Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 077_རྒྱུད་འབུམ།_ཀ
Văn bản gốc(Tây Tạng)
Trang 23 / 23 (50.000 ký tự/trang)
སྭཱ་རཾ་བ་སཾ་ལ་ཛཱ་ནཱི་ཀི་ཌཱ་ཊཕ་ཧཱུྃ་ཧཱུྃ་ཀཾ་རུ་རུ་ཧེ་ཧེ་ཛྲ་བ་ཤྲཱི་ཨོྃ། །རིག་པའི་རྒྱལ་པོའི་སྙིང་པོ་ནི། །མ་བྱུང་འབྱུང་བར་མི་འགྱུར་རོ། །ཊཕ་ཧཱུྃ་ཧཱུྃ་ཧ་ཧ་ ཧྲཱིཿཨོྃ། །ཡི་གེ་བྃ་དང་ཡོཾ་དང་ནི། །ཡི་གེ་མྃ་དང་ཧྲི་ཉིད་དང་། །ཧཱུྃ་དང་ཕཊ་ཅེས་བཤད་པ་ཡིན། ཨོྃ་བཾ་བཛྲ་བཱ་རཱ་ཧི། །ཧཾ་ཡོཾ་ཡ་མི་ནི། ཧྲཱིཾ་མོཾ་མོ་ཧ་ནི། ཧྲེཾ་ཧྲེཾ་སཾ། ཙལ་ནི། །ཧཱུྃ་ཧཱུྃ་སཾ་ཏྲཱ་ས་ནི། །ཕཊ་ཕཊ་ཙཎྜི་ཀ། རྣལ་འབྱོར་མ་ནི་དྲུག་ཏུ་བསྒྲགས། །རེའུ་མིག་ དྲུག་ལ་རྣམ་པར་བསྒོམ། །མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས་གོ་ཆའི་སྙིང་པོ་སྒོམ་པའི་ལེའུ་སྟེ་ལྔ་བཅུ་རྩ་བརྒྱད་པའོ།། །།དེ་ནས་གཞན་ཡང་ལྷ་མོ་ཡི། །སྙིང་པོ་བླ་མེད་བཤད་པར་བྱ། །ཨོྃ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུཾ་ཕཊ་སྭཱ་ཧཱ། ལྷ་མོའི་སྙིང་པོའི་སྦྱོར་བ་ནི། །བཅུ་ གསུམ་པ་ནི་བདག་ཉིད་དགེ། །པདྨ་དབུས་སུ་ཕག་མོ་སྟེ། །འདབ་མ་ལ་ནི་ལྷ་མོ་དགོད། །སྒོ་བཞི་དག་གི་ཕྱོགས་སུ་ནི། །ལྷ་མོའི་སྙིང་པོ་རྣམ་པར་བསྒོམ། །ཨོྃ་ལས་བྱུང་བའི་རྟ་གདོང་དང་། །རྡོ་རྗེ་སྙིང་པོ་གདུག་པའི་སྒྲ། །དྲག་པོ་ཡང་ནི་གཡོ་མ་དང་། །མི་འཕྲོག་མ་དང་ དྲི་མེད་མ། །ཧཱུྃ་མཛད་མ་དང་ལྡན་ལྷ་མོ། །བསྲེགས་བླུགས་མ་དང་ཕཊ་བྱེད་མ། །རང་བྱུང་མ་དང་བཅུ་གཉིས་ཏེ། །ཧ་མཛད་གཡས་པའི་གཙོ་བོ་ཡིན། །རྡོ་རྗེ་ཕག་མོ་ཞེས་བྱ་བ། །དངོས་གྲུབ་ཐམས་ཅད་སྩོལ་མཛད་པ། །སྔོ་དང་སེར་དང་དམར་བ་དང་། །ལྗང་ཁུ་སྟེང་ཞལ་དཀར་ པོ་སྟེ། །སྤྱན་གསུམ་པ་ལ་བཞིན་རྣམ་སྒྱུར། །མཆེ་བ་རྣམ་པར་གཙིགས་པ་སྟེ། །གཡས་བརྐྱང་བཞུགས་ཤིང་ཐོད་ཕྲེང་ཅན། །གསུས་པ་རློ་ཞིང་སྐྲ་གྲོལ་བ། །ཕྱོགས་ཀྱི་གོས་ཅན་འཛིན་པ་སྟེ། །རང་གི་ཐབས་དང་སྦྱོར་བས་གནས། །འཇིགས་བྱེད་ཙ་མུཎྜི་འཇིགས་མྱོས། ། ཞབས་ཀྱི་འོག་ཏུ་གནོན་པས་བཞུགས། །ཐོད་པ་དང་ནི་ཁ་ཊྭཱཾ་ག །མདུང་དང་གྲི་གུག་ཅང་ཏེའུ་དང་། །རྡོ་རྗེ་དྲིལ་བུ་ཞགས་པ་དང་། །ལྕགས་ཀྱུ་ཚངས་པའི་མགོ་བོ་དང་། །དགྲ་སྟ་དང་ནི་སྡིགས་མཛུབ་དང་། །ན་རའི་པགས་པ་སྟེང་དུ་བརྐྱང་། །སྐ་རགས་དང་ནི་དཔུང་རྒྱན་དང་། ། ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །སངས་རྒྱས་ལྔ་ཡི་ཅོད་པན་ཅན། །ཐུགས་རྗེ་ཁྲོ་གཉེར་འཇིགས་པ་སྟེ། །འདབ་ལ་ལྷ་མོ་ཐམས་ཅད་དགོད། །མ་མོ་དག་ནི་བརྒྱད་པ་སྟེ། །སེར་དང་དམར་དང་ལྗང་བ་དང་། །ལྷོ་ནི་སྔོ་བའི་མདོག་ཅན་ཏེ། །མེ་ཕྱོགས་དམར་ལ་དུད་ཁ་སྟེ། ། སྔོ་བ་དང་ནི་དཀར་བ་དང་། །དབང་ལྡན་དུ་ནི་དགོད་པ་སྟེ། །སྤྱན་གསུམ་པ་ལ་སྐྲ་གྲོལ་བ། །ཕྱག་རྒྱ་ལྔ་དང་ཡང་དག་ལྡན། །སྐྱིལ་ཀྲུང་ཕྱེད་པས་ལེགས་པར་བཞུགས། །ཐོད་པ་ཡི་ནི་དབུ་རྒྱན་ཅན། །ཕྱོགས་ཀྱི་གོས་ཅན་བཞིན་རྣམ་སྒྱུར། །ཐམས་ཅད་ཡི་དགས་གདན་ལ་ བཞུགས། །ཐུགས་རྗེ་ཆགས་པས་རྣམ་པར་མྱོས། །རྡོ་རྗེའི་མཆོག་ནི་གར་མཛད་ཅིང་། །ཐོད་པ་རཀྟས་བཀང་བ་དང་། །དྲིལ་བུ་ཅང་ཏེའུ་སྒྲ་ཡང་སྒྲོགས། །ལྷ་རྣམས་དགའ་བར་བྱེད་པ་ཡིན། །སྒོ་རྣམས་སུ་ནི་སྒོ་སྲུང་སྟེ། །དབང་པོའི་སྟེང་དུ་རྣམ་པར་བཞུགས། །གཡས་ བརྐྱང་པ་ཡི་ཞབས་ཀྱིས་བཞུགས། །སྤྱན་གསུམ་པ་ལ་དབུ་སྐྲ་བརྫེས། །ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། །ཕྲེང་བའི་རྒྱན་གྱིས་སྤུད་པ་སྟེ། །ཐོད་པ་དང་ནི་ཁ་ཊྭཱཾ་ག །རྡོ་རྗེ་མགོ་བོ་ཕྱག་ན་བསྣམས། །ཐམས་ཅད་རྣམ་སྒྱུར་གསུས་པ་འཕྱང་། །ཐམས་ཅད་མགོ་བོའི་ཕྲེང་ བས་བརྒྱན། །སྔོ་དང་ལྗང་དང་དཀར་པོ་སྟེ། །སེར་ཞིང་ཕྱག་བཞི་མདོག་གཉིས་པ། །གཅེར་བུ་པདྨའི་རྒྱ་ཡང་ཆེ། །རང་གི་རིགས་ཀྱི་དབུ་རྒྱན་ཅན། །ཐམས་ཅད་རང་ཐབས་གཉིས་པ་སྟེ། །བཅུ་གསུམ་པ་ནི་རྣམ་པར་བསྒོམ། །སྙིང་པོ་མཆོག་ནི་སྒོམ་པ་ཡིན། །འདོད་ པ་ཐམས་ཅད་རབ་ཏུ་སྩོལ། །མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས་གོ་ཆ་དང་ལྷ་མོའི་སྙིང་པོ་སྒོམ་པ་བསྟན་པའི་ལེའུ་སྟེ་ལྔ་བཅུ་རྩ་དགུ་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །ཤིན་ཏུ་རྙེད་དཀའི་དགོད་པ་སྟེ། །གང་ཞིག་ཤེས་པ་ཙམ་གྱིས་ནི། །མྱུར་དུ་དངོས་ གྲུབ་འགྲུབ་པའོ། །ས་ཡི་ཆ་ནི་མཉམ་ཡིད་འོང་། །ཙནྡན་གྱིས་ནི་ཉེ་བར་བསྐུ། །དྲི་བཟང་དྲི་ལྡན་ས་ལ་ནི། །མེ་ཏོག་སིལ་མ་གཅལ་དགྲམ་ཞིང་། །སྤོས་ཀྱི་དྲི་ཡིས་ཉམས་དགར་བྱ། །བདག་གི་བྱ་བ་ཀུན་བྱས་ཤིང་། །ཕྱོགས་བཅིང་བ་ནི་བྱས་ནས་སུ། །དེ་ནས་རྫ་རྔའི་ བཅིང་བྱས་ཏེ། །རེ་མིག་བཞི་བཅུ་དགུ་ཟླུམ་ལ། །ཡི་གེའི་ཕྱི་མོ་དགོད་པར་བྱ། །དེར་གནས་པ་ལས་དཔའ་བོ་ནི། །འདོད་པའི་དོན་ཀུན་གྲུབ་བྱེད་བཏུ། །རིམ་བཞིན་འབྱུང་དང་རིམ་མིན་ས། །དབྱངས་དང་ཡི་གེ་སྒྲུབ་པོས་སོ། །ཐུབ་པ་དེ་ལྟའི་གྲངས་འགྱུར་ལས། །རེའུ་མིག་ སུམ་ཅུ་གཉིས་པ་བླང་། །ལྔ་པ་ཡིས་ནི་ཁྱད་པར་བྱ། །བརྒྱ་ཕྱེད་ཕྱེད་པ་ཡང་དག་བླང་། །ཉི་ཤུ་རྩ་བཞི་པ་ཡིས་ཕྱེ། །རེའུ་མིག་སུམ་ཅུ་དྲུག་པ་བླང་། །གསུམ་པ་ཡིས་ནི་ཁྱད་པར་དབྱེ། །དེ་ནས་སུམ་ཅུ་གཉིས་པ་བླང་། །ལྔ་པ་ཡིས་ནི་ཁྱད་པར་བྱ། །དེ་ ནས་ཉི་ཤུ་ལྔ་པ་གཟུང་། །ཉི་ཤུ་བཞི་པ་དག་དང་སྦྱར། །སུམ་ཅུ་རྩ་གསུམ་ཡང་དག་བླང་། །རེའུ་མིག་བཅོ་ལྔ་པ་ཡིར་ལྡན། །ལྔ་པ་དག་དང་ཡང་དག་བཅས། །དེ་ནས་ཉི་ཤུ་གཉིས་པ་གཟུང་། །བཅུ་གཅིག་པ་ཡང་དེ་བཞིན་ནོ། །མཛེས་པ་མཆོག་ནི་ཡིན་པར་འདོད། །རེའུ་ མིག་གི་ནི་བཅུ་དགུ་པ། །མེ་ཡི་བུ་དང་ཡང་དག་ལྡན། །རེའུ་མིག་གསུམ་པར་རྣམ་པར་དབྱེ། །ཡ་ཚན་བརྒྱད་པོའི་ས་བོན་ལ། །རེའུ་མིག་སུམ་ཅུ་དྲུག་པ་དང་། །ཡང་དག་ལྡན་པའི་ཡི་གེར་འགྱུར། །སླར་ཡང་ཡི་གེ་དེ་དག་ཉིད། །འདོད་པའི་དོན་ཀུན་གྲུབ་བྱེད་ཡིན། །དེ་ནས་རང་ བྱུང་བླངས་ནས་སུ། །རེའུ་མིག་ལ་ནི་ལྔ་པར་སྦྱར། །སྤྱི་བོར་ཐིག་ལེ་དག་དང་སྦྱར། །དེ་ནས་ཉི་ཤུ་གཉིས་པ་གཟུང་། །བཅུ་གཅིག་པ་ཡང་དེ་བཞིན་ནོ། །དོན་ཀུན་གྲུབ་བྱེད་ཅེས་བྱ་བའི། །ཚིག་ནི་གཉིས་པ་ཡིན་པར་བཤད། །རེའུ་མིག་བཅུ་དགུ་པ་ཉིད་ལ། །ཉི་ཤུ་རྩ་བདུན་པ་ ཡིས་ཕྱེ། །གསུམ་པ་དག་དང་ཡང་དག་ལྡན། །སུམ་ཅུ་གསུམ་པ་ལེགས་བླངས་ཏེ། །རེའུ་མིག་ནི་གཉིས་པར་སྦྱར། །ཉི་ཤུ་པ་དང་ཡང་དག་ལྡན། །མཛེས་པའི་མཆོག་ནི་ཡིན་པར་འདོད། །དེ་བཞིན་ཉི་ཤུ་གཅིག་པ་ཉིད། །དེ་བཞིན་ཉི་ཤུ་དྲུག་པ་ཡིན། །ལན་གཉིས་བཟླས་པའི་ཚིག་ཏུ་ ནི། །ཤིན་ཏུ་མཉམ་པར་བཞག་སྟེ་བཏུ། །དེ་ནས་གོ་རིམས་བཟློག་པས་གཟུང་། །རེའུ་མིག་ལས་ནི་དང་པོ་ཉིད། །བཞི་པའི་མཐའ་དང་ཡང་དག་ལྡན། །དེ་བཞིན་བཅོ་ལྔ་པ་དང་སྦྱར། །དེ་ནས་ཉི་ཤུ་གཉིས་པ་བཟུང་། །བཅུ་གཅིག་པ་ཡང་དེ་བཞིན་ནོ། །ཆོས་དོན་འདོད་དང་ཐར་པ་ཡི། །ཚིག་ནི་ གསུམ་པ་ཡིན་པར་བཤད། །རེའུ་མིག་གཉིས་པའི་ས་བོན་དང་། །རེའུ་མིག་སུམ་ཅུ་དྲུག་པ་ཉིད། །དེ་བཞིན་ཉི་ཤུ་དྲུག་པ་དང་། །སུམ་ཅུ་གསུམ་པ་ཡང་དག་བླང་། །རེའུ་མིག་བཅུ་གསུམ་པ་ཡིར་ལྡན། །རེའུ་མིག་ལས་ནི་བཅུ་པ་ཉིད། །གོ་རིམས་བཟློག་པ་སྒྲུབ་པོས་ བླང་། །རེའུ་མིག་ལས་ནི་བཅུ་དགུ་པ། །རེའུ་མིག་ཉི་ཤུ་གསུམ་པ་ལ། །གཉིས་པ་དག་ནི་ཡང་དག་ལྡན། །སྟེང་དུ་ཐིག་ལེས་བརྒྱན་པར་བྱ། །དེ་ནས་ཆུ་ཡི་ས་བོན་གཟུང་། །བརྒྱད་པ་ཡང་ནི་དེ་བཞིན་ཏེ། །མེ་ཡི་བུ་ཡིས་ཁྱད་པར་དབྱེ། །ཡི་གེ་ཧཱུྃ་ཕཊ་མཐའ་རུ་སྦྱར། ། འདི་ནི་ཁམས་གསུམ་རྒྱལ་ཞེས་བྱ། །སྔགས་ཚིག་བཞི་ཡིས་རྣམ་བརྒྱན་པའོ། །ཨོྃ་ནི་སྐུ་ལ་གསལ་བྱེད་ཡིན། །ཧཱུྃ་དང་ཕཊ་ནི་མཐའ་རུ་སྦྱར། །རིག་རྒྱལ་འཁོར་ལོ་སྒྱུར་བའི་སྔགས། །འདི་ནི་མ་བྱུང་འབྱུང་མི་འགྱུར། །དེ་ཉིད་བསྡུས་དང་དཔལ་མཆོག་དང་། །བདེ་ མཆོག་རྡོ་རྗེ་འཇིགས་བྱེད་དུ། །ཁྲོ་བོ་བཞི་དང་ཡང་དག་ལྡན། །སྐུ་བརྒྱད་དང་ནི་བཅས་པ་རུ། །དཀྱིལ་འཁོར་བསྲུང་བའི་དོན་དུ་ནི། །གདུག་པ་ཀུན་ལ་ཁྱད་པར་དུ། །འདི་ནི་རྙེད་པ་ཙམ་གྱིས་ཀྱང་། །བརྟག་མི་དགོས་པར་འཆི་བར་འགྱུར། །ཤ་ཆེན་དག་གིས་ ཐམས་ཅད་ཀུན། །རྡོ་རྗེ་ཡང་ནི་མེད་པར་བཤད། །རྣལ་འབྱོར་ཐུན་མོང་བརྗོད་པ་ནི། །དངོས་གྲུབ་ཀུན་གྱི་འབྲས་བསྐྱེད་པའོ། །ཨོྃ་སུམྦྷ་ནི་སུམྦྷ་ཧུྃ་ཧཱུྃ་ཕཊ། ཨོྃ་གྲིཧྞ་གྲིཧྞ་ཧུྃ་ཧཱུྃ་ཕཊ། ཨོྃ་གྲིཧྞཱ་པ་ཡ་གྲིཧྞཱ་པ་ཡ་ཧུྃ་ཧཱུྃ་ཕཊ། ཨོྃ་ཨཱ་ན་ཡ་ཧོ་བྷ་ག་བཱཾ་བཛྲ་ཧུྃ་ཧཱུྃ་ཕཊ། འདི་ནི་ གདུག་པ་ཐམས་ཅད་དུ། །འཇིགས་བྱེད་མི་བཟད་པར་བཤད་དོ། །ནམ་མཁའི་ཁམས་ཀྱི་ས་ཡི་མཆོག །པདྨའི་ལྟེ་བའི་དབུས་སུ་ནི། །རྡོ་རྗེ་ཧཱུྃ་མཛད་རྣམ་པར་བསྒོམ། །གདུག་པ་ཐམས་ཅད་ངེས་པར་གནོན། །ཕྱག་ནི་བཅུ་དྲུག་ཡང་དག་ལྡན། །ཞལ་བརྒྱད་པ་ལ་ བཞིན་རྣམ་སྒྱུར། །ཞལ་གྱི་མཆེ་བ་རྣམ་པར་གཙིགས། །ཐོད་པའི་ཕྲེང་བས་རྣམ་པར་བརྒྱན། །སངས་རྒྱས་ལྔ་ཡི་ཅོད་པན་ཅན། །ཐམས་ཅད་ཀུན་གྱིས་རྣམ་པར་སྤུད། །རྡོ་རྗེས་མཚན་པའི་ཕྱག་རྒྱ་དྲུག །སྐུ་ལུས་དྲག་པོ་ཐུགས་རྗེའི་ཉམས། །གཡས་བརྐྱང་པ་ཡི་ གནས་པ་ཡིས། །དབང་ལྡན་གྱི་ནི་ཐོད་པ་གནོན། །ཨུ་མཱ་མཆོག་གི་ཀུ་ཙ་གནོན། །ཁྲོས་པའི་སྤྱན་གྱིས་རྣམ་པར་གཟིགས། །སྐུ་ལ་མགོ་ཡི་དོ་ཤལ་ཅན། །མགོ་བོའི་ཕྲེང་བ་དབུ་ལ་བཅིངས། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཅན། །འཇིག་རྟེན་གསུམ་རྒྱལ་དེ་བཞིན་ཏེ། ། ལྕགས་ཀྱུ་སྡིགས་མཛུབ་འཆིང་པ་སྟེ། །དཔྲལ་བའི་སྟེང་དུ་ཡང་དག་གནས། །ཐུགས་ཀ་དཔྲལ་བ་ཕྱག་རྒྱ་སྟེ། །བགེགས་ནི་རྣམ་པར་གནོན་པ་ཡིན། །ཐོད་པ་དང་ནི་ཁ་ཊྭཱཾ་འཛིན། །རལ་གྲི་ལྕགས་ཀྱུ་འཆང་བ་སྟེ། །མདུང་དང་མགོ་བོ་ཅང་ཏེའུ་ དང་། །ན་རའི་པགས་པའི་སྟེང་དུ་སྟེ། །ཕྱག་ནི་བཅུ་དྲུག་དེ་བཞིན་ནོ། །སྟག་གི་པགས་པ་གོས་སུ་མནབས། །རང་རིག་གཉིས་མེད་བདེ་བའི་སྐུ། །སྔོ་དང་དཀར་དང་སེར་བ་དང་། །དམར་པོ་དེ་བཞིན་གཡོན་པ་མཛེས། །དཀར་དང་སྔོ་དང་སེར་བ་དང་། །སྟེང་གི་ཞལ་ ནི་དམར་པོ་སྟེ། །སྤྱན་གསུམ་པ་ལ་དམར་བའི་སྤྱན། །ཁྲོ་བོ་བཞི་དང་ཡང་དག་ལྡན། །ལས་རྣམས་ཐམས་ཅད་བྱེད་པ་དགེ། །འདོད་པའི་རྡོ་རྗེ་རྡོ་རྗེ་སྔོན། །བསྐྱོད་པའི་རྡོ་རྗེ་ཉིད་དང་ནི། །མི་གཡོ་བ་ཡི་རྡོ་རྗེ་སྟེ། །སྔོ་དང་ལྗང་དང་དམར་བ་དང་། །དུད་ཁ་ངུར་སྨྲིག་བསྲེས་ པ་སྟེ། །མཆེ་བ་རྣམ་པར་གཙིགས་པའི་ཞལ། །ཐོད་པའི་ཕྲེང་བས་རྣམ་པར་བརྒྱན། །གཡས་བརྐྱང་པ་ཡི་ཞབས་ཀྱིས་ནི། །བདུད་བཞི་པོ་ནི་རྣམ་པར་གནོན། །ན་རའི་རུས་པས་སྐུ་བརྒྱན་ཅིང་། །སྣ་ཚོགས་ཁྲོ་བོའི་རིགས་ཀྱང་འཕྲོ། །ཐོད་པ་དང་ནི་ཁ་ཊྭཱཾ་འཛིན། །རྡོ་རྗེ་ སྡིགས་མཛུབ་བརྐྱང་བ་སྟེ། །རང་གི་རིག་དང་གཉིས་མེད་འཁྱུད། །ཁྲོ་བོའི་ལྟ་བས་གཟིགས་མཛད་ཅིང་། །དྲིལ་བུ་ཕྱག་མཚན་ཡང་དག་ལྡན། །འཛིན་པའི་ཕྱག་རྒྱ་འཆིང་བ་སྟེ། །འཇིག་རྟེན་གསུམ་རྒྱལ་ཕྱག་རྒྱ་ཡིས། །ཁྲོ་བོ་ཐམས་ཅད་བཅིངས་པ་ཡིན། །སྟག་གི་ པགས་པ་གོས་སུ་མནབས། །སྤྱན་གསུམ་མི་བཟད་འཇིགས་པ་སྟེ། །ཐོ་བ་དབྱུག་ཏོ་མདའ་དང་ནི། །རལ་གྲི་དྲིལ་བུ་དེ་བཞིན་ཏེ། །ཡང་ན་རྡོ་རྗེ་དྲིལ་བུ་དང་། །ཐམས་ཅད་ཁྲོ་བོའི་རིགས་རྗེས་འགྲོ། །འཁྱུད་པའི་ཕྱག་ཀྱང་དེ་བཞིན་ཏེ། །ཞལ་གསུམ་པ་ལ་ཕྱག་དྲུག་པ། ། ཐམས་ཅད་སྤྱན་གསུམ་དངོས་གྲུབ་མཆོག །སྐུ་གསུང་ཐུགས་སུ་སྦྱོར་བ་ཡིས། །དཀྱིལ་འཁོར་དངོས་གྲུབ་མཆོག་དམ་པ། །སུམ་ཅུ་རྩ་བདུན་རྣམ་པར་དག །ཡི་གེའི་དཀྱིལ་འཁོར་བསྒོམ་པར་བྱ། །ཨོྃ་སུམྦྷ་ནི་སུམྦྷ་ཧུྃ་ཧཱུྃ་ཕཊ། ཨོྃ་གྲིཧྞ་གྲིཧྞ་ཧུྃ་ཧཱུྃ་ཕཊ། ཨོྃ་གྲིཧྞ་པ་ ཡ་གྲིཧྞཱ་པ་ཡ་ཧུྃ་ཧཱུྃ་ཕཊ། ཨོྃ་ཨཱ་ན་ཡ་ཧོ་བྷ་ག་བཱཾ་བཛྲ་ཧུྃ་ཧཱུྃ་ཕཊ། །དཔའ་བོ་རྣལ་འབྱོར་མ་མཐོང་ནས། །ཐམས་ཅད་བསྐྱེད་པར་རྣམ་པར་བསྒོམ། །དཀྱིལ་འཁོར་ཆེན་པོར་སྦྱོར་བ་སྟེ། །ཁ་སྦྱར་ལྔ་ཡི་ངོ་བོ་ཉིད། །རྣལ་འབྱོར་པ་ཡི་དཀྱིལ་འཁོར་ཡིན། །སྙིང་པོ་མཆོག་ གི་སྒོམ་པ་ཡིན། །དེ་བཞིན་ཁྱི་དང་ཕག་གི་ཤ། །ཟངས་ཀྱི་གཙུག་པུད་ཅན་དེ་བཞིན། །མངོན་སྤྱོད་ཀྱི་ནི་བྱ་བ་ལ། །བཟའ་དང་སྦྱིན་སྲེག་གཏོར་མ་བྱ། །མ་ལུས་ལུས་པ་མེད་འགྲུབ་ཅིང་། །རྒྱལ་སྲིད་ཐམས་ཅད་རབ་འགྲུབ་འགྱུར། །དུང་དང་ཉ་ཕྱིས་མུ་ཏིག་སྟེ། ། གསུམ་ཆར་རྒྱུ་ལས་བྱུང་ཡིན་ན། །ཆོས་ཀྱི་ཡེ་ཤེས་ལུས་ཅན་གྱི། །ཐོད་པ་ལ་ནི་སུ་ཞིག་སྨོད། །དཔའ་བོ་ཐོད་པའི་ཕྲེང་བ་འཆང་། །ཟླ་བ་ཕྱེད་པས་རྒྱན་དུ་བྱས། །དཔའ་བོའི་དཔའ་དབང་ཡིན་པར་བཤད། །ཁྲག་འཐུང་རྡོ་རྗེ་ཅན་རྣམ་པ། །མངོན་པར་བརྗོད་པའི་ རྒྱུད་བླ་མའི་བླ་མ་ལས་སྲུང་བ་ཞལ་བཞི་པར་བྱིན་གྱིས་བརླབས་པ་ཁྲོ་བོ་བཞིའི་དཀྱིལ་འཁོར་རྡོ་རྒྱུས་ཀྱིས་བྲིས་པ་རྡོ་རྗེ་ཧཱུྃ་མཛད་སྐྱེད་པའི་ལེའུ་སྟེ་དྲུག་ཅུ་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །སྡེ་ཚན་བརྒྱད་ནི་རྣམ་སྒོམ་པ། །མཁའ་དབྱིངས་པདྨའི་དབུས་གནས་ པར། །ཁྲག་འཐུང་རྡོ་རྗེ་རྣམ་པར་བསྒོམ། །ཞལ་ལྔ་པ་ལ་ཕྱག་བཅུ་པ། །སྤྱན་གསུམ་ཤིན་ཏུ་དམར་བ་སྟེ། །གཡས་བརྐྱང་པ་ཡི་ཞབས་ཀྱིས་བཞུགས། །ཞལ་རྣམ་སྒྱུར་ཞིང་འཇིགས་པ་སྟེ། །མཆེ་བ་རྣམ་པར་གཙིགས་པའི་ཞལ། །ཐོད་པའི་ཕྲེང་བས་རྣམ་པར་བརྒྱན། ། དྲག་པོ་ཟླ་བ་ཕྱེད་པ་འཛིན། །སྣ་ཚོགས་རྡོ་རྗེས་དབུ་ལ་མནན། །རལ་པའི་ཅོད་པན་འཆིང་བ་སྟེ། །ཕྱག་རྒྱ་དྲུག་གི་མཚན་གྱིས་བརྒྱན། །སྟག་གི་པགས་པ་གོས་སུ་མནབས། །རིག་པ་གཉིས་མེད་བདེ་བའི་ཉམས། །སྐུ་ལ་ཐོད་རློན་དོ་ཤལ་ཅན། །ཐུགས་རྗེའི་ཉམས་ཀྱིས་ ཁྱབ་པར་མྱོས། །དཀར་དང་སྔོ་དང་སྤྲིན་གྱི་གཟུགས། །སྐུ་ནི་སྒེག་ཅིང་ལྡེམ་བག་ཅན། །གཡས་དང་གཡོན་གྱི་ཞལ་དག་ནི། །སེར་དང་དམར་དང་ལྗང་བ་དང་། །དུད་པ་ཡི་ནི་མདོག་ཅན་ནོ། །རྡོ་རྗེ་དྲིལ་བུས་མཉམ་ལྡན་པས། །རང་གི་རིག་དང་ཡང་དག་འཁྲིལ། ། ཚངས་ལྤགས་བཤུས་ནས་མནབས་པར་མཛད། །རྒྱབ་ཏུ་ངེས་པར་འཛིན་པ་ཡིན། །ཐོད་པ་ཁ་ཊྭཱཾ་ག་འཛིན་ཅིང་། །མདུང་དང་ཅང་ཏེའུ་གྲི་གུག་དང་། །ཐོད་པ་དག་ནི་འཛིན་པ་སྟེ། །བཅོམ་ལྡན་བྃ་ཧཱུྃ་ངེས་འབྱུང་བ། །འཇིགས་བྱེད་རང་གི་ཆུང་མར་ བཅས། །ཞབས་ཀྱི་འོག་ཏུ་མནན་པར་སྦྱར། །ཤར་འདབ་ལྷ་མོར་དགོད་པ་སྟེ། །ཇི་སྲིད་ལྷོ་ཕྱོགས་དེ་བཞིན་ཏེ། །མེ་ལ་སོགས་པའང་དགོད་པར་བྱ། །དེ་སྲིད་དབང་ལྡན་སོགས་དེ་བཞིན། །ཨ་ཡི་མཁའ་འགྲོ་མ་དང་ནི། །ཀ་ཡི་མཁའ་འགྲོ་མ་དེ་བཞིན། །ཙ་ཡི་ མཁའ་འགྲོ་མ་དང་ནི། །ཊ་ཡི་མཁའ་འགྲོ་མ་དག་སྟེ། །དཀར་དང་དམར་དང་སེར་བ་དང་། །སྔོ་བའི་མདོག་ཅན་ལྷོ་ཕྱོགས་སོ། །དམར་དང་དུད་ཁ་ལྗང་གུ་དང་། །སེར་པོ་དབང་ལྡན་ཡང་དག་གནས། །ཏ་ཡི་མཁའ་འགྲོ་མ་དང་ནི། །པ་ཡི་མཁའ་འགྲོ་མ་དེ་བཞིན། །དེ་ ནས་ཡ་ཡི་མཁའ་འགྲོ་མ། །ཤ་ཡི་མཁའ་འགྲོ་མ་བརྒྱད་པ། །དེ་དག་ཀུན་ནི་སྤྱན་གསུམ་སྟེ། །ཞལ་གཅིག་པ་ལ་ཕྱག་བཞི་པ། །འཇིག་རྟེན་སྐྱོང་བ་བརྒྱད་པོ་ཡི། །རྐང་པ་གཡས་བརྐྱང་ཞབས་ཀྱིས་གནོན། །རྣམ་སྒྱུར་མཆེ་བ་རྣམ་གཙིགས་ཞལ། །ཕྱོགས་ཀྱི་གོས་ མཆོག་འཛིན་པ་སྟེ། །ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །སྐྲ་གྲོལ་ཐུགས་རྗེ་ཁྲོ་བོ་བཞིན། །དྲག་པོ་ཡུལ་འཁྲུག་བྱེད་པ་སྟེ། །འདོད་པའི་དོན་ཀུན་གྲུབ་བྱེད་ཡིན། །འགྲོ་བ་ཐམས་ཅད་སྨོན་བྱེད་དེ། །ཐམས་ཅད་ཅི་འདོད་རྫོགས་པ་ཡིན། །ཐོད་པ་དང་ནི་ཁ་ཊྭཱཾ་འཛིན། ། དྲིལ་བུ་ཅང་ཏེའུ་ཡིས་བརྒྱན་པ། །སྡེ་ཚན་མཁའ་འགྲོ་བདེ་བ་སྟེ། །འདི་དག་རྣལ་འབྱོར་མ་ཡིས་བསྒོམ། །ཡང་ན་ཕག་མོ་དགོད་བྱ་སྟེ། །བདག་མོ་ཡང་ནི་གཞག་པར་བྱ། །རྡོ་རྗེ་སེམས་དཔའི་བདག་པོ་སྟེ། །མཁས་པས་ཀྱང་ནི་བསྒོམ་པར་བྱ། །སྐུ་གསུང་ཐུགས་སུ་ སྦྱོར་བ་དག །ས་འོག་ས་སྟེང་རབ་ཏུ་འཁྲུག །ཨོཾ་ཨཱཿཨ་ཀ་ཙ་ཊ་ཏ་ཡ་ཤ་ཧུྃ་ཧཱུྃ་ཕཊ། །བརྟན་པ་དང་ནི་གཡོ་བའི་བདག །མ་ལུས་ཇི་སྙེད་འདི་ཡིས་འགྲུབ། །སྡེ་ཚན་མཁའ་འགྲོ་དམ་པ་མཆོག །བྷ་གའི་དབུས་སུ་བསྒོམ་པར་བྱ། ཨ་ཤ། ཀཱ་ཤཾ་ཙརྨ་ཙ། ཊཾ་ཏ་ པ་ཀ །ཏ་པ་ས་ཏ་ཐ། པ་བ་ན་ཛྃ་ཡཾ་མ་བྷ་ཧཾ་ཙ། ཤར་བྷ་ཙ་ཏ་ཐ། སྦྲང་རྩི་མར་དང་བཅས་པ་ནི། །རྟག་ཏུ་དུས་སུ་འདི་བརྒྱད་བཟའ། །རྒས་དང་ན་དང་འཆི་མེད་པར། །སྐྱེ་བ་འདི་ལ་དངོས་གྲུབ་འགྱུར། །ཆང་གི་བཏུང་བ་དང་བཅས་པ། །ཟོས་པ་ཙམ་གྱིས་དབང་དུ་ འགྱུར། །དེ་མ་རྙེད་ནའང་སཱ་ལུས་བྱ། །སྐྱེ་བ་བདུན་པའི་ནང་གནས་ཤིང་། །ཕྱུགས་ནི་ཟས་སུ་རྟག་སྤྱད་ན། །སྐད་ཅིག་གིས་ནི་མཁའ་སྤྱོད་འགྱུར། །འདི་ལ་ཡིད་གཉིས་དཔྱོད་པ་མེད། །མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས་སྡེ་ཚན་གྱི་སྦྱོར་བའི་ལེའུ་སྟེ་དྲུག་ཅུ་ རྩ་གཅིག་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །རྣལ་འབྱོར་མཆོག་གིས་ག་རྡ་བ། །དཔའ་བོ་དང་ནི་རྣལ་འབྱོར་མ། །མ་མོའི་དཀྱིལ་འཁོར་སྔར་བཤད་དོ། །མཁའ་འགྲོ་མ་སོགས་མཁའ་འགྲོ་ནི། །ག་རྡ་བ་ཡི་གཟུགས་སུ་བྱ། །ཕག་མོའི་གཟུགས་ ནི་དེ་ཉིད་ཀྱང་། །ཞལ་ནི་ག་རྡ་བ་རུ་བྱ། །སྔར་བཤད་གནས་དང་ཕྱག་མཚན་དང་། །ཞལ་ནི་གཞན་ཡང་རྟོགས་པར་བྱ། །སྔར་བཤད་མཚན་མའི་རིམ་པ་ཡིས། །མཁའ་འགྲོ་མ་ནི་ལག་མདུང་ཐོགས། །ཐུགས་ཀྱི་འཁོར་ལོ་ཐམས་ཅད་ཀུན། །མཁའ་ལྡིང་གདོང་ནི་ འཇིགས་པ་ཅན། །གསུང་གི་འཁོར་ལོ་རྨ་བྱའི་གདོང་། །སྐུ་ཡི་འཁོར་ལོ་སེང་གེའི་གདོང་། །ཁྱི་དང་ཕག་དང་འུག་པ་དང་། །ཁྭ་ཡི་ཞལ་གདོང་དེ་བཞིན་ཏེ། །ཟུར་ལ་གཤིན་རྗེ་སྲེག་སོགས་ཀུན། །མ་ཧེ་རི་དགས་ཞལ་གདོང་ཡིན། །དཀྱིལ་འཁོར་མ་ལུས་ཅན་རྣམས་ ཀྱང་། །སྤྱན་གསུམ་མིག་ནི་ཤིན་ཏུ་དམར། །འདི་ནི་རྣལ་འབྱོར་མཆོག་དམ་པ། །སྡུག་བསྔལ་ཐམས་ཅད་ཟད་པར་བྱེད། །རྣལ་འབྱོར་བློ་གྲོས་དངོས་གྲུབ་དག །རྣལ་འབྱོར་མཆོག་ནི་སྟེར་བར་འགྱུར། །རྡོ་རྗེ་ཐེག་པའི་མན་ངག་དང་། །ངག་གི་དངོས་གྲུབ་རབ་ཏུ་ སྟེར། །མ་ཐོས་པ་ཡི་ཆོས་སྟོན་པས། །སེམས་ཅན་རྣམས་ནི་སྲིད་ལས་གྲོལ། །བླ་ན་མེད་པ་ཉིད་བསྟན་པས། །མི་སྣང་ལ་སོགས་དངོས་གྲུབ་འགྱུར། །སུ་ཡང་རུང་བས་འཇིག་རྟེན་གསུམ། །དེ་ཀུན་དེ་མ་ཐག་ཏུ་མཐོང་། །སྔར་བཤད་དཔའ་བོ་རྣལ་འབྱོར་མའི། ། གསང་སྔགས་རྣམས་ཀྱང་དེ་བཞིན་ཏེ། །མཁའ་འགྲོ་མ་མོ་དེ་བཞིན་ནོ། །སྔར་བཤད་སྔགས་ཀྱི་བདག་པོ་རྣམས། །བཟླས་ན་དངོས་གྲུབ་རབ་སྟེར་ཞིང་། །རྟག་ཏུ་བདེ་བ་ཐམས་ཅད་འཐོབ། །རྣལ་འབྱོར་ཉེ་སྙིང་བཟླས་ན་ནི། །གརྡའི་དངོས་གྲུབ་མཁའ་ལ་ འགྲོ། །བརྟུལ་ཞུགས་མེད་པའང་བརྟུལ་ཞུགས་འཐོབ། །མི་གཙང་བ་ཡང་གཙང་བར་འགྱུར། །དབུལ་པོའང་ནོར་གྱི་བདག་པོར་འགྱུར། །ནད་ཡོད་པ་ཡང་ནད་མེད་འགྱུར། །ལོང་བ་ཡིས་ཀྱང་མཐོང་བར་འགྱུར། །མངོན་པར་ཤེས་པ་ལྔ་ཐོབ་འགྱུར། །བོང་བུའི་ཤ་དང་རྟ་ཤ་ དང་། །ཁྱི་དང་བ་ལང་གླང་པོ་མི། །རྔ་མོ་ཅེ་སྤྱང་དེ་བཞིན་ཏེ། །བརྒྱད་པོའང་མཉམ་པ་མཆོག་ཡིན་ནོ། །རྣལ་འབྱོར་བདག་གིས་དེ་བརྒྱད་བཟའ། །དྲི་ཆེན་ཆུ་དང་སྦྲང་རྩི་མར། །བསམ་གཏན་བསྒོམས་ཏེ་བཟའ་བྱས་ནས། །ཡང་བའི་དངོས་གྲུབ་ཐོབ་པར་འགྱུར། །གཟུགས་ ཡོངས་བསྒྱུར་བའི་དངོས་གྲུབ་ཅིང་། །རང་གི་གཟུགས་སུའང་འགྱུར་བ་ཡིན། །རྣལ་འབྱོར་གང་དང་གར་གནས་པར། །བཟའ་བ་ཡང་ནི་བཟའ་བར་བཤད། །འགྲོ་དང་མི་འགྲོ་དེ་བཞིན་ཏེ། །བཏུང་ཞིང་བཏུང་ཞིང་དངོས་གྲུབ་འགྱུར། །མ་དང་བུ་མོ་སྲིང་མོ་དང་། །རང་གི་གཉེན་ དང་ཚ་མོ་དང་། །བློ་ལྡན་ཇི་ལྟར་འདོད་པ་ཡིས། །ཕྱག་རྒྱ་ཕྱག་རྒྱ་ཆེན་པོ་འགྲུབ། །གརྡའི་མཁའ་འགྲོ་བསྒོམས་ན་ནི། །མྱུར་དུ་འགུགས་པའི་དངོས་གྲུབ་འགྱུར། །མཆོག་འདི་ཡང་ནི་གསང་བ་སྟེ། །སུ་ལ་ཡང་ནི་བརྗོད་མི་བྱ། །མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་ མ་ལས་ཇི་ལྟར་འདོད་པའི་བོང་བུའི་མཛད་པ་དངོས་གྲུབ་ཀྱི་རྒྱུ་སྒྲུབ་པའི་ལེའུ་སྟེ་དྲུག་ཅུ་རྩ་གཉིས་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །མཁའ་འགྲོ་ལྔ་ཡི་རྣམ་སྒོམ་པ། །རིགས་ལས་སྐྱེད་པའི་ཆོ་ག་ཡིན། །གདན་དང་ཕྱག་མཚན་ས་བོན་ཏེ། །འདི་ནི་ས་ བོན་མཆོག་གྱུར་པའོ། །ང་ཉ་ཎ་ན་མ་ཞེས་པ། །འདི་ནི་ས་བོན་མཆོག་གྲུབ་པ། །ང་ནི་རྡོ་རྗེ་མཁའ་འགྲོ་སྟེ། །ཉ་ནི་སངས་རྒྱས་མཁའ་འགྲོ་ཡིན། །ཎ་ནི་རིན་ཆེན་མཁའ་འགྲོ་སྟེ། །ན་ནི་པདྨ་མཁའ་འགྲོ་ཡིན། །མ་ནི་སྣ་ཚོགས་མཁའ་འགྲོ་སྟེ། །མཁའ་འགྲོ་ལྔ་ནི་ མཆོག་ཡིན་ཏེ། །ཞེ་སྡང་གཏི་མུག་ང་རྒྱལ་དང་། །ཆགས་དང་ཕྲག་དོག་དེ་བཞིན་ཏེ། །རིགས་ནི་ལྔ་པོ་འདི་དག་གིས། །འདོད་ལས་གྲོལ་བའི་འབྲས་བུ་སྩོལ། །རྡོ་རྗེ་འཁོར་ལོ་རིན་ཆེན་དང་། །པདྨ་རལ་གྲི་ལྔ་པ་ཡིན། །སྔོ་དང་དཀར་བ་ཉིད་དང་ནི། །སེར་ དང་དམར་པོ་ལྗང་གུ་དང་། །རྡོ་རྗེའི་ཕྱག་རྒྱ་བྱང་ཆུབ་མཆོག །རིན་ཆེན་ཕྱག་རྒྱའང་དེ་བཞིན་ཏེ། །པདྨའི་ཕྱག་རྒྱ་བཞི་པ་སྟེ། །རལ་གྲིའི་ཕྱག་རྒྱ་ལྔ་པ་ཡིན། །གླང་པོ་སེང་གེ་རྟ་དང་ནི། །རྨ་བྱ་མཁའ་ལྡིང་དེ་བཞིན་ཏེ། །ཁྱབ་འཇུག་ཚངས་པ་ཉི་མ་དང་། །དབང་ ཕྱུག་ཆེ་དབང་པོ་ཡང་དེ། །རང་རིག་ཡན་ལག་དང་བཅས་པ། །གཉིས་མེད་བདེ་བས་ཡང་དག་གནས། །ཤར་དང་ལྷོ་དང་ནུབ་དང་ནི། །བྱང་དུ་ཡང་ནི་དེ་བཞིན་འདིར། །དཔའ་བོའི་འཁོར་དང་བཅས་པར་དགོད། །ལྔ་པོ་ཡང་དག་ལྔ་སངས་རྒྱས། །ལྔ་པོ་བདག་ཉིད་ ལྔ་ཡིན་ནོ། །ཉི་མའི་དཀྱིལ་འཁོར་དབུས་སུ་སྟེ། །ཟླ་བའི་དཀྱིལ་འཁོར་ཤར་དུའོ། །ལྷོ་དང་ནུབ་དང་དེ་བཞིན་ཏེ། །བྱང་ན་ཉི་མའི་དཀྱིལ་འཁོར་རོ། །ཡང་ན་དབུས་སུ་ཟླ་བ་སྟེ། །ཤར་དུ་ཡང་ནི་ཉི་མའི་གདན། །དེ་དག་དཔའ་བོར་གྱུར་པ་སྟེ། །འདི་ལྟ་སྟེ། རྡོ་རྗེ་ ཐོད་པ་དང་། རྡོ་རྗེ་མཁའ་མཉམ་དང་། རྡོ་རྗེ་སྙིང་པོ་དང་། རྡོ་རྗེ་སྲ་བ་དང་། བཞི་པོ་དེ་དག་ནི་རྡོ་རྗེ་མཁའ་འགྲོའི་དཀྱིལ་འཁོར་ཏེ། གླང་པོ་ཆེའི་གདན་ཁྲི་བྱའོ། །རྡོ་རྗེ་ཟླ་བ་དང་། རྡོ་རྗེ་རྒྱལ་མཚན་དང་། རྡོ་རྗེ་རྒྱལ་པོ་དང་། རྡོ་རྗེ་སྒྲ་དང་། དེ་དག་ནི་སངས་ རྒྱས་མཁའ་འགྲོའི་དཀྱིལ་འཁོར་ཏེ། སེང་གེའི་གདན་ཁྲིའོ། །འདོད་པའི་རྡོ་རྗེ་དང་། རྡོ་རྗེ་སྲིན་དང་། རྡོ་རྗེ་ཊ་ཧ་ར་དང་། རྡོ་རྗེ་བཞད་པ་དང་། དེ་དག་ནི་རིན་ཆེན་མཁའ་འགྲོའི་དཀྱིལ་འཁོར་ཏེ། རྟའི་གདན་ཁྲིའོ། །རྡོ་རྗེ་མེ་དཔལ་དང་། རྡོ་རྗེ་འཇོམས་པ་དང་། རྡོ་རྗེ་སྲེག་ བྱེད་དང་། རྡོ་རྗེ་དྲི་བྲལ་དང་། དེ་དག་ནི་པདྨའི་དཀྱིལ་འཁོར་ཏེ། རྨ་བྱའི་གདན་ཁྲིའོ། །རྡོ་རྗེ་བ་དན་དང་། རྡོ་རྗེ་གླུ་དང་། རྡོ་རྗེ་དཔའ་བོ་དང་། རྡོ་རྗེ་འཇིགས་བྱེད་དང་། དེ་དག་ནི་ལས་ཀྱི་མཁའ་འགྲོའི་དཀྱིལ་འཁོར་ཏེ། མཁའ་ལྡིང་གི་གདན་ཁྲིའོ། །དཔའ་བོ་ དེ་དག་ཀྱང་རང་གི་རིགས་དང་། ཐོད་པའི་ཕྲེང་བ་ཅན་སྤྱན་གསུམ་པ། རང་གི་ཤེས་རབ་དང་འཁྱུད་པ། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་ཡི་དགས་ཀྱི་གདན་ལ་བཞུགས་པའོ། །མཆེ་བ་རྣམ་པར་གཙིགས་ཤིང་རྣམ་པར་འགྱུར་བ། སྟག་གི་ པགས་པ་གོས་སུ་མནབས་པ། ཞལ་གཅིག་པ། ཕྱག་བཞི་པ། ཐོད་པ་དང་ཁ་ཊྭཱྃ་ག་འཛིན་པ། ཅང་ཏེའུའི་སྒྲ་ཧཱུྃ་དང་བཅས་པ། མགོ་བོའི་ཕྲེང་བའི་དོ་ཤལ་གྱིས་བརྒྱན་པ། ཕྱག་རྒྱ་ལྔ་འཆང་བ། རང་གི་རིགས་ཀྱི་དབུ་རྒྱན་ཅན། རལ་པ་དང་ཟླ་བ་འཛིན་ པའོ། །རྡོ་རྗེ་མཁའ་འགྲོའི་ཤར་དཀར་པོ། བྱང་ལྗང་གུ། ནུབ་དམར་པོ། ལྷོ་སེར་པོ། ལས་ཀྱི་མཁའ་འགྲོའི་ཤར་སེར་པོ། བྱང་སྔོན་པོ། ནུབ་དཀར་པོ། ལྷོ་དམར་པོ། པདྨའི་མཁའ་འགྲོའི་ཤར་དཀར་པོ། བྱང་ལྗང་ཁུ། ནུབ་སྔོན་པོ། ལྷོ་ སེར་པོ། རིན་ཆེན་མཁའ་འགྲོའི་ཤར་ལྗང་གུ། བྱང་སེར་པོ། ནུབ་དཀར་པོ། ལྷོ་སྔོན་པོ། སངས་རྒྱས་མཁའ་འགྲོའི་ཤར་སྔོན་པོ། བྱང་ལྗང་གུ། ནུབ་དམར་པོ། ལྷོ་སེར་པོ། འདི་དག་ཇི་ལྟའི་རིམ་པ་ཡིས། །རྡོ་རྗེ་འཁོར་ལོ་རལ་གྲི་དང་། །པདྨ་ རིན་ཆེན་ཕྲེང་བ་ཡི། །ཆས་ནི་ཡོངས་སུ་བསྐོར་བར་བྱ། །གྲྭ་བཞིར་མ་མོ་བཞི་བསྒོམ་སྟེ། །མ་མོ་རྨོངས་བྱེད་མ་དང་ནི། །མ་མོ་ཞེ་སྡང་ཉིད་ཡིན་ཏེ། །ཆགས་པ་ཡི་ནི་མ་མོ་དང་། །ཕྲག་དོག་མ་མོ་དེ་བཞིན་ཏེ། །མེ་ཡི་ཕྱོགས་ལ་སོགས་པར་དགོད། །དཀར་ དང་སྔོ་དང་དམར་དང་ལྗང་། །སྐྲ་གྲོལ་མ་ལ་བཞིན་རྣམ་སྒྱུར། །སྤྱན་གསུམ་པ་ལ་གཅེར་བུ་སྟེ། །ཕྱག་རྒྱ་ལྔ་ནི་འཛིན་པ་ཡིན། །ཕྱག་བཞི་པ་ལ་ཞལ་གཅིག་པ། །ཡི་དགས་གདན་ལ་རྣམ་པར་བཞུགས། །དབང་ཆེན་མེ་དང་ཆུ་དང་ནི། །རླུང་གི་དཀྱིལ་འཁོར་ དག་ཏུ་གནས། །རིགས་ཀྱི་གདན་ལ་བཞུགས་པ་ཡིན། །འཁོར་ལོ་རྡོ་རྗེ་པདྨ་དང་། །རལ་གྲི་ཐོད་པ་ཁ་ཊྭཱྃ་ག །གྲི་གུག་ཡང་ནི་ཕྱག་ན་འཆང་། །མ་ནིང་ལས་བྱུང་ལྷ་མོ་བསྒོམ། །ཐོད་པ་ཡི་ནི་ཕྲེང་བ་ཅན། །སྐྱིལ་མོ་ཀྲུང་ནི་ཕྱེད་པའོ། །རྡོ་རྗེ་གནོད་ སྦྱིན་དང་། རྡོ་རྗེ་སྲུང་བ་དང་། རྡོ་རྗེ་འགྱིང་བ་དང་། རྡོ་རྗེ་རྟ་གདོང་དང་། རྡོ་རྗེ་དྲེད་གདོང་དང་། རྡོ་རྗེ་བདེ་མཆོག་དང་། རྡོ་རྗེ་དམ་ཚིག་དང་། རྡོ་རྗེ་རྟ་མཆོག་སྟེ། ཁྲོ་བོའི་རྒྱལ་པོ་དེ་དག་ནི། །སྒོ་རྣམས་དང་ནི་མཚམས་སུ་སྟེ། །སྔོ་དང་ལྗང་དང་དམར་ སེར་པོ། །དམར་དང་སྔོ་དང་དུད་ཁ་དཀར། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དང་། །དྲིལ་བུ་ཐོད་པ་ཁ་ཊྭཱྃ་ག །ཅང་ཏེའུ་ཡང་ནི་དེ་བཞིན་ཏེ། །ཐོ་བ་དབྱུག་ཐོ་མདུང་དང་ནི། །དགྲ་སྟ་ཐོད་པ་ཁ་ཊྭཱྃ་ག །མགོ་བོ་ཕྱག་ན་བསྣམས་པའོ། །ཞལ་གཅིག་ པ་ལ་ཕྱག་བཞི་པ། །དབུ་སྐྲ་དམར་སེར་གྱེན་དུ་བརྫེས། །ཕྱག་རྒྱ་ལྔ་ནི་འཛིན་པ་སྟེ། །སྟག་གི་པགས་པ་གོས་སུ་མནབས། །ཐོད་པ་ཡི་ནི་ཕྲེང་བ་འཆང་། །མགོ་བོའི་དོ་ཤལ་རྣམ་པར་བརྒྱན། །ཉི་མ་པདྨའི་སྟེང་དུ་ནི། །གཡས་བརྐྱང་པ་ཡི་ཞབས་ཀྱིས་ བཞུགས། །ཕྱོགས་སྐྱོང་བརྒྱད་ཀྱི་ཁྲི་ལ་བཞུགས། །མཆེ་བ་རྣམ་གཙིགས་རྣམ་སྒྱུར་ཞལ། །སྤྱན་གསུམ་རང་རིགས་ཅོད་པན་ཅན། །རང་གི་རིག་དང་གཉིས་མེད་སྦྱོར། །སྙིང་རྗེ་ཡི་ནི་ཉམས་ཅན་ཏེ། །ཕྱི་རོལ་རྡོ་རྗེ་ཡི་དགས་ཀྱིས། །ཡོངས་སུ་ བསྐོར་བར་བསྒོམ་པར་བྱ། །ཐོག་མར་གསལ་བྱེད་མིང་དང་ཧཱུྃ། །མཐའ་རུ་ཕཊ་དང་སྦྱར་བར་བྱ། །སྔར་བཤད་ཆོ་གའི་སྲུང་བ་བྱ། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །ལུས་ངག་ཡིད་ལ་བསྒོམ་པར་བྱ། །མཁའ་འགྲོ་ཞལ་དྲུག་ཕྱག་བཅུ་གཉིས། ། རང་གི་མཚན་མ་དྲིལ་བུ་ཡིས། །གཉིས་སུ་མེད་པར་མཉམ་པར་ལྡན། །མདུང་དང་ལྕགས་ཀྱུ་ཐོད་པ་དང་། །ཁ་ཊྭཱྃ་ག་དང་མགོ་བོ་དང་། །ཅང་ཏེའུ་དང་ནི་གྲི་གུག་དང་། །ན་རའི་པགས་པ་འཛིན་པ་ཡིན། །སྔོ་དང་སེར་དང་དམར་ལྗང་གུ། །དུད་ ཁ་དང་ནི་དཀར་བ་དང་། །དཀར་དང་སྔོ་དང་སེར་དམར་དང་། །ལྗང་དང་ཐལ་བའི་མདོག་ལྟ་བུའོ། །སེར་དང་སྔོ་དང་དཀར་བ་དང་། །དམར་དང་ལྗང་གུ་པདྨའི་མདོག །དམར་དང་དཀར་དང་སྔོན་པོ་དང་། །སེར་དང་ལྗང་དང་ནམ་མཁའི་མདོག ། ལྗང་དང་དཀར་དང་དམར་བ་དང་། །སྔོ་དང་སེར་དང་དཀར་བའི་མདོག །དེ་དག་མཁའ་འགྲོ་ལྔ་ཡི་ནི། །ཞལ་མདོག་གི་ནི་ཁྱད་པར་ཡིན། །ཡང་ན་ཞལ་གཅིག་ཕྱག་གཉིས་བསྒོམ། །ཕྲེང་བའི་གསང་སྔགས་མིང་དང་བཅས། །མཁས་པས་ཟུར་བཞི་ མཚམས་ནས་སོ། །མཐར་ནི་ཧུྃ་ཧཱུྃ་ཕཊ་དང་སྦྱར། །ཨོྃ་མ་ཧཱ་སུ་ཁ་བཛྲ་ཌཱ་ཀ་ཧཱུྃ། ཌཱ་ཀི་ནཱི་ཛཱ་ལ་སྃ་པ་ར་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་མ་ཧཱ་སུ་ཁ་བུདྡྷ་ཌཱ་ཀ་བྷྲུྃ་ཌཱ་ཀི་ནཱི་ཛཱལ་སཾ་པར་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་མ་ཧཱ་སུ་ཁར་རཏྣ་ཌཱ་ཀ་ཧྲྃ་ཀི་ནཱི་ཛཱ་ལ་སྃ་བ་ར་ཨཱ་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་མ་ཧཱ་སུ་ ཁ་པདྨ་ཌཱ་ཀ་ཧྲཱིཿཌཱ་ཀི་ནཱི་ཛཱ་ལ་སྃ་བ་ར་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་མ་ཧཱ་སུ་ཁ་བི་ཤྭ་ཌཱ་ཀ་ཁྃ་ཌཱ་ཀི་ནཱི་ཛཱ་ལ་སྃ་བ་ར་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། དེ་དག་ནི་མཁའ་འགྲོ་ལྔའི་སྙིང་པོའི་གསང་སྔགས་ཏེ། འདི་ནི་ཡེ་ཤེས་ཀྱི་སྙིང་པོར་གྱུར་པ་ཡིན་ནོ། །ཨོྃ་བཛྲ་ཌཱ་ཀ་ངྃ་ཧཱུྃ་ཕཊ། ཨོྃ་བུདྡྷ་ཌཱ་ ཀ་ཉྃ་ཧཱུྃ་ཕཊ། ཨོྃ་རཏྣ་ཌཱ་ཀ་ཎྃ་ཧཱུྃ་ཕཊ། ཨོྃ་པདྨ་ཌཱ་ཀ་ཎྃ་ཧཱུྃ་ཕཊ། ཨོྃ་བི་ཤྭ་ཌཱ་ཀ་མྃ་ཧཱུྃ་ཕཊ། །ཡེ་ཤེས་དམ་ཚིག་རོ་གཅིག་པ། །མཁས་པས་བསྒོམ་པར་བྱས་ནས་སུ། །དམ་ཚིག་གིས་ནི་ལེགས་དབང་བསྐུར། །སྣ་ཚོགས་མཆོད་པ་རྣམ་པར་བསྒོམ། །དཀྱིལ་འཁོར་ དག་ནི་ཐམས་ཅད་ཀྱང་། །གོ་འཕང་དྲན་ནས་དབང་ཡང་བསྐུར། །སྣ་ཚོགས་ཕུན་སུམ་ཚོགས་པའི་མཆོག །དེ་བཞིན་འཁྱུད་དང་ཙུ་མཱ་ན། །བྷ་ག་ལིང་གའི་སྦྱོར་བ་དག །ཡེ་ཤེས་རྣམ་སྨིན་དཔའ་བའི་མཆོག །ཤེས་རབ་ཐབས་ཀྱི་ཕྱག་རྒྱ་དྲུག །རྣམ་པར་ བལྟ་ཞིང་ངེས་པར་བརྟག །དགའ་བ་དང་པོ་ཡེ་ཤེས་ཏེ། །མཆོག་ཏུ་དགའ་བ་མཉམ་པར་སྦྱོར། །བདེ་བར་དགའ་བར་གྲུབ་པ་ཆེ། །ལྷན་ཅིག་སྐྱེས་དགའ་བླ་མེད་ཡིན། །སྦྱོར་བ་དང་ནི་ཤིན་ཏུ་སྦྱོར། །སྦྱོར་བ་ཆེ་དང་ཡེ་ཤེས་སྦྱོར། །དེ་དག་ཆོ་གའི་རིམ་པའོ། ། ཐིག་ལེའི་གཞུང་གི་སྦྱོར་ཤེས་ན། །ཕྲ་བའི་སྦྱོར་བས་བལྟ་བར་བྱ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་རྒྱུ། །ཆོས་ཀྱི་དབྱིངས་ཀྱི་གོ་འཕང་ཐོབ། །ཆོ་ག་ངེས་པར་བསྒྲུབས་ནས་ནི། །མྱུར་དུ་རྣལ་འབྱོར་པ་ཡིས་འགྲུབ། །འདི་ནི་ངེས་པ་ཁོ་ནའོ། །མངོན་ པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས་གསང་བའི་ཡེ་ཤེས་ཀྱི་ལེའུ་སྟེ་དྲུག་ཅུ་རྩ་གསུམ་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །ཐུགས་ཀྱི་སྙིང་པོ་མཆོག་གྱུར་པ། །མཁའ་དབྱིངས་རྡོ་རྗེའི་དབུས་གནས་པར། །ཡེ་ ཤེས་ཟླ་བ་རྣམ་པར་བསྒོམ། །ཨ་ཡི་ཡི་གེ་ལས་བྱུང་བ། །རྡོ་རྗེ་སེམས་དཔའ་བདེ་བ་ཆེ། །ཁ་བ་ཀུནྡའི་མདོག་ལྟ་བུ། །དག་པའི་ཤེལ་དང་མཚུངས་པའོ། །ཞལ་གསུམ་ཕྱག་དྲུག་ཞི་བ་སྟེ། །སྤྱན་གསུམ་པ་ལ་ཐུགས་རྗེའི་མཉམ། །སྣ་ ཚོགས་པདྨ་ཟླ་དབུས་བཞུགས། །སྟོང་པའི་ཡེ་ཤེས་ལས་བྱུང་བ། །ཟླ་བ་ཕྱེད་པ་རལ་པ་འཆིང་། །ཐོད་པ་ཡི་ནི་དབུ་རྒྱན་ཅན། །རྒྱན་རྣམས་ཐམས་ཅད་ཡང་དག་རྫོགས། །རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས། །རང་གི་ལུས་དང་སྦྱོར་བར་གནས། ། སྙིང་རྗེ་ཆགས་དང་མངོན་གྱུར་པ། །དཀར་ཞིང་སྔོ་ལ་དམར་བའི་ཞལ། །རྣམ་ཐར་གསུམ་གྱི་རང་བཞིན་ཅན། །རྡོ་རྗེ་དྲིལ་བུ་མཉམ་པར་ལྡན། །ལྷ་མོའི་མཆུ་ནི་རྣམ་འཚིར་ཏེ། །རྡོ་རྗེ་མདུང་དང་ཐོད་པ་དང་། །ཁ་ཊྭཱྃ་ག་དང་ཐོད་པ་འཛིན། །ཡི་གེ་ཨཱཿདང་ཉི་ དབུས་བཞུགས། །རྡོ་རྗེ་སེམས་དཔའ་རྣམ་པར་བསྒོམ། །ཨི་ལས་རྡོ་རྗེ་ཟླ་བ་སྟེ། །ཨཱི་ལས་རྡོ་རྗེ་སྒྱུ་འཕྲུལ་ལོ། །ཨེ་ལས་ཆོས་ཀྱི་རྡོ་རྗེ་སྟེ། །ཨཻ་ལས་སྣ་ཚོགས་སྒྱུ་འཕྲུལ་མ། །ལྷ་མོ་བཞི་པོ་དེ་དག་ནི། །དེ་ཡི་ཞལ་མདོག་འཛིན་པའོ། །སྐྲ་གྲོལ་ བ་ལ་མིག་པོ་ཆེ། །སྙིང་རྗེ་ཆགས་པས་རྣམ་པར་མྱོས། །རང་གི་ཐབས་དང་ལྷན་ཅིག་བཅས། །ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །སྣ་ཚོགས་ཡི་དགས་སྟེང་དུ་བསྒོམ། །གཙོ་བོ་ཤེས་རབ་སྐྱིལ་མོ་ཀྲུང་། །ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། །ཕྱག་ རྒྱ་ལྔ་ཡིས་རྣམ་པར་བརྒྱན། །རྡོ་རྗེ་དྲིལ་བུས་མཉམ་པར་ལྡན། །མདུང་དང་གྲི་གུག་ཕྱག་ན་བསྣམས། །ཐོད་པ་ཁ་ཊྭཱཾ་ག་འཛིན་ཅིང་། །དངོས་གྲུབ་ཐམས་ཅད་རབ་ཏུ་སྩོལ། །ཇི་ལྟར་དཔའ་བོའི་རྣལ་འབྱོར་བཞིན། །དེ་ཡི་མདོག་དང་ཕྱག་མཚན་འཛིན། ། ལྷ་མོ་བཞི་ཡི་ཁ་སྦྱར་གསང་། །སྙིང་པོ་སྦྱོར་བ་མཆོག་ཡིན་ནོ། །གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །གསང་བ་ཀུན་གྱི་མཆོག་དེ་ཉིད། །མཁའ་འགྲོ་མ་ཡི་སྙིང་པོ་མཆོག །གསང་བའི་ ཡེ་ཤེས་དམ་ཚིག་སྟེ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན། །ཨུ་ནི་སྙིང་ཁར་བསྒོམ་པ་སྟེ། །ཨཱུ་ནི་མགོ་བོར་དེ་བཞིན་ནོ། །ཨོ་ནི་སྤྱི་གཙུག་དག་ཏུ་སྟེ། །ཨཽ་ནི་མིག་ཏུ་དགོད་པར་བྱ། །ཨོཾ་ནི་གོ་ཆར་དགོད་པ་སྟེ། །ཨཿནི་མཚོན་དུ་རྣམ་པར་ དགོད། །སྐུ་གསུང་ཐུགས་སུ་སྦྱོར་བ་ཡིས། །བདག་ཉིད་ཀྱང་ནི་བསྒོམ་པར་གནས། །ཡེ་ཤེས་དམ་ཚིག་སྦྱོར་བ་ཡིས། །བླ་མེད་མཆོད་དང་དབང་ཡང་བསྐུར། །མཉམ་པའི་དམ་ཚིག་སྦྱོར་བ་ཡིས། །ཆོས་ཀྱང་དེ་བཞིན་མཉམ་ པ་ཡིན། །དངོས་པོ་ཀུན་ནི་རོ་གཅིག་སྟེ། །གཉིས་སུ་མེད་པའི་མཆོག་གྲུབ་པ། །དམ་ཚིག་ཐུན་མཚམས་བཞིན་དུ་སྟེ། །དུས་བཞི་དག་ཏུ་རྣམ་པར་བསྒོམ། །ཁ་སྦྱོར་བཞི་ཡི་སྦྱོར་བ་ནི། །ཐུན་བཞི་ལ་ནི་རྣམ་པར་བསམ། །སྙིང་རྗེས་ཀུན་ལ་ འགྲོ་བྱ་ཞིང་། །ཆ་མེད་པར་ནི་རྣམ་པར་བསྒོམ། །ཐམས་ཅད་རྡོ་རྗེ་སེམས་དཔའ་སྟེ། །ཤེས་རབ་ཆ་མེད་རྗེས་སུ་འགྲོ། །རྡོ་རྗེ་རྣལ་འབྱོར་དབང་ཕྱུག་སྦྱོར། །བདག་ཉིད་རྡོ་རྗེ་བདག་པོ་ཡིན། །བགྲང་དུ་མེད་པའི་རུས་པ་ཡིན། །ཡེ་ཤེས་བཟླས་པ་ཡིན་ པར་བཤད། །བཟླས་པ་ཡེ་ཤེས་བསྒོམ་པ་སྟེ། །སྤྲུལ་པ་དྲུག་ནི་སྤྲོ་བའོ། །དེ་བས་དམ་ཚིག་བཟླས་པ་ནི། །ཆོ་ག་བཞིན་དུ་བཟླས་པ་བྱ། །ཨོྃ་ཨཱཿཨ་ཨཱ། ཨི་ཨཱི། ཨུ་ཨཱུ། ཨེ་ཨཻ། ཨོ་ཨཽ། ཨོྃ་ཨཿ། ཧཱུྃ་སྭཱ་ཧཱ། དུང་ཆེན་ཕྲེང་བ་བླངས་ ནས་ནི། །རྟག་ཏུ་གསང་སྔགས་རྒྱལ་པོ་བཟླ། །དག་བྱེད་བསོད་ནམས་ཆེན་པོ་སྟེ། །དགེ་ཞིང་ཉེས་པ་འཇོམས་པ་ཡིན། །སྡུག་བསྔལ་ཐམས་ཅད་འཇོམས་བྱེད་ཅིང་། །དགེ་བ་ཀུན་གྱི་འབྲས་བུ་སྟེ། །གསང་སྔགས་ཀུན་གྱི་སྟོན་པ་སྟེ། །རྣམ་ པར་དབེན་པའི་ས་ཕྱོགས་སུ། །མཁའ་འགྲོ་མ་ཡི་སྙིང་པོ་ཡི། །དགྱེས་པའི་བདེ་བ་ལས་བྱུང་བ། །ལྷ་མོ་བཞི་པོ་དགའ་བ་སྟེ། །རྣལ་འབྱོར་དབང་ཕྱུག་མཆོག་ཏུ་བདེ། །རིགས་ཀྱི་བདེ་བ་བཅོམ་ལྡན་འདས། །རང་བྱུང་རྡོ་རྗེ་སེམས་དཔའ་ ཡིན། །མདོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས་ལྷ་མོ་བཞིའི་གསང་བ་ཁ་སྦྱོར་གྱི་ལེའུ་སྟེ་དྲུག་ཅུ་རྩ་བཞིན་པའོ།། །།དེ་ནས་སྦྱོར་བའི་མཆོག་བཤད་པ། །གདུག་པ་ཐམས་ཅད་ཟ་བྱེད་པ། །མ་རུངས་ཕྱི་དང་ནང་འཇོམས་ པ། །ནམ་མཁའ་སྟོང་པ་ལྟ་བུ་ལས། །ཡི་གེ་ཀྵ་ལས་མངོན་བྱུང་ཞིང་། །མཁའ་འགྲོའི་དྲ་བ་བདེ་མཆོག་ནི། །ཕྱག་གཉིས་པ་ལ་ཞལ་གཅིག་པ། །སྤྱན་གསུམ་པ་ལ་འཇིགས་པའི་ཞལ། །གཡས་བརྐྱང་པ་ཡིས་བཞུགས་པ་ལ། །མ་རུངས་ བདུད་ཀྱི་དགྲ་གནོན་ཅིང་། །ཕྱག་རྒྱ་ཆེན་པོ་མཉམ་ལྡན་པས། །ཐོད་པ་དྲིལ་བུས་ཡང་དག་འཁྱུད། །ཐོད་པའི་དབུས་སུ་ཡིད་འོང་བའི། །རྡོ་རྗེ་མཆོག་གིས་རྣམ་པར་མཚན། །ཡེ་ཤེས་བདུད་རྩིས་ཡོངས་གང་བ། །ལག་པ་གཡས་པར་བཞག་ ནས་ནི། །སྣ་ཚོགས་པ་ཡི་སྐུ་ལུས་ལ། །ཕྱག་རྒྱ་དྲུག་གིས་སྐུ་ཡང་བརྒྱན། །ཞལ་གདོང་མཆེ་བ་རྣམ་གཙིགས་ཤིང་། །སྤྱི་གཙུག་ཐོད་པས་རྒྱན་དུ་བྱས། །སྣ་ཚོགས་རྡོ་རྗེས་སྤྱི་བོར་མཚན། །ཟླ་བ་ཕྱེད་པ་རལ་པ་འཆང་། །རྡོ་རྗེ་སེམས་དཔའི་ དབུ་རྒྱན་ཅན། །རྡོ་རྗེ་འཇིགས་བྱེད་སྒོམ་པ་ཡིན། །དོགས་པ་རྣམ་པར་སྤངས་ཤིང་ཡོངས་སུ་དག་པའི་བློས། །རྣམ་པར་རྟོག་པའི་དྲི་མའི་ཁྱད་པར་མེད་པར་བྱེད། །བྱམས་དང་སྙིང་རྗེའི་རྒྱན་གྱིས་ལུས་ལ་རྒྱན་དུ་བྱས། །འཛེམ་མེད་བདེ་བའི་རྣལ་ འབྱོར་ལེགས་པར་བསླབས་པའི་བདག །ཤིན་ཏུ་འཇིགས་པའི་དུད་འགྲོའི་དུར་ཁྲོད་ཆེན་པོ་ན། །རོ་ལངས་སྲིན་པོ་སྣ་ཚོགས་སྒྲ་རྣམས་སྒྲོགས་པར་བྱེད། །ཕེཾ་གྱི་སྒྲ་བྱེད་པ་ཡི་འཇིགས་པས་ཁྱད་པར་བྱེད། །གཞན་ཡང་སྒྲུབ་པོ་རྣལ་འབྱོར་མཐུན་པའི་ ཡུལ་དུ་བསྒྲུབ། །ཡང་ན་ཞལ་ནི་བཞི་པ་དང་། །འདི་ལ་ཕྱག་བརྒྱད་རྣམ་པར་བསྒོམ། །དཀར་དང་སྔོ་དང་དམར་སེར་པོ། །ཞལ་དག་བསྒྱུར་ཞིང་འཇིགས་པར་མཛད། །མདུང་དང་རྡོ་རྗེ་ཁ་ཊྭཱྃ་ག །ཅང་ཏེའུ་མགོ་བོ་གྲི་ གུག་ཐོགས། །སྣ་ཚོགས་ཕྱག་ལ་བསྐྱོད་པའི་ལྗགས། །ཧ་ཧཱ་ཧི་ཧཱི་ཧུྃ་ཧཱུྃ་དང་། །ཕཊ་ཅེས་བྱ་བའི་སྒྲ་སྒྲོགས་ཤིང་། །དཔའ་བོ་གཅིག་པུ་འཇིགས་མཛད་པས། །གདུལ་དཀའ་ཐམས་ཅད་འདུལ་མཛད་ཅིང་། །སྐུ་གསུང་ཐུགས་ཀྱི་སྦྱོར་བ་ཡིས། ། ཁྲོ་བོའི་སྤྲིན་ནི་མཁས་པས་སྤྲོ། །བསམ་གཏན་དགའ་བ་བསྒྲུབ་པའི་ཕྱིར། །ཁྲོ་བོ་ཡི་ནི་སྐུ་རུ་བསྒྲུབ། །དམ་ཚིག་བཟའ་ཞིང་བཟླས་པ་བྱ། །དམ་ཚིག་ཁ་སྦྱར་བྱས་ནས་བཟླ། །མཉམ་པར་གནས་ཤིང་བཟླས་ནས་སུ། །ཆོས་རྣམས་མ་ ལུས་བསྒོམ་པར་བྱ། །ཨོྃ་ཨཀྵ་ཧཱུྃ་ཕཊ། སྲིད་གསུམ་སྡིག་པ་ཟད་བྱེད་ཅིང་། །མཚམས་མེད་ལྔ་ཡང་ཟད་པར་བྱེད། །སྡུག་བསྔལ་ཐམས་ཅད་ཟད་བྱེད་ཅིང་། །སྲིད་པ་དག་ཀྱང་སྦྱོང་བར་བྱེད། །སྦྱོར་བ་ཡི་ནི་མཆོག་དམ་པ། །བཀླགས་ ཙམ་གྱིས་ནི་ངེས་པར་འགྲུབ། །གདུག་ཅིང་གནོད་བྱེད་སེམས་ཅན་དང་། །མ་རུངས་ལས་ལ་ཆགས་པ་དང་། །ལོག་པར་ལྟ་དང་བཅས་པ་ལས། །འདི་དག་ངེས་པར་བཟའ་བར་བྱ། །སངས་རྒྱས་སྤྲུལ་བའི་རྒྱན་རྣམས་སྤྲོ། །ཁམས་ གསུམ་དག་ནི་སྒྲོལ་བར་བྱེད། །སྔགས་པས་སྔགས་ཀྱི་མཆོག་དེ་ནི། །མིང་དང་བཅས་པས་ལྷན་ཅིག་བཟླ། །ཨོྃ་ཕཊ་ཆེ་གེ་མོ་བྷ་ཀྵ་ཡ་ཕཊ། ཀྵཱཿཧཱུྃ་ཕཊ། །བདག་ཉིད་ཁྲོ་བོའི་སེམས་ཀྱིས་ནི། །མཱྃ་ས་བཟའ་ཞིང་གཅེར་བུ་དང་། །སྐྲ་ གྲོལ་རོ་ལ་མནན་པ་དང་། །ཞགས་པ་ལྕགས་ཀྱུ་ཕྱག་གིས་འཛིན། །གསང་སྔགས་ཆོ་ག་བཞིན་དུ་ནི། །ཁྲི་ཕྲག་སྟོང་དུ་བཟླ་ཞིང་བསྒོམ། །རྣལ་འབྱོར་ཆོ་ག་བཞིན་དུ་ནི། །ཁམས་གསུམ་པོ་དག་གསོད་པར་འགྱུར། །མཁའ་འགྲོ་མ་ ནི་འཁོར་བཅས་པས། །བཟའ་བར་ཡང་ནི་རྣམ་པར་བསམ། །བདག་ཉིད་རྡོ་རྗེ་ཁབ་ཐོགས་པའི། །ཁྲོ་བོ་སྙིང་དུ་གཞུག་པར་བྱ། །སྙིང་དང་རྒྱུ་མ་རྐང་དང་རུས། །ཤ་དང་ཁྲག་རྣམས་འདྲལ་བྱེད་ཅིང་། །མཚམས་མེད་ལྔ་རྣམས་བྱེད་ པ་དང་། །གདུག་པ་ཅན་རྣམས་བཟའ་བར་བྱ། །མཁའ་འགྲོ་ལྟེ་བར་བཞུགས་ནས་ནི། །མཁའ་འགྲོ་མ་དང་ལྷན་ཅིག་སྦྱོར། །རྡོ་རྗེ་བློ་ལྡན་རབ་སྦྱོར་བས། །ཞག་བདུན་གྱིས་ནི་ཕེབས་པར་འགྱུར། །བསམ་གཏན་བྱས་པ་ཙམ་གྱིས་ནི། ། གདུག་པ་བདག་གིས་ཟོས་པར་འགྱུར། །ཉི་མ་ཕྱེད་དང་མཚན་ཕྱེད་དང་། །ལས་འདི་དག་ལ་འཇུག་པར་བྱ། །གཅེར་བུ་སྐྲ་གྲོལ་བྱེད་པ་ཡིས། །གཤིན་རྗེའི་ཕྱོགས་སུ་ཁ་བལྟས་ཏེ། །ཁྱིམ་བྱའི་སྟན་གྱི་སྦྱོར་བ་ཡིས། །མེ་ཡི་གསང་སྔགས་ བཟླ་བར་བྱ། །ཕཊ་ཧཱུྃ་རྃ་རྃ་རྃ། མཚམས་མེད་པ་འདི་ཞེས་བྱ་བ། །རྃ་རྃ་རྃ་ཧཱུྃ་ཕཊ། ཇི་བཞིན་བཟླས་པ་བྱས་ཙམ་གྱིས། །ཉིན་ཞག་བཅུ་བཞི་དག་གིས་ནི། །རྡོ་རྗེ་འཛིན་པ་མངོན་སུམ་པའང་། །འཆི་བར་ཡང་ནི་ཐེ་ཚོམ་མེད། །གལ་ཏེ་ སྡིག་ཅན་སླར་ལོག་ན། །འདི་ལ་ཞི་བའི་ལས་རྣམས་བྱ། །གསང་སྔགས་བཟླས་པ་ཆེར་བྱས་ནས། །འདིས་ཀྱང་ཞི་བར་འགྱུར་བ་ཡིན། ཨོྃ་སྭཱ་ཧཱ། ཨ་ཨཱ་བྃ་ཨ་མུ་ཀྃ་པཱ་པ་བཱི་ར་ཧོ་བྷ་བི་ཥྜྱ་ཏི་ཏ་སྱ། །སི་བ་ཤཱནྟིཾ་བྷ་བནྟུ། བྃ་ཨྃ་ཨཿཨོྃ་སྭཱ་ཧཱ། །འོ་མ་ བཏུང་ཞིང་གོས་དཀར་གྱོན། །ཞི་བའི་སེམས་ཀྱིས་སྟོང་ཉིད་གནས། །དཀར་པོའི་དྲི་ཡིས་ལུས་བྱུག་གོ །བྱ་རོག་ཁྱི་དང་བྱི་ལ་དང་། །ན་ཀུ་ལ་ཡི་ཤ་རྣམས་བཟའ། །ཐམས་ཅད་རབ་ཏུ་གནས་གྱུར་ཏེ། །འདི་ལ་ཡིད་གཉིས་དཔྱོད་པ་མེད། །མངོན་ པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས་ཁྲོ་བོ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་བདག་པོའི་ཁ་སྦྱར་གནོན་པའི་ལེའུ་སྟེ་དྲུག་ཅུ་རྩ་ལྔ་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །སྲིད་པའི་ནང་ན་སྐྱེ་བ་བདུན། །སྣ་ཚོགས་པ་ཤུའི་དམ་ཚིག་ནི། །ལྷ་ཡི་ གཟུགས་ཅན་ཡིད་འཕྲོགས་པ། །ལྷ་ཡི་གཟུགས་ཅན་གཟི་བརྗིད་དཔལ། །བ་ཤུའི་ནང་ན་རྒྱལ་པོ་ཡིན། །སྐལ་བཟང་ཡིད་འོང་བདེ་བར་འགྲོ། །སྐྲ་ཡི་མྱུ་གུ་དེ་བཞིན་རིང་། །མིག་ནི་དཀྱུས་རིང་མིག་ཀྱང་དམར། །པདྨའི་འདབ་མ་འདྲ་བའི་གཟུགས། །དེ་ཡི་ལུས་ལ་རྡུལ་ ཞིམ་འབྱུང་། །ལུས་ལས་ལྷ་ཡི་དྲི་འབྱུང་ཞིང་། །ཁ་ཡི་དབུགས་ནི་ག་བུར་དྲི། །ལྡན་པས་སྦྲང་མ་རྟག་ཏུ་འཁོར། །གཅིན་དང་ཕྱི་ས་གླ་རྩི་བྲོ། །ཚིག་ནི་འཇམ་པར་གྱུར་པ་དང་། །ལག་པ་དང་ནི་རྐང་པ་འཇམ། །ཨུཏྤ་ལ་ཡི་དྲི་དང་ལྡན། །སྐྲ་དཀར་གཉེར་མ་ལས་རྣམ་གྲོལ། །ལུས་ ཀྱང་སྣུམ་ཞིང་མཉེན་པ་དང་། །སྙིང་དང་ཐོད་པ་ལྟེ་བ་སྟེ། །དེས་ན་རོ་ཙ་ན་རུ་འགྱུར། །གྲིབ་བདུན་ངང་པའི་འགྲོས་སུ་འགྲོ། །སྙིང་རྗེའི་བསམ་པ་ཅན་ཡིན་ཏེ། །དཀོན་མཆོག་གསུམ་ལ་རྟག་ཏུ་དད། །སྦྱིན་དང་ཚུལ་ཁྲིམས་དག་དང་ལྡན། །འདི་འདྲ་རྣལ་འབྱོར་པས་ རྟོགས་ན། །མི་གསོད་མེ་ཡིས་ཚིག་མི་འགྱུར། །སྲོག་ཆགས་སྣ་ཚོགས་གདུག་པ་དག །གང་ཡང་རུང་བས་ཟ་མི་ནུས། །དེ་ནི་མཚན་མོ་མི་མཐོང་སྟེ། །མི་སྣང་བ་ཡི་དབང་ཕྱུག་མཆོག །འདི་འདྲ་སྔགས་པས་རྟོགས་ནས་ནི། །བདག་གིས་ བླངས་ཏེ་སྦྱིན་པ་སྤྱད། །དྲི་ཆེན་ཆུ་དང་བྱང་ཆུབ་སེམས། །མཁས་པས་བླངས་ཏེ་རིལ་བུ་བྱ། །ལྕགས་གསུམ་གྱིས་ནི་རྣམ་དཀྲིས་ཏེ། །བློ་དང་ལྡན་པས་བསྒྲུབ་པར་བྱ། །དབང་པོ་གཉིས་ནི་རབ་སྦྱར་ནས། །ཉེ་བའི་སྙིང་པོ་ལན་འབུམ་བཟླས། །དེ་འདི་ལག་ ཏུ་བྱིན་ནས་ནི། །སྦྱིན་པ་འདི་ལས་བདག་ལ་བྱིན། །དེ་འདི་དེ་མ་ཐག་ཏུ་ཡང་། །མི་བསྐྱོད་པ་ཡི་བྱ་བ་རྙེད། །དེ་ནི་དབེན་པར་ཁྱེར་ནས་སུ། །མཉམ་པར་བཞག་སྟེ་བསྒྲུབ་པར་བྱ། །གཞན་ཡང་ལས་རྣམས་རབ་བཤད་བྱ། །དངོས་གྲུབ་སྒྲུབ་པའི་མཆོག་ དམ་པ། །དེ་ཡི་སྤྱི་བོའི་སྐྲ་བཅད་ནས། །གཞན་ཡང་དུད་འགྲོའི་སྤུ་དང་ནི། །དེ་བསྲེས་ཐེ་གུར་བྱས་ནས་སུ། །གང་གི་མགུལ་དུ་བཅིངས་བྱས་པས། །དེ་འདྲ་བ་ཡི་གཟུགས་སུ་འགྱུར། །སྣ་ཚོགས་གཟུགས་ཀྱང་བྱེད་པ་ཡིན། །དེ་ཡི་པགས་པ་བླངས་ནས་ནི། ། དེ་ལ་ཧེ་རུ་ཀ་དཔལ་བྲི། །མངོན་སུམ་ཁྲོ་བོའི་དངོས་གྲུབ་ནི། །ཧེ་རུ་ཀ་དཔལ་བྱེད་པ་ཡིན། །རྐང་ལག་པགས་པ་བླངས་ནས་ནི། །འབྱུང་པོའི་སྐྲ་དང་བཅས་བསྲེས་ནས། །ཕྱེ་མའི་རིལ་བུར་བྱས་ནས་སུ། །མངོན་པར་བསྔགས་ཏེ་ཆོ་ག་བྱ། །མཁས་པས་རྒྱལ་གྱི་ཉི་ མ་ལ། །ལྕགས་གསུམ་གྱིས་ནི་རྣམ་དཀྲིས་ནས། །ལག་པ་གཡོན་པས་དེ་བླངས་ཏེ། །ཐེ་བོང་སྦས་པའི་ཁུ་ཚུར་གྱིས། །ཁུ་ཚུར་དེ་ནི་མགོར་བཞག་ན། །དེ་མ་ཐག་ཏུ་རྐུན་མ་རེངས། །རང་གི་ལག་གིས་དཔུང་གཉིས་བླངས། །རང་སྐྲ་ཞགས་པ་བླངས་ ནས་ཐོགས། །གཡས་པ་ལྕགས་ཀྱུ་ཐོགས་ནས་ནི། །ཐེ་གུ་ལྔ་ཡིས་རྣམ་པར་དཀྲི། །ཕྱོགས་གར་ནོར་གྱིས་གང་བ་ཡི། །དེ་ཡི་ཕྱོགས་མཐོང་བླང་བར་བྱ། །ཁྱིམ་དུ་བཀོད་ཅིང་སྟེང་འདུག་ནས། །སྔགས་བཟླས་ནས་ནི་མཁའ་ལ་སྤྱོད། །ཨོྃ་ཛཿཨ་ པྤྃ་བ་ཧཱུྃ་བ་ཧཱུྃ་བ་རཱ་ན་དུ་ཁེ་ཙ་རི་ཛ་རི་ཧྲཱིཿསྭཱ་ཧཱ། ནོར་དང་འབྲུ་དང་དེ་བཞིན་གོས། །ཡིད་ལ་གང་འདོད་ཅི་ཡང་རུང་། །དེ་དག་ཐམས་ཅད་མྱུར་དུ་འགུགས། །ཁྱིམ་ནི་གང་བར་ཡོངས་སུ་མཐོང་། །མཱྃ་ས་དག་ནི་ཟོས་ནས་སུ། །ལྷ་ཡི་ལུས་སུ་འགྱུར་ བ་ཡིན། །རྣལ་འབྱོར་རྡོ་རྗེའི་ལུས་གྱུར་ཏེ། །དེས་ནི་ཤི་བ་དབང་དུ་འགྱུར། །ཆུ་བ་ཆོ་ག་བཞིན་བླངས་ནས། །སྐྲ་དང་བསྲེས་ནས་དེ་བསྒྲིལ་ཏེ། །ཐེ་གུ་ཆོ་ག་བཞིན་དུ་ནི། །བསྒྲིལ་ནས་ཞགས་པ་དག་ཏུ་བྱ། །གཡས་བརྐྱང་གནས་ཤིང་ཁྲོ་གནས་པར། ། གང་གི་མིང་གི་བཟླས་བརྗོད་ཀྱིས། །ཞགས་པ་བཏབ་ན་དེ་མ་ཐག །ལྷ་མོ་འགུགས་ཤིང་དེ་མདུན་གནས། །དེ་ཡི་རུས་པའི་ཕྱེ་མ་ཡིས། །མཁས་པས་དཀྱིལ་འཁོར་བྲིས་ནས་ནི། །འདི་ལ་དཀྱིལ་འཁོར་དངོས་གྲུབ་ནི། །ཅི་འདོད་པ་ནི་དེ་ལ་གནས། ། གཞན་ཡང་རྒྱན་དུ་བྱེད་པ་དང་། །རྡོ་རྗེ་མཚན་གྱིས་མཛེས་པར་བྱ། །ཆུ་བ་དག་གིས་མཆོད་ཕྱིར་ཐོགས། །དེ་རུ་བདར་བའི་ཙནྡན་གྱིས། །བྱུགས་པའི་བརྟུལ་ཞུགས་འཛིན་པ་ནི། །མཁའ་ལ་སྤྱོད་པར་འགྱུར་བ་ཡིན། །སྒྲུབ་པ་ཏིལ་མར་ཆེན་པོ་ཡི། །མིག་ སྨན་ངེས་པར་བྱས་ནས་ནི། །གྲིབ་མ་ཡང་ནི་མཐོང་མི་འགྱུར། །རྣལ་འབྱོར་ཞག་གིས་བསྐུས་ན་ནི། །མཚན་མོའང་ཉིན་པར་ལྟ་བུར་འགྱུར། །རྣལ་འབྱོར་རྐང་དག་ཟོས་ནས་ནི། །ཚིམ་པར་འགྱུར་གྱི་གཞན་དུ་མིན། །ཇི་སྲིད་གནས་པར་མི་བཀྲེས་ཤིང་། ། ཡིད་གཞུངས་དྲན་པ་འཕེལ་བར་འགྱུར། །རྣལ་འབྱོར་སྔོན་གྱི་སྐྱེ་བ་དྲན། །རྡོ་རྗེ་སེམས་དཔར་འགྱུར་བ་ཡིན། །རྒྱུ་མ་ཕྱེ་མར་བྱས་ནས་སུ། །མཁས་པས་གྲིབ་མ་ལ་ཡང་བསྐམ། །གང་གིས་མགོ་ལ་གཞག་པ་ན། །དེ་མ་ཐག་ཏུ་དབང་དུ་འགུགས། །སྔགས་པས་གློ་བ་ཟོས་ ན་ནི། །དེ་མ་ཐག་ཏུ་ནད་མེད་འགྱུར། །རྐང་པ་བླངས་ནས་སར་བསྣུན་ན། །ཆར་གྱི་རྒྱུན་ནི་འབེབས་པར་བྱེད། །བློ་ལྡན་གསང་བ་བླངས་ནས་བསྐམ། །ཙནྡན་དམར་པོ་དང་བསྲེས་ནས། །དེ་ནི་ཕྱེ་མར་བྱས་ནས་སུ། །བུད་མེད་གང་ལ་བྱིན་ན་ནི། །འདོད་པས་ གདུངས་པའི་བུད་མེད་གང་། །དབང་དུ་གྱུར་ཏེ་མངག་གཞུག་བྱེད། །པུས་མོའི་རུས་པ་ཀཱི་ལ་ཡ། །སོར་ནི་བཅུ་གཉིས་ཚད་ཙམ་ཞིག །གང་གི་མིང་བཅས་སྦས་པ་ཡིས། །དེ་ཡི་རིགས་བརྒྱུད་མེད་པར་འགྱུར། །རྣལ་འབྱོར་ཛི་ཧྭ་ཟོས་ན་ནི། །ངག་གི་དངོས་གྲུབ་དག་ཏུ་འགྱུར། ། རྣལ་འབྱོར་ཧྲྀ་ད་ཟོས་ན་ནི། །སེམས་ནི་ཐུབ་པ་ཉིད་དུ་འགྱུར། །སོ་ཡི་རྒྱལ་པོ་བཞི་པོ་དག །སྟེང་འོག་དག་ནི་བླངས་ནས་ཀྱང་། །བུང་བ་ཡི་ནི་གཤོག་པ་དང་། །ཚུབ་མའི་འདབ་མ་རྡུལ་དང་ནི། །རྡུལ་འདིས་བསྒྲུབ་པ་བྱས་ན་ནི། །རྒྱུ་བ་དང་ནི་མི་རྒྱུ་རྨོངས། །རྩ་རྣམས་ཕྱེ་མར་བྱས་པ་ ཡི། །བུད་མེད་ཐམས་ཅད་སྐམས་པར་འགྱུར། །རང་བྱུང་མེ་ཏོག་རོ་ཙ་ན། །ཨ་ལག་ཏ་དང་གུར་གུམ་གྱིས། །ཐིག་ལེ་སྔགས་པས་སྦྱར་ན་ནི། །འཁོར་ལོས་སྒྱུར་བའང་དབང་དུ་འགྱུར། །རྣལ་འབྱོར་མིག་འབྲས་ཕྱེ་མ་ཡིས། །ཕ་རོལ་སྡེ་ནི་འབྱེད་པར་ འགྱུར། །ནུ་མ་ཟོས་པ་ཙམ་གྱིས་ནི། །དེ་མ་ཐག་ཏུ་འོ་མ་འགུགས། །རྣལ་འབྱོར་མཚན་ནི་ཟོས་ཙམ་གྱིས། །བུད་མེད་ས་བོན་མོད་ལ་འགུགས། །རྣལ་འབྱོར་སོ་དང་སེན་མོ་ཕྱེས། །གང་དང་གང་གིས་མགོ་ལ་གཏོར། །གྲུབ་པ་བརྒྱད་པོ་འགྲུབ་པ་ཡིན། ། ཕ་དང་བུ་ནི་ཡིན་ན་ཡང་། །རྣམ་པར་སྡང་བར་བྱས་པར་འགྱུར། །མཆུ་ཕྱེར་བྱས་པའི་སྦྱོར་བ་ཡིས། །ཁ་ནི་གནོན་པར་འགྱུར་བ་ཡིན། །སྣ་ཕྱེར་བྱས་པའི་སྦྱོར་བ་ཡིས། །དབུགས་ནི་གནོན་པར་འགྱུར་བ་ཡིན། །རྣ་བའི་སྦྱོར་བས་འོན་པར་འགྱུར། ། མགོ་བོའི་པགས་པས་མངོན་བཏགས་ཏེ། །ཁ་ཡི་དྲུང་དུ་མངོན་བཟླས་ན། །ལྷ་རྣམས་ཀུན་གྱི་གཙོ་བོར་འགྱུར། །ཐོད་པ་ཡི་ནི་སྦྱོར་བ་ཡིས། །རཀྟ་འགུགས་པར་བྱེད་པ་ཡིན། །ཐོད་པ་ཁ་ནི་སྦུབ་པ་ཡིས། །གནོད་པར་བྱས་པ་ཁོ་ན་ཡིན། །ཨིནྡྲ་ བ་རུ་རོ་ཙ་ན། །དེ་གཉིས་གཅིག་ཏུ་བསྲེས་བྱས་ནས། །གང་ལ་ཐིག་ལེ་གཅིག་གྱུར་ན། །དབང་པོའི་གནས་ནི་མཐོང་བར་འགྱུར། །རོ་ཙ་ན་དང་མྱང་སྤྲས་དག །ལྷན་ཅིག་ཏུ་ནི་བྱུགས་པ་ཡིས། །ཐུབ་པ་མེད་པའི་སྟོབས་འགྱུར་ཏེ། །ཕ་རོལ་དག་ ནི་གནོན་པར་འགྱུར། །པུ་ཏྲན་ཛ་ལི་རོ་ཙ་ན། །ལྷན་ཅིག་ཏུ་ནི་ཕྱེར་བྱས་ནས། །བུད་མེད་གང་ལ་ཕྱེས་གཏོར་ན། །དེ་ནི་འདོད་པས་མྱོས་གྱུར་ནས། །ཇི་སྲིད་འཚོ་བའི་བར་དུ་གནས། །རོ་ཙ་ན་དང་པུ་ཏྲས་གཉིས། །ལྷན་ཅིག་ཏུ་ནི་བསྐུས་པ་ཡིས། ། འབྱུང་པོ་ཀུན་དང་འབྱུང་མོ་རྣམས། །ཅི་བགྱི་ཞེས་ནི་སྨྲ་བཞིན་དུ། །དེ་ཡི་དྲུང་དུ་འཁོད་པར་འགྱུར། །ཅི་འདོད་པ་དག་སྟེར་བར་འགྱུར། །རོ་ཙ་ན་དང་ཛི་བན་ཏི། །ལྷན་ཅིག་ཏུ་ནི་ཕྱེར་བྱས་ཏེ། །ཤི་བའི་མིག་དང་མིག་སྨན་སྦྱར། །བསྐལ་པར་ གནས་ཀྱི་བར་དུ་ནི། །འཚོ་བར་ཡང་ནི་འགྱུར་བ་ཡིན། །ཆུ་སྲིན་ལག་ནི་རོ་ཙ་ན། །ལྷན་ཅིག་ཏུ་ནི་ཕྱེར་བྱས་ནས། །ནཱ་ག་མ་དོ་ལྷན་ཅིག་ཏུ། །རིལ་བུ་དག་ཏུ་བྱས་ནས་ཀྱང་། །རྡོ་རྗེ་གཟི་བརྗིད་དང་བསྲེས་ནས། །མིག་གི་སྨན་ནི་བྱས་གྱུར་ན། ། ནོར་སྐྱོང་གི་ནི་གླང་པོ་ཡང་། །མངོན་སུམ་དུ་ནི་གནས་ནས་ཀྱང་། །དེ་ལ་བདག་གིས་ཞོན་ན་ནི། །གླང་ཆེན་འཁོར་ནི་མང་པོ་དང་། །གཞན་གྱིས་མི་ཐུབ་པར་འགྱུར་རོ། །ཕ་རོལ་སྡེ་ནི་འཇོམས་བྱེད་ཅིང་། །གཞན་གྱི་ཡུལ་ལ་དབང་བྱེད་པའི། །ཅི་འདོད་པ་ནི་ སྟེར་བར་འགྱུར། །བྲཧྨ་དཎྜི་རོ་ཙ་ནི། །ལྷན་ཅིག་ཏུ་ནི་སྦྱོར་བ་ཡིས། །རིག་བྱེད་རྒོལ་བ་མེད་པར་འགྱུར། །རྨ་བྱའི་མཁྲིས་པའི་རོ་ཙ་ན། །རི་བོང་ཁྲག་དང་ལྷན་ཅིག་ཏུ། །རིལ་བུ་རྟག་ཏུ་བསྒྲུབས་བྱས་ནས། །རྨ་བྱའི་མཇུག་མས་བཅིངས་ན་ནི། །བུང་བ་བཞིན་དུ་འཕུར་ འགྱུར་ཏེ། །ལྷ་རྣམས་འགུགས་པའི་དངོས་གྲུབ་ཅིང་། །རིག་པ་འཛིན་པ་འོངས་པར་འགྱུར། །དེ་ཡི་ལན་ནི་འགའ་ཙམ་གྱིས། །ཇི་ལྟར་འདོད་པ་སྟེར་བར་འགྱུར། །ལྷ་ཡི་གཞལ་མེད་ཁང་འཕྲོག་ཅིང་། །ལྷ་ཡི་བུ་མོའང་འགུགས་པར་འགྱུར། །འདོད་ན་དབང་དུ་སྡོད་བྱེད་ཅིང་། །མི་འདོད་སེམས་ ཅན་དོན་ཡང་བྱེད། །མཇུག་མ་ཐུར་བལྟས་བྱས་ན་ནི། །གཏེར་རྣམས་ཀྱང་ནི་མཐོང་བར་འགྱུར། །བླངས་པས་སྦྱིན་པའི་ཕ་རོལ་ཕྱིན། །ཡོངས་སུ་རྫོགས་པར་འགྱུར་བ་ཡིན། །ས་འོག་གཏེར་གྱི་སྒོ་དག་ལ། །མཇུག་མ་སྐོར་བ་བྱས་ན་ནི། །སྒོ་དབྱེ་བས་ནི་འཇུག་པར་བྱ། །ལྷ་མིན་བུ་མོ་ལྷན་ ཅིག་རོལ། །ལྷ་ཡི་བཅུད་དང་བཅུད་ཀྱིས་ལེན། །འཕྲོག་ཅིང་དེས་ནི་ཟོས་གྱུར་ཏེ། །འདོད་པའི་ལྷ་ཡི་གཟུགས་སུ་འགྱུར། །གྲུབ་པའི་རྫས་ནི་བླངས་པ་ཡིས། །སེམས་ཅན་དོན་རྣམས་བྱེད་ཅིང་འགྲོ། །དེ་ནས་ཡན་ལག་ལྔ་པ་ཡི། །ཆོ་ག་དག་ཏུ་འགྱུར་བ་ནི། །སྤུ་དང་པགས་ པ་ཤ་དང་ནི། །རུས་པ་རྐང་པ་བླངས་ནས་སུ། །དྲི་ཆེན་ཆུ་དང་ཤུ་ཀྲ་དང་། །མཚལ་རྣམས་དག་ནི་ལྷན་ཅིག་ཏུ། །རིལ་བུ་བྱས་ནས་བསྒྲུབ་པར་བྱ། །ལྕགས་གསུམ་གྱིས་ནི་རྣམ་དཀྲིས་ནས། །ཁ་ཡི་ནང་དུ་སྦས་ན་ནི། །ནམ་མཁའ་ལ་ནི་འགྲོ་བར་འགྱུར། །རོ་ཙ་ན་དང་ལྷན་ ཅིག་ཏུ། །ཁམས་གསུམ་དུ་ནི་རྒྱལ་ཆེན་འགྱུར། །མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས་སྐྱེ་བ་བདུན་པའི་ཕྱུགས་ཆེན་སྒྲུབ་པའི་ལེའུ་སྟེ་དྲུག་ཅུ་རྩ་དྲུག་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །རང་གི་ཆོས་ཀྱི་ཡིད་སྒོམ་པ། །རང་གི་ཆོས་ཀྱི་ ཡི་གེར་སྦྱོར། །བདག་མེད་ཆོས་ནི་ཡང་དག་བསྒོམ། །རང་ཆོས་ཡི་གེ་མཆོག་དགའ་བ། །ཆོས་ཀྱི་སྐུ་ལུས་རང་བྱུང་ཡིན། །ཡི་གེ་ཧེ་ལས་ངེས་བྱུང་བ། །ཧེ་རུ་ཀ་ནི་རྣམ་པར་བསྒོམ། །ཡི་གེ་ཧི་ལས་ངེས་བྱུང་བ། །རྡོ་རྗེ་མཁའ་འགྲོ་རྣམ་པར་བསྒོམ། །ཧཱུྃ་གི་ཡེ་ ཤེས་ལས་བྱུང་བ། །རྡོ་རྗེ་ཧཱུཾ་མཛད་རྣམ་པར་བསྒོམ། །ཧཱུཾ་གི་ཡི་གེ་ལས་བྱུང་བ། །མི་བསྐྱོད་པ་ནི་རྣམ་པར་བསྒོམ། །བྃ་གྱི་ཡེ་ཤེས་ལས་བསྐྱེད་པ། །རྡོ་རྗེ་སེམས་དཔའ་རྣམ་པར་བསྒོམ། །ཨོྃ་བྷཱུྃ་ཨོཾ་བྷཱུྃ་ལས་བྱུང་བ། །སངས་རྒྱས་མཁའ་འགྲོ་རྣམ་པར་བསྒོམ། །ཨཾ་ཏྲཱྃ་རྃ་ སྭ་ལས་བྱུང་བ། །རིན་ཆེན་མཁའ་འགྲོ་རྣམ་པར་བསྒོམ། །ཧྲིཾ་ཧྲིཾ་ཨ་ལས་ངེས་འབྱུང་བ། །པདྨའི་མཁའ་འགྲོ་རྣམ་པར་བསྒོམ། །ཁྃ་ཧོ་ཧ་ཧྃ་ལས་བྱུང་བ། །སྣ་ཚོགས་མཁའ་འགྲོ་རྣམ་པར་བསྒོམ། །ཌཱ་ལས་མཁའ་འགྲོ་མ་ཉིད་དོ། ཡྃ་ལས་རྣལ་འབྱོར་མ་དེ་བཞིན། །བྷྲཱུྃ་ལས་ ལྷ་མོ་ས་ལ་སྤྱོད། །བྃ་ལས་མཁའ་ལ་སྤྱོད་པ་ཡིན། །མྃ་ལས་མ་མོ་ཉིད་ཡིན་ཏེ། །དཔའ་བོའི་བཙུན་མོ་སྙན་གྲགས་མ། །ཧེ་ནི་ཐུགས་ཀྱི་གཙོ་བོ་སྟེ། །རུ་ལས་ངག་ནི་བྱུང་བ་ཡིན། །ཀ་ནི་ལུས་ཀྱི་རྡོ་རྗེ་སྟེ། །ཡིག་གསུམ་ལས་བྱུང་ཧེ་རུ་ཀ །མྃ་ལས་འཇམ་པའི་རྡོ་རྗེ་སྟེ། ། སྃ་ལས་ཀུན་ཏུ་བཟང་པོ་ཡིན། །ལྃ་ལས་འཇིག་རྟེན་མགོན་པོ་སྟེ། །ཀྵིཾ་ལས་ས་ཡི་སྙིང་པོའོ། །བྃ་ལས་ཕྱག་ན་རྡོ་རྗེ་སྟེ། །མེྃ་ལས་བྱམས་པ་ཉིད་ཡིན་ཏེ། །ཁྃ་ལས་ནམ་མཁའི་སྙིང་པོར་གྲགས། །གྃ་ལས་ནམ་མཁའི་མཛོད་ཡིན་ནོ། །སྃ་ལས་སྒྲིབ་པ་ཀུན་སེལ་ བ། གྃ་ལས་སྤོས་ཀྱི་གླང་པོ་ཡིན། ཛྙཱྃ་ལས་ཡེ་ཤེས་ཏོག་ཀྱང་ཡིན། །ཨྃ་ལས་བློ་གྲོས་མི་ཟད་པ། །པྲྃ་ལས་སྤོབས་པ་བརྩེགས་པ་སྟེ། །སྃ་ལས་ངན་སོང་ཀུན་འདྲེན་པ། །སྃ་ལས་ངན་སོང་ཀུན་འཇོམས་པ། །ཛྃ་ལས་དྲ་བ་ཅན་གྱི་འོད། །ཙྃ་ལས་ཟླ་བའི་ འོད་ཡིན་ཏེ། །རྃ་ལས་བྱུང་བའི་རིན་ཆེན་འོད། །སཱུྃ་ལས་ཉི་མའི་འོད་ཡིན་ནོ། །བྃ་ལས་རྡོ་རྗེ་འོད་ཀྱང་ཡིན། །མྃ་ལས་མཐུ་ཆེན་ཐོབ་པ་སྟེ། སུྃ་ནི་སུ་དྷ་ན་ཡིན་ནོ། བྃ་ལས་བཟང་སྐྱོང་ཉིད་ཡིན་ཏེ། སྃ་ལས་བློ་གྲོས་རྒྱ་མཚོའོ། །ཀུན་ཏུ་བཟང་པོ་འཇམ་པའི་དབྱངས། །འཇིག་ རྟེན་མགོན་པོ་ས་སྙིང་པོ། །ཕྱག་ན་རྡོ་རྗེ་བྱམས་པ་དང་། །ནམ་མཁའི་སྙིང་པོ་ནམ་མཁའ་མཛོད། །སྒྲིབ་པ་རྣམ་པར་སེལ་བ་དང་། །སྤོས་ཀྱི་གླང་པོ་ཉིད་ཡིན་ཏེ། །མི་ཟད་པ་དང་ཡེ་ཤེས་ཏོག །སྤོབས་པ་བརྩེགས་པ་མཆོག་ཡིན་ཏེ། །མྱ་ངན་ཀུན་འཇོམས་ཉིད་ཡིན་ནོ། །ངན་ སོང་ཀུན་འདྲེན་ཉིད་དང་ནི། །དྲ་བ་ཟླ་བ་རིན་ཆེན་དང་། །ཉི་མ་རྡོ་རྗེ་འོད་མཆོག་སྟེ། །སུ་དྷ་ན་དང་རིན་ཆེན་ཐོབ། །རྒྱ་མཚོ་དང་ནི་བཟང་སྐྱོང་ངོ་། །དེ་དག་སྔོན་ཉིད་གྲུབ་པ་སྟེ། །ཕྲེང་བའི་གསང་སྔགས་རྣམ་པར་སྦྱར། །དེ་དག་དམ་ཚིག་ཏུ་བཤད་དེ། །དངོས་གྲུབ་ཀྱི་ནི་གྲུབ་པ་སྩོལ། །རྡོ་རྗེ་ ཕོ་ཉ་མ་ཉིད་དང་། །སྐུལ་བྱེད་དང་ནི་རིན་ཆེན་སྒྲོན། །རྡོ་རྗེ་ཉི་མ་དེ་བཞིན་ཏེ། །རོ་ལངས་རྡོ་རྗེ་གཞོན་ནུ་མ། །ཀྃ་པོ་ཛི་དང་དེ་བཞིན་ཏེ། །སངས་རྒྱས་བྱང་ཆུབ་མ་དེ་བཞིན། །ཡེ་ཤེས་སྒྲོན་དང་རྡོར་འཇིགས་མ། །ཡེ་ཤེས་སྒྲོན་དང་རྒྱལ་བྱེད་མ། །སྒྲོལ་མ་དང་ནི་གོས་དཀར་མོ། །སྤྱན་དང་མཱ་མ་ཀཱི་མཆོག་ དང་། །རྒྱལ་མཚན་སོ་སོར་འབྲང་མ་དང་། །རྨ་བྱ་དང་ནི་རི་ཁྲོད་མ། །ལུ་གུ་རྒྱུད་དང་ཕྱིར་ཟློག་མ། །ལྷ་མོ་གཙུག་ཏོར་རྡོར་འཇིགས་མ། །སྔོན་གྲུབ་པ་ཡི་ལྷ་མོ་སྟེ། །འདོད་པའི་འབྲས་བུ་ཐམས་ཅད་སྩོལ། །གསལ་བྱེད་མིང་དང་བཅས་པར་ནི། །མཐར་ནི་ཧཱུཾ་ཕཊ་སྦྱར་བར་བྱ། །མཐའ་ མར་སྭཱ་ཧཱ་མཉམ་པར་སྦྱར། །སྔགས་ཀྱི་དངོས་གྲུབ་རབ་ཏུ་སྩོལ། །གཤིན་རྗེའི་གཤེད་དང་རྟ་མཆོག་རྒྱལ། །བགེགས་ནི་གནོན་པར་མཛད་པ་ཡིན། །ཤེས་རབ་མཐར་བྱེད་བཞི་པོ་ནི། །འདོད་པའི་དོན་ཀུན་སྒྲུབ་བྱེད་ཡིན། །འདོད་རྒྱལ་དབྱུག་སྔོན་སྟོབས་པོ་ཆེ། །བརྒྱད་པར་ མི་གཡོ་གྲགས་པ་སྟེ། །ཁྲོ་བོ་ཆེན་པོ་སྔོན་གྲུབ་པ། །གདུག་པ་ཐམས་ཅད་ངེས་པར་གནོན། །དཀར་མོ་སོགས་དམ་ཚིག་ལྷ་མོ། །ཁྲག་འཐུང་ལྷ་མོ་བརྒྱད་པ་ཡིན། །སྔར་བཤད་མཁའ་འགྲོ་མ་རྣམས་ཏེ། །ཁྲོ་བོ་བརྒྱད་དང་གཉིས་མེད་གནས། །རྩ་བའི་ བརྒྱད་དང་ལྡན་པའི་སྔགས། །མིང་དང་ཡང་དག་སྦྱར་བར་བྱ། །གསལ་བྱེད་ཨོཾ་ནི་ཀུན་དུ་ཡང་། །མཐར་ནི་ཧཱུྃ་ཕཊ་སྭཱ་ཧཱར་སྦྱར། །གསལ་བྱེད་མིང་དང་ཧཱུཾ་དང་ནི། །མཐར་ནི་ཕཊ་དང་སྭཱ་ཧཱར་སྦྱར། །གཟུགས་དང་སྒྲ་ཡི་ལྷ་མོ་དང་། །དྲི་དང་རོ་ཡི་ལྷ་མོ་སྟེ། ། འདབ་མ་བཞི་ལ་རྣམ་པར་སྦྱར། །ཕྱོགས་ཀྱི་གོས་ཅན་སྐྲ་གྲོལ་མ། །རེག་པས་རེག་པའི་རྡོ་རྗེར་གྲགས། །གཉིས་སུ་མེད་པར་ཡང་དག་གནས། །དབུས་སུ་ཁྲག་འཐུང་རྒྱལ་པོ་ནི། །ལྷ་མོའི་རེག་པས་བདེ་བར་བཞུགས། །སྙིང་པོ་ཆོས་ཀྱི་དབྱིངས་སུ་གྲགས། །ཤེས་ རབ་ཕ་རོལ་ཕྱིན་ལས་བྱུང་། །ཡེ་ཤེས་སེམས་དཔའ་གཉིས་མེད་བཞུགས། །རྡོ་རྗེ་ཆོས་ཀྱི་དབྱིངས་མ་སྟེ། །གཉིས་མེད་མཉམ་པའི་ཡེ་ཤེས་ནི། །ཆོས་ཀྱི་དབྱིངས་དེ་མི་དམིགས་པའོ། །དེ་ནི་གསང་བ་དེ་ཉིད་མཆོག །རྡོ་རྗེ་ཅན་ནི་ཡང་དག་སྩོལ། །ཆེ་བའི་མཆོག་ནི་འདུས་པ་སྟེ། །རྡོ་རྗེ་སེམས་དཔའ་བདེ་ བའི་མཆོག །སྦྱོར་བ་རྒྱུད་ཀྱི་རྗེས་འབྲང་བ། །བགྲོད་དང་བགྲོད་མིན་རྣལ་འབྱོར་མ། །རིག་པའི་རྒྱ་མཚོ་མཆོག་ཡིན་ཏེ། །རྡོ་རྗེ་མཁའ་འགྲོ་ཉུང་ཟད་ཅིག །སྒྱུ་འཕྲུལ་སྡོམ་པའི་རྒྱུད་ཡིན་ནོ། །རྣལ་འབྱོར་མ་ནི་འབྱུང་བའི་རྒྱུད། །གསང་བའི་རྒྱ་མཚོ་རྒྱུད་ཡིན་ཏེ། །ངེས་བརྗོད་རྒྱུད་ནི་བླ་མེད་པ། །འདུས་པ་མཆོག་ ནི་བཤད་པ་ཡིན། །ཇི་ལྟར་བསམ་པའི་ཁྱད་པར་གྱིས། །སེམས་ཅན་རྗེས་སུ་གཟུང་བའི་རྒྱུར། །འདུས་པ་མཆོག་གི་དམ་པ་འདི། །སངས་རྒྱས་བྱང་ཆུབ་འབྲས་བུ་སྟེར། །རིགས་ནི་རྣམ་པ་ལྔ་བཤད་པ། །བྱང་ཆུབ་སེམས་དཔའ་དུ་མ་དག །ཇི་ལྟར་འདོད་པ་དེ་ལྟར་ནི། །བདག་པོ་ཉིད་དུ་བྱ་བ་ཡིན། །ཇི་ལྟར་ མིང་གི་རྗེས་མཐུན་པར། །ངེས་བརྗོད་རྒྱུད་ཀྱི་རིམ་པ་དག །རྡོ་རྗེ་སྒྲུབ་པ་པོ་ཡིས་ནི། །ངེས་བརྗོད་རྒྱུད་ཀྱི་ལས་རྣམས་བྱ། །ཡིད་ཀྱིས་དོགས་པ་ཀུན་སྤངས་ཏེ། །གཉིས་སུ་མེད་པའི་སྒོམ་པ་ཉིད། །ཐེག་པ་ཆེན་པོའི་དམ་པ་མཆོག །དངོས་གྲུབ་ཆེ་དང་ལྡན་པར་འགྲོ། །དེ་ནས་ཕྱག་མཚན་མཆོག་ བཤད་བྱ། །གཟུགས་དང་མདོག་གི་ཆོ་གའི་རིམ། །ཡི་གེ་ཧེ་ལས་ངེས་འབྱུང་བ། །བདག་ཉིད་ཧེ་རུ་ཀར་བསྒོམ་བྱ། །སྐུ་ལུས་དཀར་ལ་དྲག་ཤུལ་ཆེ། །མཆེ་བ་རྣམ་གཙིགས་འཇིགས་པ་སྟེ། །སྤྱན་གསུམ་པ་ལ་ཞལ་ལྔ་པ། །ཕྱག་དྲུག་ཞབས་ནི་བཞི་པ་སྟེ། །ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། །རལ་པ་ ཟླ་ཕྱེད་དབུ་ལ་བཅིངས། །སྣ་ཚོགས་རྡོ་རྗེའི་དབུ་རྒྱན་ཅན། །ཕྱག་རྒྱ་དྲུག་གིས་སྐུ་ལུས་བརྒྱན། །སྟག་གི་པགས་པ་གོས་སུ་མནབས། །མགོ་བོའི་དོ་ཤལ་གྱིས་བརྒྱན་པ། །དཀར་དང་སེར་དང་དེ་བཞིན་དམར། །ལྗང་གུ་སྟེང་ཞལ་སྔོ་བའོ། །བཞད་དང་དཔའ་དང་སྒེག་པ་དང་། །རྔམ་དང་ཞི་དང་དྲག་པོ་ སྟེ། །རྡོ་རྗེ་དྲིལ་བུ་མཉམ་ལྡན་པས། །རྡོ་རྗེ་རེག་པས་གཉིས་མེད་གནས། །རྒྱལ་བའི་པགས་པ་མཆོག་ཀྱང་འཛིན། །བདེ་བ་ཀུན་གྱི་འབྲས་བུ་སྩོལ། །ཐོད་པ་དང་ནི་ཁ་ཊྭཱྃ་འཛིན། །རྡོ་རྗེ་མདུང་ནི་ཕྱག་མཆོག་སྟེ། །གཡས་བརྐྱང་པ་ཡི་གནས་པ་ཡིས། །བདུད་བཞི་པོ་ནི་ཞབས་འོག་གནོན། ། རེག་པའི་རྡོ་རྗེ་ལྗང་བ་དང་། །དཀར་བའི་མདངས་ཀྱི་གཟུགས་ཅན་ལ། །ལྗང་དང་སེར་དང་དམར་བ་དང་། །དཀར་བའི་གཡོན་པའི་ཞལ་གདོང་སྟེ། །སྟེང་གི་ཞལ་གདོང་སྔོ་ལ་འཇིགས། །སྐྲ་གྲོལ་བ་ནི་རྣམ་པར་མྱོས། །སེང་གེའི་རྣམ་གྲོལ་ཕྱག་རྒྱ་ཅན། ། བྱིན་པ་གཉིས་ནི་ལེགས་པར་འཁྲིལ། །ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། །སྤྱན་གསུམ་ཤིན་ཏུ་དམར་བ་སྟེ། །རྡོ་རྗེ་ཐོད་པར་མཉམ་པར་ལྡན། །དྲིལ་བུ་ཅང་ཏེའུ་ཡིས་བརྒྱན། །མདུང་དང་ཁ་ཊྭཱྃ་ཕྱག་ན་བསྣམས། །ཆགས་པ་ཆེན་པོ་མེ་ཡི་འོད། །ཕྱོགས་ཀྱི་གོས་ཅན་ཞི་བའི་ཉམས། ། གདུལ་དཀའ་ཐམས་ཅད་འདུལ་མཛད་ཅིང་། །སྣ་ཚོགས་སེམས་ཅན་འདུལ་བར་མཛད། །ཐུགས་རྗེའི་ཉམས་ནི་ཡོངས་སུ་རྫོགས། །ཟླ་བ་ཉི་མའི་དབུས་སུ་ཡང་། །སྣ་ཚོགས་པདྨའི་དཀྱིལ་ན་བཞུགས། །འཇིགས་བྱེད་དང་ནི་དུས་མཚན་དག །ཞབས་ཀྱིས་གནོན་པར་རྣམ་པར་བསྒོམ། །འཁོར་ ཀུན་དག་ནི་ཞལ་གསུམ་པ། །ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། །དྲག་ཅིང་ཞི་བ་ཉིད་ཡིན་ཏེ། །རིགས་གསུམ་གྱིས་ནི་ཕྱེ་བའི་གཟུགས། །རིགས་གསུམ་གྱི་ནི་ཕྱག་མཚན་འཛིན། །ལྷ་མོས་ཕྱེ་བའི་གཟུགས་ཅན་ནི། །དམ་ཚིག་གཉིས་སུ་མེད་པར་སྦྱོར། །ཐམས་ཅད་ཡི་དགས་གདན་ལ་བཞུགས། ། གཡས་བརྐྱང་པ་ཡི་ཞབས་ཀྱིས་གནོན། །བྱིན་པ་གཉིས་ཀྱིས་ལེགས་པར་འཁྲིལ། །ཤེས་རབ་ཐབས་ནི་རྣམ་པར་བསྒོམ། །མཚམས་རྣམས་སུ་ནི་བུམ་པ་དག །ཐོད་པ་ཟླ་བ་ཡོངས་སུ་གང་། །ཟུར་རྣམས་སུ་ནི་སྒོ་སྲུང་སྟེ། །ཇི་ལྟར་མདོག་གི་ཆ་རྣམས་སོ། །གཡས་བརྐྱང་པ་ཡི་ ཞབས་ཀྱིས་བཞུགས། །འཇིག་རྟེན་སྐྱོང་བ་ཞབས་འོག་གནོན། །ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། །ཐུགས་རྗེ་ཁྲོ་བས་རྣམ་པར་མྱོས། །དཀར་པོ་ལ་སོགས་མདོག་སྦྱོར་བ། །ཇི་ལྟར་གཡས་པའི་ཞལ་རིམ་བཞིན། །ཕྱག་རྒྱ་རིམ་པའང་དེ་བཞིན་ནོ། །ལུགས་འབྱུང་ལུགས་ ལས་བཟློག་པར་ནི། །འཁོར་སོགས་མཆོག་ཀྱང་དགོད་པར་བྱ། །རྡོ་རྗེ་པདྨའི་དབུས་སུ་ནི། །རིགས་ཀྱི་འཁོར་ལོ་གསུམ་དཀྱིལ་ན། །རང་གི་བྱིན་རླབས་འཆང་བའི་མཆོག །སངས་རྒྱས་མུ་སྟེགས་ཅན་ལ་སྦ། །འདི་ནི་རབ་ཏུ་གསང་བ་སྟེ། །བླ་མའི་ངག་ལ་གནས་པ་ཡིན། ། རྣལ་འབྱོར་མ་ཡི་དྲིན་ཡིན་ནོ། །གནས་ལ་སོགས་པའི་རིམ་སྦྱོར་བ། །སུམ་ཅུ་རྩ་བདུན་རྣམ་དག་དགོད། །ཤེས་རབ་ཐབས་བདག་འགྲོ་བ་ཡིན། །ས་བཅུ་པ་ཡི་མཆོག་ཀྱང་འགུགས། །ཕ་རོལ་ཕྱིན་པ་བཅུ་ལ་གནས། །སྦྱོར་བ་གསུམ་གྱི་རྣམ་དག་དོན། །འདི་ནི་དྲི་མེད་ སྒོམ་པ་མཆོག །མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས་བདག་ཉིད་ཆོས་ཀྱི་ཡི་གེ་ལས་བསྐྱེད་པའི་བྱིན་གྱིས་བརླབས་པའི་སྒོམ་པའི་ལེའུ་སྟེ་དྲུག་ཅུ་རྩ་བདུན་པའོ།། །།དེ་ནས་མཆོག་ཏུ་བཤད་བྱ་བ། །བདག་ཉིད་ཆོ་གའི་སྒོམ་པའི་རིམ། །མཱ་མ་ཀཱི་ དང་སྤྱན་དང་ནི། །ལྷ་མོ་སྒྲོལ་མ་གོས་དཀར་མོ། །འོད་ཟེར་ཅན་དང་ཛམྦྷ་ལ། །ལྷ་མོ་སྐུལ་བྱེད་ས་འཛིན་མ། །རང་གི་ས་བོན་ལས་བྱུང་བ། །ཕྱག་བཅུ་གཉིས་ཀྱིས་རྣམ་པར་བརྒྱན། །སྤྱན་གསུམ་པ་ལ་གཡས་བརྐྱང་བཞུགས། །སེམས་དཔའི་སྐྱིལ་མོ་ཀྲུང་གིས་ བཞུགས། །རྡོ་རྗེ་སྐྱིལ་མོ་ཀྲུང་གིས་གནས། །རིག་བྱེད་བཞི་ཡི་ཞལ་གདོང་སྟེ། །ཕྱོགས་ཀྱི་གོས་ཅན་རོ་ཡི་གདན། །སྐྲ་གྲོལ་བ་ལ་འཇིགས་པ་སྟེ། །ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། །ཁྲོ་བས་བལྟ་ཞིང་ཐུགས་རྗེའི་ཉམས། །ཤེས་རབ་ཕ་རོལ་ཕྱིན་ལྷ་མོ། །དེ་ཉིད་ཡེ་ཤེས་ མཆོག་ལས་བྱུང་། །སོ་སོ་ཡང་དག་སྦྱོར་བའི་བདག །དེ་ཉིད་ཡེ་ཤེས་གདོན་མི་ཟ། །ཁྲོ་བོ་སྣ་ཚོགས་གཟུགས་ཅན་ནི། །དཔའ་བོ་རང་ཉིད་ལས་བྱུང་བ། །ཁྲོ་མཆོག་མཁའ་འགྲོ་འབྱུང་བ་ཡང་། །གོས་པ་མེད་པར་ཉམས་པ་ཡི། །བདག་པོ་ཉིད་དུ་སྦྱར་བར་བྱ། །བདག་ཉིད་ སྒོམ་པ་ཉིད་ཡིན་ནོ། །མཉམ་པར་མ་བཞག་སྦྱོར་བ་ཡིས། །སྒོམ་ཞིང་རྣམ་པར་བསྒོམ་པར་བྱ། །ཕྲ་བའི་ཁྲོ་བོའི་རྡོ་རྗེ་ཅན། །སྙིང་གའི་པདྨའི་དབུས་སུ་ནི། །རྡོ་རྗེ་མཁའ་འགྲོ་ཐུགས་བརྩེ་ཅན། །འདི་ཉིད་དུ་ནི་གནས་མཛད་ཅིང་། །རྫོགས་སངས་རྒྱས་ཀུན་བྱང་ཆུབ་སེམས། ། འགྲོ་བ་གསུམ་པོ་འདི་ལ་གནས། །འདི་ཉིད་ཀྱིས་མཆོད་པ་ཉིད་ཀྱིས། །མཆོད་འོས་ཐམས་ཅད་མཆོད་པ་ཡིན། །གང་ཞིག་འདི་ལ་རྟག་བལྟ་བ། །དེ་ནི་རྒྱལ་བས་མཆོད་པར་བཞེད། །ནང་གི་སྦྱོར་བ་རྡོ་རྗེ་ཡིས། །རྣལ་འབྱོར་རྡོ་རྗེ་ཅན་དུ་འདོད། །དེ་བས་རྡོ་རྗེ་ མཆོད་པ་ཡིས། །ཡིད་འདོད་རྣམས་ཀྱི་ལུས་ལ་འདོད། །མཆོད་པ་ལྔ་ཡི་སྦྱོར་བ་ཡིས། །མྱུར་དུ་སངས་རྒྱས་ཉིད་ཐོབ་པར། །གང་འདི་རྒྱུད་ལས་གསུངས་པ་དག །དེ་ནི་ཕ་རོལ་གཞན་དུ་འདོད། །དངོས་མེད་བཞི་ལ་དགོད་པ་ཡིན། །ལྷ་ཡི་གཟུགས་སུ་བསྒོམ་པ་ཡི། ། མཉམ་ཉིད་མཆོད་པ་ཆེན་པོ་སྟེ། །སངས་རྒྱས་ཐམས་ཅད་རབ་བསྒྲུབ་པའོ། །སྔགས་དང་དེ་ཉིད་བསྟན་པ་ཡི། །བསྟན་པ་ཙམ་དུ་ལེགས་འབྱུང་བའི། །རྒྱུད་ནི་དོན་དམ་མ་ཡིན་ཏེ། །དོན་དམ་ཡང་དག་སྐྱེས་པ་ན། །སྟོན་པ་མེད་ཅིང་བསྟན་པའང་མེད། །ཉི་ཤུ་རྩ་བཞིར་ཕྱེ་བ་ ཡི། །གནས་སོགས་འདི་ཉིད་ལ་གནས་ཏེ། །དེ་བས་དེ་རུ་འཁོར་བ་ཉིད། །སྐྱོ་བྱ་དེ་ཉིད་ཅན་གྱིས་མིན། །གལ་ཏེ་དེ་ཉིད་མེད་གྱུར་ན། །དེ་ཡི་འཁྲུལ་པས་ཅི་ཞིག་བྱ། །འོན་ཏེ་དེ་ཉིད་ལྡན་གྱུར་ན། །དེ་ལ་འཁྲུལ་པ་ཅི་ཞིག་ཡོད། །གནས་དང་ཉེ་བའི་གནས་མཆོག་ རྣམས། །བསྟན་པས་དྲི་མ་མེད་པར་འགྱུར། །ཡང་ན་མི་ནུས་བག་མེད་པའི། །མི་ཡི་གནས་ནི་བསྒྲགས་པར་བྱ། །ང་ཡིས་འདི་ལྟར་བཤད་པ་ནི། །སེམས་ཅན་བསམ་པའི་དབང་གིས་ཏེ། །བསམ་གཏན་ལས་གཞན་བདེ་མེད་ཕྱིར། །དེ་བས་བསམ་གཏན་མཆོག་ གཞོལ་བྱ། །རྣལ་འབྱོར་པ་ནི་ཕྱི་རོལ་འཁོར། །དེ་ཡི་ཁམས་རྣམས་ཟད་པར་འགྱུར། །དེ་བས་ཕྱི་རོལ་སྤངས་ནས་ནི། །རྣལ་འབྱོར་རོལ་པས་གནས་པར་བྱ། །དཔལ་ལྡན་རྡོ་རྗེ་རྣལ་འབྱོར་ཅན། །རྣམ་དག་ཡེ་ཤེས་སྤྱན་གྱིས་ནི། །ཐུགས་རྗེ་ཐུགས་གདུངས་རིང་པོ་ནས། །རྡོ་ རྗེ་རྣལ་འབྱོར་ཅན་དག་གཟིགས། །དེ་རྣམས་དགྱེས་པས་དངོས་གྲུབ་མཆོག །ཅི་འདོད་པར་ནི་སྩོལ་བར་འགྱུར། །དེས་ནི་རྗེ་བཙུན་ཡེ་ཤེས་ཀྱང་། །རབ་ཏུ་འབད་དེ་བསྒྲུབ་པར་བྱ། །སྣ་ཚོགས་སྤྱོད་པ་ཡང་དག་ལྡན། །སྤྱོད་དང་བརྟུལ་ཞུགས་སྤྱད་པ་ཡི། །སྤྱོད་དང་བརྟུལ་ཞུགས་འདིར་ སྤོངས་ལ། །དེ་ཉིད་བརྟུལ་ཞུགས་ལ་དགར་བྱ། །གང་ཡང་རུང་བའི་ཟས་གནས་པ། །རྣམ་པ་དེས་བྱས་བརྟུལ་ཞུགས་ཅན། །བསམ་གཏན་ཟས་མཆོག་གཞོལ་འགྱུར་བས། །སྨྱོན་པའི་སྤྱོད་པས་གནས་པར་གྱིས། །གཅེར་བུ་འམ་ཡང་གཅེར་བུ་མིན། །གང་རུང་ཇི་ལྟ་དེ་ལྟར་འགྱུར། ། རང་གི་ལྷག་པའི་ལྷ་དམིགས་ལ། །དེ་ཉིད་གཅིག་པུ་རྣམ་པར་བསམ། །ལྐུགས་པའི་དངོས་པོར་གྱུར་པ་ཡིས། །ཟླ་དྲུག་ཙམ་གྱིས་ངེས་པར་ནི། །རྣལ་འབྱོར་ཅན་གྱིས་ཉེར་བསྟེན་ན། །རྣལ་འབྱོར་ཆེན་མོ་འདི་གསལ་འགྱུར། །ཡེ་ཤེས་སྒྲོན་མའི་མཆོག་མཐོང་ན། །རྣལ་འབྱོར་ མ་རྣམས་ལེགས་འདུས་ཏེ། །པདྨའི་འབྱུང་གནས་ཉམས་དགའ་བར། །ངང་པའི་ཚོགས་འདུས་ཇི་བཞིན་ནོ། །མིག་འཕྲུལ་མཁན་ལྟར་འཇིག་རྟེན་དུ། །འགྲོ་ཀུན་དོན་ནི་བྱེད་པའོ། །དཔལ་ལྡན་རྡོ་རྗེ་འཛིན་པར་ནི། །མངོན་འགྱུར་འདི་ལ་ཐེ་ཚོམ་མེད། །སྤྱོད་པ་འདི་ལ་ངེས་པར་ ནི། །ཇི་སྐད་བཤད་པ་དེར་འགྱུར་བར། །སེམས་ནི་དག་པར་གྱིས་ཤིག་ཅེས། །སེམས་ཅན་རྣམས་ལ་བདག་གསོལ་འདེབས། །གང་གིས་རྨད་བྱུང་སྙིང་རྗེར་ལྡན། །གང་གིས་གསུང་བ་དེ་ཉིད་འགྱུར། །རྡོ་རྗེ་དྲག་པོའི་སྦྱོར་བ་ཡིས། །མཁའ་འགྲོ་མ་ནི་སྙིང་གར་དགོད། ། སྙིང་གར་རྡོ་རྗེ་ལྕགས་ཀྱུར་སྦྱོར། །ཐུགས་ཀྱི་རྡོ་རྗེས་ནང་སྦྱར་ཏེ། །གཞན་ཡང་རྡོ་རྗེ་དགོད་བྱ་བ། །ཆོས་ཀྱི་དབྱིངས་སུ་རྣམ་པར་བརྟག །རང་གིས་ནམ་མཁར་སྦྱོར་ནས་སུ། །གཟི་བརྗིད་གཟུགས་ནི་འཛིན་པར་བསྒོམ། །རང་གི་ཆོས་ཀྱི་ཡིད་དགོད་པ། །རང་དྲོད་རང་བཞིན་ དྲི་མ་མེད། །རང་གི་སྒོམ་པའི་སྦྱོར་བ་ཡིས། །རང་གི་ཆོས་ཀྱི་ཡི་གེ་བསྒོམ། །ཇི་ལྟ་ཇི་ལྟར་རྟོགས་པ་ཡི། །གཞན་ཉིད་གཟུགས་ཀྱི་སྒོམ་པ་ལ། །ཡིད་ཀྱི་གཏི་མུག་གྲུབ་པ་ཡི། །དབང་པོ་གཞན་མ་བསྒོམ་པར་བྱ། །ཇི་ལྟ་ཇི་ལྟར་མོས་པ་ཡིས། །གཞན་ཉིད་གཟུགས་ལ་ བལྟ་བར་བྱ། །མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས་བདག་འདུལ་བའི་མཆོད་པའི་ལེའུ་སྟེ་དྲུག་ཅུ་རྩ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསང་བའི་ཡེ་ཤེས་གསང་བ་འདི་གསུངས་སོ། །རང་བཞིན་ བདག་མེད་ཆོས་རྣམས་ནི། །ནམ་མཁའ་ལྟ་བུར་དྲི་མ་མེད། །སྟོང་ཉིད་ཡེ་ཤས་རྡོ་རྗེ་ཡིས། །སྟོང་ཉིད་རྟག་ཏུ་བསྒོམ་པར་བྱ། །ལེགས་སོ་བྱ་བ་རྣམས་བྱིན་ནས། །རྒྱུད་སྐྱེས་པ་ཡི་སྦྱོར་བ་ལས། །ལེགས་སོ་ལེགས་སོ་ཡེ་ཤེས་ཆེ། །ངེས་པར་བརྗོད་པ་མཆོག་གི་ མཆོག །ལེགས་སོ་རྡོ་རྗེ་ཚུལ་དྲག་པོ། །སངས་རྒྱས་བྱང་ཆུབ་བཀའ་དྲིན་རབ། །ལེགས་སོ་གཉིས་མེད་སྦྱོར་བ་ནི། །མཆོག་དང་མཆོག་ནི་གྲུབ་པ་ལ། །ལེགས་སོ་ཞེས་བྱ་ངེས་པར་སྦྱོར། །འདོད་པ་མེད་པའི་སྒོམ་པ་ནི། ། ལེགས་སོ་ཐམས་ཅད་འགྲོ་བའི་མགོན། །ཐེག་པ་ཆེན་པོ་བསྟན་པ་འདི། །གཉིས་མེད་ཡེ་ཤེས་མཆོག་དང་ནི། །མན་ངག་ཐོབ་པའི་དང་པོ་སྟེ། །ལེགས་སོ་རྡོ་རྗེ་བླ་མ་ཀུན། །དེ་ལ་བསྟན་པ་རྣལ་འབྱོར་མ། །ལེགས་སོ་འཁོར་གྱི་དཀྱིལ་འཁོར་ལ། །དངོས་ གྲུབ་བླ་ན་མེད་པ་བྱིན། །རྫོགས་ཏེ་ཅང་མི་གསུང་བར་གྱུར་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པས་དེ་སྐད་ཅེས་བཀའ་སྩལ་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁྲོ་བོའི་རྡོ་རྗེ་རྣམས་ངེས་པར་བརྗོད་པའི་རྒྱུད་བླ་ན་མེད་པའི་མཁའ་འགྲོ་མའི་དྲ་བའི་སྡོམ་ པ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ཞེས་བྱ་བ་གསང་བའི་ཡང་གསང་བ་བདེ་མཆོག་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ཐེ་ཚོམ་མེད་པར་དེ་ཁོ་ན་སྒོམ་པ་བསྟན་པའི་ལེའུ་སྟེ། དྲུག་ཅུ་རྩ་དགུ་ པའོ།། །།མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས་གསང་བ་ལས་གསང་བའི་བདེ་མཆོག་གི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ཞེས་བྱ་བ་རྫོགས་སྷོ། །རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཆེན་པོ་དཱི་པངྐ་ར་ཤྲཱི་ཛྙཱ་ན་དང་། བོད་ ཀྱི་ལོཙྪ་བ་ཆེན་པོ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། ཕྱིས་པཎྜི་ཏ་ཆེན་པོ་ཛྙཱ་ན་ཤྲཱི་དང་། ལོཙྪ་བ་ཁྱུང་པོ་ཆོས་ཀྱི་བརྩོན་འགྲུས་ཀྱིས་ཀྱང་ཞུས་པའོ། །ཕྱིས་པཎྜི་ཏ་ཨཱ་ནནྡ་དང་། ལོ་ཆུང་གིས་ཆད་ལྷག་རྣམས་བསབས་ ནས། ཞུས་དག་བྱས་ནས་ལེགས་པར་བཅོས་ཏེ་གཏན་ལ་ཕབ། །འདི་ལས་ཟབ་པ་མེད་དོ།། །།