལ། །
བློས་ནི་ཡོངས་སུ་མི་བསྒོམ་སྟེ། །ཀུན་གྱི་མཚན་ཉིད་མ་ཤེས་ན། །བསྒོམ་པ་ཁོ་ན་དེ་མིན་ཏེ། །ཐམས་ཅད་དངོས་ཉིད་ཡོངས་ཤེས་ན། །དེ་ནི་བསྒོམ་པར་ཡོངས་སུ་བསྒྲགས། །དེ་ཉིད་བླ་མའི་ཁ་ཡིས་ཏེ། །འབད་པས་མཉེས་བྱ་དེ་མི་སྨད། །དེ་ལ་ཐམས་ཅད་འབྱུང་བ་

སྟེ། །བླ་མ་ལ་སྨོད་གཡོ་སྒྱུ་ཅན། །ངེས་པར་དེ་ནི་དུག་དང་ཡང་། །གདོན་ཆེན་དག་ནི་མ་ལུས་པས། །འཆི་ཞིང་བརླགས་པར་དེ་གྱུར་ནས ། །དམྱལ་བ་དག་ཏུ་ཡུན་རིང་ལྟུང་། །བསྐལ་པ་དུ་མར་སྡུག་བསྔལ་ཏེ། །རྟག་ཏུ་ཆོ་ངེས་འདེབས་པར་བྱེད། །དེ་བས་བློ་གྲོས་ཆེན་པོ་ལ། །
ནམ་དུའང་མི་སྨད་གཞན་དུ་ན། །བཀུར་སྟི་ཕུ་དུད་འགྲོ་བ་ལ། །ཕན་པའི་སེམས་ཀྱིས་དེ་ལྟར་བྱ། །གཞན་ཡང་བསྒོམ་པར་བྱ་བ་ཉིད། །གང་དག་དབང་པོའི་ལམ་འགྲོ་བ། །དེ་དེའི་ངོ་བོར་བདག་གིས་བྱ། །བསམ་གཏན་མི་བྱེད་དེ་བློ་ཡིས། །ཀུན་ཏུ་བློ་ཡིས་བསྒོམ་པར་བྱ། །
བཅོམ་ལྡན་བདག་པོ་ཆེན་པོ་ཡིས། །གསང་དབང་ལག་ན་རྡོ་རྗེ་ལ། །བོས་ནས་གསང་བའི་དབྱངས་འདི་གསུངས། །གཟུགས་སྒྲ་ལ་སོགས་དྲུག་པོ་རྣམས། །དངོས་མེད་མཁའ་དང་འདྲ་བ་ལས། །ལོངས་སྤྱོད་ཡུལ་དུ་དུ་མར་སྣང་། །ཤེལ་ལ་ཚོན་ནི་ཇི་བཞིན་དུ། །འདོད་པ་
ལྔ་དང་ཆོས་རྣམས་ལ། །རྟག་ཏུ་རྣལ་འབྱོར་སྤྱོད་པར་ཤོག །ཨ་ལ་ལ་ཧོ། །རོལ་དུ་གསོལ། བསྣམས་པར་མཛོད། མི་འཛིན་སྒྱུ་མ་ལྟ་བུ་ལ། །གར་གྱིས་དགྱེས་པའི་རོལ་པ་མཛོད། །རིག་བྱ་དགག་པ་མེད་པ་ལ། །མི་གཡོ་བཞིན་དུ་རོལ་པར་མཛོད། །ཧོ་ཆགས་པ་མེད་པས་
ཆགས་པར་མཛོད། །དེ་ནས་ཡང་དག་རབ་བཤད་པ། །སྔགས་དང་ཕྱག་རྒྱ་དབང་བསྐུར་བའི། །དེ་ཡི་མཚན་ཉིད་བཤད་པའི་ཕྱིར། །གསུང་ནི་འདི་སྐད་བཀའ་སྩལ་ཏོ། །ལྕེ་ལ་སྒོམ་པའི་རྡོ་རྗེ་ནི། །རྡོ་རྗེ་གནོད་མཛེས་ནག་པོ་སྟེ། །ཁ་ནི་ཀུན་དུ་གྱེས་པ་ཡི། །ལག་གཉིས་
ཐལ་མོ་ངེས་སྦྱར་ཏེ། །གུང་མོའི་རྩ་བའི་ཚིགས་ཉིད་ལ། །མཐེ་བོང་ངེས་པར་སྦྱར་བར་བྱ། །མཛུབ་མོ་གུང་མོའི་རྒྱབ་རྩེར་སྦྱར། །འདི་ནི་དམ་ཚིག་ཕྱག་རྒྱ་སྟེ། །སྙིང་ག་དཔྲལ་བ་ལྐོག་མ་དང་། །སྤྱི་བོར་བྱིན་གྱིས་བརླབ་པར་བྱ། །ཨོཾ་ཧྲཱིཿཥྚྲཱིཿབི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་ཨ་དྷི་ཏིཥྛ་
སྭ་མཱཾ། །གཞན་ཡང་རྡོ་རྗེ་སེམས་མ་སོགས། །ཕྱག་རྒྱས་དབང་བསྐུར་དབུ་རྒྱན་བརྟག །གཏི་མུག་རྡོ་རྗེ་ལ་སོགས་པ། །སོ་སོའི་བདག་པོས་དབུ་བརྒྱན་ཅིང་། །དབང་བསྐུར་ཚེ་ན་བུམ་པ་ཆེ། །ཕྱག་གིས་བསྣམས་ཏེ་དབང་བསྐུར་རོ། །འཁོར་ལོ་ལས་ཀུན་བྱེད་པ་ལ། །

གསང་དབང་ལག་ན་རྡོ་རྗེ་ཡིས། །བསྟོད་པའི་རྒྱལ་པོ་འདི་ཡིས་བསྟོད། །གདུག་པ་སྐྲག་བྱེད་འཁོར་ལོ་མེ་ལྟར་འབར། །དུས་གསུམ་ཁྲོ་རྒྱལ་ཧེ་རུ་ཀ་ཡི་ཐུགས། །ལས་རྣམས་དག་བྱེད་ཕྲག་དོག་རྡོ་རྗེ་སྟེ། །མ་ལུས་ཚེམས་གཅོད་གསོལ་བས་སྐུ་ཡི་
དང་། །ཧཱུྃ་དང་ཕཊ་ཀྱི་གདུག་རྩུབ་སྦྱོར་བས་གསུང་། །ཀུན་གྱི་རང་བཞིན་ཁྱོད་ཀྱིས་གཤིན་རྗེ་ཡི། །ལྟོར་འཛུད་བཀའ་ལས་ངས་ཀྱང་མི་འདའ་ཞིང་། །ཕྱོགས་བཅུའི་སྤྲུལ་པས་གནས་ནས་འགུགས་མཛད་པ། །མ་ལུས་ཀུན་བྱེད་འཁོར་ལོ་ཆེ་མཆོག་ལ། །གཞན་གྱི་དོན་
རྫོགས་གུས་པས་ཕྱག་འཚལ་ལོ། །ཁྱོད་ནི་དཔའ་བོ་ཐུབ་ཆེན་ཀུན་གྱི་བདུད། །ང་ཡིས་ལམ་བསྟན་བདུད་རྣམས་མི་ཕྱེད་ཀྱང་། །དམ་ལས་འདའ་ཞིང་ལོག་པ་ཀུན་བསྐྱེད་ལ། །ཁྱོད་ཀྱང་བཀའ་ལས་མ་འདའ་ལས་རྣམས་སྒྲུབས། །ཚེ་དང་སྲོག་བསྡུས་ཡན་ལག་རྣམ་པར་
བཅིངས། །བདུད་རྩི་ཆུ་རྒྱུན་རྣལ་འབྱོར་ང་ལ་འདོད་སྒྲུབ་ན། །ངས་ནི་སྦྱིན་བྱ་ཁྱོད་ནི་དམ་ལས་མ་འདའ་ཞིག །ཅེས་དཔལ་གཤིན་རྗེའི་དགྲ་ནག་པོའི་འཁོར་ལོ་གཞན་གྱི་ལྟོ་བ་ལ་གནས་འཆའ་བར་འདོད་པའི་གཏན་འཕོ་བ་མ་ཡིན་པའི་ཚེ་བྱའོ། །འཁོར་ལོ་སྙིང་གར་ལྟ་བའི་
ཚེ། །ས་བོན་ཚུལ་ཏེ་ལྟེ་བ་ལ། །ཡི་གེ་མ་ལུས་འདོད་པ་ཡང་། །མཚན་ཉིད་ངན་པའི་རྟོག་པ་ལས། །གྲོལ་ཏེ་མཐའ་གསུམ་ངོ་བོ་ལས། །ཀྵཿནི་ཟད་པའི་བདག་ཉིད་ལ། །ཨུ་ནི་ཧཱུྃ་གི་བདག་ཉིད་དེ། །དེ་ནི་སེམས་ཀྱི་རང་བཞིན་ཉིད། །དགའ་ལས་འདས་པའི་ཡེ་ཤེས་
ཏེ། །ཐབས་ནི་ཤེས་རབ་ལྡན་པ་ལས། །དུས་ཐབས་བསྟན་པའི་བདག་ཉིད་ཀྱིས། །འཐོབ་སྟེ་གཞན་དུ་དེ་མི་འཐོབ། །ཆུ་འགྲམ་ཆེན་པོ་བས་མཐའ་དང་། །དུར་ཁྲོད་ཤིང་དྲུང་དགོན་པ་སྟེ། །དབེན་པའི་ཡུལ་དང་མ་མོའི་ཁྱིམ། །དེར་ནི་མགོན་པོ་འདི་ལ་འབད། །གཞན་
དུ་བསྒྲུབས་ཀྱང་དེ་མི་འགྲུབ། །སྐད་ཅིག་དེ་ལ་རང་བཞིན་ཀུན། །ངེས་པར་མི་སྣང་རིག་པ་ཡི། །ལམ་དུ་གྱུར་པ་མེད་པར་ཤེས། །འབྲས་བུ་དེ་ནི་རྒྱ་ཆེན་ཏེ། །མཐའ་ཡི་འཐོབ་པ་དེ་ཡིན་ནོ། །དེ་ནས་ཡང་ཐམས་ཅད་ཀྱི་བདག་པོ་བདེ་བར་གཤེགས་པས་རྡོ་རྗེ་སའི་ཆོ་ག་གསུངས་པ་ན་

སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་གྱིས། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དབང་དུ་གྱུར། །བསྲུང་བའི་དཀྱིལ་འཁོར་རབ་གནས་པས། །སྡང་བའི་ལོག་འདྲེན་སྐྱེ་བོ་དང་། །བགེགས་རྣམས་བསལ་བ་འདི་སྐད་གསུངས། །དཔལ་
ལྡན་བདག་ནི་རྡོ་རྗེ་འཛིན། །བསྲུང་བའི་འཁོར་ལོ་རབ་སྦྱོར་བས། །བདག་གིས་ཡེ་ཤེས་རྡོ་རྗེ་ཡིས། །ལུས་ངག་ཡིད་དུ་བཅས་པ་དག །སངས་རྒྱས་ཀུན་གྱི་བདག་ཉིད་ནི། །ཁྲོ་བོ་གཤིན་རྗེ་ནག་པོའི་བདག །སློབ་དཔོན་གྱིས་ནི་དཀྱིལ་འཁོར་བྲི། །ཞེས་ལན་གསུམ་
གྱི་བར་དུ་བརྗོད་པར་བྱའོ། །དཀྱིལ་འཁོར་གྱི་ནི་དྲུང་ཉིད་དུ། །དར་གྱིས་གདོང་ནི་བཀབ་པ་ལ། །སྒོ་དྲུང་གནས་པ་ཁྱོད་གང་ཡིན། །སློབ་དཔོན་གྱིས་ནི་རབ་བརྗོད་དེ། །དེས་བདག་སྐལ་བ་ལྡན་པར