Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 065_མདོ་སྡེ།_ཞ
Văn bản gốc(Tây Tạng)
Trang 16 / 19 (50.000 ký tự/trang)
་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུར་འདུ་ཤེས་པ་དང་། ཕྱིར་མི་འོང་བའི་འབྲས་བུར་འདུ་ཤེས་པ་དང་། དགྲ་ བཅོམ་པ་ཉིད་ཀྱི་འབྲས་བུར་འདུ་ཤེས་པ་དང་། རང་སངས་རྒྱས་ཉིད་དུ་འདུ་ཤེས་པ་མང་དུ་མཆིས་ན། དེ་དག་གི་འདུ་ཤེས་རྣམ་པར་དགྲོལ་བའི་སླད་དུ་བཅོམ་ལྡན་འདས་ཀྱིས་གང་ལ་དགོངས་ཏེ། རྒྱུན་དུ་ཞུགས་པའི་འབྲས་བུ་བསྟན་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་བསྟན་པ་དང་། བཅོམ་ལྡན་འདས་ཀྱིས་གང་ལ་དགོངས་ཏེ། རང་སངས་རྒྱས་ཉིད་ཀྱི་བསྟན་པ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཅང་མི་གསུང་བས་གནང་ བར་མཛད་དོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་མདང་འདིར་ནམ་གྱི་ཆ་སྨད་ལ་མཆིས་ལངས་ནས། གནས་ཁང་ནས་བྱུང་སྟེ། འཇམ་དཔལ་གཞོན་ནུར་གྱུར་པའི་གནས་ཁང་ག་ལ་བ་དེར་ མཆིས་ནས་སོན་ཏེ། འཇམ་དཔལ་གཞོན་ནུར་གྱུར་པའི་གནས་ཁང་དུ་འཇུག་ཅེས་བགྱིས་ན། བཅོམ་ལྡན་འདས་ཀྱི་བཞུགས་ཁང་མཐོང་སྟེ། བཅོམ་ལྡན་འདས་ཀྱི་བཞུགས་ཁང་གི་ཁོར་ཡུག་ནས་པད་མ་ཁྲི་ཡང་མཐོང་། རོལ་མོའི་སྒྲ་ཆེན་པོ་དང་། གླུའི་སྒྲ་ཆེན་པོ་ ཐོས། པད་མ་དེ་དག་ལས་འོད་བྱུང་བ་ཡང་མཐོང་། འོད་དེས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཐམས་ཅད་གདའ་བར་གྱུར་པ་དང་། མཉན་དུ་ཡོད་པའི་གྲོང་ཁྱེར་ཐམས་ཅད་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་གདའ་བར་གྱུར་པ་ཡང་མཐོང་ན་ བཅོམ་ལྡན་འདས་འདི་སུའི་སྔ་ལྟས་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་འདི་ནི་གང་གི་ཕྱིར་འཇམ་དཔལ་གྱིས་བསྐུལ་བའི་ཆོས་འདི་བསྟན་པའི་སྔ་ལྟས་སོ། །དེ་ནས་ བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་མ་དང་འདིར་ནམ་གྱི་ཆ་སྨད་ཀྱི་ཐུན་ལ་གནས་ཁང་གི་ནང་ན་མཆིས་བཞིན་དུ་སྐར་ཁུང་གི་གསེབ་ནས་འོད་མཆིས་པ་མཐོང་ནས་བདག་གནས་ཁང་ནས་འབྱུང་སྙམ་སྟེ་ཁྲི་ ལས་ལངས་པ་དང་། གདུགས་མ་ཤར་བར་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་བས་པར་གདའ་བར་གྱུར་ཅིང་། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་བས་པར་ཆབ་དང་བ་སྔོ་བ་གསལ་བས་བལྟམས་ལ་འདི་ན་ཞུགས་ཤིང་ཡང་མ་མཆིས། གཙུག་ལག་ཁང་ཡང་མ་མཆིས་པར་མཐོང་ན་བཅོམ་ལྡན་ འདས་འདི་སུའི་སྔ་ལྟས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་འདི་ནི་གང་གི་ཕྱིར་འཇམ་དཔལ་གཞོན་ནུར་གྱུར་པས་བསྐུལ་བ་རྙོག་པ་མེད་པའི་ཆོས་བསྟན་པ་འདིའི་སྔ་ལྟས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚེ་དང་ལྡན་པ་ཀུན་དགའ་ བོ་ལ་ཚིགས་སུ་བཅད་དེ་བཀའ་སྩལ་པ། འཇམ་པའི་དབྱངས་ནི་འཇིགས་མེད་པ། །འདི་ཡིས་གང་ཕྱིར་དྲིས་པ་ཡི། །ཡེ་ཤེས་འདི་ནི་རྙོག་པ་མེད། །སངས་རྒྱས་ཡེ་ཤེས་བླ་ན་མེད། །འཇམ་པའི་དབྱངས་ནི་འཇིགས་མེད་པ། །ཡེ་ཤེས་ལྡན་པས་གང་ཕྱིར་ དྲིས། །ཡེ་ཤེས་འདི་ནི་རྣམ་རྟོག་མེད། །སྤྲོས་པ་མེད་ཅིང་ཟག་པ་མེད། །འདི་ལས་དངོས་པོ་གྲུབ་པ་མེད། །མ་གྲུབ་པ་ཡང་དེ་བཞིན་ནོ། །ཐམས་ཅད་སྤངས་པའི་ཡེ་ཤེས་ནི། །འཇམ་པའི་དཔལ་གྱིས་ཡོངས་སུ་དྲིས། །འདི་ལ་འབྲས་བུ་གྲུབ་པ་མེད། །རྣམ་པ་ ཀུན་ཏུ་མེད་པར་བརྗོད། །འདི་ནི་འཇིག་རྟེན་རྣམས་ཀྱི་མགོན། །སྐྱོབ་པ་རྣམས་ཀྱི་ལྡེམ་པོ་ངག །འཇམ་དབྱངས་འཇིགས་པ་མེད་པ་ཡིས། །གང་གི་ཆེད་དུ་ཡོངས་དྲིས་པ། །འདི་ལ་སྒྲ་ནི་མེད་པ་སྟེ། །སྒྲ་རྣམས་ཐམས་ཅད་མཉམ་པར་གྱུར། །དེ་སྐད་ ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅི་ལགས། འཇམ་དཔལ་གཞོན་ནུར་གྱུར་པ་ཕྱིར་མི་ལྡོག་པའི་འཁོར་ལོའི་སླད་དུ་ཡོངས་སུ་ཞུ་ལགས་སམ། བཀའ་སྩལ་པ། ཀུན་དགའ་བོ་དེ་དེ་བཞིན་ཏེ། ཀུན་དགའ་བོ་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཕྱིར་མི་ལྡོག་པའི་འཁོར་ལོ་བསྐོར་བ་དག་གོ། །གསོལ་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ཅི་ལ་དགོངས་ཏེ། དད་པས་རྗེས་སུ་འབྲང་བ་བསྟན། ཆོས་ཀྱི་རྗེས་སུ་འབྲང་བ་བསྟན། དེ་བཞིན་དུ་བཅོམ་ ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཅི་ལ་དགོངས་ཏེ། བརྒྱད་པ་དང་། རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། ཉན་ཐོས་དགྲ་བཅོམ་པ་དང་། རང་སངས་རྒྱས་བསྟན། བཅོམ་ ལྡན་འདས་དེ་བཞིན་གཤེགས་པས་གང་ལ་དགོངས་ཏེ། དད་པས་རྗེས་སུ་འབྲང་བ་ཡོངས་སུ་བསྟན་པ་དང་། དེ་བཞིན་དུ་དེ་བཞིན་གཤེགས་པས་གང་ལ་དགོངས་ཏེ། ཆོས་ཀྱི་རྗེས་སུ་འབྲང་བ་དང་། བརྒྱད་པ་དང་། རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་ དང་། ཕྱིར་མི་འོང་བ་དང་། ཉན་ཐོས་དགྲ་བཅོམ་པ་དང་། རང་སངས་རྒྱས་ཡོངས་སུ་བསྟན་པ་དེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་བྱང་ཆུབ་སེམས་དཔའི་ཆོས་ཉིད་ཀྱང་དེ་ཉིད་ལགས་པར་དེ་ལྟར་ཡོངས་སུ་བསྟན་ཏམ། ཅི་ལགས་བཅོམ་ལྡན་འདས་ཀྱིས་ བསྟན་དུ་གསོལ། བཀའ་སྩལ་པ། ཀུན་དགའ་བོ་དེ་དེ་བཞིན་ཏེ། དེ་བཞིན་གཤེགས་པས་དེ་དག་ཉིད་བྱང་ཆུབ་སེམས་དཔའི་ཆོས་ཞེས་དེ་སྐད་ཡོངས་སུ་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་སྙིགས་མ་ལྔའི་ཚེ་སྐྱེས་པའི་སེམས་ཅན་དག་ནི་དམན་པ་ལ་མོས་པ་དག་སྟེ། དེ་དག་ སངས་རྒྱས་ཀྱི་ཡེ་ཤེས་ལ་མ་མོས་པས། ཀུན་དགའ་བོ་སངས་རྒྱས་བཅོམ་ལྡན་འདས་ཐབས་ལ་མཁས་པ་དག་ཐབས་མཁས་པས་དེ་ལྟར་དེ་དག་ལ་ཆོས་སྟོན་ཏོ། །ཀུན་དགའ་བོ་སེམས་ཅན་གང་དག་རྒྱ་ཆེན་པོ་ལ་མོས་པ་དེ་དག་ནི་ཉུང་སྟེ། ཀུན་དགའ་བོ་སེམས་ཅན་གང་དག་དམན་པ་ལ་མོས་ པ་དེ་དག་གི་ཆེད་དུ་དེ་བཞིན་གཤེགས་པ་ཐབས་མཁས་པ་དེ་ལྟ་བུས་ཆོས་སྟོན་ཏོ། །ཐབས་འདིས་སངས་རྒྱས་ཀྱི་ཆོས་སྟོན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་ཅང་མི་གསུང་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་འཇམ་དཔལ་གཞོན་ ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ཅིའི་ཕྱིར་དེ་བཞིན་གཤེགས་པ་ཅང་མི་གསུང་བས་འདའ་བར་མཛད། འཇམ་དཔལ་གྱིས་སྨྲས་པ། བཙུན་པ་ཀུན་དགའ་བོ་སེམས་ཅན་གང་དག་ཆོས་བསྟན་པ་འདི་ལྟ་བུ་ལ་མོས་པ་དེ་དག་ནི་ཉུང་ངོ་། །དགྲ་བཅོམ་ པའོ་སྙམ་པའི་སེམས་དང་ལྡན་པའི་དགྲ་བཅོམ་པ་འདི་དག་ནི་ཤིན་ཏུ་མང་ངོ་། །བཙུན་པ་ཀུན་དགའ་བོ་སེམས་ཅན་གང་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཅི་ལ་དགོངས་ཏེ། ཆོས་བསྟན་ཅེས་དེ་བཞིན་གཤེགས་པའི་དགོངས་ ཏེ་གསུངས་པ་ཀུན་དུ་ཤེས་པ་དེ་དག་ནི་ཉུང་ངོ་། །ཁོ་བོ་ནི་འདི་ལ་མངོན་སུམ་མོ། །འཁོར་བཞི་པོ་དེ་དག་ཇི་ལྟར་ད་ལྟར་དེ་བཞིན་གཤེགས་པས་དད་པས་རྗེས་སུ་འབྲང་བ་རྣམ་པར་གཞག་པ་མཛད་ཅེས་བྱ་བ་ནས། དེ་བཞིན་དུ་རྒྱ་ཆེར་རང་སངས་རྒྱས་ཀྱི་བར་དུ་རྣམ་པར་གཞག་ པ་མཛད་ཅེས་ཐེ་ཙོམ་དུ་གྱུར་པ་དག་གོ། །བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་མང་པོ་འདི་དག་དེ་བཞིན་གཤེགས་པས་ཅི་ལ་དགོངས་ཏེ། དད་པས་རྗེས་སུ་འབྲང་བ་ཡོངས་སུ་བསྟན་ཅེས་བྱ་བ་ནས། དེ་བཞིན་གཤེགས་པས་ཅི་ལ་དགོངས་ཏེ། རང་སངས་རྒྱས་ཀྱི་བར་དུ་ ཡོངས་སུ་བསྟན་ཅེས། དཔྱོད་པར་གྱུར་པས་ཆུ་ཐམས་ཅད་ཀྱང་ཐོགས་ཤིང་མི་འབབ། བྱ་རྣམས་ཀྱང་ནམ་མཁའ་ལ་མི་འཕུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་བསྟན་པ་འདི་ནི་མོས་པར་དཀའ་བ་སྟེ། དེ་ལྟར་ན་དེ་བཞིན་གཤེགས་པ་ཅང་མི་གསུང་བས་འདའ་བར་མཛད་ དོ། །དེ་ནས་པད་མ་ཁྲི་པོ་དེ་དག་དེ་བཞིན་གཤེགས་པའི་བཞུགས་ཁང་གི་ཁོར་ཡུག་ཏུ་ཡོངས་སུ་འགྲོ་སྟེ། དེ་དག་ལས་བདག་ཅག་གིས་སངས་རྒྱས་བྱེ་བ་ཁྲག་ཁྲིག་ཕྲག་དགུ་བཅུ་རྩ་དགུ་ལས་ཆོས་བསྟན་པ་འདི་ས་ཕྱོགས་འདི་ཉིད་དུ་ཐོས་ལགས་ན། བཅོམ་ལྡན་ འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཕྱིར་མི་ལྡོག་པའི་འཁོར་ལོའི་ཆོས་བསྟན་པ་ལ་བརྩམས་ཏེ། ཆོས་བསྟན་དུ་གསོལ་ཞེས་དེ་བཞིན་གཤེགས་པ་ལ་གསོལ་བ་ཐོབ་ཤིག་ཅེས་སྒྲ་དེ་ལྟ་བུ་བྱུང་ངོ་། །དེ་ནས་ཚེ་དང་ལྡན་པ་ཤཱ་ རིའི་བུས་བཅོམ་ལྡན་འདས་ལ་གསོལ་བ་བཏབ་པ། བདག་གིས་མདང་ནམ་གྱི་ཆ་སྨད་ཀྱི་ཐུན་ལ་འཇམ་དཔལ་གཞོན་ནུར་གྱུར་པ་དང་ལྷན་ཅིག་ཤར་ཕྱོགས་སུ་སངས་རྒྱས་བཅོམ་ལྡན་འདས་གྲངས་མ་མཆིས་པ་དག་ལས་ཆོས་བསྟན་པ་འདི་ཉིད་ཐོས་ཤིང་། དེ་བཞིན་དུ་ལྷོ་ཕྱོགས་ དང་། ནུབ་དང་། བྱང་དང་། འོག་དང་། སྟེང་དང་། ཕྱོགས་མཚམས་རྣམས་སུ་སངས་རྒྱས་བཅོམ་ལྡན་འདས་གྲངས་མ་མཆིས་པ་དག་ལས་ཆོས་བསྟན་པ་འདི་ཉིད་ཐོས་ལགས་ན། བཅོམ་ལྡན་འདས་ཕྱིར་མི་ལྡོག་པའི་འཁོར་ལོའི་ཆོས་བསྟན་པ་བཤད་དུ་གསོལ། དེ་ ནས་བར་སྣང་ལ་གནས་པའི་ལྷ་བྱེ་བ་ཁྲག་ཁྲིག་ཕྲག་བརྒྱད་ཅུ་རྩ་ལྔས་དེ་བཞིན་གཤེགས་པ་ལ་གསོལ་བ་བཏབ་པ། བདག་ཅག་གིས་སངས་རྒྱས་བྱེ་བ་ཁྲག་ཁྲིག་ཕྲག་དགུ་བཅུ་རྩ་གཉིས་དག་ལས་ཆོས་བསྟན་པ་འདི་ས་ཕྱོགས་འདི་ཉིད་དུ་ཐོས་ལགས་ན། བཅོམ་ལྡན་འདས་དེ་ བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཕྱིར་མི་ལྡོག་པའི་འཁོར་ལོའི་ཆོས་བསྟན་པ་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །དེ་བཞིན་གཤེགས་པས་གང་ལ་དགོངས་ ཏེ། དད་པས་རྗེས་སུ་འབྲང་བ་ཡོངས་སུ་བསྟན་པ་དང་། ཆོས་ཀྱིས་རྗེས་སུ་འབྲང་བ་ཡོངས་སུ་བསྟན་པ་དང་། དེ་བཞིན་དུ་རྒྱ་ཆེར་བརྒྱད་པ་དང་། རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། ཉན་ཐོས་དགྲ་བཅོམ་པ་དང་། རང་སངས་རྒྱས་ ཡོངས་སུ་བསྟན་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བསྟན་དུ་གསོལ། བཅོམ་ལྡན་འདས་འཁོར་བཞི་པོ་ལུད་པའི་སྒྲ་ཡང་མི་འབྱིན་པར་ཅང་མི་སྨྲ་བར་མཆིས་པ་འདི་དག་དང་། བཅོམ་ལྡན་འདས་སྲོག་ཆགས་བརྒྱ་ སྟོང་མང་པོ་ཐེ་ཙོམ་དང་། སོམ་ཉི་འཚལ་བར་གྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཅི་ལ་དགོངས་ནས་དད་པས་རྗེས་སུ་འབྲང་བ་ཡོངས་སུ་བསྟན་ཅིང་། དེ་བཞིན་དུ་རྒྱ་ཆེར་རང་སངས་རྒྱས་ཀྱི་བར་དུ་ཡོངས་སུ་བསྟན་སྙམ་པ་ དེ་དག་གི་ཐེ་ཙོམ་བསལ་དུ་གསོལ། མང་པོ་འདི་དག་ནི་དཔང་དུ་གྱུར་པ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་དེ་དེ་བཞིན་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་ནི་དཔང་དང་བཅས་པར་ཆོས་སྟོན་ཏོ། །གསོལ་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་དཔང་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་དཔང་ནི་ཆོས་ཡིན་ནོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་ཆོས་ཀྱི་སྟོབས་དང་ལྡན་པ་སྟེ། དེ་དག་གིས་ཆོས་དེ་དག་ཇི་ལྟ་བར་མངོན་དུ་བྱས་པ་དེ་ལྟར་བསྟན་ ཏོ། །ཀུན་དགའ་བོ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཚུལ་བཞིན་དུ་ཡིད་ལ་གྱིས་ཤིག་དང་། ཇི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་དད་པས་རྗེས་སུ་འབྲང་བར་ཡོངས་སུ་ བསྟན་པ་དང་། དེ་བཞིན་དུ་ཆོས་ཀྱི་རྗེས་སུ་འབྲང་བ་དང་། བརྒྱད་པ་དང་། རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། ཉན་ཐོས་དགྲ་བཅོམ་པ་དང་། རང་སངས་རྒྱས་སུ་ཡོངས་སུ་བསྟན་པ་ངས་ཁྱོད་ལ་བཤད་དོ། །བཅོམ་ལྡན་འདས་ ལེགས་སོ་ཞེས་གསོལ་ཏེ། ཚེ་དང་ལྡན་པ་ཀུན་དགའ་བོས། བཅོམ་ལྡན་འདས་ཀྱི་ལྟར་མཉན་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སེམས་ཅན་གྲངས་མེད་ དཔག་ཏུ་མེད་པ་དག་ཆགས་པ་མེད་པས་སངས་རྒྱས་མཐོང་བར་བྱ་བའི་ཕྱིར་ཡང་དད་པར་བྱེད་ལ། སངས་རྒྱས་ཀྱི་ཆོས་དེ་དག་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ཞིང་། དེ་གཟུགས་ལ་མི་ཆགས། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་ པར་ཤེས་པ་ལ་མི་ཆགས་པ་འདི་ནི་ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དད་པས་རྗེས་སུ་འབྲང་བ་ཞེས་བྱའོ། །ཀུན་དགའ་བོ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཆོས་འདི་དག་ཐམས་ཅད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་ དག་པར་རྫོགས་པའི་སངས་རྒྱས་ཀྱིས་སྟོང་པར་བཤད་པར་ཡིད་ཆེས་པར་བྱེད་ན། ཀུན་དགའ་བོ་དེ་ལྟར་མོས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དད་པས་རྗེས་སུ་འབྲང་བ་ཞེས་བྱའོ། །ཀུན་དགའ་བོ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ སངས་རྒྱས་ཀྱི་ཡེ་ཤེས་ལ་ཡིད་ཆེས་པར་བྱེད་ཅིང་། དེ་ལ་འདོད་པ་ཡང་སྐྱེད་ལ། ནམ་ཞིག་ན་བདག་ཡེ་ཤེས་འདི་ལྟ་བུ་དང་ལྡན་པར་འགྱུར་སྙམ་དུ་ཡེ་ཤེས་དེ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ན། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དད་པས་རྗེས་སུ་ འབྲང་བ་ཞེས་བྱ་བའི་མིང་ཐོབ་བོ། །ཀུན་དགའ་བོ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ། འདོད་པའི་ཡོན་ཏན་ལྔ་ལ་དད་པ་མ་ཡིན་ལ། དད་པའི་སྟོབས་བསྐྱེད་པ་རྗེས་སུ་ཐོབ་ན། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དད་ པས་རྗེས་སུ་འབྲང་བར་རིག་པར་བྱའོ། །ཡང་ཇི་ལྟར་དེ་བཞིན་གཤེགས་པས་བྱིན་པ་ལྟར་ཆོས་ཀྱི་སྦྱིན་པ་བསམ་གྱིས་མི་ཁྱབ་པ་སྦྱིན་པར་བྱ་བ་གང་ཡིན་པ་དེ་ལྟ་བུར་ནམ་ཞིག་ན་འགྱུར་ཞིག་གུ་སྙམ་ཞིང་ཆོས་ཀྱི་སྦྱིན་པ་བསམ་གྱིས་མི་ཁྱབ་པ་དེ་ལ་ཡང་ཡིད་ཆེས་པར་བྱེད་ན། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཡང་དད་པས་རྗེས་སུ་འབྲང་བ་ཞེས་བྱའོ། །ཀུན་དགའ་བོ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཞུམ་པ་མེད་པའི་ཡིད་ཀྱིས་བཏང་བ་ཐམས་ཅད་ཡོངས་སུ་གཏོང་བ་ཡིན་ཏེ། དེ་ལུས་ཀྱང་ཡོངས་སུ་གཏོང་ ཡང་སྦྱིན་པས་དག་པར་མི་སེམས་ཤིང་ཐམས་ཅད་དུ་ཡང་སེར་སྣ་མེད་པ་ཡིན་ལ། དེ་ཐམས་ཅད་ཀྱང་བྱང་ཆུབ་ཏུ་ཡོངས་སུ་སྔོ་ཞིང་། བྱང་ཆུབ་དེ་ཡང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ཡང་དག་པར་རྗེས་སུ་མི་མཐོང་བ་དེ་ནི་དད་པས་རྗེས་སུ་འབྲང་བ་ཞེས་བྱའོ། །ཀུན་ དགའ་བོ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སངས་རྒྱས་ལ་དད་པ་ཕུན་སུམ་ཚོགས་པ་ཡིན། སེམས་རྙོག་པ་མེད་པ་ཡིན། རྙོག་པ་མེད་པའི་ཆོས་ལ་ཡིད་ཆེས་པ་ཡིན། སྐྱེ་མཆེད་དྲུག་ཀྱང་མི་འདོར་ལ། དེ་དེ་དག་དོན་དུ་གཉེར་བ་ཡང་མ་ཡིན། དད་པས་ མོས་པ་ཡིན། སེམས་ཅན་གང་དག་དད་པ་དང་མི་ལྡན་པ་དེ་དག་ཀྱང་དད་པ་ལ་འཛུད་ཅིང་སངས་རྒྱས་ཀྱི་ཆོས་ལ་དད་པར་བྱེད་པ་ཡིན། དད་པ་དང་ལྡན་པར་གྱུར་ནས་ཀྱང་བྱང་ཆུབ་ཏུ་སེམས་སྐྱེད་ཅིང་སེམས་དེ་ཡང་མི་རྙེད་པ་ཡིན། དད་ནས་མཉམ་པ་ཉིད་དུ་ཤེས་ཤིང་ཆོས་ཀྱི་དབྱིངས་ མཉམ་པ་ཉིད་དུ་ཤེས་ཏེ། དེ་ནི་ཇི་ལྟར་ཤེས་ཞེ་ན། དེ་ནི་ཐ་སྙད་ཀྱིས་ཆོས་ཀྱི་དབྱིངས་སོ་ཞེས་བརྗོད་པར་བྱ་སྟེ། དབྱིངས་དེ་ཡང་མི་རྙེད། འདུ་བྱེད་ཐམས་ཅད་མི་རྟག་པ་དང་། འདུ་བྱེད་ཐམས་ཅད་སྡུག་བསྔལ་བ་དང་། འདུ་བྱེད་ཐམས་ཅད་སྟོང་པ་དང་། འདུ་བྱེད་ ཐམས་ཅད་བདག་གི་བ་མེད་པར་ཡིད་ཆེས་པར་བྱེད་ཅིང་དེ་ལ་ཡང་སྟོབས་བསྐྱེད་པ་ཐོབ་པ་ཡིན། འཕགས་པའི་ཚུལ་ཁྲིམས་ལ་ཡིད་ཆེས་པ་ཡིན། སྤྲོས་པ་མེད་པའི་ཏིང་ངེ་འཛིན་ལ་ཡང་སྙོམས་པར་ཞུགས་པ་ཡིན། སེམས་ཅན་ཐམས་ཅད་འགོག་པའི་དབྱིངས་སུ་མཉམ་མོ་ ཞེས་འགོག་པའི་དབྱིངས་ལ་ཡིད་ཆེས་པ་ཡིན། དད་པ་གང་གིས་ཡིད་ཆེས་པ་དེའི་མཚན་ཉིད་ཁོ་ནར་ཡང་དག་པར་རྗེས་སུ་མཐོང་ཞིང་མི་ཆགས་སོ། །མ་ཆགས་ནས་ཀྱང་སེམས་ཅན་ཐམས་ཅད་ཆོས་ཀྱི་དབྱིངས་སུ་ཡང་དག་པར་རྗེས་སུ་མཐོང་ལ་ཆོས་ཀྱི་དབྱིངས་དེ་ཡང་ཡང་ དག་པར་རྗེས་སུ་མི་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་དབྱིངས་ཉིད་སེམས་ཅན་ཐམས་ཅད་ཀྱི་སེམས་མེད་པའི་དབྱིངས་ཏེ། དེ་དེ་ལྟར་ཡིད་ཆེས་ཤིང་ཆོས་དེ་དག་ཇི་ལྟ་བར་སེམས་ཀྱང་དེ་བཞིན་དུ་ཡིད་ཆེས་པར་བྱེད་དེ། དེ་ལྟ་བུ་ནི་དད་པས་རྗེས་སུ་འབྲང་བ་ཞེས་ བྱའོ། །ཀུན་དགའ་བོ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཡང་དག་པར་ན་སེམས་ཅན་ཐམས་ཅད་གང་ལ་ཡང་མི་གནས་པར་ཡིད་ཆེས་ཤིང་སེམས་ཅན་ཐམས་ཅད་རང་བཞིན་གྱིས་སྟོང་པས། དེ་དག་གི་གནས་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ལ། སེམས་ ཅན་ཐམས་ཅད་མྱ་ངན་ལས་འདས་པའི་དབྱིངས་སུ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་དད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དད་པས་རྗེས་སུ་འབྲང་བ་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །སངས་ རྒྱས་མཐོང་བ་ཆགས་མེད་ལ། །སེམས་ཅན་དཔག་མེད་དད་པར་བྱེད། །དེ་ནི་དེ་ལ་ཆགས་པ་མེད། །དེ་ཕྱིར་བློ་ལྡན་དད་པས་འབྲང་། །ཆོས་འདི་ཐམས་ཅད་སྟོང་པ་ཞེས། །རབ་ཏུ་བཤད་པར་ཡིད་ཀྱང་ཆེས། །དེ་ནི་དེ་ཡི་མོས་ཡིན་ཏེ། །དེ་ཕྱིར་དད་པས་འབྲང་བར་འདོད། ། བདེ་གཤེགས་ཡེ་ཤེས་ཡིད་ཆེས་ཏེ། །ནམ་ཞིག་འདི་འདྲར་ཤེས་ལྡན་ཞེས། །དེ་ལ་འདོད་པ་འཇུག་བྱེད་ཅིང་། །ཤེས་པ་དེ་ཡང་མཐོང་མ་ཡིན། །འདོད་པའི་ཡོན་ཏན་རྣམ་ལྔ་ལ། །རྟག་ཏུ་དད་པ་མ་ཡིན་ཏེ། །དད་པའི་སྟོབས་ནི་རྗེས་ཐོབ་པ། །དེ་ཕྱིར་དད་པས་འབྲང་བར་ གསུངས། །ཇི་ལྟར་བཅོམ་ལྡན་བྱིན་པ་ལྟར། །ཆོས་སྦྱིན་བསམ་གྱིས་མི་ཁྱབ་འདི། །སྦྱིན་པ་ན་མ་ཞིག་སྦྱིན་སྙམ་པ། །དེ་ཕྱིར་དད་པས་འབྲང་བར་གསུངས། །དེ་ནི་སློང་ལ་དད་པ་ཡིས། །ལུས་ཀྱང་ཐམས་ཅད་གཏོང་བར་བྱེད། །སྦྱིན་ལ་སྦྱིན་པའི་འདུ་ཤེས་མེད། །དེ་ཕྱིར་ བརྟན་པ་དད་པས་འབྲང་། །དད་པས་ཐམས་ཅད་གཏོང་བྱེད་ཅིང་། །ཐམས་ཅད་ལ་ཡང་སེར་སྣ་མེད། །དེ་དག་ཐམས་ཅད་བྱང་ཆུབ་གཞོལ། །བྱང་ཆུབ་དེ་ཡང་མཐོང་མ་ཡིན། །རྫོགས་སངས་རྒྱས་ལ་དད་པས་དང་། །དེ་ཡི་སེམས་ནི་རྙོག་པ་མེད། །སེམས་མེད་པ་ཡི་ཆོས་ སྟོན་ཏོ། །དེ་ཕྱིར་དད་པས་འབྲང་བར་གསུངས། །སེམས་ཅན་གང་དག་དད་མི་ལྡན། །དེ་དག་དད་ལ་འཛུད་བྱེད་ཅིང་། །དྲི་མེད་ཆོས་ལ་དད་པར་བྱེད། །དེ་ཕྱིར་དད་པས་འབྲང་བར་གསུངས། །དད་པའི་སེམས་དང་ལྡན་གྱུར་ནས། །སེམས་ནི་བྱང་ཆུབ་འཇུག་པར་བྱེད། །སེམས་ དེ་ཡང་ནི་མི་རྙེད་དེ། །དེ་ཕྱིར་བརྟན་པ་དད་པས་འབྲང་། །ཆོས་ཀྱི་དབྱིངས་ནི་རྟག་མཉམ་པར། །དད་པས་མཉམ་པ་ཉིད་དུ་ཤེས། །དབྱིངས་དེ་ཡང་ནི་མི་རྙེད་ལ། །དབྱིངས་ཞེས་ཐ་སྙད་འདོགས་པའང་མེད། །འདུ་བྱེད་ཐམས་ཅད་མི་རྟག་དང་། །སྡུག་བསྔལ་སྟོང་པ་ བདག་མེད་པར། །ཡིད་ཆེས་དེ་ཡིས་སྟོབས་བསྐྱེད་པས། །དེ་ཕྱིར་དད་པས་འབྲང་བར་གསུངས། །ཟག་མེད་ཚུལ་ཁྲིམས་ཡིད་ཆེས་ལ། །རྙོག་པ་མེད་ཅིང་སྤྲོས་མེད་པ། །ཞི་བའི་དབྱིངས་ལ་མཉམ་གཞག་པ། །དེ་ཕྱིར་བློ་ལྡན་དད་པས་འབྲང་། །སེམས་ཅན་ ཐམས་ཅད་དབྱིངས་མེད་དང་། །མྱ་ངན་འདས་པའི་དབྱིངས་ཡིད་ཆེས། །དད་པ་གང་གིས་ཡིད་ཆེས་པ། །དད་པ་དེ་ཡང་དེའི་མཚན་ཉིད། །ཆོས་ཀྱི་དབྱིངས་ལ་ཆགས་མེད་པས། །སེམས་ཅན་དབྱིངས་ཀྱང་མཐོང་མ་ཡིན། །ཡེ་ཤེས་ལྡན་པ་ཆོས་ཀྱི་དབྱིངས། །བསམ་ གྱིས་མི་ཁྱབ་དེ་མི་མཐོང་། །བྱང་ཆུབ་སེམས་དཔའ་འཇིགས་མེད་པ། །ཆོས་འདི་ཇི་ལྟར་འདི་འདྲ་བར། །དེ་ལྟར་དད་པས་ཡིད་ཆེས་པ། །དེ་ཕྱིར་དད་དང་ལྡན་པར་གསུངས། །ཡང་དག་ཉིད་དུ་སེམས་ཅན་ཀུན། །དེ་དག་ངོ་བོ་ཉིད་ཀྱིས་སྟོང་། །གང་ནའང་གནས་པ་མ་ཡིན་ ཏེ། །དེ་དག་གནས་ནི་ཡོད་མ་ཡིན། །སེམས་ཅན་ཐམས་ཅད་མྱ་ངན་འདས། །ཡང་དག་ཏུ་ན་དེ་ཡང་སྟོང་། །དེས་ན་མྱ་ངན་འདས་པ་དེ། །སྟོང་པ་ཉིད་དུ་ཡོངས་སུ་བརྗོད། །བྱང་ཆུབ་སེམས་དཔའ་འཇིགས་མེད་པ། །འཕགས་ཏེ་དེ་ལྟར་ཡིད་ཆེས་ཏེ། །དེས་ན་དད་པས་ རྗེས་འབྲང་ཞེས། །གྲགས་ལྡན་རྣམས་ཀྱིས་མིང་འཐོབ་བོ། །དད་པས་རྗེས་སུ་འབྲང་རྣམས་ཀྱི། །དད་པ་དེ་ནི་འདི་འདྲར་གསུངས། །ཀུན་དགའ་ཁྱོད་ཀྱིས་དེ་ལྟར་ཟུང་། །དེ་ལྟར་འདི་ནི་རབ་ཏུ་ཤོད། །ཀུན་དགའ་ཆོས་རྣམས་འདི་དག་དང་། །གཞན་ཡང་མང་པོ་མཐའ་ཡས་ པ། །ཆོས་དེ་དག་གིས་བློ་ལྡན་པ། །དད་པས་རྗེས་སུ་འབྲང་བ་བསྟན། །ཀུན་དགའ་བོ་དེ་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དད་པས་རྗེས་སུ་འབྲང་བར་ཡོངས་སུ་བསྟན་ཏེ། ཐབས་ མཁས་པས་དོན་དེ་ཉེ་བར་ཁྲིད་དོ།། །།བམ་པོ་གཉིས་པ། ཀུན་དགའ་བོ་ཇི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱི་རྗེས་སུ་འབྲང་བར་ཡོངས་སུ་བསྟན་ཅེ་ན། ཀུན་ དགའ་བོ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སངས་རྒྱས་ཀྱི་ཆོས་རྣམས་ལས་མི་ལྡོག་སྟེ། སངས་རྒྱས་ཀྱི་ཆོས་རྣམས་ཀྱང་འཛིན་ཅིང་རབ་ཏུ་སྟོན་ལ། དབྱིངས་དེ་ལས་ཀྱང་མི་འདའ་ཞིང་བསམ་གྱིས་མི་ཁྱབ་པའི་ཆོས་རྣམས་ཀྱང་རྗེས་སུ་ཐོབ་པ་ཡིན། བསྟི་སྟང་དུ་ བྱས་ཏེ། དེ་འཛིན་ཅིང་དེའི་སེམས་ཞུམ་པ་མེད་པ་ཡིན། ཆོས་ཀྱི་ངོ་བོ་ཉིད་ཀྱི་ཆོས་ཀྱི་རྒྱུན་དེ་ཡང་སྟོན་ལ་གང་དུ་ཡང་མངོན་པར་ཞེན་པ་མེད། ཅི་ནས་ཆོས་རྣམས་དང་། ཆོས་མ་ཡིན་པ་རྣམས་ལ་ཡང་མི་ཆགས་པར་གནས་པ་མེད་པ་དང་རྟེན་མེད་པའི་ཆོས་ཉིད་ཀྱང་སྟོན། ཆོས་ འདོད་པ་ཡིན་གྱི་ཆོས་མ་ཡིན་པ་འདོད་པ་མ་ཡིན། འཛིན་པ་མེད་པའི་ཚུལ་དུ་ཆོས་ཐམས་ཅད་འཛིན་ཏེ། བཟུང་ནས་ཀྱང་རབ་ཏུ་སྟོན་ཏོ། །དེས་ཤིང་འགྲོགས་ན་བདེ་བ་ཡིན་ནོ། །ཞི་བའི་ཆོས་དེ་ཡང་རབ་ཏུ་སྟོན་ལ་ཆོས་ཀྱི་དབྱིངས་དེ་ཡང་གཡོ་བར་མི་བྱེད། མངོན་པར་ཞེན་ པར་མི་བྱེད་དོ། །དེས་ཆོས་ཐམས་ཅད་ཀྱང་མཚན་ཉིད་མེད་པར་རྗེས་སུ་རྟོགས་པ་ཡིན་ཏེ། ཆོས་ཉིད་དེ་ལས་ཀྱང་མི་འདའོ། །དེ་ཅིའི་ཕྱིར་ཞེ་ན། དེ་མི་གནས་པའི་ཚུལ་དུ་ལུས་ལ་ལེགས་པར་གནས་པ་ཡིན་ནོ། །ཇི་ལྟར་ལེགས་པར་གནས་ཞེ་ན། ལུས་འདི་ནི་རྟག་ཏུ་ལུས་ མ་ཡིན་པ་ཞེས་དེ་ལྟར་ལེགས་པར་གནས་པ་ཡིན་ནོ། །ལུས་ཀྱི་ཆོས་ཉིད་ཀྱིས་ཐོག་མ་དང་། ཐ་མ་མ་ཡིན་པ་མཉམ་པར་བྱེད་དོ། །ལེན་པར་མི་བྱེད། ཁྱེར་བར་མི་བྱེད་པར་དེ་ལྟར་ཆོས་ཉིད་དེ་ཤེས་སོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་ རྣམས་ལ་གང་བསྟན་པའི་ཆོས་དེ་ཡང་རྗེས་སུ་ཐོབ་པ་ཡིན་ནོ། །ཆོས་ཐམས་ཅད་ལ་ཆགས་པ་མེད་པས་དྲི་མ་མེད་ལ་དག་པ་ཡང་མི་མཐོང་ངོ་། །ཆོས་གང་དག་མི་མཐོང་བ་དེ་དག་གང་ཡང་མི་འཛིན་ཏེ། ཆོས་ཀྱི་དབྱིངས་འདི་ནི་ཉོན་མོངས་པ་མེད་པ། མཚན་མ་མེད་པ། རང་བཞིན་མེད་ པ་བྱེད་པ་མེད་པ། དངོས་པོ་མེད་པ། སེམས་དང་བྲལ་བ། སེམས་མེད་པ་ཞེས་བསྟན་ཏོ། །གང་ལ་སེམས་མི་དམིགས་པ་དེ་སེམས་མེད་པ། ཐོབ་པ་མེད་པ་ཉེ་བར་ཞི་བ་ཞེས་བརྗོད་དོ། །དེ་ཐ་སྙད་མེད་པ། ཐ་སྙད་དང་བྲལ་བ། དམིགས་པ་མེད་པ་སྟེ། དེ་འཛིན་ཀྱང་ ཆོས་ཉིད་དངོས་པོ་མེད་པའི་ཕྱིར། གང་དུ་ཡང་གནས་པ་མ་ཡིན་ཏེ། ཆོས་ཉིད་དེས་རབ་ཏུ་ཕྱེའོ། །ཆོས་ཉིད་འདི་ནི་བདེན་པར་ན་བྱང་ཆུབ་སེམས་དཔའ་ལ་བསྟན་ཏེ། བསྲེས་པ་ཡང་མེད། རྣམ་པར་གཏོར་བ་ཡང་མེད། བཀག་པ་ཡང་མེད་དོ། །དེ་ལ་བསྙད་པ་འདི་ནི་འགྱུར་བ་ མེད་པ་སྟེ། ཅི་ལྟར་བསྙད་པ་དེ་ལྟར་ཐོབ་པས། དེས་ན་རིགས་ཀྱི་ས་ཞེས་བརྗོད་དོ། །དེ་ཐོབ་པས་རིགས་ཀྱི་ས་ཞེས་ཡོངས་སུ་བསྟན་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་རིགས་ཀྱི་ས་འདི་ཡང་རྗེས་སུ་ཐོབ་པ་ཡིན་ཏེ། ཆོས་ཕྲ་རབ་ཙམ་ཡང་འོང་བའམ་ འགྲོ་བར་ཡང་དག་པར་རྗེས་སུ་མི་མཐོང་ལ། འོང་བ་མེད་པ་དང་། འགྲོ་བ་མེད་པའི་ཆོས་ཐམས་ཅད་ཀྱང་འཛིན་ཅིང་གཡོ་བར་མི་བྱེད། རྣམ་པར་འཐོར་བར་མི་བྱེད། འདུ་བར་མི་བྱེད་ལ་གཏོར་བ་མེད་པ་དང་། འཛིན་པ་མེད་པའི་ཆོས་ཀྱང་འཛིན་ཏེ། དེས་ན་ཆོས་ཀྱི་རྗེས་སུ་འབྲང་ བ་ཞེས་བྱའོ། །ཆོས་ཉིད་ཐོབ་པ་དང་། ཆོས་ཐམས་ཅད་ཐོབ་པ་མེད་པས་ཆོས་ཀྱི་རྗེས་སུ་འབྲང་བ་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །སངས་རྒྱས་ཆོས་ལ་རྣམ་ཀུན་ཏུ། །ཆོས་ལས་ལྡོག་པར་མི་བྱེད་ཅིང་། ། ཆོས་ཉིད་འདི་དག་འཛིན་བྱེད་དེ། །དེ་ཕྱིར་ཆོས་རྗེས་འབྲང་ཞེས་གསུངས། །ཆོས་རྒྱུན་བསམ་གྱིས་མི་ཁྱབ་པ། །རྒྱུན་དེ་ལས་ཀྱང་འདའ་མི་བྱེད། །ཆོས་ཉིད་དེ་ནི་རྗེས་སུ་ཐོབ། །དེ་ཕྱིར་ཆོས་རྗེས་འབྲང་ཞེས་གསུངས། །སངས་རྒྱས་རྣམས་ཀྱིས་བཤད་པའི་ཆོས། ། བསྟི་སྟང་བྱས་ཏེ་དེ་དག་འཛིན། །དེ་ཡི་སེམས་ནི་ཞུམ་པ་མེད། །དེ་ཕྱིར་ཆོས་རྗེས་འབྲང་ཞེས་གསུངས། །ངོ་བོ་ཉིད་ཀྱིས་ཆོས་ཀྱི་རྒྱུན། །རྒྱུན་དེ་དེ་ཡིས་ཀུན་དུ་བསྟན། །ཆོས་ལ་མངོན་པར་ཞེན་པ་མེད། །དེ་ཕྱིར་ཆོས་འབྲང་ཤེས་པར་བྱ། །གནས་མེད་པ་ དང་རྟེན་མེད་པའི། །ཆོས་ཀྱི་རྒྱུན་ནི་ཡང་དག་རྟོགས། །ཆོས་ཉིད་དེ་ནི་འཛིན་བྱེད་དེ། །དེ་ཕྱིར་བློ་ལྡན་ཆོས་རྗེས་འབྲང་། །བྱང་ཆུབ་སེམས་དཔའི་ཆོས་ཉིད་གང་། །སངས་རྒྱས་ཀྱིས་ནི་བསྟན་མཛད་པ། །ཆོས་ཉིད་དེ་ནི་རྗེས་སུ་ཐོབ། །དེ་ཕྱིར་བློ་ལྡན་ཆོས་རྗེས་འབྲང་། ། དབྱིངས་ནི་ངོ་བོ་ཉིད་ཀྱིས་སྟོང་། །ཆོས་རྣམས་ཀུན་ལ་ངེས་མེད་པ། །ཆོས་ཉིད་དེ་ནི་འཛིན་པར་བྱེད། །དེ་ཕྱིར་བློ་ལྡན་ཆོས་རྗེས་འབྲང་། །དེས་ནི་ཆོས་རྣམས་ཐམས་ཅད་ལ། །སྟོང་པར་བརྟགས་ནས་སྐྱོན་མ་མཐོང་། །ཆོས་གང་མཐོང་བར་མ་གྱུར་པ། །དེ་དག་ལ་ནི་ འཛིན་པ་མེད། །ཆོས་ཀྱི་དབྱིངས་ཀྱི་དབྱིངས་འདི་ནི། །ཉོན་མོངས་མེད་ཅིང་མཚན་མ་མེད། །ངོ་བོ་ཉིད་ཀྱང་མེད་པར་བསྟན། །དེ་ནི་བརྗོད་མེད་དངོས་པོ་མེད། །དབྱིངས་འདི་སེམས་དང་བྲལ་བ་སྟེ། །སེམས་དེ་དམིགས་སུ་མེད་པ་ཡིན། །གང་ཕྱིར་སེམས་ནི་མི་ དམིགས་པ། །དེ་ཕྱིར་དེ་ནི་བསམ་ཡས་བརྗོད། །སེམས་པ་མེད་ཅིང་ཐོབ་པ་མེད། །ཉེ་བར་ཞི་བར་བརྗོད་པ་དེ། །བརྗོད་པ་མེད་ཅིང་དམིགས་པ་མེད། །དེས་ན་དེ་ནི་བསམ་ཡས་བརྗོད། །ཆོས་ཉིད་འདི་དག་འཛིན་བྱེད་ལ། །དེ་ནི་གང་དུའང་གནས་པ་མེད། །དངོས་པོ་ མེད་པས་མི་གནས་ཏེ། །དེ་ཕྱིར་ཆོས་རྗེས་འབྲང་ཞེས་གསུངས། །བྱང་ཆུབ་སེམས་དཔའ་དེ་ལ་ནི། །ཆོས་ཉིད་འདི་ནི་རབ་བསྟན་ཏེ། །བསྲེས་པ་མེད་ཅིང་བཞག་པ་མེད། །འགྱུར་བ་མེད་ཅིང་འོད་གསལ་བ། །གང་ལས་རིགས་ནི་རབ་བརྗོད་པ། །དེ་ནི་ འཕགས་པའི་སྤྱོད་ཡུལ་ཏེ། །དེ་ནི་རབ་ཏུ་ཐོས་པས་ན། །རིགས་ཀྱི་སར་ནི་ཡོངས་སུ་བརྗོད། །བྱང་ཆུབ་སེམས་དཔའ་མ་སྨད་པ། །རིགས་འདི་དང་ནི་རྗེས་འཐུན་པ། །དེ་ནི་དེ་ལྟར་འཛིན་བྱེད་པས། །དེ་ཕྱིར་ཆོས་རྗེས་འབྲང་ཞེས་གསུངས། །ཆོས་ཉིད་རབ་ཏུ་ཐོབ་ པས་ན། །དེ་ཆོས་རྗེས་སུ་འབྲང་བར་འདོད། །ཀུན་དགའ་འདི་ལས་དགོངས་ནས་ནི། །བྱང་ཆུབ་སེམས་དཔའ་རབ་ཏུ་བརྗོད། །ཆོས་ཀྱི་རྗེས་སུ་འབྲང་བ་ཞེས། །ངས་ནི་དགོངས་ཏེ་འདི་བཤད་དོ། །གང་དག་བྱང་ཆུབ་རིང་དུ་ཤེས། །དེ་དག་དེ་ལྟར་ཉེ་བར་ཁྲིད། །དེ་ལྟར་ བྱང་ཆུབ་སེམས་དཔའི་ཆོས། །མང་པོ་དག་ནི་ངས་བཤད་དེ། །དེ་ལྟ་བུ་ཡི་ཐབས་ཀྱིས་ནི། །སངས་རྒྱས་ཆོས་རྣམས་རབ་ཏུ་བསྟན། །ཀུན་དགའ་བོ་དེ་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཆོས་ཀྱི་རྗེས་སུ་འབྲང་བར་ཡོངས་སུ་བསྟན་ཏོ། །ཀུན་དགའ་བོ་ཇི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྒྱད་པར་ཡོངས་སུ་བསྟན་ཞེ་ན། ཀུན་དགའ་བོ་འདི་ལ་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ལོག་པ་ཉིད་བརྒྱད་ལས་ཤིན་ཏུ་འདས་པ་ཡིན་ཏེ། རྣམ་པར་ཐར་པ་བརྒྱད་ལ་རེག་ཅིང་ཡང་དག་པ་ཉིད་བརྒྱད་ལ་མངོན་པར་ཞེན་པ་ཡང་མེད་པ་ཡིན། སོ་སོའི་སྐྱེ་བོའི་ཆོས་ལས་ཤིན་ཏུ་འདས་པ་ཡིན། ལམ་ལ་ཡང་ ལེགས་པར་གནས་པ་ཡིན་ཏེ་བར་མ་ཉིད་ཐོབ་པ་ཡིན། སོ་སོའི་སྐྱེ་བོའི་ཆོས་ལས་ཀྱང་འདས་ལ། སངས་རྒྱས་ཀྱི་ཐེག་པ་ལ་མངོན་དུ་ཞུགས་པ་ཡང་ཡིན་ཞིང་བྱང་ཆུབ་དེ་ཡང་མི་རྙེད། ལོག་པར་ལྟ་བ་ལས་ཀྱང་ཤིན་ཏུ་འདས་ཤིང་ཡང་དག་པར་ལྟ་བ་ཡང་རྣམ་པར་བཤིག་ པ་ཡིན། མཉམ་པ་ཉིད་རྗེས་སུ་ཐོབ་ཅིང་འཇིག་ཚོགས་ལས་རྣམ་པར་འདས་པ་ཡིན། བྱང་ཆུབ་ཏུ་མངོན་དུ་ཞུགས་ཤིང་སངས་རྒྱས་ཀྱི་ལམ་རྗེས་སུ་ཐོབ་པ་ཡིན། དེ་སེམས་ཅན་དུ་འདུ་ཤེས་པ་བཟློག་པ་ཡིན། དེ་སངས་རྒྱས་སུ་འདུ་ཤེས་པ་རྣམ་པར་བཤིག་ པ་ཡིན། འདུ་ཤེས་མཉམ་པ་ཉིད་རྗེས་སུ་ཐོབ་པ་ཡིན། སེམས་ཅན་གྱི་གནས་ལས་ཤིན་ཏུ་འདས་པ་ཡིན། གནས་མེད་པ་ལ་ཡང་མངོན་དུ་ཞུགས་ལ་ཆོས་ཐམས་ཅད་ལ་མི་གནས་པ་ཡང་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གང་དག་དེའི་གནས་སུ་འགྱུར་བའི་ ཆོས་དེ་དག་མི་དམིགས་པའི་ཕྱིར་རོ། །འཇིག་རྟེན་པའི་ཆོས་རྣམས་ལས་རབ་ཏུ་འདས་ཤིང་། འཇིག་རྟེན་ལས་འདས་པའི་ཆོས་རྣམས་ལ་ཞུ་གསལ་འགོག་པའི་དབྱིངས་དང་ཆོས་ཀྱི་དབྱིངས་མཉམ་པ་ཐོབ་པ་ཡིན། འཇིག་རྟེན་པ་རྣམས་དང་། འཇིག་རྟེན་ལས་ འདས་པའི་ཆོས་རྣམས་མི་དམིགས་ཤིང་ཆོས་རྣམས་དང་། ཆོས་མ་ཡིན་པ་རྣམས་དང་། ཡོད་པ་དང་མེད་པ་རྣམ་པར་སྤངས་པ་ཡིན། དེ་ཆད་པ་དང་རྟག་པ་ལ་མཚུངས་པར་འདུ་ཤེས་པ་ཡིན་ཏེ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སེམས་ལ་མཚུངས་ པར་གྱུར་པ་ཡིན། བྱང་ཆུབ་ཀྱི་སེམས་དེ་ཡང་མི་དམིགས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ཐམས་ཅད་མཚུངས་པར་གྱུར་པ། མཉམ་པ་ཉིད་དུ་དེས་ཤེས་པ་ཡིན་ཏེ། དེས་ན་དེའི་ལུས་ལ་དུག་དང་མེ་དང་མཚོན་གྱིས་མི་ཚུགས་སོ། །དེ་ཅིའི་ཕྱིར་ཞེ་ན། དེས་ཡུལ་ཐམས་ཅད་ཀྱང་རྣམ་པར་སྤངས་པ་ཡིན་ལ། དེའི་རྟོགས་པ་སངས་རྒྱས་ཀྱི་ཡུལ་ལ་ཡང་ལེགས་པར་གནས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ནི་འགྲོ་བ་མེད་པ། འོང་བ་མེད་པ་བདེ་བ་ཞི་བ་གྲངས་སུ་མ་གཏོགས་པ་སྟེ། ཏིང་ངེ་འཛིན་དེ་ལ་ལེགས་ པར་གནས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ནི་སྟོང་པའོ། །དེ་ལྟར་ན་དེའི་གནས་དེ་མེད་པ་ཡིན་ཏེ། དེ་ན་དེའི་ལུས་ལ་མཚོན་གྱིས་མི་རེག་མི་ཕོག་སྟེ། དེས་ན་མི་སོད་པ་ཞེས་བྱའོ། །དེ་ལྟར་ངེས་པར་འབྱུང་བ་ནི་མི་སོད་པ་ཡིན་ཏེ། དེས་བདེ་བར་བདེ་བའི་ཤེས་པ་ རྟོགས་སོ། །དེ་ཅིའི་ཕྱིར་ཞེ་ན། དེས་གང་གིས་རྟོགས་པའི་ཤེས་པ་དེ་ཡང་མི་རྙེད་དེ། དེ་ན་དེའི་ལུས་ལ་མཚོན་གྱིས་མི་ཚུགས་མི་ཕོག་གོ། །དེ་ཅིའི་ཕྱིར་ཞེ་ན། དེ་ཆོས་ཐམས་ཅད་འདྲེ་བ་མེད་པར་ཤེས་པའི་ཕྱིར་ཏེ། དེས་ན་དེ་མཚོན་གྱིས་མི་སོད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སེམས་ཅན་ཐམས་ཅད་ལ་བྱམས་པས་ཁྱབ་པར་བྱེད་དེ། བྱང་ཆུབ་ཀྱི་རྣམ་པ་མངོན་པར་སྒྲུབ་པའི་བྱམས་པ་དང་། རྣམ་པ་མེད་ཅིང་ཆགས་པ་མེད་པའི་བྱམས་པ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། ཞི་བའི་དབྱིངས་མ་ཐོབ་པའི་བྱམས་པ་དང་། གནོད་ སེམས་དང་། བརྣབ་སེམས་སྤངས་པའི་བྱམས་པ་དང་། མངོན་པར་ཤེས་པ་དང་། ཡེ་ཤེས་ཀྱིས་བཏང་བའི་བྱམས་པ་དང་། བྱང་ཆུབ་སྣང་བ་ཐོབ་པའི་བྱམས་པ་དང་། སེམས་ཅན་མི་དམིགས་པའི་བྱམས་པ་དེས་སེམས་ཅན་ཐམས་ཅད་ལ་ཁྱབ་པར་བྱེད་དེ། དེས་ན་དེ་ མཚོན་གྱིས་མི་སོད་དོ། །ཆོས་ཀྱི་དབྱིངས་མཉམ་པ་ཉིད་ཀྱིས་དེས་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་མཉམ་པ་ཉིད་དུ་ཤེས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། བྱང་ཆུབ་འགྱུར་བ་མེད་པ་དང་། རྣམ་པར་ཤེས་པར་བྱ་བ་མ་ཡིན་པ་དང་། ཀུན་དུ་རྟོག་པ་མེད་པ་དང་། སྤྲོས་པ་མེད་པ་དང་། རྙོག་པ་མེད་པ་དེ་ལྟར་ཆོས་ཀྱི་དབྱིངས་མཉམ་པ་ཉིད་ལ་ཞུགས་སོ། །སྒྲར་བརྗོད་པ་གང་དག་ཇི་སྙེད་པ་ཐམས་ཅད་ལ་རྟོགས་པ་དང་། རྟོགས་པ་མེད་པ་དང་། ཆོས་ཀྱི་ དབྱིངས་རྟོགས་པ་མེད་པ་དང་། གནས་པ་མེད་པར་རྟོགས་པ་ཁོང་དུ་ཆུད་པར་འགྱུར་ཏེ། སྒྲ་ཐམས་ཅད་ལ་མཁས་པ་ཡིན། ངེས་པའི་ཚིག་མེད་པའི་ཆོས་སྟོན་པར་བྱེད་ལ། བདག་ནི་ཆོས་འགའ་ཞིག་སྟོན་ཏོ་སྙམ་དུ་རློམ་སེམས་པ་ཡང་མེད་དོ། །དེ་འདུ་ཤེས་དང་ ཡང་བྲལ་ལ་སྒྲ་ཐམས་ཅད་ཀྱི་མཉམ་པ་ཉིད་ལ་ཡང་འཇུག་གོ། །ཆོས་ཐམས་ཅད་བྲལ་བ་ཡང་མེད་ལ། སྟོང་པ་དང་ཞི་བར་ཡང་ཤེས་སོ། །དེ་གང་ལས་འདའ་བར་བྱ་བའི་ཆོས་གང་ཡང་མི་དམིགས་ཏེ། དེས་ན་དེ་བརྒྱད་པ་ཞེས་བྱའོ། །ཆོས་ཐམས་ཅད་ལ་མི་ ཆགས་པས། དེས་ན་བརྒྱད་པ་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །ལོག་པ་བརྒྱད་ལས་ཤིན་ཏུ་འདས། །རྣམ་པར་ཐར་པ་བརྒྱད་ལ་རེག །ཡང་དག་བརྒྱད་ལ་ཞེན་པ་མེད། །དེ་ཕྱིར་བརྒྱད་པ་ཞེས་ བརྗོད་དོ། །སོ་སོའི་སྐྱེ་བོའི་ཆོས་ལས་འདས། །ལམ་ལའང་རབ་ཏུ་ལེགས་པར་གནས། །ཡེ་ཤེས་ལྡན་པ་དབུས་མི་མཐོང་། །དེ་ཕྱིར་བརྒྱད་པ་ཞེས་བརྗོད་དོ། །སོ་སོའི་སྐྱེ་བོ་ཉིད་ལས་འདས། །བྱང་ཆུབ་ལ་ཡང་མངོན་པར་ཞུགས། །བྱང་ཆུབ་དེ་ ཡང་མི་དམིགས་ཏེ། །དེས་ན་བརྒྱད་པ་ཞེས་བརྗོད་དོ། །ལོག་པའི་ལྟ་ལས་རྣམ་པར་འདས། །ཡང་དག་ལྟ་བ་རྣམ་པར་བཤིག །བཟང་པོའི་ལམ་གྱི་མཉམ་ཉིད་འཐོབ། །དེས་ན་བརྒྱད་པ་ཞེས་བརྗོད་དོ། །འཇིགས་ཚོགས་ལས་ནི་རྣམ་པར་འདས། ། བྱང་ཆུབ་མཆོག་ལ་རབ་ཏུ་ཞུགས། །སངས་རྒྱས་ལམ་ཡང་རྗེས་སུ་ཐོབ། །དེས་ན་བརྒྱད་པ་ཞེས་བརྗོད་དོ། །དེ་ནི་རང་གི་འདུ་ཤེས་བཟློག །བྱང་ཆུབ་འདུ་ཤེས་རྣམ་པར་བཤིག །དཔེ་མེད་པ་ཡི་འདུ་ཤེས་ཐོབ། །དེས་ན་བརྒྱད་པ་ཞེས་བརྗོད་དོ། །སེམས་ཅན་ གནས་ལས་ཤིན་ཏུ་འདས། །གནས་མེད་པ་ལ་རབ་ཏུ་ཞུགས། །ཆོས་རྣམས་ཀུན་ལ་མི་གནས་ཏེ། །དེས་ན་བརྒྱད་པ་ཞེས་བརྗོད་དོ། །འཇིག་རྟེན་ཆོས་ལས་རྣམ་པར་འདས། །འཕགས་པའི་ཆོས་ནི་རྣམ་པར་བཤིག །འགོག་པའི་དབྱིངས་ནི་རྗེས་སུ་ཐོབ། ། དེས་ན་བརྒྱད་པ་ཞེས་བརྗོད་དོ། །གང་དག་འཇིག་རྟེན་ཆོས་བརྗོད་དང་། །སངས་རྒྱས་ཆོས་གང་ཐ་དད་པ། །ཆོས་དེ་དེ་ཡིས་མི་རྙེད་དེ། །དེས་ན་བརྒྱད་པ་ཞེས་བརྗོད་དོ། །ཡོད་ཅེས་པ་འདི་མཐའ་གཅིག་སྟེ། །མེད་ཅེས་བྱ་བ་གཉིས་པ་ཡིན། །མཐའ་ འདི་དེ་ཡིས་རྣམ་པར་སྤངས། །དེས་ན་བརྒྱད་པ་ཞེས་བརྗོད་དོ། །དེ་ནི་བདག་དང་བདག་མེད་མཚུངས། །རྟག་པ་དང་ནི་ཆད་པ་མཚུངས། །དེ་ཡིས་མཉམ་ཉིད་མཚུངས་པར་ཤེས། །དེས་ན་བརྒྱད་པ་ཞེས་བརྗོད་དོ། །འདས་པའི་སེམས་ནི་མི་རྙེད་དེ། །མ་འོངས་ སེམས་ཀྱང་དེ་བཞིན་ནོ། །ད་ལྟར་བྱུང་ལ་མཉམ་པར་ཐོབ། །དེས་ན་བརྒྱད་པ་ཞེས་བརྗོད་དོ། །བྱང་ཆུབ་ཏུ་ནི་དང་པོ་སེམས། །དགེ་བ་སྐྱེས་པ་གང་ཡིན་པ། །སེམས་དེ་དམིགས་པ་མ་ཡིན་ན། །དེ་ཡིས་ཇི་ལྟར་བྱང་ཆུབ་ཐོབ། །གང་ལ་བྱང་ཆུབ་མི་དམིགས་པ། །དེ་ ནི་དེ་ལྟར་མི་དམིགས་ཞུགས། །དེས་ན་དེ་ལ་དུག་དང་མེས། །རྣམ་པ་ཀུན་དུ་མི་ཚུགས་སོ། །དེ་ནི་འགྲོ་དང་བྲལ་བ་སྟེ། །མཚན་མ་ཡིས་ནི་ཆགས་པ་མེད། །འགྲོ་བ་མེད་པའི་འགྲོ་བར་ཕྱིན། །དེས་ན་བརྒྱད་པ་ཞེས་བརྗོད་དོ། །བྱང་ཆུབ་འགྲོ་དང་བྲལ་བ་ སྟེ། །དེ་ནི་ཚིག་གིས་རབ་ཏུ་བརྗོད། །དེས་ནི་སྒྲ་ཡང་རྣམ་པར་བཤིག །དེས་ན་བརྒྱད་པ་ཞེས་བརྗོད་དོ། །དེ་ལ་འགྲོ་བ་མི་རྙེད་དེ། །དེ་ལ་འགྲོ་བ་མེད་མི་རྙེད། །མི་འགྲོ་བ་དང་འགྲོ་བའི་སྒྲ། །ཡེ་ཤེས་ཞི་བར་རབ་ཏུ་བསྟན། །ཞི་བ་དེ་ནི་བདེ་བར་བརྗོད། །ཞི་བ་སྟོང་པ་ཉིད་ དུ་བརྗོད། །ཞི་བའི་དབྱིངས་ནི་ཐོབ་པས་ན། །དེས་ན་དེ་གསད་མིན་ཞེས་བརྗོད། །བློ་ལྡན་དེས་ནི་བདེ་བར་ཡང་། །དེ་ལྟར་བདེ་བའི་ཤེས་པ་རྟོགས། །དེ་ཡིས་ཅི་ཡང་མ་བོར་ཏེ། །དེས་ན་དེ་ནི་གསད་མིན་འདོད། །ལེགས་པར་ཐར་བྱས་མཚོན་རྣོན་གྱིས། །དེ་ཡི་ལུས་ ལ་མི་ཕོག་སྟེ། །དེ་ལུས་ལུས་ཀྱི་འདུ་ཤེས་མེད། །དེས་ན་མཚོན་གྱིས་མི་སོད་དོ། །དེས་ན་བྱང་ཆུབ་བྱམས་པ་ཡི། །བྱམས་པས་སེམས་ཅན་ཁྱབ་པར་བྱེད། །བློ་ལྡན་གནོད་སེམས་རྣམ་པར་སྤངས། །དེས་ན་མཚོན་གྱིས་མི་སོད་དོ། །མ་རིག་འདུ་ཤེས་ངན་པ་ བསལ། །རིག་པ་དང་ནི་འདུ་ཤེས་བཏང་། །བྱང་ཆུབ་ཕྱིར་ནི་སྣང་བ་ཐོབ། །དེས་ན་མཚོན་གྱིས་མི་སོད་དོ། །མཚོན་ལའང་སྟོང་པར་མོས་པ་སྟེ། །ལུས་ཀྱི་འདུ་ཤེས་རྣམ་པར་བཤིག །བྱང་ཆུབ་ལམ་ནི་རྗེས་སུ་ཐོབ། །དེས་ན་མཚོན་གྱིས་མི་སོད་དོ། །ཞི་བའི་དབྱིངས་ ནི་རྗེས་སུ་ཐོབ། །ངན་སོང་ཐམས་ཅད་རྣམ་པར་སྤངས། །དེ་ནི་སྡིག་པའི་ལས་ལས་འདས། །དེས་ན་མཚོན་གྱིས་མི་སོད་དོ། །འདོད་པའི་ཁམས་དང་གཟུགས་ཁམས་དང་། །གཟུགས་མེད་པ་ཡང་རྣམ་ཀུན་དུ། །ཁམས་གསུམ་པ་ནི་མཉམ་པར་ཤེས། །དེས་ན་བརྒྱད་ པ་ཞེས་བརྗོད་དོ། །ཆོས་ཀྱི་དབྱིངས་མཉམ་བྱང་ཆུབ་ནི། །འགྱུར་བ་མེད་ཅིང་བསྟན་དུ་མེད། །ཤེས་བྱ་མ་ཡིན་ཀུན་རྟོག་མེད། །སྤྲོས་པ་མེད་ཅིང་རྙོག་པ་མེད། །བྱང་ཆུབ་སེམས་དཔའ་མ་སྨད་པ། །དེ་ལྟར་མཉམ་པ་ཉིད་ལ་ཞུགས། །གང་དག་ཇི་སྙེད་སྒྲར་བརྗོད་པ། ། དེ་ལ་འགྲོ་བས་འགྲོ་མི་བྱེད། །གང་གིས་ཆོས་རྣམས་རབ་བཤད་པ། །སྐད་རྣམས་ཀུན་ལ་མཁས་པ་ཡིན། །བདག་གིས་འགའ་ཞིག་བཤད་དོ་ཞེས། །དེ་ལ་རློམ་སེམས་ཅི་ཡང་མེད། །སྒྲ་རྣམས་ཀུན་ལས་ཤིན་ཏུ་འདས། །སྒྲ་མེད་པ་ཡི་ཆོས་ཉིད་རྟོགས། །དེས་ ན་བརྒྱད་པ་ཞེས་བརྗོད་དོ། །སྒྲ་རྣམས་ཀུན་ལ་ངེས་པ་མེད། །ཀུན་དགའ་ངས་ནི་འདི་ལ་དགོངས། །བརྒྱད་པ་ཡོངས་སུ་བརྗོད་པ་ཡིན། །དེ་ལྟར་དེ་སྐད་བརྗོད་པ་འདི། །འདི་ནི་དེ་ལྟར་ཡོད་མ་ཡིན། །ཀུན་དགའ་བོ་ཇི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་ དག་པར་རྫོགས་པའི་སངས་རྒྱས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྒྱད་པར་ཡོངས་སུ་བསྟན་ཏོ། །ཀུན་དགའ་བོ་ཇི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱུན་དུ་ཞུགས་ པར་ཡོངས་སུ་བསྟན་ཅེ་ན། ཀུན་དགའ་བོ་ལམ་ལ་རྒྱུན་ཞེས་བརྗོད་དོ། །སངས་རྒྱས་ཀྱི་ལམ་བསམ་གྱིས་མི་ཁྱབ་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་གནས་པའི་ཚུལ་དང་། འདུ་བ་མེད་པ་དང་། བྲལ་བ་མེད་པ་དང་། ཆོས་ཐམས་ཅད་ལས་ བསྒྲལ་བའི་ཚུལ་གྱིས་གནས་སོ། །སངས་རྒྱས་ཀྱི་རྒྱུན་རྗེས་སུ་ཐོབ་ཅིང་དེ་ལ་གཞོལ་ཏེ་ཆོས་ཐམས་ཅད་གཟུང་བ་མེད་པ། གནས་པ་མེད་པ། དམིགས་པ་མེད་པ། རྟེན་པ་མེད་པ། དངོས་པོ་མེད་པ། ཆོས་ཐམས་ཅད་ཡོངས་སུ་གྲུབ་པ་མེད་པའི་ལམ་དེ་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོས་རྗེས་སུ་ཐོབ་སྟེ། བརྩོན་འགྲུས་བརྟན་པ་དང་། མཐུ་བརྟན་པ་དང་། བློ་གྲོས་བརྟན་པ་དང་ལྡན་པ་ཡིན་གྱི་ལེ་ལོ་དང་། བརྩོན་འགྲུས་དང་མི་འཐུན་པ་དང་ལྡན་པ་མ་ཡིན་ནོ། །ལམ་དེ་ལ་ཡང་མི་ཆགས་ཤིང་མི་གནས་ལ་ལམ་དེས་ཀྱང་ཆོས་ ཐམས་ཅད་ཚོལ་ཏེ། ཇི་ལྟར་དེ་ལ་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་དང་། སྒྲིབ་པ་དང་ཆོད་པ་རྣམས་ཀྱི་མཉམ་པ་ཉིད་དང་། ཆོས་ཐམས་ཅད་དང་སངས་རྒྱས་ཀྱི་ཆོས་མཉམ་པ་ཉིད་ལ་སྙོམས་པར་ཞུགས་པ་དང་། འཇིག་ཚོགས་ལ་ལྟ་བ་རྣམ་པར་མཐོང་བས་ལྟ་བ་སྐྱེད་པ་མེད་ པ་སངས་རྒྱས་ཀྱི་ལྟ་བ་སྐྱེད་པར་འགྱུར་བ་དང་། འཇིག་ཚོགས་ཀྱི་འདུ་ཤེས་རྣམ་པར་བཤིག་པ་དང་། བདག་གི་འདུ་ཤེས་ལས་ཤིན་ཏུ་འདས་པ་དེ་ལྟར་ཚོལ་ཏེ། དེས་ན་དེ་རྒྱུན་དུ་ཞུགས་པ་ཞེས་བྱའོ། །དེ་སངས་རྒྱས་ཀྱི་ལམ་ལ་ཡང་མི་ཆགས་ཏེ་ཆགས་པ་མེད་པ་རྗེས་སུ་ ཐོབ་བོ། །སངས་རྒྱས་ཀྱི་བྱང་ཆུབ་ལ་ཐེ་ཙོམ་མེད་དོ། །ཚུལ་ཁྲིམས་མཆོག་ཏུ་འཛིན་པ་ཡང་མེད་དེ། དེ་སངས་རྒྱས་ཀྱི་ཚུལ་ཁྲིམས་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་བས། དེས་ན་ཚུལ་ཁྲིམས་མཆོག་ཏུ་འཛིན་པ་མེད་དོ། །བརྟགས་པའི་ཚུལ་ཁྲིམས་མ་ཡིན་ནོ། ། རྣམ་པར་བརྟགས་པའི་ཚུལ་ཁྲིམས་མ་ཡིན་ནོ། །ཀུན་དུ་སྦྱོར་བ་གསུམ་ལས་རྣམ་པར་འདས་སོ། །ཁམས་གསུམ་པ་ལ་མི་གནས་སོ། །སངས་རྒྱས་ཀྱི་ལམ་རྗེས་སུ་ཐོབ་སྟེ། དམིགས་པ་མེད་པའི་ལམ་ཆགས་པ་མེད་པའི་ལམ་ཆགས་པ་ཐམས་ཅད་དང་བྲལ་བ་ སངས་རྒྱས་ཀྱི་ལམ་ལ་མངོན་དུ་ཞུགས་སོ། །ལུས་དང་སྲོག་ལ་མི་ལྟའོ། །གཏོང་བ་ཐམས་ཅད་ཡོངས་སུ་གཏོང་ངོ་། །བཞིན་ཁྲོ་གཉེར་མེད་དོ། །བྱང་ཆུབ་ལ་བརྩམས་ཏེ་སྦྱིན་པ་སྦྱིན་ནོ། །སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་བསྒྲལ་བ་དང་། མྱ་ངན་ལས་ འདས་པ་ལ་དགོད་པ་དང་། མཚན་མ་ཐམས་ཅད་རྣམ་པར་གཞིག་པ་དང་། མཚན་མ་མེད་པའི་ཆོས་བསྐྱེད་པའི་ཕྱིར་དེ་ཡོངས་སུ་མི་གཏོང་བ་ཅི་ཡང་མེད་དོ། །དེ་སེམས་ཅན་གྱི་འདུ་ཤེས་དང་བྲལ་བས་འཁོར་གྱི་ནང་དུ་འགྲོ་བ་ན་བག་ཚ་བ་མེད་པ་ཡིན་ཏེ། བྱང་ཆུབ་ཀྱི་ ལམ་རྣམ་པར་སྦྱོང་བ་ཞི་བའི་ཆོས་སྟོན་ཏོ། །དེ་འཇིགས་ཤིང་སྐྲག་པ་དང་བྲལ་བས་འཆི་བས་ཀྱང་འཇིགས་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་ཞི་བའི་ལམ་རྗེས་སུ་ཐོབ་པའི་ཕྱིར་ཏེ། སངས་རྒྱས་ཀྱི་ལམ་འདོད་ཆགས་དང་བྲལ་བ་བདེ་བ་འོང་བ་མེད་པ་དང་འགྲོ་བ་མེད་པའི་ ལམ་ཞེས་བྱ་བ་ཐམས་ཅད་རྣམ་པར་འཇིག་པ་མཉམ་པའི་ལམ། སྤྲོས་པ་མེད་པ་རྗེས་སུ་ཐོབ་བོ། །དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་རྒྱུན་དུ་ཞུགས་པ་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །ལམ་ལ་ རྒྱུན་ཅེས་ངས་བརྗོད་དོ། །བསམ་དུ་མེད་པ་སངས་རྒྱས་ལམ། །གང་དག་ལ་ལར་འདིར་གནས་པ། །དེ་དང་དེ་དག་རྒྱུན་ལ་གཞོལ། །ལམ་ནི་ནམ་མཁའ་མཚུངས་པ་སྟེ། །ཆོས་རྣམས་ཀུན་ལ་གནས་པ་མེད། །དམིགས་པ་མེད་ཅིང་བརྟེན་པ་མེད། །དེ་ལ་དངོས་པོ་ཡོད་ མ་ཡིན། །འཇིག་རྟེན་མགོན་པོ་བླ་ན་མེད། །ལམ་གང་གིས་ནི་ངེས་འབྱུང་བ། །བྱང་ཆུབ་སེམས་དཔའ་དྲན་བརྟན་དེས། །ལམ་དེ་ཉིད་ནི་རྗེས་སུ་ཐོབ། །ལམ་དེ་ལ་ནི་ཆགས་མེད་ལ། །ལམ་གྱིས་ཀྱང་ནི་ཚོལ་བར་བྱེད། །དེས་ན་དེ་ནི་རྒྱུན་དུ་ཞུགས། །སངས་ རྒྱས་ལམ་ལ་ཆགས་པ་མེད། །འཁོར་བའི་འདུ་ཤེས་གང་བརྗོད་པ། །སངས་རྒྱས་འདུ་ཤེས་དེ་བཞིན་ཏེ། །མཉམ་པ་ཉིད་ནི་དེར་ཞུགས་པ། །རྒྱུན་དུ་ཞུགས་པར་ཤེས་པར་གྱིས། །སངས་རྒྱས་ལམ་ནི་མཐོང་བའི་ཕྱིར། །སངས་རྒྱས་ཀྱི་ནི་ལམ་འདི་ལ། །སྒྲིབ་ཅིང་ ཆོད་པ་ཡོད་པ་རྣམས། །ཐམས་ཅད་དེ་ཡིས་རྣམ་པར་སྤངས། །བདག་གི་ལུས་སུ་བསམས་ནས་ནི། །རྒྱལ་བ་ལ་ཡང་ལྟ་བ་སྐྱེད། །སངས་རྒྱས་ལྟ་བར་གང་གྱུར་པ། །ལྟ་བ་དེ་ནི་དེ་ཡིས་བསལ། །བདག་ཏུ་ལྟ་བ་རབ་སྡིག་པ། །བདག་ལྟ་འཇིག་ཚོགས་ལྟ་བ་གང་། ། ལྟ་དེ་དེ་ཡིས་རྣམ་པར་བཤིག །དེས་ན་ལམ་ལ་མི་ཆགས་སོ། །བྱང་ཆུབ་ཐོབ་ཕྱིར་སྔོན་ཆད་ནི། །དེ་ཡི་ཐེ་ཙོམ་གྱུར་པ་གང་། །དེ་བསལ་བས་ནི་ཆགས་མེད་ཐོབ། །སངས་རྒྱས་ལམ་ལ་རབ་ཏུ་ཞུགས། །གང་གིས་དེ་ཡི་ཚུལ་ཁྲིམས་དང་། །སངས་རྒྱས་ཚུལ་ ཁྲིམས་མཆོག་འཛིན་གྱུར། །ཚུལ་ཁྲིམས་འདུ་ཤེས་དེ་སྤངས་ཏེ། །ཕྱིར་ཡང་དེ་ལ་རྟོག་མི་བྱེད། །ཀུན་དུ་སྦྱོར་བ་གསུམ་བཅད་ཅིང་། །ཁམས་གསུམ་པ་ལ་དེ་མི་གནས། །སངས་རྒྱས་ཆོས་རྣམས་རྗེས་སུ་ཐོབ། །སེམས་ཅན་འདུ་ཤེས་རྣམ་པར་བཤིག ། དམིགས་པ་མེད་པའི་ལམ་གྱིས་ནི། །སངས་རྒྱས་བྱང་ཆུབ་ཕྱིར་ཞུགས་ཏེ། །རྙོག་པ་མེད་པ་སངས་རྒྱས་ལམ། །ཞི་བའི་ལམ་ནི་རྗེས་སུ་ཐོབ། །གཏོང་བ་ལ་ནི་མོས་པ་ཡིན། །བཞིན་ནི་ཁྲོ་གཉེར་མེད་པ་སྟེ། །དེས་ན་དེ་ལ་འཚེ་བྱེད་མེད། །བྱང་ཆུབ་ཕྱིར་ནི་དེ་ སྤྲོས་མེད། །དེ་ལ་མི་གཏོང་ཅི་ཡང་མེད། །སྡུག་བསྔལ་ལས་ནི་སྐྱེ་དགུ་སྒྲོལ། །དེས་ན་རྒྱུན་དུ་ཞུགས་པ་དེ། །ཐར་མཆོག་ལ་ནི་དགོད་པར་བྱེད། །དེ་ལ་མཚན་མ་ཕྱིར་ཞིང་མེད། །གང་དུའང་མཚན་མ་མེད་པའང་མིན། །དེས་ན་འཇིག་རྟེན་འདི་དང་ནི། ། གཞན་དུའང་དེ་ལ་འཇིགས་པ་མེད། །གང་དག་ཆོས་དང་ཆོས་མིན་དང་། །གཉི་ག་དེ་དག་རྣམ་པར་སྤངས། །མིང་དང་གཟུགས་དང་བྲལ་བས་ན། །དེ་ནི་འཇིག་རྟེན་འདིར་མི་འཇིགས། །འཁོར་གྱི་ནང་ན་འགྲོ་བ་ན། །རྟག་ཏུ་འཇིགས་པ་མེད་པ་ཡིན། །བྱང་ཆུབ་ལམ་ནི་རྣམ་ སྦྱོང་བ། །ཞི་བའི་ཆོས་ནི་རབ་ཏུ་སྟོན། །དེ་ཡི་སེམས་ཅན་འདུ་ཤེས་གང་། །དེ་ཡི་འདུ་ཤེས་དེ་རྣམས་བཤིག །དེས་ན་དེ་ལ་སྒྲིབ་པ་མེད། །འཇིགས་པ་ཐམས་ཅད་རྣམ་པར་བཤིག །འཇིགས་པའི་རྩ་བ་སྤངས་པས་ན། །དེ་ནི་འཆི་བའི་འཇིགས་པ་མེད། །བདེ་བ་ དྲི་མེད་འདོད་ཆགས་བྲལ། །ཞི་བའི་ལམ་ནི་རྗེས་སུ་ཐོབ། །ངན་འགྲོ་ཡི་ནི་མཉམ་ཉིད་ཤེས། །དེ་ཕྱིར་དེ་ནི་དེས་མི་འཇིགས། །གཟུང་མེད་མཉམ་ཞིང་གཡོ་བ་མེད། །ལམ་དེ་ཡང་དག་རབ་བཤད་པ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡིན། །རྒྱུན་དུ་ཞུགས་ཞེས་ངས་ བཤད་པ། །ཆོས་རྣམས་སེམས་ཅན་གང་དག་ནི། །དམན་མོས་དེ་དག་ཕྱིར་བཤད་དོ། །ཤིན་ཏུ་ཕྲ་བའི་ཐབས་ཀྱིས་ནི། །སངས་རྒྱས་ཆོས་རྣམས་རབ་ཏུ་བཤད། །གང་དག་བྱང་ཆུབ་ཕྱིར་འཇུག་པ། །དེ་དག་དེ་ལྟར་ཉེ་བར་ཁྲིད། །སངས་རྒྱས་ཆོས་ནི་ཚོལ་གང་གིས། ། སྔོན་ཆད་ཇི་ལྟར་སྤྱོད་པ་ལྟར། །ཐབས་དང་ཡེ་ཤེས་བརྟན་ནས་ནི། །རྣམ་པར་འདྲེན་པ་ཆོས་སྟོན་ཏོ། །ཀུན་དགའ་ངས་ནི་འདི་ལ་དགོངས། །རྒྱུན་དུ་ཞུགས་པར་རབ་བཤད་ན། །སེམས་ཅན་བློ་ཆུང་རྣམས་ཀྱིས་ནི། །གཞན་དུ་ཡོངས་སུ་དེ་བརྟགས་སོ། །ཀུན་དགའ་ དེ་ལྟར་དགོངས་པ་འདིས། །ང་ཡིས་རྒྱུན་དུ་ཞུགས་བཤད་པ། །སེམས་ཅན་གང་དག་བློ་ལྡན་པ། །དེ་དག་གིས་ནི་ཚུལ་འདི་ཤེས། །ཟབ་མོ་ལ་ནི་མི་མཁས་པ། །མི་གསལ་བྱིས་པའི་བློ་ལྡན་པ། །ལྡེམ་པོ་དག་ནི་མི་ཤེས་ཏེ། །མི་ཤེས་པས་ན་རྩོད་པར་ བྱེད། །ང་ཡིས་ཆོས་སྟོང་མང་པོ་དག །རྒྱུན་དུ་ཞུགས་པར་བཤད་པ་དག །རྒྱུན་དུ་ཞུགས་ཞེས་བྱ་བའི་སྒྲ། །སངས་རྒྱས་ཆོས་སུ་བཤད་པ་ཡིན། །ཀུན་དགའ་བོ་དེ་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་རྒྱུན་དུ་ཞུགས་པར་ཡོངས་སུ་བསྟན་ཏོ། །ཀུན་དགའ་བོ་ཇི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལན་ཅིག་ཕྱིར་འོང་བར་ཡོངས་སུ་བསྟན་ཅེ་ན། ཀུན་ དགའ་བོ་འདི་ལ་བྱང་ཆུབ་སེམས་དཔའ་ཡེ་ཤེས་དེ་ཡི་རྗེས་སུ་འགྲོ་སྟེ། ཤེས་པ་གང་གིས་བྱང་ཆུབ་སྒྲུབ་པའི་སངས་རྒྱས་ཀྱི་ཡེ་ཤེས་རྐྱེན་མང་པོས་ཡོངས་སུ་ཚོལ་ལོ། །རྐྱེན་ཐམས་ཅད་ཀུན་དུ་གཅོད་པའི་ཡེ་ཤེས་སངས་རྒྱས་ཀྱི་ཡེ་ཤེས་ཀུན་དུ་ཚོལ་ལོ། །བསམ་གཏན་ མཁའ་ཁྱབ་བསམ་གཏན་ཐམས་ཅད་ལས་ཡང་དག་པར་འདའ་བ་ཉོན་མོངས་པ་ཐམས་ཅད་སེལ་བ་ཡོངས་སུ་ཚོལ་ལོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱིས་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་རྟོགས་པར་བྱ་བའི་ཕྱིར་ཆོས་ཉིད་ཐམས་ཅད་རྗེས་སུ་ཐོབ་བོ། །གང་དེ་ བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་གནས་བརྙེས་པ་མ་ཐོབ་པའི་ཆོས་ཉིད་ཡོངས་སུ་ཚོལ་ལོ། །དེ་གཡོ་བར་བྱེད་པའི་སེམས་ཅན་གང་ཡང་མི་དམིགས་ཏེ་སེམས་ཅན་གཡོ་བ་མེད་པས་ཆོས་ཀྱི་དབྱིངས་ཡོངས་སུ་ཚོལ་ལོ། །ཀྱེ་ མ་སེམས་ཅན་དག་ནི་མང་དུ་བློ་ཆུང་བ་དང་། ཤིན་ཏུ་སྡུག་བསྔལ་བ་དང་། ཆོས་ཀྱི་དབྱིངས་ལ་མི་མཁས་པས་ཉམ་ཐག་པ་དག་སྟེ། དེ་དག་ཆོས་ཀྱི་དབྱིངས་ཤེས་པ་ལ་དགོད་པར་བྱའོ། །ཞེས་སངས་རྒྱས་ཀྱི་ཡེ་ཤེས་ཡོངས་སུ་ཚོལ་ལོ། །དབང་པོ་དང་། སྟོབས་ དང་། བྱང་ཆུབ་ཀྱི་ཡན་ལག་དང་། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་ཁོང་དུ་ཆུད་པར་བྱ་ཞིང་སེམས་ཅན་དག་ཀྱང་ཁོང་དུ་ཆུད་པར་བྱའོ། །ཞེས་སངས་རྒྱས་ཀྱི་ཡེ་ཤེས་ཡོངས་སུ་ཚོལ་ལོ། །ཡེ་ཤེས་གང་གིས་བྱང་ ཆུབ་རྟོགས་པར་འགྱུར་ཞེས་ཡེ་ཤེས་དེ་ཡོངས་སུ་ཚོལ་ལོ། །སངས་རྒྱས་ཀྱི་སྤྱན་སྒྲིབ་པ་མི་མངའ་བ་བསམ་གྱིས་མི་ཁྱབ་པའི་སྤྱན་གང་གིས་འཇིག་རྟེན་གྱི་དོན་བྱ་ཞེས་མིག་གི་ཤེས་པ་དེ་དང་ཡེ་ཤེས་གང་གིས་ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་ཤེས་པ། ཤེས་པ་ཐམས་ཅད་ཀྱི་ མཆོག་ཡོངས་སུ་ཚོལ་ལོ། །ཡེ་ཤེས་གང་གིས་སེམས་ཅན་ཚོལ་བའི་ཡེ་ཤེས་དེ་ཡང་མི་རྙེད་དོ། །ཆོས་ཐམས་ཅད་ལེགས་པར་གནས་པ་ཤེས་པའི་ཡེ་ཤེས་ལ་དགོད་དོ་ཞེས་དེས་ན་དེ་འདིར་འོངས་ཏེ། འོངས་ནས་ཀྱང་བསམ་གྱིས་མི་ཁྱབ་པའི་དབྱིངས་ཚོལ་བའི་ཕྱིར། སེམས་ཅན་ གྱི་ཁམས་ཀྱང་མཐོང་ལ་ཁམས་དེ་ཡང་མི་རྙེད་དེ། དེས་ན་འོང་ངོ་། །སེམས་ཅན་ཡོངས་སུ་གྲུབ་པ་རྙེད་པར་ལྟ་ག་ལ་འགྱུར་ཏེ། སེམས་ཅན་ཡོངས་སུ་གྲུབ་པར་ཁོང་དུ་ཆུད་པ་མེད་པས་སེམས་ཅན་གྱི་ཁམས་ཡོངས་སུ་ཤེས་པ་ཡིན་ནོ། །གང་གི་ཕྱིར་སེམས་ཅན་ཀུན་དུ་ བསྟན་ཅིང་ཡོངས་སུ་བརྗོད་པ་དེ་ཡང་མཐོང་ངོ་། །སེམས་ཅན་ཐམས་ཅད་དང་ཆོས་ཀྱི་དབྱིངས་རྣམ་པར་མཐོང་ནས། སེམས་ཅན་ཐམས་ཅད་ཆོས་ཀྱི་དབྱིངས་ལ་ཡང་དག་པར་གཞོལ་བར་མཐོང་ངོ་། །སངས་རྒྱས་ཀྱི་ལམ་ཆོས་ཀྱི་དབྱིངས་དང་མཉམ་པའི་ལམ། སེམས་ ཅན་མི་དམིགས་པའི་ལམ། སེམས་ཅན་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ལམ་མཐོང་ཞིང་འདི་ལྟ་བུ་མཚུངས་པ་མེད་པའི་ལམ་གྱི་ཡེ་ཤེས་འདོད་ཆགས་དང་བྲལ་བ། དྲི་མ་མེད་པ་གཙང་བ་ཚོལ་ལོ། །ཡེ་ཤེས་གང་གིས་དེ་ཤེས་པའི་ཡེ་ཤེས་དེ་ཡང་མི་རྙེད་དོ། །ཡེ་ ཤེས་གང་གིས་བྱང་ཆུབ་སེམས་དཔའ་རབ་ཏུ་ཕྱེ་བའི་ཡེ་ཤེས་དེ་རྗེས་སུ་ཐོབ་ནས་དེ་ཡོངས་སུ་ཚོལ་ཞིང་འདིར་འོངས་ཏེ། དེས་ན་དེ་ལན་ཅིག་ཕྱིར་འོང་བ་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །སངས་རྒྱས་ཡེ་ཤེས་ མཐའ་ཡས་པ། །ཡེ་ཤེས་རྗེས་སུ་དེ་འགྲོ་སྟེ། །སངས་རྒྱས་ཡེ་ཤེས་ཚོལ་བྱེད་པས། །དེས་ན་དེ་ནི་ལན་ཅིག་འོང་། །གང་གིས་བྱང་ཆུབ་འགྲུབ་འགྱུར་བ། །རྐྱེན་རྣམས་མང་པོ་རབ་གསུངས་པ། །རྐྱེན་དེ་ཤེས་པར་བྱའོ་ཞེས། །དེ་དག་ཚོལ་ཞིང་འོངས་པ་ཡིན། ། བསམ་གཏན་ནམ་མཁའ་ཁྱབ་བྱེད་པ། །ཉོན་མོངས་ཐམས་ཅད་སེལ་བ་མཆོག །དེ་ཡི་ཆེད་དུ་རབ་བརྩོན་ཏེ། །དེ་སྒྲུབ་པར་ནི་འོངས་པ་ཡིན། །ཐམས་ཅད་མཁྱེན་དང་ལྡན་རྣམས་ཀྱིས། །ཆོས་ཉིད་དམ་པ་གང་བརྙེས་པ། །བདག་གིས་དེ་ཐོབ་བྱའོ་ཞེས། །དེ་ཚོལ་ བར་ནི་འོངས་པ་ཡིན། །དམ་པའི་ཆོས་ཀྱི་དབྱིངས་ལས་ནི། །སེམས་ཅན་གང་ཡང་མི་བསྐྱོད་དེ། །དེ་དག་ཁོང་དུ་ཆུད་བྱའི་ཕྱིར། །དེ་ནི་ལན་ཅིག་འོང་བར་ཟད། །སེམས་ཅན་མང་པོ་བློ་ཆུང་བ། །སྡུག་བསྔལ་ཞིང་ནི་ཉམ་ཐག་པ། །དེ་དག་ཡེ་ཤེས་དགོད་དོ་ ཞེས། །སངས་རྒྱས་ཀྱི་ནི་ཡེ་ཤེས་ཚོལ། །བྱང་ཆུབ་ཡན་ལག་དབང་པོ་སྟོབས། །བསམ་གཏན་རྣམ་ཐར་བརྗོད་པ་རྣམས། །དེ་དག་བཙལ་བའི་དོན་གྱི་ཕྱིར། །སངས་རྒྱས་ཡེ་ཤེས་ཚོལ་བ་ཡིན། །སྔོན་གྱི་སངས་རྒྱས་བཞུགས་བཞུགས་པ། །བྱང་ཆུབ་སྙིང་པོ་ཚོལ་ བར་བྱེད། །དེ་ཚོལ་བར་ནི་འོངས་པས་ན། །དེས་ན་དེ་ནི་ལན་ཅིག་འོང་། །སངས་རྒྱས་སྤྱན་ནི་སྒྲིབ་མི་མངའ། །སྤྱན་འདི་བླ་ན་མེད་པ་སྟེ། །སངས་རྒྱས་སྤྱན་ནི་ཚོལ་བྱེད་པས། །དེས་ན་དེ་ནི་ལན་ཅིག་འོང་། །ཇི་ལྟར་སངས་རྒྱས་འཇིག་རྟེན་མགོན། །སྐྱོབ་པ་ རྣམས་ཀྱིས་བཙལ་བ་ལྟར། །དེ་ནི་ཤེས་པ་ཀུན་གྱི་མཆོག །ཤེས་རབ་དེ་ལྟར་ཚོལ་བར་བྱེད། །ཡེ་ཤེས་གང་གིས་ཆོས་རྣམས་ཀུན། །ཇི་བཞིན་ཤེས་ཤིང་སེམས་ཅན་དེ། །མི་དམིགས་དེ་ལྟར་དེ་ལམ་འཚོལ། །དེས་ན་ལམ་ནི་ཚོལ་བ་ཡིན། །བླ་ན་མེད་ལ་ འགོད་དོ་ཞེས། །ཤེས་པས་སེམས་ཅན་མང་ཚོལ་ལོ། །དེ་དག་ཚོལ་བར་བྱེད་པས་ན། །ལན་ཅིག་ཕྱིར་ནི་འོང་བ་ཡིན། །ཤེས་ལྡན་འོངས་ནས་སེམས་ཅན་གྱི། །ཁམས་ནི་བསམ་གྱིས་མི་ཁྱབ་མཐོང་། །སེམས་ཅན་ཁམས་ནི་ཚོལ་བར་བྱེད། །དེས་ན་དེ་ནི་ལན་ ཅིག་འོང་། །དེ་ནི་ཁམས་གང་ཚོལ་བྱེད་པ། །དེ་ལ་སེམས་ཅན་ཡོད་མིན་ཏེ། །ཚོལ་བ་ལ་ནི་མི་རྙེད་པས། །དེས་ན་དེ་ནི་ལན་ཅིག་འོང་། །དེ་ནི་སེམས་ཅན་ཆོས་ཀྱི་དབྱིངས། །རྣམ་པ་ཀུན་དུ་མི་འཐོབ་སྟེ། །གང་གིས་སེམས་ཅན་སྣང་འགྱུར་བ། །ཁམས་དེ་དེ་ཡིས་ ཡོངས་སུ་ཤེས། །ཆོས་རྣམས་མ་ལུས་གསོབ་དང་གསོག །སྙིང་པོ་མེད་པར་རྣམ་པར་མཐོང་། །མཉམ་པར་གཞག་པའི་སེམས་ཀྱིས་ནི། །སངས་རྒྱས་ལམ་ཡང་ཚོལ་བར་བྱེད། །ཡེ་ཤེས་དེ་ནི་འདི་འདྲ་སྟེ། །དྲི་མེད་གཙང་ཞིང་འདོད་ཆགས་བྲལ། །ཡེ་ཤེས་ གང་གིས་ཤེས་འགྱུར་བ། །ཡེ་ཤེས་དེ་ནི་མི་རྙེད་དོ། །བྱང་ཆུབ་སེམས་དཔའ་མ་སྨད་པ། །སེམས་ཅན་གང་གིས་རབ་ཕྱེ་བ། །གང་གི་ཕྱིར་ནི་དེ་འདིར་འོངས། །ཡེ་ཤེས་དེ་ནི་རྗེས་སུ་ཐོབ། །ཀུན་དགའ་དེ་ལས་དགོངས་ནས་ནི། །ལན་ཅིག་ཕྱིར་འོང་ཞེས་བསྟན་ན། ། སེམས་ཅན་བློ་ཆུང་རྣམས་ཀྱིས་ནི། །དེ་ལ་ལོག་པར་ཡོངས་སུ་བརྟགས། །ཀུན་དགའ་འདི་ལས་དགོངས་ནས་ནི། །ལན་ཅིག་ཕྱིར་འོང་ཞེས་བརྗོད་དོ། །སེམས་ཅན་ཆེན་པོ་བརྩོན་ལྡན་རྣམས། །ཚུལ་འདི་དེ་ལྟར་ཤེས་པ་ཡིན། །དགོངས་ལ་མཁས་ཤིང་རྣམ་རིག་པ། །ཟབ་ མོའི་དོན་ལ་རབ་ངེས་པ། །དོན་དེ་རྗེས་སུ་ཐོབ་ནས་སུ། །དེ་དག་བྱང་ཆུབ་སྒྲུབ་པར་བྱེད། །ཀུན་དགའ་བོ་དེ་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལན་ཅིག་ཕྱིར་འོང་བར་ཡོངས་སུ་བསྟན་ ཏོ། །ཀུན་དགའ་བོ་ཇི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་འོང་བར་ཡོངས་སུ་བསྟན་ཅེ་ན། ཀུན་དགའ་བོ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱོགས་གཅིག་པའི་སྤྱོད་པ་ ལས་ཡང་དག་པར་འདས་ཤིང་སངས་རྒྱས་ཀྱི་སྤྱོད་པ་རྗེས་སུ་ཐོབ་པ་ཡིན། དེས་སྤྱོད་པ་ཐམས་ཅད་སྤངས་ཤིང་རྣམ་པར་སྤངས་པ་ཡིན། ཆོས་ཐམས་ཅད་ལ་མི་གནས་ཤིང་གནས་མེད་པ་དང་། རྟེན་མེད་པ་ཡིན་ཏེ། དེས་ན་དེ་ཕྱིར་མི་འོང་ངོ་། །དེ་ཆོས་ཉིད་ཀྱིས་འོང་བའམ་ འགྲོ་བ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སོ་སོའི་སྐྱེ་བོ་རྣམས་ལས་ཀྱང་རྣམ་པར་འདས་ལ་སོ་སོའི་སྐྱེ་བོའི་འདུ་ཤེས་ཀྱང་རྣམ་པར་སྤངས་ཤིང་སངས་རྒྱས་ཀྱང་རྣམ་པར་བཤིག་པ་ཡིན། རྟེན་པ་མེད་པའི་ཆོས་དང་ལྡན་པ་ཡང་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ དེ་ནི་ཞི་བའི་དབྱིངས་རྗེས་སུ་ཐོབ་པ་ཡིན་ཏེ། དེ་ལ་ནི་སོ་སོའི་སྐྱེ་བོའམ་འཇིག་རྟེན་གྱི་འདྲེན་པ་སངས་རྒྱས་མི་དམིགས་སོ། །ངན་སོང་ལས་ཀྱང་རྣམ་པར་འདས་ཤིང་འདོད་པ་ཡང་དག་པར་ཆད་དོ། །ལྟ་བར་གྱུར་པ་ཡང་དག་པར་གཞོམ་པའི་ཕྱིར་ཟས་དང་བྲལ་བའི་བྱང་ཆུབ་ རྗེས་སུ་ཐོབ་བོ། །ལྟ་བར་བྱས་པ་དྲུག་ཅུ་རྩ་གཉིས་ལ་མངོན་པར་ཞེན་པ་མེད་པའི་ཕྱིར་དངོས་པོ་དང་དངོས་པོ་མེད་པ་དང་བྲལ་ལོ། །མྱ་ངན་ལས་འདས་པ་དང་འདྲའོ། །མྱ་ངན་ལས་འདས་པའི་འདུ་ཤེས་བཟློག་པ་དང་། འདུ་ཤེས་ཐམས་ཅད་ལ་མི་འཇུག་པར་བྱ་ བའི་ཕྱིར་དེས་ཆོས་ཐམས་ཅད་དང་། ངན་སོང་དང་དྲི་མ་རྣམ་པར་སྦྱང་བ་བྱས་སོ། །བདུད་སྡིག་ཅན་བཅོམ་མོ། །རྒྱགས་པ་དང་བྲལ་ལོ། །མ་རིག་པའི་ཟུག་རྔུ་ཕྱུང་ངོ་། །སྲིད་པ་སྐམས་སོ། །དེས་དགའ་བའི་འདོད་ཆགས་བསལ་བ་བྱས་སོ། །ཉོན་མོངས་པ་རྣམས་ བསལ་ཏོ། །འདུ་ཤེས་ཐམས་ཅད་བཏོན་ནོ། །མྱ་ངན་གྱི་ཟུག་རྔུ་ཕྱུང་ངོ་། །ང་རྒྱལ་ལས་ཀྱང་ང་རྒྱལ་དང་བྲལ་ལོ། །ཕུང་པོ་ཡོངས་སུ་ཤེས་པའི་སྣང་བ་ཐོབ་བོ། །དེས་ན་དེ་སངས་རྒྱས་ཀྱི་ཡེ་ཤེས་ལ་ཡེ་ཤེས་མཉམ་པ་ཉིད་བསམ་གྱིས་མི་ཁྱབ་པ་ཐོབ་བོ། །དེས་ན་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་འདོད་པའི་འདམ་གྱི་ཁམས་ལ་མི་ཆགས་པར་སྔོན་གྱི་སངས་རྒྱས་འབྱུང་བ་རྗེས་སུ་ཐོབ་བོ། །སྔོན་གྱི་སངས་རྒྱས་ཀྱིས་བཞག་པ་བསལ་བ་མེད་ཅིང་བསྣན་པ་མེད་པའི་གཏེར་སྔོན་གྱི་སངས་རྒྱས་ཀྱི་གཏེར་རྗེས་སུ་ཐོབ་བོ། །སངས་ རྒྱས་ཀྱི་ཐེག་པ་སེམས་ཅན་ཐམས་ཅད་ལ་གོ་སྐབས་ཡོད་པ། གཙོ་བོ་གོང་ན་མེད་པ་རྗེས་སུ་ཐོབ་བོ། །ཐོགས་པ་མེད་པའི་ཚུལ་དང་མཚན་མ་ཐམས་ཅད་མཚན་མ་མེད་པའི་ཚུལ་གྱིས་ཐེ་ཙོམ་ཐམས་ཅད་ཆད་པ་ཞི་བའི་དབྱིངས་རྗེས་སུ་ཐོབ་སྟེ། དེས་ན་ཡང་དེ་འདིར་མི་འོང་ངོ་། ། ཀུན་དགའ་བོ་གཞན་ཡང་སེམས་ཅན་གང་དག་གཟུང་བ་དེ་དག་བྱང་ཆུབ་ལ་དགོད་དོ་ཞེས་དེས་དེ་དག་བཀོད་དོ། །ཇི་ལྟར་བྱང་ཆུབ་ལ་བཀོད་ཅེ་ན། སེམས་ཅན་མེད་པར་བྱང་ཆུབ་ཁོང་དུ་ཆུད་པར་བྱས་ཏེ། སེམས་ཅན་གྱི་འདུ་ཤེས་ལས་བསླང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེས་ སེམས་ཅན་གྱི་ཁམས་སྟོང་པར་ཤེས་སོ། །སྟོང་པ་གང་ཡིན་པ་དེ་བསམ་དུ་མེད་པ་སྟེ། སེམས་ཅན་གྱི་འདུ་ཤེས་དང་བྲལ་ལོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་སེམས་ཅན་གྱི་ཁམས་ནམ་མཁའི་ཁམས་དང་མཚུངས་པར་སྟོང་པ་དང་། སེམས་ཅན་དང་བྲལ་བ་ དང་། སེམས་ཅན་དང་བྲལ་བ་ཡང་མ་ཡིན་པར་ཤེས་སོ། །ནམ་མཁའི་ཁམས་དེ་ཡང་ནམ་མཁའི་ཁམས་ཉིད་དུ་མེད་དེ་གནས་པ་མེད་དོ། །ནམ་མཁའི་ཁམས་དེ་ཡང་ནམ་མཁའ་ཉིད་ཀྱིས་སྟོང་སྟེ། སེམས་ཅན་གྱི་མཚན་མ་ཐམས་ཅད་བཅོམ་པའོ། །དེས་མཚན་མ་མེད་པའི་བྱང་ ཆུབ་ཐོབ་སྟེ། དེས་སེམས་ཅན་དང་ནམ་མཁའི་འདུ་ཤེས་དང་བྲལ་ལོ། །དེ་ཆོས་ཀྱི་དབྱིངས་ནམ་མཁའི་ཁམས་དང་མཚུངས་པར་རྟོགས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་དང་སེམས་ཅན་ཐམས་ཅད་ནི་རང་བཞིན་གྱིས་ཆོས་ཀྱི་དབྱིངས་སོ། །དེ་ཅིའི་ཕྱིར་ ཞེ་ན། འདི་ལྟར་དེས་དེ་དག་མི་དམིགས་ཏེ། མི་དམིགས་པས་ན་ཡང་འདིར་མི་འོང་ངོ་། །དེས་ན་དེ་ཕྱིར་མི་འོང་བ་ཞེས་བྱ་བའི་གྲངས་སུ་འགྲོའོ། །ཆོས་ཐམས་ཅད་དུ་བགྲང་བ་ཡང་མ་ཡིན་ལ་སངས་རྒྱས་ཀྱི་གྲངས་སུ་ཡང་ཞུགས་པས་ཕྱིར་མི་འོང་བ་ཞེས་བྱའོ། །དེ་ནས་བཅོམ་ ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །ཕྱོགས་གཅིག་སྤྱོད་པར་གང་ཡིན་པར། །དེ་ནི་ཕྱིར་ཞིང་མི་འགྲོ་སྟེ། །ཕྱོགས་གཅིག་སྤྱོད་པ་སྤངས་པས་ན། །ཕྱིར་མི་འོང་ཞེས་བརྗོད་པ་ཡིན། །འགྲོ་བ་རྣམས་ཀྱི་འགྲོ་མེད་ཤེས། །གནས་ཀྱང་ཅུང་ ཟད་མི་རྙེད་དེ། །ཆོས་རྣམས་ཀུན་ལ་མི་གནས་པས། །ཕྱིར་མི་འོང་ཞེས་བྱ་བར་འདོད། །སོ་སོའི་སྐྱེ་བོར་གང་བརྗོད་དང་། །འཇིག་རྟེན་མགོན་པོ་རྫོགས་སངས་རྒྱས། །དེ་ལ་ཕྱིར་ཞིང་མི་འོང་སྟེ། །དེ་ཕྱིར་ཕྱིར་མི་འོང་ཞེས་བྱ། །འདིར་ནི་ཆོས་རྣམས་འོང་བ་དང་། །འགྲོ་ བ་དག་ཀྱང་མི་དམིགས་ཏེ། །འོང་དང་འགྲོ་བ་མེད་ཐོབ་པས། །དེ་ནི་ཕྱིར་མི་འོང་ཞེས་བརྗོད། །འགྲོ་བ་རྣམ་གསུམ་གང་དུ་ཡང་། །དེ་ནི་ཕྱིར་ཞིང་མི་འགྲོ་སྟེ། །སངས་རྒྱས་ཆོས་རྣམས་ཐོབ་པས་ན། །དེ་ནི་ཕྱིར་མི་འོང་ཞེས་བརྗོད། །འདོད་པ་ཐམས་ཅད་ཡང་དག་ ཆད། །དེ་ནི་ཁ་ཟས་ཆགས་པ་མེད། །བྱང་ཆུབ་ལམ་ཡང་ཐོབ་པས་ན། །ཕྱིར་མི་འོང་ཞེས་བརྗོད་པ་ཡིན། །སྡིག་པ་ཅན་གྱི་ལྟ་བ་གང་། །ལྟ་བ་དྲུག་ཅུ་གཉིས་བརྗོད་པ། །དེ་ལ་དེ་ནི་མི་འགྲོ་སྟེ། །དེ་ཕྱིར་དེ་ནི་ཕྱིར་མི་འོང་། །ཆོས་རྣམས་འདི་དག་རང་བཞིན་མེད། ། དངོས་པོ་དང་ནི་རྟག་ཏུ་བྲལ། །དེ་ཡིས་ཡང་དག་ཇི་བཞིན་ཤེས། །དེས་ན་དེ་ནི་འདིར་མི་འོང་། །ཉོན་མོངས་ཐམས་ཅད་སེལ་བྱེད་པ། །མྱ་ངན་འདས་ཞི་གང་གསུངས་པ། །དེ་ལ་འདུ་ཤེས་རྣམ་པར་བ་ཟློག །དེས་ན་དེ་ནི་འདིར་མི་འོང་། །ངན་སོང་ཐམས་ཅད་ཡང་དག་ ཆད། །དེ་ནི་གང་ཕྱིར་དྲི་མ་བྲལ། །མྱ་ངན་འདས་པ་ཞི་བ་ཐོབ། །དེས་ན་དེ་ནི་འདིར་མི་འོང་། །དཔུང་དང་བཅས་ཤིང་བཞོན་བཅས་པའི། །སྡིག་པ་ཅན་གྱི་བདུད་བཅོམ་མོ། །ཡེ་ཤེས་དེ་ནི་རྣམ་རྟོག་མེད། །དེས་ན་དེ་ནི་འདིར་མི་འོང་། །མ་རིག་དྲ་བ་ཡང་དག་དྲལ། །སྲེད་ པ་ཐམས་ཅད་རྣམ་པར་བཅོམ། །དགའ་བའི་འདོད་ཆགས་ཡོངས་སུ་ཤེས། །དེས་ན་དེ་ནི་འདིར་མི་འོང་། །ཉོན་མོངས་ཐམས་ཅད་རབ་ཏུ་བཏུལ། །དངོས་པོར་འདུ་ཤེས་རྣམ་པར་བཤིག །མཆོག་གི་ཐེག་པ་འདི་ལ་ངེས། །དེ་ནི་ཕྱིར་མི་འོང་ཞེས་བྱ། །མྱ་ངན་ཟུག་རྔུ་ ཡང་དག་ཕྱུང་། །ང་རྒྱལ་ཐམས་ཅད་ངེས་པར་བཅོམ། །ཕུང་པོ་ཐམས་ཅད་ཡོངས་སུ་ཤེས། །དེ་ནི་ཕྱིར་མི་འོང་ཞེས་བྱ། །སངས་རྒྱས་ཐེག་པ་བསམ་མི་ཁྱབ། །ཐེག་པ་འདི་ལ་སྣང་བ་ཐོབ། །འདོད་པའི་འདམ་ལ་ཆགས་པ་མེད། །དེས་ན་དེ་ནི་འདིར་མི་འོང་། ། དེ་ཡིས་གཏེར་རྣམས་ཀུན་གྱི་ནང་། །ཡེ་ཤེས་གཏེར་གྱི་དམ་པ་མཆོག །སྔོན་གྱི་སངས་རྒྱས་རྣམས་ཀྱིས་བཞག །དེས་ན་དེ་ནི་འདིར་མི་འོང་། །སངས་རྒྱས་ཐེག་པ་བླ་ན་མེད། །ཐེག་མཆོག་འདི་ལ་དེ་གནས་ཏེ། །སོམ་ཉི་ཐམས་ཅད་ཆད་པར་གྱུར། །དེས་ན་དེ་ ནི་འདིར་མི་འོང་། །བྱང་ཆུབ་ལ་ནི་དགོད་དོ་ཞེས། །སེམས་ཅན་དག་ནི་མང་བཟུང་བ། །དེ་དག་དེ་ཡིས་བྱང་ཆུབ་བཀོད། །དེས་ན་དེ་ནི་འདིར་མི་འོང་། །སེམས་ཅན་ཁམས་ནི་བསམ་ཡས་དང་། །སྟོང་པའི་དབྱིངས་ནི་དེ་ཡིས་ཤེས། །དེ་ནི་འདུ་ཤེས་དེ་དང་ བྲལ། །དེས་ན་དེ་ནི་འདིར་མི་འོང་། །སེམས་ཅན་ཁམས་ནི་སྟོང་པ་དང་། །ཆོས་ཀྱི་དབྱིངས་ནི་རབ་ཏུ་ཤེས། །འདི་ལ་སེམས་ཅན་མི་རྙེད་དེ། །དེས་ན་དེ་ནི་འདིར་མི་འོང་། །དེ་ནི་མཚན་མ་ཐམས་ཅད་ལ། །ཡིད་ནི་ཕྱིར་ཞིང་འཇུག་མི་བྱེད། །མཚན་མ་ མེད་པའི་གོ་འཕང་ཐོབ། །དེས་ན་དེ་ནི་འདིར་མི་འོང་། །སེམས་ཅན་ཁམས་ནི་བསམ་ཡས་པ། །ནམ་མཁའ་འདྲ་དང་ཁམས་དེ་དང་། །སེམས་ཅན་ཐམས་ཅད་རབ་ཏུ་ཤེས། །དེས་ན་དེ་ནི་འདིར་མི་འོང་། །ཀུན་དགའ་འདི་ལས་དགོངས་ནས་ནི། །ང་ཡིས་ཕྱིར་མི་འོང་ཞེས་ བརྗོད། །ཆོས་རྣམས་ཐམས་ཅད་མ་སྐྱེས་པ། །སངས་རྒྱས་ཆོས་ཞེས་རབ་ཏུ་བསྟན། །ཀུན་དགའ་བོ་དེ་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་འོང་བར་ཡོངས་སུ་བསྟན་ ཏོ།། །།བམ་པོ་གསུམ་པ། ཀུན་དགའ་བོ་ཇི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགྲ་བཅོམ་པར་ཡོངས་སུ་བསྟན་ཅེ་ན། ཀུན་དགའ་བོ་འདི་ལ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ནི་གང་ཉི་ཚེ་བའི་སྤྱོད་པའི་སྤྱད་པ་དེ་ཐམས་ཅད་ནི་བཅོམ། གང་སེམས་ཅན་ཐམས་ཅད་བསྒྲལ་བའི་སྤྱོད་པ་དེ་དག་ནི་བསྒྲུབ་པར་འོས་སོ། །དེས་ཉོན་མོངས་པ་ཐམས་ཅད་བཅོམ་པ་ཡིན་ཏེ། སེམས་ཅན་གང་དག་སྡུག་བསྔལ་བའི་སེམས་ཅན་ རྣམས་ཉོན་མོངས་པ་དེ་དག་ལས་རྣམ་པར་འགྲེལ་བར་འོས་ཏེ། སེམས་ཅན་དེ་དག་ཀྱང་མི་དམིགས་ཉོན་མོངས་པ་དེ་དག་ཀྱང་མི་དམིགས་ཏེ། དེ་ལྟར་ན་དགྲ་བཅོམ་པ་ཞེས་བྱའོ། །དེ་གཟུགས་སུ་དམིགས་པ་ཐམས་ཅད་བཅོམ་པ་ཡིན། དེ་ཆོས་ཐམས་ཅད་སྟོང་ པ་ཉིད་དང་། ཆོས་ཐམས་ཅད་ཞི་བར་མི་དམིགས་པ་ལ་གནས་པ་ཡིན་ཏེ། དེས་ན་ཆོས་ཐམས་ཅད་སྟོང་པར་ཤེས་སོ། །མཚན་མ་མེད་པར་རྟོགས་སོ། །དེ་མཚན་མ་ཐམས་ཅད་དང་བྲལ་ལོ། །དེ་ངན་སོང་བའི་འདུ་ཤེས་ཐམས་ཅད་བཅོམ་མོ། །དེས་སེམས་ཅན་མེད་པའི་ ཆོས་རྟོགས་སོ། །ཆོས་ཐམས་ཅད་སྟོང་པར་ཡོངས་སུ་ཤེས་སོ། །བྱང་ཆུབ་ཐོབ་པར་འོས་ཤིང་སངས་རྒྱས་ཀྱི་བྱང་ཆུབ་བསམ་གྱིས་མི་ཁྱབ་པ་བསྒྲུབ་པར་འོས་ཏེ། དེས་ན་དགྲ་བཅོམ་པ་ཞེས་བྱའོ། །དེས་ཆོས་སྟོན་པར་འོས་ཏེ། ཇི་ལྟར་སྔོན་གྱི་ཡང་དག་པར་རྫོགས་ པའི་སངས་རྒྱས་རྣམས་ཀྱིས་བསྟན་པ་དང་། ཇི་ལྟར་ད་ལྟར་བྱུང་བ་རྣམས་སྟོན་པ་དང་། ཇི་ལྟར་མ་བྱོན་པ་རྣམས་སྟོན་པར་འགྱུར་བའི་ཆོས་སྤྲོས་པ་མེད་པ། རྙོག་པ་མེད་པ་དེ་སྟོན་པར་འོས་ཏེ། དེས་ན་དགྲ་བཅོམ་པ་ཞེས་བྱའོ། །སེམས་ཅན་རྣམས་ཆོས་ཐམས་ ཅད་ཁོང་དུ་ཆུད་པར་བྱ་བ་དང་། སྤྲོས་པ་མེད་པར་བྱ་བ་དང་། ཀུན་དུ་ལེན་པ་མེད་པར་བྱ་བའི་ཕྱིར་བྱང་ཆུབ་ལ་དགོད་པར་འོས། སངས་རྒྱས་ཀྱི་བྱམས་པ་སེམས་ཅན་གྱི་མངོན་པར་ཞེན་པ་མེད་པའི་བྱམས་པའི་བྱམས་པ་སྒྲུབ་པར་འོས། བྱམས་པ་དེ་ལ་སེམས་ཅན་རྣམས་ཀྱང་ འགོད་པར་འོས། སེམས་ཅན་མི་དམིགས་པའི་བྱམས་པ་ལ་སེམས་ཅན་དེ་དག་ཀྱང་མི་དམིགས་ཤིང་། དེ་དག་ཀྱང་འགོད་པར་འོས་ཏེ། དེས་ན་དགྲ་བཅོམ་པ་ཞེས་བྱའོ། །ཆོས་ཐམས་ཅད་རྗེས་སུ་གཟུང་བའི་ཕྱིར་སེམས་ཅན་རྣམས་ལ་ཆོས་སྟོན་པར་འོས་ཤིང་། ཆོས་ ལ་ཆོས་སུ་འདུ་ཤེས་པ་ཡང་མེད་པ་ཡིན་ཏེ། དེ་ལྟར་འོས་པས་དེས་ན་དགྲ་བཅོམ་པ་ཞེས་བྱའོ། །སྲོག་ཆགས་རྣམས་ལ་དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་སྟོན་པར་འོས་ཤིང་། དེ་ལ་ཡང་ཆགས་པ་མེད་པ་ཐོབ་ལ་དངོས་པོ་ཐམས་ཅད་ལ་ མངོན་པར་ཞེན་པ་ཡང་མེད་དེ། དེས་ན་དགྲ་བཅོམ་པ་ཞེས་བྱའོ། །འཇིག་རྟེན་ན་བཀུར་སྟི་བྱ་བ་གང་ཇི་སྙེད་སྣང་བ་ཐམས་ཅད་འོས་ཤིང་དེས་ཀྱང་གོས་པ་མེད་ལ་ཆགས་པ་མེད་དེ། གཞན་དག་ཀྱང་བཀུར་སྟིས་གོས་པ་མེད་པར་བྱ་བ་དང་། ཆགས་པ་མེད་པར་བྱ་ བའི་ཕྱིར་སེམས་ཅན་རྣམས་ལ་ཆོས་སྟོན་པར་འོས་པས་དེས་ན་དགྲ་བཅོམ་པ་ཞེས་བྱའོ། །འགྲོ་བ་མེད་པའི་ཚུལ་གྱིས་སངས་རྒྱས་ཀྱི་ཞིང་རྣམས་སུ་འགྲོ་བར་འོས་ལ་དེ་དག་ཏུ་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མི་མཐོང་བའི་ཚུལ་གྱིས་བལྟ་སྟེ། ཇི་ལྟར་སངས་རྒྱས་ ཀྱིས་སངས་རྒྱས་རྣམས་གཟིགས་པ་དེ་ལྟར་བལྟ་བར་འོས་པས་དེས་ན་དགྲ་བཅོམ་པ་ཞེས་བྱའོ། །འདི་ལྟ་བུའི་ཞིང་སྒྲུབ་པར་འོས་ཏེ། ཆོས་ཐམས་ཅད་འགྲུབ་པ་མེད་པའི་ཚུལ་གྱིས་བསམ་གྱིས་མི་ཁྱབ་པའི་ཞིང་དང་། སྒྲིབ་པ་མེད་པའི་ཞིང་དང་། བདུད་བཅོམ་པའི་ཞིང་ དང་། མི་མཉམ་པ་དང་མཉམ་པའི་ཞིང་དང་། སྤྲོས་པ་མེད་པའི་ཞིང་དང་། རྙོག་པ་མེད་པའི་ཞིང་དང་། སྟོང་པའི་ཞིང་དང་། ཕྱིར་མི་ལྡོག་པའི་ཞིང་དང་། བུད་མེད་མེད་པའི་ཞིང་དང་། ཉོན་མོངས་པ་མེད་པའི་ཞིང་དང་། སངས་རྒྱས་ཀྱི་སྤོབས་པའི་ཞིང་དང་། ཕྱིར་རྒོལ་བ་ མེད་པའི་ཞིང་དང་། ཤིན་ཏུ་ཡོངས་སུ་མྱ་ངན་ལས་འདས་པའི་ཞིང་དང་། དེ་ལྟ་བུའི་ཞིང་སྒྲུབ་པར་འོས་པས་དེས་ན་དགྲ་བཅོམ་པ་ཞེས་བྱའོ། །ཆགས་པར་འགྱུར་བ་རྣམས་ལ་ཡང་མི་ཆགས་ཤིང་འཁྲུགས་པར་འགྱུར་བ་རྣམས་ལ་ཡང་འཁྲུགས་པ་མེད་དེ། དེས་ན་དགྲ་ བཅོམ་པ་ཞེས་བྱའོ། །དེས་འགོག་པ་དང་མཉམ་པའི་ཐེག་པ་དེ་ཤེས་ཤིང་། དེས་སངས་རྒྱས་ཀྱི་ཐེག་པ་རྟོགས་ལ། དེས་རབ་ཏུ་ཕྱེ་བའི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་དེ་རབ་ཏུ་དབྱེ་བར་འོས་སོ། །སེམས་ཅན་གཡོ་བ་མེད་པས་བྱང་ཆུབ་དེ་ བསམ་གྱིས་མི་ཁྱབ་སྟེ། གཡོ་བ་མེད་པར་བྱ་བའི་ཕྱིར་སེམས་ཅན་བྱེ་བ་ཕྲག་མང་པོ་བྱང་ཆུབ་ལ་དགོད་པར་འོས་སོ། །མཉམ་པ་ཉིད་དུ་གནས་པ་རྣམས་ལ་ནི་སེམས་ཅན་ཐམས་ཅད་དང་བྱང་ཆུབ་ཀྱང་རྣམ་པར་མི་རྟོག་པའོ། །མཉམ་པ་ཉིད་ལ་སེམས་ཅན་རྣམས་མངོན་ དུ་འཛུད་པར་འོས་སོ། །ཇི་ལྟར་མཉམ་པ་ཉིད་ལ་མཉམ་པ་ཉིད་མེད་པ་ལྟར་ཆོས་ཐམས་ཅད་ཀྱང་དེ་དང་མཉམ་མོ། །མཉམ་པ་ཉིད་ཇི་ལྟ་བར་བྱང་ཆུབ་ཀྱང་དེ་བཞིན་ཏེ། རྣམ་པར་མི་རྟོག་པ་མཉམ་པར་གནས་པ་ཡིན་ལ་དགྲ་བཅོམ་པ་ཡང་དེ་དང་མཉམ་མོ། །འདི་ལྟར་ཡང་འོས་ ཏེ། དེ་ལྟར་ཤེས་ནས་ཀྱང་དེ་བཞིན་དུ་སེམས་ཅན་རྣམས་ལ་ཆོས་སྟོན་པར་འོས་སོ། །ཆོས་གང་ལ་ཡང་འདྲེ་བར་མི་བྱེད་དེ། འདྲེ་བ་མེད་པར་བསྟན་པའི་ཆོས་དང་ལྡན་ཞིང་དེ་ལྟར་ཆོས་སྟོན་པ་དང་། ཚིག་ཏུ་ཡང་མི་བརྗོད་པར་འོས་སོ། །སེམས་ཅན་དུ་དམིགས་པར་ འདུ་ཤེས་པ་ལས་དགྲོལ་བ་དང་། སེམས་ཅན་རྟག་པ་དང་ཆད་པ་ལས་དགྲོལ་བ་དང་། སེམས་ཅན་འཇིག་ཚོགས་ལ་ལྟ་བ་ལས་བསྐྱོད་པ་དང་། ངའོ་སྙམ་པའི་ང་རྒྱལ་ལས་ཤིན་ཏུ་བཟླ་བ་དང་། ཆོས་ཐམས་ཅད་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། མངོན་པར་འདུ་བྱ་བ་མེད་པ་ལས་དགྲོལ་བ་དང་། གཟུགས་རྣམ་པར་མི་འཇིགས་པ་ལས་དགྲོལ་བ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམ་པར་མི་འཇིགས་པ་ལས་དགྲོལ་བ་དང་། སོ་སོའི་སྐྱེ་བོའི་ཆོས་གཡོ་བ་མེད་པ་ ལས་དགྲོལ་བ་དང་། སངས་རྒྱས་ཀྱི་ཆོས་ལ་མི་འཇོག་པ་དང་། རབ་ཏུ་བཀོད་པ་ལས་དགྲོལ་བ་དང་། རྒྱུན་དུ་ཞུགས་པའི་འབྲས་བུར་འདུ་ཤེས་པ་ལས་དགྲོལ་བ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པའི་འབྲས་བུར་འདུ་ཤེས་པ་ ལས་དགྲོལ་བ་དང་། རང་སངས་རྒྱས་སུ་འདུ་ཤེས་པ་ལས་དགྲོལ་བ་དང་། བྱང་ཆུབ་སེམས་དཔར་འདུ་ཤེས་པ་ལ་མངོན་པར་ཞེན་པ་ལས་དགྲོལ་བ་དང་། བྱང་ཆུབ་ལ་བརྩམས་ཏེ་སྦྱིན་པ་ལ་མངོན་པར་ཞེན་པ་ལས་དགྲོལ་བ་དང་། བྱང་ཆུབ་ལ་བརྩམས་ཏེ་ཚུལ་ཁྲིམས་དང་། བཟོད་ པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ལ་མངོན་པར་ཞེན་པ་ལས་དགྲོལ་བ་དང་། མངོན་པར་ཤེས་པ་ལ་མངོན་པར་ཞེན་པ་ལས་དགྲོལ་བ་དང་། ཞི་གནས་དང་ལྷག་མཐོང་འགྲུབ་པ་ལ་མངོན་པར་ཞེན་ པ་ལས་དགྲོལ་བ་དང་། ཉན་ཐོས་སྐྱེ་བར་མངོན་པར་ཞེན་པ་ལས་དགྲོལ་བ་དང་། ཕུ་ནུ་དང་། སྲིང་མོ་དང་། ཉེ་དུ་དང་། སྣག་གི་གཉེན་མཚམས་ལ་མངོན་པར་ཞེན་པ་ལས་དགྲོལ་བ་དང་། བདག་ཉིད་མཐོང་བ་མེད་པར་ཆགས་པ་ལས་དགྲོལ་བ་དང་། རྗེས་སུ་ཆགས་པ་དང་། འཇིག་ཚོགས་དང་། འདུ་འཛི་ལ་མངོན་པར་ ཞེན་པ་ལས་དགྲོལ་བ་དང་། འཐོབ་པ་དང་། བཀུར་སྟི་ལ་མངོན་པར་ཞེན་པ་ལས་དགྲོལ་བ་དང་། ཁྱིམ་པ་དང་། རབ་ཏུ་བྱུང་བར་མཐོང་བ་ལ་མངོན་པར་ཞེན་པ་ལས་དགྲོལ་བ་དང་། ཐ་མ་དང་། མཆོག་གི་ཆོས་སུ་མཐོང་བར་མངོན་པར་ཞེན་པ་ལས་དགྲོལ་བ་དང་། སོ་ སོའི་སྐྱེ་བོའི་ཆོས་རྣམ་པར་སྤང་བ་དང་། སངས་རྒྱས་ཀྱི་ཆོས་ལ་ལྷག་པར་དམིགས་པར་མངོན་པར་ཞེན་པ་ལས་དགྲོལ་བ་དང་། ཐ་མ་དང་གྱ་ནོམ་པའི་ཆོས་མཐོང་བ་ལ་མངོན་པར་ཞེན་པ་ལས་དགྲོལ་བ་དང་། མཚན་རབ་ཏུ་རྫོགས་པ་འགྲུབ་པ་ལ་མངོན་པར་ཞེན་པ་ ལས་དགྲོལ་བ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའི་ཚུལ་དུ་ཡོངས་སུ་འགྲུབ་པར་མངོན་པར་ཞེན་པ་ལས་དགྲོལ་བ་དང་། སེམས་ཅན་འདི་དག་ནི་ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་ཅན་སེམས་ཅན་འདི་དག་ནི་ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་ཅན་མ་ཡིན་པ་འདི་དག་ནི་ ཐོབ་པར་བྱེད་པའི་སྐལ་བ་ཅན་འདི་དག་ནི་ཐོབ་པར་བྱེད་པའི་སྐལ་བ་མེད་པ། འདི་དག་ནི་བྱང་ཆུབ་ཀྱི་ཕྱིར་སྤྱོད་པ། འདི་དག་ནི་བྱང་ཆུབ་ཀྱི་ཕྱིར་མི་སྤྱོད་པ། འདི་དག་ནི་ངན་པའི་ངང་ཚུལ་ཅན། འདི་དག་ནི་ཚུལ་ཁྲིམས་དང་ལྡན་པ། འདི་དག་ནི་འཆལ་བའི་ཤེས་རབ་ཅན། འདི་ དག་ནི་ཤེས་རབ་དང་ལྡན་པ་ཞེས་གཉིས་སུ་འབྱེད་པའི་སེམས་བསྐྱེད་པ་ལ་མངོན་པར་ཞེན་པ་ལས་དགྲོལ་བ་དང་། འདི་དག་ནི་སྦྱིན་པའི་གནས། འདི་དག་ནི་སྦྱིན་པའི་གནས་མ་ཡིན་པ། འདི་དག་ནི་བརྩོན་འགྲུས་དང་ལྡན་པ། འདི་དག་ནི་བརྩོན་འགྲུས་དང་མི་ལྡན་པ། འདི་དག་ ནི་བྱིས་པའི་ཆོས། འདི་དག་ནི་མཁས་པའི་ཆོས། འདི་དག་ནི་སྐྱེས་པའི་ཆོས། འདི་དག་ནི་བུད་མེད་ཀྱི་ཆོས། འདི་དག་ནི་འཕགས་པའི་ཆོས། འདི་དག་ནི་འཕགས་པ་མ་ཡིན་པའི་ཆོས་སོ་ཞེས་དེ་ལྟར་གཉིས་སུ་འབྱེད་པའི་སེམས་ལ། མངོན་པར་ཞེན་པ་ལས་དགྲོལ་བ་ དང་། འདི་དག་ནི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ། འདི་དག་ནི་བྱང་ཆུབ་ལས་ཕྱིར་ལྡོག་པ། འདི་དག་ནི་ལུང་བསྟན་པ། འདི་དག་ནི་ལུང་མ་བསྟན་པ། འདི་དག་ནི་ཉེ་བ། འདི་དག་ནི་ཉེ་བ་མ་ཡིན་པ་ཞེས་དེ་ལྟར་སེམས་བསྐྱེད་པའི་རྣམ་པར་རྟོག་པ་ལས་དགྲོལ་བ་དང་། བྱང་ཆུབ་ ཐོབ་ནས་ལེན་པ་མེད་པར་མྱ་ངན་ལས་འདའ་བར་མངོན་པར་ཞེན་པ་ལས་དགྲོལ་བས། སེམས་ཅན་མང་པོ་དགྲོལ་བར་འོས་ཏེ། སེམས་ཅན་རང་བཞིན་མེད་པར་བསྟན་པས་དེ་ལྟར་སེམས་ཅན་དགྲོལ་བར་འོས་པས་དགྲ་བཅོམ་པ་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །ཉི་ཚེའི་སྤྱོད་པ་གང་ཡིན་པ། །སྤྱོད་པ་ཐམས་ཅད་དེ་ཡིས་ཤེས། །ཉི་ཚེ་བ་ནི་ཐམས་ཅད་ཤེས། །དེས་དེ་དགྲ་བཅོམ་ཞེས་བརྗོད་དོ། །གང་གིས་སེམས་ཅན་རབ་སྡུག་བསྔལ། །ཉོན་མོངས་ཐམས་ཅད་དེ་ཡིས་བཅོམ། །ཉོན་ མོངས་པ་ལས་སེམས་ཅན་དགྲོལ། །དེས་དེ་དགྲ་བཅོམ་ཞེས་བརྗོད་དོ། །དམིགས་པ་ཐམས་ཅད་རབ་ཏུ་བཅོམ། །དམིགས་པ་མེད་ལ་ལེགས་པར་