Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 065_མདོ་སྡེ།_ཞ

Văn bản gốc(Tây Tạng)

Trang 3 / 19 (50.000 ký tự/trang)
དུ་སེམས་ཏེ། གང་ནམ་མཁའ་འདུ་ཤེས་པ་འདི་ནི་རྣམ་པར་ཤེས་པར་འགྱུར་བའོ་སྙམ་ནས་དེ་འདི་སྙམ་དུ་འདི་ཐམས་
ཅད་ནི་རྣམ་པར་ཤེས་པ་ཙམ་སྟེ། རྣམ་ཤེས་མཐའ་ཡས་དེ་ཡང་ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན་ནོ་སྙམ་དུ་སེམས་སོ། །དེ་དེ་ལྟར་སྙོམས་པར་ཞུགས་པས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ཡིན་ཏེ་ཡོངས་སུ་གྲུབ་པ་ནི་མ་ཡིན་ནོ། །དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་
སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་ཅི་ཡང་མེད་དོ་སྙམ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་སོ། །ཅི་ཡང་མེད་ཅེས་བྱ་བ་ལ་ཅི་ཡང་ཞེས་བྱ་བ་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། རྟོག་པ་དང་། རྣམ་པར་རྟོག་པ་དང་། ཡོངས་སུ་རྟོག་པ་དང་།
འདུས་བྱས་ཀྱི་ཆོས་ཐམས་ཅད་དང་ཡང་དག་པ་མ་ཡིན་པ་ཀུན་ཏུ་རྟོག་པ་ལས་བྱུང་བ་རྣམས་ནི་ཅི་ཡང་མེད་ཅེས་བྱའོ། །ཅི་ཡང་མེད་པ་ནི་ཇི་སྐད་དུ་བརྗོད་པ་དེ་དག་ལས་ཆུང་ངུར་གྱུར་ཕྲ་བར་གྱུར་པ་ནི་ཅི་ཡང་མེད་པ་ཞེས་བྱའོ། །དེ་ལ་གནས་པའི་བྱང་ཆུབ་སེམས་དཔའི་མི་སྐྱེ་བའི་ཆོས་ལ་
བཟོད་པ་ཤིན་ཏུ་འབར་བ། ཤིན་ཏུ་འོད་གསལ་བ་ཡིན་ནོ། །དེ་རྒྱུ་དེ་དང་རྐྱེན་དེ་དང་། གཞི་དེ་དང་ཐོབ་པ་དེའི་ཕྱིར་ཅི་ཡང་མེད་པའི་སྐྱེ་མཆེད་ལ་མི་ཆགས་ཏེ། དེ་གོང་དུ་རྩོལ་ལོ། །དེ་གོང་དུ་རྩོལ་བ་ན་འདི་སྙམ་དུ་སེམས་ཏེ། འདི་ནི་གང་འདུ་བྱེད་རྣམས་ཀྱི་ཕྲ་བ་ལ་
ཅི་ཡང་མེད་པར་ཡོངས་སུ་བརྟགས་པ་སྟེ། དེ་ནི་འདུ་ཤེས་མེད་འདུ་ཤེས་མེད་པ་ཡང་མ་ཡིན་ནོ་སྙམ་མོ། །དེ་ལ་འདུ་ཤེས་མེད་པ་ནི་སྟོང་པའི་ཕྱིར་རོ། །འདུ་ཤེས་མེད་པ་ཡང་མ་ཡིན་པ་ནི་རྟེན་ཅིང་འབྲེལ་པར་བྱུང་བའི་ཕྱིར་རོ། །དེ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་མངོན་དུ་འགྱུར་
ཏེ། དེ་རྣམ་པ་ཐམས་ཅད་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་སོ། །དེ་དེ་ལ་གནས་ནས་འདི་སྙམ་དུ་སེམས་ཏེ། གང་ལ་འདུ་ཤེས་མེད་འདུ་ཤེས་མེད་མིན་དེ་ལ་དགའ་བ་ཅི་ཞིག་ཡོད་སྙམ་

ནས་དེ་བློ་དེ་ལས་གོང་དུ་བསྐྱོད་དོ། །དེ་བློ་དེ་ལས་གོང་དུ་བསྐྱོད་ནས་སྐྱེ་བ་མེད་པ་དང་། འགག་པ་མེད་པའི་ཆོས་མངོན་དུ་འགྱུར་ཏེ། དེ་ཆོས་ཐམས་ཅད་མ་སྐྱེས་པ་དང་། མ་འགགས་པར་མཐོང་ངོ་། །དེ་ཆོས་ཐམས་ཅད་རང་བཞིན་གྱིས་འགགས་པར་མཐོང་ནས་ཡང་མི་འཇུག་མི་ལྡོག་
གོ། །དེ་དེའི་ཕྱིར་མི་སྐྱེ་བའི་ཆོས་ལ་བཟོད་པ་ཡོངས་སུ་དག་པ་ཡིན་ནོ། །དེ་དེ་ལས་གོང་དུ་ལྷུན་གྱིས་གྲུབ་པ་རྒྱུན་མི་འཆད་པར་འཇུག་སྟེ། འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུའོ། །དེ་ལ་བྱང་ཆུབ་སེམས་དཔའི་སྟོབས་
བཅུ་གང་ཞེ་ན། འདི་ལྟ་སྟེ། མོས་པའི་སྟོབས་དང་། སོ་སོར་རྟོག་པའི་སྟོབས་དང་། བསྒོམ་པའི་སྟོབས་དང་། བཟོད་པའི་སྟོབས་དང་། ཡེ་ཤེས་ཀྱི་སྟོབས་དང་། སྤོང་བའི་སྟོབས་དང་། ཐོས་པའི་སྟོབས་དང་། སྤོབས་པའི་སྟོབས་དང་། བསོད་ནམས་ཀྱི་སྟོབས་དང་། སྒྲུབ་པའི་སྟོབས་སོ། །
དེ་ལ་མོས་པའི་སྟོབས་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་གང་དང་གང་མོས་པ་དེའི་དེ་དེ་བཞིན་དུ་འགྱུར་རོ། །དེའི་མོས་པའི་སྟོབས་དེ་ནི་ལྷ་དང་བཅས་པའི་འཇིག་རྟེན་གྱིས་ཟིལ་གྱིས་གནོན་མི་ནུས་ཏེ། འདི་ནི་བྱང་ཆུབ་སེམས་དཔའི་མོས་པའི་སྟོབས་ཞེས་བྱའོ། །
དེ་ལ་བྱང་ཆུབ་སེམས་དཔའི་སོ་སོར་རྟོག་པའི་སྟོབས་གང་ཞེ་ན། གང་གི་ཕྱིར་བྱང་ཆུབ་སེམས་དཔའ་ནི་འདོད་ཆགས་སྐྱེས་པ་མི་སྡུག་པ་བསྒོམས་པས་ཞི་བར་བྱེད་དོ། །ཞེ་སྡང་སྐྱེས་པ་བྱམས་པ་བསྒོམས་པས་ཞི་བར་བྱེད་དོ། །གཏི་མུག་སྐྱེས་པ་རྟེན་ཅིང་འབྲེལ་པར་འབྱུང་བ་བསྒོམས་
པས་ཞི་བར་བྱེད་དོ། །གཤེ་བ་དང་མི་སྙན་པར་ཟེར་བ་རྣམས་ནི་བྲག་ཅ་དང་མཚུངས་པར་ཤེས་པ་ཡོངས་སུ་ཤེས་པས་ཞི་བར་བྱེད་དོ། །གསོད་པ་དང་འཆིང་བ་དང་། གོ་རར་འཇུག་པ་རྣམས་ནི་ལས་བདག་གིར་བྱ་བ་ཤེས་པས་ཞི་བར་བྱེད་དོ། །ལུས་ལ་བསྡིགས་པ་དང་ལུས་ལ་
གནོད་པ་དང་ལུས་ལ་ཉམ་ང་བ་རྣམས་ནི་གཟུགས་བརྙན་དང་མཚུངས་པར་ཤེས་པས་ཞི་བར་བྱེད་དོ། །དེ་ལྟར་ཀུན་ནས་ཉོན་མོངས་པའི་སྒོ་ཇི་སྙེད་པར་བྱང་ཆུབ་སེམས་དཔའི་རྣམ་པར་དག་པའི་སྒོ་ཡང་དེ་སྙེད་དུ་མཐོང་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་སོ་སོར་རྟོག་པའི་སྟོབས་ཞེས་བྱའོ། །

དེ་ལ་བྱང་ཆུབ་སེམས་དཔའི་བསྒོམ་པའི་སྟོབས་གང་ཞེ་ན། གང་མོས་པས་སྤྱོད་པའི་ས་དང་། མཐོང་བའི་ས་ལ་བར་དུ་གཅོད་པར་བྱེད་པའི་ཆོས་དེ་དག་གིས་བྱང་ཆུབ་སེམས་དཔའ་དེ་ལ་བར་ཆད་བྱེད་མི་ནུས་སོ། །དེས་མཐོང་བ་དེ་དང་ལམ་དེ་ལས་ལྷར་བཅས་པའི་
འཇིག་རྟེན་གྱིས་དབྲལ་བར་མི་ནུས་ཏེ། འདི་ནི་བྱང་ཆུབ་སེམས་དཔའི་བསྒོམ་པའི་སྟོབས་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་བཟོད་པའི་སྟོབས་གང་ཞེ་ན། གང་གི་ཕྱིར་བྱང་ཆུབ་སེམས་དཔའ་ནི་སྤྱོས་ཀྱང་བྲག་ཅའི་སྒྲ་དང་མཚུངས་པར་ཤེས་པའི་སྟོབས་ཀྱིས་སླར་སྤྱོ་བར་མི་བྱེད་
དོ། །བསྡིགས་ཤིང་བརྡེགས་ཀྱང་གཟུགས་བརྙན་དང་མཚུངས་པ་ཉིད་དུ་ཤེས་པས་སླར་མི་སྡིགས་མི་རྡེག་གོ། །གཤེ་ཡང་སེམས་སྒྱུ་མ་དང་མཚུངས་པ་ཉིད་དུ་ཤེས་པའི་སྟོབས་ཀྱིས་སླར་མི་གཤེའོ། །ཁྲོས་ཀྱང་ནང་རྣམ་པར་དག་པར་ཤེས་པའི་སྟོབས་ཀྱིས་སླར་མི་ཁྲོའོ། །
འཇིག་རྟེན་གྱི་ཆོས་རྣམ་པར་དག་པར་ཤེས་པའི་སྟོབས་ཀྱིས་འཇིག་རྟེན་གྱི་ཆོས་རྣམས་ཀྱིས་མི་འཕྲོགས་སོ། །རྟེན་ཅིང་འབྲེལ་བར་འབྱུང་བ་རྣམ་པར་དག་པར་ཤེས་པའི་སྟོབས་ཀྱིས་ཉོན་མོངས་པ་ཐམས་ཅད་ཀྱིས་མི་རྫིའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་ནི་འཁྲུག་པའི་སྒོ་ཇི་སྙེད་མཐོང་
བར་རབ་ཏུ་ཞི་བའི་སྒོ་ཡང་དེ་སྙེད་དུ་མཐོང་སྟེ། འདི་ནི་བཟོད་པའི་སྟོབས་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་སྟོབས་གང་ཞེ་ན། བྱང་ཆུབ་སེམས་དཔས་གང་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཤེས་པ་དེ་དག་ནི་སྟོང་པ། མ་སྐྱེས་པ། མ་འགགས་པའོ། །ཡེ་ཤེས་
གང་གིས་སངས་རྒྱས་ཀྱི་བྱང་ཆུབ་ཡང་དག་པར་བསྒྲུབ་པ་དེ་ལས་མུ་སྟེགས་ཅན་དང་། དམིགས་པ་ཅན་ཐམས་ཅད་དང་། བདུད་ཐམས་ཅད་སངས་རྒྱས་ཀྱི་གཟུགས་སུ་གནས་པས་ཀྱང་ཡེ་ཤེས་དེ་ལ་ཐེ་ཙོམ་ཟ་བར་བྱེད་མི་ནུས་པ་འདི་ནི་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་སྟོབས་
ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་སྤོང་བའི་སྟོབས་གང་ཞེ་ན། གལ་ཏེ་བྱང་ཆུབ་སེམས་དཔའ་གནས་གཅིག་ན་གནས་པའི་གན་དུ་སེམས་ཅན་ཐམས་ཅད་ལྷགས་ཏེ་ཁ་ངན་ཟེར། མི་སྙན་པར་བརྗོད། ཚིག་བརླང་བ་རྩུབ་པོ་སྨྲ། སངས་རྒྱས་དང་ཆོས་དང་དགེ་འདུན་གྱི་མི་

བསྔགས་པ་བརྗོད་ཀྱང་དེ་སེམས་ཅན་དེ་དག་ལ་མི་འཁྲུག་ཅིང་ཡིད་མི་བདེ་བར་མི་འགྱུར་རོ། །འགྱོད་པར་མི་འགྱུར་རོ། །བག་ལ་ཉལ་བར་མི་བྱེད་དོ། །ལུས་གཤགས་གཏུབས་ཀྱང་དེ་བཞིན་དུ་བག་ལ་ཉལ་མི་སྐྱེད་དོ། །སེམས་ཅན་དེ་དག་ཀྱང་དཀོན་མཆོག་གསུམ་ལ་རབ་ཏུ་འགོད་
དེ། འདི་ནི་བྱང་ཆུབ་སེམས་དཔའི་སྤོང་བའི་སྟོབས་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཐོས་པའི་སྟོབས་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་མང་དུ་ཐོས་པ། ཐོས་པ་འཛིན་པ། ཐོས་པ་རྒྱ་མཚོ། ཐོས་པ་བསགས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ནི་ཐོས་
པའི་སྟོབས་དེ་ལྟ་བུ་དང་ལྡན་པ་ཡིན་ནོ། །གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་གཏོགས་པའི་སེམས་ཅན་ཐམས་ཅད་ཐེ་ཚོམ་བཟུང་སྟེ། བྱང་ཆུབ་སེམས་དཔའི་གན་དུ་ལྷགས་ནས། གང་སེམས་ཅན་གཅིག་གི་འདྲི་བ་དེ་བཞིན་དུ་གཞན་མི་འདྲི་བར་ཐམས་
ཅད་ཀྱིས་ཐེ་ཚོམ་ཐ་དད་པར་ལྷན་ཅིག་ཏུ་དྲིས་ཀྱང་བྱང་ཆུབ་སེམས་དཔའ་ཐགས་ཐོགས་མེད་པར་ལྷན་ཅིག་ཏུ་ལན་འདེབས་སོ། །བསྐལ་པ་བརྒྱ་སྟོང་དུ་དྲིས་ཀྱང་དེ་བཞིན་དུ་ལུང་སྟོན་ཏེ། འདི་ནི་བྱང་ཆུབ་སེམས་དཔའི་ཐོས་པའི་སྟོབས་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་
སྤོབས་པའི་སྟོབས་གང་ཞེ་ན། གལ་ཏེ་བྱང་ཆུབ་སེམས་དཔའ་འཁོར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མའི་ནང་དུ་ཆོས་སྟོན་ན། དེ་མི་སེམས་མི་རྟོག་པར་སེམས་ཅན་གང་དང་གང་གི་འདོད་པ་ཇི་ལྟ་བ་བཞིན་དུ་ཆོས་སྟོན་ཅིང་ཐོགས་པར་བྱེད་ཀྱང་བྱང་ཆུབ་སེམས་དཔའི་ཆོས་སྟོན་པ་དེ་དོན་ཉམས་
པར་མི་འགྱུར། ཚིག་འབྲུ་ཉམས་པར་མི་འགྱུར། ཚིག་ཟློས་པར་མི་འགྱུར། ཐོགས་པར་མི་འགྱུར། གཅོད་པར་མི་འགྱུར་བ་འདི་ནི་བྱང་ཆུབ་སེམས་དཔའི་སྤོབས་པའི་སྟོབས་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་བསོད་ནམས་ཀྱི་སྟོབས་གང་ཞེ་ན། གལ་ཏེ་བྱང་ཆུབ་
སེམས་དཔའི་ཤིང་དྲུང་ན་གནས་ཀྱང་རུང་། གཙུག་ལག་ཁང་ན་གནས་ཀྱང་རུང་། ཁྱིམ་སྟོང་པ་ན་གནས་ཀྱང་རུང་། བདུད་ཐམས་ཅད་འཁོར་དང་བཅས་ཏེ་ལྷགས་ནས་བགེགས་བྱ་བ་དང་། གཙེ་བའི་ཕྱིར་ནན་ཏན་བྱེད་ན། དེ་ལ་བདུད་དེ་དག་བདག་ཉིད་འཇིགས་སྐྲག་མྱོས་

ཤིང་གྱེས་ཏེ། བདག་མགོན་མེད་པར་ཤེས་ནས་འབྲོས་པར་འགྱུར་རོ། །གང་བདུད་དེ་དག་གི་རལ་གྲི་དང་མཚོན་རྩེ་གཉིས་པ་དང་། མདུང་རྩེ་གསུམ་པ་དང་། རྡོ་བ་དང་སྟ་རེ་འབབ་པ་དེ་དག་བྱང་ཆུབ་སེམས་དཔའི་བསོད་ནམས་ཀྱི་བྱིན་གྱི་རླབས་ཀྱིས་མན་
དཱ་ར་བའི་མེ་ཏོག་དང་། ཙམ་པ་ཀ་དང་སྣ་མའི་མེ་ཏོག་དང་། ཨུཏྤ་ལ་དང་པད་མར་གྱུར་ནས་འབབ་བོ། །གང་བདུད་དེ་དག་གི་ཚིག་རྩུབ་པོ་དང་། ཚིག་བརླང་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་ལ་བསྟོད་པར་གྲག་གོ། །བྱང་ཆུབ་སེམས་དཔའ་ལ་ནི་ནམ་ཡང་ཡིད་དུ་མི་འོང་བའི་
ཡུལ་དྲུག་སྣང་བར་མི་འགྱུར་རོ། །བསམས་པ་ཙམ་གྱིས་དེའི་ཕུན་སུམ་ཚོགས་པ་ཐམས་ཅད་ནམ་མཁའ་ལས་འབྱུང་ངོ་། །དེ་ཡང་དེའི་རང་གི་བསོད་ནམས་ཀྱི་དབང་གིས་ནམ་མཁའི་མཛོད་དང་། ལག་ན་རིན་པོ་ཆེ་ལས་ཕུན་སུམ་ཚོགས་པ་ཐམས་ཅད་འབྱུང་སྟེ། སེམས་ཅན་
ཐམས་ཅད་ཀྱི་འཚོ་བར་འགྱུར་རོ། །དེའི་རང་གི་བསོད་ནམས་ཀྱི་དབང་ལག་ན་རིན་པོ་ཆེ་དེ་ནི་ཚེའི་ཚད་བསྐལ་པར་གནས་ཏེ་བརྗོད་ཀྱང་བྱང་ཆུབ་སེམས་དཔའི་བསོད་ནམས་ཀྱི་སྟོབས་ཀྱི་མཐའ་རྟོགས་པར་སླ་བ་མ་ཡིན་ཏེ། འདི་ནི་བྱང་ཆུབ་སེམས་དཔའི་བསོད་ནམས་ཀྱི་སྟོབས་ཞེས་བྱའོ། །
དེ་ལ་བྱང་ཆུབ་སེམས་དཔའི་སྒྲུབ་པའི་སྟོབས་གང་ཞེ་ན། བྱང་ཆུབ་སེམས་དཔའི་སྒྲུབ་པའི་སྟོབས་ནི་རྣམ་པ་བཅུའོ། །རྣམ་པ་བཅུ་གང་ཞེ་ན། འདི་ལྟ་སྟེ། སྦྱིན་པ་སྒྲུབ་པ་དང་། ཚུལ་ཁྲིམས་སྒྲུབ་པ་དང་། བཟོད་པ་སྒྲུབ་པ་དང་། བརྩོན་འགྲུས་སྒྲུབ་པ་དང་།
བསམ་གཏན་སྒྲུབ་པ་དང་། ཤེས་རབ་སྒྲུབ་པ་དང་། ཐབས་སྒྲུབ་པ་དང་། སྨོན་ལམ་སྒྲུབ་པ་དང་། སྟོབས་སྒྲུབ་པ་དང་། ཡེ་ཤེས་སྒྲུབ་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་སྒྲུབ་པ་རྣམ་པ་བཅུ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་སྒྲུབ་
པ་གང་ཇི་སྙེད་པ་དེ་དག་ཐམས་ཅད་ནི་སྒྲུབ་པ་བཅུ་པོ་འདིའི་ནང་དུ་འདུས་པར་བལྟའོ། །དེ་ལ་བྱང་ཆུབ་སེམས་དཔའི་སྦྱིན་པ་སྒྲུབ་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་ནི་སྦྱིན་པའི་ཆོས་གང་གིས་སེམས་ཅན་རྣམས་ལ་གནོད་པར་འགྱུར་བ་མ་གཏོགས་པར་སེམས་ཅན་རྣམས་ལ་མི་

སྦྱིན་པ་གང་ཡང་མེད་དོ། །བྱང་ཆུབ་སེམས་དཔའི་སེམས་གང་གིས་སྦྱིན་པ་བྱིན་པའི་སེམས་དེ་ལ་ནི་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་བཟོད་པ་ཐོབ་པ་མ་གཏོགས་པར་སེམས་ཅན་གཞན་རྣམས་ཀྱིས་དད་པར་སླ་བ་ཡང་མ་ཡིན་ན། ཤེས་པར་འགྱུར་བ་ལྟ་ཅི་སྨོས་
ཏེ། འདི་ནི་བྱང་ཆུབ་སེམས་དཔའི་སྦྱིན་པ་སྒྲུབ་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་སྒྲུབ་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་སྒྲུབ་པ་ནི་རྣམ་པ་བཅུའོ། །རྣམ་པ་བཅུ་གང་ཞེ་ན། འདི་ལྟ་སྟེ། ཉན་ཐོས་ཀྱི་སྡོམ་པའི་ཚུལ་ཁྲིམས་སྒྲུབ་
པ་དང་། རང་སངས་རྒྱས་ཀྱི་སྡོམ་པའི་ཚུལ་ཁྲིམས་སྒྲུབ་པ་དང་། བྱང་ཆུབ་སེམས་དཔའི་སྡོམ་པའི་ཚུལ་ཁྲིམས་སྒྲུབ་པ་དང་། དགེ་བའི་ཆོས་ཐམས་ཅད་སྡུད་པའི་ཚུལ་ཁྲིམས་སྒྲུབ་པ་དང་། དགེ་བའི་བཤེས་གཉེན་ཀུན་ཏུ་ཚོལ་བ་མི་གཏོང་བའི་སྡོམ་པའི་ཚུལ་ཁྲིམས་སྒྲུབ་པ་དང་།
དམ་པའི་ཆོས་ཡོངས་སུ་འཛིན་པའི་སྡོམ་པའི་ཚུལ་ཁྲིམས་སྒྲུབ་པ་དང་། རྟག་ཏུ་གཞན་གྱི་དོན་སྒྲུབ་པའི་སྡོམ་པའི་ཚུལ་ཁྲིམས་སྒྲུབ་པ་དང་། བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའི་སྡོམ་པའི་ཚུལ་ཁྲིམས་སྒྲུབ་པ་དང་། རྟག་ཏུ་མཉམ་པར་བཞག་པའི་སྡོམ་པའི་ཚུལ་ཁྲིམས་སྒྲུབ་པ་དང་།
བག་ཆགས་ཀྱི་མཚམས་སྦྱོར་བ་ཡང་དག་པར་འཇོམས་པ་ལ་བཟོད་པའི་སྡོམ་པའི་ཚུལ་ཁྲིམས་སྒྲུབ་པའོ། །བྱང་ཆུབ་སེམས་དཔའ་རྣམས་ནི་རྣམ་པར་མི་རྟོག་པའི་ཚུལ་ཁྲིམས་ཅན་ཡིན་ཏེ། དེ་དག་གི་ཚུལ་ཁྲིམས་སྒྲུབ་པ་ནི་ཐམས་ཅད་མཁྱེན་པ་མ་ཡིན་པ་རྣམས་ཀྱིས་ཤེས་པར་སླ་བ་མ་
ཡིན་ཏེ། འདི་ནི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་སྒྲུབ་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་བཟོད་པ་སྒྲུབ་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཟོད་པ་སྒྲུབ་པ་ནི་རྣམ་པ་གསུམ་མོ། །རྣམ་པ་གསུམ་གང་ཞེ་ན། འདི་ལྟ་སྟེ། སྡུག་བསྔལ་དང་དུ་ལེན་པའི་
བཟོད་པ་དང་། གཞན་གྱིས་གནོད་པར་བྱས་པ་ལ་མི་མཇེད་པའི་བཟོད་པ་དང་། ཆོས་ལ་ངེས་པར་སེམས་པའི་བཟོད་པའོ། །དེ་ལ་སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་ནི་ལས་བདག་གིར་བྱ་བ་ཤེས་པ་ལ་འཇུག་པའོ། །གཞན་གྱིས་གནོད་པར་བྱས་པ་ལ་མི་མཇེད་པའི་བཟོད་པ་ནི་

སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་བཞིན་དུ་བྱམས་པ་ལ་འཇུག་པའོ། །ཆོས་ལ་ངེས་པར་སེམས་པའི་བཟོད་པ་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པར་ཤེས་པ་ལ་འཇུག་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་བཟོད་པ་རྣམ་པ་གསུམ་ཞེས་བྱའོ། །གང་བཟོད་པ་འདི་དག་
སྒྲུབ་པ་འདི་ནི་བྱང་ཆུབ་སེམས་དཔའི་བཟོད་པ་སྒྲུབ་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་སྒྲུབ་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་གང་དང་གང་དུ་ཇི་ལྟ་ཇི་ལྟར་དགེ་བའི་ཆོས་རྣམས་ཡོངས་སུ་འགྲུབ་པར་བྱ་བའི་ཕྱིར་སྦྱོར་བ་དེ་དང་དེར་འདུ་ཤེས་
འདི་ལྟར་སྦྱོར་ཏེ། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དགེ་བའི་ཆོས་འདི་ཡོངས་སུ་བསྒྲུབ་པར་བྱའོ་སྙམ་པ་འདི་ནི་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་སྒྲུབ་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་བསམ་གཏན་སྒྲུབ་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་ནི་མཉམ་པར་མ་
བཞག་པའི་ཆོས་གང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྙོམས་པར་ཞུགས་པ། ཞི་བ་སེམས་དང་ཡིད་དང་ཡིད་ཀྱི་རྣམ་པར་ཤེས་པ་དང་བྲལ་བ། མ་སྐྱེས་མ་འགགས་ཤིང་མི་གཡོ་བ་ཐོབ་པར་མཐོང་ངོ་། །དེ་བདག་ནི་མཉམ་པར་
བཞག་པ། གཞན་ནི་རྣམ་པར་གཡེངས་པའོ་སྙམ་དུ་མི་སེམས་སོ། །བདག་དང་གཞན་ལས་རྣམ་པར་གྲོལ་བའི་ཏིང་ངེ་འཛིན་གཞན་ཡང་དག་པར་རྗེས་སུ་མི་མཐོང་ལ། བྱང་ཆུབ་ཡང་དག་པར་སྒྲུབ་པའི་བརྩོན་འགྲུས་ཀྱང་མི་ཉམས་པ་འདི་ནི་བྱང་ཆུབ་སེམས་དཔའི་བསམ་གཏན་སྒྲུབ་པའོ། །
དེ་ལ་བྱང་ཆུབ་སེམས་དཔའི་ཤེས་རབ་སྒྲུབ་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་གང་རྟེན་ཅིང་འབྲེལ་པར་འབྱུང་བ་ལས་རྣམ་པར་གྲོལ་བ་དང་། གང་སྟོང་པ་ཉིད་ལས་རྣམ་པར་གྲོལ་བ་དང་། གང་མཚན་མ་མེད་པ་ལས་རྣམ་པར་གྲོལ་བ་དང་། གང་སྨོན་པ་མེད་པ་
ལས་རྣམ་པར་གྲོལ་བ་དང་། གང་ནམ་མཁའ་ལས་རྣམ་པར་གྲོལ་བའི་ཆོས་དེ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ལ། བྱང་ཆུབ་ཀྱི་ལམ་དང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་བརྩོན་འགྲུས་ཀྱང་མི་ཉམས་པ་འདི་ནི་བྱང་ཆུབ་སེམས་དཔའི་ཤེས་རབ་སྒྲུབ་པའོ། །དེ་ལ་

བྱང་ཆུབ་སེམས་དཔའི་ཐབས་སྒྲུབ་པ་གང་ཞེ་ན། གང་བྱང་ཆུབ་སེམས་དཔའ་ནི་བདག་ཀྱང་མི་དམིགས་ལ་རྟག་ཏུ་བདག་ཉིད་ཀྱིས་སྦེད་པ་ཡང་སྤྱོད་དོ། །སེམས་ཅན་ཡང་མི་དམིགས་ལ་རྟག་ཏུ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་བརྩོན་པ་ཡང་སྤྱོད་དོ། །ཉོན་མོངས་པ་ཡང་
མི་དམིགས་ལ་རྟག་ཏུ་དབང་པོ་རྣམས་སྦེད་པ་ཡང་སྤྱོད་དོ། །དེ་ལ་གང་སངས་རྒྱས་ཀྱི་གཟུགས་མ་ཡིན་པའི་གཟུགས་ཅུང་ཟད་ཀྱང་སྣང་བར་མི་འགྱུར་ལ་རྟག་ཏུ་སངས་རྒྱས་མཐོང་བར་འདོད་པ་ཡང་ཡིན་ནོ། །དེ་ལ་གང་ཆོས་ཀྱི་སྒྲ་མ་ཡིན་པའི་སྒྲ་གང་ཡང་གྲག་པར་མི་འགྱུར་ལ་རྟག་
ཏུ་ཆོས་ཉན་པས་ངོམས་མི་མྱོང་བ་ཡང་ཡིན་ནོ། །འཁོར་བ་ཡང་མི་དམིགས་ལ་རྟག་ཏུ་འཁོར་བས་འཇིགས་པའི་ཡིད་དང་ལྡན་པ་ཡང་ཡིན་ནོ། །མྱ་ངན་ལས་འདས་པ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ལ་མྱ་ངན་ལས་འདས་པ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་བདོག་པ་ཐམས་ཅད་ཡོངས་
སུ་གཏོང་བར་ཡང་བྱེད་དོ། །སངས་རྒྱས་དང་བྱང་ཆུབ་ཀྱང་མི་དམིགས་ལ་སངས་རྒྱས་ཀྱི་བྱང་ཆུབ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་སྨོན་ལམ་བརྒྱ་སྟོང་མང་པོ་ཡང་མངོན་པར་སྒྲུབ་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་ཐབས་སྒྲུབ་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་
སྨོན་ལམ་སྒྲུབ་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་ཆོས་གང་ཡང་འབྲི་བའམ་འཕེལ་བར་ཡང་དག་པར་རྗེས་སུ་མི་མཐོང་ལ་སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་རྣམས་ལ་ཡང་རྗེས་སུ་ཡི་རང་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྔོ་བར་བྱེད་དོ། །
རང་གི་དགེ་བའི་རྩ་བ་རྣམས་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས་འདིས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །བདག་གི་སངས་རྒྱས་ཀྱི་ཞིང་འདི་འདྲ་བར་གྱུར་ཅིག །འཁོར་ཕུན་སུམ་ཚོགས་པ་ནི་འདི་འདྲ་
བར་གྱུར་ཅིག་ཅེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་དོ། །དེའི་སྨོན་ལམ་དེ་ཡང་ཡང་དག་པར་འགྲུབ་པ་སྟེ་མི་འགྲུབ་པར་མི་འགྱུར་རོ། །དེ་ཚུལ་ཁྲིམས་མ་ཞིག་པ། མ་ཉམས་པ། འདྲེན་མ་མ་ཡིན་པ། སྲ་སྲེར་མ་གྱུར་པ། མཁས་

པས་བསྔགས་པ་བསྲུང་ངོ་། །དེ་ཚུལ་ཁྲིམས་དེ་ལ་རབ་ཏུ་གནས་པས་སེམས་ཀྱིས་སྨོན་པ་འགྲུབ་པར་འགྱུར་ཏེ། འདི་ནི་བྱང་ཆུབ་སེམས་དཔའི་སྨོན་ལམ་སྒྲུབ་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་སྟོབས་སྒྲུབ་པ་གང་ཞེ་ན། གལ་ཏེ་ལ་ལ་ཞིག་སངས་
རྒྱས་ཀྱི་གཟུགས་སུ་བསྒྱུར་ནས་བྱང་ཆུབ་སེམས་དཔའི་གན་དུ་འོངས་ཏེ། སངས་རྒྱས་ཀྱི་བྱང་ཆུབ་ལས་ཟློག་པར་བྱེད། འདུན་པ་ཟློག་པར་བྱེད། དབྲལ་བར་བྱེད་ཀྱང་བྱང་ཆུབ་སེམས་དཔའ་དེ་འདུན་པ་ལྡོག་པར་མི་འགྱུར་ཏེ། བྱང་ཆུབ་ཉིད་རྗེས་སུ་དྲན་ནོ། །བྱང་ཆུབ་
ཀྱི་སྙིང་པོ་རྗེས་སུ་དྲན་ནོ། །བདུད་འདུལ་བ་དང་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་དང་། སྙིང་རྗེ་ཆེན་པོ་མངོན་དུ་བྱེད་པའོ། །སེམས་ཅན་གང་བྱང་ཆུབ་སེམས་དཔའ་དེ་འདུན་པ་ཟློག་པར་བྱེད། དབྲལ་བར་བྱེད། རྣམ་པར་ཟློག་པར་བྱེད་ན། སེམས་ཅན་དེ་ལ་
ཡང་བྱང་ཆུབ་སེམས་དཔའ་ཁོང་ཁྲོ་བར་མི་འགྱུར་གྱི། སེམས་ཅན་དེ་ལ་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་སྐྱེད་དེ། དད་པ་དང་བརྩོན་འགྲུས་དང་དྲན་པ་དང་ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་སྟོབས་ལས་ཀྱང་མི་ཉམས་ཏེ། དེའི་ཕྱིར་མི་ལྡོག་པའི་སྟོབས་དེས་
སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་དག་སངས་རྒྱས་ཀྱི་བྱང་ཆུབ་ལ་རབ་ཏུ་འགོད་རབ་ཏུ་འཛུད་དེ། འདི་ནི་བྱང་ཆུབ་སེམས་དཔའི་སྟོབས་སྒྲུབ་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཡེ་ཤེས་སྒྲུབ་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་འདི་ལ་སྐྱེ་བའམ།
འཆི་བའམ། རྒ་བ་གང་ཡང་མེད་དོ། །འདི་དག་ནི་ཆོས་ཙམ་དུ་ཟད་དེ། བདག་དང་བདག་གི་དང་བྲལ་བའོ་ཞེས་ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། དེ་ཡེ་ཤེས་ཀྱི་སྟོབས་དེ་ཉིད་ཀྱིས་སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་དག་ཡེ་ཤེས་ཀྱི་སྟོབས་
དེ་ལ་རབ་ཏུ་འགོད་དོ། །དེ་སེམས་ཅན་ཐམས་ཅད་ཀྱིས་ཆོས་ཉིད་དེ་ལས་རྣམ་པར་བཟློག་ནས་འཇིག་རྟེན་གྱི་ཆོས་རྣམས་ལ་རབ་ཏུ་འཇོག་མི་ནུས་ཏེ། འདི་ནི་བྱང་ཆུབ་སེམས་དཔའ་ཡེ་ཤེས་སྒྲུབ་པའོ། །འདི་ནི་སྒྲུབ་པ་རྣམ་པ་བཅུ་སྟེ། འདི་དག་ནི་བྱང་ཆུབ་སེམས་དཔའི་

སྟོབས་བཅུ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་པ་བཅུ་གང་ཞེ་ན། འདི་ལྟ་སྟེ། སྡུག་བསྔལ་ཤེས་པ་དང་། ཀུན་འབྱུང་བ་ཤེས་པ་དང་། འགོག་པ་ཤེས་པ་དང་། ལམ་ཤེས་པ་དང་། སྡུག་བསྔལ་ལ་ཆོས་ཤེས་ཤིང་ཀུན་འབྱུང་བ་དང་། འགོག་
པ་དང་ལམ་ལ་ཆོས་ཤེས་པ་དང་ཕུང་པོ་ཤེས་པ་དང་། ཁམས་ཤེས་པ་དང་སྐྱེ་མཆེད་ཤེས་པ་དང་། འདས་པ་དང་མ་འོངས་པ་ཤེས་པ་དང་། ལམ་དང་འབྲས་བུ་ཤེས་པ་སྟེ། འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་པ་བཅུའོ། །དེ་ལ་སྡུག་བསྔལ་ཤེས་པ་
གང་ཞེ་ན། གང་སྡུག་བསྔལ་ལ་སྡུག་བསྔལ་དུ་ཤེས་པ། སྡུག་བསྔལ་ལ་ཀུན་འབྱུང་བར་ཤེས་པ། སྡུག་བསྔལ་ལ་འགོག་པར་ཤེས་པ། སྡུག་བསྔལ་ལ་ལམ་དུ་ཤེས་པའོ། །གཞན་ཡང་སྡུག་བསྔལ་སྟོང་པར་ཤེས་པ། སྡུག་བསྔལ་མཚན་མ་མེད་པར་ཤེས་པ།
སྡུག་བསྔལ་སྨོན་པ་མེད་པར་ཤེས་པ། སྡུག་བསྔལ་རྟེན་ཅིང་འབྲེལ་པར་འབྱུང་བར་ཤེས་པ་འཇིག་རྟེན་སྐྱེ་བ་འདི་སྡུག་བསྔལ་བར་ཤེས་པ་ནི་སྡུག་བསྔལ་ཤེས་པའོ། །གཞན་ཡང་མ་རིག་པ་ཤེས་པ། སྲེད་པ་ཤེས་པ། ལེན་པ་ཤེས་པ་ནི་སྡུག་བསྔལ་ཤེས་པ་སྟེ་འདི་ནི་སྡུག་
བསྔལ་ཤེས་པ་ཞེས་བྱའོ། །དེ་ལ་ཀུན་འབྱུང་བ་ཤེས་པ་གང་ཞེ་ན། གང་གིས་སྡུག་བསྔལ་དེ་ཀུན་འབྱུང་བར་འགྱུར་བ་དེ་ཤེས་པ་ནི་ཀུན་འབྱུང་བ་ཤེས་པའོ། །ཀུན་འབྱུང་བ་དེ་སྡུག་བསྔལ་ཉིད་དུ་ཤེས་པ་ནི་ཀུན་འབྱུང་བ་ཤེས་པའོ། །གཞན་ཡང་སྲེད་པ་ཤེས་པ་ནི་ཀུན་འབྱུང་བ་
ཤེས་པ་ཡིན་ཏེ། འདི་ནི་ཀུན་འབྱུང་བ་ཤེས་པ་ཞེས་བྱའོ། །དེ་ལ་འགོག་པ་ཤེས་པ་གང་ཞེ་ན། གང་སྔོན་གྱི་མཐར་མི་འཕོ་བར་ཤེས་པ། ཕྱི་མའི་མཐར་མི་འབྱུང་བར་ཤེས་པ། དབུས་ལ་མི་གནས་པར་ཤེས་པའོ། །གཞན་ཡང་གང་ལ་འདས་པའི་ཆོས་འགགས་པ་མ་ཡིན་
པ་དང་མ་འོངས་པ་དང་། ད་ལྟར་བྱུང་བའི་ཆོས་འགགས་པ་མ་ཡིན་པར་ཤེས་པ་འདི་ནི་འགོག་པ་ཤེས་པ་ཞེས་བྱའོ། །དེ་ལ་ལམ་ཤེས་པ་གང་ཞེ་ན། གང་སྡུག་བསྔལ་ཤེས་པ་དང་། ཀུན་འབྱུང་བ་ཤེས་པ་དང་། འགོག་པ་ཤེས་པ་ལ་ཚོལ་བའི་ཤེས་པ་དང་། ཐོབ་པར་

བྱེད་པའི་ཤེས་པ་འདི་ནི་ལམ་ཤེས་པ་ཞེས་བྱའོ། །དེ་ལ་སྡུག་བསྔལ་ལ་ཆོས་ཤེས་ཤིང་ཀུན་འབྱུང་བ་དང་། འགོག་པ་དང་ལམ་ལ་ཆོས་ཤེས་པ་གང་ཞེ་ན། དེ་འདི་སྙམ་དུ་སེམས་ཏེ། སྡུག་བསྔལ་གང་ཡིན་པ་དང་། ཀུན་འབྱུང་བ་གང་ཡིན་པ་དང་། འགོག་པ་
གང་ཡིན་པ་དང་། ལམ་གང་ཡིན་པ་དེ་དག་ནི་ཆོས་ཙམ་དུ་ཟད་དོ་སྙམ་པ་འདི་ནི་སྡུག་བསྔལ་ལ་ཆོས་ཤེས་པ་དང་། ཀུན་འབྱུང་བ་དང་འགོག་པ་དང་ལམ་ལ་ཆོས་ཤེས་པ་ཞེས་བྱའོ། །དེ་ལ་ཕུང་པོ་རྣམས་ཤེས་པ་ནི་གང་ཕུང་པོ་རྣམས་ལ་སྒྱུ་མ་དང་རྨི་ལམ་ལྟ་བུར་ཤེས་པ། གོང་
བུར་ཤེས་པ། ཕུང་པོར་ཤེས་པ། བརྩེགས་པར་ཤེས་པ་འདི་ནི་ཕུང་པོ་ཤེས་པ་ཞེས་བྱའོ། །གཞན་ཡང་གཟུགས་ཀྱི་ཕུང་པོ་ལ་དབུ་བ་རྡོས་པ་ལྟ་བུར་ཤེས་པ་དང་། ཚོར་བའི་ཕུང་པོ་ལ་ཆུའི་ཆུ་བུར་ལྟ་བུར་ཤེས་པ་དང་། འདུ་ཤེས་ཀྱི་ཕུང་པོ་ལ་སྨིག་རྒྱུ་བ་ལྟ་བུར་ཤེས་པ་དང་།
འདུ་བྱེད་ཀྱི་ཕུང་པོ་ལ་ཆུ་ཤིང་ལྟ་བུར་ཤེས་པ་དང་། རྣམ་པར་ཤེས་པའི་ཕུང་པོ་ལ་སྒྱུ་མ་ལྟ་བུར་ཤེས་པ་འདི་ནི་ཕུང་པོ་ཤེས་པ་ཞེས་བྱའོ། །དེ་ལ་ཁམས་ཤེས་པ་གང་ཞེ་ན། སའི་ཁམས་ནི་ཆོས་ཀྱི་དབྱིངས་ཏེ་ཆོས་ཀྱི་དབྱིངས་སྲ་བ་ནི་མ་ཡིན་ནོ། །དེ་བཞིན་དུ་ཆུའི་ཁམས་ནི་ཆོས་ཀྱི་
དབྱིངས་ཏེ། ཆོས་ཀྱི་དབྱིངས་གཤེར་བ་ནི་མ་ཡིན་ནོ། །མེའི་ཁམས་ནི་ཆོས་ཀྱི་དབྱིངས་ཏེ། ཆོས་ཀྱི་དབྱིངས་ཚ་བ་ནི་མ་ཡིན་ནོ། །རླུང་གི་ཁམས་ནི་ཆོས་ཀྱི་དབྱིངས་ཏེ། ཆོས་ཀྱི་དབྱིངས་གཡོ་བ་ནི་མ་ཡིན་ཏེ། གང་དེ་ལྟར་ཤེས་པ་འདི་ནི་ཁམས་ཤེས་པ་ཞེས་བྱའོ། །གཞན་ཡང་
ཕྲ་བ་ཤེས་པ་དང་། རགས་པ་ཤེས་པ་དང་། ཆུང་ངུ་ཤེས་པ་དང་། ཆོས་ཐམས་ཅད་ཀྱི་རྩ་བ་ཤེས་པ་ནི། ཁམས་ཤེས་པ་ཞེས་བྱའོ། །གཞན་ཡང་སྡུག་བསྔལ་ཤེས་པ་དང་། ཀུན་འབྱུང་བ་ཤེས་པ་དང་། འགོག་པ་ཤེས་པ་དང་ལམ་ཤེས་པ་འདི་ནི་ཁམས་
ཤེས་པ་ཞེས་བྱའོ། །གཞན་ཡང་ཁམས་ནི་གཉིས་ཏེ། འདུས་བྱས་ཀྱི་ཁམས་དང་། འདུས་མ་བྱས་ཀྱི་ཁམས་སོ། །དེ་ལ་འདུས་བྱས་དང་འདུས་མ་བྱས་ཤེས་པ་ནི་ཁམས་ཤེས་པའོ། །གཞན་ཡང་མིག་གི་ཁམས་དང་། གཟུགས་ཀྱི་ཁམས་དང་། མིག་གི་རྣམ་པར་

ཤེས་པའི་ཁམས་ནི་ཆོས་ཀྱི་དབྱིངས་ཏེ། ཆོས་ཀྱི་དབྱིངས་ནི་ལྟ་བའི་ངོ་བོ་ཉིད་མ་ཡིན། རྫས་ཀྱི་ངོ་བོ་ཉིད་མ་ཡིན། རྣམ་པར་ཤེས་པའི་ངོ་བོ་ཉིད་མ་ཡིན་ནོ། །རྣ་བའི་ཁམས་དང་སྒྲའི་ཁམས་དང་། རྣ་བའི་རྣམ་པར་ཤེས་པའི་ཁམས་ནི་ཆོས་ཀྱི་དབྱིངས་ཏེ། ཆོས་ཀྱི་དབྱིངས་ནི་
སྒྲ་འཛིན་པའི་ངོ་བོ་ཉིད་མ་ཡིན། སྒྲ་གཟུང་བའི་ངོ་བོ་ཉིད་མ་ཡིན། སྒྲ་རྣམ་པར་ཤེས་པའི་ངོ་བོ་ཉིད་མ་ཡིན་ནོ། །སྣའི་ཁམས་དང་དྲིའི་ཁམས་དང་། སྣའི་རྣམ་པར་ཤེས་པའི་ཁམས་ནི་ཆོས་ཀྱི་དབྱིངས་ཏེ། ཆོས་ཀྱི་དབྱིངས་ནི་སྣོམ་པ་མ་ཡིན། བསྣམ་པ་མ་ཡིན། རྣམ་པར་
ཤེས་པ་མ་ཡིན་ནོ། །ལྕེའི་ཁམས་དང་རོའི་ཁམས་དང་། ལྕེའི་རྣམ་པར་ཤེས་པའི་ཁམས་ནི་ཆོས་ཀྱི་དབྱིངས་ཏེ། ཆོས་ཀྱི་དབྱིངས་ནི་རོ་ལ་སྤྱོད་ཡུལ་པ་མ་ཡིན་རོ་བྲོ་བ་མ་ཡིན། ལྕེའི་རྣམ་པར་ཤེས་པས་ཐོབ་པ་མ་ཡིན་ནོ། །ལུས་ཀྱི་ཁམས་དང་རེག་བྱའི་ཁམས་དང་། ལུས་
ཀྱི་རྣམ་པར་ཤེས་པའི་ཁམས་ནི་ཆོས་ཀྱི་དབྱིངས་ཏེ། ཆོས་ཀྱི་དབྱིངས་ནི་གོང་བུའི་མཚན་ཉིད་མ་ཡིན། རེག་པའི་མཚན་ཉིད་མ་ཡིན། སྨིག་རྒྱུའི་མཚན་ཉིད་མ་ཡིན་ནོ། །ཡིད་ཀྱི་ཁམས་དང་ཆོས་ཀྱི་ཁམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ནི་ཆོས་ཀྱི་དབྱིངས་ཏེ།
ཆོས་ཀྱི་དབྱིངས་ནི་སྐྱེ་བ་དང་། གནས་པ་དང་འཇིག་པའི་མཚན་ཉིད་མ་ཡིན་ཏེ། གང་དེ་ལྟར་ཤེས་པ་འདི་ནི་བྱང་ཆུབ་སེམས་དཔའི་ཁམས་ཤེས་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་སྐྱེ་མཆེད་ཤེས་པ་གང་ཞེ་ན། སྐྱེ་མཆེད་རྣམས་ལ་རྒྱ་ཆེ་བར་ཤེས་པ་དང་། ཟད་
པར་ཤེས་པ་དང་། དཀའ་བར་ཤེས་པ་དང་། མདུད་པར་ཤེས་པ་དང་། ཟུག་རྔུར་ཤེས་པ་དང་། འཇིག་པར་ཤེས་པ་དང་། ཆུ་བོར་ཤེས་པ་དང་། སྦྱོར་བར་ཤེས་པ་དང་། རྣམ་པར་འཆིང་བར་ཤེས་པ་ནི་སྐྱེ་མཆེད་ཤེས་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་སྐྱེ་མཆེད་ཤེས་
པ་ཞེས་བྱའོ། །གཞན་ཡང་གང་སྐྱེ་མཆེད་རྣམས་ལ་གྲོང་སྟོང་དུ་ཤེས་པ་སྟེ། དཔེར་ན་གྲོང་སྟོང་པ་བདག་ཉིད་ཀྱིས་བདག་ནི་གྲོང་སྟོང་པའོ་སྙམ་དུ་མི་ཤེས་པ་དེ་བཞིན་དུ། སྐྱེ་མཆེད་དེ་དག་ཀྱང་བདག་ཉིད་ཀྱིས་བདག་ཅག་ནི་གྲོང་སྟོང་པའོ་སྙམ་དུ་མི་ཤེས་ཏེ། གང་འདི་དག་དེ་ལྟར་ཤེས་པ་

དེ་ནི་བྱང་ཆུབ་སེམས་དཔའི་སྐྱེ་མཆེད་ཤེས་པ་ཞེས་བྱའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་ནི་འདི་སྙམ་དུ་སེམས་ཏེ། སྐྱེ་མཆེད་བཅུ་གཉིས་ནི་མིག་གི་སྐྱེ་མཆེད་དང་། གཟུགས་ཀྱི་སྐྱེ་མཆེད་དང་། རྣ་བའི་སྐྱེ་མཆེད་དང་། སྒྲའི་སྐྱེ་མཆེད་དང་། སྣའི་སྐྱེ་མཆེད་
དང་། དྲིའི་སྐྱེ་མཆེད་དང་། ལྕེའི་སྐྱེ་མཆེད་དང་། རོའི་སྐྱེ་མཆེད་དང་། ལུས་ཀྱི་སྐྱེ་མཆེད་དང་། རེག་བྱའི་སྐྱེ་མཆེད་དང་། ཡིད་ཀྱི་སྐྱེ་མཆེད་དང་། ཆོས་ཀྱི་སྐྱེ་མཆེད་དེ་འདི་དག་ཐམས་ཅད་ནི་དེ་ཙམ་དུ་ཟད་དེ། འདི་ལ་བདག་དང་བདག་གི་ཞེས་བྱ་བ་མེད་དོ་སྙམ་མོ། །གང་
དེ་ལྟར་ཤེས་པ་འདི་ནི་བྱང་ཆུབ་སེམས་དཔའི་སྐྱེ་མཆེད་ཤེས་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་འདས་པ་དང་མ་འོངས་པའི་ཤེས་པ་གང་ཞེ་ན། གང་འདས་པ་ལ་འགྲོ་བ་མེད་པར་ཤེས་པ་དང་། མ་འོངས་པ་ལ་འོང་བ་མེད་པར་ཤེས་པ་འདི་ནི་འདས་པ་དང་མ་འོངས་པ་ཤེས་པ་ཞེས་
བྱའོ། །གཞན་ཡང་འདས་པ་ལ་ཟད་པར་ཤེས་པ་དང་། མ་འོངས་པ་ལ་བྱེད་པ་མེད་པར་ཤེས་པ་འདི་ནི་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་འདས་པ་དང་མ་འོངས་པ་ཤེས་པ་ཞེས་བྱའོ། །དེ་ལ་ལམ་དང་འབྲས་བུ་ཤེས་པ་གང་ཞེ་ན། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་རྣམས་ཤེས་པ་འདི་ནི་ལམ་
ཤེས་པ་ཞེས་བྱའོ། །གང་བྱང་ཆུབ་སེམས་དཔའི་ས་བཅུ་པོ་རྣམས་དང་། དེ་བཞིན་གཤེགས་པའི་ས་ཤེས་པ་འདི་ནི་འབྲས་བུ་ཤེས་པ་ཞེས་བྱ་སྟེ། གང་འདི་ཤེས་པ་འདི་ནི་བྱང་ཆུབ་སེམས་དཔའི་ལམ་དང་འབྲས་བུ་ཤེས་པ་ཞེས་བྱའོ། །རིགས་ཀྱི་བུ་འདི་དག་ནི་བྱང་ཆུབ་སེམས་དཔའ་
རྣམས་ཀྱི་ཤེས་པ་བཅུ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔས་ཆོས་ཀྱི་ཚུལ་ལ་འཇུག་པ་བཅུ་པོ་དེ་དག་གིས་ཟག་པ་མེད་པའི་དགེ་བ་རྣམས་ཀྱི་རྣམ་པར་སྨིན་པ་ཐོབ་པའི་དབང་བ་ཉིད་ཁོང་དུ་ཆུད་པར་བྱའོ། །ཆོས་ཡང་དག་པར་བརྗོད་པ་འདི་ཡང་དག་པར་བརྗོད་པ་ན་བྱང་ཆུབ་སེམས་
དཔའ་སྔོན་ཡོངས་སུ་སྦྱང་བ་བྱས་པ་སྟོང་ཕྲག་བདུན་ཅུ་རྩ་དྲུག་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་རྣམ་པར་གནོན་གྱིས་བྱང་ཆུབ་སེམས་དཔའ་རྩོམ་པ་མེད་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་

ཕ་རོལ་ཏུ་ཕྱིན་པ་དང་རབ་ཏུ་ལྡན་པའི་ཆོས་ཡང་དག་པར་བརྗོད་པ་སྤོབས་པར་གྱིས་ཤིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པའི་གཏམ་འདི་ནི་ཡང་དག་ཕུལ་གྱི་གཏམ་མོ། །རིགས་ཀྱི་བུ་དེ་ལ་ཕ་རོལ་ཏུ་ཕྱིན་པ་རྣམས་ནི་གང་། དེ་དག་ཡང་དག་
པར་བརྗོད་པ་ནི་གང་། དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་རྩོམ་པ་མེད་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་རྣམ་པར་གནོན་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་
ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་དང་། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་།
ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། རིགས་ཀྱི་བུ་ཕ་རོལ་ཏུ་ཕྱིན་པ་ནི་འདི་དག་གོ། །དེ་ལ་ཕ་རོལ་ཏུ་ཕྱིན་པ་དེ་དག་ཡང་དག་པར་བརྗོད་པ་ནི་འདི་ལྟ་སྟེ། སྦྱིན་པའི་རློམ་སེམས་མེད་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། རྒྱུན་མི་འཆད་པར་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བར་མི་བྱེད་པ་
ཡང་མ་ཡིན་ནོ། །ཚུལ་ཁྲིམས་ཀྱི་རློམ་སེམས་མེད་པས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཚུལ་ཁྲིམས་དང་བསླབ་པ་དང་སྦྱངས་པའི་ཡོན་ཏན་དང་། ཡོ་བྱད་བསྙུངས་པ་ཐམས་ཅད་ལ་མི་འཇུག་པ་ཡང་མ་ཡིན་ནོ། །བཟོད་པའི་རློམ་སེམས་མེད་པས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྟེ།
རྟག་ཏུ་བཟོད་པ་དང་དེས་པ་ལ་ཡང་མི་འཇུག་པ་མ་ཡིན་ནོ། །བརྩོན་འགྲུས་ཀྱི་རློམ་སེམས་མེད་པས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། རྒྱུན་མི་འཆད་པར་དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་མི་སྒྲུབ་པ་ཡང་མ་ཡིན་ནོ། །བསམ་གཏན་གྱི་རློམ་སེམས་མེད་པས་བསམ་གཏན་གྱི་
ཕ་རོལ་ཏུ་ཕྱིན་པ་སྟེ། རྟག་ཏུ་ངེས་པར་སེམས་པ་ལྷུར་མི་ལེན་པ་ཡང་མ་ཡིན་ནོ། །ཤེས་རབ་ཀྱི་རློམ་སེམས་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། རྟག་ཏུ་ཐོས་པ་ཚོལ་བ་ལ་མངོན་པར་མི་བརྩོན་པ་ཡང་མ་ཡིན་ནོ། །ཐབས་ཀྱི་རློམ་སེམས་མེད་པས་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་

པ་སྟེ། མུ་སྟེགས་ཅན་གྱི་གནས་ཐམས་ཅད་དང་སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་བྱ་བའི་རྩོམ་པ་རྣམས་ནི་མི་སྣང་བ་ཡང་མ་ཡིན་ནོ། །སྨོན་ལམ་གྱི་རློམ་སེམས་མེད་པས་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་སྟེ། སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་དང་། བདག་
གི་དགེ་བའི་རྩ་བ་སྣ་ཚོགས་ཀྱི་སྒོ་རྣམས་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་མི་བསྔོ་བ་ཡང་མ་ཡིན་ནོ། །སྟོབས་ཀྱི་རློམ་སེམས་མེད་པས་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། སྲེད་མེད་ཀྱི་བུ་དང་ལག་ན་རྡོ་རྗེའི་གཟུགས་
རྣམས་ཀྱིས་ང་རྒྱལ་དང་རྒྱགས་པ་དང་། དྲེགས་པས་ཁེངས་པའི་སེམས་ཅན་རྣམས་མི་འདུལ་བ་ཡང་མ་ཡིན་ནོ། །ཡེ་ཤེས་ཀྱི་རློམ་སེམས་མེད་པས་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། བཟོའི་གནས་དང་། སྦྱོར་བའི་གནས་དང་། ལས་ཀྱི་གནས་ཐམས་ཅད་ལ་མི་འཇུག་པ་ཡང་མ་
ཡིན་ཏེ། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་རབ་ཏུ་ལྡན་པའི་ཆོས་ཡང་དག་པར་བརྗོད་པའོ། །གཞན་ཡང་རིགས་ཀྱི་བུ་རྣམ་པར་སྨིན་པ་ལ་ཡང་རེ་བ་མེད་ལ། རྣམ་པ་ཐམས་ཅད་ཀྱིས་དངོས་པོ་ཐམས་ཅད་ཡོངས་སུ་གཏོང་བའི་ཕྱིར་ཡང་
བརྩོན་པ་དང་། ཚུལ་ཁྲིམས་ལ་ཡང་རྣམ་པར་མི་རྟོག་ལ་སྲོག་གི་ཕྱིར་ཡང་བསླབ་པ་མི་འདྲལ་བ་དང་། མི་འཁྲུགས་པའི་ཆོས་ཉིད་ཀྱང་ཡིན་ལ་གནོད་སེམས་ཀྱི་ཐ་བ་དང་ཞེ་སྡང་ཡང་མི་སྐྱེད་པ་དང་། འདོད་པ་ཡང་མེད་ལ་དགེ་བའི་རྩ་བ་ཐམས་ཅད་ཀྱང་རྩོམ་པ་དང་། རྣམ་
པར་རྟོག་པ་ཡང་མེད་ལ་བསམ་གཏན་དང་མངོན་པར་ཤེས་པ་ཡང་ཀུན་ཏུ་ཚོལ་བ་དང་། ཆོས་ཐམས་ཅད་ལ་ཐེ་ཙོམ་ཡང་མེད་ལ་ཐོས་པ་དང་བསམ་པ་དང་། བསྒོམ་པའི་སྦྱོར་བ་ཡང་ཀུན་ཏུ་ཚོལ་བ་དང་། ཆོས་ཐམས་ཅད་དོན་དུ་གཉེར་བ་ཡང་མེད་ལ། དགེ་བའི་རྩ་བ་སྣ་ཚོགས་
ཐམས་ཅད་ལ་ཡང་དམིགས་པ་དང་། སེམས་གང་ལ་ཡང་མི་གནས་ལ་སྨོན་ལམ་ཐམས་ཅད་ཀྱང་མངོན་པར་བསྒྲུབ་པ་དང་། ང་རྒྱལ་དང་། རྒྱགས་པ་དང་། དྲེགས་པ་ཡང་བཅོམ་ལ་སྲ་བ་རྡོ་རྗེ་ལྟར་མི་ཕྱེད་པའི་ལུས་ཀྱང་སྒྲུབ་པ་དང་། བསྟན་བཅོས་ཐམས་ཅད་ཀྱང་ཤེས་པ་སློབ་

དཔོན་དང་བླ་མ་ཐམས་ཅད་ཀྱང་ཀུན་ཏུ་ཚོལ་བ་འདི་ནི་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་རབ་ཏུ་ལྡན་པའི་ཆོས་ཡང་དག་པར་བརྗོད་པའོ། །གཞན་ཡང་རིགས་ཀྱི་བུ་སྦྱིན་པ་ལ་ཡང་དགའ་ལ་སེམས་ཅན་སེར་སྣ་ཅན་དང་འཐུན་པར་ཡང་འཇུག་པ་དང་ཚུལ་ཁྲིམས་
ལ་ཡང་དགའ་ལ་སེམས་ཅན་ཚུལ་ཁྲིམས་འཆལ་པ་དང་འཐུན་པར་ཡང་འཇུག་པ་དང་། བཟོད་པ་ལ་ཡང་དགའ་ལ་སེམས་ཅན་གནོད་སེམས་ཅན་སེམས་ཕྱིན་ཅི་ལོག་ཏུ་གྱུར་པ་དང་འཐུན་པར་ཡང་འཇུག་པ་དང་། བརྩོན་འགྲུས་ལ་ཡང་དགའ་ལ་སེམས་ཅན་ལེ་ལོ་ཅན་བརྩོན་འགྲུས་ཆུང་བ་
བརྩོན་འགྲུས་ཉམས་པ་དང་འཐུན་པར་ཡང་འཇུག་པ་དང་། བསམ་གཏན་ལ་ཡང་དགའ་ལ་སེམས་ཅན་བྱ་བ་མང་པོས་གཡེངས་པ་སེམས་ཕྱིན་ཅི་ལོག་ཏུ་གྱུར་པ་དང་འཐུན་པར་ཡང་འཇུག་པ་དང་། ཤེས་རབ་ལ་ཡང་དགའ་ལ་སེམས་ཅན་བླུན་པ་ལུག་ལྟར་ལྐུགས་པའི་རང་བཞིན་ཅན་
རྟག་ཏུ་མ་དད་པ་དང་འཐུན་པར་འཇུག་པ་དང་། ཐབས་ལ་ཡང་དགའ་ལ་བྱ་བ་ཐམས་ཅད་ཀྱང་དོན་དུ་མི་གཉེར་བ་དང་། སྨོན་ལམ་ལ་ཡང་དགའ་ལ་སེམས་ཅན་འཁོར་བས་མུས་བྱུང་བ་དང་འཐུན་པར་འཇུག་པ་དང་། སྟོབས་ལ་ཡང་དགའ་ལ་སེམས་ཅན་ཉམ་ཆུང་བ་མཐུ་མེད་པ་དང་འཐུན་
པར་ཡང་འཇུག་པ་དང་། ཡེ་ཤེས་ལ་ཡང་དགའ་ལ་སེམས་ཅན་འཁོར་བ་ལ་མངོན་པར་དགའ་བ་དང་འཐུན་པར་ཡང་འཇུག་པ་འདི་ནི་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་རབ་ཏུ་ལྡན་པའི་ཆོས་ཡང་དག་པར་བརྗོད་པའོ། །གཞན་ཡང་རིགས་ཀྱི་བུ་
བྱང་ཆུབ་སེམས་དཔའ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་ནི་ལག་ན་རིན་པོ་ཆེ་དང་། ནམ་མཁའི་མཛོད་འཐོབ་བོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་ནི་ངན་སོང་ཐམས་ཅད་ལས་ཤིན་ཏུ་འདའ་བ་དང་། འཆི་འཕོ་དང་སྐྱེ་བ་ལ་དབང་བ་དང་ཅང་ཤེས་པའི་སེམས་འཐོབ་བོ། །བཟོད་པའི་
ཕ་རོལ་ཏུ་ཕྱིན་པས་ནི་དེ་བཞིན་གཤེགས་པའི་སྐུ་མཚན་དང་དཔེ་བྱད་བཟང་པོས་ལེགས་པར་བརྒྱན་པ། བལྟ་བས་མི་ངོམས་པ་འཐོབ་བོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་ནི་མངོན་པར་ཤེས་པ་མྱུར་བ་དང་ཆོས་ཐམས་ཅད་ལ་དབང་བྱེད་པ་འཐོབ་བོ། །བསམ་གཏན་གྱི་ཕ་རོལ་

ཏུ་ཕྱིན་པས་ནི་ལུས་དང་སེམས་ཡིད་དུ་འོང་བ་དང་། གཟུངས་དང་སྤོབས་པ་རྣམ་པ་ཐ་དད་པ་དང་། ཉོན་མོངས་པའི་སྒྲིབ་པ་སྤོང་བ་འཐོབ་བོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ནི་མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་བཞི་འཐོབ་བོ། །ཐབས་ཀྱི་ཕ་
རོལ་ཏུ་ཕྱིན་པས་ནི་བྱ་སླ་བ་དང་། ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་མཐའ་ཁ་ན་མ་ཐོ་བ་མེད་པ་འཐོབ་བོ། །སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པས་ནི་སྐྱེ་བ་ཐམས་ཅད་དུ་སྐྱེ་བ་དྲན་པ་དང་། ཇི་ལྟར་འདོད་པ་བཞིན་དུ་འགྲོ་བ་དང་། ཇི་ལྟར་འདོད་པ་བཞིན་དུ་དགའ་བར་འགྱུར་བ་
འཐོབ་བོ། །སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པས་ནི་ཉོན་མོངས་པ་ཐམས་ཅད་དང་། བདུད་དང་ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་མི་རྫི་བ་དང་འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པ་འཐོབ་བོ། །ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པས་ནི་ཕུང་པོ་དང་། འཆི་བདག་དང་ཉོན་མོངས་པ་
དང་། ལྷའི་བུའི་བདུད་ལས་ཡང་དག་པར་འདའ་བ་འཐོབ་སྟེ། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་རབ་ཏུ་ལྡན་པའི་ཆོས་ཡང་དག་པར་བརྗོད་པའོ། །གཞན་ཡང་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ནི་སྦྱིན་པའི་བསྔགས་པ་སྨྲ་བ་ཡང་ཡིན་ལ་སྦྱིན་པས་
དག་གོ་སྙམ་དུ་ཡང་མི་སྙེམས་སོ། །དེ་བཞིན་དུ་ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། ཐབས་དང་། སྨོན་ལམ་དང་། སྟོབས་དང་། ཡེ་ཤེས་ཀྱི་བསྔགས་པ་སྨྲ་བ་ཡང་ཡིན་ལ་ཡེ་ཤེས་ཀྱིས་དག་གོ་སྙམ་དུ་ཡང་མི་
སྙེམས་སོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་དེ་དག་ཐམས་ཅད་ནི་ཡང་དག་པར་བསྒྲུབས་ནས་སྤང་བར་བྱའོ། །འདི་དག་ཐམས་ཅད་ནི་ཡོངས་སུ་བརྟགས་པ་ལས་བྱུང་བའོ། །དེ་བས་ན་གང་ཡོངས་སུ་རྟོག་པ་དང་། ཡོངས་སུ་རྟོག་པ་ལས་བྱུང་བའི་ཆོས་དེ་དག་ནི་སྤང་བར་བྱའོ། །
དེ་བས་ན་བྱང་ཆུབ་སེམས་དཔའ་ནི་ཡོངས་སུ་རྟོག་པ་དང་ཡོངས་སུ་རྟོག་པ་ལས་བྱུང་བའི་ཆོས་རྣམས་ཀྱིས་དག་གོ་སྙམ་དུ་མི་སྙེམས་ཏེ། གཞན་དུ་ན་རྣམ་པར་མི་རྟོག་པ་སྤྲོས་པ་མེད་པའི་ཡུལ་གྱིས་ཡེ་ཤེས་ཐོབ་ནས་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །སྨྲས་པ་རིགས་ཀྱི་བུ་

བྱང་ཆུབ་ཅེས་བྱ་བ་འདི་ཆོས་གང་གི་ཚིག་བླ་དགས། བྱང་ཆུབ་སེམས་དཔའ་རྩོམ་པ་མེད་ཀྱིས་སྨྲས་པ། རིགས་ཀྱི་བུ་བྱང་ཆུབ་ཅེས་བྱ་བ་འདི་ནི་རྣམ་པར་མི་རྟོག་པ། སྤྲོས་པ་མེད་པའི་ཆོས་ཀྱི་ཚིག་བླ་དགས་སོ། །དེ་ལ་ངར་འཛིན་པའི་སྤྲོས་པ་ནི་བྱང་ཆུབ་མ་ཡིན་ཏེ། ངར་འཛིན་
པ་ཉེ་བར་ཞི་ཞིང་སྤྲོས་པ་མེད་པ་ནི་བྱང་ཆུབ་བོ། །ང་ཡིར་འཛིན་པའི་སྤྲོས་པ་ནི་བྱང་ཆུབ་མ་ཡིན་ཏེ། ང་ཡིར་འཛིན་པ་ཉེ་བར་ཞི་ཞིང་སྤྲོས་པ་མེད་པ་ནི་བྱང་ཆུབ་བོ། །རྒ་བ་དང་། ན་བ་དང་། འཆི་བ་དང་། སྡུག་བསྔལ་གྱི་རྒྱུན་གྱི་སྤྲོས་པ་ནི་བྱང་ཆུབ་མ་ཡིན་ཏེ། རྒ་བ་དང་། ན་བ་
དང་། འཆི་བ་དང་། སྡུག་བསྔལ་གྱི་རྒྱུན་ཉེ་བར་ཞི་ཞིང་སྤྲོས་པ་མེད་པ་ནི་བྱང་ཆུབ་བོ། །སེར་སྣ་དང་། འཆལ་པའི་ཚུལ་ཁྲིམས་དང་། གནོད་སེམས་དང་། ལེ་ལོ་དང་། རྣམ་པར་གཡེང་བ་དང་། འཆལ་བའི་ཤེས་རབ་ཀྱི་སྤྲོས་པ་ནི་བྱང་ཆུབ་མ་ཡིན་ཏེ། སྦྱིན་པ་དང་།
ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་སྤྲོས་པ་མེད་པ་ནི་བྱང་ཆུབ་བོ། །ལྟ་བ་དང་རྣམ་པར་རྟོག་པ་དང་། སྨོན་ལམ་གྱི་སྤྲོས་པ་ནི་བྱང་ཆུབ་མ་ཡིན་ཏེ། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་།
སྤྲོས་པ་མེད་པ་ནི་བྱང་ཆུབ་བོ། །གཞན་ཡང་རིགས་ཀྱི་བུ་ཆོས་ཐམས་ཅད་ནི་བྱང་ཆུབ་བོ། །ཆོས་ཐམས་ཅད་ནི་བྱང་ཆུབ་མ་ཡིན་ནོ། །སྨྲས་པ་རྣམ་གྲངས་གང་གིས་ན་ཆོས་ཐམས་ཅད་ནི་བྱང་ཆུབ་ཡིན་ལ། ཆོས་ཐམས་ཅད་བྱང་ཆུབ་ཀྱང་མ་ཡིན། སྨྲས་པ། ཆོས་ཐམས་ཅད་ཀྱི་མཉམ་པ་
ཉིད་དང་། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཁོང་དུ་ཆུད་པ་ནི་བྱང་ཆུབ་བོ། །ཆོས་ཐམས་ཅད་ལ་ངར་འཛིན་པ་དང་། ང་ཡིར་འཛིན་པ་ལ་མངོན་པར་ཆགས་པ་ནི་བྱང་ཆུབ་མ་ཡིན་ནོ། །གཞན་ཡང་རིགས་ཀྱི་བུ་བྱང་ཆུབ་ཅེས་བྱ་བ་དེ་ནི་ཉེ་བར་ཞི་བའི་ཚིག་བླ་དགས་སོ། །ཉེ་བར་ཞི་
ཞེས་བྱ་བ་དེ་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱི་ཚིག་བླ་དགས་སོ། །སྨྲས་པ། རིགས་ཀྱི་བུ་དེ་བཞིན་ཉིད་དེ་བཞིན་ཉིད་ཅེས་བྱ་བ་དེ་གང་གི་ཚིག་བླ་དགས། སྨྲས་པ། རིགས་ཀྱི་བུ་དེ་བཞིན་ཉིད་དེ་བཞིན་ཉིད་ཅེས་བྱ་བ་དེ་ནི་སྟོང་པ་ཉིད་ཀྱི་ཚིག་བླ་དགས་ཏེ། སྟོང་པ་དེ་ནི་མི་སྐྱེ་མི་འགག་

གོ། །སྨྲས་པ། གང་བཅོམ་ལྡན་འདས་ཀྱིས་ཀྱང་འདི་སྐད་དུ་ཆོས་ཐམས་ཅད་ནི་སྟོང་པའོ་ཞེས་གསུངས་ཏེ། དེ་བས་ན་ཆོས་ཐམས་ཅད་ནི་མི་སྐྱེ་མི་འགག་གོ། །བྱང་ཆུབ་སེམས་དཔའ་རྩོམ་པ་མེད་ཀྱིས་སྨྲས་པ། རིགས་ཀྱི་བུ་དེ་དེ་བཞིན་ནོ། །ཇི་ལྟར་ཁོང་དུ་ཆུད་པ་
བཞིན་ཏེ། ཆོས་ཐམས་ཅད་ནི་མི་སྐྱེ་མི་འགག་གོ། །སྨྲས་པ། གང་འདི་བཅོམ་ལྡན་འདས་ཀྱིས་འདུས་བྱས་ཀྱི་ཆོས་ཐམས་ཅད་ནི་སྐྱེའོ། །འགག་གོ་ཞེས་གསུངས་ན། དེ་བཞིན་གཤེགས་པས་འདི་ཅི་ལས་དགོངས་ཏེ་གསུངས། སྨྲས་པ། རིགས་ཀྱི་བུ་འཇིག་རྟེན་གནས་པ་
སྐྱེ་བ་དང་འགག་པ་ལ་མངོན་པར་ཆགས་པས་དེ་ལ་དེ་བཞིན་གཤེགས་པ་ཐུགས་རྗེ་ཆེན་པོས་འཇིག་རྟེན་དང་ང་བའི་གནས་བསལ་བའི་ཕྱིར་ཐ་སྙད་ཀྱི་དབང་གིས་སྐྱེའོ། །འགག་གོ་ཞེས་གསུངས་ཏེ། འདི་ལ་ཆོས་གང་ཡང་སྐྱེ་བ་དང་འགག་པ་མེད་དོ། །དེ་བས་ན་རིགས་ཀྱི་བུ་བྱང་ཆུབ་
སེམས་དཔས་སངས་རྒྱས་ཤེས་པར་བྱ། སངས་རྒྱས་ཀྱི་ཆོས་རྣམས་ཤེས་པར་བྱ། སེམས་ཅན་རྣམས་ཤེས་པར་བྱ། སེམས་ཅན་གྱི་ཆོས་རྣམས་ཤེས་པར་བྱ། བདག་ཤེས་པར་བྱ། བདག་གི་ཆོས་རྣམས་ཤེས་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོ་རྩོམ་པ་མེད་ཀྱིས་དེའི་ཚེ་དོན་དེ་ཉིད་ཚིགས་སུ་བཅད་པ་འདི་དག་གིས་སྨྲས་པ། བྱང་ཆུབ་སེམས་དཔའ་བག་ཡོད་པས། །སངས་རྒྱས་འབྱུང་དང་སངས་རྒྱས་དང་། །སངས་རྒྱས་ཆོས་དང་དེ་དག་ནི། །རང་བཞིན་ཅི་འདྲ་རབ་ཏུ་ཤེས། །སངས་རྒྱས་འཇིག་རྟེན་མཁྱེན་མཆོག་ནི། །
ཟག་མེད་དགེ་བའི་ཕུང་པོ་སྟེ། །སེམས་ཅན་བསམ་པའི་དབང་གིས་འབྱུང་། །སྔོན་གྱི་འདུ་བྱེད་རྒྱུ་ལས་སྐྱེ། །གང་གིས་སངས་རྒྱས་རྣམས་རྟོགས་པ། །དཔའ་བོ་དེ་ནི་ཕ་རོལ་ཕྱིན། །དེས་ནི་ཐམས་ཅད་ཡོངས་སུ་ཤེས། །དེས་ནི་ཐམས་ཅད་ཁོང་དུ་ཆུད། །བྱང་ཆུབ་སུས་ཀྱང་མ་
བྱིན་ཏེ། །གང་གིས་ཀྱང་ནི་བཟུང་བ་མེད། །བདག་གི་ཆོས་རྣམས་ཡོངས་ཤེས་པས། །སངས་རྒྱས་ལ་ནི་སངས་རྒྱས་བརྗོད། །གང་གིས་བདག་ནི་རང་བཞིན་གྱིས། །འདུ་ཤེས་ཙམ་དུ་རྣམ་རིག་པ། །དེ་ནི་སངས་རྒྱས་ཅི་འདྲ་དང་། །བྱང་ཆུབ་རང་བཞིན་ཅི་འདྲ་ཤེས། །འགྲོ་

བ་ཐམས་ཅད་འདུ་ཤེས་ཙམ། །ཡོངས་སུ་རྟོག་པ་རྣམས་ཀྱིས་བརྗོད། །རྨི་ལམ་སྒྱུ་མ་ལ་སོགས་མཚན། །བྱང་ཆུབ་སེམས་དཔས་རྣམ་པར་རིག །ཇི་ལྟར་ཚུལ་འདི་ཤེས་འགྱུར་ཞེས། །གང་ཞིག་དེ་སྙམ་སེམས་འགྱུར་ན། །དབང་པོའི་རྟ་རྣམས་རབ་བཏུལ་བ། །མཉམ་བཞག་
དེས་ནི་རབ་ཏུ་ཤེས། །དེ་ལ་དགྲ་དང་ཟིན་མེད་དེ། །དགོས་པ་དང་ནི་མི་དགོས་མེད། །དོར་བ་མེད་ཅིང་གཟུང་བ་མེད། །ཡང་དག་ཆོས་བརྗོད་འདི་འདྲའོ། །ཆོས་རྣམས་ཀུན་ལ་ཡང་དག་ཚིག །ཆོས་རྣམས་ཡང་དག་བརྗོད་ཅེས་བྱ། །དེ་དག་ཡང་དག་ཚིག་མིན་པ། །
དེ་ནི་སྐྱོན་ཆགས་ཆོས་ཞེས་བརྗོད། །འདོད་ཆགས་ཆོས་དང་འདོད་མེད་ནི། །དག་པ་རྣམས་ཀྱིས་མཉམ་པར་མཐོང་། །དེ་བཞིན་ཞེ་སྡང་གཏི་མུག་སྟེ། །འདི་ནི་ཆོས་རྣམས་ཡང་དག་བརྗོད། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །སྙིང་རྗེའི་བདག་ཉིད་གོ་བགོས་པ། །གང་
ཞིག་རང་བཞིན་སྟོང་མིན་པ། །སེམས་ཅན་རབ་ཏུ་མི་མཐོང་སྟེ། །དེ་ལྟར་ཆོས་ཉིད་གང་ཤེས་ཤིང་། །རྟག་ཏུ་ཀུན་ཏུ་དྲི་མེད་ལ། །འཇིགས་མེད་ཐང་ལ་ཕྱིན་དེ་དག །སངས་རྒྱས་ཁོང་དུ་ཆུད་པར་འགྱུར། །དཔེར་ན་སྒྱུ་མ་མཁན་པོ་ཞིག །སྤྲུལ་པ་ཐར་པར་བྱ་ཕྱིར་བརྩོན། །
དེས་ནི་སྔ་ནས་དེ་ཤེས་པས། །སྤྲུལ་པ་དེ་ལ་ཆགས་པ་མེད། །སྲིད་གསུམ་སྤྲུལ་པ་འདྲ་བར་ནི། །རྫོགས་པའི་བྱང་ཆུབ་མཁས་པས་ཤེས། །འགྲོ་བའི་ཆེད་དུ་གོ་བགོས་ཏེ། །འགྲོ་བ་དེ་ལྟར་སྔ་ནས་ཤེས། །བདག་ནི་ཡང་དག་མ་ཡིན་ཞིང་། །སེམས་ཅན་རང་བཞིན་སྟོང་པར་
མཐོང་། །ཀུན་ཏུ་སོང་བའི་ཆོས་མཐོང་ནས། །བཟོད་པ་ཐོབ་སྟེ་ཐང་ལ་གནས། །གང་དུའང་འཇུག་པ་མ་ཡིན་ཏེ། །གང་ནས་ཀྱང་ནི་ལྡོག་མེད་པ། །དེ་ནི་འཇུག་མེད་ལྡོག་མེད་དེ། །ཐང་ལ་གནས་པའི་བྲམ་ཟེའོ། །ནམ་ཞིག་བསམ་པ་མཉམ་པ་ཡིས། །ཡང་དག་ཆོས་ཀྱི་དབྱིངས་
ལ་གནས། །དེ་ཚེ་སངས་རྒྱས་རྣམས་ཀྱིས་འདི། །རྫོགས་པའི་སངས་རྒྱས་འགྱུར་ལུང་སྟོན། །ནམ་ཞིག་བདག་ནི་ཇི་ལྟ་བར། །དེ་བཞིན་སངས་རྒྱས་ལུང་བསྟན་དག །མཐོང་བའི་དྲི་མ་བོར་བ་ནི། །རྒྱལ་བ་རྣམས་ཀྱིས་ལུང་སྟོན་ཏོ། །སྒྲིབ་པ་མེད་པའི་དབྱིངས་གནས་ནས། །

དེ་ནས་མྱ་ངན་འདས་ལ་སྤྱོད། །སྙིང་རྗེ་ཆེན་པོའི་བདག་ཉིད་ནི། །ཀུན་ཏུ་ཁ་ན་མ་ཐོ་མེད། །བྱང་ཆུབ་སེམས་དཔའ་བློ་ལྡན་གང་། །ཆོས་རྣམས་ཡང་དག་བརྗོད་འདོད་ཅིང་། །ཡང་དག་ཆོས་བརྗོད་དོན་གཉེར་དེ། །ཡང་དག་ཆོས་བརྗོད་འདི་བགྲོད་དོ། །
སེམས་ཅན་ཆེན་པོ་དེས་ཚིགས་སུ་བཅད་པ་བསྟན་པ་འདི་བཤད་པ་ན་བྱང་ཆུབ་སེམས་དཔའ་སུམ་ཁྲི་ཉིས་སྟོང་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །ལྷའི་བུ་བརྒྱད་སྟོང་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་དང་བྲལ་ཞིང་དྲི་མ་མེད་པ་རྣམ་པར་དག་གོ། །།
བམ་པོ་བཞི་པ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྩོམ་པ་མེད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྣམ་པར་གནོན་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔས་ནི་བདེན་པ་གཅེས་སུ་བྱ་སྟེ། རིགས་ཀྱི་བུ་བདེན་པ་ཡང་
དག་པར་བརྗོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཡང་དག་པར་བརྗོད་པའོ། །རིགས་ཀྱི་བུ་དེ་ལ་བདེན་པ་གང་ཞེ་ན། གང་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་སེམས་དེ་སྲོག་གི་ཕྱིར་ཡང་ཡོངས་སུ་མི་འདོར་ཞིང་།
སེམས་ཅན་རྣམས་ལ་ལོག་པར་ཡང་མི་སྒྲུབ་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་བདེན་པའོ། །གང་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས། ཕྱིས་སེམས་དེ་འདོར་ཞིང་སེམས་ཅན་ཐམས་ཅད་ལ་ལོག་པར་སྒྲུབ་པ་འདི་ནི་བྱང་ཆུབ་
སེམས་དཔའི་རབ་ཏུ་སྨད་པའི་བརྫུན་དུ་སྨྲ་བའོ། །སྨྲས་པ། ཇི་ལྟར་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས། སེམས་དེ་ཕྱིས་ཡོངས་སུ་མི་འདོར་ཞིང་སེམས་ཅན་ཐམས་ཅད་ལ་ལོག་པར་མི་སྒྲུབ་པ་ཡིན། སྨྲས་པ། ནམ་བྱང་ཆུབ་སེམས་
དཔའ་སྡུག་བསྔལ་གྱི་བདེན་པ་ཤེས་ཤིང་། ཀུན་འབྱུང་བའི་བདེན་པ་དང་། འགོག་པའི་བདེན་པ་དང་། ལམ་གྱི་བདེན་པ་ཤེས་པ་ན་དེ་སེམས་དེ་ཡོངས་སུ་མི་འདོར་ཞིང་སེམས་ཅན་ཐམས་ཅད་ལའང་ལོག་པར་མི་སྒྲུབ་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་

དཔའ་བདེན་པ་ཡོངས་སུ་ཤེས་པ་དང་ལྡན་པ་ནི་སངས་རྒྱས་ཀྱི་བྱང་ཆུབ་ལས་ཕྱིར་མི་ལྡོག་གོ། །སྨྲས་པ། སྡུག་བསྔལ་ནི་གང་ཤེས་པ་ནི་ཇི་ལྟ་བུ། སྨྲས་པ། ལེན་པའི་ཕུང་པོ་ལྔ་རྣམས་ལ་ཡིད་དུ་འོང་བ་དང་། ཡིད་དུ་མི་འོང་བའི་རྣམ་པར་སྨིན་པ་ནི་སྡུག་བསྔལ་ཏེ། འདི་ནི་སྡུག་བསྔལ་
ཞེས་བྱའོ། །ནམ་སྡུག་བསྔལ་དེ་རྟེན་ཅིང་འབྲེལ་པར་འབྱུང་བ་དང་། སྟོང་པ་དང་གཡོ་བ་མེད་པ་དང་། བདག་དང་བདག་གི་དང་བྲལ་བ་ཤེས་པ་འདི་ནི་སྡུག་བསྔལ་ཤེས་པ་ཞེས་བྱའོ། །ནམ་སྡུག་བསྔལ་དེ་ཀུན་འབྱུང་བ་ཙམ་དང་། རྫས་མེད་པ་དང་རྫས་མ་ཡིན་པ་དང་། སྙིང་
པོ་མེད་པ་དང་བདག་པོ་མེད་པར་མཐོང་བ་འདི་ནི་ཀུན་འབྱུང་བ་ཤེས་པ་ཞེས་བྱའོ། །ནམ་སྡུག་བསྔལ་དེ་སྔོན་གྱི་མཐའ་ནས་ཀྱང་མ་འོངས། ཕྱི་མའི་མཐར་ཡང་མི་འཕོ། ད་ལྟར་བྱུང་བ་ལ་ཡང་མི་གནས་ཏེ། ཐོག་མ་མེད་པ་ཅན་ཡིན་ལ། རང་བཞིན་གྱིས་འགགས་པ། རང་བཞིན་
གྱིས་སྟོང་པ། རང་བཞིན་གྱིས་དབེན་པར་ཤེས་པ་འདི་ནི་འགོག་པ་ཤེས་པ་ཞེས་བྱའོ། །སྨྲས་པ། རིགས་ཀྱི་བུ་འགོག་པ་ཞེས་བྱ་བ་འདི་གང་གི་ཚིག་བླ་དགས། སྨྲས་པ། རིགས་ཀྱི་བུ་འགོག་པ་ནི་ཅིར་ཡང་བརྗོད་པར་བྱ་བ་མ་ཡིན་ནོ། །སྨྲས་པ། རིགས་ཀྱི་བུ་གལ་ཏེ་འགོག་པ་ནི་
ཅིར་ཡང་བརྗོད་པར་བྱ་བ་མ་ཡིན་ན། དེ་ཅིའི་ཕྱིར་འགོག་པ་ཞེས་བྱ། སྨྲས་པ། རིགས་ཀྱི་བུ་འགོག་པ་ཞེས་བྱ་བ་ནི་གློ་བུར་སྒྲིབ་པ་མེད་པ། ཡང་དག་པ་མ་ཡིན་པ་ཡོད་པ་མ་ཡིན་པ། ཀུན་བརྟགས་པ་སྟེ། ནམ་ཡང་དག་པ་མ་ཡིན་པ་དེ་ལ་ཀུན་ཏུ་མི་རྟོག་པ་དེ་ནི་འགོག་པ་ཞེས་བྱའོ། །ཡང་
དག་པ་མ་ཡིན་པ་ཀུན་ཏུ་རྟོག་པ་འགག་པ་ན་ཆོས་གང་ཡང་འཇིག་པར་མི་འགྱུར་ཏེ། དེའི་ཕྱིར་ཆོས་ཐམས་ཅད་ནི་ཤིན་ཏུ་འགགས་པ་ཞེས་བྱའོ། །སྨྲས་པ། རིགས་ཀྱི་བུ་བཅོམ་ལྡན་འདས་ཀྱིས་ཀྱང་བྱང་ཆུབ་སེམས་དཔའ་འགོག་པ་མངོན་སུམ་དུ་མི་བྱེད་དོ། །བྱང་ཆུབ་སེམས་དཔའ་
གང་འགོག་པ་མངོན་སུམ་དུ་བྱེད་པ་དེ་ནི་ཉན་ཐོས་དང་། རང་སངས་རྒྱས་ཀྱི་སར་ལྟུང་ངོ་ཞེས་གསུངས་ན། བཅོམ་ལྡན་འདས་ཀྱིས་དེ་ཅི་ལས་དགོངས་ཏེ་གསུངས། སྨྲས་པ། རིགས་ཀྱི་བུ་མངོན་སུམ་དུ་བྱེད་ཅེས་བྱ་བ་འདི་ནི་བསྟན་དུ་མེད་པ། མངོན་སུམ་དུ་མཐོང་བའི་ཚིག་བླ་དགས་སོ། །

བཅོམ་ལྡན་འདས་ཀྱིས་ཀྱང་འགོག་པ་ནི་བསྟན་དུ་མེད་པའི་ཆོས་སོ་ཞེས་གསུངས་སོ། །ཆོས་གང་བསྟན་དུ་མེད་པ་དེ་ནི་མངོན་སུམ་དུ་བྱ་བར་མི་ནུས་སོ། །དེ་བས་ན་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་འགོག་པ་མངོན་སུམ་དུ་མི་བྱེད་མི་མཐོང་ངོ་ཞེས་གསུངས་ཏེ།
དེ་ལ་དགོངས་ནས་བྱང་ཆུབ་སེམས་དཔའ་ནི་འགོག་པ་མངོན་སུམ་དུ་བྱེད་དོ། །ཉན་ཐོས་ནི་ཆོས་ལ་མཚན་མར་འཛིན་པའི་བློས་འགོག་པ་མངོན་སུམ་དུ་བྱེད་དོ། །གནས་སོ། །ཀུན་ཤེས་སོ་ཞེས་གསུངས་སོ། །དམིགས་པ་དང་ཡིད་ལ་བྱེད་པ་གང་དག་གིས་འདི་ལྟར་ཤེས།
འདི་ལྟར་མཐོང་། འདི་ལྟར་ངེས་པར་བྱེད་པ་འདི་ནི་ལམ་ཤེས་པ་ཞེས་བྱའོ། །གཞན་ཡང་རིགས་ཀྱི་བུ་སྡུག་བསྔལ་ཞེས་བྱ་བ་ནི་ངར་འཛིན་པའོ། །ང་ཡིར་འཛིན་པ་དེའི་རྒྱུ་དང་བཅས་པར་གང་འབྱུང་བ་འདི་ནི་ཀུན་འབྱུང་བ་ཞེས་བྱའོ། །ནམ་དེའི་འབྱུང་བའི་ཆོས་གང་ཡང་སོ་སོར་
ངེས་པ་མ་ཡིན་པར་མཐོང་བ་འདི་ནི་འགོག་པ་ཤེས་པ་ཞེས་བྱའོ། །གང་དེ་ལྟར་རྣམ་པར་མཐོང་ཞིང་ཚོལ་བ་འདི་ནི་ལམ་ཤེས་པ་ཞེས་བྱའོ། །གཞན་ཡང་རིགས་ཀྱི་བུ་གང་སྙེམས་པ་དེ་ནི་སྡུག་བསྔལ་བའོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་བཅོམ་ལྡན་འདས་ཀྱིས་སྙེམས་པའི་རང་
བཞིན་ནི་སྡུག་བསྔལ་ལོ་ཞེས་གསུངས་སོ། །སྙེམས་པ་ནི་ཐམས་ཅད་དུ་ཡང་དག་པ་མ་ཡིན་པའོ། །དེ་བས་ན་སྙེམས་པ་ཀུན་འབྱུང་བ་ནི་སྡུག་བསྔལ་ཀུན་འབྱུང་བའོ། །སྡུག་བསྔལ་མེད་པ་ནི་འགོག་པའོ། །ཡེ་ཤེས་གང་གིས་སྙེམས་པ་དེ་ལ་མི་སྙེམས་པ་དེ་ནི་ལམ་མོ། །རིགས་ཀྱི་བུ་
བདག་གིས་བསྐལ་པའམ། བསྐལ་པ་ལས་ལྷག་པར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདེན་པ་ཤེས་པ་བསྟན་པ་འདིའི་མཐའ་རྟོགས་པར་མི་ནུས་སོ། །བདེན་པ་བསྟན་པ་འདི་བཤད་པ་ན་བྱང་ཆུབ་སེམས་དཔའ་དྲུག་སྟོང་གིས་བདེན་པ་ཡོངས་སུ་བསྒོམས་པ་ཕྱིར་མི་ལྡོག་པའི་ས་ཁོང་དུ་
ཆུད་དོ། །བར་སྣང་ལ་གནས་པའི་ལྷའི་བུ་མོ་སྟོང་ཕྲག་བཅུ་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་དང་བྲལ་ཞིང་དྲི་མ་མེད་པ་རྣམ་པར་དག་གོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྣམ་པར་གནོན་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྩོམ་པ་མེད་ལ་འདི་

སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་དྲན་པ་ཉེ་བར་གཞག་པ་ནི་གང་། དྲན་པ་ནི་གང་། དྲན་པའི་གནས་ནི་གང་། དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྩོམ་པ་མེད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྣམ་
པར་གནོན་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ནི་ཆོས་ཐམས་ཅད་ལ་མི་སྐྱེ་བ་ཤེས་པ་དྲན་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ནི་མི་སྐྱེ་བ་ཤེས་པའི་སྨོན་ལམ་ཅན་ཡིན་ཏེ། དེ་དག་གི་དྲན་པ་དེ་ཡང་མི་སྐྱེ་བ་ཤེས་པས་ཡོངས་སུ་སྦྱང་བ་བྱས་པ།
ཐམས་ཅད་དུ་མི་བསྐྱོད་པ། དྲང་བ། མི་གཡོ་བ། གཏིང་དང་འགྲམ་མི་རྟོགས་པ། འཇིག་རྟེན་པ་དང་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་ཤེས་པར་དཀའ་བ་སྟེ། བྱང་ཆུབ་སེམས་དཔའི་དྲན་པ་གང་གིས་སངས་རྒྱས་ཐམས་ཅད་ཀྱིས་གསུངས་པ་ཀུན་འཛིན་པའི་དྲན་པ་དེ་ནི་དེ་
བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་མངོན་སུམ་མོ། །བྱང་ཆུབ་སེམས་དཔའི་དྲན་པ་དེ་ནི་འདི་འདྲའོ། །བྱང་ཆུབ་སེམས་དཔའི་དྲན་པ་དེའི་གནས་ནི་རྣམ་པ་བཅུ་སྟེ། ལུས་དྲན་པ་ཉེ་བར་གཞག་པ་དང་། ཚོར་བ་དྲན་པ་ཉེ་བར་གཞག་པ་དང་།
སེམས་དྲན་པ་ཉེ་བར་གཞག་པ་དང་། ཆོས་དྲན་པ་ཉེ་བར་གཞག་པ་དང་། སངས་རྒྱས་རྗེས་སུ་དྲན་པའི་དྲན་པ་ཉེ་བར་གཞག་པ་དང་། ཆོས་རྗེས་སུ་དྲན་པའི་དྲན་པ་ཉེ་བར་གཞག་པ་དང་། དགེ་འདུན་རྗེས་སུ་དྲན་པའི་དྲན་པ་ཉེ་བར་གཞག་པ་དང་། ཚུལ་ཁྲིམས་རྗེས་སུ་དྲན་
པའི་དྲན་པ་ཉེ་བར་གཞག་པ་དང་། གཏོང་བ་རྗེས་སུ་དྲན་པའི་དྲན་པ་ཉེ་བར་གཞག་པ་དང་། ལྷ་རྗེས་སུ་དྲན་པའི་དྲན་པ་ཉེ་བར་གཞག་པ་སྟེ། འདི་དག་ནི་དྲན་པ་ཉེ་བར་གཞག་པ་བཅུའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལུས་དྲན་པ་ཉེ་བར་གཞག་པ་གང་ཞེ་ན། འདི་ལ་
བྱང་ཆུབ་སེམས་དཔའ་འདི་ལྟར་ལུས་འདི་ནི་སྔོན་གྱི་མཐའ་ནས་མ་འོངས། ཕྱི་མའི་མཐར་མི་འཕོ། སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ལ་མི་གནས་ཏེ། གཞན་དུ་ན་ཡང་དག་པ་མ་ཡིན་པ། ཕྱིན་ཅི་ལོག་ལས་བྱུང་བ། བྱེད་པ་པོ་དང་ཚོར་བ་པོ་མེད་པ། ཐོག་མ་དང་ཐ་མ་

དང་དབུས་མེད་པ། རྩ་བ་གནས་པ་མེད་པ། བདག་པོ་མེད་པ། ང་ཡི་བ་མེད་པ། ཡོངས་སུ་འཛིན་པ་མེད་པ་སྟེ། ཚོགས་ཞེས་བྱ་བ་དང་། ལུས་ཞེས་བྱ་བ་དང་། ལོངས་སྤྱོད་ཅེས་བྱ་བ་དང་། གནས་ཞེས་བྱ་བ་དང་། རོ་ཞེས་བྱ་བ་དང་། སྐྱེ་མཆེད་ཅེས་
བྱ་བ་ནི་གློ་བུར་གྱི་ཐ་སྙད་རྣམས་ཀྱིས་ཐ་སྙད་དུ་བཏགས་པའོ། །ལུས་འདི་ནི་སྙིང་པོ་མེད་པ་སྟེ། ཕ་མའི་ཁུ་བ་དང་ཁྲག་ལས་བྱུང་བ། མི་གཙང་བ། རུལ་པ། རང་བཞིན་གྱིས་དྲི་མི་ཞིམ་པ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། འཇིགས་པ་དང་། སྒྱིད་ལུག་
པའི་རྐུན་པོས་དཀྲུགས་པ། རྟག་ཏུ་འཇིག་པ། འབྲུལ་བ། འབྲལ་བ། རྣམ་པར་འཐོར་བ། རྣམ་པར་འཇོམས་པའི་ཆོས་ཅན། ནད་ཐ་དད་པ་བརྒྱ་སྟོང་གི་ཚང་ངོ་སྙམ་དུ་ལུས་ལ་དྲན་པ་ཉེ་བར་འཇོག་གོ། །གཞན་ཡང་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ནི་འདི་ལྟར་ལུས་འདི་ནི་རྐང་པ་དང་།
རྐང་སོར་དང་། བྱིན་པ་དང་། བརླ་དང་། གྲུ་དོ་དང་། ལྟོ་བ་དང་། ལྟེ་བ་དང་། སྒལ་ཚིགས་དང་། སྙིང་དང་། རྩིབ་ལོགས་དང་། རྩིབ་མ་དང་། ལག་པའི་ཐལ་མོ་དང་། དཔུང་པ་དང་། ཐལ་གོང་དང་། མགྲིན་པ་དང་། འགྲམ་པ་དང་། དཔྲལ་བ་དང་། མགོའི་ཐོད་པ་འདུས་པ་ཙམ་སྟེ།
ལས་འབྱུང་བའི་བྱེད་པས་བསགས་པ། ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་དང་། ཀུན་ཏུ་རྟོག་པ་དང་། རྣམ་པར་རྟོག་པ་ཐ་དད་པ་བརྒྱ་སྟོང་གི་གནས་སོ། །འདི་ནི་རྫས་མང་པོ་འདུས་པ་འདི་ལྟ་སྟེ། སྐྲ་དང་། སྤུ་དང་། སེན་མོ་དང་། སོ་དང་། རུས་པ་དང་། པགས་པ་དང་།
ཤ་དང་། ལུས་དང་། རྒྱུས་པ་དང་། ཚིལ་དང་། ཞག་དང་། ཆུ་སེར་དང་། མཆེར་པ་དང་། གཅིན་དང་། ཕྱི་ས་དང་། ཕོ་བ་དང་། ལོང་ཀ་དང་། ཁྲག་དང་། ངར་སྣབས་དང་། མཁྲིས་པ་དང་། རྣག་དང་། མཆིལ་མ་དང་། ཀླད་པ་དང་། ཀླད་རྒྱས་རྣམས་ཏེ། དེ་དེ་
ལྟར་རྫས་མང་པོ་འདུས་པ་ཡིན་ནོ། །དེ་ལ་ལུས་ཞེས་ཇི་སྐད་དུ་བྱ་སྙམ་དུ་ལུས་ལ་དྲན་པ་ཉེ་བར་འཇོག་གོ། །དེ་ལ་སོ་སོར་རྟོག་པ་ན་འདི་སྙམ་དུ་སེམས་ཏེ། ལུས་འདི་ནི་ནམ་མཁའ་དང་མཚུངས་སོ་སྙམ་ནས་དེ་ལུས་ལ་ནམ་མཁའ་ལྟར་དྲན་པ་ཉེ་བར་འཇོག་གོ། །དེ་ཐམས་ཅད་ནམ་མཁའ་

ལྟར་མཐོང་ངོ་། །དེ་ལུས་ཡོངས་སུ་ཤེས་པར་བྱ་བ་ལས་གང་ལ་ཡང་དྲན་པ་མི་འཇུག་གོ། །མི་ལྡོག་གོ། །མི་འཇུག་མི་ལྡོག་པས་དྲན་པ་ལ་གནས་པ་ཞེས་བྱའོ། །དེ་ལྟར་དྲན་པ་ལ་གནས་པ་ནི་འདི་ལྟར་ལུས་ཇི་ལྟ་བར་བྱང་ཆུབ་ཀྱང་དེ་བཞིན་དུ་ཤེས་ཏེ། འདི་ལ་ཐོགས་པར་བྱ་བ་
མེད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་དུ་ཐོགས་པ་དེ་ཐམས་ཅད་ནི་ཚུལ་བཞིན་མ་ཡིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་ལུས་དྲན་པ་ཉེ་བར་གཞག་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཚོར་བ་དྲན་པ་ཉེ་བར་གཞག་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་འདི་སྙམ་
དུ་སེམས་ཏེ། ཚོར་བ་ཞེས་བྱ་བ་ནི་ཁོང་དུ་ཆུད་པ་སྟེ། རེག་པ་དེ་ཡང་ཕྱིན་ཅི་ལོག་པ་དང་། ཕྱིན་ཅི་མ་ལོག་པ་དང་། དེ་གཉི་ག་ལས་རྣམ་པར་གྲོལ་བའོ་སྙམ་མོ། །དེ་ལ་བྱིས་པ་སོ་སོའི་སྐྱེ་བོ་སེམས་གཡེངས་པ་ཕྱིན་ཅི་ལོག་ཏུ་གྱུར་པ་རྣམས་ཀྱི་ཚོར་བ་ནི་ཕྱིན་ཅི་ལོག་སྟེ། དེ་དག་
ནི་མི་རྟག་པ་ལ་རྟག་པར་ཚོར་རོ། །སྡུག་བསྔལ་བ་ལ་བདེ་བར་ཚོར་རོ། །བདག་མེད་པ་ལ་བདག་ཏུ་ཚོར་རོ། །མི་གཙང་བ་ལ་གཙང་བར་ཚོར་ཏེ། འདི་ནི་ཕྱིན་ཅི་ལོག་གི་ཚོར་བའོ། །གང་མི་རྟག་པ་ལ་མི་རྟག་པར་ཚོར་བ་དང་། སྡུག་བསྔལ་ལ་སྡུག་བསྔལ་དུ་ཚོར་བ་དང་།
བདག་མེད་པ་ལ་བདག་མེད་པར་ཚོར་བ་དང་། མི་གཙང་བ་ལ་མི་གཙང་བར་ཚོར་བ་འདི་ནི་ཉན་ཐོས་རྣམས་ཀྱི་ཚོར་བའོ། །གང་མི་རྟག་པ་ལ་མི་རྟག་པ་དང་མི་རྟག་པ་ཡང་མ་ཡིན་པར་ཚོར་བ་དང་། སྡུག་བསྔལ་ལ་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པར་ཚོར་བ་དང་།
བདག་མེད་པ་ལ་བདག་མེད་པ་དང་བདག་མེད་པ་ཡང་མ་ཡིན་པར་ཚོར་བ་དང་། མི་གཙང་བ་ལ་མི་གཙང་བ་དང་མི་གཙང་བ་ཡང་མ་ཡིན་པར་ཚོར་བ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚོར་བའོ། །བྱང་ཆུབ་སེམས་དཔའ་དེ་ལྟར་ཚོར་བ་ནི་ཚོར་བ་པོ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །
དེ་མི་མཐོང་བས་ཚོར་བ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་འདི་སྙམ་དུ་སེམས་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་འདུས་བྱས་ཐམས་ཅད་ནི་ཚོར་བའོ་ཞེས་གསུངས་སོ། །གལ་ཏེ་འདུས་བྱས་ཐམས་ཅད་ཚོར་བ་མ་ཡིན་ན་ནི་འདི་ལ་ཚོར་བ་པོ་ཞེས་བྱ་བ་ཅི་ཞིག་ཡོད། ཚོར་བ་ནི་ཚོར་བར་

བྱེད་པ་མ་ཡིན། ཚོར་བར་བྱ་བ་དང་། ཚོར་བ་དང་། ཚོར་བར་བྱེད་པ་མ་ཡིན། འདུས་མ་བྱས་ཀྱང་འདུས་བྱས་ཚོར་བར་བྱེད་པ་མ་ཡིན། འདུས་བྱས་དང་འདུས་མ་བྱས་ལས་རྣམ་པར་གྲོལ་བའི་ཚོར་བར་བྱེད་པ་གང་ཡང་མེད་དེ། དེ་ལྟར་ཚོར་བ་དེ་དག་ཚོར་བ་མེད་པར་ཡང་
དག་པར་རྗེས་སུ་མཐོང་ངོ་། །འདི་ལ་ཚོར་བས་རྩོལ་བ་གང་ཡང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། བྱང་ཆུབ་ཇི་ལྟ་བར་ཚོར་བ་ཡང་དེ་བཞིན་དུ་ཡང་དག་པར་རྗེས་སུ་མཐོང་བ་འདི་ནི་བྱང་ཆུབ་སེམས་དཔའི་ཚོར་བ་དྲན་པ་ཉེ་བར་གཞག་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་སེམས་
དྲན་པ་ཉེ་བར་གཞག་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། གང་ཚོར་བ་དེ་ནི་སེམས་ཙམ་མོ། །སེམས་དེ་ཡང་གནས་པ་མེད་པ། གཟུང་བ་མེད་པ། ལུས་མེད་པའོ། །གང་གནས་མེད་པ། གཟུང་བ་མེད་པ། ལུས་མེད་པ་དེའི་གནས་ཇི་
ལྟ་བུ་ཞིག་ཡོད་སྙམ་མོ། །སེམས་ཀྱིས་སེམས་མི་ཤེས་སོ། །སེམས་ཀྱིས་སེམས་མི་མཐོང་ངོ་། །གང་ལ་བརྟེན་ནས་བྱུང་བའི་སེམས་དེ་ཡང་གཞན་ལ་རག་ལས་པ། རང་དབང་མེད་པར་མཐོང་ངོ་། །སེམས་མ་རྟོགས་པར་བྱང་ཆུབ་ཀྱང་མི་ཤེས་སོ། །དེ་ལ་བྱང་ཆུབ་
སེམས་ཙམ་དུ་ཤེས་པས་སེམས་ལ་དབང་ཐོབ་བོ། །དེ་སེམས་ལ་དབང་བས་ཐེག་པ་ཆེན་པོ་ལ་དབང་བྱེད་པ་དང་། སེམས་ཅན་ཐམས་ཅད་ལའང་སེམས་སྙོམས་པ་དང་། ཐེག་པ་ཆེན་པོ་ལ་གཞན་གྱི་དྲིང་ལ་མི་འཇོག་པ་ཡིན་ཏེ། འདི་ནི་བྱང་ཆུབ་སེམས་དཔའི་སེམས་དྲན་པ་ཉེ་བར་
གཞག་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཆོས་དྲན་པ་ཉེ་བར་གཞག་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་དགེ་བའམ། མི་དགེ་བའམ། ཁ་ན་མ་ཐོ་བ་དང་བཅས་པའམ། ཁ་ན་མ་ཐོ་བ་མེད་པའམ། ཟག་པ་དང་བཅས་པའམ། ཟག་པ་མེད་པའམ། འཇིག་རྟེན་པའམ། འཇིག་
རྟེན་ལས་འདས་པའམ། ཉན་ཐོས་ཀྱི་ཆོས་སམ། རང་སངས་རྒྱས་ཀྱི་ཆོས་སམ། སོ་སོའི་སྐྱེ་བོའི་ཆོས་སམ། ཆོས་གང་དང་གང་ལ་དྲན་པ་ཉེ་བར་འཇོག་པའི་ཆོས་དེ་ཤིན་ཏུ་བཟུང་བ། ཤིན་ཏུ་ཡོངས་སུ་སྦྱང་བ་བྱས་པ། ཤིན་ཏུ་བསགས་པའམ། ཤིན་ཏུ་ཆུབ་པ་རང་གི་ཁ་ན་ལས་པ། ཤིན་ཏུ་

དབང་བྱེད་པའི་དྲན་པ་དེས་སྐྱེ་བ་མེད་པ་དང་། འགག་པ་མེད་པ་མཉམ་པར་བྱེད་དེ། གང་སྐྱེ་བ་མེད་པ་དང་། འགག་པ་མེད་པ་ལས་རྣམ་པར་གྲོལ་བ་དང་། གང་རྟེན་ཅིང་འབྲེལ་པར་འབྱུང་བ་ལས་རྣམ་པར་གྲོལ་བ་དང་། གང་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་
ལས་རྣམ་པར་གྲོལ་བའི་ཆོས་དེ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་འདི་སྙམ་དུ་སེམས་ཏེ། ཆོས་ཐམས་ཅད་ནི་བདག་པོ་མེད་པ་སྟེ། དབེན་པའི་རང་བཞིན་ཅན། ཆོས་ཐམས་ཅད་ནི་བདག་མེད་པ་སྟེ། གཉིས་སུ་མེད་པའི་རང་བཞིན་ཅན། ཆོས་ཐམས་ཅད་ནི་སྒྲིབ་པ་མེད་པ་སྟེ། ནམ་
མཁའི་རང་བཞིན་ཅན། ཆོས་ཐམས་ཅད་ནི་རྣམ་པར་མི་རྟོག་པ་སྟེ། སེམས་དང་། ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་བྲལ་བ། ཆོས་ཐམས་ཅད་ནི་རྣམ་པར་གྲོལ་བའི་ངོ་བོ་ཉིད་དེ། ཉོན་མོངས་པ་མེད་པའི་རང་བཞིན་ཅན། ཆོས་ཐམས་ཅད་ནི་སྨྲ་བ་མེད་པ་སྟེ། བརྗོད་དུ་མེད་པའི་
རང་བཞིན་ཅན། ཆོས་ཐམས་ཅད་ནི་ཡི་གེ་མེད་པ་སྟེ། འདུས་མ་བྱས་པའི་རང་བཞིན་ཅན། ཆོས་ཐམས་ཅད་ནི་གྲངས་མེད་པ་སྟེ། གྲངས་ཐམས་ཅད་ལས་ཤིན་ཏུ་འདས་པ། ཆོས་ཐམས་ཅད་ནི་དྲང་བ་སྟེ། སྤྲོས་པ་ཐམས་ཅད་ལས་ཤིན་ཏུ་འདས་པ། ཆོས་ཐམས་ཅད་ནི་ས་བོན་མེད་པའི་
ཕྱིར་རྩ་བ་མེད་པ། ཆོས་ཐམས་ཅད་ནི་རྩ་བ་རྣམ་པར་བྱང་བའི་ཕྱིར་སྐྱོན་མེད་པ། ཆོས་ཐམས་ཅད་ནི་ལུས་མེད་པའི་ཕྱིར་འོང་བ་མེད་པ། ཆོས་ཐམས་ཅད་ནི་གནས་པ་མེད་པའི་ཕྱིར་སོང་བ་མེད་པ། ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་པའི་ཕྱིར་ཆགས་པ་མེད་པ། ཆོས་ཐམས་ཅད་ནི་རྟེན་
ཅིང་འབྲེལ་པར་འབྱུང་བའི་ཕྱིར་སྟོང་པ། ཆོས་ཐམས་ཅད་ནི་རྣམ་པར་མི་རྟོག་པའི་ཕྱིར་ངེས་པར་འབྱུང་བ། ཆོས་ཐམས་ཅད་ནི་ཇི་ལྟར་འདོད་པ་བཞིན་ཁོང་དུ་ཆུད་པའི་ཕྱིར་རང་གི་ཁ་ན་ལས་པ། ཆོས་ཐམས་ཅད་ནི་ཤེས་བྱའི་ངོ་བོ་ཉིད་ཀྱི་ཕྱིར་བྱང་ཆུབ་པ། ཆོས་ཐམས་ཅད་ནི་རྫས་མེད་པའི་
ཕྱིར་མིང་ཙམ་པ། ཆོས་ཐམས་ཅད་ནི་བསྟན་དུ་མེད་པའི་ངོ་བོ་ཉིད་ཀྱི་ཕྱིར་ལྟ་བ་དང་བྲལ་བ། ཆོས་ཐམས་ཅད་ནི་ལུས་མེད་པའི་ཕྱིར་བཅིངས་པ་མེད་པ། ཆོས་ཐམས་ཅད་ནི་ངོ་བོ་ཉིད་མེད་པའི་ཕྱིར་གྲོལ་བ་མེད་པ། ཆོས་ཐམས་ཅད་ནི་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་ཐིབས་པོ་མེད་པ།

ཆོས་ཐམས་ཅད་ནི་ཆོས་ཀྱི་དབྱིངས་དབྱེར་མེད་པའི་ཕྱིར་དབྱིངས་གཅིག་པ། ཆོས་ཐམས་ཅད་ནི་ཡང་དག་པའི་མཐའ་དང་མཉམ་པའི་ཕྱིར་ཐ་མི་དད་དོ་སྙམ་དུ་དེ་ལྟར་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ། །དེ་ལྟར་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པའི་བྱང་ཆུབ་
སེམས་དཔའ་ནི་སེམས་ཅན་ཐ་དད་དུ་མི་བྱེད། ཆོས་ཐ་དད་དུ་མི་བྱེད། ཐེག་པ་ཐ་དད་དུ་མི་བྱེད། སངས་རྒྱས་ཐ་དད་དུ་མི་བྱེད། སངས་རྒྱས་ཀྱི་ཞིང་ཐ་དད་དུ་མི་བྱེད། ཐ་མ་དང་། མཆོག་དང་། བཅིངས་པ་དང་། ཐར་པ་དང་། འཁོར་བ་དང་། མྱ་ངན་ལས་འདས་པ་ཡང་དག་
པར་རྗེས་སུ་མི་མཐོང་། སྤོང་བ་མེད། འཛིན་པ་མེད། འཇུག་པ་མེད། ལྡོག་པ་མེད། ལེན་པ་མེད། འདོར་བ་མེད་དེ། མི་གཡོ་བ་ཐོབ་ཅིང་གནས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞི་བ་ལ་གནས་པ་དེ་སངས་རྒྱས་ཀྱི་ཞིང་ཐ་དད་པ་ན་གནས་པའི་སངས་རྒྱས་
བཅོམ་ལྡན་འདས་རྣམས་ཀྱིས་གཟིགས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་ཏེ། དེ་ནི་བྱང་ཆུབ་སེམས་དཔའི་ཆོས་དྲན་པ་ཉེ་བར་གཞག་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་སངས་རྒྱས་རྗེས་སུ་དྲན་པའི་དྲན་པ་ཉེ་བར་གཞག་པ་གང་ཞེ་ན། འདི་ལ་
བྱང་ཆུབ་སེམས་དཔའ་སངས་རྒྱས་རྗེས་སུ་དྲན་པའི་དྲན་པ་ཉེ་བར་གཞག་པ་སྒོམ་སྟེ། སེམས་ཅན་ཐམས་ཅད་མངོན་སུམ་དུ་བྱས་ནས་བདག་ཀྱང་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་བསྒྲུབ་བོ། །འདི་ལྟར་གང་དེ་བཞིན་གཤེགས་པ་
དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་པོ་དེ་དག་བདག་གིས་བསྒྲུབ་པར་བྱའོ་སྙམ་དུ་དྲན་པ་ཉེ་བར་འཇོག་གོ། །དྲན་པ་དེས་གང་སངས་རྒྱས་བཅོམ་
ལྡན་འདས་རྣམས་ཀྱི་དྲན་པ་བསམ་གྱིས་མི་ཁྱབ་པ། དྲི་མ་མེད་པ། རྣམ་པར་དག་པ། འོད་གསལ་བ། བག་ལ་ཉལ་མེད་པ། བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་ཡང་དག་པར་ཆད་པ། ཡེ་ཤེས་སྔོན་དུ་འགྲོ་བ། ཡེ་ཤེས་ཀྱི་དབང་དུ་གྱུར་པ། སངས་རྒྱས་ཐམས་ཅད་ཀྱི་

དབང་དུ་གྱུར་པ། ཆོས་ཀྱི་དབང་དུ་གྱུར་པ། ལྷའི་དབང་དུ་གྱུར་པ། ངེས་པར་གྱུར་པ་ཐམས་ཅད་ཐོབ་པ། ཤེས་བྱའི་སྒྲིབ་པའི་དྲི་མ་མེད་པ། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་མི་རྟོག་པ། རང་བཞིན་གྱིས་རྣམ་པར་མི་རྟོག་པ། ལྷུན་གྱིས་གྲུབ་པ། མཐུ་སྒྲིབ་པ་
མེད་པ། ཐོགས་པ་མེད་པར་གནས་པ། སེམས་ཅན་ཐམས་ཅད་ཀྱི་བསམ་པ་རྒྱས་པར་བྱེད་པ། ནམ་མཁའ་ལྟར་འགྱུར་བ་མེད་པའི་སངས་རྒྱས་རྗེས་སུ་དྲན་པ་དེ་དག་རྗེས་སུ་དྲན་ནོ། །དྲན་པ་རིན་པོ་ཆེ་སངས་རྒྱས་རྣམས་ཀྱི་ནོར། སངས་རྒྱས་རྣམས་ཀྱི་མཛོད་དེ་དག་རྗེས་སུ་
དྲན་ཏེ། དེའི་ཕྱིར་སངས་རྒྱས་རྗེས་སུ་དྲན་པ་ཞེས་བྱའོ། །སངས་རྒྱས་དྲན་པ་ཡང་མ་ཡིན། མི་དྲན་པ་ཡང་མ་ཡིན་པར་ཐམས་ཅད་དུ་ལྷུན་གྱིས་གྲུབ་ཅིང་རྣམ་པར་མི་རྟོག་པའི་དྲན་པ་དེ་དག་རྗེས་སུ་དྲན་ཏེ། དེའི་ཕྱིར་སངས་རྒྱས་རྗེས་སུ་དྲན་པ་ཞེས་བྱའོ། །སངས་རྒྱས་ནི་སེམས་
ཅན་དང་ཆོས་ལ་ཐ་དད་པའི་འདུ་ཤེས་མི་མངའ་བ་སྟེ། དེ་དག་གི་དྲན་པ་རྗེས་སུ་དྲན་པས་དེའི་ཕྱིར་སངས་རྒྱས་རྗེས་སུ་དྲན་པ་ཞེས་བྱའོ། །སངས་རྒྱས་ནི་མི་རྟོག་རྣམ་པར་མི་རྟོག །མི་ལེན་མི་འདོར་མི་འཁོར་ཡོངས་སུ་མྱ་ངན་ལས་མི་འདའ། མི་སྐྱེ་མི་འགག་པ་སྟེ། དེ་དག་རྗེས་སུ་
དྲན་ནས། དེའི་ཕྱིར་སངས་རྒྱས་རྗེས་སུ་དྲན་པ་ཞེས་བྱའོ། །གཞན་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་མངའ་བ། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོའི་སྤྱོད་ཡུལ་ཅན། སེམས་ཅན་གྱི་ཕུང་པོ་ཆེན་པོའི་སྐྱབས་སུ་གྱུར་པ།
མགོན་དུ་གྱུར་པ། སྨན་པ་ཆེན་པོ་ཟུག་རྔུ་འབྱིན་པ། སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ། རྟག་ཏུ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་བ། འཁོར་བ་དང་མྱ་ངན་ལས་འདས་པ་ལས་རྣམ་པར་གྲོལ་བ། ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ།
སེམས་ཅན་ཆེན་པོའི་གནས་སེམས་ཅན་ཆེན་པོའི་རྟེན། རྣམ་པར་འདྲེན་པ། ཆོས་ཀྱི་སྐུ་སྤྱོད་ཡུལ་བ། ཐམས་ཅད་དུ་ཁོང་ཁྲོ་བ་མེད་པའི་སེམས་དང་ལྡན་པ། རྟག་ཏུ་སེམས་ཅན་གྱི་དོན་ལ་དགྱེས་པ། སྐུ་དང་། གསུང་དང་། ཐུགས་རྒྱ་ཆེ་བ། ཕྱད་པར་ལུང་སྟོན་པ།

སྐུ་དང་། གསུང་དང་། ཐུགས་ཀྱི་ཕྲིན་ལས་ཀྱི་མཐའ་ཁ་ན་མ་ཐོ་བ་མེད་པ། བག་ཆགས་དང་བཅས་པའི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དཀྲུགས་པ། བདུད་དང་ཕྱིར་རྒོལ་བ་ཐམས་ཅད་བཅོམ་པ། རྩོད་པ་མེད་པའི་ཆོས་ཀྱི་མཆོག་དང་ལྡན་པ།
རྒྱ་མཚོ་ཐམས་ཅད་པས་ཆེས་ཟབ་པ། རི་རབ་ཐམས་ཅད་པས་ཆེས་མཐོ་བ། ས་བས་ཆེས་བརྟན་པ། ཆུ་བས་ཆེས་མཉེན་པ། མེ་བས་ཆེས་འབར་བ། རླུང་བས་ཆེས་ཆགས་པ་མེད་པ། ནམ་མཁའ་བས་ཆེས་དྲི་མ་མེད་པ། ཡིད་ཀྱི་འགྲོ་བ་བས་ཆེས་མགྱོགས་པ། ཡིད་བཞིན་
གྱི་ནོར་བུ་བས་ཆེས་ཁྱད་པར་དུ་འཕགས་པ། ཐམས་ཅད་མཁྱེན་པ། སེམས་ཅན་ཐམས་ཅད་ལ་མཚུངས་པར་སྦྱོར་བ། ཆགས་པ་ཐམས་ཅད་དང་བྲལ་བ། སེམས་ཅན་ཐམས་ཅད་ལ་ཕན་པར་བརྩོན་པའི་རྒྱུན་མ་བཅད་པ། གཟུགས་ཚད་མེད་པ། སྒྲ་ཚད་མེད་པ། ཡོན་ཏན་
ཚད་མེད་པ། ཡུལ་ཚད་མེད་པ། བསམ་གྱིས་མི་ཁྱབ་པ། སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་དང་ལྡན་པ། སེམས་དང་། ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཡུལ་ལས་ཡང་དག་པར་འདས་པ། རིག་པ་དང་ཞབས་ཀྱི་སེམས་དང་ལྡན་པ། ལམ་
གསུམ་གྱི་སྡིག་པ་རྣམས་ཡང་དག་པར་ཆད་པ། སྙིང་རྗེ་ཆེན་པོའི་ལྷག་པའི་བསམ་པ་ཅན། སེམས་ཅན་ཐམས་ཅད་དང་ཐུན་མོང་བའི་ཡོན་ཏན་ཅན། སེམས་ཅན་ཐམས་ཅད་ཀྱི་ཕ་མ་ལྟ་བུར་གྱུར་པ། དགྲ་ཟིན་ལ་སེམས་སྙོམས་པ། སྟེའུ་དང་ཙན་དན་དུ་མཚུངས་པ། སེམས་
ཅན་ཐ་མ་དང་། འབྲིང་དང་། མཆོག་ཐམས་ཅད་ལ་ཐམས་ཅད་དུ་རྟག་ཏུ་གསལ་བར་བྱེད་པའི་ཆོས་ཅན། ཕ་རོལ་དཔག་པར་དཀའ་བ་སེམས་ཅན་ཆེན་པོ། ལོངས་སྤྱོད་ཆེན་པོ། རིག་པ་དང་ཞབས་སུ་ལྡན་པ་ཆེན་པོ། ཆོས་གསུང་བ་ཆེན་པོ། འདུལ་བ་གསུང་བ་ཆེན་པོ།
སྐྱེས་བུ་ཆེན་པོ། སྐྱེས་བུ་ཆེན་པོའི་མཚན་དང་ལྡན་པ། འཇིག་རྟེན་ཐམས་ཅད་ཟིལ་གྱིས་གནོན་པ། འཇིག་རྟེན་ཐམས་ཅད་ཀྱི་སྣང་བར་གྱུར་པ། རྣལ་འབྱོར་ཆེན་པོ་ལ་རྣལ་འབྱོར་པ། བསམ་གཏན་ཆེན་པོ་སྤྱོད་ཡུལ་བ། རྣམ་པར་གྲོལ་བ་ཆེན་པོ་ཕུན་སུམ་ཚོགས་པ།

བདག་ཉིད་ཆེ་བ། སྐྱེ་བོ་ཆེན་པོའི་ཞམ་རིང་བ་དང་ལྡན་པ། སྐྱེ་བོ་ཁྱད་པར་ཅན་གྱི་ཞམ་རིང་བ་དང་ལྡན་པ། ལྟ་བ་དང་། ཉན་པ་དང་། སྟེན་པ་དང་། བསྙེན་བཀུར་བྱེད་པ་མི་ལྡོག་པ། བདག་བདེ་བ་ལ་མི་ལྟ་བ། གཞན་གྱི་སྡུག་བསྔལ་ཞི་བར་བྱེད་པ་ལ་དགྱེས་པ། ཆོས་ལ་གཞོལ་
བ། ཆོས་ཀྱི་ནོར་ཅན། ཆོས་ཀྱི་ཟས་ཅན། ཆོས་ཀྱི་སྨན་ཅན། ཆོས་ཀྱི་གཏེར་ཅན། ཆོས་ཀྱི་དབང་ཕྱུག །ཆོས་ཀྱི་བདག་པོ། ཆོས་ཀྱི་སྦྱིན་བདག་རྟག་ཏུ་གཏོང་བ་ལ་མངོན་པར་དགྱེས་པ། རྟག་ཏུ་བག་ཡོད་པ། རྟག་ཏུ་དབེན་པ་ལ་མངོན་པར་དགྱེས་པ། ཐམས་ཅད་དུ་
སྟེགས་དང་། ཟམ་པར་གྱུར་པ། རྒྱལ་པོའི་ལམ་ཆེན་པོ་དང་འདྲ་བ། ཉི་མ་ཆེན་པོ་དང་འདྲ་བ། ཚངས་པ་ཆེན་པོ་འདྲ་བ་དང་། ཡེ་ཤེས་ཆེན་པོའི་རྡོ་རྗེ་འཆང་བ། ཆོས་ཆེན་པོས་དབུགས་འབྱིན་པ། གཟུགས་ལྟ་བས་མི་ངོམས་པ། མཐོང་བས་མི་ངོམས་པ་སྟེ། སངས་རྒྱས་
བཅོམ་ལྡན་འདས་དེ་དག་དེ་ལྟར་རྗེས་སུ་དྲན་ནོ། །དེ་ལྟར་དེ་དག་རྗེས་སུ་དྲན་པས་དེ་དག་གི་ཡོན་ཏན་ཡོངས་སུ་བསྒྲུབ་པའི་ཕྱིར་སྦྱོར་རོ། །དྲན་པ་ཉེ་བར་འཇོག་གོ། །བརྩོན་འགྲུས་བརྩམ་མོ། །དེའི་ཕྱིར་སངས་རྒྱས་རྗེས་སུ་དྲན་པ་ཞེས་བྱ་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་
སངས་རྒྱས་རྗེས་སུ་དྲན་པའི་དྲན་པ་ཉེ་བར་གཞག་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཆོས་རྗེས་སུ་དྲན་པའི་དྲན་པ་ཉེ་བར་གཞག་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། གང་སངས་རྒྱས་བཅོམ་ལྡན་འདས་དེ་དག་ནི་ཡོན་ཏན་མཐའ་ཡས་
མུ་མེད་པ་སྟེ། དེ་དག་ནི་ཆོས་ལས་སྐྱེས་པ་ཆོས་ཀྱི་བགོ་སྐལ་ལ་སྤྱོད་པ། ཆོས་ཀྱིས་སྤྲུལ་པ། ཆོས་བདག་པོར་གྱུར་པ། ཆོས་ལས་བྱུང་བ། ཆོས་ཀྱི་སྤྱོད་ཡུལ། ཆོས་ལ་རྟོན་པ། ཆོས་ཀྱིས་གྲུབ་པ་སྟེ། གང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མཚན་དང་དཔེ་
བྱད་བཟང་པོ་དེ་དག་ཀྱང་ཆོས་ལས་སྐྱེས་པ། ཆོས་ཀྱིས་རྙེད་པ། ཆོས་ཀྱིས་གྲུབ་པའོ། །གང་དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་མི་འཇིགས་པ་བཞི་པོ་དེ་དག་ཀྱང་ཆོས་ལས་སྐྱེས་པ། ཆོས་ཀྱིས་རྙེད་པ། ཆོས་ཀྱིས་གྲུབ་པའོ། །

གང་དེ་བཞིན་གཤེགས་པ་རྣམས་ཀྱི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་པོ་དེ་དག་ཀྱང་ཆོས་ལས་སྐྱེས་པ། ཆོས་ཀྱིས་རྙེད་པ། ཆོས་ཀྱིས་གྲུབ་པའོ། །གང་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་བདེ་བ་ཡོད་པ་དེ་དག་ཀྱང་ཆོས་ལས་སྐྱེས་པ།
ཆོས་ཀྱིས་རྙེད་པ། ཆོས་ཀྱིས་གྲུབ་པའོ། །དེ་ལྟ་བས་ན་བདག་སངས་རྒྱས་ཀྱི་བྱང་ཆུབ་ཚོལ་བས་ཆོས་གཙོ་བོར་བྱའོ། །ཆོས་སྤྱོད་ཡུལ་བ་དང་། ཆོས་ལ་རྟོན་པ་དང་། ཆོས་ལ་གཞོལ་བ་དང་། ཆོས་སྙིང་པོར་བྱེད་པ་དང་། ཆོས