Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 064_མདོ་སྡེ།_ཝ
Văn bản gốc(Tây Tạng)
Trang 16 / 20 (50.000 ký tự/trang)
་ཅད་ཡོད་པ་མ་མཆིས་པ་ལགས་ན། བཅོམ་ལྡན་འདས་ཀྱིས་ཡོད་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་ བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་མིང་མ་མཆིས་པ་ལགས་ཏེ། མིང་རྣམ་པར་དག་པ་ལགས་སོ། །དེ་ཅིའི་སླད་ དུ་ཞེ་ན། མིང་གི་རང་བཞིན་ལས་གཞན་མ་ལགས་པའི་སླད་དུ་སྟེ། མིང་གི་རང་བཞིན་ལས་མིང་མ་མཆིས་པ་གཞན་མ་ལགས་ཀྱི་མིང་གི་རང་བཞིན་ཉིད་མིང་མ་མཆིས་པ་ལགས་ཏེ། མིང་གི་རང་བཞིན་གྱིས་མིང་མ་མཆིས་པ་ཤེས་པ་དེས་ཆོས་ཐམས་ཅད་མིང་མ་མཆིས་པ་ལགས་ན་བཅོམ་ལྡན་ འདས་ཀྱིས་མིང་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་བདག་མ་མཆིས་པ་ ལགས་ཏེ། བདག་རྣམ་པར་དག་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བདག་གི་རང་བཞིན་ལས་གཞན་མ་ལགས་པའི་སླད་དུ་སྟེ། བདག་གི་རང་བཞིན་ལས་བདག་མ་མཆིས་པའི་རང་བཞིན་གཞན་མ་ལགས་ཀྱི། བདག་གི་རང་བཞིན་ཉིད་བདག་མ་མཆིས་པ་ལགས་ཏེ། བདག་ གི་རང་བཞིན་གྱིས་བདག་མ་མཆིས་པ་ཤེས་པ་དེས། ཆོས་ཐམས་ཅད་བདག་མ་མཆིས་པ་ལགས་ན་བཅོམ་ལྡན་འདས་ཀྱིས་བདག་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་པ་དེ་དག་ བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་རྒྱུ་དང་རྐྱེན་གྱི་བྱ་བ་མ་མཆིས་པ་ལགས་ཏེ། རྒྱུ་དང་རྐྱེན་གྱི་བྱ་བ་རྣམ་པར་དག་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། རྒྱུ་དང་རྐྱེན་གྱི་བྱ་བའི་རང་བཞིན་ལས་གཞན་མ་ལགས་པའི་སླད་དུ་སྟེ། རྒྱུ་དང་རྐྱེན་གྱི་བྱ་བའི་རང་བཞིན་ལས་རྒྱུ་དང་རྐྱེན་གྱི་བྱ་བ་མ་མཆིས་པ་གཞན་མ་ལགས་ཀྱི། རྒྱུ་དང་རྐྱེན་གྱི་བྱ་བའི་རང་བཞིན་ཉིད་རྒྱུ་དང་རྐྱེན་གྱི་བྱ་བ་མ་མཆིས་པ་ལགས་ཏེ། རྒྱུ་དང་རྐྱེན་གྱི་བྱ་བའི་རང་བཞིན་གྱིས་རྒྱུ་དང་རྐྱེན་གྱི་བྱ་བ་མ་མཆིས་པ་ཤེས་པ་དེས་ཆོས་ཐམས་ཅད་རྒྱུ་དང་རྐྱེན་གྱི་བྱ་ བ་མ་མཆིས་པ་ལགས་ན། བཅོམ་ལྡན་འདས་ཀྱིས་རྒྱུ་དང་རྐྱེན་གྱི་བྱ་བ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་འདྲེས་པ་མ་མཆིས་པ་ལགས་ཏེ། འདྲེས་པ་རྣམ་པར་དག་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། འདྲེས་པའི་རང་བཞིན་ལས་གཞན་མ་ལགས་པའི་སླད་དུ་སྟེ། འདྲེས་པའི་རང་བཞིན་ལས་འདྲེས་པ་མ་མཆིས་པ་གཞན་མ་ལགས་ཀྱི། འདྲེས་པའི་ རང་བཞིན་ཉིད་འདྲེས་པ་མ་མཆིས་པ་ལགས་ཏེ། འདྲེས་པའི་རང་བཞིན་གྱིས་འདྲེས་པ་མ་མཆིས་པ་ཤེས་པ་དེས་ཆོས་ཐམས་ཅད་འདྲེས་པ་མ་མཆིས་པ་ལགས་ན་བཅོམ་ལྡན་འདས་ཀྱིས་འདྲེས་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་གང་དག་ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་ཡི་གེ་མ་མཆིས་པ་ལགས་ཏེ། ཡི་གེ་རྣམ་པར་དག་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། ཡི་གེའི་རང་བཞིན་ ལས་གཞན་མ་ལགས་པའི་སླད་དུ་སྟེ། ཡི་གེའི་རང་བཞིན་ལས་ཡི་གེ་མ་མཆིས་པ་གཞན་མ་ལགས་ཀྱི། ཡི་གེའི་རང་བཞིན་ཉིད་ཡི་གེ་མ་མཆིས་པ་ལགས་ཏེ། ཡི་གེའི་རང་བཞིན་གྱིས་ཡི་གེ་མ་མཆིས་པ་ཤེས་པ་དེས་ཆོས་ཐམས་ཅད་ཡི་གེ་མ་མཆིས་པ་ལགས་ན་བཅོམ་ ལྡན་འདས་ཀྱིས་ཡི་གེ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་ང་རྒྱལ་ མེད་པ་མ་མཆིས་པ་ལགས་ཏེ། ང་རྒྱལ་མེད་པ་རྣམ་པར་དག་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། ང་རྒྱལ་མེད་པའི་རང་བཞིན་ལས་གཞན་མ་ལགས་པའི་སླད་དུ་སྟེ། ང་རྒྱལ་མེད་པའི་རང་བཞིན་ལས་ང་རྒྱལ་མེད་པ་མ་མཆིས་པ་གཞན་མ་ལགས་ཀྱི། ང་རྒྱལ་མེད་པའི་རང་ བཞིན་ཉིད་ང་རྒྱལ་མ་མཆིས་པ་ལགས་ཏེ། ང་རྒྱལ་མེད་པའི་རང་བཞིན་གྱིས་ང་རྒྱལ་མེད་པ་མ་མཆིས་པ་ཤེས་པ་དེས་ཆོས་ཐམས་ཅད་ང་རྒྱལ་མེད་པ་མ་མཆིས་པ་ལགས་ན། བཅོམ་ལྡན་འདས་ཀྱིས་ང་རྒྱལ་མེད་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་ སྦྱོར་བས་བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་ཡུལ་བསམ་གྱིས་མི་ཁྱབ་པ་ལགས་ཏེ། ཡུལ་བསམ་གྱིས་མི་ཁྱབ་པ་རྣམ་ པར་དག་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། ཡུལ་བསམ་གྱིས་མི་ཁྱབ་པའི་རང་བཞིན་ལས་གཞན་མ་ལགས་པའི་སླད་དུ་སྟེ། ཡུལ་བསམ་གྱིས་མི་ཁྱབ་པའི་རང་བཞིན་ལས་ཡུལ་བསམ་གྱིས་མི་ཁྱབ་པ་མ་མཆིས་པ་གཞན་མ་ལགས་ཀྱི། ཡུལ་བསམ་གྱིས་མི་ཁྱབ་ པའི་རང་བཞིན་ཉིད་ཡུལ་བསམ་གྱིས་མི་ཁྱབ་པ་མ་མཆིས་པ་ལགས་ཏེ། ཡུལ་བསམ་གྱིས་མི་ཁྱབ་པའི་རང་བཞིན་གྱིས་ཡུལ་བསམ་གྱིས་མི་ཁྱབ་པ་མ་མཆིས་པ་ཤེས་པ་དེས་ཆོས་ཐམས་ཅད་ཡུལ་བསམ་གྱིས་མི་ཁྱབ་པ་མ་མཆིས་པ་ལགས་ན། བཅོམ་ལྡན་འདས་ཀྱིས་ཕྱོགས་བཅུའི་འཇིག་རྟེན་ གྱི་ཁམས་ཀུན་ནས་ཉོན་མོངས་པ་ཅན་དག་ཏུ་ཡུལ་བསམ་གྱིས་མི་ཁྱབ་པ་རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ། དེ་བཞིན་དུ་སྟོང་པ་ཉིད་ཀྱི་སྒོར་འཇུག་པ་གྲངས་མེད་པ་དག་ལ་ཕན་ཚུན་གཉེན་པོར་གྱུར་པ་འདྲེས་པའི་ཚུལ་དག་གིས་འཇུག་པར་བྱའོ། །བཅོམ་ལྡན་འདས་ཀྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀུན་ནས་ཉོན་མོངས་པ་ཅན་དག་ཏུ་ཐབས་རྣམ་པ་སྣ་ཚོགས་ལ་མཁས་པའི་ཚུལ་གྱིས་ མཚམས་སྦྱོར་བའི་འཇིག་རྟེན་གྱི་སྤྱོད་པ་རྣམས་དང་། ཡེ་ཤེས་དང་། གཟིགས་པ་དང་། ཁམས་དང་། རྒྱུ་དང་། དམིགས་པ་དང་། ངེས་པའི་ཚིག་དང་། གདགས་པ་དང་། རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བས་སེམས་ཅན་རྒྱ་མཚོ་ཇི་སྙེད་བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་མཛད་པའི་བྱང་ཆུབ་སེམས་དཔའ་གང་ལགས་པ་དེ་དག་བཅོམ་ལྡན་འདས་ཀྱིས་འཁོར་འདིར་བསྡུ་བར་གསོལ། དེ་སྐད་ཅེས་གསོལ་ནས། བཅོམ་ལྡན་འདས་ཀྱིས་འཁོར་དེ་དག་གི་ལྷག་པའི་བསམ་པ་ཐུགས་སུ་ཆུད་དེ། ཕྱོགས་ བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐོང་བར་འདོད་པ་མཁྱེན་ནས་བསམ་པ་ཡོངས་སུ་རྫོགས་པར་མཛད་པ་དང་། བྱང་ཆུབ་སེམས་དཔའ་དེ་དག་བསྡུ་བར་བྱ་བའི་ཕྱིར་ཞབས་གཉིས་ཀྱི་མཐིལ་ནས་འོད་ཟེར་རྒྱ་མཚོའི་སྤྲིན་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གང་གཱའི་ཀླུང་ལྔ་བཅུའི་བྱེ་མ་སྙེད་ཀྱི་ རྡུལ་ཕྲ་རབ་ཀྱི་རྡུལ་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་གྲངས་མེད་པ་སྙེད་ཕྱུང་ངོ་། །དེ་བཞིན་དུ་ཞབས་གཉིས་ཀྱི་སོར་མོའི་ཚིགས་རེ་རེ་དང་། དེ་བཞིན་དུ་རྗེ་ངར་གཉིས་དང་། དེ་བཞིན་དུ་པུས་མོའི་ལྷ་ང་གཉིས་དང་། དེ་བཞིན་དུ་བརླ་གཉིས་དང་། དེ་བཞིན་དུ་སྟ་ཟུར་གཉིས་དང་། དེ་བཞིན་དུ་ རྩིབ་ལོགས་གཉིས་དང་། དེ་བཞིན་དུ་ལྟེ་བ་ཁུང་དང་། དེ་བཞིན་དུ་ཕྲག་པ་གཉིས་དང་། དེ་བཞིན་དུ་དཔུང་མགོ་གཉིས་དང་། དེ་བཞིན་དུ་དཔུང་པ་གཉིས་དང་། དེ་བཞིན་དུ་ལག་མཐིལ་གཉིས་དང་། དེ་བཞིན་དུ་ཕྱག་སོར་གྱི་ཚིགས་རེ་རེ་དང་། དེ་བཞིན་དུ་གཙུག་ཏོར་དང་། དེ་བཞིན་ དུ་མཛོད་སྤུ་དང་། དེ་བཞིན་དུ་དབུའི་སྐྲ་ཉག་མ་རེ་རེ་དང་། དེ་བཞིན་དུ་མཚན་རེ་རེ་དང་། དེ་བཞིན་དུ་དཔེ་བྱད་བཟང་པོ་རེ་རེ་དང་། དེ་བཞིན་དུ་སྤུའི་ཁུང་བུ་རེ་རེ་ནས་ཀྱང་འོད་ཟེར་རྒྱ་མཚོའི་སྤྲིན་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གང་གཱའི་ཀླུང་ལྔ་བཅུའི་བྱེ་མ་སྙེད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་འབུམ་ཕྲག་བྱེ་བ་ ཁྲག་ཁྲིག་གྲངས་མེད་པ་སྙེད་ཕྱུང་སྟེ། ཤར་ཕྱོགས་སུ་འཕྲོས་སོ། །དེ་ལས་འོད་ཟེར་གཅིག་གིས་ཀྱང་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གང་གཱའི་ཀླུང་ལྔ་བཅུའི་བྱེ་མ་སྙེད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་གྲངས་མེད་པ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་སྣང་བ་ཆེན་ པོས་ཁྱབ་པར་གྱུར་ཏེ། འཇིག་རྟེན་གྱི་ཁམས་རྒྱ་མཚོ་གང་འོད་ཟེར་གཅིག་གིས་ཁྱབ་པ་དེ་གཉིས་ཀྱིས་ཁྱབ་པར་མི་བྱེད་དོ། །ཤར་ཕྱོགས་ཇི་ལྟ་བ་དེ་བཞིན་དུ་ལྷོ་དང་། ནུབ་དང་། བྱང་དང་། དེ་བཞིན་དུ་བྱང་ཤར་གྱི་མཚམས་དང་། དེ་བཞིན་དུ་ཤར་ལྷོའི་མཚམས་དང་། དེ་ བཞིན་དུ་ལྷོ་ནུབ་ཀྱི་མཚམས་དང་། དེ་བཞིན་དུ་ནུབ་བྱང་གི་མཚམས་དང་། དེ་བཞིན་དུ་སྟེང་དང་འོག་གི་ཕྱོགས་སུ་ཡང་འོད་ཟེར་རྒྱ་མཚོ་དེ་དག་ཐམས་ཅད་འཕྲོས་སོ། །དེ་ལས་འོད་ཟེར་གཅིག་གིས་ཀྱང་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གང་གཱའི་ཀླུང་ལྔ་བཅུའི་བྱེ་མ་སྙེད་ཀྱི་རྡུལ་ ཕྲ་རབ་ཀྱི་རྡུལ་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་གྲངས་མེད་པ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏེ། གང་གཅིག་གིས་ཁྱབ་པ་དེ་གཉིས་ཀྱིས་ཁྱབ་པར་མི་བྱེད་དོ། །ཡང་དེའི་ཚེ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་འོད་ཟེར་དེ་དག་གིས་སྣང་བར་བྱས་ པ་གང་ཡིན་པ་དེ་དག་ལས་འཇིག་རྟེན་གྱི་ཁམས་རེ་རེ་ནས་བྱང་ཆུབ་སེམས་དཔའ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གང་གཱའི་ཀླུང་ལྔ་བཅུའི་བྱེ་མ་སྙེད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་གྲངས་མེད་པ་སྙེད་ལྷགས་སོ། །བྱང་ཆུབ་སེམས་དཔའ་རེ་རེའི་འཁོར་ཀྱང་བྱང་ཆུབ་ སེམས་དཔའ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གང་གཱའི་ཀླུང་ལྔ་བཅུའི་བྱེ་མ་སྙེད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་གྲངས་མེད་པ་སྙེད་ལྷགས་ན། འཁོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཉི་ཤུ་རྩ་ལྔའི་རྡུལ་ཕྲ་རབ་ཀྱི་རྡུལ་འབུམ་ ཕྲག་བྱེ་བ་ཁྲག་ཁྲིག་གྲངས་མེད་པ་སྙེད་ལྟ་ཅི་སྨོས། འཁོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་གྲངས་མེད་པ་སྙེད་ལྟ་ཅི་སྨོས། འཁོར་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་འབུམ་ཕྲག་བྱེ་བ་ཁྲག་ ཁྲིག་བརྗོད་དུ་མེད་པ་སྙེད་ལྟ་ཅི་སྨོས། འཁོར་འཇིག་རྟེན་གྱི་ཁམས་འབུམ་གྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ལྟ་ཅི་སྨོས། འཁོར་འཇིག་རྟེན་གྱི་ཁམས་སྟོང་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ལྟ་ཅི་སྨོས། འཁོར་འཇིག་རྟེན་གྱི་ཁམས་ལྔ་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ལྟ་ཅི་སྨོས། འཁོར་འཇིག་རྟེན་ གྱི་ཁམས་ཉི་ཤུ་རྩ་ལྔའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ལྟ་ཅི་སྨོས། འཁོར་འཇིག་རྟེན་གྱི་ཁམས་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ལྟ་ཅི་སྨོས། འཁོར་འཇིག་རྟེན་གྱི་ཁམས་ལྔའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ལྟ་ཅི་སྨོས། འཁོར་འཇིག་རྟེན་གྱི་ཁམས་གཅིག་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ལྟ་ཅི་སྨོས། འཁོར་ གང་གཱའི་ཀླུང་བརྒྱའི་བྱེ་མ་སྙེད་ལྟ་ཅི་སྨོས། འཁོར་གང་གཱའི་ཀླུང་ལྔ་བཅུའི་བྱེ་མ་སྙེད་ལྟ་ཅི་སྨོས། འཁོར་གང་གཱའི་ཀླུང་ཉི་ཤུ་རྩ་ལྔའི་བྱེ་མ་སྙེད་ལྟ་ཅི་སྨོས། འཁོར་གང་གཱའི་ཀླུང་བཅུའི་བྱེ་མ་སྙེད་ལྟ་ཅི་སྨོས། འཁོར་གང་གཱའི་ཀླུང་ལྔའི་བྱེ་མ་སྙེད་ལྟ་ཅི་སྨོས། འཁོར་གང་གཱའི་ཀླུང་གཅིག་ གི་བྱེ་མ་སྙེད་ལྟ་ཅི་སྨོས། འཁོར་གང་གཱའི་ཀླུང་གི་བྱེ་མའི་བཞི་ཆ་སྙེད་ལྟ་ཅི་སྨོས། འཁོར་གང་གཱའི་ཀླུང་གི་བྱེ་མའི་བརྒྱད་ཆ་སྙེད་ལྟ་ཅི་སྨོས། འཁོར་གང་གཱའི་ཀླུང་གི་བྱེ་མའི་བཅུ་དྲུག་ཆ་སྙེད་ལྟ་ཅི་སྨོས། འཁོར་གང་གཱའི་ཀླུང་གི་བྱེ་མའི་ཆ་ཉི་ཤུ་སྙེད་ལྟ་ཅི་སྨོས། འཁོར་བྱེ་བ་ཕྲག་བརྒྱ་ལྟ་ཅི་སྨོས། འཁོར་བྱེ་བ་ཕྲག་ལྔ་བཅུ་ལྟ་ཅི་སྨོས། འཁོར་བྱེ་བ་ཕྲག་ཉི་ཤུ་རྩ་ལྔ་ལྟ་ཅི་སྨོས། འཁོར་བྱེ་བ་ཕྲག་བཅུ་ལྟ་ཅི་སྨོས། འཁོར་བྱེ་བ་ཕྲག་ལྔ་ལྟ་ཅི་སྨོས། འཁོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱེ་བ་གཅིག་ལྟ་ཅི་སྨོས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཐམས་ ཅད་ཀྱང་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རེ་རེས་ཀྱང་ནོར་བུ་རིན་པོ་ཆེའི་རྒྱལ་པོའི་སྤྲིན་བསོད་ནམས་ཀྱི་ཚོགས་རྒྱ་མཚོ་གྲངས་མེད་པ་བརྗོད་པ། སྟོང་གསུམ་གྱི་སྟོང་ཆེན་པོ་བཅུའི་ཚད་ཙམ་གྱི་ཆར་གྱིས་ཆགས་པ་མེད་ཅིང་སྒྲིབ་པ་མེད་ལ་མ་འདྲེས་ པའི་ནམ་མཁའ་ཁྱབ་པར་ཕབ་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རེ་རེས་ཀྱང་ནོར་བུ་རིན་པོ་ཆེའི་རྒྱལ་པོའི་སྤྲིན་ཡེ་ཤེས་ཀྱི་ཚོགས་རྒྱ་མཚོ་གྲངས་མེད་པ་བརྗོད་པ་སྟོང་གསུམ་གྱི་སྟོང་ཆེན་པོ་བཅུའི་ཚད་ཙམ་གྱིས་དེ་བཞིན་གཤེགས་ པ་ལ་གཏོར་ཅིང་མངོན་པར་གཏོར་ཏོ། །གཏོར་ཅིང་མངོན་པར་གཏོར་ནས་བཅོམ་ལྡན་འདས་ལ་ལན་གྲངས་མེད་པར་བསྐོར་བ་བྱས་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཤར་ཕྱོགས་ཇི་ལྟ་བ་དེ་བཞིན་དུ་ལྷོ་དང་། ནུབ་དང་། བྱང་གི་ཕྱོགས་སུ་ཡང་དེ་དང་འདྲའོ། །ཤར་ལྷོའི་མཚམས་སུ་ཡང་དེ་དང་ འདྲའོ། །ལྷོ་ནུབ་ཀྱི་མཚམས་སུ་ཡང་དེ་དང་འདྲའོ། །ནུབ་བྱང་གི་མཚམས་སུ་ཡང་དེ་དང་འདྲའོ། །བྱང་ཤར་གྱི་མཚམས་སུ་ཡང་དེ་དང་འདྲའོ། །སྟེང་དུ་ཡང་དེ་དང་འདྲའོ། །འོག་གི་ཕྱོགས་སུ་ཡང་དེ་དང་འདྲ་སྟེ། འཇིག་རྟེན་གྱི་ཁམས་རྒྱ་མཚོ་གང་དག་འོད་ཟེར་དེ་དག་གིས་སྣང་བར་བྱས་པ་ དེ་དག་ལས་འཇིག་རྟེན་གྱི་ཁམས་གཅིག་ནས་ཀྱང་བྱང་ཆུབ་སེམས་དཔའ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གང་གཱའི་ཀླུང་ལྔ་བཅུའི་བྱེ་མ་སྙེད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་གྲངས་མེད་པ་སྙེད་ལྷགས་སོ། །བྱང་ཆུབ་སེམས་དཔའ་རེ་རེ་ཡང་འཁོར་བྱང་ཆུབ་ སེམས་དཔའ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གང་གཱའི་ཀླུང་ལྔ་བཅུའི་བྱེ་མ་སྙེད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་གྲངས་མེད་པ་སྙེད་ཀྱིས་བསྐོར་ནས། འཁོར་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་བརྗོད་དུ་མེད་པ་སྙེད་ལྟ་ཅི་སྨོས། འཁོར་ འཇིག་རྟེན་གྱི་ཁམས་བརྒྱའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ལྟ་ཅི་སྨོས། འཁོར་འཇིག་རྟེན་གྱི་ཁམས་ལྔ་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ལྟ་ཅི་སྨོས། འཁོར་འཇིག་རྟེན་གྱི་ཁམས་ཉི་ཤུ་རྩ་ལྔའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ལྟ་ཅི་སྨོས། འཁོར་འཇིག་རྟེན་གྱི་ཁམས་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ལྟ་ཅི་ སྨོས། འཁོར་འཇིག་རྟེན་གྱི་ཁམས་ལྔའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ལྟ་ཅི་སྨོས། འཁོར་འཇིག་རྟེན་གྱི་ཁམས་གཅིག་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ལྟ་ཅི་སྨོས། འཁོར་གང་གཱའི་ཀླུང་གཅིག་གི་བྱེ་མ་སྙེད་ཀྱི་བར་དུ་ལྟ་ཅི་སྨོས། འཁོར་བྱེ་བ་ཕྲག་བརྒྱ་ལྟ་ཅི་སྨོས། འཁོར་བྱེ་བ་ཕྲག་ལྔ་བཅུ་ལྟ་ཅི་སྨོས། འཁོར་བྱེ་བ་ཕྲག་ཉི་ཤུ་རྩ་ལྔ་ལྟ་ཅི་སྨོས། འཁོར་བྱེ་བ་ཕྲག་བཅུ་ལྟ་ཅི་སྨོས། འཁོར་བྱེ་བ་ཕྲག་ལྔ་ལྟ་ཅི་སྨོས། འཁོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱེ་བ་གཅིག་ལྟ་ཅི་སྨོས་ཏེ། བྱང་ཆུབ་སེམས་དཔའ་རེ་རེས་ཀྱང་། ནོར་བུ་རིན་པོ་ཆེའི་རྒྱལ་པོའི་སྤྲིན་ཕ་རོལ་ཏུ་ཕྱིན་པ་རྒྱ་ མཚོ་གྲངས་མེད་པ་བརྗོད་པ་སྟོང་གསུམ་གྱི་སྟོང་ཆེན་པོ་བཅུའི་ཚད་ཙམ་གྱི་ཆར་གྱིས་ཆགས་པ་མེད་ཅིང་སྒྲིབ་པ་མེད་ལ་མ་འདྲེས་པའི་ནམ་མཁའ་ཁྱབ་པར་ཕབ་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས་བྱང་ཆུབ་སེམས་དཔའ་རེ་རེས་ཀྱང་ནོར་བུ་རིན་པོ་ཆེའི་རྒྱལ་པོའི་སྤྲིན་ས་རྒྱ་ མཚོ་གྲངས་མེད་པ་བརྗོད་པ། སྟོང་གསུམ་གྱི་སྟོང་ཆེན་པོ་བཅུའི་ཚད་ཙམ་གྱིས་དེ་བཞིན་གཤེགས་པ་ལ་གཏོར་ཅིང་མངོན་པར་གཏོར་ཏོ། །གཏོར་ཅིང་མངོན་པར་གཏོར་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་གྲངས་མེད་པར་བསྐོར་བ་བྱས་ནས་ཕྱོགས་ གཅིག་ཏུ་འཁོད་དོ། །ཡང་དེའི་ཚེ་ཕྱོགས་བཅུ་ཀུན་གྱི་ཕྱོགས་ཆ་རེ་རེར་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གང་གཱའི་ཀླུང་ལྔ་བཅུའི་བྱེ་མ་སྙེད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་གྲངས་མེད་པ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལས། འཇིག་རྟེན་གྱི་ཁམས་རེ་རེའི་རྡུལ་ ཕྲ་རབ་ཀྱི་རྡུལ་རེ་རེ་ལ་བྱང་ཆུབ་སེམས་དཔའ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གང་གཱའི་ཀླུང་ལྔ་བཅུའི་བྱེ་མ་སྙེད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་གྲངས་མེད་པ་སྙེད་གནས་པར་གྱུར་ཏེ། འོན་ཀྱང་སེམས་ཅན་སུ་ལ་ཡང་གནོད་པའམ་སྒྲིབ་པ་མེད་དོ། །འཇིག་རྟེན་ གྱི་ཁམས་རྣམས་དང་། གླིང་རྣམས་དང་། ལྷུན་པོ་དང་། ལྷུན་པོ་ཆེན་པོ་དང་། བཏང་བཟུང་དང་། བཏང་བཟུང་ཆེན་པོ་དང་། གངས་དང་། གངས་ཆེན་པོ་དང་། ཁོར་ཡུག་དང་། ཁོར་ཡུག་ཆེན་པོ་རྣམས་དང་། རྒྱ་མཚོ་དང་། རྒྱ་མཚོ་ཆེན་པོ་རྣམས་དང་། ལྷའི་གནས་རྣམས་དང་། ཀླུ་དང་། མཚོ་བྲན་དང་། མཚེའུ་རྣམས་དང་། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་རྣམས་ལ་ཡང་གནོད་པའམ་སྒྲིབ་པ་མེད་དེ། སྔོན་ཇི་ལྟ་བ་དེ་བཞིན་དུ་ཕྱིས་ཀྱང་བྱ་བ་ལ་འཇུག་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་ རྣམས་ཀྱིས་ཀྱང་བསམ་པ་ཇི་ལྟ་བ་དང་། འདུལ་བ་ཇི་ལྟ་བ་དེ་བཞིན་དུ་དེ་བཞིན་གཤེགས་པ་མངོན་སུམ་དུ་བཞུགས་པར་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། མ་འདྲེས་པའི་ཆོས་དང་ལྡན་པའི་ཕྱིར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་འཁོར་དང་། བྱང་ཆུབ་ སེམས་དཔའ་ཁ་ཅིག་འདི་སྙམ་དུ་སེམས་ཏེ། བཅོམ་ལྡན་འདས་ཀྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀུན་ནས་ཉོན་མོངས་པ་ཅན་དག་ཏུ་ཐབས་རྣམ་པ་སྣ་ཚོགས་ལ་མཁས་པའི་ཚུལ་གྱི་མཚམས་སྦྱོར་བའི་འཇིག་རྟེན་གྱི་སྤྱོད་པ་རྣམས་དང་། ཡེ་ཤེས་དང་། གཟིགས་པ་དང་། ཁམས་དང་། རྒྱུ་དང་། དམིགས་པ་དང་། ངེས་པའི་ཚིག་དང་། གདགས་པ་དང་། རྣམ་པར་གཞག་པའི་བྱིན་གྱི་རླབས་ཀྱི་སྟོབས་ལ་སྦྱོར་བ་དག་གིས་སེམས་ཅན་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་མཛད་པ་དག་ཅི་ཐམས་ཅད་འཁོར་འདིར་ འདུས་སམ། འོན་ཏེ་གཞན་ཡང་གང་དག་མ་འདུས་པ་དག་ཀྱང་ཡོད་དམ་ཞིག་གུ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་གི་སེམས་ཀྱི་ཡོངས་སུ་རྟོག་པ་ཐུགས་ཀྱིས་མཁྱེན་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་ཀུན་ཏུ་བཟང་པོ་ལ་བཀའ་སྩལ་པ། ཀྱེ་རྒྱལ་བའི་སྲས་དཔེར་ན་ཉན་ཐོས་ཆེན་པོ་རྒྱ་མཚོ་རྫུ་འཕྲུལ་དང་ལྡན་པ། མངོན་པར་ཤེས་པ་ལ་རྣམ་པར་རྩེ་བ། འཇིག་རྟེན་གྱི་ཁམས་རྒྱ་མཚོ་གང་གཱའི་ཀླུང་ལྔ་བཅུའི་བྱེ་མ་སྙེད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་གྲངས་མེད་པ་སྙེད་ ཡོད་པར་གྱུར་ལ། ཉན་ཐོས་ཆེན་པོ་དེ་དག་རེ་རེས་ཀྱང་སེ་གོལ་གཏོགས་པ་རེ་རེ་ལ་སེམས་བསྐྱེད་པ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གང་གཱའི་ཀླུང་ལྔ་བཅུའི་བྱེ་མ་སྙེད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་གྲངས་མེད་པ་སྙེད་བསྐྱེད་དེ། ཉན་ཐོས་ཆེན་པོ་རེ་རེས་ཀྱང་སེམས་ བསྐྱེད་པ་རེ་རེས་གོམ་པ་འདོར་བ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གང་གཱའི་ཀླུང་ལྔ་བཅུའི་བྱེ་མ་སྙེད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་གྲངས་མེད་པ་སྙེད་སོང་ལ། གོམ་པ་རེ་རེ་བོར་བས་ཀྱང་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གང་གཱའི་ཀླུང་ལྔ་བཅུའི་བྱེ་མ་སྙེད་ཀྱི་རྡུལ་ཕྲ་རབ་ཀྱི་ རྡུལ་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་གྲངས་མེད་པ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་འདའ་བར་བྱེད་དེ། འཇིག་རྟེན་གྱི་ཁམས་རྒྱ་མཚོ་གང་དུ་ཉན་ཐོས་ཆེན་པོ་གཅིག་འགྲོ་བ་དེར་གཉིས་མི་འགྲོ་བ་དེ་ལྟ་བུའི་ཚུལ་གྱིས་བསྐལ་པ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གང་གཱའི་ཀླུང་ལྔ་བཅུའི་བྱེ་མ་སྙེད་ཀྱི་ རྡུལ་ཕྲ་རབ་ཀྱི་རྡུལ་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་གྲངས་མེད་པ་སྙེད་དུ་འགྲོ་བར་བྱེད་དེ། ཤར་ཕྱོགས་ཇི་ལྟ་བ་དེ་བཞིན་དུ་ལྷོ་དང་། ནུབ་དང་། བྱང་དང་། དེ་བཞིན་དུ་ཤར་ལྷོའི་མཚམས་དང་། དེ་བཞིན་དུ་ལྷོ་ནུབ་ཀྱི་མཚམས་དང་། དེ་བཞིན་དུ་ནུབ་བྱང་གི་མཚམས་དང་། དེ་བཞིན་དུ་བྱང་ ཤར་གྱི་མཚམས་ཕྱོགས་སུ་སོང་ཞིང་། ཉན་ཐོས་ཆེན་པོ་གཅིག་གང་དུ་སོང་བ་དེར་གཉིས་མི་འགྲོ་ལ་དེ་ནས་མི་ལ་ལ་ཞིག་གིས་འཇིག་རྟེན་གྱི་ཁམས་རྒྱ་མཚོ་དེ་དག་ཐམས་ཅད་གྲོང་ཁྱེར་གཅིག་ཏུ་བྱས་ལ། སྲིད་པའི་རྩེ་མོར་ཐུག་པར་ར་བས་ཀུན་ནས་བསྐོར་ཏེ། ལག་མཐིལ་བཞིན་དུ་མཉམ་ པར་གྱུར་ཅིང་རྡོ་དང་། གསེག་མ་དང་། གྱོ་མོ་མེད་པར་བྱས་ནས། བྱེ་མས་བཀང་སྟེ། བྱུར་བུར་བྱས་ལ། དེ་ནས་མི་དེས་བྱེ་མའི་གྲོང་ཁྱེར་དེ་ནས་བྱེ་མ་འབྲུ་རེ་རེ་ནས་བླངས་ལ། གྲོང་ཁྱེར་དེའི་ནང་གི་བྱེ་མའི་འབྲུ་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་ཆར་གསེས་ཏེ། རྩི་བའི་ཐབས་འདིས་བྱེ་མའི་ འབྲུ་དེ་དག་ཐམས་ཅད་ཆར་གསེས་ལ། དེ་ནས་མི་དེ་བྱེ་མའི་འབྲུ་ཆར་གསེས་པ་དེ་དག་ཐམས་ཅད་ཤར་ཕྱོགས་སུ་ཁྱེར་ཏེ། བྱེ་མའི་འབྲུ་ཆར་གསེས་པ་དེ་དག་ཇི་སྙེད་པ་དེ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་འདས་ཤིང་། བྱེ་མའི་འབྲུ་ཆར་གསེས་པ་གཅིག་བོར་ཏེ། རྩིས་ པའི་ཐབས་འདིས་བྱེ་མའི་འབྲུ་ཆར་གསེས་པ་དེ་དག་ཐམས་ཅད་བོར་ཏེ། ཤར་ཕྱོགས་སུ་ཇི་ལྟ་བ་དེ་བཞིན་དུ་ལྷོ་དང་། དེ་བཞིན་དུ་ནུབ་དང་། དེ་བཞིན་དུ་བྱང་དང་། དེ་བཞིན་དུ་ཤར་ལྷོའི་མཚམས་དང་། དེ་བཞིན་དུ་ལྷོ་ནུབ་ཀྱི་མཚམས་དང་། དེ་བཞིན་དུ་ནུབ་བྱང་གི་མཚམས་དང་། དེ་བཞིན་དུ་བྱང་ཤར་གྱི་མཚམས་སུ་བོར་ལ། དེ་ནས་མི་དེས་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གང་དག་ཏུ་བྱེ་མའི་འབྲུ་ཆར་གསེས་པ་དེ་དག་བོར་བ་དང་། གང་དག་ཏུ་མ་བོར་བའི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་དེ་དག་ཐམས་ཅད་གྲོང་ཁྱེར་གཅིག་ཏུ་བྱས་ལ། སྲིད་པའི་རྩེ་མོར་ཐུག་པར་ར་བས་ ཀུན་ནས་བསྐོར་ཏེ། ལག་མཐིལ་བཞིན་དུ་མཉམ་པར་གྱུར་ཅིང་། རྡོ་དང་། གསེག་མ་དང་། གྱོ་མོ་མེད་པར་བྱས་ནས་བྱེ་མས་བཀང་སྟེ་བྱུར་བུར་བྱས་ལ། ངའི་བྱང་ཆུབ་སེམས་དཔའ་འཁོར་འདིར་འདུས་པ་འདི་དག་ནི་བྱེ་མའི་གྲོང་ཁྱེར་དེ་ལས་བྱེ་མའི་འབྲུ་གཅིག་ཙམ་དུ་ཟད་དོ། །ངའི་བྱང་ ཆུབ་སེམས་དཔའ་འདིར་མ་འདུས་པ་ནི་གྲོང་ཁྱེར་དེའི་ནང་གི་བྱེ་མ་ལྷག་མ་ཇི་སྙེད་པ་ཙམ་མོ། །དེའི་ལྷག་མའི་བྱེ་མ་སྙེད་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱང་མིང་འཐུན་ལ་རུས་གཅིག་པ་ཤ་སྟག་ཡིན་ན། མིང་ཐ་དད་པ་དང་རུས་ཐ་དད་པ་ལྟ་ཅི་སྨོས། བྱང་ཆུབ་ སེམས་དཔའ་དེ་དག་ཀྱང་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཐོབ་པ་དང་། སངས་རྒྱས་ཀྱི་སྐུའི་ཁ་དོག་ཡོངས་སུ་གྲུབ་པ་མཐའ་ཡས་པ་ལ་སྒྲུབ་པའི་གཟུངས་ཐོབ་པ་དང་། འཇིག་རྟེན་གྱི་ཁམས་ཡོངས་སུ་དག་པ་དུ་མར་སངས་རྒྱས་འབྱུང་བ་སྟོན་པ་དང་། འཇིག་རྟེན་གྱི་ཁམས་ཀུན་ནས་ཉོན་ མོངས་པ་ཅན་ཡོངས་སུ་སྦྱོང་བ་དང་། སེམས་ཅན་གྱི་ཁམས་བསམ་གྱིས་མི་ཁྱབ་པ་ཡོངས་སུ་སྨིན་པར་བྱེད་པའི་ཁྱུ་མཆོག་ཏུ་གྱུར་པ་དང་ལྡན་པ་ཤ་སྟག་གོ། །དེ་ནས་བྱང་ཆུབ་སེམས་དཔའི་འཁོར་དེ་དག་འདི་སྙམ་དུ་སེམས་ཏེ། བདག་ཅག་གིས་བྱང་ཆུབ་སེམས་དཔའ་ དེ་དག་གི་ནང་ནས་ཁ་ཅིག་གི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཁྱུ་མཆོག་ཏུ་གྱུར་པ་མཐོང་ན་ཅི་མ་རུང་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་འཁོར་དེའི་ནང་དུ་བསྡུ་བ་དང་། དེ་དག་གིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཁྱུ་མཆོག་ཏུ་གྱུར་པ་ བསྟན་པའི་ཕྱིར་སེ་གོལ་གྱི་སྒྲ་མཛད་དོ། །དེའི་ཚེ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གང་དག་ནས་བྱང་ཆུབ་སེམས་དཔའ་དེ་དག་འཁོར་དེར་འདུས་པའི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་དེ་དག་གི་འདབ་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གང་ཡིན་པ་དེ་དག་གི་ཆེས་ཕ་རོལ་འཇིག་རྟེན་གྱི་ ཁམས་རྒྱ་མཚོ་གང་གཱའི་ཀླུང་ལྔ་བཅུའི་བྱེ་མ་སྙེད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་གྲངས་མེད་པ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་རྣམས་འགུལ། རབ་ཏུ་འགུལ། ཀུན་ཏུ་རབ་ཏུ་འགུལ། གཡོ། རབ་ཏུ་གཡོ། ཀུན་ཏུ་རབ་ཏུ་གཡོ། ལྡེག །རབ་ཏུ་ལྡེག །ཀུན་ཏུ་ རབ་ཏུ་ལྡེག །ཆེམ་ཆེམ། རབ་ཏུ་ཆེམ་ཆེམ། ཀུན་ཏུ་རབ་ཏུ་ཆེམ་ཆེམ། འཁྲུག །རབ་ཏུ་འཁྲུག །ཀུན་ཏུ་རབ་ཏུ་འཁྲུག །འུར་འུར། རབ་ཏུ་འུར་འུར། ཀུན་ཏུ་རབ་ཏུ་འུར་འུར་ཏེ། འཇིག་རྟེན་གྱི་ཁམས་རྒྱ་མཚོའི་འཇིག་རྟེན་གྱི་ཁམས་རེ་རེ་ན་ཤར་ཕྱོགས་དམའ་ན་ནུབ་ཕྱོགས་ མཐོ། ནུབ་ཕྱོགས་དམའ་ན་ཤར་ཕྱོགས་མཐོ། ལྷོ་ཕྱོགས་དམའ་ན་བྱང་ཕྱོགས་མཐོ། བྱང་ཕྱོགས་དམའ་ན་ལྷོ་ཕྱོགས་མཐོ། བྱང་ཤར་མཚམས་ཀྱི་ཕྱོགས་དམའ་ན་ལྷོ་ནུབ་མཚམས་ཀྱི་ཕྱོགས་མཐོ། ལྷོ་ནུབ་མཚམས་ཀྱི་ཕྱོགས་དམའ་ན་བྱང་ཤར་མཚམས་ཀྱི་ཕྱོགས་མཐོ། ཤར་ལྷོ་མཚམས་ཀྱི་ཕྱོགས་དམའ་ན་ནུབ་བྱང་མཚམས་ཀྱི་ཕྱོགས་མཐོ། ནུབ་བྱང་མཚམས་ཀྱི་ཕྱོགས་དམའ་ན་ཤར་ལྷོ་མཚམས་ཀྱི་ཕྱོགས་མཐོ། མཐའ་དམའ་ན་དབུས་མཐོ། དབུས་དམའ་ན་མཐའ་མཐོ་སྟེ། ཤར་ཕྱོགས་ཇི་ལྟ་བ་དེ་བཞིན་དུ་ལྷོ་ཕྱོགས་ཀྱང་དེ་དང་འདྲའོ། ། ནུབ་ཕྱོགས་ཀྱང་དེ་དང་འདྲའོ། །བྱང་ཕྱོགས་ཀྱང་དེ་དང་འདྲའོ། །ཤར་ལྷོའི་མཚམས་དང་། ལྷོ་ནུབ་ཀྱི་མཚམས་དང་། ནུབ་བྱང་གི་མཚམས་དང་། བྱང་ཤར་གྱི་མཚམས་ཀྱང་དེ་དང་འདྲའོ། །སྟེང་དང་འོག་གི་ཕྱོགས་ཀྱང་དེ་དང་འདྲའོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོའི་འཇིག་རྟེན་གྱི་ཁམས་གང་ དག་ནས་བྱང་ཆུབ་སེམས་དཔའ་དེ་དག་འཁོར་དེར་འདུས་པའི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་དེ་དག་གི་འདབ་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གང་ཡིན་པ་དེ་དག་གི་ཕ་རོལ་གྱི་ཡང་ཆེས་ཕ་རོལ། འཇིག་རྟེན་གྱི་ཁམས་རྒྱ་མཚོ་གང་གཱའི་ཀླུང་ལྔ་བཅུའི་བྱེ་མ་སྙེད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་འབུམ་ཕྲག་བྱེ་བ་ ཁྲག་ཁྲིག་གྲངས་མེད་པ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་འགུལ། རབ་ཏུ་འགུལ། ཀུན་ཏུ་རབ་ཏུ་འགུལ། གཡོ། རབ་ཏུ་གཡོ། ཀུན་ཏུ་རབ་ཏུ་གཡོ། ལྡེག །རབ་ཏུ་ལྡེག །ཀུན་ཏུ་རབ་ཏུ་ལྡེག །ཆེམ་ཆེམ། རབ་ཏུ་ཆེམ་ཆེམ། ཀུན་ཏུ་རབ་ཏུ་ཆེམ་ཆེམ། འཁྲུག །རབ་ཏུ་འཁྲུག ། ཀུན་ཏུ་རབ་ཏུ་འཁྲུག །འུར་འུར། རབ་ཏུ་འུར་འུར། ཀུན་ཏུ་རབ་ཏུ་འུར་འུར་ཏེ། འཇིག་རྟེན་གྱི་ཁམས་རྒྱ་མཚོའི་འཇིག་རྟེན་གྱི་ཁམས་རེ་རེ་ཡང་ཤར་ཕྱོགས་དམའ་ན་ནུབ་ཕྱོགས་མཐོ། ནུབ་ཕྱོགས་དམའ་ན་ཤར་ཕྱོགས་མཐོ། ལྷོ་ཕྱོགས་དམའ་ན་བྱང་ཕྱོགས་མཐོ། བྱང་ཕྱོགས་དམའ་ན་ ལྷོ་ཕྱོགས་མཐོ། བྱང་ཤར་མཚམས་ཀྱི་ཕྱོགས་དམའ་ན་ལྷོ་ནུབ་མཚམས་ཀྱི་ཕྱོགས་མཐོ། ལྷོ་ནུབ་མཚམས་ཀྱི་ཕྱོགས་དམའ་ན་བྱང་ཤར་མཚམས་ཀྱི་ཕྱོགས་མཐོ། ཤར་ལྷོ་མཚམས་ཀྱི་ཕྱོགས་དམའ་ནནུབ་བྱང་མཚམས་ཀྱི་ཕྱོགས་མཐོ། ནུབ་བྱང་མཚམས་ཀྱི་ཕྱོགས་དམའ་ན་ཤར་ལྷོ་ མཚམས་ཀྱི་ཕྱོགས་མཐོ། མཐའ་དམའ་ན་དབུས་མཐོ། དབུས་དམའ་ན་མཐའ་མཐོ་བར་གྱུར་ཏོ། །ཡང་དེའི་ཚེ་དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་གྱི་ཀུན་ནས་ཕྱོགས་བཅུར་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གང་གཱའི་ཀླུང་ལྔ་བཅུའི་བྱེ་མ་སྙེད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་འབུམ་ཕྲག་བྱེ་བ་ ཁྲག་ཁྲིག་གྲངས་མེད་པ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་དག་གི་འཇིག་རྟེན་གྱི་ཁམས་རེ་རེ་ན་རྡུལ་ཕྲ་རབ་ཀྱི་རྡུལ་རེ་རེ་ན། འཇིག་རྟེན་གྱི་ཁམས་རྒྱ་མཚོ་གང་གཱའི་ཀླུང་ལྔ་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་གྲངས་མེད་པ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གནས་པར་ གྱུར་ཏེ། འཛམ་བུའི་ཆུ་བོའི་གསེར་གྱི་སྟེགས་བུ་རིན་པོ་ཆེས་སྤྲས་པས་ནི་བསྐོར་རིན་པོ་ཆེའི་ཙོང་ཙོང་གིས་ནི་མཛེས་པར་བྱས། གདུགས་དང་། རྒྱལ་མཚན་དང་། བ་དན་ནི་བསྒྲེང་། དྲིལ་བུ་གཡེར་ཀའི་དྲ་བའི་བླ་རེ་ནི་བྲེས། ཙན་དན་སྦྲུལ་གྱི་སྙིང་པོས་ནི་བྱུགས། ནོར་བུ་རིན་པོ་ ཆེ་དབང་གི་རྒྱལ་པོའི་དྲ་བས་ནི་བཀབ། རིན་པོ་ཆེ་མཐོན་ཁ་ཆེན་པོ་ནི་མིག་མངས་རིས་སུ་བྲིས་ཏེ་ནོར་བུ་རིན་པོ་ཆེའི་དྲ་བའི་ཕྱོགས་རེ་རེ་ནས་ཀྱང་མུ་ཏིག་གི་རྒྱན་ཕྲེང་ཁ་དོག་སྣ་ཚོགས་པ་ཁ་དོག་དུ་མ་དང་ལྡན་པ་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་དཔག་ཏུ་མེད་གྲངས་མེད་པ་དག་འཕྱང་ངོ་། །རིན་པོ་ཆེའི་རྒྱན་ ཕྲེང་ཁ་དོག་སྣ་ཚོགས་པ་ཁ་དོག་དུ་མ་དང་ལྡན་པ་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་དཔག་ཏུ་མེད་གྲངས་མེད་པ་དག་འཕྱང་ངོ་། །དར་གྱི་ལྡ་ལྡི་ཁ་དོག་སྣ་ཚོགས་པ་ཁ་དོག་དུ་མ་དང་ལྡན་པ་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་དཔག་ཏུ་མེད་གྲངས་མེད་པ་དག་འཕྱང་ངོ་། །རས་ཀྱི་ལྡ་ལྡི་ཁ་དོག་སྣ་ཚོགས་པ་ཁ་དོག་ དུ་མ་དང་ལྡན་པ་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་དཔག་ཏུ་མེད་གྲངས་མེད་པ་དག་འཕྱང་ངོ་། །དར་གྱི་ཆུན་ཀོར་ཁ་དོག་དུ་མ་དང་ལྡན་པ་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་གྲངས་མེད་དཔག་ཏུ་མེད་པ་དག་འཕྱང་ངོ་། །དྲིལ་བུ་གཡེར་ཀའི་དྲ་བ་ཁ་དོག་སྣ་ཚོགས་པ་ཁ་དོག་དུ་མ་དང་ལྡན་པ་འབུམ་ཕྲག་བྱེ་བ་ཁྲག་ ཁྲིག་དཔག་ཏུ་མེད་གྲངས་མེད་པ་དག་འཕྱང་ངོ་། །རིན་པོ་ཆེའི་རྒྱན་ཕྲེང་དང་། མུ་ཏིག་གི་རྒྱན་ཕྲེང་དེ་དག་ལ་རླུང་གིས་ཕོག་ན་ཡང་། ལྷའི་སྒྲ་ཡིད་དུ་འོང་བ་དག་འབྱུང་སྟེ། རིན་པོ་ཆེའི་རྒྱན་ཕྲེང་དང་། མུ་ཏིག་གི་རྒྱན་ཕྲེང་རླུང་གིས་ཕོག་པ་དེ་དག་ལས་ལྷའི་སྒྲ་ཡིད་དུ་འོང་བ་འབྱུང་བ་དེ་ལྟ་བུ་ནི་སིལ་ སྙན་གྱི་ཡན་ལག་དཔེ་མེད་པ་འབུམ་ཕྲག་བྱེ་བ་བརྡུངས་པའི་སློབ་དཔོན་གྱིས་བརྡུངས་པ་ལས་ཀྱང་དེ་ལྟ་བུའི་སྒྲ་སྙན་པ་མི་འབྱུང་ངོ་། །དྲིལ་བུ་གཡེར་ཀའི་ཕྲེང་བ་རླུང་གིས་ཕོག་པ་དེ་དག་ལས་ཀྱང་ལྷ་ཡུལ་པའི་སྒྲ་ཡིད་དུ་འོང་ཞིང་ཟབ་པ། འབྱུང་བ་དེ་ལྟ་བུ་ནི་གསེར་གྱི་སྣོད་འཛམ་བུའི་གླིང་གི་ཚད་ ཙམ་བརྡུངས་པ་ལས་ཀྱང་དེ་ལྟ་བུའི་སྒྲ་ཟབ་ཅིང་ཡིད་དུ་འོང་བ་མི་འབྱུང་ངོ་། །མིག་མངས་རིས་རེ་རེ་ལས་ཀྱང་རིན་པོ་ཆེའི་ཤིང་ལྗོན་པ་རེ་རེ་ཡོད་དེ། རིན་པོ་ཆེའི་སྟེགས་བུས་ནི་བསྐོར། ནོར་བུ་དང་། མུ་ཏིག་དང་། རིན་པོ་ཆེའི་ཕྲེང་བས་ནི་མཛེས་པར་བྱས། གདུགས་དང་། རྒྱལ་མཚན་དང་། བ་ དན་ནི་བསྒྲེང་། རིན་པོ་ཆེའི་རྒྱན་ཕྲེང་གི་རྒྱན་དཔག་ཏུ་མེད་གྲངས་མེད་པས་ནི་བརྒྱན། མུ་ཏིག་གི་རྒྱན་ཕྲེང་གི་རྒྱན་དཔག་ཏུ་མེད་གྲངས་མེད་པས་ཀྱང་བརྒྱན་ཏོ། །རས་ཀྱི་ལྡ་ལྡིའི་རྒྱན་དཔག་ཏུ་མེད་གྲངས་མེད་པ་དང་། མེ་ཏོག་གི་ལྡ་ལྡིའི་རྒྱན་དཔག་ཏུ་མེད་གྲངས་མེད་པ་དང་། དྲིལ་བུ་ གཡེར་ཀའི་དྲ་བའི་རྒྱན་དཔག་ཏུ་མེད་གྲངས་མེད་པས་ཀྱང་བརྒྱན་ཏོ། །རིན་པོ་ཆེའི་ཤིང་ལྗོན་པ་རེ་རེའི་དྲུང་ན་ཡང་རིན་པོ་ཆེའི་སེང་གེའི་ཁྲི་འཕང་དུ་དཔག་ཚད་ལྔ་བརྒྱ་པ་ཡོད་དེ། རིན་པོ་ཆེའི་སྟེགས་བུས་ནི་བསྐོར། ནོར་བུ་དང་། མུ་ཏིག་དང་། རིན་པོ་ཆེའི་ཕྲེང་བས་ནི་མཛེས་པར་བྱས། གདུགས་དང་། རྒྱལ་མཚན་དང་། བ་དན་ནི་བསྒྲེང་། དྲིལ་བུ་གཡེར་ཀའི་དྲ་བའི་བླ་རེ་ནི་བྲེས། ཙན་དན་སྦྲུལ་གྱི་སྙིང་པོས་ནི་བྱུགས། མེ་ཏོག་མན་དཱ་ར་བ་དང་། མན་དཱ་ར་བ་ཆེན་པོ་དང་། མན་ཛུ་ཤ་ཀ་དང་། མན་ཛུ་ཤ་ཀ་ཆེན་པོ་དང་། མདོག་མཛེས་དང་། མདོག་མཛེས་ཆེན་པོ་ དང་། འཁོར་ལོ་དང་། འཁོར་ལོ་ཆེན་པོ་དང་། སྣ་མ་དང་། བར་ཤི་ཀ་དང་། ཏ་རུ་ནི་དང་། བལ་ལི་དང་། གོ་ཏ་ར་ནི་དང་། རབ་ཏུ་དྲི་ཞིམ་དང་། ད་ནུ་སྐ་རི་དང་། ལྷའི་སྣ་མ་དང་། ཨུད་པ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དང་། མེ་ཏོག་ཆེན་པོ་རྣམས་ནི་བཀྲམ། ནོར་ བུ་རིན་པོ་ཆེ་གློག་གི་སྒྲོན་མའི་རྒྱན་ཕྲེང་གི་རྒྱན་དཔག་ཏུ་མེད་གྲངས་མེད་པ་དང་། ནོར་བུ་རིན་པོ་ཆེ་ཉི་ཟླའི་སྒྲོན་མའི་རྒྱན་ཕྲེང་གི་རྒྱན་དཔག་ཏུ་མེད་གྲངས་མེད་པ་དང་། ནོར་བུ་རིན་པོ་ཆེ་སྣང་བ་ཐམས་ཅད་འདུས་པའི་རྒྱན་ཕྲེང་གི་རྒྱན་དཔག་ཏུ་མེད་གྲངས་མེད་པ་དང་། ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་ པོའི་རྒྱན་ཕྲེང་གི་རྒྱན་དཔག་ཏུ་མེད་གྲངས་མེད་པ་དང་། ནོར་བུ་རིན་པོ་ཆེ་ཟེ་བ་ཅན་གྱི་རྒྱན་ཕྲེང་གི་རྒྱན་དང་། ནོར་བུ་རིན་པོ་ཆེ་སེང་གེའི་ཟེ་བ་ཅན་གྱི་རྒྱན་ཕྲེང་གི་རྒྱན་དང་། ནོར་བུ་རིན་པོ་ཆེ་སེང་གེ་རྒྱལ་མཚན་གྱི་རྒྱན་ཕྲེང་གི་རྒྱན་དང་། ནོར་བུ་རིན་པོ་ཆེ་བརྒྱ་བྱིན་ཐོགས་པའི་རྒྱན་ཕྲེང་གི་རྒྱན་དང་། ནོར་བུ་རིན་པོ་ཆེ་ལྷ་ཐམས་ཅད་ཀྱི་འོད་ཀྱི་རྒྱན་ཕྲེང་གི་རྒྱན་དང་། ནོར་བུ་རིན་པོ་ཆེ་རྡོ་རྗེའི་འོད་ཀྱི་རྒྱན་ཕྲེང་གི་རྒྱན་དང་། ནོར་བུ་རིན་པོ་ཆེ་པད་མ་རལ་གྲི་རྒྱན་ཕྲེང་གི་རྒྱན་དང་། ནོར་བུ་རིན་པོ་ཆེ་ཆུ་འདང་གི་རྒྱན་ཕྲེང་གི་རྒྱན་དང་། ནོར་བུ་རིན་པོ་ཆེ་བཻ་དཱུརྱའི་རྒྱན་ཕྲེང་གི་རྒྱན་དང་། ནོར་བུ་རིན་པོ་ཆེ་ཨན་ ད་རྙིལ་གྱི་རྒྱན་ཕྲེང་གི་རྒྱན་གྱིས་ཀྱང་བརྒྱན་ཏོ། །ནོར་བུ་རིན་པོ་ཆེ་རྡོའི་སྙིང་པོའི་རྒྱན་ཕྲེང་གི་རྒྱན་གྱིས་ཀྱང་བརྒྱན་ཏོ། །ནོར་བུ་རིན་པོ་ཆེ་དཔལ་གྱི་སྙིང་པོའི་རྒྱན་ཕྲེང་གི་རྒྱན་གྱིས་ཀྱང་བརྒྱན་ཏོ། །ནོར་བུ་རིན་པོ་ཆེ་མཛེས་བཀོད་ཀྱི་རྒྱན་ཕྲེང་གི་རྒྱན་གྱིས་ཀྱང་བརྒྱན་ཏོ། ། མུ་ཏིག་དཀར་པོའི་རྒྱན་ཕྲེང་གི་རྒྱན་གྱིས་ཀྱང་བརྒྱན་ཏོ། །མུ་ཏིག་མཐོན་ཀའི་རྒྱན་ཕྲེང་གི་རྒྱན་གྱིས་ཀྱང་བརྒྱན་ཏོ། །མུ་ཏིག་སེར་པོའི་རྒྱན་ཕྲེང་གི་རྒྱན་གྱིས་ཀྱང་བརྒྱན་ཏོ། །མུ་ཏིག་དམར་པོའི་རྒྱན་ཕྲེང་གི་རྒྱན་གྱིས་ཀྱང་བརྒྱན་ཏོ། །མུ་ཏིག་གསེར་མདོག་གི་རྒྱན་ཕྲེང་གི་རྒྱན་གྱིས་ཀྱང་ བརྒྱན་ཏོ། །མུ་ཏིག་ནམ་མཁའ་མདོག་གི་རྒྱན་ཕྲེང་གི་རྒྱན་གྱིས་ཀྱང་བརྒྱན་ཏོ། །མུ་ཏིག་གི་འབྲུའི་ངོས་རེ་རེ་དང་། རིན་པོ་ཆེའི་འབྲུའི་ངོས་རེ་རེ་ནས་ཀྱང་སེམས་ཀྱི་སྐད་ཅིག་རེ་རེ་ལ་འོད་ཟེར་རྒྱ་མཚོའི་སྤྲིན་དཔག་ཏུ་མེད་པ་དང་། གྲངས་མེད་པ་དང་། མཚུངས་པ་མེད་པ་དང་། གཞལ་ དུ་མེད་པ་དང་། ཚད་མེད་པ་དག་བྱུང་ངོ་། །དེ་ལ་འོད་ཟེར་རྒྱ་མཚོའི་སྤྲིན་ཁ་ཅིག་ལས་ནི་བསོད་ནམས་ཀྱི་ཚོགས་ཐ་དད་པ་རྒྱ་མཚོ་གྲངས་མེད་པའི་ཁྱད་པར་བསྟན་པ་རྗོད་པ་དག་བྱུང་ངོ་། །འོད་ཟེར་རྒྱ་མཚོའི་སྤྲིན་ཁ་ཅིག་ལས་ནི་ཡེ་ཤེས་ཀྱི་ཚོགས་ཐ་དད་པ་རྒྱ་མཚོ་གྲངས་མེད་པའི་ཁྱད་པར་ བསྟན་པ་རྗོད་པ་དག་བྱུང་ངོ་། །འོད་ཟེར་རྒྱ་མཚོའི་སྤྲིན་ཁ་ཅིག་ལ་ནི་ཕ་རོལ་ཏུ་ཕྱིན་པ་ཐ་དད་པ་རྒྱ་མཚོ་གྲངས་མེད་པའི་ཁྱད་པར་བསྟན་པ་རྗོད་པ་དག་བྱུང་ངོ་། །འོད་ཟེར་རྒྱ་མཚོའི་སྤྲིན་ཁ་ཅིག་ལས་ནི་ས་ཐ་དད་པ་རྒྱ་མཚོ་གྲངས་མེད་པའི་ཁྱད་པར་བསྟན་པ་རྗོད་པ་དག་བྱུང་ངོ་། །འོད་ཟེར་ རྒྱ་མཚོའི་སྤྲིན་ཁ་ཅིག་ལས་ནི་གཟུངས་ཐ་དད་པ་རྒྱ་མཚོ་གྲངས་མེད་པའི་ཁྱད་པར་བསྟན་པ་རྗོད་པ་དག་བྱུང་ངོ་། །འོད་ཟེར་རྒྱ་མཚོའི་སྤྲིན་ཁ་ཅིག་ལས་ནི་རྣམ་པར་ཐར་པ་ཐ་དད་པ་རྒྱ་མཚོ་གྲངས་མེད་པའི་ཁྱད་པར་བསྟན་པ་རྗོད་པ་དག་བྱུང་ངོ་། །འོད་ཟེར་རྒྱ་མཚོའི་སྤྲིན་ཁ་ཅིག་ལས་ནི་ སོ་སོ་ཡང་དག་པར་རིག་པ་ཐ་དད་པ་རྒྱ་མཚོ་གྲངས་མེད་པའི་ཁྱད་པར་བསྟན་པ་རྗོད་པ་དག་བྱུང་ངོ་། འོད་ཟེར་རྒྱ་མཚོའི་སྤྲིན་ཁ་ཅིག་ལས་ནི་མངོན་པར་ཤེས་པ་ཐ་དད་པ་རྒྱ་མཚོ་གྲངས་མེད་པའི་ཁྱད་པར་བསྟན་པ་རྗོད་པ་དག་བྱུང་ངོ་། །འོད་ཟེར་རྒྱ་མཚོའི་སྤྲིན་ཁ་ཅིག་ལས་ནི་སྨོན་ལམ་ ཐ་དད་པ་རྒྱ་མཚོ་གྲངས་མེད་པའི་ཁྱད་པར་བསྟན་པ་རྗོད་པ་དག་བྱུང་ངོ་། །འོད་ཟེར་རྒྱ་མཚོའི་སྤྲིན་ཁ་ཅིག་ལས་ནི་བརྩོན་འགྲུས་རྩོམ་པ་ཐ་དད་པའི་རྒྱ་མཚོ་གྲངས་མེད་པའི་ཁྱད་པར་བསྟན་པ་རྗོད་པ་དག་བྱུང་ངོ་། །འོད་ཟེར་རྒྱ་མཚོའི་སྤྲིན་ཁ་ཅིག་ལས་ནི་དབུགས་འབྱིན་པ་འཐོབ་པ་ཐ་དད་པ་ རྒྱ་མཚོ་གྲངས་མེད་པའི་ཁྱད་པར་བསྟན་པ་རྗོད་པ་དག་བྱུང་ངོ་། །འོད་ཟེར་རྒྱ་མཚོའི་སྤྲིན་ཁ་ཅིག་ལས་ནི་བྱང་ཆུབ་སེམས་དཔའ་ལ་འཇུག་པ་ཐ་དད་པ་རྒྱ་མཚོ་གྲངས་མེད་པའི་ཁྱད་པར་བསྟན་པ་རྗོད་པ་དག་བྱུང་ངོ་། །འོད་ཟེར་རྒྱ་མཚོའི་སྤྲིན་ཁ་ཅིག་ལས་ནི་དེ་བཞིན་གཤེགས་པ་ ལ་འཇུག་པ་ཐ་དད་པ་རྒྱ་མཚོ་གྲངས་མེད་པའི་ཁྱད་པར་བསྟན་པ་རྗོད་པ་དག་བྱུང་ངོ་། །འོད་ཟེར་རྒྱ་མཚོའི་སྤྲིན་ཁ་ཅིག་ལས་ནི་སེམས་ཅན་གྱི་བསམ་པ་དང་། སྤྱོད་པ་ལ་འཇུག་པ་ཐ་དད་པ་རྒྱ་མཚོ་གྲངས་མེད་པའི་ཁྱད་པར་བསྟན་པ་རྗོད་པ་དག་བྱུང་ངོ་། །འོད་ཟེར་རྒྱ་མཚོའི་ སྤྲིན་ཁ་ཅིག་ལས་ནི་འཇིག་རྟེན་གྱི་ཁམས་ལ་འཇུག་པ་ཐ་དད་པ་རྒྱ་མཚོ་གྲངས་མེད་པའི་ཁྱད་པར་བསྟན་པ་རྗོད་པ་དག་བྱུང་ངོ་། །འོད་ཟེར་རྒྱ་མཚོའི་སྤྲིན་ཁ་ཅིག་ལས་ནི་བསྐལ་པ་ལ་འཇུག་པ་ཐ་དད་པ་རྒྱ་མཚོ་གྲངས་མེད་པའི་ཁྱད་པར་བསྟན་པ་རྗོད་པ་དག་བྱུང་ངོ་། །ཡང་དེའི་ཚེ་ཤར་ ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གང་ཡིན་པ་དེ་དག་ནི་འགུལ། རབ་ཏུ་འགུལ། ཀུན་ཏུ་རབ་ཏུ་འགུལ། གཡོ། རབ་ཏུ་གཡོ། ཀུན་ཏུ་རབ་ཏུ་གཡོ། ལྡེག །རབ་ཏུ་ལྡེག །ཀུན་ཏུ་རབ་ཏུ་ལྡེག །ཆེམ་ཆེམ། རབ་ཏུ་ཆེམ་ཆེམ། ཀུན་ཏུ་རབ་ཏུ་ཆེམ་ཆེམ། འཁྲུག །རབ་ཏུ་འཁྲུག །ཀུན་ཏུ་རབ་ཏུ་འཁྲུག །འུར་འུར། རབ་ཏུ་འུར་འུར། ཀུན་ཏུ་རབ་ཏུ་འུར་འུར་རོ། །དེ་ནས་འཇིག་རྟེན་གྱི་ཁམས་རྒྱ་མཚོ་དེ་དག་ལས། འཇིག་རྟེན་གྱི་ཁམས་རེ་རེ་ནས་ཀྱང་། བྱང་ཆུབ་སེམས་དཔའ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གང་གཱའི་ ཀླུང་ལྔ་བཅུའི་བྱེ་མ་སྙེད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་གྲངས་མེད་པ་སྙེད་ལྷགས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རེ་རེའི་འཁོར་ཡང་བྱང་ཆུབ་སེམས་དཔའ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གང་གཱའི་ཀླུང་ལྔ་བཅུའི་བྱེ་མ་སྙེད་ཀྱི་རྡུལ་ཕྲ་ རབ་ཀྱི་རྡུལ་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་གྲངས་མེད་པ་སྙེད་ལྷགས་སོ། །བྱང་ཆུབ་སེམས་དཔའ་རེ་རེས་ཀྱང་ནོར་བུ་རིན་པོ་ཆེའི་རྒྱལ་པོའི་སྤྲིན་གཟུངས་རྒྱ་མཚོ་གྲངས་མེད་པ་རྗོད་པ་སྟོང་གསུམ་གྱི་སྟོང་ཆེན་པོ་བཅུའི་ཚད་ཙམ་གྱི་ཆར་གྱིས་ཆགས་པ་མེད་ཅིང་། སྒྲིབ་པ་མེད་ལ་མ་འདྲེས་པའི་ནམ་མཁའ་ ཁྱབ་པར་བྱས་ནས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བྱང་ཆུབ་སེམས་དཔའ་རེ་རེས་ཀྱང་ལྷའི་ནོར་བུ་རིན་པོ་ཆེའི་རྒྱལ་པོའི་སྤྲིན་ཏིང་ངེ་འཛིན་རྒྱ་མཚོ་གྲངས་མེད་པ་རྗོད་པ་སྟོང་གསུམ་གྱི་སྟོང་ཆེན་པོ་བཅུའི་ཚད་ཙམ་གྱིས་ཆགས་པ་མེད་ཅིང་སྒྲིབ་པ་མེད་ལ་མ་འདྲེས་པའི་ནམ་མཁའ་ཁྱབ་པར་བྱས་ཏེ། དེ་བཞིན་གཤེགས་པ་ལ་གཏོར་ཅིང་མངོན་པར་གཏོར་ལ་མངོན་པར་རབ་ཏུ་གཏོར་ཏོ། །གཏོར་ཅིང་མངོན་པར་གཏོར་ལ་མངོན་པར་རབ་ཏུ་གཏོར་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་གྲངས་མེད་པར་བསྐོར་བ་བྱས་ནས། རང་རང་གི་སྨོན་ལམ་ལས་བྱུང་བའི་སེང་གེའི་ཁྲི་ལ་འཁོད་དོ། ། ཤར་ཕྱོགས་ཇི་ལྟ་བ་དེ་བཞིན་དུ་ལྷོ་དང་། ནུབ་དང་། བྱང་དང་། ཤར་ལྷོའི་མཚམས་དང་། ལྷོ་ནུབ་ཀྱི་མཚམས་དང་། ནུབ་བྱང་གི་མཚམས་དང་། བྱང་ཤར་གྱི་མཚམས་དང་། སྟེང་དང་འོག་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གང་ཡིན་པ་དེ་དག་ཀྱང་འགུལ། རབ་ཏུ་འགུལ། ཀུན་ཏུ་རབ་ཏུ་འགུལ། གཡོ་རབ་ཏུ་གཡོ། ཀུན་ ཏུ་རབ་ཏུ་གཡོ། ལྡེག་རབ་ཏུ་ལྡེག །ཀུན་ཏུ་རབ་ཏུ་ལྡེག །ཆེམ་ཆེམ། རབ་ཏུ་ཆེམ་ཆེམ། ཀུན་ཏུ་རབ་ཏུ་ཆེམ་ཆེམ། འཁྲུག །རབ་ཏུ་འཁྲུག །ཀུན་ཏུ་རབ་ཏུ་འཁྲུག །འུར་འུར། རབ་ཏུ་འུར་འུར། ཀུན་ཏུ་རབ་ཏུ་འུར་འུར་རོ། །འཇིག་རྟེན་གྱི་ཁམས་དེ་དག་རེ་རེ་ནས་ཀྱང་བྱང་ཆུབ་སེམས་དཔའ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་གང་གཱའི་ ཀླུང་ལྔ་བཅུའི་བྱེ་མ་སྙེད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་གྲངས་མེད་པ་སྙེད་ལྷགས་སོ། །བྱང་ཆུབ་སེམས་དཔའ་རེ་རེའི་འཁོར་ཡང་བྱང་ཆུབ་སེམས་དཔའ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གང་གཱའི་ཀླུང་ལྔ་བཅུའི་བྱེ་མ་སྙེད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་གྲངས་མེད་པ་སྙེད་ལྷགས་ སོ། །བྱང་ཆུབ་སེམས་དཔའ་རེ་རེས་ཀྱང་ནོར་བུ་རིན་པོ་ཆེའི་རྒྱལ་པོའི་སྤྲིན་རྣམ་པ་ཐ་དད་པ་རྒྱ་མཚོ་གྲངས་མེད་པ་རྗོད་པ་སྟོང་གསུམ་གྱི་སྟོང་ཆེན་པོ་བཅུའི་ཚད་ཙམ་གྱི་ཆར་གྱིས་ཆགས་པ་མེད་ཅིང་སྒྲིབ་པ་མེད་ལ་མ་འདྲེས་པའི་ནམ་མཁའ་ཁྱབ་པར་བྱས་ནས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བྱང་ཆུབ་སེམས་ དཔའ་རེ་རེས་ཀྱང་ནོར་བུ་རིན་པོ་ཆེའི་རྒྱལ་པོའི་སྤྲིན་སོ་སོ་ཡང་དག་པར་རིག་པ་རྒྱ་མཚོ་གྲངས་མེད་པ་རྗོད་པ་སྟོང་གསུམ་གྱི་སྟོང་ཆེན་པོ་བཅུའི་ཚད་ཙམ་གྱིས་དེ་བཞིན་གཤེགས་པ་ལ་གཏོར་ཅིང་མངོན་པར་གཏོར་ལ་མངོན་པར་རབ་ཏུ་གཏོར་ཏོ། །གཏོར་ཅིང་མངོན་པར་གཏོར་ལ་མངོན་པར་རབ་ཏུ་གཏོར་ནས་བཅོམ་ལྡན་ འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་གྲངས་མེད་པར་བསྐོར་བ་བྱས་ནས་རང་རང་གི་སྨོན་ལམ་ལས་བྱུང་བའི་སེང་གེའི་ཁྲི་ལ་འཁོད་དོ། །ཡང་དེའི་ཚེ་བཅོམ་ལྡན་འདས་ཀྱི་གཙུག་ཏོར་དང་། མཛོད་སྤུ་དང་། མཚན་དང་། དཔེ་བྱད་བཟང་པོ་རེ་རེ་དང་། བ་སྤུའི་ཁུང་བུ་རེ་རེ་ནས་ཀྱང་འཇིག་རྟེན་གྱི་ཁམས་རྒྱ་ མཚོ་གང་གཱའི་ཀླུང་ལྔ་བཅུའི་བྱེ་མ་སྙེད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་གྲངས་མེད་པ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཕྲ་རབ་ཀྱི་རྡུལ་ལྟ་ཤིན་ཏུ་ཉུང་གི །དེ་བས་ཆེས་མང་བའི་བྱང་ཆུབ་སེམས་དཔའ་རྒྱ་མཚོ་དག་བྱུང་སྟེ། དེ་དག་ཐམས་ཅད་ཀྱང་ལུས་འཛམ་བུའི་ཆུ་བོའི་གསེར་གྱི་མདོག་ཅན་ གཟི་བརྗིད་ཉི་མ་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་གྲངས་མེད་པ་བས་ལྷག་པ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་རྣམ་པར་རྩེ་བ། སངས་རྒྱས་ཀྱི་སྐུ་མདོག་ཡོངས་སུ་གྲུབ་པ་མཐའ་ཡས་པ་སྒྲུབ་པའི་གཟུངས་ཐོབ་པ། འཇིག་རྟེན་གྱི་ཁམས་སངས་རྒྱས་མི་བཞུགས་པ་དག་ཏུ་སངས་རྒྱས་འབྱུང་བ་སྟོན་པ་འཇིག་རྟེན་ གྱི་ཁམས་ཀུན་ནས་ཉོན་མོངས་པ་ཅན་ཡོངས་སུ་སྦྱོང་བ་པད་མའི་སྟན་ལ་འཁོད་པ་ཤ་སྟག་གོ། །པད་མ་རེ་རེ་ཡང་རིན་པོ་ཆེ་ཐམས་ཅད་ཀྱིས་སྤྲས་པ་སྡོང་བུ་རྣམ་པ་སྣ་ཚོགས་པ་ནོར་བུ་རིན་པོ་ཆེའི་ཟེ་བ་ཅན་གསེར་གྱི་འདབ་མ་བཀོད་པ་ཤིན་ཏུ་རྒྱས་པའི་གཟུགས་ཅན་འཛམ་བུ་ཆུ་བོའི་གསེར་གྱི་སྙིང་པོ་དང་ལྡན་པ། འོད་ཀྱི་ དཀྱིལ་འཁོར་སྣ་ཚོགས་ཀྱིས་ཕྱོགས་ཐམས་ཅད་ཀྱི་སྤྲིན་སྣང་བར་བྱེད་པ། ཀུན་ནས་འོད་ཟེར་བཀོད་པ་སངས་རྒྱས་ཀྱི་ཡུལ་མཐའ་ཡས་པའི་གསུང་བརྗོད་པའི་འོད་ཟེར་ནོར་བུ་དང་། མུ་ཏིག་དང་། རིན་པོ་ཆེའི་ཕྲེང་བ་རབ་ཏུ་འགྱེད་པས་མཛེས་པར་བྱས་ཤིང་གདུགས་དང་། རྒྱལ་མཚན་དང་། བ་དན་བསྒྲེང་བ་ཤ་སྟག་གོ། །དེ་ ནས་བྱང་ཆུབ་སེམས་དཔའ་དེ་དག་གིས་འོད་ཟེར་རྒྱ་མཚོ་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་གྲངས་མེད་པ་བཏང་ནས་པད་མ་དེ་དག་ལས་བབས་ཏེ། ལྷའི་གདུགས་ཀྱི་སྤྲིན་དང་། རྒྱལ་མཚན་གྱི་སྤྲིན་དང་། བ་དན་གྱི་སྤྲིན་དང་། མེ་ཏོག་གི་སྤྲིན་དང་། སྤོས་ཀྱི་སྤྲིན་དང་། རིན་པོ་ཆེའི་སྤྲིན་དང་། རོལ་མོའི་སྒྲའི་སྤྲིན་དང་། རྒྱན་གྱི་སྤྲིན་དང་ སེང་གེའི་རྒྱལ་མཚན་གྱི་རྩེ་མོའི་སྤྲིན་དང་། ལྷའི་སིལ་སྙན་དང་། ཕེག་རྡོབ་པ་དང་། གླུའི་དབྱངས་ཀྱི་སྒྲའི་སྤྲིན་ཆགས་པ་མེད་ཅིང་སྒྲིབ་པ་མེད་ལ་མ་འདྲེས་པ་སྟོང་གསུམ་གྱི་སྟོང་ཆེན་པོ་བཅུའི་ཚད་ཙམ་གྱིས་བྱང་ཆུབ་སེམས་དཔའ་དེ་དག་ལ་གཏོར་ཅིང་མངོན་པར་གཏོར་ལ་མངོན་པར་རབ་ཏུ་གཏོར་ཏོ། །གཏོར་ཅིང་ མངོན་པར་གཏོར་ལ་མངོན་པར་རབ་ཏུ་གཏོར་ནས་ལན་གྲངས་མེད་པར་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ལན་གྲངས་མེད་པར་བསྐོར་བ་བྱས་ཏེ། རང་རང་གི་པད་མའི་སྟན་ལ་འཁོད་དོ། །བྱང་ཆུབ་སེམས་དཔའ་གང་དག་དེ་བཞིན་གཤེགས་པའི་སྐུའི་ནང་དུ་ཆུད་པའི་འཇིག་ རྟེན་གྱི་ཁམས་རྒྱ་མཚོའི་འཇིག་རྟེན་གྱི་ཁམས་དག་ནས་བྱུང་བ་དེ་དག་ཐམས་ཅད་ཀྱང་། བྱང་ཆུབ་སེམས་དཔའ་དེ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱས་པ་ཤ་སྟག་གོ། །དེ་ནས་འཁོར་དེ་དག་འདི་སྙམ་དུ་སེམས་ཏེ། དེ་བཞིན་གཤེགས་པའི་སྐུའི་ནང་དུ་ཆུད་པའི་འཇིག་རྟེན་གྱི་ཁམས་ རྣམས་སངས་རྒྱས་ཀྱི་མཐུས་བདག་ཅག་གིས་མཐོང་ན་ཅི་མ་རུང་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་གི་སེམས་ཀྱི་ཡོངས་སུ་རྟོག་པ་ཐུགས་ཀྱིས་མཁྱེན་ནས་གཙུག་ཏོར་ནས་དེ་བཞིན་གཤེགས་པའི་སྐུའི་ནང་དུ་ཆུད་པའི་འཇིག་རྟེན་གྱི་ཁམས་སྟོན་པ་ཞེས་བྱ་བའི་འོད་ཟེར་འཁོར་འོད་ཟེར་ གྲངས་མེད་པ་དག་བྱུང་སྟེ། དེས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་སྣང་བ་ཆེན་པོས་ཁྱབ་པར་བྱས་ནས། བདུད་ཀྱི་གནས་ཐམས་ཅད་མོག་མོག་པོར་བྱས་སོ། །སངས་རྒྱས་ཀྱི་རྣམ་པར་འཕྲུལ་བ་ཐམས་ཅད་ཀྱང་བསྟན་ཏེ། སེམས་ཅན་གྱི་ཁམས་མཐའ་ཡས་པ་ཡོངས་སུ་སྨིན་པར་བྱས་ནས། ཡང་ཕྱིར་ལོག་ སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ལན་གྲངས་མེད་པར་བསྐོར་བ་བྱས་ནས། བྱང་ཆུབ་སེམས་དཔའ་དེ་དག་གི་ལུས་ལ་ཕོག་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་དེ་དག་གི་ལུས་ལ་འོད་ཟེར་དེས་ཕོག་མ་ཐག་ཏུ་ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱིས་བཅོམ་ལྡན་ འདས་ཀྱི་མཛོད་སྤུ་དང་། གཙུག་ཏོར་དང་། མཚན་དང་། དཔེ་བྱད་བཟང་པོ་རེ་རེ་དང་། སྤུའི་ཁུང་བུ་རེ་རེ་ལ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གང་གཱའི་ཀླུང་ལྔ་བཅུའི་བྱེ་མ་སྙེད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་གྲངས་མེད་པ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཕྲ་རབ་ཀྱི་རྡུལ་ལྟ་ཤིན་ཏུ་ཉུང་གི །དེ་བས་ཆེས་མང་བའི་འཇིག་ རྟེན་གྱི་ཁམས་རྒྱ་མཚོ་དག་ན་མེས་འཇིག་པ་དང་། ཆུས་འཇིག་པ་དང་། རླུང་གིས་འཇིག་པ་དག་མཐོང་སྟེ། དཔེར་ན་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་གྲངས་མེད་པ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་སྲིད་པའི་རྩེ་མོར་ཐུག་པར་ར་བས་བསྐོར་ཏེ། རྡོ་ དང་། གསེག་མ་དང་། གྱོ་མོ་མེད་ཅིང་། ལག་མཐིལ་ལྟར་མཉམ་པར་གྱུར་ནས་རྡུལ་ཕྲ་རབ་ཀྱི་རྡུལ་གྱིས་གང་བ་ལ་འཇིག་རྟེན་གྱི་ཁམས་གང་དག་ཏུ་མེའི་འཇིག་པ་དང་། ཆུའི་འཇིག་པ་དང་། རླུང་གི་འཇིག་པར་མཐོང་བ་དེ་དག་ནི་ར་བ་དེའི་ནང་གི་རྡུལ་ཕྲ་རབ་ཀྱི་རྡུལ་གཅིག་ལྟ་བུར་བལྟ་བར་བྱའོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་དེ་ དག་ལས་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གནས་པ་ནི་རྡུལ་ཕྲ་རབ་ཀྱི་རྡུལ་ལྷག་མ་ཇི་སྙེད་ཡོད་པ་ཙམ་དུ་བལྟ་བར་བྱའོ། །དེ་ལ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་ནོར་བུ་རིན་པོ་ཆེ་སྐར་འོད་ལས་གྲུབ་པ་ཡིན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་ནོར་བུ་རིན་པོ་ཆེ་གློག་གི་སྒྲོན་མ་ལས་གྲུབ་པ་ཡིན་ནོ། །འཇིག་རྟེན་གྱི་ཁམས་ རྒྱ་མཚོ་ལ་ལ་ནི་ནོར་བུ་རིན་པོ་ཆེ་ཉི་ཟླའི་སྒྲོན་མ་ལས་གྲུབ་པ་ཡིན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་ནོར་བུ་རིན་པོ་ཆེ་སྣང་བ་ཐམས་ཅད་འདུས་པ་ལས་གྲུབ་པ་ཡིན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་ལས་གྲུབ་པ་ཡིན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་ནོར་བུ་རིན་པོ་ཆེ་ཟེ་བ་ ཅན་ལས་གྲུབ་པ་ཡིན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་ནོར་བུ་རིན་པོ་ཆེ་སེང་གེའི་ཟེ་བ་ལས་གྲུབ་པ་ཡིན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་ནོར་བུ་རིན་པོ་ཆེ་སེང་གེའི་རྡོ་རྗེའི་རྩེ་མོ་ལས་གྲུབ་པ་ཡིན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་ནོར་བུ་རིན་པོ་ཆེ་བརྒྱ་བྱིན་ཐོགས་པ་ལས་གྲུབ་པ་ཡིན་ནོ། །འཇིག་ རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་ནོར་བུ་རིན་པོ་ཆེ་ལྷ་ཐམས་ཅད་ཀྱི་འོད་ལས་གྲུབ་པ་ཡིན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་ནོར་བུ་རིན་པོ་ཆེ་རྡོ་རྗེའི་འོད་ལས་གྲུབ་པ་ཡིན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་ནོར་བུ་རིན་པོ་ཆེ་པད་མ་རཱ་ག་ལས་གྲུབ་པ་ཡིན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་ནོར་བུ་ རིན་པོ་ཆེ་ཆུ་འདང་ལས་གྲུབ་པ་ཡིན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལས་གྲུབ་པ་ཡིན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་ནོར་བུ་རིན་པོ་ཆེ་བཻ་དཱུརྱ་ལས་གྲུབ་པ་ཡིན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་ནོར་བུ་རིན་པོ་ཆེ་ཨན་ད་རྙིལ་ལས་གྲུབ་པ་ཡིན་ནོ། ། འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་ནོར་བུ་རིན་པོ་ཆེ་མཐོན་ཀ་ཆེན་པོ་ལས་གྲུབ་པ་ཡིན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་ནོར་བུ་རིན་པོ་ཆེ་རྡོའི་སྙིང་པོ་ལས་གྲུབ་པ་ཡིན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་ནོར་བུ་རིན་པོ་ཆེ་དཔལ་གྱི་སྙིང་པོ་ལས་གྲུབ་པ་ཡིན་ནོ། །འཇིག་རྟེན་གྱི་ ཁམས་རྒྱ་མཚོ་ལ་ལ་ནི་ནོར་བུ་རིན་པོ་ཆེ་མཛེས་བཀོད་ལས་གྲུབ་པ་ཡིན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་མུ་ཏིག་དཀར་པོ་ལས་གྲུབ་པ་ཡིན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་མུ་ཏིག་གསེར་མདོག་ལས་གྲུབ་པ་ཡིན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་མུ་ཏིག་ནམ་མཁའ་མདོག་ལས་ གྲུབ་པ་ཡིན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་ནོར་བུ་རིན་པོ་ཆེ་བསོད་ནམས་ཀྱི་ཚོགས་རྒྱ་མཚོ་གྲངས་མེད་པའི་ཁྱད་པར་བསྟན་པ་བརྗོད་པ་ལས་གྲུབ་པ་ཡིན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་ནོར་བུ་རིན་པོ་ཆེ་ཡེ་ཤེས་ཀྱི་ཚོགས་རྒྱ་མཚོ་གྲངས་མེད་པའི་ཁྱད་པར་བསྟན་པ་བརྗོད་པ་ལས་གྲུབ་པ་ཡིན་ ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་ནོར་བུ་རིན་པོ་ཆེ་ཕ་རོལ་ཏུ་ཕྱིན་པ་རྒྱ་མཚོ་གྲངས་མེད་པའི་ཁྱད་པར་བསྟན་པ་བརྗོད་པ་ལས་གྲུབ་པ་ཡིན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་ནོར་བུ་རིན་པོ་ཆེས་རྒྱ་མཚོ་གྲངས་མེད་པའི་ཁྱད་པར་བསྟན་པ་བརྗོད་པ་ལས་གྲུབ་པ་ཡིན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ ནི་ནོར་བུ་རིན་པོ་ཆེ་གཟུངས་རྒྱ་མཚོ་གྲངས་མེད་པའི་ཁྱད་པར་བསྟན་པ་བརྗོད་པ་ལས་གྲུབ་པ་ཡིན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་ནོར་བུ་རིན་པོ་ཆེ་རྣམ་པར་ཐར་པ་རྒྱ་མཚོ་གྲངས་མེད་པའི་ཁྱད་པར་བསྟན་པ་བརྗོད་པ་ལས་གྲུབ་པ་ཡིན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་ནོར་བུ་རིན་པོ་ཆེ་སོ་སོ་ཡང་ དག་པར་རིག་པ་རྒྱ་མཚོ་གྲངས་མེད་པའི་ཁྱད་པར་བསྟན་པ་བརྗོད་པ་ལས་གྲུབ་པ་ཡིན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་ནོར་བུ་རིན་པོ་ཆེ་མངོན་པར་ཤེས་པ་རྒྱ་མཚོ་གྲངས་མེད་པའི་ཁྱད་པར་བསྟན་པ་བརྗོད་པ་ལས་གྲུབ་པ་ཡིན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་ནོར་བུ་རིན་པོ་ཆེ་སྨོན་ལམ་རྒྱ་ མཚོ་གྲངས་མེད་པའི་ཁྱད་པར་བསྟན་པ་བརྗོད་པ་ལས་གྲུབ་པ་ཡིན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་ནོར་བུ་རིན་པོ་ཆེ་བརྩོན་འགྲུས་རྩོམ་པ་རྒྱ་མཚོ་གྲངས་མེད་པའི་ཁྱད་པར་བསྟན་པ་བརྗོད་པ་ལས་གྲུབ་པ་ཡིན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་ནོར་བུ་རིན་པོ་ཆེ་དབུགས་འབྱིན་ཐོབ་པ་རྒྱ་མཚོ་ གྲངས་མེད་པའི་ཁྱད་པར་བསྟན་པ་བརྗོད་པ་ལས་གྲུབ་པ་ཡིན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་ནོར་བུ་རིན་པོ་ཆེ་བྱང་ཆུབ་སེམས་དཔའ་ལ་འཇུག་པ་རྒྱ་མཚོ་གྲངས་མེད་པའི་ཁྱད་པར་བསྟན་པ་བརྗོད་པ་ལས་གྲུབ་པ་ཡིན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་ནོར་བུ་རིན་པོ་ཆེ་དེ་བཞིན་གཤེགས་པ་ལ་ འཇུག་པ་རྒྱ་མཚོ་གྲངས་མེད་པའི་ཁྱད་པར་བསྟན་པ་བརྗོད་པ་ལས་གྲུབ་པ་ཡིན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་ནོར་བུ་རིན་པོ་ཆེ་སེམས་ཅན་གྱི་བསམ་པ་དང་། སྤྱོད་པ་ལ་འཇུག་པ་རྒྱ་མཚོ་གྲངས་མེད་པའི་ཁྱད་པར་བསྟན་པ་བརྗོད་པ་ལས་གྲུབ་པ་ཡིན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་ནོར་བུ་རིན་ པོ་ཆེ་འཇིག་རྟེན་གྱི་ཁམས་ལ་འཇུག་པ་རྒྱ་མཚོ་གྲངས་མེད་པའི་ཁྱད་པར་བསྟན་པ་བརྗོད་པ་ལས་གྲུབ་པ་ཡིན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་ནོར་བུ་རིན་པོ་ཆེ་བསྐལ་པ་ལ་འཇུག་པ་རྒྱ་མཚོ་གྲངས་མེད་པའི་ཁྱད་པར་བསྟན་པ་བརྗོད་པ་ལས་གྲུབ་པ་ཡིན་ནོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་ འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཕྲ་མོ་རེ་རེ་ལ་ཞིང་བསམ་གྱིས་མི་ཁྱབ་པ་ཞིང་ཐམས་ཅད་ཀྱི་རྡུལ་སྙེད་དུ་སྣ་ཚོགས་སུ་གནས་པ་དག་སྣང་ངོ་། །ཞིང་རེ་རེ་ན་ཡང་སངས་རྒྱས་བཅོམ་ལྡན་འདས་བསམ་གྱིས་མི་ཁྱབ་པ་དག་སྣང་བར་གྱུར་ཏེ། ཞིང་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་ཁ་དོག་ཏུ་གནས་པ་དག་སྣང་ངོ་། །སངས་ རྒྱས་བཅོམ་ལྡན་འདས་དེ་དག་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། སངས་རྒྱས་བཅོམ་ལྡན་འདས་གང་དག་གིས་བྱང་ཆུབ་ཏུ་སེམས་བསྐྱེད་དུ་བཅུག་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་སློབ་ཏུ་བཅུག་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་སྣང་བར་གྱུར་ཏོ། །སངས་རྒྱས་བཅོམ་ལྡན་ འདས་དེ་དག་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བྱང་ཆུབ་ཏུ་སེམས་བསྐྱེད་དུ་བཅུག་པའི་སངས་རྒྱས་བཅོམ་ལྡན་འདས་གང་ཡིན་པ་དེ་དག་ཀྱང་སྣང་ངོ་། །དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་གཅིག་ནས་གཅིག་ཏུ་བརྒྱུད་པ་ཕྱི་མའི་མཐར་ཐུག་པའི་བར་དུ་བསྟན་ཀྱང་སངས་རྒྱས་གཅིག་ནས་གཅིག་ ཏུ་བརྒྱུད་པ་དེ་དག་གི་མཐའ་བསྟན་པར་མི་ནུས་སོ། །སངས་རྒྱས་བཅོམ་ལྡན་འདས་རེ་རེ་ལ་ཡང་འཁོར་གྱི་དཀྱིལ་འཁོར་རྒྱ་མཚོ་དཔག་ཏུ་མེད་གྲངས་མེད་པ་དག་སྣང་ངོ་། །བྱང་ཆུབ་སེམས་དཔའ་དེ་དག་གི་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་མཚོ་རྣམ་པ་སྣ་ཚོགས་བསྟན་པ་གང་ཡིན་པ་དེ་དག་ཀྱང་ཐོས་སོ། ། བྱང་ཆུབ་སེམས་དཔའ་དེ་དག་གི་མངོན་པར་རྫོགས་པར་བྱང་ཆུབ་པ་ཡང་སྣང་ངོ་། །དེ་དག་གི་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་རྒྱ་མཚོ་དག་ཀྱང་སྣང་ངོ་། །བྱང་ཆུབ་སེམས་དཔའ་དེ་དག་གི་བྱང་ཆུབ་ཀྱི་སྤྱོད་པ་རྒྱ་མཚོ་རྣམ་པ་སྣ་ཚོགས་བསྟན་པ་གང་ཡིན་པ་དེ་དག་ཀྱང་ཐོས་སོ། ། བྱང་ཆུབ་སེམས་དཔའ་དེ་དག་གི་མངོན་པར་རྫོགས་པར་བྱང་ཆུབ་པ་དག་ཀྱང་སྣང་ངོ་། །སངས་རྒྱས་བཅོམ་ལྡན་འདས་རེ་རེའི་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་དཔག་ཏུ་མེད་པ་གྲངས་མེད་པ་དག་ཀྱང་སྣང་ངོ་། །དེ་དག་གི་བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམ་པ་སྣ་ཚོགས་གང་ཡིན་པ་དེ་དག་ཀྱང་སྣང་ ཞིང་ཐོས་སོ། །དེ་བཞིན་དུ་མ་འོངས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་སངས་རྒྱས་གཅིག་ནས་གཅིག་ཏུ་བརྒྱུད་པ་ཡང་བསྐལ་པ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་བར་དུ་བསྟན་ཀྱང་མཐར་ཕྱིན་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། སྐུ་དང་ཡེ་ཤེས་ཆགས་པ་མེད་ པ་བརྙེས་པའི་ཕྱིར་རོ། །དེ་ནས་བྱང་ཆུབ་སེམས་དཔའི་འཁོར་དེ་དག་འདི་སྙམ་དུ་སེམས་ཏེ། བྱང་ཆུབ་སེམས་དཔའ་གང་དག་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་མོས་པར་བྱེད་ཅིང་འཆང་བ་དང་། ཀློག་པ་དང་། འདོན་པ་དང་། འདོན་དུ་འཇུག་པ་དང་། མར་མེ་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་ པ་དང་། ཕྱེ་མ་དང་། ཆོས་གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་ལ་སོགས་པས་མཆོད་པ་དེ་དག་གི་བསོད་ནམས་ཇི་སྙེད་ཅིག་འཕེལ་བར་འགྱུར་ཞིག་གུ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་གི་སེམས་ཀྱི་ཡོངས་སུ་རྟོག་པ་ཐུགས་ཀྱིས་མཁྱེན་ནས། འཇམ་ དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གང་གཱའི་ཀླུང་ལྔ་བཅུའི་བྱེ་མ་སྙེད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་གྲངས་མེད་པ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཕྲ་རབ་ཀྱི་རྡུལ་ལྟ་ཤིན་ཏུ་ཉུང་གི། དེ་བས་ཆེས་མང་བའི་བྱང་ཆུབ་སེམས་དཔའ་རྒྱ་ མཚོ་དག་གི་དགེ་བའི་རྩ་བ་ཕ་རོལ་ཏུ་ཕྱིན་པ་ལྔ་ལས་བྱུང་བ་བསྐལ་པ་དཔག་ཏུ་མེད་གྲངས་མེད་པའི་བར་དུ་བསྐྱེད་པ་ཡང་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་པའི་བྱང་ཆུབ་སེམས་དཔའ་ཐ་ན་དུད་འགྲོའི་སྐྱེ་གནས་སུ་གྱུར་པ་ལ་ཟན་ཆང་གཅིག་ཙམ་ཡོངས་སུ་བཏང་བས་བྱང་ཆུབ་སེམས་དཔའ་དེ་དག་གི་དགེ་བའི་རྩ་བ་ ཕ་རོལ་ཏུ་ཕྱིན་པ་ལྔ་ལས་བྱུང་བ་དེ་ཟིལ་གྱིས་གནོན་པར་འགྱུར་རོ། །འཇམ་དཔལ་དཔེར་ན་ཟླ་བ་ཡར་གྱི་ངོ་ཚེས་བཅྭ་ལྔའི་ནམ་ཕྱེད་ཀྱི་དུས་ན་ཟླ་བའི་དཀྱིལ་འཁོར་གྱིས་འདི་ལྟར་མཐོ་བ་དང་། མཚུངས་པ་མེད་པ་དང་། ཆེ་བས་སྐར་མའི་འཁོར་ཐམས་ཅད་ཟིལ་གྱིས་གནོན་ཏེ། ལྷམ་མེ། ལྷན་ནེ། ལྷང་ངེར་འདུག་ གོ། །འཇམ་དཔལ་དེ་བཞིན་དུ་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་པའི་བྱང་ཆུབ་སེམས་དཔའ་འདི་ལྟར་དགེ་བའི་རྩ་བ་མཐོ་བ་དང་། མཚུངས་པ་མེད་པ་དང་། ཆེ་བས་བྱང་ཆུབ་སེམས་དཔའ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་དགེ་བའི་རྩ་བ་ཕ་རོལ་ཏུ་ཕྱིན་པ་ལྔ་ལས་བྱུང་བ་རྣམས་ཟིལ་གྱིས་གནོན་ ཏེ། ལྷམ་མེ། ལྷན་ནེ། ལྷང་ངེར་འདུག་གོ། །འཇམ་དཔལ་བྱང་ཆུབ་སེམས་དཔའ་གང་ལ་ལས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་གཏོགས་པའི་སེམས་ཅན་ཐམས་ཅད་དབྱུག་པས་བསྣུན་ཏམ། མཚོན་གྱིས་བཏབ་སྟེ། བདོག་པ་ཐམས་ཅད་ཕྲོགས་པ་བས། འཇམ་དཔལ་ བྱང་ཆུབ་སེམས་དཔའ་གཞན་ཞིག་གིས་བྱང་ཆུབ་སེམས་དཔའ་ལ་གནོད་སེམས་དང་། ཐ་བ་དང་། ཁྲོ་བའི་སེམས་བསྐྱེད་དེ་བརྙས་པའི་སེམས་ཀྱང་བསྐྱེད་ན་འདི་ནི་དེ་བས་ཆེས་སྡིག་པ་མང་པོ་འཕེལ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའས་བྱང་ཆུབ་སེམས་དཔའ་ལ་གནོད་སེམས་དང་། ཐ་བ་དང་། ཁྲོ་བའི་སེམས་བསྐྱེད་པ་དང་། བརྙས་པའི་སེམས་བསྐྱེད་པས་ནི་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་བྱས་པར་འགྱུར་ཏེ། ཆོས་མ་ཡིན་པ་ཡོངས་སུ་བཟུང་བར་འགྱུར་རོ། །ཆོས་མ་ཡིན་པ་ཡོངས་སུ་འཛིན་པ་ནི་སངས་རྒྱས་ཀྱི་གདུང་གཅོད་པར་བྱེད་པ་ཡིན་ནོ། །སངས་རྒྱས་རྣམས་མ་བྱུང་ན་ རྒྱལ་ཆེན་བཞིའི་ལྷའི་རིས་རྣམས་འབྱུང་བར་མི་འགྱུར་རོ། །སུམ་ཅུ་རྩ་གསུམ་པ་རྣམས་དང་། འཐབ་བྲལ་བ་རྣམས་དང་། དགའ་ལྡན་པ་རྣམས་དང་། འཕྲུལ་དགའ་བ་རྣམས་དང་། གཞན་འཕྲུལ་དབང་བྱེད་པ་རྣམས་དང་། བདུད་ཀྱི་རིས་རྣམས་ཀྱང་འབྱུང་བར་མི་འགྱུར་རོ། །བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་ཐམས་ཅད་ཀྱང་འབྱུང་བར་མི་འགྱུར་རོ། །ཟླ་བ་དང་ཉི་མ་ཐམས་ཅད་ཀྱང་འབྱུང་བར་མི་འགྱུར་རོ། །འཁོར་ལོས་སྒྱུར་བ་དང་། སྟོབས་ཀྱིས་འཁོར་ལོས་སྒྱུར་བ་རྣམས་ཀྱང་འབྱུང་བར་མི་འགྱུར་རོ། །མིའི་འཇིག་རྟེན་ཡང་འབྱུང་བར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ཐམས་ཅད་ནི་རྫོགས་པའི་ སངས་རྒྱས་དང་ཕྲད་པ་ལས་འབྱུང་ལ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བྱང་ཆུབ་སེམས་དཔའ་ལས་འབྱུང་བའི་ཕྱིར་རོ། །དེ་བས་ན་སངས་རྒྱས་ཐམས་ཅད་ལ་མཆོད་པར་འདོད་པས་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་མཆོད་པར་བྱའོ། །བྱང་ཆུབ་སེམས་དཔའ་རྣམས་ལ་མཆོད་པ་བྱས་ན་སངས་རྒྱས་ ཐམས་ཅད་ལ་མཆོད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ལ་བཀུར་སྟི་བྱས་ན་སངས་རྒྱས་ཐམས་ཅད་ལ་བཀུར་སྟི་བྱས་པར་འགྱུར་རོ། །འཇམ་དཔལ་བྱང་ཆུབ་སེམས་དཔའ་གང་ལ་ལས་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་ལ་ལྷའི་ཞལ་ཟས་རོ་བརྒྱ་དང་ལྡན་པ་དང་། ལྷའི་ན་བཟའ་ཕུལ་ཏེ། སྦྱིན་པ་དེ་ལྟ་བུ་བསྐལ་པ་རྒྱ་མཚོ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་སྙེད་ཀྱི་བར་དུ་ཕུལ་ལ། བྱང་ཆུབ་སེམས་དཔའ་གཞན་ཞིག་གིས་ནི་བྱང་ཆུབ་སེམས་དཔའ་ལ་དམིགས་པ་གང་ཡང་རུང་བ་ཞིག་གིས་བྱང་ཆུབ་ཏུ་སེམས་བསྐྱེད་དེ། བདུག་པ་ལས་དམིགས་པ་འམ། མར་ མེ་ལས་དམིགས་པ་འམ། མེ་ཏོག་ལས་དམིགས་པ་འམ། སྤོས་ལས་དམིགས་པ་འམ། གཞན་གང་ཡང་རུང་བ་ཞིག་ལས་དམིགས་ཏེ། བྱང་ཆུབ་ཏུ་སེམས་བསྐྱེད་ན་འདི་ནི་དེ་བས་ཆེས་གྲངས་མེད་པའི་བསོད་ནམས་འཕེལ་བར་འགྱུར་ན་གཞན་སྐྱེད་དུ་འཇུག་པ་གང་ཡིན་པ་དག་ལྟ་ཅི་སྨོས་ཏེ། འདི་ནི་དེ་བས་བསོད་ནམས་ ཆེས་གྲངས་མེད་པ་སྐྱེད་པར་འགྱུར་རོ། །སྔ་མ་དེས་ནི་བསོད་ནམས་མངོན་པར་འདུ་བྱེད་པ་འདིའི་བརྒྱའི་ཆར་ཡང་མི་ཕོད་སྟོང་གི་ཆར་ཡང་མི་ཕོད། འབུམ་གྱི་ཆར་ཡང་མི་ཕོད་བྱེ་བའི་ཆར་ཡང་མི་ཕོད། བྱེ་བ་བརྒྱའི་ཆར་ཡང་མི་ཕོད། བྱེ་བ་སྟོང་གི་ཆར་ཡང་མི་ཕོད། བྱེ་བ་འབུམ་གྱི་ཆར་ཡང་མི་ཕོད་དེ། དཔེ་དང་རྒྱུར་ཡང་མི་བཟོད་ དོ། །འཇམ་དཔལ་བྱང་ཆུབ་སེམས་དཔའ་གང་ལ་ལས་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་སེམས་ལ་བཀོད་ལ། བྱང་ཆུབ་སེམས་དཔའ་གཞན་ཞིག་ནི་སྟོང་པ་ཉིད་ལ་མོས་པར་གྱུར་ན་འདི་ནི་དེ་བས་ཆེས་གྲངས་མེད་པར་བསོད་ནམས་འཕེལ་བར་འགྱུར་ན་གཞན་མོས་པ་སྐྱེད་དུ་འཇུག་པ་གང་ཡིན་པ་དག་ལྟ་ཅི་སྨོས་ཏེ། འདི་ནི་དེ་བས་བསོད་ནམས་ཆེས་གྲངས་མེད་པར་སྐྱེད་པར་འགྱུར་རོ། །བསོད་ནམས་མངོན་པར་འདུ་བྱེད་པ་སྔ་མ་དེ་ནི་བསོད་ནམས་མངོན་པར་འདུ་བྱེད་པ་འདིའི་བརྒྱའི་ཆར་ཡང་མི་ཕོད། སྟོང་གི་ཆར་ཡང་མི་ཕོད། འབུམ་གྱི་ཆར་ཡང་མི་ཕོད། བྱེ་བའི་ཆར་ཡང་མི་ཕོད། བྱེ་བ་བརྒྱའི་ཆར་ཡང་མི་ཕོད། བྱེ་བ་ སྟོང་གི་ཆར་ཡང་མི་ཕོད། བྱེ་བ་འབུམ་གྱི་ཆར་ཡང་མི་ཕོད་དེ། དཔེ་དང་རྒྱུར་ཡང་མི་བཟོད་དོ། །འཇམ་དཔལ་བྱང་ཆུབ་སེམས་དཔའ་གང་ལ་ལས་བྱང་ཆུབ་སེམས་དཔའི་ཟན་བཅད་དམ། ཁྲོས་ཏེ་ཐ་ན་བྱང་ཆུབ་སེམས་དཔའ་གླང་པོ་ཆེར་སྐྱེས་པ་དེའི་དགེ་བའི་རྩ་བ་སངས་རྒྱས་ལ་བསྐྱེད་པ་གཅིག་ བཅད་ལ། འཇམ་དཔལ་བྱང་ཆུབ་སེམས་དཔའ་གཞན་ཞིག་གིས་ནི་ཆོས་ཀྱི་རྗེས་སུ་འབྲང་བ་དང་། དོན་གྱི་རྗེས་སུ་འབྲང་བ་དང་། བརྒྱད་པ་དང་། རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་འཇིག་རྟེན་གྱི་ཁམས་ཐམས་ ཅད་ཀྱི་རྡུལ་སྙེད་ཀྱི་ཟན་བཅད་དེ། ཁྲོས་ནས་ལྷུང་བཟེད་དང་། ཆོས་གོས་མེད་པར་བྱས་ལ། སེམས་ཅན་ཐམས་ཅད་ལོང་བར་བྱས་ན་མི་དགེ་བའི་ལས་འདི་ནི་སྔ་མའི་མི་དགེ་བ་དེའི་བརྒྱའི་ཆར་ཡང་མི་ཕོད་པ་ནས། དཔེའི་བར་དུ་ཡང་མི་བཟོད་དོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དེ་དག་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དང་། མི་དང་། མི་མ་ཡིན་པ་ རྣམས་དང་། ཕྱོགས་ཐ་དད་པ་ནས་ལྷགས་པའི་བྱང་ཆུབ་སེམས་དཔའ་རྒྱ་མཚོ་གྲངས་མེད། ཚད་མེད་པ་རྣམས་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །མདོའི་རྒྱལ་པོ་ཆེན་པོ་སྤྲིན་ཆེན་པོའི་ལེའུ་རེ་རེ་ལ། ཆོས་སྣང་བའི་སྒོ་སྟོང་ཕྲག་གང་གཱའི་ཀླུང་གྲངས་མེད་པའི་བྱེ་ མ་སྙེད་ཡང་དག་པར་འདུ་བྱ་བ་སྣང་བའི་དཀྱིལ་འཁོར་གྱི་དཔལ་གྱི་གློག་གིས་གསལ་བར་བྱས་པའི་ལེའུ་ཆེན་པོའི་ཚོགས་མཐའ་ཡས་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ལས་དགའ་ལྡན་ན་གནས་པ་ལ་སོགས་པ་འཇིག་རྟེན་གྲངས་མེད་པ་དང་འཐུན་པར་འཇུག་པའི་སྟོབས་ལ་སྦྱོར་བའི་མཐུ་ལས་བྱུང་བས་དབང་བྱེད་ཅིང་། ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་རྒྱ་མཚོ་འདུས་པའི་དགའ་སྟོན་ཆེན་པོ་ལ་རྩེ་བ་ཞེས་བྱ་བའི་ལེའུ་སྟེ་སུམ་ཅུ་རྩ་བདུན་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སུ་རེན་དྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེས་ཞུས་ཏེ་གཏན་ལ་ཕབ་པ།། །། ༄༅། །རྒྱ་གར་སྐད་དུ། ཨཱརྱ་མ་ཧཱ་མེ་གྷ་བཱ་ཡུ་མཎྜ་ལ་པ་རི་བརྟ་སརྦ་ནཱ་ག་ཧྲྀ་ད་ཡ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་སྤྲིན་ཆེན་པོ་རླུང་གི་དཀྱིལ་འཁོར་གྱི་ལེའུ་ཀླུ་ཐམས་ཅད་ཀྱི་སྙིང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་ དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱ་མཚོ་ཆེན་པོ་ན་ནོར་བུ་རིན་པོ་ཆེའི་རྩེ་མོ་ཅན་གྱི་ཁང་པ་བརྩེགས་པ་ན། ཀླུ་སྟོང་དུ་ཚང་བའི་ཀླུའི་ཚོགས་ཆེན་པོ་ཀླུ་ཐམས་ཅད་ཀྱང་རྫུ་འཕྲུལ་ཆེ་ཞིང་ཀླུའི་འཁོར་ཆེན་པོ་དང་ལྡན་ པ་ཤ་སྟག་ལ་འདི་ལྟ་སྟེ། ཀླུའི་རྒྱལ་པོ་དགའ་བོ་དང་། ཀླུའི་རྒྱལ་པོ་ཉེ་དགའ་དང་། ཀླུའི་རྒྱལ་པོ་ཡང་དག་སྒུལ་དང་། ཀླུའི་རྒྱལ་པོ་གློག་ཕྲེང་ཅན་དང་། ཀླུའི་རྒྱལ་པོ་གཟི་ཅན་དང་། ཀླུའི་རྒྱལ་པོ་གཟི་ཅན་ཆེན་པོ་དང་། ཀླུའི་རྒྱལ་པོ་བཏང་བཟུང་དང་། ཀླུའི་རྒྱལ་པོ་དུང་དང་། ཀླུའི་རྒྱལ་ པོ་ཨེ་ལའི་འདབ་མ་དང་། ཀླུའི་རྒྱལ་པོ་མཚམས་བཟངས་དང་། ཀླུའི་རྒྱལ་པོ་སྟོབས་ཀྱིས་རྒྱུ་དང་། ཀླུའི་རྒྱལ་པོ་གློག་འབྱུང་དང་། ཀླུའི་རྒྱལ་པོ་སྣང་ལྡན་གཙུག་ཕུད་ཅན་དང་། ཀླུའི་རྒྱལ་པོ་སྤྲིན་ཆེན་རྣམ་པར་འཕྲུལ་དང་། ཀླུའི་རྒྱལ་པོ་སྤྲིན་ཆེན་རྒྱས་བྱེད་དང་། ཀླུའི་རྒྱལ་པོ་ འབྲུག་སྒྲོགས་དང་། ཀླུའི་རྒྱལ་པོ་ཆར་འབྱུང་དང་། ཀླུའི་རྒྱལ་པོ་སྐར་མདའ་སྟོང་དང་། ཀླུའི་རྒྱལ་པོ་དུས་མིན་སྒྲོགས་དང་། ཀླུའི་རྒྱལ་པོ་འབྲུག་སྐད་དང་། ཀླུའི་རྒྱལ་པོ་གློག་རབ་ཏུ་གཏོང་དང་། ཀླུའི་རྒྱལ་པོ་ས་འཛིན་དང་། ཀླུའི་རྒྱལ་པོ་སོག་མ་མེད་དང་། ཀླུའི་རྒྱལ་པོ་ལེགས་ མཐོང་དང་། ཀླུའི་རྒྱལ་པོ་རྣམ་པར་སྣང་དང་། ཀླུའི་རྒྱལ་པོ་འབྲུག་ཆེན་སྒྲོགས་དང་། ཀླུའི་རྒྱལ་པོ་འོད་ཆེན་ལམ་ལམ་དང་། ཀླུའི་རྒྱལ་པོ་དཔལ་གྱི་གཟི་བརྗིད་དང་། ཀླུའི་རྒྱལ་པོ་མཐའ་ཡས་དང་། ཀླུའི་རྒྱལ་པོ་མདོངས་བུ་དང་། ཀླུའི་རྒྱལ་པོ་དཔལ་འཛིན་དང་། ཀླུའི་ རྒྱལ་པོ་རྔ་སྒྲ་དང་། ཀླུའི་རྒྱལ་པོ་རྔ་སྒྲ་རྣམ་པར་སྒྲོགས་པའི་སྐད་དང་། ཀླུའི་རྒྱལ་པོ་ལ་བ་དང་། ཀླུའི་རྒྱལ་པོ་འདྲེན་བྱེད་དང་། ཀླུའི་རྒྱལ་པོ་དཔལ་མགྲིན་དང་། ཀླུའི་རྒྱལ་པོ་དཔལ་བཟངས་དང་། ཀླུའི་རྒྱལ་པོ་ཤ་ཤོ་སྒྲ་ཆེན་དང་། ཀླུའི་རྒྱལ་པོ་དིང་དིང་སྒྲ་དང་། ཀླུའི་རྒྱལ་ པོ་རབ་འཇོམས་དང་། ཀླུའི་རྒྱལ་པོ་ཆར་འབྱུང་དང་། ཀླུའི་རྒྱལ་པོ་རླུང་ཆེན་རྣམ་པར་འཕྲུལ་དང་། ཀླུའི་རྒྱལ་པོ་རླུང་རབ་ཏུ་གཏོང་དང་། ཀླུའི་རྒྱལ་པོ་འཇོག་པོ་དང་། ཀླུའི་རྒྱལ་པོ་དཔལ་ལྡན་དང་། ཀླུའི་རྒྱལ་པོ་སྨད་དཀྲིས་བཟང་དང་། ཀླུའི་རྒྱལ་པོ་བཀྲ་ཤིས་དང་། ཀླུའི་ རྒྱལ་པོ་སྤྲིན་རྒྱས་དང་། ཀླུའི་རྒྱལ་པོ་སྤྲིན་གྱིས་དགའ་བྱེད་དང་། ཀླུའི་རྒྱལ་པོ་སྤྲིན་གྱིས་འགེབས་པའི་རིགས་དང་། ཀླུའི་རྒྱལ་པོ་ལེགས་པར་འགེབས་དང་། ཀླུའི་རྒྱལ་པོ་རྣམ་པར་རྩེ་དང་། ཀླུའི་རྒྱལ་པོ་ནོར་རྒྱས་ཀྱི་བུ་དང་། ཀླུའི་རྒྱལ་པོ་མ་དྲོས་པ་དང་། ཀླུའི་རྒྱལ་པོ་འོད་ བཟངས་དང་། ཀླུའི་རྒྱལ་པོ་མཐོང་དགའ་དང་། ཀླུའི་རྒྱལ་པོ་དོན་ཡོད་དགའ་དང་། ཀླུའི་རྒྱལ་པོ་སྤྲིན་གྱི་དཀྱིལ་འཁོར་གྱིས་ལེགས་པར་འགེབས་དང་། ཀླུའི་རྒྱལ་པོ་གཞན་གྱིས་མི་ཐུབ་པ་དང་། ཀླུའི་རྒྱལ་པོ་སྤྲིན་ལས་ཆུ་འབྱིན་དང་། ཀླུའི་རྒྱལ་པོ་བདེ་མཐོང་དང་། ཀླུའི་ རྒྱལ་པོ་རླུང་འབྱུང་དང་། ཀླུའི་རྒྱལ་པོ་རླུང་འཁྲུག་པར་བྱེད་དང་། ཀླུའི་རྒྱལ་པོ་གཙུག་ན་ནོར་བུ་དང་། ཀླུའི་རྒྱལ་པོ་ཆེན་པོ་དེ་དག་དང་། གཞན་ཡང་ཀླུའི་རྒྱལ་པོ་ཆེན་པོ་སྟོང་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་དག་ཐམས་ཅད་ཀྱང་ཀླུའི་རྫུ་འཕྲུལ་ཆེན་པོ་དང་། ཀླུའི་རྣམ་པར་འཕྲུལ་པ་ ཆེན་པོས་ནམ་མཁའ་ལ་དི་རི་རིར་སྒྲོགས་ཤིང་། རྫི་ཆར་ཆེན་པོ་རབ་ཏུ་འབེབས་ཏེ། བཅོམ་ལྡན་འདས་ལ་སྲི་ཞུ་བྱ་བ་དང་། ཆོས་མཉན་པའི་ཕྱིར་ལྷགས་སོ། །ཀྱེ་ཀླུ་ཆེན་པོ་དང་ཀླུ་དག་ཚུར་ཤེག །མུ་ལུ་མུ་ལུ་ཙ་ཏ་ཙ་ཏ། པ་ཊ་པ་ཊ། མ་ཊ་མ་ཊ། ཧཱ་ཧཱ། གློག་འབར་བ་རབ་ཏུ་ཕྱུང་ ཞིང་རྫི་ཆར་ཆེན་པོའི་རྒྱུན་ཐོང་ལ་ཆར་ཕོབ་ཤིག །ཀྱེ་ཀྱེ་ཀླུ་ཆེན་པོ་དག་སངས་རྒྱས་ཀྱི་བདེན་པ་དང་། ཆོས་ཀྱི་བདེན་པ་དང་། དགེ་འདུན་གྱི་བདེན་པ་དྲན་པར་གྱིས་ཤིག །ཀྱེ་ཀླུ་ཆེན་པོ་དག་ཚུར་ཚུར། ཚུར་ཤེག་ཚུར་ཤེག །འཛམ་བུའི་གླིང་དུ་ཆར་རབ་ཏུ་ཕོབ་ཤིག །གུ་ཌུ་གུ་ཌུ། མུ་ ཌུ་མུ་ཌུ། ཧི་ཧི་ཧི་ཧི། ཙུ་ཌ་ཙུ་ཌ། མ་ཧཱ་ནཱ་གཱ་ཧྲྀ་ད་ཡ། སརྦ་ནཱ་གཱ་ན། ཨཱ་ཀ་ཌྜྷྱ། སན་ཙོ་ད་ཡ། ཤི་གྲཱ་ནད་ར་སྭཱ་ཧཱ། སྤྲིན་ཆེན་པོ་རྣམ་པར་འཕྲུལ་པའི་རྒྱན་བཀོད་པ་དག་གསེར་སྣམ་གྱི་མཐའ་རིན་པོ་ཆེ་ཐམས་ཅད་ཚོན་གྱི་ལྡ་ལྡིས་མཛེས་པ། མུ་ཏིག་གི་རྒྱན་ཕྲེང་རབ་ཏུ་འཕྱང་བ། རྒྱ་མཚོ་ཆེན་པོའི་སྤྲིན་དག་དང་། ལྷའི་རིན་པོ་ཆེས་མཛེས་པར་བྱས་པའི་གཞལ་མེད་ཁང་མེ་ཏོག་རབ་ཏུ་འཕྱང་བ། རྒྱ་མཚོ་ཆེན་པོའི་སྤྲིན་དག་གིས་ནམ་མཁའི་དཀྱིལ་འཁོར་ཀུན་ཏུ་ཁེབས་པར་བྱིན་གྱིས་རློབས་ལ་རིན་པོ་ཆེའི་སྤྲིན་རབ་ཏུ་འཕྱང་ཞིང་ལྷའི་རས་བཅོས་བུ་མང་ པོ་དང་མུ་ཏིག་གི་རྒྱན་ཕྲེང་རྒྱ་མཚོ་ཆེན་པོའི་སྤྲིན་དག་དང་། སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་ཟབ་མོ་སྣ་ཚོགས་ཀྱི་བྱིན་གྱིས་བརླབས་ཀྱིས་སྒྲ་སྒྲོགས་པ་རྒྱ་མཚོའི་སྤྲིན་དག་དང་། དེ་བཞིན་གཤེགས་པའི་ཡོན་ཏན་གྱི་རྒྱན་བཀོད་པ་བསམ་གྱིས་མི་ཁྱབ་པ་རྣམ་པ་སྣ་ཚོགས་ཡང་དག་ པར་སྟོན་པའི་རིན་པོ་ཆེ་བཀོད་པ་ཆེན་པོ་རྒྱ་མཚོའི་སྤྲིན་དག་གིས་ནམ་མཁའི་དཀྱིལ་ཀུན་ཏུ་ཁེབས་པར་བྱིན་གྱིས་བརླབས་ཏེ། སྤྲིན་ཆེན་པོ་རྣམ་པར་འཕྲུལ་པའི་སྒྲ་སྒྲོགས་པ་རྒྱ་མཚོའི་སྤྲིན་དག་དང་། རིན་པོ་ཆེ་སྣ་ཚོགས་ཀྱི་ལྷའི་བླ་རེ་དྲིལ་བུའི་སྒྲ་སྙན་པ་སྒྲོགས་པ་རྒྱ་མཚོའི་སྤྲིན་དག་དང་། བྱའི་ཚོགས་ཐམས་ཅད་སྐད་འབྱིན་ཅིང་མེ་ཏོག་གི་ཆར་ཆེན་པོ་རབ་ཏུ་འབེབས་པ་རྒྱ་མཚོ་ཆེན་པོའི་སྤྲིན་དག་དང་། རྒྱ་མཚོ་སྤྲིན་ཆེན་པོས་སྒྲ་ཆེར་སྒྲོགས་ཤིང་ལྷའི་རིན་པོ་ཆེ་རབ་ཏུ་འཕྱང་ལ། མུ་ཏིག་གི་ལྡ་ལྡི་རྣམ་པ་སྣ་ཚོགས་རབ་ཏུ་འཕྱང་བ། རྒྱ་མཚོའི་སྤྲིན་དག་དང་། གསེར་སྐུད་ཀྱིས་ བརྒྱན་པའི་སྣང་བ་ཆེན་པོ་ཅན་གྱི་རྩེ་མོས་ནམ་མཁའ་ཀུན་ཏུ་ཁེབས་པར་བྱེད་པ་རྒྱ་མཚོ་ཆེན་པོའི་སྤྲིན་དག་དང་། རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲེང་བའི་འོད་ཀྱི་དཀྱིལ་འཁོར་གྱིས་ནམ་མཁའ་ཀུན་ཏུ་ཁེབས་པར་བྱེད་པ་ལ་མཁས་པ་རྒྱ་མཚོའི་སྤྲིན་དག་དང་། སྣང་བ་དང་ལྡན་པའི་རྒྱ་མཚོ་ ཆེན་པོའི་སྒྲས་ཀུན་ཏུ་ཁེབས་པའི་རྒྱ་མཚོ་ཆེན་པོའི་སྤྲིན་དག་གིས་ནམ་མཁའ་མངོན་པར་ཁེབས་པར་གྱིས་ཤིག །ཀླུ་དང་ཀླུའི་རྒྱལ་པོ་ཐམས་ཅད་ཚུར་ཤོག །སའི་སྟེང་འདིར་འབྲུག་སྒྲ་སྒྲོགས་ཤིག །ཆར་ཕོབ་ཤིག །ཆར་རབ་ཏུ་ཕོབ་ཤིག །ཆར་ཀུན་ཏུ་རབ་ཏུ་ཕོབ་ཤིག་དི་རི་རིར་ སྒྲོག་ཤིག །གློག་ཆེན་པོ་སྣང་བ་རབ་ཏུ་ཕྱུང་ཤིག །འདུ་ཞིང་ཀུན་ཏུ་འདུ་ལ་