Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 065_མདོ་སྡེ།_ཞ
Văn bản gốc(Tây Tạng)
Trang 17 / 19 (50.000 ký tự/trang)
གནས། །ཆོས་ཉིད་སྟོང་པ་ཉིད་དུ་ཤེས། །དེས་དེ་དགྲ་བཅོམ་ཞེས་བརྗོད་དོ། །སྟོང་པ་ཤེས་ཤིང་ཞི་བ་དང་། ། དེ་ལྟར་མཚན་མ་མེད་པར་རྟོགས། །མཚན་མ་རྣམས་ནི་ཀུན་དང་བྲལ། །དེས་དེ་དགྲ་བཅོམ་ཞེས་བརྗོད་དོ། །སེམས་ཅན་འདུ་ཤེས་རབ་སྡིག་པ། །འདུ་ཤེས་ཐམས་ཅད་དེ་ཡིས་བཅོམ། །འདུ་ཤེས་ཐམས་ཅད་སྤང་བའི་ཕྱིར། །དགྲ་བཅོམ་ཉིད་དང་ལྡན་ཞེས་བརྗོད། །མི་ ཤེས་ཐམས་ཅད་རྣམ་པར་བཅོམ། །སེམས་མེད་པ་ཡི་ཆོས་ཉིད་རྟོགས། །ཆོས་རྣམས་སྟོང་པར་ཡོངས་སུ་ཤེས། །དེས་དེ་དགྲ་བཅོམ་ཞེས་བརྗོད་དོ། །སངས་རྒྱས་བྱང་ཆུབ་བསམ་མི་ཁྱབ། །བྱང་ཆུབ་ཡང་དག་ཐོབ་བྱེད་འོས། །བརྩོན་འགྲུས་དམ་པ་རབ་ཏུ་རྩོམ། ། དེས་དེ་དགྲ་བཅོམ་ཞེས་བརྗོད་དོ། །སྤྲོས་པ་མེད་ཅིང་རྙོག་མེད་པའི། །ཆོས་ནི་ངེས་པར་སྟོན་པར་འོས། །ཡེ་ཤེས་ལ་ནི་སེམས་ཅན་འགོད། །དེས་དེ་དགྲ་བཅོམ་ཞེས་བརྗོད་དོ། །གང་གིས་སེམས་ཅན་བདེར་འགྱུར་བ། །བྱམས་པ་དེ་ནི་བྱེད་པར་འོས། །སེམས་ཅན་དེ་དག་མི་ དམིགས་ཏེ། །དེས་དེ་དགྲ་བཅོམ་ཞེས་བརྗོད་དོ། །ཆོས་རྣམས་ཐམས་ཅད་མི་འཛིན་པའི། །ཆོས་ནི་ངེས་པར་སྟོན་པ་འོས། །ཆོས་ལ་ཆོས་ཀྱི་འདུ་ཤེས་མེད། །དེས་དེ་དགྲ་བཅོམ་ཞེས་བརྗོད་དོ། །བྱང་ཆུབ་ཡན་ལག་རྣམས་དང་སྟོབས། །སེམས་ཅན་རྣམས་ལ་སྟོན་ པར་འོས། །དེ་དག་ལ་ཡང་ཆགས་མེད་ཐོབ། །དེས་དེ་དགྲ་བཅོམ་ཞེས་བརྗོད་དོ། །བྱང་ཆུབ་ཕྱིར་ནི་དག་པའི་ཆོས། །སེམས་ཅན་ཤེས་པར་བྱེད་པར་འོས། །དེ་དག་ལ་ནི་ཡེ་ཤེས་སྟོན། །དེས་དེ་དགྲ་བཅོམ་ཞེས་བརྗོད་དོ། །འཇིག་རྟེན་པ་ཡི་བཀུར་སྟི་ཀུན། །སེམས་ཅན་ ཀུན་ལས་འོས་པ་ཡིན། །བཀུར་སྟི་ཀུན་ལ་ཆགས་པ་མེད། །དེས་དེ་དགྲ་བཅོམ་ཞེས་བརྗོད་དོ། །ཤིན་ཏུ་བཟང་པོའི་སངས་རྒྱས་ཞིང་། །ཞིང་དུ་དེ་ནི་འགྲོ་བར་འོས། །རྫོགས་སངས་རྒྱས་ནས་གནས་པར་བྱེད། །སྲོག་ཆགས་རྣམས་ལ་ཆོས་སྟོན་ཏོ། །བདག་ཀྱང་འདི་ ལྟར་བཟང་པོ་ཡི། །ཞིང་ནི་བསྒྲུབ་པར་བྱའོ་ཞེས། །དེ་ནི་བསྒྲུབ་པར་འོས་པ་ཡིན། །དེས་དེ་དགྲ་བཅོམ་ཞེས་བརྗོད་དོ། །ཆགས་པར་འགྱུར་ལ་ཆགས་པ་མེད། །འཁྲུགས་པར་འགྱུར་ལ་འཁྲུགས་པ་མེད། །གང་ཕྱིར་བྱང་ཆུབ་ཞི་བ་རྟོགས། །དེས་དེ་དགྲ་བཅོམ་ཞེས་བརྗོད་ དོ། །འགོག་པའི་ཆོས་ཉིད་ཤེས་པ་སྟེ། །དེ་ཡིས་ཞི་བ་གང་ཡིན་རྟོགས། །དེ་ཡིས་བྱང་ཆུབ་རབ་ཏུ་ཕྱེ། །དེས་དེ་དགྲ་བཅོམ་ཞེས་བརྗོད་དོ། །དེ་ཡིས་སེམས་ཅན་ཁམས་རྣམས་ལས། །སེམས་ཅན་གང་ཡང་གཡོར་མི་བྱེད། །སེམས་ཅན་བྱེ་བ་དུ་མ་དག །བྱང་ཆུབ་ ལ་ནི་དེས་འགོད་དོ། །སེམས་ཅན་ཀུན་དང་བྱང་ཆུབ་ནི། །རྣམ་པར་མི་རྟོག་ཇི་བཞིན་གནས། །དེས་ན་དེ་ཉིད་མཉམ་ཉིད་ཤེས། །དེས་དེ་དགྲ་བཅོམ་ཞེས་བརྗོད་དོ། །མཉམ་པ་ཉིད་ལ་མཉམ་པ་མེད། །ཆོས་རྣམས་ཐམས་ཅད་དེ་དང་མཉམ། །མཉམ་པ་ཉིད་ཀྱིས་བྱང་ ཆུབ་དེ། །རྣམ་པར་མི་རྟོག་བྱང་ཆུབ་གནས། །གང་ཕྱིར་དེ་ལྟར་ཤེས་འོས་པ། །དེས་དེ་དགྲ་བཅོམ་ཞེས་བརྗོད་དོ། །ཤེས་ནས་སེམས་ཅན་རྣམས་ལ་སྟོན། །ཅིས་ཀྱང་ཉོན་མོངས་མི་བྱེད་དོ། །དེ་ལྟར་ཆོས་ཀྱང་སྟོན་བྱེད་ལ། །ཚིག་ཏུ་བརྗོད་པའང་ཡོད་མ་ཡིན། ། སེམས་ཅན་བྱེ་བ་དུ་མ་དག །བྱང་ཆུབ་ལ་ནི་དེས་འགོད་དོ། །སེམས་ཅན་དམིགས་སུ་མེད་པར་ཤེས། །སེམས་ཅན་རྟག་དང་ཆད་འཛིན་པ། །སེམས་ཅན་ལྟ་ལས་མ་བསྐྱོད་རྣམས། །སྡུག་བསྔལ་དེ་དག་རབ་ཏུ་འགྲེལ། །ཆོས་ཀུན་སྐྱེ་བ་མེད་པ་དང་། །འགོག་པ་ མེད་དང་འདུས་མ་བྱས། །དེ་དག་དེ་ལྟའི་འདུ་ཤེས་བཟློག །སྡུག་བསྔལ་ལས་ནི་རྣམ་པར་འགྲེལ། །གཟུགས་དང་ཚོར་བ་འདུ་ཤེས་དང་། །འདུ་བྱེད་རྣམ་པར་ཤེས་པ་མཐོང་། །ཕུང་པོ་རྣམ་པར་མི་འཇིགས་ལས། །ལུས་ཅན་དག་ནི་རྣམ་པར་འགྲེལ། །སོ་སོའི་སྐྱེ་ བོའི་ཆོས་རྣམས་ལ། །དེ་ནི་རྣམ་ཀུན་གཡོ་མི་བྱེད། །དེ་དག་དགོད་པར་མི་བྱེད་དེ། །སངས་རྒྱས་ཆོས་ལ་གནས་པ་མེད། །འབྲས་བུ་ཐོབ་པར་འདུ་ཤེས་དང་། །གང་དག་རང་རྒྱལ་འདུ་ཤེས་ཅན། །གང་དག་སངས་རྒྱས་འདུ་ཤེས་པ། །དེ་ཡིས་དེ་དག་འདུ་ ཤེས་འགྲེལ། །བྱང་ཆུབ་སེམས་ལ་ཞེན་པ་དང་། །སྦྱིན་ལ་སོགས་པ་མངོན་ཞེན་པ། །ཀུན་དུ་མངོན་ཞེན་མེད་བྱའི་ཕྱིར། །ཆོས་ཉིད་རབ་ཏུ་སྟོན་པར་བྱེད། །ལེ་ལོ་དམིགས་པར་གྱུར་པས་ན། །བརྩོན་འགྲུས་བརྩམས་པར་རྣམ་པར་བརྟགས། །དེ་དག་ རྟོགས་ལས་རྣམ་དགྲོལ་ཕྱིར། །ཆོས་ནི་སྟོན་པར་འོས་པ་ཡིན། །བསམ་གཏན་གཡེང་བར་འདུ་ཤེས་དང་། །ཤེས་རབ་ཤེས་རབ་འཆལ་འདུ་ཤེས། །གཉིས་ལ་མངོན་ཞེན་མེད་བྱའི་ཕྱིར། །ཆོས་ནི་སྟོན་པར་འོས་པ་ཡིན། །ཆོས་རྣམས་རྣམ་པར་མི་རྟོག་སྟེ། །འགྱུར་ བ་མེད་པར་ཤེས་པར་གྱིས། །དེ་ལྟར་ཆོས་ནི་རབ་སྟོན་པས། །དེས་དེ་དགྲ་བཅོམ་ཞེས་བརྗོད་དོ། །གང་གིས་བདག་ལ་མངོན་ཞེན་པས། །ཉན་ཐོས་རྣམ་པ་མང་བརྟགས་པ། །དེ་དག་རྟོག་པ་རྣམ་དགྲོལ་ཕྱིར། །ཆོས་ནི་སྟོན་པར་འོས་པ་ཡིན། །མི་མཁས་པ་དག་ཕ་མ་ དང་། །ཆུང་མར་ཡོངས་སུ་འཛིན་བྱེད་པ། །ལམ་འདིས་བྱང་ཆུབ་མ་ཡིན་ཏེ། །དེ་ནི་འཁོར་བའི་སྤྱོད་ཡུལ་ཡིན། །འདི་ནི་བདག་སྤུན་སྲིང་མོ་ཞེས། །དེ་ལ་དགའ་ཞིང་ཞེན་བྱེད་པ། །རི་དགས་ཆོས་ལ་སྟེན་པ་སྟེ། །དེ་དག་རྣམ་པར་དགྲོལ་བར་རིགས། །འཇིག་ཚོགས་ ཡོངས་སུ་མ་ཤེས་པས། །གཉེན་པ་ཡི་ནི་འདུ་ཤེས་བསྐྱེད། །བདག་གི་གཉེན་པར་སྔོན་གྱུར་ཅེས། །མཐོང་ནས་རབ་ཏུ་དགའ་བར་བྱེད། །མཐོང་བར་གྱུར་ནས་ཆགས་བྱེད་ཅིང་། །དེ་དག་ཕན་ཚུན་རྗེས་སུ་ཆགས། །འདུ་ཤེས་ངན་པས་ཕྱིན་ཅི་ལོག །བདུད་ཀྱི་དབང་དུ་གྱུར་ པ་ཡིན། །འཇིག་ཚོགས་རབ་ཏུ་སྡིག་པ་ཅན། །འཇིག་ཚོགས་ཡོངས་སུ་ཤེས་པར་གྱིས། །འཇིག་ཚོགས་ཉེས་པ་འདི་དག་ཡོད། །དེ་ནི་དེ་ལྟར་ཆོས་སྟོན་ཏོ། །འདི་དག་ཀུན་ནས་ཉོན་མོངས་ཆོས། །འདི་དག་རྣམ་པར་བྱང་བ་ཞེས། །གཉིས་སུ་མངོན་པར་ཞེན་མེད་པས། ། བློ་ལྡན་དེ་ནི་དགྲ་བཅོམ་བརྗོད། །ཐོབ་ལ་ཆགས་པས་ཆགས་གྱུར་པ། །བཀུར་སྟི་ཡིས་ནི་བག་མེད་གྱུར། །དེ་ཆགས་བག་མེད་དགྲོལ་བའི་ཕྱིར། །ཆོས་སྟོན་པར་ནི་འོས་པ་ཡིན། །འདི་དག་རབ་ཏུ་བྱུང་བ་སྟེ། །འདི་དག་ཁྱིམ་པ་ཡིན་ཞེས་རྟོག །བྱིས་པ་དེ་ལྟར་ རྣམ་རྟོག་པ། །རྣམ་པར་འགྲེལ་པར་འོས་པ་ཡིན། །ཐ་མའི་ཆོས་རྣམས་རྣམ་པར་མཐོང་། །རྒྱ་ཆེ་བར་ཡང་རྣམ་པར་མཐོང་། །རྣམ་རྟོག་མཐོང་བའི་བྱིས་པ་དག །རྣམ་པར་འགྲེལ་པར་འོས་པ་ཡིན། །བྱིས་པའི་ཆོས་རྣམས་བོར་ནས་སུ། །བདག་ནི་སངས་རྒྱས་ ཆོས་ཉིད་ཐོབ། །འཐོབ་དང་མི་འཐོབ་རྣམ་དགྲོལ་ཕྱིར། །ཆོས་སྟོན་པར་ནི་འོས་པ་ཡིན། །ཐ་མ་གྱ་ནོམ་བྱེ་བྲག་གིས། །རྣམ་པ་དུ་མའི་ཆོས་རྣམས་མཐོང་། །འདུ་ཤེས་མང་ལས་རྣམ་དགྲོལ་ཕྱིར། །དེ་ནི་ཆོས་སྟོན་བྱེད་པ་ཡིན། །གང་དག་སངས་རྒྱས་མཚན་བསྒྲུབ་ ཕྱིར། །རྣམ་པ་མང་པོར་བརྩོན་བྱེད་པ། །མཚན་དུ་མངོན་པར་ཞེན་པ་ལས། །མཁས་པ་དེ་དག་རྣམ་པར་འགྲེལ། །ཕུན་སུམ་ཚོགས་པ་མཆོག་གི་ཞིང་། །མངོན་པར་བསྒྲུབ་པར་བྱའོ་ཞེས། །འདུ་ཤེས་དེ་ལ་མངོན་ཞེན་པ། །རྣམ་པར་འགྲེལ་པར་འོས་པ་ ཡིན། །མྱ་ངན་འདས་དང་མ་འདས་དང་། །ཐོབ་པའི་སྐལ་ཡོད་སྐལ་མེད་ཆོས། །འདི་དག་བྱང་ཆུབ་ཕྱིར་སྤྱོད་པ། །འདི་དག་བྱང་ཆུབ་མ་ཞུགས་པ། །ངང་ཚུལ་ངན་དང་ཚུལ་ཁྲིམས་ལྡན། །ཤེས་རབ་འཆལ་དང་ཤེས་རབ་ལྡན། །བྱིས་པའི་བློ་དང་ལྡན་རྣམས་ཀྱིས། ། དེ་ལྟར་གཉིས་སུ་འབྱེད་འདི་བྱས། །སེམས་ཅན་དེ་ལྟར་འདུ་ཤེས་ཤིང་། །རྣམ་པ་མང་པོར་རློམ་སེམས་པ། །དེ་དག་འདུ་ཤེས་དགྲོལ་བའི་ཕྱིར། །ཆོས་སྟོན་པར་ནི་འོས་པ་ཡིན། །སྦྱིན་གནས་སྦྱིན་གནས་འོས་མིན་ཞེས། །སོ་སོ་རྣམ་པར་རྟོག་པར་བྱེད། །མཁས་དང་ བྱིས་པའི་ཆོས་རྣམས་སུ། །རྣམ་པ་སོ་སོར་རྟོག་པར་བྱེད། །འདིར་ནི་བུད་མེད་ཆོས་དམིགས་ཤིང་། །སྐྱེས་པ་ཉིད་དུ་རྣམ་པར་རྟོག །དེ་ལྟར་འཕགས་དང་འཕགས་མིན་ཆོས། །རྣམ་གཉིས་སོ་སོར་རྟོག་པར་བྱེད། །དེ་ལྟར་གཉིས་སུ་འབྱེད་བྱེད་པ། །མི་མཁས་ཆུང་ངུ་ བློ་ལྡན་པ། །དེ་དག་གཉིས་མེད་རྟོག་བྱའི་ཕྱིར། །ཆོས་སྟོན་པར་ནི་འོས་པ་ཡིན། །བྱང་ཆུབ་མཆོག་ལས་ལྡོག་པ་དང་། །མི་ལྡོག་པ་དང་ལུང་བསྟན་དང་། །ལུང་མ་བསྟན་དང་ཉེ་བ་དང་། །ཉེ་བ་མིན་ཞེས་རྣམ་པར་རྟོག །བྱང་ཆུབ་ཐོབ་ནས་ལེན་མེད་ཅིང་། །ཟག་ཟད་ ཡོངས་སུ་མྱ་ངན་འདའ། །མཚན་མ་སྤྱོད་རྣམས་དེ་ལྟ་བུར། །མྱ་ངན་འདས་པར་ཡོངས་སུ་རྟོག །འདུ་ཤེས་འཛིན་པ་དེ་དག་ལས། །དེས་པ་དེ་ནི་རྣམ་པར་འགྲེལ། །འདུ་ཤེས་ཐམས་ཅད་རབ་འགྲེལ་པ། །དེས་དེ་དགྲ་བཅོམ་ཞེས་བརྗོད་དོ། །བྱང་ཆུབ་སེམས་ དཔའི་ཆོས་རྣམས་ནི། །དགྲ་བཅོམ་པ་ཞེས་ངས་བསྟན་ཏེ། །གང་དག་འདི་ལ་བཟོད་སྐྱེད་པ། །དེ་དག་དགྲ་བཅོམ་ཤེས་པར་གྱིས། །ཀུན་དགའ་བོ་དེ་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་དགྲ་བཅོམ་པར་ཡོངས་སུ་བསྟན་ཏོ། །ཀུན་དགའ་བོ་ཇི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉན་ཐོས་སུ་ཡོངས་སུ་བསྟན་ཅེ་ན། ཀུན་དགའ་བོ་འདི་ལ་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ནི་སེམས་ཅན་དཔག་ཏུ་མེད་པ་དག་ལ་སངས་རྒྱས་ཀྱི་ཆོས་རྣམས་སྒྲོགས་ཤིང་། བྱང་ཆུབ་ནི་ཞི་བ། སྤྲོས་པ་མེད་པ་རྙོག་པ་མེད་པའོ་ཞེས་དེ་ལྟར་སྒྲོགས་པས་ཉན་ཐོས་ཞེས་བྱའོ། །འདི་འདྲ་བའི་བདེ་བ་གཞན་མེད་དོ་ཞེས་མྱ་ངན་ལས་འདས་པའི་བདེ་བ་ སྒྲོགས་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། དྲན་པ་ཉེ་བར་གཞག་པ་རྣམས་སྒྲུབས་ཤིག་ཅེས་སྒྲོགས་པ་དང་། ཐེག་པ་འདི་ནི་མཆོག་ཡིན་ནོ་ཞེས་དེ་ལྟར་སྒྲོགས་པས་བྱང་ཆུབ་སེམས་དཔའ་ཉིད་ཉན་ཐོས་ཞེས་བྱའོ། །ལུས་འདི་ནི་སྟོང་པ་སྟེ། འདི་ལ་ སྙིང་པོ་མི་དམིགས་ཀྱི་འདི་ནི་བྱིས་པ་རྨོངས་པར་བྱེད་པའོ། །དེ་བས་ན་ལུས་རྣམ་པར་གཞིག་པ་གྱིས་ཤིག་ཅེས་སྒྲོགས་པ་དང་། མིག་གི་སྐྱེ་མཆེད་འདི་ནི་ལོག་པར་མཐོང་བར་གྱིས་ཤིག །སངས་རྒྱས་ཀྱི་སྤྱན་ཀུན་ནས་བསམ་གྱིས་མི་ཁྱབ་པ་སྒྲུབས་ཤིག །མིག་གང་གིས་ གང་དུ་ཡང་རྨོངས་པར་མི་འགྱུར་བའི་མིག་དེ་མི་འགྲུབ་པའི་ཚུལ་དུ་སྒྲུབས་ཤིག་ཅེས་སྒྲོགས་ཤིག །ཆོས་ཐམས་ཅད་དེ་ལྟར་སྒྲོགས་པས་ཉན་ཐོས་ཞེས་བྱའོ། །སྒྲ་ཐམས་ཅད་ནི་བྲག་ཅ་དང་མཚུངས་པ་སྒྲོགས་ཤིང་སྒྲ་རྣམས་ལ་མངོན་པར་ཞེན་པར་མ་བྱེད་ཅིག །འདི་ལ་ཐོས་པ་ཅི་ ཡང་མེད་དོ། །འདི་ལ་བརྗོད་པ་ཅི་ཡང་མེད་དོ་ཞེས་སྒྲོགས་ཏེ། དེས་ན་ཉན་ཐོས་ཞེས་བྱའོ། །དྲི་རྣམས་ལ་དྲིའི་འདུ་ཤེས་སུ་མ་བྱེད་ཅིག །འདི་ལ་སྣོམ་པ་ཅི་ཡང་མེད་དོ། །འདི་ལྟ་སྟེ་དཔེར་ན་མི་ཞིག་གཉིད་ཀྱིས་ལོག་པའི་རྨི་ལམ་ན། དྲི་རྣམ་པ་མང་པོ་སྣོམ་ཡང་དངོས་པོ་མེད་པའི་ཕྱིར་ དེ་ལ་དྲི་གང་ཡང་མེད་དེ། གཞན་དུ་ན་ཕྱིན་ཅི་ལོག་གིས་སྣོམ་མོ། །དེ་བཞིན་དུ་སྣ་ནི་ཕྱིན་ཅི་ལོག་པ་སྟེ། རྨི་ལམ་ལྟ་བུའི་ཕྱིར་འདི་ལ་སྙིང་པོ་མེད་པར་ཤེས་པར་གྱིས་ཤིག་ཅེས་དེ་སྐད་སྒྲོགས་ཏེ། དེས་ན་ཉན་ཐོས་ཞེས་བྱའོ། །དེ་ལྕེའི་སྐྱེ་མཆེད་འདི་ལྟར་སྒྲོགས་ཏེ། འདི་ནི་ཤའི་ གོང་བུ་སྟེ་འདི་རོ་མྱང་བར་མི་བྱེད་དོ། །ཤའི་གོང་བུ་ཡང་དབུ་བ་རྡོས་པ་ལྟ་བུ་རྨི་ལམ་ལྟ་བུའོ། །དཔེ་ཡང་རྫས་མེད་པའོ་ཞེས་དེ་སྐད་སྒྲོགས་ཏེ། དེས་ན་ཉན་ཐོས་ཞེས་བྱའོ། །ལུས་ཀྱི་སྐྱེ་མཆེད་རྣམ་པར་གཞིག་པར་གྱིས་ཤིག །ལུས་འདི་ནི་རང་བཞིན་གྱིས་སྟོང་པའོ། །རང་ བཞིན་གྱིས་སྟོང་པ་གང་ཡིན་པ་དེ་དངོས་པོ་མེད་པའོ། །དངོས་པོ་མེད་པ་གང་ཡིན་པ་དེ་མ་སྐྱེས་པ་དང་མི་སྐྱེ་བའོ། །མ་སྐྱེས་པ་དང་མི་སྐྱེ་བ་གང་ཡིན་པ་དེ་ཉིད་བྱང་ཆུབ་ཅེས་སྒྲོགས་ཏེ། དེ་སྐད་སེམས་ཅན་མང་པོ་ལ་སྒྲོགས་པས་དེས་ན་ཉན་ཐོས་ཞེས་བྱའོ། །ཡིད་ནི་རང་བཞིན་མེད་པ་ དངོས་པོ་མེད་པ། སྒྱུ་མའི་རང་བཞིན་སྐྱེ་བ་མེད་པ། འགོག་པ་མེད་པའོ་ཞེས་སྒྲོགས་ཏེ། དེ་སྐད་སྒྲོགས་པས་དེས་ན་ཉན་ཐོས་ཞེས་བྱའོ། །ཆོས་ཀྱི་སྦྱིན་པ་བྱིན་ཅིག །ཆོས་ཀྱི་སྦྱིན་པ་འདི་ནི་བྱང་ཆུབ་ཀྱི་ལམ་མོ། །བྱང་ཆུབ་དེ་ཡང་བསམ་གྱིས་མི་ཁྱབ་པ་སྟེ། བསམ་གྱིས་མི་ཁྱབ་ པས་བསམ་གྱིས་མི་ཁྱབ་པ་སྒྲུབ་བོ། །དེ་ཅིའི་ཕྱིར་ཞེ་ན། ས་བོན་ཅི་འདྲ་བར་འབྲས་བུ་ཡང་དེ་འདྲ་སྟེ། འབྲས་བུ་མེད་པའི་སྒྲར་བརྗོད་དོ་ཞེས་སྒྲོགས་སོ། །ཟང་ཟིང་གི་སྦྱིན་པ་བྱིན་ཅིག །ཟང་ཟིང་གི་སྦྱིན་པ་འདི་ནི་ཆུང་བ་སྟེ། འདི་ལ་ཆོས་ཀྱི་སྦྱིན་པ་ནི་གཙོ་བོ་ཡིན་ནོ། །འདི་ལ་སེར་སྣ་མ་བྱེད་ ཅིག །སྦྱིན་པ་ལ་སྦྱིན་པའི་འདུ་ཤེས་སུ་མ་བྱེད་ཅིག །དེ་ལ་སྙིང་པོར་འདུ་ཤེས་མ་བྱེད་ཅིག །རྣམ་པར་མི་རྟོག་པའི་སེམས་ཀྱིས་སྦྱིན་པ་བྱིན་ཅིག །འདི་ལྟ་སྟེ་དཔེར་ན་སྒྱུ་མའི་སྐྱེས་བུས་སྒྱུ་མའི་སྐྱེས་བུ་ལ་རྣམ་པར་མི་རྟོག་པའི་སེམས་ཀྱིས་སྦྱིན་པ་བྱིན་པ་དེ་བཞིན་དུ་རྣམ་པར་མི་རྟོག་པའི་སེམས་ཀྱིས་སྦྱིན་པ་བྱིན་ ཅིག །དེ་ལྟར་བྱིན་ན་བྱང་ཆུབ་ཡོངས་སུ་སྨིན་པར་འགྱུར་རོ་ཞེས་སྒྲོགས་ཏེ། དེ་ལྟར་སྒྲོགས་པས་དེས་ན་ཉན་ཐོས་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་འདི་ལྟ་སྟེ། གཉིས་སུ་མེད་པའི་ཡེ་ཤེས་ཡེ་ཤེས་ཀྱི་སྙིང་པོ་མངོན་པར་བསྒྲུབས་ཏེ། ཇི་ལྟར་མངོན་པར་བསྒྲུབས་པ་ དེ་ལྟར་གཉིས་སུ་མེད་པ་དང་། གཉིས་སུ་མི་འབྱེད་པར་སངས་རྒྱས་ཀྱི་ཆོས་རྣམ་པར་སྒྲོགས་ཏེ། དེས་ན་ཉན་ཐོས་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །བྱང་ཆུབ་སེམས་དཔའ་འཇིགས་མེད་པ། །སངས་རྒྱས་ཆོས་རྣམས་ བསམ་ཡས་པ། །སེམས་ཅན་མང་ལ་སྒྲོགས་པར་བྱེད། །དེས་དེ་ཉན་ཐོས་ཞེས་བརྗོད་དོ། །བྱང་ཆུབ་ཞི་བ་སྤྲོས་པ་མེད། །རྙོག་པ་མེད་པ་སྒྲོགས་པར་བྱེད། །སྐྱེ་བོ་དཔག་ཏུ་མེད་ལ་སྒྲོགས། །དེས་དེ་ཉན་ཐོས་ཞེས་བརྗོད་དོ། །འདི་འདྲ་བདེ་བ་གཞན་མེད་ཅེས། །མྱ་ངན་འདས་ པའི་བདེ་བ་སྒྲོགས། །ཞི་བ་མྱ་ངན་འདས་སྒྲོགས་པས། །དེས་དེ་ཉན་ཐོས་ཞེས་བརྗོད་དོ། །སྟོབས་དང་བྱང་ཆུབ་ཡན་ལག་དང་། །དྲན་པ་ཉེར་གཞག་དབང་པོ་རྣམས། །མྱུར་དུ་སྒྲུབས་ཤིག་ཅེས་སྒྲོགས་ཏེ། །ལུས་ཅན་རྣམས་ལ་དེ་སྐད་སྒྲོགས། །ལུས་འདི་སྟོང་སྟེ་སྙིང་པོ་ མེད། །འདི་ནི་བྱིས་པ་རྨོངས་བྱེད་པ། །དེ་ཕྱིར་ལུས་ནི་རྣམ་ཤིག་ཅེས། །དེ་སྐད་དུ་ནི་སྒྲོགས་པར་བྱེད། །མིག་ནི་ནོར་བར་རྟོགས་གྱིས་ཤིག །འདི་ནི་བྱིས་པའི་བློ་ལྡན་པ། །མི་མཁས་རྣམས་ལ་རྨོངས་བྱེད་ཅིང་། །དེ་སྐད་དུ་ནི་དེ་སྒྲོགས་སོ། །སྒྲ་རྣམས་བྲག་ཅ་ལྟ་བུ་སྟེ། །རྣ་ བའང་དེ་ལྟར་ཤེས་པར་གྱིས། །འདི་ལ་ཐོས་པ་ཅི་ཡང་མེད། །རྗོད་པར་བྱེད་པ་འང་ཅི་ཡང་མེད། །སེམས་ཅན་མང་ལ་དེ་སྐད་དུ། །སྒྲོགས་པར་བྱེད་པས་ཉན་ཐོས་འདོད། །འདི་ལ་ཐོས་པ་ཅི་ཡང་མེད། །སྒྲ་འདིར་དགའ་བར་མ་བྱེད་ཅིག །དཔེར་ན་མི་ཞིག་རྨི་ལམ་ན། །རྣམ་པ་ མང་པོའི་དྲི་སྣོམ་པ། །དེ་ལ་དངོས་པོར་གྲུབ་པ་མེད། །ཕྱིན་ཅི་ལོག་པར་དེ་སྣོམ་མོ། །དེ་ཡིས་དེ་ལྟར་དྲི་ཤེས་ནས། །འདིར་སྣོམ་ཅི་ཡང་མེད་དོ་ཞེས། །ཕྱིན་ཅི་ལོག་པ་མི་མཁས་པ། །གཞན་རྣམས་ལ་ཡང་སྒྲོགས་པར་བྱེད། །ལྕེ་འདི་ཤ་ཡི་གོང་བུ་སྟེ། །རོ་མྱང་བར་ནི་བྱེད་ མ་ཡིན། །གལ་ཏེ་ཤ་ཡིས་རོ་རྟོགས་ན། །ལག་པའང་རོ་རྟོགས་འགྱུར་ཞེས་སྒྲོགས། །རོ་ཡི་འདུ་ཤེས་རབ་སྡིག་ཅན། །འདུ་ཤེས་འདི་དག་རྣམ་པར་ཤིག །རོ་ཁམས་བསམ་གྱིས་མི་ཁྱབ་པ། །ཁམས་དེ་རྟོགས་པ་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་མི་གནས་པས། །དེ་ནི་མངོན་ སུམ་གྱུར་པ་ཡིན། །མངོན་སུམ་དེ་ལྟར་སྒྲོགས་པས་ན། །དེ་ཕྱིར་ཉན་ཐོས་ཞེས་བརྗོད་དོ། །ལུས་འདི་ངོ་བོ་ཉིད་ཀྱིས་སུ། །སྟོང་ཞེས་དེ་ལྟར་རྣམ་པར་གཞིག །ངོ་བོ་ཉིད་ཀྱིས་གང་སྟོང་པ། །དེ་ནི་མ་སྐྱེས་སྐྱེ་མ་ཡིན། །མ་སྐྱེས་མི་སྐྱེ་གང་ཡིན་པ། །དེ་འདིར་བྱང་ཆུབ་དེ་ཉིད་ དེ། །དེ་ལྟར་སེམས་ཅན་རྣམས་ལ་སྒྲོགས། །དེས་ན་ཉན་ཐོས་ཞེས་བརྗོད་དོ། །ཡིད་འདི་ངོ་བོ་ཉིད་ཀྱིས་ནི། །རང་བཞིན་མེད་ཅིང་དངོས་པོ་མེད། །འདི་ནི་སེམས་ཅན་དངོས་པོ་མིན། །དེ་སྐད་དུ་ནི་དེ་སྒྲོགས་སོ། །ཆོས་སྦྱིན་བསམ་གྱིས་མི་ཁྱབ་པ། །འདི་ནི་བྱང་ཆུབ་ལམ་ཡིན་ ཏེ། །དེ་ཡིས་བྱང་ཆུབ་འགྲུབ་འགྱུར་གྱིས། །སྦྱིན་པ་བྱིན་ཞེས་སྒྲོགས་པར་བྱེད། །ཟང་ཟིང་སྦྱིན་པ་ཐ་དད་པ། །རྣམ་པ་མང་པོ་གཙང་མ་བྱིན། །དེ་ལ་སེར་སྣ་མེད་གྱུར་ན། །དེ་ཡང་བྱང་ཆུབ་ལམ་ཡིན་ནོ། །གང་ཕྱིར་ཉོན་མོངས་ཚར་བཅད་དེ། །ཟག་པ་རྣམས་ནི་ཀུན་དང་བྲལ། ། ཆགས་པ་ཀུན་ལས་ཤིན་ཏུ་འདས། །དེས་ན་ཉན་ཐོས་ཞེས་བརྗོད་དོ། །སངས་རྒྱས་ཆོས་ནི་བླ་མེད་པ། །ཤེས་ལྡན་གྱིས་ནི་གང་གིས་སྒྲོགས། །སྒྲ་ཀུན་དམ་པ་ཞི་བ་སྟེ། །དེ་ནི་སྙིང་པོ་དམ་པ་གྲུབ། །སྙིང་པོ་ཐམས་ཅད་མངོན་པར་ཤེས། །སྙིང་པོ་ཀུན་ལ་གནས་པ་མེད། ། གཉིས་མེད་གཉིས་སུ་དབྱེར་མེད་ཅིང་། །བསྒྲག་པ་དམ་པ་སྒྲོགས་པར་བྱེད། །ཇི་ལྟར་སངས་རྒྱས་མང་པོ་ཡི། །ཆོས་བསྟན་རྣམས་ནི་སྒྲོགས་པ་ལྟར། །དེས་པས་བྱང་ཆུབ་ཕྱིར་བརྩམས་ནས། །འདི་ནི་དེ་ལྟར་འབྱེད་པ་ཡིན། །གང་ནས་སངས་རྒྱས་འཇིག་རྟེན་མགོན། །བླ་ན་ མེད་པར་བཞུགས་པ་ཡི། །སངས་རྒྱས་ཞིང་ན་རབ་བཟང་དང་། །བཀག་པ་རྣམས་ཀྱང་སྒྲོགས་པར་བྱེད། །ནམ་མཁའ་ལ་ནི་རབ་གནས་པའི། །སྟོང་གསུམ་འདི་ནི་སྒྲོགས་པར་བྱེད། །སེམས་ཅན་ནམ་མཁའ་ཇི་བཞིན་ཏེ། །རྟག་ཏུ་མྱ་ངན་འདས་དང་མཚུངས། །གང་ལས་ སེམས་ཅན་རྣམ་བརྟགས་ནས། །ཁམས་བཞི་པོ་དག་རབ་བརྗོད་པ། །དེ་དག་ནམ་མཁའ་འདྲ་བ་སྟེ། །རྣམ་པར་མི་རྟོག་བསམ་དུ་མེད། །ཁམས་རྣམས་དེ་དག་འདི་འདྲ་སྟེ། །དེ་ལ་སྙིང་པོ་མེད་པར་ལྟོས། །འདི་ལ་སྐྱེ་མེད་འཆི་བ་མེད། །མྱ་ངན་འདས་མེད་ཉོན་མོངས་ མེད། །འདི་ལ་དངོས་པོ་གྲུབ་པ་མེད། །འདི་ལ་སེམས་ཅན་ཡོད་མ་ཡིན། །ཅི་ནས་སུས་ཀྱང་མི་མཐོང་བ། །ཁམས་དེ་རྣམ་པར་བལྟ་བར་གྱིས། །ཉིན་དང་མཚན་དུ་གཡེལ་མེད་པར། །སེམས་ཅན་རྣམས་ལ་དེ་སྐད་སྒྲོགས། །བདག་ནི་འགའ་ཞིག་སྒྲོགས་སོ་ཞེས། །རློམ་ སེམས་དེ་ལ་ཅི་ཡང་མེད། །དེ་ལྟར་གཞན་ལ་གང་སྒྲོགས་པ། །དེ་ནི་ཉན་ཐོས་ཤེས་པར་གྱིས། །དེ་སྐད་བརྗོད་པར་ཉན་ཐོས་མིན། །ཉན་ཐོས་སུ་ནི་ཡོངས་སུ་བསྟན། །བརྟན་པ་དམན་པ་མེད་པའི་ཡིད། །ཆོས་གང་གིས་ནི་ཆོས་རྣམས་ཀུན། །ཇི་བཞིན་དེ་བཞིན་ཤེས་འགྱུར་ བ། །སྲོག་ཆགས་རྣམས་ལ་ཆོས་སྟོན་ཏོ། །ཆགས་ལས་གྲོལ་ཞིང་ཟག་མེད་ལ། །ཆགས་པ་ཀུན་ལས་རྣམ་དགྲོལ་ཕྱིར། །སྲོག་ཆགས་རྣམས་ལ་ཆོས་སྟོན་པ། །དེ་ནི་དགྲ་བཅོམ་དེ་སྐད་བརྗོད། །སྤྲོས་པ་མེད་ཅིང་རྙོག་མེད་པ། །ཆགས་པ་མེད་པའི་དབྱིངས་ཀྱང་སྟོན། །སངས་ རྒྱས་ཆོས་རྣམས་མ་ལུས་པར། །རྣམ་པར་མཐོང་ནས་སྟོན་པར་བྱེད། །སངས་རྒྱས་རྣམས་ཀྱིས་གང་གསུངས་པ། །ཆོས་དང་རིང་བར་མི་རྟོག་ཅིང་། །ཆོས་དང་ཉེ་བར་མི་རྟོག་སྟེ། །དེ་ཕྱིར་དེ་དག་འདྲེ་བ་མེད། །སྒྲོགས་ཀྱང་འདྲེ་བ་ཡོད་མིན་ཞིང་། །སེམས་ཅན་དཔག་ཏུ་མེད་ལ་བརྗོད། ། སེམས་ཅན་དེ་དག་མཐོང་བ་མེད། །དེས་དེ་ཉན་ཐོས་ཞེས་བརྗོད་དོ། །ཀུན་དགའ་འདི་ལ་དགོངས་ནས་ནི། །ང་ཡིས་ཉན་ཐོས་ཡོངས་སུ་བསྟན། །བྱང་ཆུབ་སེམས་དཔའ་མི་གནས་པ། །ཉན་ཐོས་དེ་ལྟར་ཤེས་པར་གྱིས། །ཀུན་དགའ་བོ་དེ་ལྟར་དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉན་ཐོས་སུ་ཡོངས་སུ་བསྟན་ཏོ། །ཀུན་དགའ་བོ་ཇི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རང་སངས་ རྒྱས་སུ་ཡོངས་སུ་བསྟན་ཅེ་ན། ཀུན་དགའ་བོ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་ཐམས་ཅད་ལ་མངོན་སུམ་ཡིན་ནོ། །ཇི་ལྟར་མངོན་སུམ་ཡིན་ཞེ་ན། ཆོས་ཐམས་ཅད་སྒྲོ་བཏགས་པ་མེད་པའི་ཕྱིར། ཉོན་མོངས་པ་མེད་པ་དང་། ཆོས་ཐམས་ཅད་སྐུར་པ་མེད་པའི་ཚུལ་ གྱིས་རྣམ་པར་འཇིག་པ་མེད་པར་རྟོགས་ཤིང་ཁོང་དུ་ཆུད་དེ་དེས་ན་རང་སངས་རྒྱས་ཞེས་བྱའོ། །དེས་ཆོས་ཐམས་ཅད་བསམ་དུ་མེད་པར་རྟོགས་ཤིང་དེས་སེམས་ཅན་ཐམས་ཅད་མ་འོངས་པ་ན་མི་སྐྱེ་བས་མྱ་ངན་ལས་འདས་པ་དང་འདྲ་བ་དང་། མ་སྐྱེས་པ་དང་། མ་འགགས་པ་དང་། ཡང་ དག་པའི་མཐའ་མྱ་ངན་ལས་འདས་པའི་མཐའ་དང་། སེམས་ཅན་གྱི་མཐའ་མིག་ཡོར་གྱི་མཐའ་དང་། རྫས་མེད་ཅིང་དངོས་པོ་མེད་པ་དང་། ཆོས་ཐམས་ཅད་ཀྱི་མཐའ་བརྗོད་དུ་མེད་པ་དང་། བརྗོད་དུ་མེད་པའི་མཐའ་མིང་ཡོངས་སུ་བརྗོད་པའི་མཐའ་དང་། ཚིག་ལ་མི་གནས་པ་ དང་། ཚིག་གིས་ཡོངས་སུ་བརྗོད་པ་མ་ཡིན་པར་ཤེས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཚིག་ནི་སྟོང་པ་གསོག་སྟེ། ཚིག་གིས་བདག་གི་མཐའ་འམ། སེམས་ཅན་གྱི་མཐའ་མི་ཤེས་སོ། །དེས་མཐའ་དེ་རྟོགས་ཏེ་དེ་མཐའ་དེ་ལ་མངོན་སུམ་དུ་གྱུར་པས་དེས་ན་རང་སངས་ རྒྱས་ཞེས་བྱའོ། །གཟུགས་ཀྱི་ཕུང་པོ་འདི་སྒྲས་བརྗོད་པ་དང་། གཟུགས་ཀྱི་ཕུང་པོ་འདི་སྒྲ་མེད་པ་དང་། སྒྲ་དང་བྲལ་བ་དང་། འདི་རྟག་ཏུ་གཟུགས་ཀྱི་ཕུང་པོ་ཞེས་ཚིག་གིས་བརྗོད་པ་དང་། འདི་ལ་བདག་དང་བདག་གི་མེད་པར་དེ་གཟུགས་ཀྱི་ཕུང་པོ་མངོན་སུམ་དུ་གྱུར་པ་ཡིན་ ནོ། །དེ་ཅིའི་ཕྱིར་ཞེ་ན། ཚིག་གང་གིས་གཟུགས་ཀྱི་ཕུང་པོ་བརྗོད་པའི་ཚིག་དེ་གསོག་སྟོང་པ། མ་སྐྱེས་པ། མ་འགགས་པ་སྟེ། ཡང་དག་པར་ན་ཚིག་ཉིད་ཀྱང་རྟག་ཏུ་མེད་པ་ཡིན་ན་ཚིག་གང་གིས་གཟུགས་ཀྱི་ཕུང་པོ་བརྗོད་པ་ལྟ་ག་ལ་ཡོད་ཅེས་དེ་ལྟར་གཟུགས་ཀྱི་ཕུང་པོ་མངོན་སུམ་དུ་ གྱུར་པ་ཡིན་ནོ། །ཚོར་བའི་ཕུང་པོ་འདི་སྒྲས་བརྗོད་པ་དང་། ཚོར་བའི་ཕུང་པོ་འདི་སྒྲ་མེད་པ་དང་། སྒྲ་དང་བྲལ་བ་དང་། འདི་རྟག་ཏུ་ཚོར་བའི་ཕུང་པོ་ཞེས་ཚིག་གིས་བརྗོད་པ་དང་། འདི་ལ་བདག་དང་བདག་གི་མེད་པར་ཚོར་བའི་ཕུང་པོ་མངོན་སུམ་དུ་གྱུར་པ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། ཚིག་གང་གིས་ཚོར་བའི་ཕུང་པོ་བརྗོད་པའི་ཚིག་དེ་གསོག་སྟོང་པ། མ་སྐྱེས་པ། མ་འགགས་པ་སྟེ། ཡང་དག་པར་ན་ཚིག་ཉིད་ཀྱང་རྟག་ཏུ་མེད་པ་ཡིན་ན་ཚིག་གང་གིས་ཚོར་བའི་ཕུང་པོ་བརྗོད་པ་ལྟ་ག་ལ་ཡོད་ཅེས་དེ་ལྟར་ཚོར་བའི་ཕུང་པོ་མངོན་སུམ་དུ་གྱུར་ པ་ཡིན་ནོ། །འདུ་ཤེས་ཀྱི་ཕུང་པོ་འདི་སྒྲས་བརྗོད་པ་དང་། འདུ་ཤེས་ཀྱི་ཕུང་པོ་འདི་སྒྲ་མེད་པ་དང་། སྒྲ་དང་བྲལ་བ་དང་། འདི་རྟག་ཏུ་འདུ་ཤེས་ཀྱི་ཕུང་པོ་ཞེས་ཚིག་གིས་བརྗོད་པ་དང་། འདི་ལ་བདག་དང་བདག་གི་མེད་པར་དེ་འདུ་ཤེས་ཀྱི་ཕུང་པོ་མངོན་སུམ་དུ་གྱུར་པ་ཡིན་ནོ། །དེ་ཅིའི་ ཕྱིར་ཞེ་ན། ཚིག་གང་གིས་འདུ་ཤེས་ཀྱི་ཕུང་པོ་བརྗོད་པའི་ཚིག་དེ་གསོག་སྟོང་པ། མ་སྐྱེས་པ། མ་འགགས་པ་སྟེ། ཡང་དག་པར་ན་ཚིག་ཉིད་ཀྱང་རྟག་ཏུ་མེད་པ་ཡིན་ནོ། །ཚིག་གང་གིས་འདུ་ཤེས་ཀྱི་ཕུང་པོ་བརྗོད་པ་ལྟ་ག་ལ་ཡོད་ཅེས་དེ་ལྟར་འདུ་ཤེས་ཀྱི་ཕུང་པོ་མངོན་སུམ་དུ་གྱུར་པ་ཡིན་ནོ། ། འདུ་བྱེད་ཀྱི་ཕུང་པོ་འདི་སྒྲས་བརྗོད་པ་དང་། འདུ་བྱེད་ཀྱི་ཕུང་པོ་འདི་སྒྲ་མེད་པ་དང་། སྒྲ་དང་བྲལ་བ་དང་། འདི་རྟག་ཏུ་འདུ་བྱེད་ཀྱི་ཕུང་པོ་ཞེས་ཚིག་གིས་བརྗོད་པ་དང་། འདི་ལ་བདག་དང་བདག་གི་མེད་པར་དེ་འདུ་བྱེད་ཀྱི་ཕུང་པོ་མངོན་སུམ་དུ་གྱུར་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཚིག་གང་ གིས་འདུ་བྱེད་ཀྱི་ཕུང་པོ་བརྗོད་པའི་ཚིག་དེ་གསོག་སྟོང་པ། མ་སྐྱེས་པ། མ་འགགས་པ་སྟེ། ཡང་དག་པར་ན་ཚིག་ཀྱང་རྟག་ཏུ་མེད་པ་ཡིན་ན་ཚིག་གང་གིས་འདུ་བྱེད་ཀྱི་ཕུང་པོ་བརྗོད་པ་ལྟ་ག་ལ་ཡོད་ཅེས་དེ་ལྟར་འདུ་བྱེད་ཀྱི་ཕུང་པོ་མངོན་སུམ་དུ་གྱུར་པ་ཡིན་ནོ། །རྣམ་པར་ཤེས་པའི་ཕུང་ པོ་འདི་སྒྲས་བརྗོད་པ་དང་། རྣམ་པར་ཤེས་པའི་ཕུང་པོ་འདི་སྒྲ་མེད་པ་དང་། སྒྲ་དང་བྲལ་བ་དང་། འདི་རྟག་ཏུ་རྣམ་པར་ཤེས་པའི་ཕུང་པོ་ཞེས་ཚིག་གིས་བརྗོད་པ་དང་། འདི་ལ་བདག་དང་བདག་གི་མེད་པར་དེ་རྣམ་པར་ཤེས་པའི་ཕུང་པོ་མངོན་སུམ་དུ་གྱུར་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ ན། ཚིག་གང་གིས་རྣམ་པར་ཤེས་པའི་ཕུང་པོར་བརྗོད་པའི་ཚིག་དེ་གསོག་སྟོང་པ། མ་སྐྱེས་པ། མ་འགགས་པ་སྟེ། ཡང་དག་པར་ན་ཚིག་ཀྱང་རྟག་ཏུ་མེད་པ་ཡིན་ན་ཚིག་གང་གིས་རྣམ་པར་ཤེས་པའི་ཕུང་པོ་བརྗོད་པ་ལྟ་ག་ལ་ཡོད་ཅེས་དེ་ལྟར་རྣམ་པར་ཤེས་པའི་ཕུང་པོ་མངོན་སུམ་དུ་ཤེས་པ་ ཡིན་ནོ། །དེ་ལྟར་ཕུང་པོ་ལྔ་སྒྲ་མེད་པ་དང་། ཚིག་གང་གིས་བརྗོད་པར་དེ་དག་མངོན་སུམ་དུ་གྱུར་པ་ཡིན་ཏེ། དེས་ན་རང་སངས་རྒྱས་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཚིག་སྒྲ་མེད་པ་དང་། ཕུང་པོའི་རྐྱེན་ཉིད་རྐྱེན་ཉིད་མ་ཡིན་པ་དང་། ཚིག་གི་རྐྱེན་ཉིད་བརྗོད་དུ་མེད་པའི་རྐྱེན་ཉིད་དུ་དེས་དེ་ ཁོང་དུ་ཆུད་དེ། དེས་ན་རང་སངས་རྒྱས་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །ཆོས་ཀུན་ཟག་པ་མེད་པ་དང་། །མ་སྐྱེས་པ་དང་མ་འགགས་དང་། །རྟག་ཏུ་ཤིན་ཏུ་མཚན་མེད་པར། །ཆོས་རྣམས་ཐམས་ཅད་མངོན་སུམ་ གྱུར། །འདི་དག་ངོ་བོ་ཉིད་ཀྱིས་སྟོང་། །ངོ་བོ་ཉིད་ཀྱང་ཡང་དག་ཏུ། །ཤིན་ཏུ་ཡོད་པ་མ་ཡིན་པར། །ཆོས་རྣམས་ཐམས་ཅད་མངོན་སུམ་གྱུར། །ཆོས་འདི་ཇི་ལྟར་འདི་འདྲ་བར། །འདི་ནི་མངོན་སུམ་ཉིད་གྱུར་ཏེ། །ཆོས་ཉིད་བསམ་གྱིས་མི་ཁྱབ་པས། །དེས་དེ་རང་སངས་རྒྱས་ ཞེས་བརྗོད། །ཆོས་ཀུན་མྱ་ངན་འདས་པ་སྟེ། །དེ་དག་ཐོག་མ་མི་དམིགས་སོ། །མ་སྐྱེས་པ་ཡི་མཐའ་དེ་ནི། །ཡང་དག་པ་ཡི་མཐའ་ཞེས་བརྗོད། །ཆོས་ཀུན་མྱ་ངན་འདས་པ་སྟེ། །སྐྱེ་བ་མེད་པར་ངེས་པར་བསྟན། །ཆོས་གང་སྐྱེ་བ་མེད་པ་དེ། །མྱ་ངན་འདས་ཞེས་བརྗོད་པ་ ཡིན། །ཆོས་ཀུན་མྱ་ངན་འདས་པ་སྟེ། །མིང་ཙམ་གྱིས་ནི་བརྗོད་པར་ཟད། །མ་སྐྱེས་ཤིང་ནི་མ་འགགས་ཏེ། །དེ་དག་ཚིག་གིས་ཡོངས་སུ་བརྗོད། །ཚིག་ནི་སྟོང་པར་ཡང་དག་བརྗོད། །ཚིག་གིས་སེམས་ཅན་ཤེས་མ་ཡིན། །དེ་བས་མ་སྐྱེས་གནས་མེད་དེ། །སེམས་ཅན་མྱ་ངན་ འདས་ཞེས་བརྗོད། །ཚིག་ནི་གསོག་ཅེས་བརྗོད་པ་སྟེ། །གཡོ་བ་མེད་ཅིང་སེམས་པ་མེད། །ཚིག་འདི་ཚིག་གི་རང་བཞིན་གྱིས། །རྟག་པར་ཤིན་ཏུ་ཡོད་མ་ཡིན། །སེམས་ཅན་མཐའ་ནི་བསམ་མེད་པར། །ཚིག་གིས་བསྟན་པ་གང་ཡིན་པ། །མཐའ་དེ་ཚིག་ལ་མི་རྟེན་ཏེ། །ཚིག་ ལ་གནས་པའང་མ་ཡིན་ནོ། །སེམས་ཅན་མཐའ་ནི་མྱ་ངན་འདས། །ཡང་དག་མཐའ་ནི་མཐའ་མིན་ཏེ། །སྤྲོས་པ་མེད་ཅིང་ཞི་ལ་བདེ། །གནས་དང་སྐྱབས་དང་དཔུང་གཉེན་ཡིན། །མིག་ཡོར་གྱི་ནི་མཐའ་ལྟ་བུར། །སེམས་ཅན་མཐའ་ནི་ངེས་པར་བསྟན། །དངོས་པོ་མེད་ཅིང་ དམིགས་པ་མེད། །ཡང་དག་མཐའ་ནི་བསམ་མི་ཁྱབ། །ཆོས་ཉིད་ཀྱི་ནི་མཐའ་དེ་ཡང་། །མིང་ཙམ་དུ་ནི་བརྗོད་པར་ཟད། །མིང་གི་བརྗོད་པ་གང་ཡིན་པ། །མཐའ་དེ་དམིགས་པ་མ་ཡིན་ནོ། །དེ་ནི་སུས་ཀྱང་མངོན་སུམ་དུ། །བརྗོད་པར་ནུས་པ་མ་ཡིན་ཏེ། །སེམས་ ཅན་མཐའ་ནི་བསམ་མི་ཁྱབ། །འདི་ལྟར་མཐའ་ནི་གསོག་ཡིན་ནོ། །མཐའ་ནི་ཚིག་ལ་མི་གནས་ཏེ། །ཚིག་གིས་ཡོངས་སུ་བརྗོད་མ་ཡིན། །འདི་ལྟར་ཡང་དག་ཏུ་ན་དེ། །སེམས་ཅན་མཐའ་ནི་ཡོད་མ་ཡིན། །སེམས་ཅན་མཐའ་ནི་བསམ་ཡས་པར། །ཚིག་གང་གིས་ནི་ མངོན་བསྟན་པ། །ཚིག་དེ་སྟོང་པ་གསོག་ཡིན་ཏེ། །དེས་ནི་ཅི་ཡང་མི་ཤེས་སོ། །འདི་འདྲ་བསམ་གྱིས་མི་ཁྱབ་མཐའ། །འདི་ནི་ཉིད་ཀྱིས་ཁོང་དུ་ཆུད། །དེས་ན་སྨད་དུ་མེད་པ་དེ། །རང་སངས་རྒྱས་ཞེས་བརྗོད་པ་ཡིན། །འདི་ནི་སྒྲ་ཡིས་བརྗོད་མིན་ཞིང་། །ཕུང་པོ་གཞན་ ཞེས་འདི་སྒྲ་མེད། །རྟག་ཏུ་སྒྲ་དང་བྲལ་བ་ཞེས། །གཟུགས་ཅན་ཕུང་པོ་མངོན་སུམ་གྱུར། །འདི་ནི་ཡང་དག་བྲལ་བ་སྟེ། །ཡང་དག་ཏུ་ཡང་རྗོད་པར་བྱེད། །ཡང་དག་ཏུ་ན་ཡང་དག་ནི། །གང་དུའང་གནས་པ་མ་ཡིན་ནོ། །གཟུགས་ཀྱི་ཕུང་པོ་བདག་མེད་ཅེས། །ཚིག་གིས་ཕུང་པོ་ འདི་བརྗོད་པ། །ཚིག་དེ་སྟོང་པ་གསོག་ཡིན་ཏེ། །མ་སྐྱེས་ཤིང་ནི་འགག་པ་མེད། །ཡང་དག་ཏུ་ན་རྣམ་པར་ནི། །ཚིག་འདི་ཤིན་ཏུ་ཡོད་མ་ཡིན། །ཡོད་མ་ཡིན་པའི་ཚིག་གིས་ནི། །གཟུགས་ཀྱི་ཕུང་པོ་བརྗོད་པ་བྱས། །འདི་ནི་སྒྲ་ཡིས་བརྗོད་མིན་ཞིང་། །ཚོར་བའི་ཕུང་པོ་སྒྲ་ མེད་དེ། །རྟག་ཏུ་སྒྲ་དང་བྲལ་བ་ཞེས། །ཚོར་བའི་ཕུང་པོ་མངོན་སུམ་གྱུར། །འདི་ནི་ཡང་དག་བྲལ་བ་སྟེ། །ཡང་དག་ཏུ་ཡང་རྗོད་པར་བྱེད། །ཡང་དག་ཏུ་ན་ཡང་དག་ནི། །གང་དུའང་གནས་པ་མ་ཡིན་ནོ། །ཚིག་གིས་ཚོར་བའི་ཕུང་པོ་འདི། །གསོབ་ཏུ་ཡང་དག་བརྗོད་པ་བྱས། ། ཚིག་དེ་སྟོང་པ་གསོབ་ཡིན་ཏེ། །མ་སྐྱེས་ཤིང་ནི་འགག་པ་མེད། །ཡང་དག་ཏུ་ན་རྟག་པར་ནི། །ཚིག་འདི་ཤིན་ཏུ་ཡོད་མ་ཡིན། །ཡོད་མ་ཡིན་པའི་ཚིག་གིས་ནི། །ཚོར་བའི་ཕུང་པོ་བརྗོད་པ་བྱས། །འདི་ནི་སྒྲ་ཡིས་བརྗོད་མིན་ཞིང་། །ཕུང་པོ་འདི་ནི་སྒྲ་མེད་དེ། །རྟག་ཏུ་སྒྲ་ དང་བྲལ་བ་ཞེས། །ཚོར་བའི་ཕུང་པོ་མངོན་སུམ་གྱུར། །འདི་ནི་ཡང་དག་བྲལ་བ་སྟེ། །ཡང་དག་ཏུ་ཡང་རྗོད་པར་བྱེད། །ཡང་དག་ཏུ་ན་ཡང་དག་ནི། །གང་དུའང་གནས་པ་མ་ཡིན་ནོ། །ཚིག་གིས་ཕུང་པོ་རབ་བརྗོད་དེ། །འདུ་ཤེས་ཕུང་པོ་བདག་མེད་པ། །ཚིག་དེ་སྟོང་པ་གསོག་ ཡིན་ཏེ། །མ་སྐྱེས་ཤིང་ནི་འགག་པ་མེད། །ཡང་དག་ཏུ་ན་རྟག་པར་ནི། །ཚིག་འདི་ཤིན་ཏུ་ཡོད་མ་ཡིན། །ཡོད་མ་ཡིན་པའི་ཚིག་གིས་ནི། འདུ་ཤེས་ཕུང་པོ་བརྗོད་པ་བྱས། །འདི་ནི་སྒྲ་ཡིས་བརྗོད་མིན་ཞིང་། །ཕུང་པོ་འདི་ནི་སྒྲ་མེད་དེ། །རྟག་ཏུ་སྒྲ་དང་བྲལ་བ་ཞེས། །འདུ་ ཤེས་ཕུང་པོ་མངོན་སུམ་གྱུར། །འདི་ནི་ཡང་དག་བྲལ་བ་སྟེ། །ཡང་དག་ཏུ་ཡང་རྗོད་པར་བྱེད། །ཡང་དག་ཏུ་ན་ཡང་དག་ནི། །གང་དུའང་གནས་པ་མ་ཡིན་ནོ། །ཚིག་གིས་འདུ་བྱེད་ཕུང་པོ་འདི། །གསོག་ཏུ་རབ་ཏུ་བརྗོད་པ་བྱས། །ཚིག་དེ་སྟོང་པ་གསོག་ཡིན་ཏེ། ། མ་སྐྱེས་ཤིང་ནི་འགག་མེད་དེ། །ཡང་དག་ཏུ་ན་རྟག་པར་ནི། །ཚིག་འདི་ཤིན་ཏུ་ཡོད་མ་ཡིན། །ཡོད་མ་ཡིན་པའི་ཚིག་གིས་ནི། །འདུ་བྱེད་ཕུང་པོ་བརྗོད་པ་བྱས། །འདི་ནི་སྒྲ་ཡིས་བརྗོད་མིན་ཞིང་། །ཕུང་པོ་འདི་ནི་སྒྲ་མེད་དེ། །རྟག་ཏུ་སྒྲ་དང་བྲལ་བ་ཞེས། །རྣམ་ཤེས་ཕུང་པོ་ མངོན་སུམ་གྱུར། །འདི་ནི་ཡང་དག་བྲལ་བ་སྟེ། །ཡང་དག་ཏུ་ཡང་རྗོད་པར་བྱེད། །ཡང་དག་ཏུ་ན་ཡང་དག་ནི། །གང་དུའང་གནས་པ་མ་ཡིན་ནོ། །ཚིག་གིས་རྣམ་ཤེས་ཕུང་པོ་འདི། །གསོག་ཏུ་རབ་ཏུ་བརྗོད་པ་བྱས། །ཚིག་དེ་སྟོང་པ་གསོག་ཡིན་ཏེ། །མ་སྐྱེས་ཤིང་ནི་ འགག་པ་མེད། །ཡང་དག་ཏུ་ན་རྟག་པར་ནི། །ཚིག་འདི་ཤིན་ཏུ་ཡོད་མ་ཡིན། །ཡོད་མ་ཡིན་པའི་ཚིག་གིས་ནི། །རྣམ་ཤེས་ཕུང་པོ་བརྗོད་པ་བྱས། །བརྗོད་པ་མེད་པའི་ཕུང་པོ་ལ། །ཚད་མར་དམིགས་པར་མི་འགྱུར་ཏེ། །མ་སྐྱེས་མ་འགགས་རྣམས་ལ་ནི། །འདི་ དག་གནས་མེད་རྟེན་ཀྱང་མེད། །ཉོན་མོངས་མེད་ཅིང་བྲལ་བ་མེད། །ཆོས་མེད་རྣམ་པར་སྨིན་པ་མེད། །སངས་རྒྱས་ཆོས་དང་དགེ་འདུན་མེད། །མྱ་ངན་འདས་མེད་རང་བྱུང་མེད། །དེ་ལ་ཞི་གནས་གང་ཡང་མེད། །ལྷག་མཐོང་ཡང་ནི་ཡོད་མ་ཡིན། །ཡོ་བྱད་བསྙུངས་ མེད་འདོད་ཆུང་མེད། །ལེ་ལོ་མེད་ཅིང་བརྩོན་འགྲུས་མེད། །རྒོད་པ་མེད་ཅིང་འགྱོད་པ་མེད། །སྡོམ་པའང་ཡོད་པ་མ་ཡིན་ཏེ། །གང་ཕྱིར་སྡོམ་པར་གྱུར་པ་ཡི། །འདི་ལ་དངོས་པོ་གྲུབ་པ་མེད། །འདི་ལ་རྟོག་པའམ་རྣམ་རྟོག་མེད། །རྣམ་མི་རྟོག་པའང་ཡོད་མ་ཡིན། ། འཇིགས་པ་མེད་ཅིང་དགོན་པ་མེད། །བཅིངས་པ་མེད་ཅིང་ཐར་པ་མེད། །འདི་ནི་སྒྲ་ཡིས་འཇུག་པ་སྟེ། །འཇུག་པ་མེད་པར་ངེས་པར་བསྟན། །ཆོས་རྣམས་ཐམས་ཅད་སྒྲ་མེད་དེ། །སྒྲ་ཉིད་ཀྱིས་ནི་བརྗོད་པ་ཡིན། །འདི་ནི་མངོན་སུམ་གྱུར་པས་ན། །ཟད་མི་ཤེས་པའི་ཚུལ་སྟོན་ཏོ། ། ཏིང་འཛིན་འདི་ལ་བརྟེན་ནས་ནི། །དེ་ནི་སྒྲ་ལ་མི་ཆགས་སོ། །ཅི་འདྲ་གང་གི་གང་ཡིན་པ། །སྒྲ་དེ་དེས་ནི་མངོན་སུམ་ཤེས། །ཆོས་ཀུན་འདི་ལྟར་མཉམ་པ་སྟེ། །བརྗོད་པ་མེད་ཅིང་གནས་པ་མེད། །འདི་ནི་མངོན་སུམ་གྱུར་པས་ན། །ཚུ་རོལ་ནས་ནི་ཕ་རོལ་སོང་། །དེས་ན་སྨད་ པ་མེད་པ་དེ། །རང་རྫོགས་སངས་རྒྱས་ཞེས་བརྗོད་དོ། །ཀུན་དགའ་བོ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་མ་རིག་པ་ལ་མ་རིག་པའི་རང་བཞིན་མངོན་སུམ་དུ་གྱུར་པ་ཡིན། འདུ་བྱེད་རྣམས་ལ་འདུ་བྱེད་ཀྱི་རང་བཞིན་དང་། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་ པའི་རང་བཞིན་དང་། མིང་དང་གཟུགས་ལ་མིང་དང་གཟུགས་ཀྱི་རང་བཞིན་དང་། སྐྱེ་མཆེད་དྲུག་ལ་སྐྱེ་མཆེད་དྲུག་གི་རང་བཞིན་དང་། རེག་པ་ལ་རེག་པའི་རང་བཞིན་དང་། ཚོར་བ་ལ་ཚོར་བའི་རང་བཞིན་དང་། སྲེད་པ་ལ་སྲེད་པའི་རང་བཞིན་དང་། ལེན་པ་ལ་ལེན་པའི་རང་ བཞིན་དང་། སྲིད་པ་ལ་སྲིད་པའི་རང་བཞིན་དང་། སྐྱེ་བ་ལ་སྐྱེ་བའི་རང་བཞིན་དང་། རྒ་ཤི་ལ་རྒ་ཤིའི་རང་བཞིན་མངོན་སུམ་དུ་གྱུར་པ་ཡིན་ཏེ། དེ་ལྟ་བས་ན་རང་སངས་རྒྱས་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། ། འདི་ནི་ནམ་ཡང་ཡོད་མིན་ཞེས། །དེས་ནི་མ་རིག་མངོན་སུམ་གྱུར། །དེ་ནི་དངོས་པོར་གྲུབ་མེད་དེ། །ཆུ་ཡི་ནང་གི་གཟུགས་བརྙན་བཞིན། །མ་རིག་པ་ནི་བརྫུན་གྱི་གནས། །ཆོས་གང་དང་ཡང་འདྲེ་བ་མེད། །ཆོས་གང་འདྲེ་བ་མེད་པ་དེ། །མ་རིག་པ་ཡི་མཚན་ཉིད་དོ། །མ་རིག་ ནམ་མཁའ་ཇི་བཞིན་ཏེ། །ཆོས་རྣམས་ཐམས་ཅད་མཚན་ཉིད་མེད། །འདི་ནི་མངོན་སུམ་གྱུར་པས་ན། །རང་རྒྱལ་བ་ཞེས་བརྗོད་པ་ཡིན། །ལུས་ཀྱི་འདུ་བྱེད་གང་བརྗོད་པ། །དེ་དག་ལུས་ནང་གང་ནའང་མེད། །ཕྱི་རོལ་མ་ཡིན་ཕྱི་དང་ནང་། །གང་དུ་ཡང་ནི་བྱུང་བ་མེད། །ཆུ་ཤིང་ཕུང་ པོ་སྙིང་པོ་མེད། །རྟག་པར་ཤིན་ཏུ་སྙིང་པོ་མེད། །མ་སྐྱེས་ཤིང་ནི་མ་འགགས་པ། །ནམ་མཁའ་དང་ནི་མཚུངས་འདྲ་བ། །འདི་ནི་མངོན་སུམ་གྱུར་པས་ན། །བྱང་ཆུབ་སེམས་དཔའ་འཇིགས་མེད་པ། །བསམ་གྱིས་མི་ཁྱབ་དེས་དེ་ན། །རང་རྫོགས་སངས་རྒྱས་ཞེས་བརྗོད་དོ། །སྒྱུ་ མའི་རང་བཞིན་སྤྱོད་ཡུལ་དུ། །ཆོས་རྣམས་ཐམས་ཅད་རྣམ་པར་ཤེས། །རྣམ་ཤེས་སྒྱུ་མའི་རང་བཞིན་དུ། །འདི་ནི་མངོན་སུམ་གྱུར་པ་ཡིན། །རྣམ་ཤེས་སྤྱོད་ཡུལ་འདུ་ཤེས་འདི། །ལོག་པ་ཡིན་པར་རྣམ་པར་ཤེས། །དེ་ཡིས་འདུ་ཤེས་རྣམ་བཤིག་པས། །ཆོས་ རྣམས་སྟོང་པ་ཉིད་དུ་ཤེས། །ཤེས་པ་ཤེས་པ་མ་ཡིན་ཤེས། །ཐམས་ཅད་དུ་ཡང་དེ་མི་ཆགས། །འདི་ལྟར་མིང་དུ་བཏགས་པའི་ཆོས། །རྣམ་པར་ཤེས་པ་སྒྱུ་མ་འདྲ། །མིང་དང་གཟུགས་སུ་གང་བརྗོད་པ། །དེ་ནི་དགོངས་ཏེ་བརྗོད་པ་ཡིན། །རྟག་པར་ཤིན་ཏུ་རང་བཞིན་ གྱི། །དེ་ཡི་དངོས་པོ་གྲུབ་པ་མེད། །སྐྱེ་མཆེད་ཡོད་པ་མ་ཡིན་པར། །སྐྱེ་མཆེད་འདི་དག་བསྟན་བྱས་པ། །དེ་དག་སྒྲ་ཡིས་བརྗོད་པ་སྟེ། །དེ་དག་གཟོད་ནས་སྟོང་པ་ཡིན། །སྔོན་ཆད་དེ་ཡི་རེག་པ་གང་། །སྐྱེ་མཆེད་བརྟན་ནས་བྱུང་གྱུར་པ། །གསོག་དང་སྒྱུ་མའི་རང་བཞིན་ ལྟར། །དེ་ནི་དེ་ཡིས་རྣམ་པར་བཤིག །རེག་པ་རྣམ་པར་རྟོག་ལས་བྱུང་། །དེ་ནི་ངོ་བོ་ཉིད་ཀྱིས་སྟོང་། །ངོ་བོ་ཉིད་ཀྱིས་རེག་པའི་ཆོས། །གང་ཡང་གནས་པ་མ་ཡིན་ནོ། །འདི་ནི་ནོར་བར་རེག་པ་ཞེས། །རེག་པའི་རང་བཞིན་མངོན་སུམ་གྱུར། །རེག་པ་དབེན་པ་ཕུན་སུམ་ ཚོགས། །རང་རྒྱལ་བ་ཞེས་བརྗོད་པ་ཡིན། །ཚོར་བ་རྣམ་གསུམ་སྟོང་པ་དང་། །ངོ་བོ་ཉིད་ཀྱིས་ཞི་བ་དང་། །ཆུ་བུར་འདྲ་བ་སྙིང་པོ་མེད། །ཤིན་ཏུ་གསོག་དང་གསོབ་ཏུ་ཤེས། །སྲེད་པ་ཐམས་ཅད་ཡང་དག་ཆད། །སྲེད་པ་མེད་པའི་ཆོས་ཉིད་ཤེས། །སྲེད་པ་ཟད་ པ་རྗེས་སུ་ཐོབ། །རང་རྒྱལ་བ་ཞེས་བརྗོད་པ་ཡིན། །ལེན་པ་ལེན་པ་མ་ཡིན་ཏེ། །སྟོང་པར་དེ་ཡི་རྣམ་པར་བཤིག །དེ་ནི་དངོས་པོར་གྲུབ་མེད་དེ། །སྨིག་རྒྱུ་ལ་ནི་ཆུ་བཞིན་ནོ། །དེ་ཡི་སྲིད་པར་འདུ་ཤེས་གང་། །དེའི་གཉེན་འདུ་ཤེས་སྡིག་པ་ཅན། །དེ་ཡི་དེ་ནི་རང་ བཞིན་གྱིས། །རྟག་པར་ཤིན་ཏུ་དངོས་མེད་ཤེས། །དེ་ལ་སྐྱེ་བ་ཐམས་ཅད་མེད། །དེ་ལ་འཆི་བ་ཡོད་མ་ཡིན། །དེ་ནི་ནམ་ཡང་གང་ཞིག་ཏུ། །སྐྱེ་བར་འགྱུར་བ་གང་ཡང་མེད། །རྐྱེན་རྣམས་འདི་དག་ཤེས་ནས་ནི། །དེ་ནི་གང་ལའང་མི་གནས་ཏེ། །རང་སངས་རྒྱས་ཞེས་བྱ་བའི་ སྒྲར། །བྱང་ཆུབ་སེམས་དཔའ་རབ་ཏུ་བསྟན། །ཀུན་དགའ་བོ་དེ་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རང་སངས་རྒྱས་སུ་ཡོངས་སུ་བསྟན་ཏོ།། །།བམ་པོ་བཞི་པ། དེ་ནས་ ཚེ་དང་ལྡན་པ་ཀུན་དགའ་བོས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །མྱ་ངན་འདས་མེད་འདས་པ་ཞེས། །འཇིག་རྟེན་མགོན་པོས་བརྗོད་པ་མཛད། །ནམ་མཁའ་མདུད་པ་བོར་ནས་ནི། །ནམ་མཁའ་ཉིད་ཀྱིས་བཀྲོལ་བར་གྱུར། །ཆགས་པ་མི་མངའ་ཆོས་སྟོན་པ། ། སངས་རྒྱས་ཐབས་ལ་མཁས་པ་པོ། །འདིར་གསུང་ཅི་ཡང་མ་མཆིས་ལ། །འོན་ཀྱང་གསུང་བ་བརྗོད་པ་མཛད། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཚིགས་སུ་བཅད་པ་འདི་དག་སྨྲས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ལྡེམ་པོ་ངག་མ་འཚལ་བའི་འཇིག་རྟེན་གནས་པ་དག་འདིར་རྨོངས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཅི་ལ་དགོངས་ཏེ། དད་པས་རྗེས་སུ་འབྲང་བ་ཡོངས་སུ་བསྟན་པ་དང་། ཆོས་ ཀྱི་རྗེས་སུ་འབྲང་བ་དང་། དེ་བཞིན་དུ་བརྒྱད་པ་དང་། རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཡོངས་སུ་བསྟན་པར་འཚལ་བར་མི་འགྱུར་རོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་གང་དག་སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ་དེ་དག་འདི་ལ་རྨོངས་པར་མི་འགྱུར་རོ། །ཀུན་དགའ་བོ་དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་བདག་གིས་དེ་ བཞིན་གཤེགས་པའི་ལྡེམ་པོ་ངག་འདི་ཤེས་པར་བྱའོ་སྙམ་དུ་གོ་ཆ་དེ་ལྟ་བུར་བགོས་པ་དེ་དག་གནས་འདི་ལ་རྨོངས་པར་མི་འགྱུར་རོ། །གང་དག་བརྩོན་འགྲུས་མི་དམིགས་པར་བརྩོན་འགྲུས་དང་ལྡན་པར་འགྱུར་བ་དེ་དག་འདི་ལ་རྨོངས་པར་མི་འགྱུར་རོ། །གང་དག་གཞན་གྱི་དྲིང་མི་འཇོག་པའི་ ཤེས་པ་དང་ལྡན་པར་གྱུར་པ་དེ་དག་འདི་ལ་རྨོངས་པར་མི་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །འཇིག་རྟེན་མགོན་པོ་སྐྱོབ་རྣམས་ཀྱིས། །ལྡེམ་ངག་ཤིན་ཏུ་ཤེས་དཀའ་སྟེ། །བྱང་ཆུབ་སེམས་དཔའ་འཇིགས་མེད་པ། །དེ་ཡི་ ཆེད་དུ་གོ་ཆ་བགོས། །ལེ་ལོ་ཅན་དང་བློ་ཆུང་བས། །དགོངས་པ་ཀུན་དུ་ཤེས་མི་ནུས། །ལྡེམ་པོ་ངག་གི་ཆེད་དུ་ནི། །དེ་ཕྱིར་བརྩོན་འགྲུས་བརྩམ་པར་གྱིས། །འཇིག་རྟེན་མགོན་པོ་སྐྱོབ་རྣམས་ཀྱི། །དགོངས་པ་གང་ཚེ་ཤེས་གྱུར་པ། །དེ་ཚེ་དེ་ཡི་ཤེས་པ་ནི། །ལྡེམ་ངག་ རྣམ་པར་སྦྱོང་བར་འཇུག །དེ་ལྟར་དེ་རྟོགས་བྱང་ཆུབ་སྟེ། །བྱང་ཆུབ་སེམས་དཔས་ཐོབ་པ་ཡིན། །བརྗོད་པས་བྱང་ཆུབ་སྟོང་པ་སྟེ། །བྱང་ཆུབ་ཀྱིས་ཀྱང་བརྗོད་པ་སྟོང་། །སྟོང་པ་སྟོང་པ་མི་ཤེས་ལ། །སྟོང་པ་སྟོང་པ་ཞེས་ཀྱང་བརྗོད། །བརྗོད་པ་ཐམས་ཅད་ཆད་པ་ནི། །སྟོང་པ་ཉིད་ ཅེས་རབ་ཏུ་བསྟན། །ནམ་མཁའ་རྟག་ཏུ་གཟུང་མེད་དེ། །འདི་ལ་གཟུང་བ་ཡོད་མ་ཡིན། །གང་ལ་གཟུང་བ་ཡོད་མིན་པ། །དེ་ནི་སྟོང་ཉིད་ཤེས་པར་གྱིས། །གང་དག་བག་ཡོད་གནས་འགྱུར་ཞིང་། །དེ་ལྟར་སྟོང་ཉིད་ཤེས་འགྱུར་བ། །མཁས་པ་དེ་དག་གནས་འདིར་ནི། །ཀུན་དུ་རྨོངས་ པར་མི་འགྱུར་རོ། །དེ་ནས་འཁོར་དེའི་དགེ་སློང་དད་པས་རྗེས་སུ་འབྲང་བར་འདུ་ཤེས་པ་བྱེ་བ་ཕྲག་ལྔ་སྟན་ལས་ལངས་ཏེ་འདུས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཚིགས་སུ་བཅད་པ་འདི་སྨྲས་སོ། །འཇིག་རྟེན་མགོན་པོ་བླ་ན་མེད། །སངས་རྒྱས་བདག་ཅག་དོགས་མ་མཆིས། ། དགོངས་ཏེ་བསྟན་པ་གང་ལགས་པ། །བྱང་ཆུབ་མཆོག་ལ་གནས་པར་བགྱི། །དེ་ནས་དགེ་སློང་དེ་དག་གི་ཚིགས་སུ་བཅད་པ་དེ་ཐོས་ནས། དེ་དག་མ་ཡིན་པ་གཞན་དགེ་སློང་ཆོས་ཀྱི་རྗེས་སུ་འབྲང་བར་འདུ་ཤེས་པ་བྱེ་བ་ཕྲག་ལྔ་སྟན་ལས་ལངས་ཏེ་འདུས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་དེ་ཚིགས་སུ་བཅད་པ་འདི་སྨྲས་སོ། །ཁྱོད་ཀྱིས་ཆོས་རྗེས་འབྲང་བ་ཞེས། །དགོངས་ཏེ་ཡོངས་སུ་ཞིང་བསྟན་པ། །ཐེ་ཙོམ་དེ་ནི་མ་མཆིས་ཏེ། །བདག་ཅག་བྱང་ཆུབ་སྣང་བ་ཐོབ། །དེ་ནས་དགེ་སློང་དེ་དག་གི་ཚིགས་སུ་བཅད་པ་དེ་ཐོས་ནས། དེ་དག་མ་ཡིན་པ་གཞན་དགེ་སློང་བརྒྱད་པར་འདུ་ཤེས་པ་བྱེ་བ་ཕྲག་བཅུ་སྟན་ལས་ལངས་ཏེ་འདུས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་དེ་ཚིགས་སུ་བཅད་པ་འདི་སྨྲས་སོ། །བརྒྱད་པའི་འདུ་ཤེས་གང་གྱུར་པ། །བདག་ཅག་འདུ་ཤེས་དེ་རྣམས་བཤིག །གང་ གིས་བརྒྱད་པར་བརྗོད་པ་ཡི། །དགོངས་པ་དེ་ནི་བདག་ཅག་རྟོགས། །དེ་ནས་དགེ་སློང་དེ་དག་གི་ཚིགས་སུ་བཅད་པ་དེ་ཐོས་ནས། དགེ་སློང་གཞན་རྒྱུན་དུ་ཞུགས་པར་འདུ་ཤེས་པ་བྱེ་བ་ཕྲག་བཅུ་གཅིག་སྟན་ལས་ལངས་ཏེ་འདུས་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་ དེ་ཚིགས་སུ་བཅད་པ་འདི་སྨྲས་སོ། །སངས་རྒྱས་ཆོས་ལ་རྣམ་ཀུན་དུ། །སྣང་བ་བདག་ཅག་དེ་རིང་ཐོབ། །གང་ཕྱིར་རྒྱུན་དུ་ཞུགས་བསྟེན་པ། །དགོངས་པ་དེ་ནི་བདག་ཅག་འཚལ། །དེ་ནས་དགེ་སློང་དེ་དག་གི་ཚིགས་སུ་བཅད་པ་དེ་ཐོས་ནས། དགེ་སློང་གཞན་ལན་ཅིག་ཕྱིར་ འོང་བར་འདུ་ཤེས་པ་བརྒྱ་སྟོང་དག་སྟན་ལས་ལངས་ཏེ་འདུས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་དེ་ཚིགས་སུ་བཅད་པ་འདི་སྨྲས་སོ། །བདག་ཅག་ལན་ཅིག་ཕྱིར་འོང་བར། །བདག་ཅག་མངོན་པར་ཞེན་གྱུར་པ། །དེ་རིང་ཞེན་པ་མ་མཆིས་གྱུར། །དམ་པ་བདག་ཅག་ སྤྲོས་མ་མཆིས། །དེ་ནས་དགེ་སློང་དེ་དག་གི་ཚིགས་སུ་བཅད་པ་དེ་ཐོས་ནས། དགེ་སློང་ཕྱིར་མི་འོང་བའི་འབྲས་བུར་འདུ་ཤེས་པ་བྱེ་བ་ཕྲག་བརྒྱད་ཅུ་རྩ་ལྔ་སྟན་ལས་ལངས་ཏེ་འདུས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་དེ་ཚིགས་སུ་བཅད་པ་འདི་སྨྲས་སོ། །མི་ཡི་དམ་ པ་འཇིག་རྟེན་མགོན། །བདག་ཅག་སྤྲོས་པ་མ་མཆིས་གྱུར། །འོབས་ལས་རྒལ་ན་ས་དེ་རིང་ནི། །བྱང་ཆུབ་ལ་ཡང་སྣང་བ་ཐོབ། །དེ་ནས་དགེ་སློང་དེ་དག་གི་ཚིགས་སུ་བཅད་པ་དེ་ཐོས་ནས་དགེ་སློང་བསམ་གཏན་བཞི་པ་ལ་བསམ་གཏན་པ་བྱེ་བ་ཕྲག་ལྔ་བཅུ་སྟན་ལས་ལངས་ཏེ་ འདུས་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་དེ་ཚིགས་སུ་བཅད་པ་འདི་སྨྲས་སོ། །དེ་རིང་ཅི་ཡང་མ་མཆིས་གྱུར། །ཆོས་ཉིད་མ་ལུས་པར་ཡང་རྟོགས། །སྒྱུ་མའི་ཆོས་ཉིད་མཉམ་པར་ནི། །ཐེག་པ་ཐམས་ཅད་མཉམ་པར་འཚལ། །དེ་ནས་དགེ་སློང་དེ་དག་གི་ཚིགས་ སུ་བཅད་པ་དེ་ཐོས་ནས། དགེ་སློང་ཐེག་པ་ལ་གསར་དུ་ཡང་དག་པར་ཞུགས་པ་ཉི་ཁྲི་སྟན་ལས་ལངས་ཏེ་འདུས་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་དེ་ཚིགས་སུ་བཅད་པ་འདི་སྨྲས་སོ། །ལུས་ཅན་རྣམས་ནི་དགྲོལ་སླད་དུ། །དགོངས་པ་གང་གིས་ཉན་ཐོས་གསུངས། ། དགོངས་པ་དེ་ནི་བདག་ཅག་རྟོགས། །དེ་ནི་བདེན་པའམ་བརྫུན་མ་ལགས། །དེ་ནས་དགེ་སློང་དེ་དག་གི་ཚིགས་སུ་བཅད་པ་དེ་ཐོས་ནས། །དགེ་སློང་རང་སངས་རྒྱས་སུ་འདུ་ཤེས་པ་ལྔ་སྟོང་སྟན་ལས་ལངས་ཏེ་འདུས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་དེ་ཚིགས་ སུ་བཅད་པ་འདི་སྨྲས་སོ། །རང་སངས་རྒྱས་ཉིད་བསམ་ཡས་པ། །རྒྱལ་བས་དགོངས་ཏེ་གང་གསུངས་པ། །རང་རྒྱལ་བྱང་ཆུབ་བདག་ཅག་ལ། །དེ་རིང་མངོན་སུམ་ཉིད་དུ་གྱུར། །དེ་ནས་དགེ་སློང་དེ་དག་གི་ཚིགས་སུ་བཅད་པ་དེ་ཐོས་ནས། དགེ་སློང་མ་རྒྱུན་དུ་ཞུགས་པའི་ འབྲས་བུར་འདུ་ཤེས་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུར་འདུ་ཤེས་པ་དང་། ཕྱིར་མི་འོང་བའི་འབྲས་བུར་འདུ་ཤེས་པ་དང་། དགྲ་བཅོམ་པ་ཉིད་ཀྱི་འབྲས་བུར་འདུ་ཤེས་པ་འབུམ་ཕྲག་བཅུ་སྟན་ལས་ལངས་ཏེ་འདུས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་དེ་ ཚིགས་སུ་བཅད་པ་འདི་སྨྲས་སོ། །བུད་མེད་དངོས་པོར་འགྱུར་བ་ཡི། །མཉམ་པའི་ཆོས་རྣམས་ཡང་དག་འཚལ། །གཞན་མི་གསུང་བའི་སངས་རྒྱས་སུ། །འཇིག་རྟེན་མཆོག་ཏུ་བདག་ཅག་འགྱུར། །དེ་ནས་དགེ་སློང་མ་དེ་དག་གི་ཚིགས་སུ་བཅད་པ་དེ་ཐོས་ནས། དགེ་ བསྙེན་རྒྱུན་དུ་ཞུགས་པའི་འབྲས་བུར་འདུ་ཤེས་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུར་འདུ་ཤེས་པ་དང་། ཕྱིར་མི་འོང་བའི་འབྲས་བུར་འདུ་ཤེས་པ་འབུམ་ཕྲག་ཉི་ཤུ་རྩ་བརྒྱད་སྟན་ལས་ལངས་ཏེ་འདུས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་དེ་ཚིགས་སུ་བཅད་ པ་འདི་སྨྲས་སོ། །བདག་ཅག་སེམས་དེང་དྲི་མ་མེད། །བཻ་དཱུརྱ་ལྟར་རྣམ་པར་དག །སངས་རྒྱས་ཆོས་ཐོབ་བགྱི་སླད་དུ། །དེ་རིང་རབ་ཏུ་འབྱུང་བར་བགྱི། །དེ་ནས་བར་སྣང་ལ་འཁོད་པའི་ལྷ་བྱེ་བ་ཁྲག་ཁྲིག་ཕྲག་དྲུག་ཅུས་བཅོམ་ལྡན་འདས་ལ་ལྷའི་མེ་ཏོག་གིས་གཏོར་ནས་འདུས་ ཏེ་ཚིགས་སུ་བཅད་པ་འདི་སྨྲས་སོ། །ཐེག་པར་འདུ་ཤེས་སྔོན་གང་གྱུར། །དེ་བཞིན་འབྲས་བུར་འདུ་ཤེས་པ། །འདུ་ཤེས་དེ་དང་བདག་ཅག་བྲལ། །སངས་རྒྱས་བྱང་ཆུབ་ཡང་དག་གཏད། །དེ་ནས་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་དང་། རབ་འབྱོར་དང་། མ་འགགས་ པ་དང་། ནམ་གྲུ་དང་། ཀ་པི་ན་ལ་སོགས་པ་དགྲ་བཅོམ་པ་སྟོང་ཕྲག་མང་པོ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེང་བདག་ཅག་བརྣག་པ་ཡོངས་སུ་རྫོགས་ ལགས་སོ། །བསམ་པ་ཡོངས་སུ་རྫོགས་ལགས་སོ། །བདུད་ཕྱིར་རྒོལ་བ་བཅོམ་ལགས་སོ། །མཚམས་མེད་པ་ལྔ་ཡོངས་སུ་རྫོགས་པ་དང་ལྡན་ལགས་སོ། །བཅོམ་ལྡན་འདས་དེང་བདག་ཅག་འདོད་པའི་ཡོན་ཏན་ལྔ་ཡོངས་སུ་རྫོགས་པ་དང་ལྡན་ལགས་སོ། །བཅོམ་ ལྡན་འདས་དེང་བདག་ཅག་ལོག་པར་ལྟ་བ་ཡོངས་སུ་རྫོགས་པ་དང་ལྡན་ལགས་སོ། །བཅོམ་ལྡན་འདས་དེང་བདག་ཅག་ཡང་དག་པའི་ལྟ་བ་དང་བྲལ་ལགས་སོ། །བཅོམ་ལྡན་འདས་དེང་བདག་ཅག་གིས་སྲོག་ཆགས་བརྒྱ་སྟོང་མང་པོའི་སྲོག་བཀུམ་ལགས་སོ། །བཅོམ་ལྡན་འདས་ དེང་བདག་ཅག་གིས་བྱང་ཆུབ་ཐོབ་ལགས་སོ། །དེང་བདག་ཅག་ཕུང་པོའི་ལྷག་མ་མ་མཆིས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཅང་མི་གསུང་བས་བཏང་སྙོམས་སུ་མཛད་དོ། །དེ་ནས་འཁོར་དེའི་སྲོག་ཆགས་ བརྒྱ་སྟོང་མང་པོ་དག་ཐེ་ཙོམ་དུ་གྱུར་ཏེ། འདི་ཅི་ཞིག་བདག་ཅག་མུན་པར་གྱུར་པ་འདི་ཇི་ལྟ་བུ་ཞིག །དགྲ་བཅོམ་པ་དག་ཀྱང་ཚིག་འདི་སྐད་ཅེས་འཛེར་ན། སོ་སོའི་སྐྱེ་བོ་ལྟ་སྨོས་ཀྱང་ཅི་དགོས་སོ་ཞེས་འཛེར་རོ། །ཐེ་ཙོམ་དུ་གྱུར་པ་དེ་དག་སྟན་ལས་བསྐྱོད་པར་མ་ནུས་ཏེ། གང་དག་ འདུག་པ་དེ་དག་ནི་ལྡང་མི་ནུས། གང་དག་ལངས་པ་དེ་དག་ནི་འདུག་མི་ནུས་ནས་དེ་དག་ཐེ་ཙོམ་དུ་གྱུར་ཏེ་རབ་ཏུ་སེམས་ཤིང་འདུག་གོ །དེ་ནས་སངས་རྒྱས་ཀྱི་མཐུས་ཚེ་དང་ལྡན་པ་ཀུན་དགའ་བོས་སྲོག་ཆགས་བརྒྱ་སྟོང་མང་པོ་དེ་དག་གི་སེམས་ཀྱི་ཡོངས་སུ་རྟོག་པ་སེམས་ཀྱིས་ཤེས་ནས་ འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་གནས་བརྟན་དེ་དག་གིས་སྨྲས་པ་ཐོས་ནས་སྲོག་ཆགས་བརྒྱ་སྟོང་མང་པོ་འདི་དག་ཐེ་ཙོམ་དུ་གྱུར་ཏེ། འདི་དག་གིས་གང་ལ་བསམས་ཏེ་སྨྲས་པ་ལ། བཅོམ་ལྡན་འདས་འདི་ཡང་ཅང་མི་གསུང་བར་ བཞུགས་ནས། འཇམ་དཔལ་གཞོན་ནུར་གྱུར་པ་གསུངས་ཤིག །དེ་སྐད་ཅེས་སྨྲས་པ་དང་། འཇམ་དཔལ་གཞོན་ནུར་གྱུར་པས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །ཀུན་དགའ་བོ་འདི་ནི་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པ་རྣམས་ཀྱིས་ཡིན་ཏེ། གནས་ བརྟན་འདི་དག་གིས་གང་ལ་བསམས་ཏེ། ཚིག་སྨྲས་པ་འདི་ནི་ཕྱིར་མི་ལྡོག་པ་རྣམས་ལ་མངོན་སུམ་མོ། །སྨྲས་པ། འཇམ་དཔལ་ཅི་གནས་བརྟན་འདི་དག་ཀྱང་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཡིན་ནམ། སྨྲས་པ། ཀུན་དགའ་བོ་དེ་དེ་བཞིན་ནོ། །ཀུན་དགའ་བོས་སྨྲས་པ། འཇམ་དཔལ་གནས་བརྟན་འདི་དག་གིས་གང་ལ་བསམས་ཏེ་ཚིག་སྨྲས་པ་ལ། བཅོམ་ལྡན་འདས་འདི་ཡང་ཅང་མི་གསུང་བར་བཞུགས་ན། དེའི་ཕྱིར་གསུངས་ཤིག །འཇམ་དཔལ་གྱིས་སྨྲས་པ། བཙུན་པ་ཀུན་དགའ་བོ་མ་ནི་འཁོར་བའི་སྐྱེད་པའི་མ་རིག་པ་ལ་བྱ་སྟེ། འདི་དག་ གིས་མ་རིག་པ་དེ་ཤིན་ཏུ་བཅོམ་མོ། །བཙུན་པ་ཀུན་དགའ་བོ་ཕ་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དགའ་བའི་འདོད་ཆགས་དང་ལྡན་པ་ལ་བྱ་སྟེ། འདི་དག་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དེ་དང་བྲལ་ལོ། །དགའ་བའི་འདོད་ཆགས་ཀྱང་ཤིན་ཏུ་བཅོམ་བཏགས་སོ། ། དགྲ་བཅོམ་པ་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོའི་ཆོས་རྣམས་ཏེ། འདི་དག་གིས་དེ་དག་རྣམ་པར་མི་གཞིག་པའི་ཚུལ་གྱིས་རྣམ་པར་གཞིག་སྟེ་བཅོམ་མོ། །འདི་དག་ལ་སོ་སོའི་སྐྱེ་བོའི་ཆོས་ཀྱི་འདུ་ཤེས་གང་ཡོད་པ་དེ་ཡང་འདི་དག་གིས་ཆོས་ཐམས་ཅད་མི་དབྱེ་བའི་ཚུལ་གྱིས་ཕྱེའོ། ། འདི་དག་ལ་དེ་བཞིན་གཤེགས་པའི་འདུ་ཤེས་སུ་གྱུར་པ་གང་ཡོད་པའི་འདུ་ཤེས་དེ་ཡང་མི་སྐྱེ་བའི་ཚུལ་གྱིས་འདི་དག་དང་བྲལ་ལོ། །བཙུན་པ་ཀུན་དགའ་བོ་འདི་དག་གིས་ནི་འདི་ལ་བསམས་ནས་དེང་བདག་ཅག་མཚམས་མེད་པ་ལྔ་ཡོངས་སུ་རྫོགས་པ་དང་ལྡན་པ་ལགས་སོ་ཞེས་སྨྲས་ སོ། །དེ་ཅིའི་ཕྱིར་ཞེ་ན། ཁྱེར་བ་ཡང་མེད། བླངས་པ་ཡང་མེད་དེ། དེའི་ཕྱིར་མཚམས་མེད་པ་ལྔ་དང་ལྡན་པ་ཞེས་བྱའོ། །འདི་དག་གིས་ཅི་ལ་བསམས་ཏེ་དེང་བདག་ཅག་གིས་འདོད་པའི་ཡོན་ཏན་ལྔ་ཡོངས་སུ་རྫོགས་པ་དང་ལྡན་པ་ལགས་སོ། །ཞེས་དེ་སྐད་སྨྲས་ཞེ་ན། བཙུན་ པ་ཀུན་དགའ་བོ་འདི་དག་འདོད་པའི་ཡོན་ཏན་ལྔ་པོ་འདི་དག་རྨི་ལམ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། མིག་ཡོར་ལྟ་བུར་ཤེས་ཏེ། འདི་དག་ལ་ཤེས་པ་དེ་ཡོངས་སུ་རྫོགས་ཤིང་འདི་དག་གིས་འདོད་པའི་ཡོན་ཏན་ལྔ་མ་ཚང་བ་མེད་པ་དང་ཡོངས་སུ་རྫོགས་པ་མེད་པར་བྱས་སོ། །དེ་ཅིའི་ ཕྱིར་ཞེ་ན། འདི་ལྟར་དེ་དག་ནི་ཤིན་ཏུ་མེད་པ་སྟེ། དེ་ལྟར་འདི་དག་གིས་དེ་དག་ཡོངས་སུ་ཤེས་སོ། །དེ་ལྟར་དེ་དག་དང་ལྡན་ནོ། །དེ་ལྟར་དེ་དག་གིས་ཤེས་པ་ཡོངས་སུ་རྫོགས་ཏེ་དེའི་ཕྱིར་འདོད་པའི་ཡོན་ཏན་ལྔ་ཡོངས་སུ་རྫོགས་པ་དང་ལྡན་པ་ཞེས་བྱའོ། །ཀུན་དགའ་བོ་འདི་དག་ གིས་ནི་འདི་ལ་བསམས་ནས་དེང་བདག་ཅག་འདོད་པའི་ཡོན་ཏན་ལྔ་ཡོངས་སུ་རྫོགས་པ་དང་ལྡན་པ་ལགས་སོ་ཞེས་སྨྲས་སོ། །བཙུན་པ་ཀུན་དགའ་བོ་འདི་དག་གིས་དེང་བདག་ཅག་ལོག་པར་ལྟ་བ་ཡོངས་སུ་རྫོགས་པ་དང་ལྡན་ལགས་སོ། །ཡང་དག་པའི་ལྟ་བ་དང་བྲལ་ལགས་སོ་ ཞེས་དེ་སྐད་གང་སྨྲས་པ་ནི། བཙུན་པ་ཀུན་དགའ་བོ་འདི་དག་གིས་ཆོས་ཐམས་ཅད་ནི་ལོག་པ་ཡིན་པར་མཐོང་ངོ་། །བཙུན་པ་ཀུན་དགའ་བོ་ལོག་པ་ཞེས་བྱ་བ་ནི་བརྫུན་པ་སྟེ། ཆོས་ཐམས་ཅད་ནི་བརྫུན་པའོ། །གང་དུ་ཡང་སྦྱོར་བ་མེད་ཅིང་ནམ་མཁའ་དང་འདྲ་སྟེ་ཞུམ་པ་མེད་པ། ཞེན་པ་མེད་པ། རྟོན་པ་མེད་པའོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་དངོས་པོ་མེད་པའི་ངོ་བོ་ཉིད་དེ། འདི་དག་གིས་དེ་དག་དེ་ལྟར་ཤེས་སོ། །ཡང་དག་པར་ན་ཆོས་ཐམས་ཅད་ནི་མཉམ་པ་སྟེ། མཉམ་པ་དེ་ནི་ཡང་དག་པའི་ལྟ་བའོ། །འདི་དག་ནི་མཉམ་པའི་འདུ་ཤེས་ དེ་དང་བྲལ་ལོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ནི་འདུ་ཤེས་ཐམས་ཅད་དང་བྲལ་བ་སྟེ། འདི་དག་གིས་ཆོས་ཕྲ་རབ་ཙམ་ཡང་མི་དམིགས་པར་སངས་རྒྱས་ཀྱི་ཆོས་དེ་དག་རྗེས་སུ་ཐོབ་བོ། །རྟོགས་སོ། །བཙུན་པ་ཀུན་དགའ་བོ་འདི་དག་གིས་ནི་འདི་ལ་བསམས་ཏེ་དེང་བདག་ཅག་ལོག་ པར་ལྟ་བ་ཡོངས་སུ་རྫོགས་པ་དང་ལྡན་ལགས་སོ། །ཡང་དག་པའི་ལྟ་བ་དང་བྲལ་ལགས་སོ་ཞེས་སྨྲས་སོ། །བཙུན་པ་ཀུན་དགའ་བོ་འདི་དག་གིས་གང་ལ་བསམས་ཏེ། དེང་བདག་ཅག་གིས་སྲོག་ཆགས་བརྒྱ་སྟོང་མང་པོའི་སྲོག་བཀུམ་ལགས་སོ་ཞེས་ཚིག་སྨྲས་པ་ལ། བཙུན་ པ་ཀུན་དགའ་བོ་འདི་དག་གི་ལྡེམ་པོ་ངག་འདི་ཐོས་ནས་སྲོག་ཆགས་བརྒྱ་སྟོང་མང་པོ་དང་། ལྷ་བརྒྱ་སྟོང་མང་པོས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་དང་། རྨི་ལམ་ལྟ་བུ་དང་། བྲག་ཅ་ལྟ་བུར་ཤེས་ཤིང་རྟོགས་ཏེ། དེས་འདི་དག་སེམས་ཅན་གྱི་འདུ་ཤེས་དང་། སྲོག་གི་འདུ་ཤེས་དང་བྲལ་ ནས་ཆོས་ཐམས་ཅད་བསྐྲུན་པ་མེད་པའི་ཚུལ་དུ་དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྐྲུན་ཏོ། །འདི་ཐོས་ནས་དེ་དག་མ་ཡིན་པ་གཞན་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་རྣམས་ཀྱང་སེམས་ཅན་གྱི་འདུ་ཤེས་དང་། སྲོག་གི་འདུ་ཤེས་དང་བྲལ་བར་གྱུར་ ཏེ་དེའི་ཕྱིར་དེ་དག་ཡང་འཆི་བར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་གྱི་འདུ་ཤེས་དང་། སྲོག་གི་འདུ་ཤེས་ཡོད་ན་འཆི་བར་འགྱུར་ན་དེ་དག་ཤིན་ཏུ་མི་སྐྱེ་བའི་ཆོས་ཉིད་ཀྱིས་འདུ་ཤེས་དེ་དང་བྲལ་བར་འགྱུར་རོ། །བཙུན་པ་ཀུན་དགའ་བོ་འདི་དག་གིས་ནི་འདི་ལ་བསམས་ ཏེ། དེང་བདག་ཅག་གིས་སྲོག་ཆགས་བརྒྱ་སྟོང་མང་པོའི་སྲོག་བཀུམ་ལགས་སོ་ཞེས་ཚིག་དེ་སྐད་སྨྲས་སོ། །བཙུན་པ་ཀུན་དགའ་བོ་འདི་དག་གིས་གང་ལ་བསམས་ཏེ། དེང་བདག་ཅག་གིས་བྱང་ཆུབ་ཐོབ་ལགས་སོ། །དེང་བདག་ཅག་ཕུང་པོའི་ལྷག་མ་མ་མཆིས་པའི་ མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་ལགས་སོ་ཞེས་ཚིག་དེ་སྐད་སྨྲས་པ་ལ། བཙུན་པ་ཀུན་དགའ་བོ་འཁོར་འདིའི་ནང་ནས་སྲོག་ཆགས་བརྒྱ་ཕྲག་མང་པོ་དང་། སྲོག་ཆགས་བརྒྱ་སྟོང་ཕྲག་མང་པོས་དེང་ཉོན་མོངས་པ་རྣམས་སངས་ རྒྱས་ཀྱི་བྱང་ཆུབ་དང་མཚུངས་པར་རིག་ནས་མི་སྐྱེ་བའི་ཆོས་ལ་བཟོད་པ་སྐྱེད་དེ། དེའི་ཕྱིར་དེ་དག་དེང་བྱང་ཆུབ་ཀྱི་ཕྱིར་ཉོན་མོངས་པ་རྣམས་ལས་རྣམ་པར་རྒྱལ་ནས་འདི་སྐད་དུ་དེང་བདག་ཅག་གིས་བྱང་ཆུབ་ཐོབ་ལགས་སོ་ཞེས་སྨྲས་སོ། །ཉོན་མོངས་པ་རྣམས་སྤངས་པ་ཡང་མེད། སངས་རྒྱས་ ཀྱི་ཆོས་རྣམས་བསྟན་པ་ཡང་མེད་དོ། །འདི་དག་ལ་ཉོན་མོངས་པ་ཆུང་རབ་ཙམ་ཡང་མེད་དོ། །བཙུན་པ་ཀུན་དགའ་བོ་འདི་དག་གིས་ནི་འདི་ལ་བསམས་ཏེ། དེང་བདག་ཅག་གིས་བྱང་ཆུབ་ཐོབ་ལགས་སོ། །དེང་བདག་ཅག་ཕུང་པོའི་ལྷག་མ་མ་མཆིས་པའི་མྱ་ངན་ལས་འདས་ པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་ལགས་སོ་ཞེས་ཚིག་དེ་སྐད་སྨྲས་སོ། །དེང་ཞེས་བྱ་བ་ནི་ཉི་མ་འདི་གང་ཡིན་པ་ལ་དེང་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བཙུན་པ་ཀུན་དགའ་བོ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེས་ཆོས་ཐམས་ ཅད་སྣང་བ་བྱས་ཏེ། དེས་སེམས་ཅན་གང་མ་ཐོབ་པ་བྱང་ཆུབ་ཏུ་སེམས་བསྐྱེད་པ་གང་ཡིན་པ་འདི་ནི་ཆོས་ཐམས་ཅད་དང་འཆར་བའོ། །གང་གི་ཚེ་དེ་བྱང་ཆུབ་ཀྱི་འདུ་ཤེས་དང་བྲལ་བ་དེའི་ཚེ་དེ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཆོས་ཐམས་ཅད་དང་ནུབ་བོ། །བཙུན་ པ་ཀུན་དགའ་བོ་བྱང་ཆུབ་སེམས་དཔའི་ཐེག་པ་པ་ལ་ནི་འཕགས་པའི་འདུ་ཤེས་ཀྱིས་འདི་ཉིན་མོའོ། །བྱིས་པ་རྣམས་ལ་ནི་ཉ་མའི་འདུ་ཤེས་ཀྱིས་ཉིན་མོའོ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་ཡང་དག་པར་སྙིང་པོར་ཉིན་མོར་གྱུར་ན་ནི། དེའི་ཕྱིར་ཉིན་མོ་རྣམས་ཕུང་པོར་འགྱུར་རོ། །གལ་ ཏེ་ཡང་དག་པར་སྙིང་པོར་ཕུང་པོར་གྱུར་ན་ནི་དེའི་ཕྱིར་མཚན་མོ་རྣམས་ཀྱང་ཕུང་པོར་འགྱུར་ཏེ། འདས་པའི་ཉིན་མཚན་རྣམས་འདྲེས་པར་འགྱུར་རོ། །ཉིན་མོ་ཡང་མཚན་མོར་འགྱུར་རོ། །མཚན་མོ་ཡང་ཉིན་མོར་འགྱུར་རོ། །བཙུན་པ་ཀུན་དགའ་བོ་བྱིས་པ་རྣམས་ཀྱི་ཉིན་མོའི་འདུ་ ཤེས་ཀྱིས་ཉིན་མོའོ། །མཚན་མོའི་འདུ་ཤེས་ཀྱིས་མཚན་མོའོ། །བྱང་ཆུབ་སེམས་དཔའི་ཐེག་པ་པ་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་ལ་ནི་ཉིན་མོ་ལ་ཉིན་མོའི་འདུ་ཤེས་དང་། མཚན་མོ་ལ་མཚན་མོའི་འདུ་ཤེས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱི་ཡེ་ཤེས་ནི་འདུ་ཤེས་ ཐམས་ཅད་དང་བྲལ་བ་སྟེ་དེའི་ཕྱིར་མངོན་སུམ་དུ་སྨོན་པ་མེད་དོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །འཁོར་བ་སྐྱེད་པར་བྱེད་པ་ཡི། །མ་རིག་པ་ལ་མ་ཞེས་བརྗོད། །དེ་དག་དེ་ནི་རྩར་བཅས་བཏོན། །དེ་ཕྱིར་མ་བསད་ཅེས་བརྗོད་དོ། །ཚུལ་བཞིན་མ་ཡིན་ ཡིད་ལ་བྱེད། །དགའ་བའི་འདོད་ཆགས་ཕ་ཞེས་བརྗོད། །དེ་དག་ཡང་དག་ཇི་བཞིན་དུ། །དེ་ནི་རྟག་ཏུ་དངོས་མེད་ཤེས། །འདི་ནི་ཡང་དག་དངོས་མེད་པར། །རྩ་ནས་བཏོན་ལ་མི་སྐྱེད་དེ། །དམིགས་པ་མེད་ཅིང་གནས་མེད་པ། །དེས་ན་བསད་པ་ཞེས་བརྗོད་དོ། །དགྲ་བཅོམ་ ཆོས་སུ་གང་བརྗོད་དང་། །བྱིས་པའི་ཆོས་གང་ཐ་དད་པ། །སྲེད་པ་རྣམ་པར་བཤིག་པས་ན། །དེ་ཕྱིར་དགྲ་བཅོམ་བསད་ཅེས་བརྗོད། །དགེ་འདུན་འདུ་ཤེས་གང་གྱུར་པ། །དེ་དག་དེ་ཡི་རང་བཞིན་ཤེས། །ཆོས་རྣམས་ཐམས་ཅད་དབྱེ་མེད་པར། །དབྱེ་བའི་སྒྲར་ནི་ངེས་ པར་བསྟན། །རྫོགས་སངས་རྒྱས་ཞེས་འདུ་ཤེས་གང་། །སྔོན་ཆད་རྣམ་པར་བརྟག་གྱུར་པ། །སྐྱེ་བ་མེད་དང་འགག་མེད་པར། །དེ་དག་དེ་ནི་རྩར་བཅས་བཏོན། །རྒྱུན་མི་འཆད་པར་འདུ་ཤེས་འདི། །སྟོང་ཞིང་དབུས་དང་མཐའ་སྟོང་པར། །འདི་དག་གིས་ནི་ཚིག་ཏུ་བརྗོད། ། དེ་ནི་མཉམ་ཉིད་རིག་པར་བྱས། །འདོད་པའི་ཡོན་ཏན་ལྔ་བརྗོད་པ། །མིང་གང་གིས་ནི་ཡོངས་བརྗོད་པ། །འདུ་ཤེས་སྒྱུ་མར་རྟོགས་པས་ན། །དེ་ཕྱིར་དེ་དག་འདུ་ཤེས་བྲལ། །དགེ་སློང་དག་གིས་འདོད་འདི་རྣམས། །སྔོན་ཅད་ཇི་བཞིན་མི་ཉུང་བྱས། །འཇིག་རྟེན་མགོན་གྱི་ སྤྱན་སྔར་ནི། །དེ་དག་དེས་ན་ཚིག་ཏུ་བརྗོད། །འདོད་པའི་ཆོས་རྣམས་རྨི་ལམ་འདྲར། །འདི་དག་གིས་ནི་སྟོང་དུ་ཤེས། །དེ་ལ་ཤིན་ཏུ་སྐྱེ་མེད་པར། །དེ་དག་ཤེས་པ་རབ་ཏུ་རྫོགས། །གསོབ་སྟོང་སྙིང་པོ་མེད་པར་ནི། །ལོག་པར་ཆོས་རྣམས་ཡོངས་སུ་ཤེས། ། ལོག་ཅེས་བྱ་བའང་བརྫུན་དུ་བརྗོད། །དེ་དག་འདུ་ཤེས་འདིར་རབ་རྫོགས། །ཆོས་རྣམས་ཐམས་ཅད་བརྫུན་པ་སྟེ། །གང་དུའང་ཡང་དག་འདྲེ་བ་མེད། །ནམ་མཁའ་སོར་མོ་ལྔ་ལྟ་བུར། །མེད་པས་ཡང་དག་འདྲེ་བ་མེད། །ཡང་དག་ཅེས་ནི་གང་བརྗོད་པ། །ལྟ་བ་དེ་དག་ རྣམས་ཀྱིས་ཤེས། །ཆོས་ཀྱི་མཉམ་ཉིད་གང་དང་མཉམ། །ལྟ་བ་ཤེས་པའང་དེ་དང་མཉམ། །སེམས་ཅན་འདུ་ཤེས་པས་ན་འཆི། །བྱིས་པའི་བློ་ཅན་རྣམས་ཀྱིས་བརྟགས། །སེམས་ཅན་རྣམས་ནི་མི་དམིགས་ན། །འཆི་བ་སྲིད་པར་མི་འགྱུར་རོ། །གང་གིས་སྐྱེ་བོ་རབ་མང་དག ། སྡུག་བསྔལ་བླངས་པ་མི་འདོར་བ། །སྲོག་ཏུ་འདུ་ཤེས་རབ་སྡིག་ཅན། །འདུ་ཤེས་དེ་དེ་རྣམས་ཀྱིས་བསལ། །དེ་དག་སེམས་ཅན་འདུ་ཤེས་བྲལ། །སྲོག་ཏུ་འདུ་ཤེས་རྣམ་པར་བཤིག །དེས་ན་སེམས་ཅན་མང་པོ་ཡི། །སྲོག་བཅད་ཅེས་ནི་བརྗོད་པ་ཡིན། །དེ་དག་ཉོན་མོངས་ཀུན་ ལས་རྒྱལ། །ཉོན་མོངས་མེད་པའི་ཆོས་ཉིད་རྟོགས། །བྱང་ཆུབ་སྒྲོ་བཏགས་མེད་པ་དང་། །འགྱུར་མེད་རབ་ཏུ་དྲི་མེད་ཤེས། །བདུད་རྣམས་མཐའ་དག་ཕམ་པར་བྱས། །སངས་རྒྱས་ཆོས་རྣམས་རྣམ་པར་སྦྱངས། །ཆོས་ཀུན་མི་མཐུན་མེད་པའི་ཕྱིར། །སྐྱེ་བ་མེད་པས་མྱ་ངན་འདས། ། འཇམ་དཔལ་གཞོན་ནུར་གྱུར་པས་ཚིགས་སུ་བཅད་པ་འདི་དག་སྨྲས་མ་ཐག་ཏུ་དེ་ནས་སྲོག་ཆགས་བརྒྱ་སྟོང་རབ་ཏུ་མང་པོ་དེ་དག་ཐེ་ཙོམ་དང་སོམ་ཉི་དང་བྲལ་ཏེ། ཆོས་ཐམས་ཅད་ལ་སྣང་བ་ཡང་ཐོབ་པར་གྱུར་ནས། དེ་དག་ཐམས་ཅད་ཀྱིས་སོ་སོ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་དགའ་བ་ཕུལ་ ཏེ་ཚིག་འདི་སྐད་དུ་ཇི་ལྟར་ད་ལྟར་འཇམ་དཔལ་གཞོན་ནུར་གྱུར་པས་བསྟན་པ་དེ་བཞིན་དུ་བདག་ཅག་གིས་ཀྱང་ཆོས་བརྗོད་པར་བགྱིའོ། །སེམས་ཅན་ལ་ཡང་བསྟན་པར་བགྱིའོ་ཞེས་སྨྲས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་ དཔལ་ལྡེམ་པོ་ངག་ཏུ་སྨྲས་པ་དེ་དག་ལེགས་པར་བཤད་པ་ནི་ལེགས་སོ་ལེགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་སྲོག་ཆགས་བརྒྱ་སྟོང་མང་པོ་ཐེ་ཙོམ་དང་སོམ་ཉི་ཟ་བར་གྱུར་པ་གང་དག་ཐེ་ཙོམ་དང་སོམ་ཉི་ལས་རྣམ་པར་ བཀྲོལ་བའི་སྲོག་ཆགས་བརྒྱ་སྟོང་མང་པོ་དེ་དག་ནི། ཀུན་དགའ་བོ་འཇམ་དཔལ་གཞོན་ནུར་གྱུར་པས་བྱང་ཆུབ་ཡང་དག་པར་འཛིན་དུ་བཅུག་པས་ཡོངས་སུ་སྨིན་པར་བྱས་པ་དག་སྟེ། དེ་དག་ནི་འདིས་ཆོས་བསྟན་པ་ཀུན་དུ་ཤེས་སོ། །གསོལ་པ། བཅོམ་ལྡན་འདས་ཅི་ལགས། འདི་དག་བྱང་ཆུབ་ ལས་སླར་མི་ལྡོག་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་དེ་བཞིན་ཏེ། འདི་དག་ནི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དགེ་བའི་བཤེས་གཉེན་འཇམ་དཔལ་གཞོན་ནུར་གྱུར་པས་ཡོངས་སུ་བཟུང་བའི་ཕྱིར་རོ། །གསོལ་པ། བཅོམ་ ལྡན་འདས་ཅི་ལགས། དགེ་སློང་གང་དག་དད་པས་རྗེས་སུ་འབྲང་བའི་འདུ་ཤེས་དང་། ཆོས་ཀྱི་རྗེས་སུ་འབྲང་བའི་འདུ་ཤེས་དང་། དེ་བཞིན་དུ་བརྒྱད་པ་དང་། རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ ཀྱི་འདུ་ཤེས་རྣམས་ལས་ལངས་པ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་ལས་སླར་མི་ལྡོག་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་འདི་ནི་ཡིད་ཆེས་པར་དཀའ་བ་སྟེ། དམན་པ་ལ་མོས་པ་དང་། ལེ་ལོ་ཅན་དང་། འདོད་པའི་ཆོས་བསྟེན་པ་དང་། འདུ་འཛི་ལ་དགའ་བ་ དང་། དྲན་པ་བརྗེད་ངས་པ་དང་། ཤེས་བཞིན་མེད་པ་དང་། མཉམ་པར་མ་བཞག་པ་དང་། སེམས་རྣམ་པར་འཁྲུལ་པ་དང་། མངོན་པའི་ང་རྒྱལ་གྱིས་ཡོངས་སུ་ཟིན་པ་དང་། ལུས་རྗེས་སུ་སྲུང་བ་དང་། སྲོག་རྗེས་སུ་སྲུང་བ་དང་། ལུས་དང་སྲོག་ལ་ལྟ་བ་དང་བཅས་པ་དང་། སེར་སྣ་ ཅན་དང་། ངང་ཚུལ་ངན་པ་ཅན་དང་། གནོད་སེམས་ཅན་དང་། སངས་རྒྱས་ཀྱི་ཆོས་ལ་མི་མོས་པ་དང་། འཆལ་བའི་ཤེས་རབ་ཅན་དང་། སྡིག་པའི་བཤེས་གཉེན་གྱི་ལག་ཏུ་སོང་བ་དང་། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་མ་ཟིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་ སུ་སྤངས་པ་དང་། དམིགས་པར་ལྟ་བ་དང་ལྡན་པ་དང་། འཐོབ་པ་ལྷུར་ལེན་པ་དང་། བཀུར་སྟི་ལྷུར་ལེན་པ་དང་། ལྷུང་བཟེད་དང་ཆོས་གོས་ལ་ཆགས་པ་དང་། ནམ་གྱི་ཆ་སྟོད་དང་ནམ་གྱི་ཆ་སྨད་ལ་མི་ཉལ་བར་རྣལ་འབྱོར་དུ་བྱ་བ་ལ་མི་བརྩོན་པ་དང་། བརྫུན་དུ་སྨྲ་བ་དང་། ཕྲ་མའི་ཚིག་ ཅན་དང་། ངག་རྩུབ་པོའི་ཚིག་ཅན་དང་། ཚིག་ཀྱལ་པ་སྨྲ་བ་དང་། བརྣབ་སེམས་ཅན་དང་། གནོད་སེམས་མང་བ་དང་། ལོག་པར་ལྟ་བ་དང་། འབྲེལ་པ་གང་ཡང་རུང་བས་བྲེལ་བ་དང་། ཕོ་ཉའི་ལས་ཀྱི་སྤྱོད་ཡུལ་པ་དང་མཚན་མ་ལ་སྤྱོད་པ་དང་། སྟོང་པ་ཉིད་དང་། མཚན་ མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་བྱེད་པ་མེད་པ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཆུད་ཟ་བ་མེད་པའི་ཆོས་ཐམས་ཅད་ལ་མ་དད་པ་དང་། མི་མོས་པ་དང་། ཆོས་དེ་ལྟ་བུ་དང་ལྡན་པས་ནི་ཀུན་དགའ་བོ་གནས་འདི་ལ་མོས་པར་དཀའོ། །དེ་ནས་བཅོམ་ ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་ཅང་མི་གསུང་བར་གྱུར་ཏོ། །དེ་ནས་སངས་རྒྱས་ཀྱི་མཐུས་ཚེ་དང་ལྡན་པ་ཀུན་དགའ་བོས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ཅིའི་ཕྱིར་བཅོམ་ལྡན་འདས་ཅང་མི་གསུང་བས་འདའ་བར་མཛད། འཇམ་དཔལ་གྱིས་ སྨྲས་པ། བཙུན་པ་ཀུན་དགའ་བོ་ཕྱི་མའི་ཚེ་ཕྱི་མའི་དུས་ལྔ་བརྒྱ་ཐ་མ་ལ་ཆོས་འདི་ལྟ་བུ་དང་ལྡན་པའི་སེམས་ཅན་ཕལ་ཆེར་འབྱུང་སྟེ། དེ་དག་མི་མོས་པས་དེའི་ཕྱིར་བཅོམ་ལྡན་འདས་ཅང་མི་གསུང་བས་འདའ་བར་མཛད་དོ། །སྨྲས་པ། འཇམ་དཔལ་གང་དག་འདིར་མོས་པར་འགྱུར་བ་ གང་ཡིན། འཇམ་དཔལ་གྱིས་སྨྲས་པ། བཙུན་པ་ཀུན་དགའ་བོ་གང་དག་མོས་པར་འགྱུར་བ་ནི་ཉུང་སྟེ། བཙུན་པ་ཀུན་དགའ་བོ་འདི་ལྟ་སྟེ། དཔེར་ན་སེམས་ཅན་གང་དག་དོན་ལ་མཁས་པ་དེ་དག་ནི་ཉུང་ཟད་ཅིག་གོ། །གང་དག་མི་མཁས་པ་ནི་རབ་ཏུ་མང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེ་དག་དེ་ལ་ མི་སྤྱོད་དེ། དེའི་ཕྱིར་དེ་ལ་མི་མཁས་སོ། །བཙུན་པ་ཀུན་དགའ་བོ་དེ་བཞིན་དུ་གང་དག་ཆོས་བསྟན་པ་འདི་ལ་མོས་པའི་སེམས་ཅན་ནི་ཉུང་ཟད་ཅིག་གོ། །གང་དག་མོས་པར་འགྱུར་བ་དེ་དག་ནི་རྟག་ཏུ་བཀུར་སྟིར་བྱ་བར་མི་འགྱུར་གྱི། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ཡུལ་ འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་ནས་ཡོངས་སུ་སྤང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ནི་རང་གི་ལས་ཀྱི་སྒྲིབ་པ་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་སྔོན་བྱས་པས་སོ། །སྨྲས་པ། འཇམ་དཔལ་གང་དག་མོས་པ་ཉུང་བར་འགྱུར་བ་དེ་དག་ཉིད་ཀྱི་ཆེད་དུ་ གསུངས་ཤིག །འཇམ་དཔལ་གྱིས་སྨྲས་པ། བཙུན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ལ་ཞུས་ཤིག་དང་། བཅོམ་ལྡན་འདས་ཁྱོད་ལ་ལན་འདེབས་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་དག་ མོས་པ་ཉུང་བར་འགྱུར་བའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་ཉིད་ཀྱི་ཆེད་དུ་བཤད་དུ་གསོལ། དེ་དག་གིས་ཐོས་ནས་ཀྱང་དགའ་བར་འགྱུར་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱོགས་བཞིར་རྣམ་པར་གཟིགས་ནས། ལྗགས་ཀྱི་དབང་པོས་སྟོང་གསུམ་གྱི་སྟོང་ཆེན་པོའི་ འཇིག་རྟེན་གྱི་ཁམས་མངོན་པར་བཀབ་སྟེ། ལྗགས་ཀྱི་དབང་པོ་དེ་ལས་འོད་ཕྱུང་ནས་འོད་དེས་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཁྱབ་པར་བྱས་ཏེ། སྣང་བ་ཆེན་པོས་སྣང་བར་བྱས་སོ། །དེ་ནས་སངས་རྒྱས་ཀྱི་མཐུས་འཁོར་བཞི་པོ་དེས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ ཀླུང་གི་བྱེ་མ་སྙེད་དག་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཆོས་བསྟན་པ་འདི་ཉིད་སྟོན་པར་མཐོང་ཞིང་དེ་དག་གིས་ཆོས་བསྟན་པ་དེ་ཡང་ཐོས་སོ། །དེ་བཞིན་དུ་སྦྱར་ཏེ། ཕྱོགས་བཅུ་ཀུན་དུ་ཆོས་བསྟན་པ་འདི་ཉིད་ལྷག་ཆད་མེད་པར་ཐོས་སོ། །ཐོས་ནས་ཀྱང་འདུས་ཏེ། བཅོམ་ལྡན་ འདས་ལ་གསོལ་བ་བཏབ་པ། ཇི་ལྟར་བཅོམ་ལྡན་འདས་ཀྱི་བསྟན་པ་ལྟར་སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མ་མཆིས་པར་མང་བ་འདི་དག་ཀྱང་ཆོས་བསྟན་པ་འདི་ཉིད་ལྷག་ཆད་མ་མཆིས་པར་སྟོན་པར་མཐོང་ལགས་ན། བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་འདི་ཉིད་དང་། ཆོས་ཀྱི་བཀའ་ མཆིད་འདི་ཉིད་རྒྱུན་མི་གཅད་པར་བཤད་དུ་གསོལ་ཞེས་གསོལ་བ་བཏབ་བོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྗགས་ཀྱི་དབང་པོ་དེ་བསྡུས་ཏེ། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་ལྕེའི་དབང་པོ་འདི་ལྟ་བུ་བརྫུན་སྨྲ་བ་ཡིན་ནམ། གསོལ་པ། བཅོམ་ ལྡན་འདས་དེ་ནི་མ་ལགས་ཏེ། དེའི་སླད་དུ་གང་དག་མོས་པ་ཉུང་བར་འགྱུར་བའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་ཉིད་ཀྱི་ཆེད་དུ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། གང་དག་མ་མོས་པ་དེ་དག་ཀྱང་དབང་དུ་གྱུར་པ་དེ་དག་གིས་མོས་པར་བགྱིད་པར་འགྱུར་རོ། །བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་འཁོར་བཞི་པོ་གང་ད་ལྟར་འདུས་པ་དེ་ཐམས་ཅད་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་གང་དག་ཆོས་བསྟན་པ་འདི་ཐོས་པ་དེ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་དག་སྟེ། དེ་ དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་། ཇི་ལྟར་ད་ལྟ་ར་ང་སྟོན་པ་བཞིན་དུ་ཆོས་ཀྱི་རྣམ་གྲངས་འདི་ལྷག་ཆད་མེད་པར་ས་ཕྱོགས་འདི་ཉིད་དུ་སྟོན་པར་འགྱུར་རོ། །དེ་ནས་འཁོར་བཞི་པོ་དེ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་ རྣམས་ཚིམ་ཞིང་མགུ་ལ་ཡི་རངས་ཏེ། རབ་ཏུ་དགའ་ནས་དགའ་བ་དང་། ཡིད་བདེ་བ་སྐྱེས་ཏེ། ཁ་ཅིག་གིས་ནི་གོས་རྣམས། ཁ་ཅིག་གིས་ནི་མེ་ཏོག་དང་། ཕྲེང་བ་དང་། བྱུག་པ་རྣམས་ཀྱིས་དེ་བཞིན་གཤེགས་པ་ལ་གཏོར་ཏོ། །བུད་མེད་རྣམས་ཀྱིས་ནི་རྒྱན་ཐམས་ཅད་ལུས་ལས་ཕོག་ སྟེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་གཏོར་ཏོ། །གཏོར་ནས་ཀྱང་ཐམས་ཅད་འདུས་ཏེ་ཚིག་འདི་སྐད་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་གཉིས་སུ་མ་མཆིས་པ་གསུང་བ་ལགས་སོ་ཞེས་སྨྲས་སོ། །དེ་ནས་བཅོམ་ལྡན་འདས་ ཀྱིས་ཡང་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་བུད་མེད་འདི་དག་གིས་ཇི་སྐད་སྨྲས་པ་དེ་བཞིན་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་གཉིས་སུ་མེད་པ་གསུང་བ། ཆགས་པ་མི་མངའ་བ། ཞེ་སྡང་མི་མངའ་ བ། གཏི་མུག་མི་མངའ་བ། དྲི་མ་མི་མངའ་བ་སྟེ། དེས་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཐོས་པ་དོན་ཡོད་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཐོས་ཞེས་བགྱི་བ་འདི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་མི་ཤེས་སམ། གསོལ་པ། བཅོམ་ལྡན་འདས་མ་འཚལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེའི་ཕྱིར་ཉོན་ཅིག་དང་བཤད་དོ། །གསོལ་པ། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ གང་དག་གིས་ཤཱཀྱ་ཐུབ་པ་ཞེས་ངའི་མིང་ཐོས་པར་འགྱུར་བ་དེ་དག་ཐམས་ཅད་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་བྱང་ཆུབ་ནི་ཆགས་པ་མེད་པ། ཞེ་སྡང་མེད་པ། གཏི་མུག་མེད་པ་སྟེ་དོན་ཡོད་པ་ཡིན་ན། གང་དག་དེ་བཞིན་གཤེགས་པ་ལ་མེ་ཏོག་ཅིག་ འབུལ་བ་དང་། གང་དག་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་རིང་བསྲེལ་གྱི་མཆོད་རྟེན་རྣམས་ལ་མེ་ཏོག་ཅིག་འཐོར་བ་དག་ལྟ་སྨོས་ཀྱང་ཅི་དགོས། གསོལ་པ། བཅོམ་ལྡན་འདས་དུད་འགྲོའི་སྐྱེ་གནས་སུ་གྱུར་པའི་སེམས་ཅན་གང་དག་གིས་ཐོས་པ་དེ་དག་ཀྱང་བྱང་ཆུབ་ ལས་སླར་མི་ལྡོག་པར་འགྱུར་བ་ལགས་སམ། བཀའ་སྩལ་པ། ཀུན་དགའ་བོ་གང་ལ་ལ་དག་ཤཱཀྱ་ཐུབ་པ་ཞེས་བྱ་བ་ཐོས་པ་དེ་ཉིད་དེ་དག་གི་བྱང་ཆུབ་ཀྱི་ས་བོན་དུ་འགྱུར་རོ། །ཀུན་དགའ་བོ་གལ་ཏེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཐོས་ པ་དོན་ཡོད་པ་མ་ཡིན་ཏེ། དེ་ལྟར་གྱུར་ན་ནི་དེ་བཞིན་གཤེགས་པ་གཉིས་སུ་མེད་པ་གསུང་བར་མི་འགྱུར་རོ། །ཀུན་དགའ་བོ་ཁྱོད་འདི་ལ་ཇི་སྙམ་དུ་སེམས། ཤིང་ནྱ་གྲོ་དྷ་གང་གི་གྲིབ་མ་ལ་སྲོག་ཆགས་བརྒྱའམ། ཉིས་བརྒྱའམ། སུམ་བརྒྱའམ། བཞི་བརྒྱའམ། ལྔ་བརྒྱ་འཁོད་ པའི་ཤིང་ནྱ་གྲོ་དྷའི་ས་བོན་ཇི་ཙམ་ཞིག་ཡིན། གསོལ་པ། བཅོམ་ལྡན་འདས་དེའི་ས་བོན་ཆུང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ས་བོན་དེ་ཙམ་དུ་ཆུང་བ་དེ་ལས་ཤིང་ནྱ་གྲོ་དྷ་དེ་སྐྱེས་ནས་རིམ་གྱིས་འཕེལ་ཞིང་བདོ་སྟེ་རྒྱས་པ་དང་ཡངས་པར་ འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་དེ་ལྟ་ལགས་སོ། །བཀའ་སྩལ་པ། ཀུན་དགའ་བོ་ཤིང་ནྱ་གྲོ་དྷ་དེ་ས་བོན་ཆུང་ངུ་ལས་སྐྱེས་ནས་རིམ་གྱིས་འཕེལ་ཞིང་བདོ་སྟེ་རྒྱས་པ་དང་ཡངས་པར་འགྱུར་བ་དེ་བཞིན་དུ། ཀུན་དགའ་བོ་ཤཱཀྱ་ཐུབ་པའི་སྒྲ་ཐོས་པའི་ས་བོན་དེ་ཡང་ རིམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྒྲུབ་པར་འགྱུར་ཏེ། ཆུད་ཟ་བར་མི་འགྱུར། རབ་ཏུ་ཆུད་ཟ་བར་མི་འགྱུར་རུལ་བར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་ཆོས་ཐམས་ཅད་ཀྱི་ས་བོན་འདི་ནི་གནས་པ་མེད་པ་སྟེ། དེའི་ཕྱིར་རབ་ཏུ་ཆུད་ཟ་བར་མི་ འགྱུར་རོ། །ཀུན་དགའ་བོ་ཆོས་ཐམས་ཅད་ཀྱི་ས་བོན་འདི་ནི་ཆུད་མི་ཟ་བ་སྟེ། དེའི་ཕྱིར་ཆུད་མི་ཟ་བར་འགྱུར་རོ། །ཀུན་དགའ་བོ་ཆོས་ཐམས་ཅད་ཀྱི་ས་བོན་འདི་ནི་མངོན་པར་ཞེན་པ་མེད་པ་སྟེ། དེས་ན་རུལ་བར་མི་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་ཀུན་ དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅི་ལགས། འདི་བཅོམ་ལྡན་འདས་ཀྱི་སྔོན་གྱི་སྨོན་ལམ་ལགས་སམ། འོན་ཏེ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཐོས་པ་དོན་མཆིས་པ