Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 059_མདོ་སྡེ།_བ

Văn bản gốc(Tây Tạng)

Trang 11 / 20 (50.000 ký tự/trang)
ར་རྫོགས་པའི་སངས་རྒྱས་སྣང་བའི་དཔལ་ཞེས་བྱ་བ་ད་ལྟར་བཞུགས་ཤིང་འཚོ་ལ་གཞེས་ཏེ། བྱང་ཆུབ་སེམས་དཔས་བསྐོར་ཅིང་བྱང་ཆུབ་
སེམས་དཔས་མདུན་གྱིས་བལྟས་པ་ལ་ཆོས་སྟོན་ཏོ་ཞེས་བྱ་བ་ནས་རྣམ་པར་ཤེས་པ་མེད་པར་མི་འགྱུར་རོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་དུ་སྦྱར་རོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཡང་རུང་། དེའི་མཚན་ཐོས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་
ལྡོག་པར་འགྱུར་ཞིང་ཉེ་བར་ལེན་པའི་ཉོན་མོངས་པ་ཐམས་ཅད་ཟད་པར་ཡང་རྗེས་སུ་འཛིན་པར་འགྱུར་རོ། །གཞོན་ནུ་སངས་རྒྱས་ཀྱི་ཞིང་འདི་ནས་སྟེང་གི་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གྲངས་མེད། དཔག་ཏུ་མེད། བསམ་གྱིས་མི་ཁྱབ། གཞལ་
དུ་མེད་པ་དེ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་ཟླ་བ་ཅན་ཞེས་བྱ་བ་ཞིག་ཡོད་དེ། འཇིག་རྟེན་གྱི་ཁམས་ཟླ་བ་ཅན་ཞེས་བྱ་བ་དེ་སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པ་ཇི་སྙེད་ཅིག་འདས་པ་ན་ཡོད་ཅེ་ན། གཞོན་ནུ་འདི་ལྟ་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་
སྲིད་པའི་རྩེ་མོའི་བར་དུ་བྱེ་མས་ཡོངས་སུ་གང་བར་གྱུར་ལ། དེ་ནས་མི་ལ་ལ་ཞིག་གིས་བྱེ་མ་དེ་ལས་འབྲུ་རེ་རེ་ནས་བླངས་ཤིང་སྟེང་གི་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་རེ་རེར་བྱེ་མ་འབྲུ་རེ་རེ་འཇོག་པར་བྱེད་པ་དེ་ལྟ་བུའི་ཚུལ་གྱིས་བྱེ་མ་དེ་ཐམས་ཅད་སྟེང་གི་ཕྱོགས་སུ་ཡོངས་སུ་ཟད་ཅིང་
ཡོངས་སུ་གཏུགས་པར་གྱུར་ཀྱང་སངས་རྒྱས་ཀྱི་ཞིང་དེ་དག་གི་ཚད་དམ་མཐའ་རྟོགས་པར་མི་ནུས་པའི་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དཔག་ཏུ་མེད་གྲངས་མེད་པ་དེ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་ཟླ་བ་ཅན་ཞེས་བྱ་བ་དེ་ཡོད་དེ། འཇིག་རྟེན་གྱི་ཁམས་དེ་ཡང་ལག་མཐིལ་ལྟར་
མཉམ་པར་གྱུར་པ། རིན་པོ་ཆེ་སྣ་བདུན་གྱིས་ལེགས་པར་བརྒྱན་པ། གསེར་གྱི་ས་གཞིར་འདུག་ཅིང་མིག་མངས་རིས་སུ་བྲིས་པ། རིན་པོ་ཆེའི་ཤིང་ལྗོན་པས་ལེགས་པར་བརྒྱན་པ། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། ཡི་དགས་དང་། ལྷ་མ་ཡིན་གྱི་ཚོགས་

རྣམས་མེད་པ། རྩྭ་དང་། ཤིང་སྐམ་དང་། ཚེར་མ་དང་། རྡོ་དང་། གསེག་མ་དང་། གྱོ་མོ་དག་མེད་པ། ངམ་གྲོག་དང་། གཡང་ས་མེད་པ། མེ་ཏོག་གི་སིལ་མ་དག་བཀྲམ་པ་ཡིན་ཏེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་
རྒྱས་ནོར་དཔལ་ཞེས་བྱ་བ་ད་ལྟར་བཞུགས་ཤིང་འཚོ་ལ་གཞེས་ཏེ། བྱང་ཆུབ་སེམས་དཔས་བསྐོར་ཅིང་བྱང་ཆུབ་སེམས་དཔས་མདུན་གྱིས་བལྟས་པ། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་
པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པའི་སྐུ་གསེར་ལེགས་པར་བཙོས་ཤིང་ལེགས་པར་དུལ་བ་ལྟ་བུ་རིན་པོ་ཆེའི་རྒྱན་ལེགས་པར་བཀོད་པ་བཞིན་དུ་འཁོར་གྱི་ནང་ན་མཛེས་པར་བཞུགས་ཤིང་ཐོག་མར་དགེ་བ།
བར་དུ་དགེ་བ། ཐ་མར་དགེ་བའི་ཆོས་སྟོན་ཏོ། །འདི་སྐད་ཅེས་ཀྱང་སྟོན་ཏེ། འདི་ལྟར་སའི་ཁམས་མེད་པར་མི་འགྱུར་རོ། །དེ་བཞིན་དུ་ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། སྐྱེ་དགུའི་བདག་པོ་ཚངས་པ་དང་། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་།
འདུ་བྱེད་དང་། རྣམ་པར་ཤེས་པ་མེད་པར་མི་འགྱུར་རོ་ཞེས་སྟོན་ཏོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཡང་རུང་དེའི་མཚན་ཐོས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་ཞིང་ཆོས་རིན་པོ་ཆེ་བླ་ན་མེད་པ་ཡང་ཐོབ་པར་འགྱུར་རོ། །གཞོན་ནུ་དེ་
ལྟར་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཡང་རུང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྱོད་པ་དང་། ཡོན་ཏན་ཕུན་སུམ་ཚོགས་པ་དང་། ཡེ་ཤེས་ཕུན་སུམ་ཚོགས་པ་དང་། ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་
པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་ཕུན་སུམ་ཚོགས་པ་དང་ལྡན་པ་དེ་དག་གི་མཚན་ཐོས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །གཞོན་ནུ་སྔོན་བྱུང་བ་འདས་པའི་དུས་བསྐལ་པ་གྲངས་མེད་པ་བས་ཀྱང་

ཆེས་གྲངས་མེད་པ་ཡུན་རིང་པོ་ཚད་མེད་པ་འདས་པ་དེའི་ཚེ་རིན་ཆེན་འབྱུང་གནས་ཞེས་བྱ་བའི་བསྐལ་པ་ཞིག་བྱུང་སྟེ། དེར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་
པ། སྐྱེས་བུ་གདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་རྒྱ་མཚོའི་དཔལ་ཞེས་བྱ་བ་ཞིག་འཇིག་རྟེན་དུ་བྱུང་སྟེ། དེར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅུ་པོ་འདི་དག་ཐམས་
ཅད་ལྷན་ཅིག་ཏུ་འཐུན་པར་དགེ་བའི་རྩ་བ་བསྐྱེད་དེ། ཟས་དང་། སྐོམ་དང་། བཟའ་བ་དང་། བཅའ་བ་རྣམ་པ་སྣ་ཚོགས་དང་། མེ་ཏོག་དང་། སྤོས་དང་། མེ་ཏོག་ཕྲེང་བ་དང་། བྱུག་པ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་གྱི་རྣམ་པ་དཔག་ཏུ་མེད་གྲངས་མེད་པས་བཅོམ་
ལྡན་འདས་དེ་ལ་མཆོད་པ་རྒྱ་ཆེན་པོ་བྱས་ནས་ཐམས་ཅད་ཀྱིས་ལྷན་ཅིག་ཏུ་འཐུན་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། ཐམས་ཅད་ཀྱིས་ཉི་མ་གཅིག་ཏུ་སྐད་ཅིག་ཐང་ཅིག་ཡུད་ཙམ་གཅིག་ལ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །དེ་ནས་
དེ་དག་གིས་རིམ་གྱིས་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་ནས། བྱང་ཆུབ་ཀྱི་ཕྱོགས་དང་འཐུན་པའི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱས་ཏེ། སྐད་ཅིག་ཐང་ཅིག་ཡུད་ཙམ་གཅིག་ལ་རང་རང་གི་སངས་རྒྱས་ཀྱི་ཞིང་རྣམས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་
མངོན་པར་རྫོགས་པར་སངས་རྒྱས་སོ། །སྐད་ཅིག་ཐང་ཅིག་ཡུད་ཙམ་གཅིག་ལ་དེ་དག་གིས་ཆོས་ཀྱི་འཁོར་ལོ་བསྐོར་ཏོ། །ཐམས་ཅད་ཀྱི་ཚེའི་ཚད་ཀྱང་མཉམ་མོ། །གཞོན་ནུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ཐམས་ཅད་ཀྱང་ཉི་མ་
གཅིག་ཏུ་སྐད་ཅིག་ཐང་ཅིག་ཡུད་ཙམ་གཅིག་ལ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་རྒྱལ་པོ་གཟུགས་ཅན་སྙིང་པོའི་སྲས་ཁྱེའུ་རིན་ཆེན་ཟླ་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་

བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གི་སྐུ་ཚེའི་ཚད་ནི་ངོ་མཚར་ལགས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དེ་དག་གིས་ནི་སེམས་ཅན་རྣམས་ལ་ཐུགས་བརྩེ་བའི་སླད་དུ་སྐུ་ཚེའི་ཚད་དེ་ཙམ་དུ་རིང་བ་གཞེས་ལགས་སོ། །བཅོམ་ལྡན་
འདས་གཞན་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་དེ་བཞིན་གཤེགས་པ་དེ་རྣམས་ཀྱི་སྐུ་ཚེའི་ཚད་འདི་ལ་དེ་བཞིན་དུ་འཛིན་ཅིང་ཡིད་ཆེས་ལ་སྤོང་བར་མི་བགྱིད། འདོར་བར་མི་བགྱིད་པ་དེ་ལ་བསོད་ནམས་ཇི་ཙམ་སྐྱེ་བར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
གཞོན་ནུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དང་། དེ་བཞིན་གཤེགས་པ་བཅུ་པོ་དེ་དག་གི་སངས་རྒྱས་ཀྱི་ཞིང་དེ་དག་དང་། སངས་རྒྱས་ཀྱི་ཞིང་བཅུ་པོ་རྣམས་ལྷའི་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་
རྫོགས་པའི་སངས་རྒྱས་རྣམས་ལ་ཉིན་གཅིག་བཞིན་དུ་སྦྱིན་པ་བྱིན་ཏེ། དེ་ལྟ་བུར་བསྐལ་པ་གྲངས་མེད་པར་སྦྱིན་པ་སྦྱིན་པར་བྱེད་ལ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་མཚན་འདི་རྣམས་དང་། སྐུ་ཚེའི་ཚད་འདི་རྣམས་ཐོས་ནས་དེ་བཞིན་དུ་འཛིན་ཅིང་ཡིད་ཆེས་ལ་སྤོང་བར་
མི་བྱེད། སྨོད་པར་མི་བྱེད་དེ། མོས་པར་བྱེད་ཅིང་འཐུན་པར་བྱེད་ན་བསོད་ནམས་ཀྱི་ཕུང་པོ་སྔ་མ་དེས་བསོད་ནམས་ཀྱི་ཕུང་པོ་དེའི་བརྒྱའི་ཆར་ཡང་མི་ཕོད། སྟོང་གི་ཆ་དང་། དཔེའི་བར་དུ་ཡང་མི་བཟོད་དོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དང་། མི་མཇེད་ཀྱི་བདག་པོ་ཚངས་
པ་དང་། རྒྱལ་པོ་ཆེན་པོ་བཞི་དང་། ལྷའི་བུ་དབང་ཕྱུག་དང་། དབང་ཕྱུག་ཆེན་པོ་དང་། དཔལ་ལྡན་ལེགས་དང་། དགའ་ལྡན་དང་། ལྷའི་བུ་ཡོངས་སུ་དགའ་ལྡན་གྱིས་འདི་ལྟར་ཆོས་ཀྱི་རྣམ་གྲངས་འདི་དང་། དེ་བཞིན་གཤེགས་པ་བཅུ་པོ་དེ་རྣམས་ལ་མཆོད་པ་བྱ་བའི་
ཕྱིར་དེ་བཞིན་གཤེགས་པ་ལ་ལྷའི་མེ་ཏོག་དང་། ཙན་དན་གྱི་ཕྱེ་མས་གཏོར། མངོན་པར་གཏོར། མངོན་པར་རབ་ཏུ་གཏོར་ཏོ། །ཚིག་འདི་སྐད་ཅེས་ཀྱང་སྨྲས་ཏེ། བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་དག་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་དང་།

འཆང་བ་དང་། ཀློག་པ་དང་། རྗོད་པར་བགྱིད་པ་དེ་དག་ནི་ཕྱག་བགྱི་བའི་འོས་ལགས་སོ། །བཅོམ་ལྡན་འདས་ཐ་ན་ཆོས་ཀྱི་རྣམ་གྲངས་འདི་གང་དག་གིས་སུག་པ་ན་མཆིས་པ་དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་
བ་ལགས་སོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་དག་གི་རྣ་ལམ་དུ་གྲགས་པར་འགྱུར་བ་དེ་དག་ནི་བདུད་སྡིག་ཅན་གྱི་དབང་དུ་མཆིས་པར་མི་འགྱུར་ལགས་སོ། །དེ་ནས་བཅོམ་ལྡན་འདས་ལ་རྒྱལ་པོ་གཟུགས་ཅན་སྙིང་
པོའི་སྲས་ཁྱེའུ་རིན་ཆེན་ཟླ་བས་ཚིགས་སུ་བཅད་པས་གསོལ་པ། ཕུང་པོ་མེད་པ་བཅོམ་ལྡན་འདས། །ཁྱོད་ཀྱིས་ལེགས་གསུངས་དཔག་ཏུ་མེད། །བདག་དང་ལྷར་བཅས་འཇིག་རྟེན་རྣམས། །ཁྱོད་ཀྱིས་འདི་ལ་ཡི་རང་ངོ་། །འཇིག་རྟེན་མགོན་པོ་འདས་པ་ན། །གང་
དག་ད་དུང་མ་བྱོན་དང་། །ཕྱོགས་རྣམས་མ་ལུས་གང་བཞུགས་པའི། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆིས། །སངས་རྒྱས་རྣམས་ཀྱི་ཡུལ་གཅིག་པ། །ཆོས་དང་དགེ་འདུན་ཞི་བའི་མཆོག །ཡོན་ཏན་ལེགས་པར་བསམ་མི་ཁྱབ། །དགེ་འདུན་ལ་ཡང་སྐྱབས་སུ་མཆིས། །
བྱང་ཆུབ་སེམས་དཔའ་འཇིགས་པ་མེད། །གང་དག་བཟོད་ལ་རབ་གནས་ཤིང་། །གང་དག་གཟུངས་ལ་གནས་པ་དང་། །གང་དག་མཚུངས་མེད་སྟོང་ཉིད་ཚུལ། །མཚན་ཉིད་ཀྱི་ནི་མདོ་སྡེ་དང་། །བྱང་ཆུབ་རྒྱུར་འགྱུར་སྡེ་སྣོད་དང་། །འཐུན་པར་འཇུག་པའི་མདོ་སྡེ་ལ། །
ལེགས་བསླབས་བྱང་ཆུབ་སེམས་རྣམས་ལྟར། །ཐུབ་པ་བདག་ནི་བྱང་ཆུབ་ཀྱི། །སྤྱད་པ་སྤྱོད་ཅིང་སློབ་པར་འཚལ། །རང་བྱུང་དེ་དག་ཇི་བཞིན་དུ། །ཞིང་གི་བཀོད་པ་རྣམ་དག་དང་། །སྤྱོད་དང་སྤྱོད་ཡུལ་ཏིང་འཛིན་དང་། །དེ་དག་གི་ནི་ཡོན་ཏན་དང་། །དྲང་སྲོང་མཆོག་རྣམས་སྐུ་ཚེའི་
ཚད། །གསུངས་པ་གང་ལགས་རྫོགས་པར་བགྱི། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་བུ་དེ་དག་དང་། རིན་ཆེན་ཟླ་བ་གཞོན་ནུར་གྱུར་པ་ལ་ལེགས་སོ་ཞེས་བྱ་བ་བྱིན་ནས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །འཇིག་རྟེན་མགོན་པོ་དེ་རྣམས་ཀྱི། །མཚན་ནི་གང་ཞིག་

འཛིན་བྱེད་པ། །མ་འོངས་དུས་ན་དེ་དག་ཀུན། །རྐང་གཉིས་རྣམས་ཀྱི་མཆོག་ཏུ་འགྱུར། །ང་ཡིས་ཇི་སྐད་གསུངས་པ་བཞིན། །དྲང་སྲོང་མཆོག་བཞུགས་དེ་དག་ལྟར། །དེ་དག་ཚེ་ཡང་བསྐལ་པ་ནི། །བྱེ་བ་བསམ་ཡས་སྙེད་དུ་འགྱུར། །གང་ཞིག་སྐྱོབ་པ་དེ་དག་གི །
མཚན་འདི་དག་ནི་འཛིན་འདི་ལ། །མེ་དང་ཆོམ་རྐུན་དུག་རྣམས་དང་། །མཚོན་གྱིས་ཚུགས་པར་མི་འགྱུར་རོ། །མཚན་འདི་དག་ནི་འཛིན་བྱེད་ན། །ཆུ་ཆེན་དག་གིས་དེ་མི་འཆི། །རྒྱལ་པོའི་གནོད་པས་མ་ཡིན་ཏེ། །དེ་ནི་ནམས་ཀྱང་ཆོས་མི་སྤོང་། །མཚན་
མོ་ཐུན་ཚོད་དང་པོ་དང་། །གུང་དང་ཐ་མའང་དེ་བཞིན་ཏེ། །དུས་གསུམ་དག་ཏུ་མཚན་སྒྲོགས་དང་། །དྲང་སྲོང་མཆོག་ནི་དེ་དག་གི། །མཚན་རྣམས་སྔ་དྲོ་སྒྲོགས་བྱེད་ཅིང་། །ཉི་མའི་གུང་ལ་སྒྲོགས་བྱེད་དང་། །མཁས་པ་ནུབ་ཀར་སྒྲོགས་བྱེད་པ། །རྨི་ལམ་བཟང་པོ་
མཐོང་བར་འགྱུར། །མཚན་རྣམས་བཟུང་ནས་དེ་འོག་ཏུ། །བསྐལ་པ་བྱེ་བ་སྟོང་རྣམས་སུ། །སྔོན་ཆད་སྡིག་པ་ཅི་བསགས་པ། །མི་དགེ་ཐམས་ཅད་བཤགས་པར་བྱ། །དེ་ཡིས་ལུས་ངག་ཡིད་ཀྱི་ལས། །མི་དགེ་གང་དག་བྱས་གྱུར་ན། །མཚན་རྣམས་བཟུང་
ནས་དེ་འོག་ཏུ། །ཉེས་བྱས་དེ་ཡང་བཤགས་པར་བྱ། །ཡན་ལག་ལྔ་ཡིས་གཏུགས་ནས་ནི། །རྒྱལ་རྣམས་བྱང་ཆུབ་སྔོན་རོལ་དུ། །དུས་གསུམ་དགེ་བ་ཅི་བསགས་པ། །དེ་ཀུན་རྗེས་སུ་ཡི་རང་བྱ། །འཇིག་རྟེན་རྩ་ལག་རྣམས་ཀྱིས་ནི། །བྱང་ཆུབ་བརྙེས་
ནས་ཆོས་གསུངས་དང་། །ལུས་ཅན་གང་དག་འཇིག་རྟེན་གྱི། །མགོན་པོ་རྣམས་ལ་མཆོད་བྱེད་པ། །དེ་ལ་རྒྱལ་བའི་སྲས་རྣམས་ཀྱིས། །ཉིན་མཚན་དུས་གསུམ་ཡི་རང་བྱ། །དེས་ན་བདག་གཞན་དོན་བྱེད་པའི། །ཕ་རོལ་ཕྱིན་པ་རྫོགས་པར་འགྱུར། །བཅོམ་
ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། རྒྱལ་པོ་གཟུགས་ཅན་སྙིང་པོའི་སྲས་ཁྱེའུ་རིན་ཆེན་ཟླ་བ་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། དགེ་སློང་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་བཅོམ་ལྡན་འདས་ཀྱིས་

གསུངས་པ་ལ་ཡི་རངས་ཏེ་མངོན་པར་བསྟོད་དོ། །འཕགས་པ་རིན་ཆེན་ཟླ་བས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བི་ཤུདྡྷ་སིང་ཧ་དང་། ལོཙྪ་བ་བནྡེ་དགེ་བ་དཔལ་གྱིས་བསྒྱུར། རྒྱ་གར་གྱི་མཁན་པོ་པིདྱཱ་ཀ་ར་སིདྷ་
དང་། ཞུ་ཆེན་གྱི་ལོཙྪ་བ་བནྡེ་དེ་བ་ཙན་དྲས་ཞུས་ཏེ་གཏན་ལ་ཕབ་པ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཀྴེ་མང་ཀ་ར་པ་རི་པྲྀཙྪཱ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་བདེ་བྱེད་ཀྱིས་ཞུས་པ་ཞེས་བྱ་
བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ཤཱཀྱའི་ཡུལ་སེར་སྐྱའི་གནས་ན། ཤཱཀྱ་རྣམས་ཀྱི་ཤིང་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་དགེ་སློང་ལྔ་
བརྒྱའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་སོ། །དེའི་ཚེ་ཤཱཀྱའི་བུ་བདེ་བྱེད་ཅེས་བྱ་བ་སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོ་ནས་བྱུང་སྟེ། ཤིང་ནྱ་གྲོ་དྷའི་ཀུན་དགའ་ར་བ་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་
ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འདུག་གོ། །དེ་ནས་ཤཱཀྱའི་བུ་བདེ་བྱེད་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆོས་དུ་དང་ལྡན་ན་
བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར། ཚེགས་ཆུང་ངུས་ཀྱང་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་མངོན་པར་སྒྲུབ་པར་བགྱིད། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་མཆི་བར་བགྱིད། རྨོངས་པ་མ་མཆིས་པར་འགུམ་པའི་
དུས་བགྱིད་པར་འགྱུར། སྐྱེས་ནས་ཀྱང་མངོན་པར་ཤེས་པ་ལྔ་དང་ལྡན་པར་འགྱུར། མི་ཁོམ་པ་ཐམས་ཅད་རྣམ་པར་སྤངས་ཤིང་ཁོམ་པ་འབྱོར་པ་ཐོབ་པར་འགྱུར། གཟུངས་ཀྱང་ཐོབ་པར་འགྱུར། སྤོབས་པ་ཐོགས་པ་མ་མཆིས་པ་དང་ཡང་ལྡན་པར་འགྱུར། ཕྱིར་མི་ལྡོག་

པའི་ཆོས་དང་ལྡན་ཞིང་སྟོང་པ་ཉིད་ལ་ལྷག་པར་མོས་པར་ཡང་འགྱུར། རྟག་ཏུ་རབ་ཏུ་འབྱུང་བ་ལ་མངོན་པར་དགའ་བར་འགྱུར། ཁྱིམ་ན་གནས་ཀྱང་རྟག་ཏུ་ཚངས་པར་སྤྱོད་པ་ལ་མངོན་པར་དགའ་བར་འགྱུར་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་
ལྡན་འདས་ཀྱིས་ཤཱཀྱའི་བུ་གཞོན་ནུ་བདེ་བྱེད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ཁྱོད་དེ་བཞིན་གཤེགས་པ་ལ་དོན་འདི་ཡོངས་སུ་ཞུ་བར་སེམས་པ་ནི་རིགས་ཀྱི་བུ་ཁྱོད་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། སྐྱེ་བོ་
ཕལ་པོ་ཆེའི་དོན་དང་། ལྷ་དང་མི་རྣམས་ལ་ཕན་པ་དང་བདེ་བའི་ཕྱིར་ཞུགས་པ་ཡིན་ཏེ། ལེགས་སོ་ལེགས་སོ། །དེའི་ཕྱིར་རིགས་ཀྱི་བུ་ཁྱོད་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་ཁྱོད་ལ་བཤད་དོ། །བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་ཇི་སྐད་སྨོས་པའི་
ཡོན་ཏན་དེ་དག་རྗེས་སུ་འཐོབ་སྟེ། བཞི་གང་ཞེ་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་བཟོད་པའི་སྟོབས་དང་ལྡན་ཞིང་བཟོད་པ་ལ་གནས་པ་དེ་ཕ་རོལ་གཤེ་ཡང་སླར་མི་གཤེ་བ་དང་། བརྡེགས་ཀྱང་སླར་མི་རྡེག་པ་དང་། མཚང་བྲུས་ཀྱང་སླར་མཚང་མི་འདྲུ་བ་དང་། ཁྲོས་
ཀྱང་སླར་མི་ཁྲོ་བ་སྟེ། རིགས་ཀྱི་བུ་ཆོས་བཞི་པོ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་ཅིང་ཇི་སྐད་སྨྲས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་ཡང་རྗེས་སུ་འཐོབ་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་
ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས་དེ་བཞིན་དུ་སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་ཏུ་སྤྱོས་ཀྱང་གཤེ་བར་མི་བྱེད་ལ། །གནོད་བྱས་གཞན་ལ་དེ་ནི་གནོད་མི་བྱེད། །དེ་ནི་མི་ལུས་སྤང་བ་བྱས་ནས་ཀྱང་། །བྱང་ཆུབ་སེམས་དཔའ་ཡོན་
ཏན་དེ་དག་འཐོབ། །སྡིག་པའི་ཚིག་རྣམས་རྟག་ཏུ་སྲུང་བྱེད་ཅིང་། །སྡིག་པའི་སེམས་ཀྱི་དབང་དུ་མི་འགྲོ་ལ། །སྡིག་ལས་ལོག་སྟེ་འབྲས་བུ་དེ་ཐོབ་ནས། །ཡེ་ཤེས་མཆོག་ཉིད་མྱུར་དུ་ཐོབ་པར་འགྱུར། །སྐྱེ་བོ་གང་དག་འཚོག་རུང་དགའ་བྱེད་ཅིང་། །ཁྲོ་གཏུམ་གནོད་པར་སེམས་པའི་

སེམས་ལྡན་རྣམས། །སངས་རྒྱས་ཡེ་ཤེས་ཡོངས་སུ་སྤངས་ནས་སུ། །མི་མཁས་དེ་དག་སྡུག་བསྔལ་མི་བཟད་ལྡན། །དེ་ལྟ་བས་ན་གཞན་ལ་མི་འཚོག་ཅིང་། །རྒྱུ་དང་མི་རྒྱུ་རྣམས་ལ་དབྱུག་པ་སྤངས། །སེམས་ཅན་ཀུན་ལ་ཕན་ཞིང་སྙིང་བརྩེར་ལྡན། །དེས་འདིར་ཡེ་ཤེས་
དམ་པ་མྱུར་དུ་འཐོབ། །སྐྱེ་བོ་རྨོངས་པ་ཁྲོས་པས་ཟིལ་ནོན་པ། །འཇིག་རྟེན་མཁས་པའི་བསྟན་ལས་དེ་རིང་སྟེ། །དེ་ནི་ལོག་ལྟ་རྣམས་ཀྱིས་ངན་འཛིན་ཡིན། །དེ་ལྟ་བས་ན་མཁས་མིས་དཀྲུག་མི་བྱ། །བྱང་ཆུབ་སེམས་དཔའ་གང་འདིར་མི་ཁྲོ་ཞིང་། །བདེན་པ་རྗེས་སྲུང་གཞན་ལ་
མི་གནོད་པ། །སྤྱད་པ་དཀོན་པ་འདི་དག་རྫོགས་བྱས་ནས། །སུམ་ཅུ་རྩ་གཉིས་མཚན་མཛེས་ཕུན་སུམ་ཚོགས། །མི་མཁས་རྟག་ཏུ་ཕུང་ཞིང་སྡང་སེམས་ལྡན། །ཕ་མ་ལ་ཡང་འདི་ན་གུས་མི་བྱེད། །ཀུན་ནས་ཉོན་མོངས་རྩ་བ་རབ་གནས་པ། །སྐྱེས་བུ་ཐ་མའི་ཉེས་པ་འདི་
རྣམས་ཡིན། །དེ་བས་རྟག་ཏུ་བཟོད་པ་ཁོ་ན་བསྟེན། །དགེ་སློང་ཆོས་སྨྲ་བ་ལ་བསྟེན་པར་བྱ། །དགེ་བའི་བཤེས་གཉེན་ཡོངས་སུ་མི་གཏོང་སྟེ། །དེ་ལ་བྱང་ཆུབ་མཆོག་ནི་དཀའ་བ་མེད། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་བླ་ན་མེད་པ་ཡང་དག་
པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་ཅིང་ཇི་སྐད་སྨོས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་ཡང་རྗེས་སུ་འཐོབ་བོ། །བཞི་གང་ཞེ་ན། རིགས་ཀྱི་བུ་འདི་ལ་ཆོས་དོན་དུ་གཉེར་བ་དང་། ཆོས་འདོད་པ་དང་། ཆོས་ཀྱི་ཀུན་དགའ་ལ་དགའ་ཞིང་མོས་པ་དང་། ཆོས་འཛིན་པ་དང་།
ཆོས་སྟོན་པ་ཡིན། བུད་མེད་ཡོངས་སུ་སྤོང་ཞིང་བུད་མེད་ལ་སྟེན་པར་མི་བྱེད་པ་ཡིན། སྦྱིན་པའི་བདག་པོ་དང་། ཀུན་བགེད་པའི་ངང་ཚུལ་ཅན་དང་། ཀུན་བགེད་པ་ལ་དགའ་བ་དང་། རྨུགས་པ་དང་། གཉིད་ཡོངས་སུ་སྤོང་བ་ཡིན། སྟོང་པ་ཉིད་ལ་མོས་པ་དང་། སྟོང་པ་ཉིད་ལ་
གནས་པ་ཡིན་ཏེ། རིགས་ཀྱི་བུ་ཆོས་བཞི་པོ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་ཅིང་ཇི་སྐད་སྨོས་པའི་ཡོན་ཏན་དེ་དག་ཀྱང་འཐོབ་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་

གཤེགས་པས་དེ་སྐད་གསུངས་ནས་དེ་བཞིན་དུ་སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །སེམས་ཅན་གང་དག་ཆོས་ནི་འདོད་པ་དང་། །ཆོས་ཀྱི་དོན་དུ་བརྩོན་འགྲུས་བསྐྱེད་པ་དཀོན། །གང་དག་ཆོས་ཀྱི་འཁོར་ལོ་སྐོར་བྱེད་པ། །དེ་དག་ཡེ་ཤེས་དམ་པ་ཐོབ་པར་
འགྱུར། །གཞན་ལས་ཐོས་ནས་ཡང་དག་འཛིན་བྱེད་ཅིང་། །ཕ་རོལ་དོན་དུ་གཉེར་ལ་ཆོས་སྟོན་ལ། །ཤེས་ལྡན་དེ་དག་འཁོར་དུ་ཞུམ་པ་མེད། །བླ་མེད་བྱང་ཆུབ་མཆོག་ལ་རེག་པར་འགྱུར། །ལོག་པར་ལྟུང་རྒྱུ་བུད་མེད་རྣམ་པར་སྤངས། །རྒྱལ་སྲས་རྟག་ཏུ་ཚངས་པར་སྤྱོད་པར་འགྱུར། །
ཚངས་པར་སྤྱོད་ལ་བརྟན་པར་དེ་གནས་ཤིང་། །འཁོར་ལོ་བླ་མེད་དམ་པ་སྐོར་བར་བྱེད། །བུད་མེད་རྣམས་ལ་མཚན་མ་འགའ་ཡོད་དེ། །འདི་ལྟར་སྡུག་བསྔལ་ཉམ་ཐག་སྐེམ་པར་འགྱུར། །དེ་དག་བསྟེན་ན་ཞི་བ་མེད་པ་སྟེ། །དེ་བས་ཡོངས་སུ་སྤོངས་ལ་བྱང་ཆུབ་སྤྱོད། །དེ་ནས་ཤཱཀྱའི་
བུ་བདེ་བྱེད་བསྟན་པ་འདི་ཐོས་ནས་ཚིམ་ཞིང་མགུ་ལ་ཡི་རངས་ཤིང་རབ་ཏུ་དགའ་སྟེ། དགའ་བ་དང་ཡིད་བདེ་བ་སྐྱེས་ནས་རང་གི་ལུས་ལས་རྒྱན་བཀྲོལ་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་གཏོར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱི་མཐུས་རྒྱན་དེ་དག་བཅོམ་ལྡན་འདས་ཀྱི་དབུའི་
དྲང་ཐད་ཀྱི་སྟེང་གི་བར་སྣང་ལ་རིན་པོ་ཆེའི་ཁང་པ་བརྩེགས་པ་ཞིག་ཏུ་འདུག་པར་གྱུར་ནས། རིན་པོ་ཆེའི་ཁང་པ་བརྩེགས་པ་དེ་ནས་མི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ལྔ་བརྒྱ་བྱུང་ནས། བཅོམ་ལྡན་འདས་ལ་རྒྱན་རྣམས་འཐོར་ཞིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་
སེམས་བསྐྱེད་ནས་ཚིག་འདི་སྐད་ཅེས་བཅོམ་ལྡན་འདས་བདག་ཅག་གི་དགེ་བའི་རྩ་བ་འདི་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བགྱིས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བགྱིའོ་ཞེས་འཛེར་ཏོ། །དེ་ནས་ཤཱཀྱའི་བུ་བདེ་བྱེད་ཀྱིས་ཀྱང་སྤྲུལ་པའི་མི་
དེ་དག་མཐོང་ངོ་། །མཐོང་ནས་ཀྱང་ལུས་ཀྱི་སྤུ་ཟིང་ཞེས་བྱེད་པར་གྱུར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་མི་འདི་རྣམས་གང་ནས་མཆིས། ཤར་ཕྱོགས་སམ། ལྷོ་ཕྱོགས་སམ། ནུབ་ཕྱོགས་སམ། བྱང་ཕྱོགས་སམ། འོག་གམ། སྟེང་གི་ཕྱོགས་སམ།

འོན་ཏེ་ཕྱོགས་མཚམས་གང་ནས་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་མི་འདི་རྣམས་ནི་ཤར་ཕྱོགས་ནས་མ་འོངས་ལྷོ་དང་། ནུབ་དང་། བྱང་ཕྱོགས་དང་། འོག་དང་སྟེང་གི་ཕྱོགས་དང་། ཕྱོགས་མཚམས་གང་ནས་ཀྱང་མ་འོངས་ཏེ། འདི་རྣམས་ནི་ལྷ་མ་ཡིན། ཀླུ་མ་ཡིན།
གནོད་སྦྱིན་མ་ཡིན། དྲི་ཟ་མ་ཡིན། ལྷ་མ་ཡིན་མ་ཡིན། ནམ་མཁའ་ལྡིང་མ་ཡིན། མིའམ་ཅི་མ་ཡིན། ལྟོ་འཕྱེ་ཆེན་པོ་མ་ཡིན། མི་མ་ཡིན། མི་མ་ཡིན་པ་མ་ཡིན་ནོ། །སའི་ཁམས་ལ་མི་རྟེན། ཆུའི་ཁམས་ལ་མི་རྟེན། མེའི་ཁམས་ལ་མི་རྟེན། རླུང་གི་ཁམས་ལ་མི་རྟེན། ནམ་
མཁའི་ཁམས་ལ་མི་རྟེན་ཏོ། །འདི་དག་ལ་ནི་གཟུགས་མེད། ཚོར་བ་མེད། འདུ་ཤེས་དང་། འདུ་བྱེད་རྣམས་དང་། སེམས་མེད། ཡིད་མེད། རྣམ་པར་ཤེས་པ་མེད། ལས་མེད། ལས་ཀྱི་རྣམ་པར་སྨིན་པ་མེད། འཇིག་རྟེན་འདི་མེད། འཇིག་རྟེན་ཕ་རོལ་མེད། འོང་བ་མེད། འགྲོ་བ་མེད།
གནས་པ་མེད། འཆི་འཕོ་མེད། སྐྱེ་བ་མེད་དོ། །འོན་ཀྱང་རིགས་ཀྱི་བུ་འདི་དག་ནི་སྤྲུལ་པ་ཞེས་བྱ་བ་ཡིན་ནོ། །འདི་དག་ནི་གཞི་མེད་པ་ཞེས་བྱ་བ་ཡིན་ནོ། །འདི་དག་ནི་སྲོག་མེད་པ་ཞེས་བྱ་བ་ཡིན་ནོ། །འདི་དག་ནི་སྐྱེས་བུ་མེད་པ་ཞེས་བྱ་བ་ཡིན་ནོ། །འདི་དག་ནི་གང་ཟག་མེད་པ་ཞེས་བྱ་
བ་ཡིན་ནོ། །འདི་དག་ནི་མཚན་ཉིད་མེད་པ་ཞེས་བྱ་བ་ཡིན་ནོ། །འདི་དག་ནི་དབེན་པ་ཞེས་བྱ་བ་ཡིན་ནོ། །འདི་དག་ནི་སྟོང་པ་ཞེས་བྱ་བ་ཡིན་ནོ། །འདི་དག་ནི་ངོ་བོ་ཉིད་མེད་པ་ཞེས་བྱ་བ་ཡིན་ནོ། །བདེ་བྱེད་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་གང་དག་དེ་ལྟར་ཆོས་ཐམས་ཅད་སྤྲུལ་པ་ལྟ་བུར་འདོད་
པ་དང་། བཟོད་པ་དང་། ཁོང་དུ་ཆུད་པ་དང་། མངོན་པར་དད་པ་དང་། ཡིད་ཆེས་པ་དང་། གཞན་གྱི་དྲིང་མི་འཇོག་པར་འགྱུར་བའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་བདེ་བྱེད་ངའི་བུ་ཞེས་བྱའོ། །ངའི་རྗེས་སུ་སྐྱེས་པ་ཞེས་བྱའོ། །སྣང་བ་འཛིན་པ་ཞེས་བྱའོ། །འོད་བྱེད་པ་ཞེས་བྱའོ། །མུན་
པ་བསལ་བ་ཞེས་བྱའོ། །ཉོན་མོངས་པ་སྤངས་པ་ཞེས་བྱའོ། །སྟོན་པ་ཞེས་བྱའོ། །བསོད་ནམས་ཀྱི་ཞིང་ཞེས་བྱའོ། །ཡོན་ཏན་གྱི་གནས་ཞེས་བྱའོ། །དགེ་སྦྱོང་ཞེས་བྱའོ། །བྲམ་ཟེ་ཞེས་བྱའོ། །ཚོར་བ་པོ་ཞེས་བྱའོ། །གླང་པོ་ཞེས་བྱའོ། །མི་སྐྱེ་བའི་ཆོས་ལ་བཟོད་པ་དང་ལྡན་པ་ཞེས་

བྱའོ། །བྱང་ཆུབ་སེམས་དཔའ་ཞེས་བྱའོ། །སེམས་དཔའ་ཆེན་པོ་ཞེས་བྱའོ། །ཕྱིར་མི་ལྡོག་པའི་ཆོས་དང་ལྡན་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའི་ཆོས་དང་ལྡན་པ་ཞེས་བྱའོ། །ལུང་བསྟན་པ་ཞེས་བྱའོ། །རིགས་ཀྱི་བུ་གང་སུ་ཡང་རུང་བ་དག་དེ་ལྟར་
ཆོས་ཐམས་ཅད་སྤྲུལ་པ་ལྟ་བུར་མི་འདོད། མི་བཟོད། མི་འཇུག །མི་མོས། མི་དད། ཐོས་ནས་ཀྱང་དངང་ཞིང་སྐྲག་ལ་དངང་བར་འགྱུར་བ་དང་། སླར་ཟློག་པ་དང་། ཕྱིར་གཤེ་བའི་རིགས་ཀྱི་བུ་དེ་དག་ནི་དགེ་སྦྱོང་མ་ཡིན་པ་ཞེས་བྱའོ། །བྲམ་ཟེ་མ་ཡིན་པ་ཞེས་བྱའོ། །མུ་སྟེགས་ཅན་
ཞེས་བྱའོ། །དམིགས་པ་ཅན་ཞེས་བྱའོ། །དཀྲུགས་མ་པ་ཞེས་བྱའོ། །སྡིག་པའི་གྲོགས་པོ་ཞེས་བྱའོ། །ཡོངས་སུ་སྤང་བར་བྱ་བ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ངན་གཡོ་ཅན་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་འཆལ་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་
ལྟར་བཅོས་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་སྲེ་ད་ལྟ་བུ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་སུན་འབྱིན་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་གཏུམ་པ་ཞེས་བྱའོ། །དེ་ནས་བདུད་སྡིག་ཅན་སྡུག་བསྔལ་ཞིང་ཡིད་མི་བདེ་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་
བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་བཤད་པས་སེམས་ཅན་ཇི་སྙེད་ཅིག་གི་དོན་མཛད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྡིག་ཅན་ཆོས་ཀྱི་རྣམ་གྲངས་འདི་བཤད་པས་འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་
པའི་ལྷའི་བུ་བརྒྱད་ཁྲི་བཞི་སྟོང་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །དགེ་སློང་ལྔ་བརྒྱ་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །དགེ་སློང་མ་བདུན་ཅུ་རྩ་ལྔས་ཀྱང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །བྱང་ཆུབ་སེམས་དཔའ་བདེ་བྱེད་དང་། དགེ་བསྙེན་
ལྔ་བརྒྱ་གཞན་དག་ཀྱང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །དགེ་བསྙེན་མ་ཉི་ཤུ་རྩ་ལྔ་ཡང་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་སྟེ། དེ་དག་ཐམས་ཅད་ཀྱང་མི་སྐྱེ་བའི་ཆོས་ལ་བཟོད་པ་དང་ལྡན་པར་གྱུར་ཏོ། །དེ་དག་ཐམས་ཅད་ཀྱང་འདི་ནས་

ཤི་འཕོས་ནས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་ཀྱི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཐམས་ཅད་ལྷན་ཅིག་འཐུན་པར་སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་
པ་རྣམས་ཀྱིས་སངས་རྒྱས་ཀྱི་བྱང་ཆུབ་འཛིན་པར་འགྱུར། བརྗོད་པར་འགྱུར། སྟོན་པར་འགྱུར། ཡང་དག་པར་རབ་ཏུ་སྟོན་པར་འགྱུར་རོ། །དེ་དག་ཕྱིས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བསྐལ་པ་འདས་ནས། བསྐལ་པ་བཟང་པོ་ཞེས་བྱ་བ་འདི་ཉིད་ལ་སྟོང་གསུམ་གྱི་
སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དེ་ནས་བདུད་སྡིག་ཅན་སྡུག་བསྔལ་ཞིང་ཡིད་མི་བདེ་ལ་འགྱོད་ཅིང་མཆི་མས་བརྣངས་ལ་ངུ་བཞིན་དུ་གྱུར་ཏེ། དེ་ཉིད་ནས་ཕྱིར་འགྲོ་ཞིང་
ཚིག་འདི་སྐད་དུ། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་སླན་ཅད་མི་བཤད་དུ་གསོལ་ཞེས་སྨྲས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྡིག་ཅན་ཁྱོད་དེ་སྐད་མ་སྨྲ་ཤིག །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱི། ཆོས་ཀྱི་
འཁོར་ལོ་བསྐོར་བ་འདི་ནི་ཐོགས་པ་མེད་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་
སྩལ་པ། ཀུན་དགའ་བོ་དེའི་ཕྱིར་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་བྱང་ཆུབ་སེམས་དཔའ་ངེས་པར་འབྱུང་བ་ཞེས་བྱ་བར་ཟུང་ཤིག །བདེ་བྱེད་ཀྱིས་ཞུས་པ་ཞེས་བྱ་བར་ཡང་ཟུང་ཤིག །ཀུན་དགའ་བོ་ངས་ཆོས་ཀྱི་རྣམ་གྲངས་འདི་ཁྱོད་ལ་གཏད་དེ། གཟུང་བ་དང་།
བཀླག་པ་དང་། བཤད་པ་དང་། གཞན་དག་ལ་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པར་བྱ་བའི་ཕྱིར་ཡོངས་སུ་གཏད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་མ་གཏོགས་པར་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་དག་ལ་བསྐལ་པ་བཅུར་སྤྱད་པ་བས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཞིག་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། གཞན་དག་ལ་ཡང་
རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་དང་། ཐ་ན་གླེགས་བམ་དུ་བྱས་ཏེ་འཆང་བ་དེ་ནི་དེ་བསོད་ནམས་ཆེས་མང་དུ་སྐྱེད་པའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །གང་ཞིག་ཚུལ་འདི་མ་ཐོས་པར། །བསྐལ་པ་བཅུར་
ནི་སྦྱིན་བྱིན་ཡང་། །བླ་ན་མེད་པའི་སྦྱིན་པ་ཞེས། །དེ་ནི་བསྔགས་པར་མི་འགྱུར་རོ། །གང་ཞིག་བསྐལ་པ་བཅུ་རྣམས་སུ། །འཇིག་རྟེན་པ་ཡི་ཚུལ་ཁྲིམས་སྲུང་། །དེ་ནི་དམིགས་ལ་གནས་པས་ན། །ཚུལ་ཁྲིམས་དེ་ནི་དག་མི་འགྱུར། །གང་ཞིག་སངས་རྒྱས་ཀྱིས་
བསྔགས་པའི། །མདོ་སྡེ་ཟབ་མོ་འདི་འཛིན་པ། །ཚུལ་ཁྲིམས་དེ་ནི་བླ་ན་མེད། །སངས་རྒྱས་ཀུན་གྱིས་བསྔགས་པ་ཡིན། །གང་འདིར་བསྐལ་པ་བཅུ་རྣམས་སུ། །བཟོད་པ་སྨྲ་བའི་མིར་གྱུར་ལ། །གཤེ་བར་བྱེད་པའི་སྲོག་ཆགས་རྣམས། །ཀུན་ལ་བཟོད་པར་བྱེད་གྱུར་ཀྱང་། །
འདི་ནི་ཚུལ་འདི་མ་ཐོས་ན། །བཟོད་པ་དེ་ནི་བསྔགས་མ་ཡིན། །གང་ཞིག་མདོ་སྡེ་འདི་འཛིན་ཅིང་། །གཞན་དག་ལ་ཡང་རབ་སྟོན་ན། །བཟོད་པ་དེ་ནི་བླ་ན་མེད། །སངས་རྒྱས་ཀུན་གྱིས་བསྔགས་པ་ཡིན། །གང་ཞིག་ཚུལ་འདི་མ་ཐོས་པར། །བསྐལ་པ་དག་ནི་བཅུ་
རྣམས་སུ། །འཆག་པ་དག་ལས་མི་འདའ་ཡང་། །བརྩོན་འགྲུས་དེ་ནི་བསྔགས་མ་ཡིན། །གང་ཞིག་སངས་རྒྱས་ཀྱིས་བཤད་པ། །མདོ་སྡེ་ཟབ་མོ་འདི་འཛིན་ན། །བརྩོན་འགྲུས་དེ་ནི་བླ་ན་མེད། །སངས་རྒྱས་ཀུན་གྱིས་བསྔགས་པ་ཡི། །གང་ཞིག་བསྐལ་པ་བཅུ་རྣམས་སུ། །
བསམ་གཏན་ལྡན་པའི་མིར་གྱུར་ལ། །བསམ་གཏན་རོ་ལ་དེ་གནས་ན། །བསམ་གཏན་པ་ཞེས་དེ་མི་བརྗོད། །ནང་དང་ཕྱི་རོལ་རྣམས་ལ་ཡང་། །རྡུལ་ཙམ་ཆོས་ཀྱང་མི་རྟོགས་ན། །བསམ་གཏན་དེ་ནི་བླ་ན་མེད། །དེ་ནི་བསམ་གཏན་པ་ཞེས་བྱ། །དེ་ལྟར་སྦྱིན་དང་ཚུལ་ཁྲིམས་

དང་། །བཟོད་པ་དང་ནི་བརྩོན་འགྲུས་དང་། །བསམ་གཏན་ཤེས་རབ་མཉམ་ཉིད་ཀྱིས། །དེ་ནི་བྱང་ཆུབ་མྱུར་འཐོབ་འགྱུར། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ཤཱཀྱའི་བུ་བདེ་བྱེད་དང་། ཐམས་ཅད་དང་ལྡན་པའི་འཁོར་
དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་བདེ་བྱེད་ཀྱིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་
པོ་པྲཛྙཱ་བརྨ་དང་། ཞུ་ཆེན་གྱི་ལོཙྪ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་རཱཥྚ་པཱ་ལ་པ་རི་པྲྀཙྪཱ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཡུལ་འཁོར་
སྐྱོང་གིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། བྱ་རྒོད་ཕུང་པོའི་རི་ལ་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་
གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས།
བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་བསྟན་པ་འདི་ནུབ་པར་བགྱིད་པའི་སེམས་ཅན་གང་ལགས་པ་དེ་དག་ཇི་ལྟ་བུ་དག་ཅིག་ལགས། དེ་སྐད་ཅེས་
གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཡུལ་འཁོར་སྐྱོང་གནས་འདི་གཉིས་ནི་བཅོམ་ལྡན་འདས་ཀྱིས་གསུངས་པ་སྟེ། གཉིས་གང་ཞེ་ན། དགེ་སློང་གི་གནས་དང་། ལྷོད་པའི་གནས་སོ། །དེ་ལ་

དགེ་སློང་གི་གནས་ནི། ཚུལ་ཁྲིམས་དང་ལྡན་པའི་ཕྱོགས་གང་ཡིན་པའོ། །ལྷོད་པའི་གནས་ནི། ཚུལ་ཁྲིམས་འཆལ་པའི་ཕྱོགས་གང་ཡིན་པའོ། །ཡུལ་འཁོར་སྐྱོང་དེ་ལ་ཡོངས་སུ་མྱ་ངན་ལས་འདའ་བར་འདོད་པའི་དགེ་སློང་གིས་ནི། གནས་འདི་
གཉིས་ལ་བསླབ་པར་བྱའོ། །གཉིས་གང་ཞེ་ན། ཚུལ་ཁྲིམས་ཀྱི་ཕུང་པོས་ཀྱང་ཤིན་ཏུ་བསྲུང་བར་བྱ་བ་དང་། བདག་ཉིད་ལ་ངེས་པར་བསམ་པར་བྱའི། ཕ་རོལ་ལ་ངེས་པར་བསམ་པར་མི་བྱའོ། །དེ་ལ་ཇི་ལྟར་བདག་ཉིད་ལ་ངེས་པར་བསམ་པར་བྱའི། ཕ་རོལ་ལ་ངེས་པར་
བསམ་པར་མི་བྱ་ཞེ་ན། དེས་འདི་ལྟར་བརྟག་པར་བྱ་སྟེ། ཅི་བདག་རང་གི་སྡུག་བསྔལ་གྱི་ཕུང་པོ་ཟད་པར་བྱེད་འདོད་པ་ཡིན་ནམ། འོན་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ་ཡིན་སྙམ་དུ་བརྟག་པར་བྱའོ། །གལ་
ཏེ་ཉན་ཐོས་ཀྱི་ཐེག་པས་ཡོངས་སུ་མྱ་ངན་ལས་འདའ་བར་འདོད་པ་ཞིག་ཡིན་ན་ནི། དེས་ཉན་ཐོས་ཀྱི་བསླབ་པ་ཁོ་ན་ལ་བསླབ་པར་བྱ་སྟེ། སོ་སོར་ཐར་པའི་སྡོམ་པས་བསྡམ་པར་བྱའོ། །ཆོ་ག་དང་སྤྱོད་ཡུལ་ཕུན་སུམ་ཚོགས་པར་བྱའོ། །ཁ་ན་མ་ཐོ་བ་ཕྲ་རབ་ཙམ་དག་ལ་
ཡང་འཇིགས་པར་ལྟ་བས་ཡང་དག་པར་བླངས་ཏེ་བསླབ་པར་བྱའོ། །བསླབ་པའི་གཞི་རྣམས་ལ་ཡང་ལུས་ཀྱི་ལས་དང་། ངག་གི་ལས་དང་། ཡིད་ཀྱི་ལས་ཡོངས་སུ་དག་པར་བྱའོ། །འཚོ་བ་ཡོངས་སུ་དག་པ་དང་། སྨད་དུ་མེད་པར་ཡང་བྱའོ། །བརྐམ་
པ་མེད་ཅིང་རོ་རྣམས་ལ་འཆུམས་པ་མེད་པ་དང་། ཆོས་གོས་ལ་ཚོད་ཟིན་པར་ཡང་བྱའོ། །ལྷུང་བཟེད་ལ་ཚོད་ཟིན་པར་ཡང་བྱའོ། །དེས་ཁ་ཟས་ཡོག་དྲོད་ཀྱིས་བཟའ་བར་ཡང་མི་བྱ་སྟེ། ལྟོ་མ་བཀྲེས་ཙམ་དུ་ཁ་ཟས་བསྙུངས་པ་དེས་བསླབ་པར་བྱའོ། །དེས་
ཁ་ཟས་ལ་རྟག་ཏུ་རྒྱུན་མི་ཆད་པར་མི་གཙང་བའི་འདུ་ཤེས་བསྐྱེད་པར་བྱའོ། །འདི་ལྟ་སྟེ། ཕྱི་ས་དང་། གཅིན་གྱི་འདུ་ཤེས་དང་། རྣག་གི་འདུ་ཤེས་དང་། སྐྱུགས་པའི་འདུ་ཤེས་དང་། མི་གཙང་བའི་འདུ་ཤེས་དང་། རྨ་བསྐུ་བ་ལྟ་བུའི་འདུ་ཤེས་དང་།

དམན་པའི་འདུ་ཤེས་དང་། མི་འཐུན་པའི་འདུ་ཤེས་དང་། བུའི་ཤ་ལྟ་བུའི་འདུ་ཤེས་དང་། དོར་བའི་འདུ་ཤེས་དང་། སྤང་བའི་འདུ་ཤེས་དང་། དྲི་མི་ཞིམ་པའི་འདུ་ཤེས་བསྐྱེད་པར་བྱ་སྟེ། དེས་དེ་ལྟ་བུའི་ཚུལ་དུ་བཟའ་ཞིང་ཚོད་རིག་པར་བྱའོ། །དེས་ཆགས་
པ་མེད་པ་དང་། སྡང་བ་མེད་པ་དང་། རྨོངས་པ་མེད་པ་དང་། རྟག་ཏུ་དབེན་པ་ལ་མངོན་པར་དགའ་བར་བྱ་སྟེ། བྲེ་མོའི་གཏམ་ལ་མངོན་པར་དགའ་བར་མི་བྱའོ། །རི་དགས་འཆི་བ་ལྟ་བུར་དང་དུ་བླང་བར་བྱའོ། །དབེན་པར་བྱའོ། །དབེན་པ་ལ་མངོན་པར་
དགའ་བར་བྱའོ། །དབེན་པ་ལ་མངོན་པར་དགའ་ཞིང་མོས་པ་དང་། བཟོད་པ་དང་ལྡན་པར་བྱའོ། །དེས་པ་དང་འགྲོགས་ན་བདེ་བར་བྱའོ། །འཇིག་རྟེན་གྱི་གཏམ་ལ་མི་རྟེན་པར་བྱའོ། །ཉོ་ཚོང་སྤྱོད་པ་སྤང་བར་བྱའོ། །སྨན་དཔྱད་ལ་དགའ་བ་དང་། ཕྲིན་པ་ལ་
དགའ་བ་དང་། ཁྱིམ་གྱི་བྱ་བ་དང་འབྲེལ་པར་མི་བྱའོ། །འདུག་པ་དང་། འགྲེང་བ་དང་། འཆག་པ་དང་། ཉལ་བ་ལ་མཁས་པར་བྱའོ། །རབ་ཏུ་དབེན་པ་དང་། དགོན་པར་དགའ་བ་དང་། ཞི་བའི་གནས་མལ་སྒྲ་ཆུང་བ། སྐད་ཆུང་བ། འཇིགས་པའི་ཡིད་ལ་བྱེད་པ་མེད་
པ། སྡིག་སྦྲུལ་མེད་པ། མི་མང་པོ་མེད་པ། མིས་དབེན་པ། ནང་དུ་ཡང་དག་འཇོག་དང་འཚམ་པ་བསྟེན་པར་བྱའོ། །བདག་བསྟོད་པར་ཡང་མི་བྱ། གཞན་སྨད་པར་ཡང་མི་བྱའོ། །ཚུལ་འཆོས་པ་དང་ཁ་གསག་མི་བྱའོ། །རྟག་ཏུ་རྒྱུན་མི་ཆད་པར་སྐྱོ་བའི་སེམས་བསྐྱེད་པར་
བྱའོ། །དེས་ཁྱིམ་པ་དང་། རབ་ཏུ་བྱུང་བ་རྣམས་དང་འདུ་ཞིང་འདྲིས་པར་མི་བྱའོ། །སྟོང་པའི་ཆོས་རྣམས་ཀུན་ཏུ་བསྟེན་པར་བྱ། བསྒོམ་པར་བྱ། མང་དུ་བྱའོ། །དེས་རིག་པ་དང་མི་ལྡན་པའི་དགེ་སློང་དང་ལྷན་ཅིག་ཕྲད་པ་སྤང་བར་བྱའོ། །དགེ་སློང་མ་དང་འདྲིས་པར་མི་
བྱའོ། །འདོད་པ་ཆུང་བར་ཡང་བྱའོ། །རྟག་ཏུ་བདག་ཉིད་ཀྱི་འཁྲུལ་པ་རྣམས་ལ་སོ་སོར་བརྟག་པར་བྱའོ། །གཞན་གྱི་འཁྲུལ་པ་རྣམས་ལ་བརྟག་པར་མི་བྱའོ། །ཕ་མ་ལ་ཡང་ཡིད་བརྟན་པར་མི་བྱ་ན། རིགས་གཞན་ལྟ་ལ་ཅི་སྨོས། ཤིན་ཏུ་ཡང་དག་པར་བསྡམ་

པ་ཅན་དུ་བྱའོ། །ཉེ་བར་ཞི་བའི་ཆོས་ཀྱི་སྦྱིན་བདག་བྱའོ། །དམིགས་པ་ལ་མཁས་པར་བྱའོ། །དབེན་པའི་གནས་མལ་དུ་གནས་པར་བྱའོ། །འཐུན་པ་ཡང་གཞན་དག་ལ་སྨྲ་བར་མི་བྱ་ན་མི་འཐུན་པ་ལྟ་ཅི་སྨོས། དེས་ཆོས་དེ་དག་ལ་སེམས་ཉེ་
བར་གནས་པར་བྱས་ནས། ཆོས་ཟབ་མོ་རྣམས་ལ་སོ་སོར་བརྟག་པར་བྱའོ། །ཆོས་ཟབ་མོ་རྣམས་ལ་བརྟག་པར་བྱ་བ་དེ་དག་ཀྱང་གང་ཞེ་ན། མིག་མི་རྟག་གོ་སྙམ་དུ་སོ་སོར་བརྟག་པར་བྱའོ། །དེའི་སྐྱེ་བ་དང་འཇིག་པ་ལ་ཡང་སོ་སོར་བརྟག་པར་བྱའོ། །དེ་ལ་སྐྱེ་བ་དང་།
འཇིག་པ་ལ་སོ་སོར་བརྟག་པ་གང་ཡིན་པ་དེ་ནི་མེད་པ་ལ་སོ་སོར་རྟོག་པའོ། །དེ་ཅིའི་ཕྱིར་ཞེ་ན། མིག་ཅེས་བྱ་བ་ནི་མེད་པའི་ཕྱིར་རོ། །མིག་དང་། གཟུགས་དང་། མིག་གི་རྣམ་པར་ཤེས་པ་ནི་དམིགས་པ་མ་ཡིན་གྱི་མེད་པ་དམིགས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་
ཐམས་ཅད་དམིགས་པ་མེད་པའི་ཕྱིར་རོ། །དེས་རྣ་བའི་རྟེན་བསམ་པར་མི་བྱའོ། །སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་རྟེན་བསམ་པར་མི་བྱའོ། །ཅི་ཡང་རུང་བའི་རྟེན་བསམ་པར་མི་བྱའོ། །དེ་ལྟར་བྱས་ན་ཅི་ཞིག་བསམ་པ་ཡིན། དེ་བཞིན་དུ་ཆོས་རྣམས་སྟོང་
པར་ཡང་བརྩོན་པར་བྱའོ། །དེ་ལྟར་བརྩོན་པ་དེ་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་དག་པར་བྱེད་དོ། །ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་ཡོངས་སུ་དག་པར་བྱེད་དོ། །རྒྱུན་དུ་ཞུགས་པའི་འབྲས་བུ་འཐོབ་པར་འགྱུར་རོ། །ལན་ཅིག་ཕྱིར་འོང་བའི་
འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་ཐོབ་པར་འགྱུར་ཏེ། དེ་ལྟ་བུའི་འདུ་འཛི་མེད་པ་ནི་དང་པོའི་ཉན་ཐོས་ཀྱི་ས་ཡིན་ཏེ། དེ་དག་གིས་ཟག་པ་ཟད་པ་ཐོབ་པར་འགྱུར་རོ། །དེ་ལ་དགེ་སློང་ལྟར་བཅོས་པ་གང་ཞེ་ན། ཡུལ་འཁོར་སྐྱོང་
འདི་ན་དགེ་སློང་བདག་ཉིད་ལ་ངའོ་སྙམ་དུ་འཛིན་ཏེ། དེ་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་མ་རྫོགས་པ་དང་ལྡན་པ་ཡིན། ཆོས་གོས་གཅེས་པར་འཛིན་པ་དང་། ལྷུང་བཟེད་གཅེས་པར་འཛིན་པ་ཡིན། ཟང་ཟིང་གཅེས་པར་འཛིན་པ་ཡིན་ཏེ། དེ་ནི་མི་སྨྲ་བ་སྤངས་

ནས་ངན་སོང་དུ་འགྱུར་བའི་མལ་ཆ་དང་། སྟན་དང་། མགྲོན་དུ་གཉེར་བ་ཆེན་པོ་རྣམས་བདག་གིར་བྱེད། བུད་མེད་དང་འདྲིས་པར་བྱེད། དགེ་སློང་མ་དང་འདྲིས་པར་བྱེད། རྒྱལ་པོས་བཀྲབས་པ་དང་འདྲིས་པར་བྱེད་དེ། དེ་འདྲིས་པར་གྱུར་ནས་རྒྱུན་མི་འཆད་པར་
མིག་གིས་གཟུགས་རྣམས་ལ་ངེས་པར་སེམས་སོ། །དེས་དེ་ལྟར་སེམས་བསྐྱེད་ནས་ཀུན་ནས་ཉོན་མོངས་པར་འགྱུར་རོ། །ཀུན་ནས་ཉོན་མོངས་པའི་སེམས་དང་ལྡན་ན་གནས་འདི་ལྟ་བུ་ཡོད་དོ། །ཉེས་པ་ལྕི་བ་དེ་བྱེད་པའམ། ཡང་ན་ཆུང་ངུ་བྱེད་ཅིང་འདུག་པར་
འགྱུར་ཏེ། ཡུལ་འཁོར་སྐྱོང་འདི་ནི་དགེ་སློང་ལྟར་བཅོས་པ་ཡིན་ནོ། །ཡུལ་འཁོར་སྐྱོང་ཅིའི་ཕྱིར་དགེ་སློང་ལྟར་བཅོས་པ་ཡིན་ཞེ་ན། དགེ་སློང་ལྟར་བཅོས་པ་དེ་དེ་བཞིན་གཤེགས་པས་མལ་ཆ་དང་། སྟན་གནང་བ་ཐ་མལ་པ་གང་ལ་དགེ་སྦྱོང་གནས་པའི་མལ་ཆ་དང་
སྟན་གང་ཡིན་པ་མི་བླུན་པོ་དེས་སྤངས་ན་ཆོས་གོས་ལ་ཞེན་ཅིང་ཟང་ཟིང་ལ་ཞེན་ནས་བུད་མེད་དང་འདྲིས་པར་བྱེད་ཅིང་། ཁྱིམ་པ་དང་འདྲིས་པར་བྱེད་ན་འདྲིས་པར་འགྱུར་བའི་མི་བླུན་པོ་དེ་ལ་དགེ་སྦྱོང་གི་ཚུལ་ལྟ་ག་ལ་ཡོད་དེ། དེའི་སྟེང་དུ་ཆོས་ཟབ་མོ་རྣམས་ལ་ཡང་སུན་
འབྱིན་ཅིང་གཤེ་བར་བྱས། ལས་དེས་ཐོས་སུ་ཟིན་ཀྱང་བསྔགས་པ་མ་ཡིན་པ་རྗོད་པར་བྱེད་དོ། །དགོན་པའི་བསྔགས་པ་མ་ཡིན་པ་རྗོད་པར་བྱེད་དོ། །གང་ལ་དེའི་སེམས་མངོན་པར་དགའ་བའི་འདོད་པ་རྣམས་འབའ་ཞིག་གི་བསྔགས་པ་རྗོད་པར་བྱེད་ཅིང་། གང་ལ་དེའི་
སེམས་མངོན་པར་དགའ་བའི་བྲེ་མོའི་གཏམ་འབའ་ཞིག་གི་བསྔགས་པ་རྗོད་པར་བྱེད་ལ། དགེ་སློང་གི་གནས་གང་ཡང་རུང་བ་དེ་དག་གི་བསྔགས་པ་མ་ཡིན་པ་རྗོད་པར་བྱེད་དོ། །གང་ལ་ལས་དེ་བཞིན་གཤེགས་པས་མདོའི་ཚིག་ཁྱིམ་ན་གནས་པ་དང་། རབ་ཏུ་བྱུང་བ་རྣམས་དང་།
འདུ་འཛིར་མི་འབྱུང་བར་བྱའོ་ཞེས་གསུངས་པའི་མདོའི་ཚིག་དེ་བོར་ནས་དགེ་སྦྱོང་གི་ཚུལ་མི་འདོད་ཅིང་དགེ་སློང་གི་དངོས་པོ་མི་འདོད་དེ། གཅིག་པུར་འདུག་ཅིང་བུད་མེད་ལ་ཆོས་འཆད་པར་བྱེད་ལ་གཞན་དག་ལ་ཡང་དེ་ལྟ་བུའི་གཞི་རྣམས་སུ་ལུང་འབོག་པར་བྱེད་པའོ། །དེ་ཅིའི་ཕྱིར་

ཞེ་ན། དེ་དག་ནི་དེ་བཞིན་གཤེགས་པས་ཆོས་ཀྱི་ཆོམ་རྐུན་པར་གསུངས་ཏེ། སོ་སོར་ཐར་པ་སྤངས་ནས་གཅིག་པུར་འདུག་ཅིང་བུད་མེད་ལ་ཆོས་འཆད་པའི་ཕྱིར་རོ། །མི་བླུན་པོ་དེ་དག་ནི་བཅོས་མ་སྟེ། མགོ་བྲེགས་པས་བཅོས་པ་དང་། གོས་ངུར་སྨྲིག་
གྱོན་པས་བཅོས་པའོ། །རྒྱུ་གང་གིས་བཅོས་མ་ཡིན་པར་ཤེས་པར་བྱ་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སྨད་པ་གང་ཡིན་པ་དེ་ནི་མི་བླུན་པོ་དེ་དག་གིས་གནང་བར་བྱེད་དེ། ལོ་ཉི་ཤུ་མ་ལོན་པར་རྫོགས་པར་བསྙེན་པར་བྱེད། རང་གི་ལག་གིས་ལེན་པར་བྱེད།
མ་བརྟགས་པ་ལ་ལོངས་སྤྱོད་པར་བྱེད། རང་ཉིད་གཡོས་དང་འཚེད་པའི་ལས་བྱེད། གསེར་དང་དངུལ་བདག་གིར་བྱེད། ཁྲེ་རྒོད་དང་། འབྲུ་ལ་སོགས་པ་བསོགས་པར་བྱེད། ཁྱིམ་གྱི་གཞི་དང་། ཞིང་གི་གཞི་དང་། ཀུན་དགའ་ར་བའི་གཞི་ཉོ་ཚོང་བྱེད་ཅིང་། ཚལ་ཟའི་
འཚོ་བ་སྦྱོར་བར་བྱེད། ཁྱིམ་གྱི་གཞི་དང་། ཞིང་གི་གཞི་དང་། ཀུན་དགའ་ར་བའི་གཞི་ལེན་པར་བྱེད་དེ། ལས་ཀྱི་རྣམ་པར་སྨིན་པ་ལ་ཡང་ཡིད་མི་ཆེས་ཤིང་སོ་སོར་ཐར་པ་ལ་ཡང་མ་དད་ནས་དེ་ལ་འབབ་དེ་ལ་བབ་དེ་ལ་བདེན་པར་འཛིན་དེའི་སྤྱོད་ལམ་བྱེད། དགེ་སྦྱོང་དུ་འདྲ་
བར་འཛིན་ཅིང་གང་ན་སྐྱེ་བོ་མང་པོ་ཡོད་པ་དེར་གཅེར་བུ་པ་དང་མཚུངས་པར་སྟོན་པར་བྱེད། གང་ཟག་ཏུ་ལྟ་བ་བསྔགས་པར་བྱེད། གང་ཟག་ཏུ་ལྟ་བ་དང་། གཅེར་བུ་པ་དང་མཚུངས་པར་སྟོན་པས། སྐྱེ་བོ་མང་པོ་འཛུད་པར་བྱེད་ཅིང་འགོད་པར་བྱེད། སངས་རྒྱས་ཀྱི་སྤྱོད་
ཡུལ་དེ་བཞིན་གཤེགས་པའི་གནས་པ་སྟོང་པ་ཉིད་ལ་དམིགས་ནས་སུན་འབྱིན་པར་བྱེད། གཤེ་བར་བྱེད་པར་ཤེས་པར་བྱའོ། །ཡུལ་འཁོར་སྐྱོང་དེ་ལྟ་བུའི་སེམས་ཅན་དག་འབྱུང་བར་འགྱུར་ཏེ། དེ་དག་ནི་ཁྱིམ་པ་ཡང་མ་ཡིན། དགེ་སྦྱོང་ཡང་མ་ཡིན་ཏེ། དེ་དག་གིས་ནི་དེ་
བཞིན་གཤེགས་པའི་བསྟན་པ་འདི་ནུབ་པར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །དགེ་སློང་ཚུལ་ཁྲིམས་རྣམས་ལ་བསྡམ། །ཞི་ཞིང་ཞི་བའི་གནས་ལ་དགའ། །སོ་སོར་ཐར་པ་སློབ་བྱེད་པ། །དེ་དག་དགེ་

སློང་བྲམ་ཟེ་ཡིན། །ཆོས་རྣམས་གཙོ་བོ་བླངས་ནས་ནི། །ཅི་ཡང་མེད་པའི་དགེ་སློང་བ། །བས་མཐའ་དགོན་པ་རྣམས་སུ་དགའ། །དེ་དག་དགེ་སློང་བྲམ་ཟེ་ཡིན། །དེ་དག་བྲེ་མོ་གཏམ་མི་དགའ། །སོ་སོར་ཐར་རྣམས་ལེགས་པར་བསླབས། །གང་ཟག་
མཆོག་ལ་ཉིན་མཚན་དུ། །བཀུར་སྟི་ཆེན་པོ་བྱེད་པ་ཡིན། །ཞིང་ཡང་མི་རྨེད་ཚོང་མི་བྱེད། །ལྷུང་བཟེད་ཆོས་གོས་རྙེད་མི་ཚོལ། །ལེན་པ་མེད་པར་བརྩོན་པ་གང་། །དེ་དག་སངས་རྒྱས་ཉན་ཐོས་ཡིན། །དེ་དག་བུད་མེད་སྟོན་མི་བྱེད། །བུད་མེད་རྣམས་དང་འདུ་
བ་མེད། །ཤིང་དྲུང་རྣམས་ནི་བསྔགས་པར་བྱེད། །དེ་དག་སངས་རྒྱས་ཉན་ཐོས་ཡིན། །ཟས་དང་སྐོམ་གྱི་དོན་གྱི་ཕྱིར། །གཅམ་གསག་དག་ཀྱང་ཡང་མི་བྱེད། །དེ་འདྲར་གྱུར་པ་དེ་དག་ནི། །དགེ་སློང་མོ་ལ་སྟེན་མི་བྱེད། །མཚོན་རྣོ་ཇི་ལྟར་བདར་བ་བཞིན། །བུད་མེད་
རྣམས་ནི་དེ་འདྲར་ཤེས། །སོ་སོར་ཐར་ལས་བྱུང་བ་བཞིན། །བུད་མེད་འདུ་ཤེས་སྤོང་བར་བྱེད། །དེས་པ་དེ་དག་ཟས་ཕྱིར་དང་། །སྐོམ་གྱི་ཕྱིར་དང་གོས་ཀྱི་ཕྱིར། །ཁྱིམ་ཁྱིམ་དག་ཏུ་འགྲོ་བྱེད་ཅིང་། །ཆོས་རྣམས་སྟོན་པར་མི་བྱེད་དོ། །དགེ་སློང་རྣམས་ཀྱིས་བུད་མེད་
རྣམས། །བལྟ་བར་མི་བྱ་རྫོགས་སངས་རྒྱས། །དེ་ལ་ཤེས་ལྡན་སུ་ཞིག་རྟོན། །དེ་ནི་བདུད་ཀྱི་སྤྱོད་ཡུལ་ཡིན། །དེ་དག་གིས་ནི་མེད་པར་སྨྲས། །རོ་དང་ཉལ་བ་བཞིན་དུ་ཉལ། །དེ་ཕྱིར་སངས་རྒྱས་ཐམས་ཅད་མཁྱེན། །འདུ་འཛི་བསྔགས་པར་མི་མཛད་དོ། །ཆོས་རྣམས་
སྲོག་མེད་གསོ་བ་མེད། །གསོབ་དང་གསོག་དང་སྙིང་པོ་མེད། །སྟོང་པ་ཉིད་ལ་མོས་བྱེད་པ། །དེ་ནི་དགེ་སློང་ཆོས་ཉིད་དོ། །རྟག་ཏུ་བརྩོན་འགྲུས་ཕུན་སུམ་ཚོགས། །གཅིག་པུ་དགོན་པར་གནས་བྱེད་དང་། །འཇིག་རྟེན་ན་ནི་རྟེན་མེད་སེམས། །དེ་ནི་དགེ་སློང་ཆོས་ཉིད་དོ། །
སེང་གེ་བཞིན་དུ་འཇིགས་པ་མེད། །ཚངས་པར་སྤྱོད་ལ་གཞོལ་བར་བྱེད། །སྡུག་བསྔལ་ཀུན་ལས་ཐར་བྱའི་ཕྱིར། །ཤེས་རབ་ལྡན་པས་ལམ་ལ་སྒོམ། །མིག་དང་གཟུགས་ནི་ཚོལ་བ་ན། །དེ་དག་གིས་ནི་རྣམ་ཤེས་རྙེད། །དངོས་པོ་དེ་ཡང་ཚོལ་བ་ན། །བཙལ་བ་གང་ཡིན་མི་

རྙེད་དོ། །སྔོན་ཡང་མ་བྱུང་ཕྱིས་མི་འབྱུང་། །དབུས་ནའང་ཡོད་པ་མ་ཡིན་ཏེ། །དེ་ལྟ་བུ་ཡི་དོན་གྱིས་ན། །ཆོས་ཀུན་མཉམ་པ་ཉིད་ཀྱི་ཕྱིར། །དེས་པ་དེ་དག་ཟས་ཕྱིར་དང་། །སྐོམ་གྱི་ཕྱིར་དང་གོས་ཀྱི་ཕྱིར། །ཁྱིམ་ཁྱིམ་དག་དུ་འགྲོ་བྱེད་ཅིང་། །ཆོས་
རྣམས་སྟོན་པར་མི་བྱེད་དོ། །རྒྱུ་མེད་དེས་པ་བཟང་པོ་ཡིན། །དེ་དག་སངས་རྒྱས་བསླབས་པ་རྣམས། །འདའ་ཞིང་འཇིག་པར་མི་བྱེད་དེ། །བརྟུལ་བཟང་སྟོང་ཉིད་སྐྲག་པ་མེད། །འཇིགས་པ་མེད་པར་འཇུག་པར་བྱེད། །ལྟ་བ་མི་བཟད་འཇིག་མི་བྱེད། །སེམས་ཅན་གང་ཟག་
དངོས་མི་འཇིག །དཀར་པོའི་ཆོས་རྣམས་ཐམས་ཅད་ལ། །ཤིན་ཏུ་བརྟན་པར་གནས་པ་ཡིན། །བརྟན་པོ་དེ་དག་འཇིག་རྟེན་ན། །མྱ་ངན་འདས་པའང་རེག་གྱུར་ནས། །མཆོད་པའི་གནས་སུ་འོས་པར་འགྱུར། །གང་དག་ཤེས་རབ་འཆལ་པ་དང་། །ལེ་ལོ་ཅན་དང་
དམན་ལ་བརྩོན། །ཐོས་པ་ཉུང་དང་སྡིག་པ་འདོད། །ང་རྒྱལ་ཐ་བ་ཁྲོ་འགྱུར་གནས། །མགོ་ལ་སྤུ་གྲི་སྟེན་བྱེད་ཅིང་། །ཤིང་གིས་ཁ་བསྒྱུར་ཆོས་གོས་གྱོན། །སྟོང་པ་ཉིད་ནི་དོན་མེད་པ། །དེ་ནི་མཁས་པ་སྒོམ་མི་བྱེད། །ཆོས་ལ་སུན་འབྱིན་ཐེག་ཆེན་གྱི། །བསྔགས་
པ་མ་ཡིན་རྗོད་པར་བྱེད། །གང་ཞིག་ཆོས་འདི་བསྟན་པ་རྣམས། །ཇི་ལྟར་བསྟན་པ་དེ་བཞིན་དུ། །ནག་པོའི་ཕྱོགས་ལ་ཀུན་ཏུ་ཆགས། །དེས་ནི་ངན་འགྲོར་འགྲོ་བར་འགྱུར། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་
དང་། དགེ་སློང་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།འཕགས་པ་ཡུལ་འཁོར་སྐྱོང་གིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་
རྫོགས་སྷོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་ལ་སོགས་པ་དང་། ཞུ་ཆེན་གྱི་ལོཙྪ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།

༄༅། །རྒྱ་གར་སྐད་དུ། ཨཱརྱ་བི་ཀུརྦན་རཱ་ཛ་པ་རི་པྲྀཙྪཱ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་རྣམ་པར་འཕྲུལ་པའི་རྒྱལ་པོས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་
ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་དགེ་སློང་ཉི་ཁྲིའི་དགེ་སློང་གི་དགེ་འདུན་མང་པོ་དང་། བྱང་ཆུབ་སེམས་དཔའ་བྱམས་པ་དང་། སྤྱན་རས་གཟིགས་དབང་ཕྱུག་དང་།
མཐུ་ཆེན་ཐོབ་དང་། སེང་གེ་བློ་གྲོས་དང་། སེང་གེའི་ཏོག་དང་། སེང་གེའི་རྩལ་གྱིས་འགྲོ་བ་ལ་སོགས་པ་ཐམས་ཅད་ཀྱང་སྐྱེ་བ་གཅིག་གིས་ཐོགས་པ་ཁྲི་དང་ཡང་ཐབས་ཅིག་ཏུ་བཞུགས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་འཕྲུལ་པའི་རྒྱལ་པོ་ཡང་དེ་ཉིད་དུ་
འདུས་པར་གྱུར་ཏེ་འདུག་གོ། །ཡང་དེའི་ཚེ་བཅོམ་ལྡན་འདས་འཁོར་འབུམ་ཕྲག་དུ་མའི་ནང་ན་འདི་ལྟ་སྟེ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཉིད་ལས་བརྩམས་ཏེ་ཆོས་སྟོན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་འཕྲུལ་པའི་རྒྱལ་པོ་
སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་
དུ་བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་
དཔའ་རྣམ་པར་འཕྲུལ་པའི་རྒྱལ་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྣམ་པར་འཕྲུལ་པའི་རྒྱལ་པོ་ལ་དྲི་བ་ལན་གདབ་པའི་ཕྱིར། དེ་བཞིན་གཤེགས་པས་ཁྱོད་ལ་སྐབས་ཕྱེ་བས་རྣམ་པར་འཕྲུལ་པའི་རྒྱལ་པོ་ཁྱོད་ཅི་དང་ཅི་འདོད་པ་དྲིས་ཤིག་དང་། ངས་ཁྱོད་ཀྱི་དྲི་བ་དེ་དང་

དེའི་ལུང་བསྟན་པས་ཁྱོད་ཀྱི་སེམས་རངས་པར་བྱའོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྣམ་པར་འཕྲུལ་པའི་རྒྱལ་པོ་ལ་སྐབས་ཕྱེ་བ་དང་ཚིམ་ཞིང་མགུ་ལ་ཡི་རངས་ཏེ། དགའ་བ་དང་བདེ་བ་དང་། ཡིད་བདེ་བ་སྐྱེས་ནས་བཅོམ་ལྡན་
འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཐེག་པ་ཆེན་པོ་འདི་ལ་རྣམ་པར་འཕྲུལ་པ་དང་། ཐེག་པ་ཆེན་པོ་འདི་ལ་སེམས་ཅན་གཞན་དག་དང་། གང་ཟག་གཞན་དག་འཚལ་བར་བགྱིད་པ་དང་།
རྣམ་པར་འཕྲུལ་པ་དེས་ཀྱང་བདུད་ཐམས་ཅད་དང་། ལྷག་པའི་ང་རྒྱལ་ཅན་ཐམས་ཅད་དང་། ཕས་ཀྱི་རྒོལ་བ་ཐམས་ཅད་དང་། དམིགས་པར་ལྟ་བ་ལ་མངོན་པར་ཞེན་པ་ཐམས་ཅད་ཚད་བཀུམ་ནས་ཐེག་པ་ཆེན་པོ་འདི་ལ་འགོད་པར་བགྱིད་པ་དང་། སྨོན་ལམ་ཕུན་སུམ་ཚོགས་
པར་འགྱུར་བ་དང་། འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བརྟུལ་ཞུགས་གྲུབ་པ་ཡོངས་སུ་རྫོགས་པར་འགྱུར་བ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྣམ་པར་འཕྲུལ་པའི་རྒྱལ་པོ་ལ་འདི་སྐད་
ཅེས་བཀའ་སྩལ་ཏོ། །རྣམ་པར་འཕྲུལ་པའི་རྒྱལ་པོ་ལེགས་སོ་ལེགས་སོ། །རྣམ་པར་འཕྲུལ་པའི་རྒྱལ་པོ་ཁྱོད་དེ་བཞིན་གཤེགས་པ་ལ་དོན་དེ་ལྟ་བུ་དྲི་བར་སེམས་པ་ཡང་ལེགས་སོ། །རྣམ་པར་འཕྲུལ་པའི་རྒྱལ་པོ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་
ཤིག་དང་། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཐེག་པ་ཆེན་པོ་འདི་ལ་རྣམ་པར་འཕྲུལ་པ་དང་། ཐེག་པ་ཆེན་པོ་འདི་ལ་སེམས་ཅན་གཞན་དག་དང་། གང་ཟག་གཞན་དག་འདོད་པར་བྱེད་པ་དང་། རྣམ་པར་འཕྲུལ་པ་དེས་ཀྱང་། བདུད་
ཐམས་ཅད་དང་། ལྷག་པའི་ང་རྒྱལ་ཅན་ཐམས་ཅད་དང་། ཕས་ཀྱི་རྒོལ་བ་ཐམས་ཅད་དང་། དམིགས་པར་ལྟ་བ་ལ་མངོན་པར་ཞེན་པ་ཐམས་ཅད་ཚར་བཅད་ནས་ཐེག་པ་ཆེན་པོ་འདི་ལ་འགོད་པར་བྱེད་པ་དང་། སྨོན་ལམ་ཕུན་སུམ་ཚོགས་པར་འགྱུར་བ་དང་།

འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བརྟུལ་ཞུགས་གྲུབ་པར་འགྱུར་བ་ངས་བཤད་དོ། །བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ནས། བྱང་ཆུབ་སེམས་དཔའ་རྣམ་པར་འཕྲུལ་པའི་རྒྱལ་པོས་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་།
བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །རྣམ་པར་འཕྲུལ་པའི་རྒྱལ་པོ་བཞི་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་འཕྲུལ་པ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཚུལ་ཁྲིམས་ཀྱི་རྣམ་པར་འཕྲུལ་པ་དང་། མངོན་པར་ཤེས་
པའི་རྣམ་པར་འཕྲུལ་པ་དང་། ཤེས་པའི་རྣམ་པར་འཕྲུལ་པ་དང་། ཤེས་རབ་ཀྱི་རྣམ་པར་འཕྲུལ་པ་སྟེ། རྣམ་པར་འཕྲུལ་པའི་རྒྱལ་པོ་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་འཕྲུལ་པའོ། །རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་ལ་ཚུལ་ཁྲིམས་ཀྱི་རྣམ་
པར་འཕྲུལ་པ་གང་ཞེ་ན། རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་ལ་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ཡིན་ཏེ། མ་རལ་བའི་ཚུལ་ཁྲིམས་དང་། མ་ཞིག་པའི་ཚུལ་ཁྲིམས་དང་། མ་འདྲེས་པའི་ཚུལ་ཁྲིམས་དང་། རྙོག་པ་མེད་པའི་ཚུལ་ཁྲིམས་དང་།
དམིགས་པ་མེད་པའི་ཚུལ་ཁྲིམས་དང་། གནོད་པ་མེད་པའི་ཚུལ་ཁྲིམས་དང་། མ་སྨད་པའི་ཚུལ་ཁྲིམས་དང་། མི་གདུང་བའི་ཚུལ་ཁྲིམས་དང་། ལེགས་པར་ཡོངས་སུ་བསྲུང་བའི་ཚུལ་ཁྲིམས་དང་། མཁས་པས་བསྔགས་པའི་ཚུལ་ཁྲིམས་དང་།
སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཚུལ་ཁྲིམས་དང་། དམ་པའི་ཆོས་ཡོངས་སུ་བསྲུང་བའི་ཚུལ་ཁྲིམས་དང་། ཕ་རོལ་བདེ་བ་དང་། མཆོག་ཏུ་དགའ་བ་དང་། མགུ་བའི་ཚུལ་ཁྲིམས་དང་། སྲིད་པའི་འགྲོ་བ་ཐམས་ཅད་དུ་སྐྱེ་བ་ལ་མི་གནས་
པའི་ཚུལ་ཁྲིམས་དང་། ཞི་གནས་ལ་གནས་པའི་ཚུལ་ཁྲིམས་དང་། ལྷག་མཐོང་གི་རྗེས་སུ་འགྲོ་བའི་ཚུལ་ཁྲིམས་དང་། ཆོས་ཟབ་མོ་ལ་མོས་པའི་ཚུལ་ཁྲིམས་དང་། མངོན་པར་ཤེས་པ་ཉམས་པ་མེད་པའི་ཚུལ་ཁྲིམས་དང་། སྟོང་པ་ཉིད་དང་། མཚན་

མ་མེད་པ་དང་། སྨོན་པ་མེད་པ་སྒོམ་པའི་ཚུལ་ཁྲིམས་དང་། ཞི་བ་དང་། རབ་ཏུ་ཞི་བ་དང་། ཉེ་བར་ཞི་བའི་ཚུལ་ཁྲིམས་དང་། སངས་རྒྱས་ཀྱི་ཆོས་སྡུད་ཅིང་ཡང་དག་པར་སྟོན་པའི་ཚུལ་ཁྲིམས་དང་། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་
བའི་ཚུལ་ཁྲིམས་དང་། བྱམས་པས་རྗེས་སུ་བསྲུང་བའི་ཚུལ་ཁྲིམས་དང་། སྙིང་རྗེ་ཆེན་པོ་རྩ་བར་གྱུར་པའི་ཚུལ་ཁྲིམས་དང་། དག་ཅིང་དང་བའི་ཚུལ་ཁྲིམས་དང་། སྤྱོད་ལམ་མ་བརྟགས་པའི་ཚུལ་ཁྲིམས་དང་། སྦྱངས་པའི་ཡོན་ཏན་དང་། ཡོ་བྱད་བསྙུངས་
པ་ལ་གནས་པའི་ཚུལ་ཁྲིམས་དང་། བསོད་ནམས་ཀྱི་སྦྱིན་གནས་སུ་གྱུར་པའི་ཚུལ་ཁྲིམས་དང་། ཤིན་ཏུ་རྣམ་པར་དག་པའི་ཚུལ་ཁྲིམས་དང་། དེ་བཞིན་གཤེགས་པའི་རིགས་རྒྱུན་མི་འཆད་པའི་ཚུལ་ཁྲིམས་དང་། ཆོས་ཀྱི་རིགས་ཡོངས་སུ་སྲུང་བའི་ཚུལ་ཁྲིམས་
དང་། འཕགས་པའི་དགེ་འདུན་འགུགས་པའི་ཚུལ་ཁྲིམས་དང་། བྱང་ཆུབ་ཀྱི་སེམས་ལ་རབ་ཏུ་གནས་པའི་ཚུལ་ཁྲིམས་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་གིས་ཉེ་བར་བརྟན་པའི་ཚུལ་ཁྲིམས་དང་། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་།
རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་སྒོམ་པའི་ཚུལ་ཁྲིམས་དང་། བྱང་ཆུབ་ཀྱི་ཕྱོགས་དང་འཐུན་པའི་ཆོས་ཐམས་ཅད་ཡང་དག་པར་སྒྲུབ་པའི་ཚུལ་ཁྲིམས་ཏེ། རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་ལྟར་ཚུལ་
ཁྲིམས་ཕུན་སུམ་ཚོགས་པའི་བྱང་ཆུབ་སེམས་དཔའ་གང་སྨོན་པ་དེ་འགྲུབ་པར་འགྱུར་རོ། །ཅི་ཞིག་སྨོན་ཅེ་ན། དེ་ལྟར་ཚུལ་ཁྲིམས་ཕུན་སུམ་ཚོགས་པའི་བྱང་ཆུབ་སེམས་དཔའ་ནི་སྟོང་གསུམ་གྱི་སྟོང་ཆེན་པོ་སྲེག་པའི་བསྐལ་པ་ཆེན་པོའི་མེས་རབ་ཏུ་གང་ཞིང་འདུག་པ་ལ་
གལ་ཏེ་བྱང་ཆུབ་སེམས་དཔས་མེ་འདི་རབ་ཏུ་ཞི་བར་གྱུར་ཅིག་ཅེས་སྨོན་ལམ་དེ་སྐད་བཏབ་ན། མེ་དེ་རབ་ཏུ་ཞི་ཞིང་མེད་པར་འགྱུར་རོ། །དེ་འདོད་ན་སྟོང་གསུམ་པོ་འདི་མེས་ཡོངས་སུ་གང་བར་བྱིན་གྱིས་རློབ་བོ། །དེ་འདོད་ན་མེ་ཏོག་གིས་ཀུན་དུ་བཀྲམ་པར་བྱིན་གྱིས་རློབ་བོ། །

དེ་འདོད་ན་ཐམས་ཅད་རིན་པོ་ཆེའི་རང་བཞིན་དུ་བྱིན་གྱིས་རློབ་བོ། །དེ་འདོད་ན་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་གི་རིའི་རྒྱལ་པོ་རི་རབ་དེ་དག་ཐམས་ཅད་རི་གཅིག་ཏུ་བྱིན་གྱིས་རློབ་བོ། །རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་ལྟར་ཚུལ་ཁྲིམས་ཕུན་སུམ་ཚོགས་པའི་
བྱང་ཆུབ་སེམས་དཔའ་འདོད་ན། འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་གི་རྒྱ་མཚོ་ཆེན་པོ་དེ་དག་ཐམས་ཅད་རྒྱ་མཚོ་ཆེན་པོ་གཅིག་ཏུ་བྱིན་གྱིས་རློབ་བོ། །དེ་ཚུལ་ཁྲིམས་ལ་གནས་པ། དེ་དང་ལྡན་ན་གང་སྨོན་པ་དེ་འགྲུབ་ཅིང་། གང་བྱིན་གྱིས་
བརླབས་པ་དེ་དེ་བཞིན་དུ་འགྱུར་རོ། །རྣམ་པར་འཕྲུལ་པའི་རྒྱལ་པོ་ཚུལ་ཁྲིམས་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ནི་རྣམ་པར་འཕྲུལ་པ་བཞི་པོ་འདི་དག་དང་ལྡན་པར་འགྱུར་རོ། །ཚུལ་ཁྲིམས་དང་ལྡན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་
ཀྱིས་སྨོན་པ་དེ་ཡང་འགྲུབ་པར་འགྱུར་རོ། །རྣམ་པར་འཕྲུལ་པའི་རྒྱལ་པོ་སྔོན་བྱུང་བ་འདས་པའི་དུས་བསྐལ་པ་གྲངས་མེད་པ། ཤིན་ཏུ་གྲངས་མེད་པ། རྒྱ་ཆེ་བ། ཚད་མེད་པ་དང་། བསམ་གྱིས་མི་ཁྱབ་པ་ན། དེ་བཞིན་གཤེགས་པ་འོད་དྲི་མ་མེད་པའི་འོད་ཟེར་གྱི་
རྒྱལ་པོ་ཞེས་བྱ་བ་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་བར་གྱུར་ཏེ། རྣམ་པར་འཕྲུལ་
པའི་རྒྱལ་པོ་དེ་བཞིན་གཤེགས་པ་འོད་དྲི་མ་མེད་པའི་འོད་ཟེར་གྱི་རྒྱལ་པོ་དེའི་གསུང་རབ་ལ་བྱང་ཆུབ་སེམས་དཔའ་རྡོ་རྗེའི་ལྟེ་བ་ཞེས་བྱ་བ་ཚུལ་ཁྲིམས་ལ་གནས་པའི་སྟོབས་དང་ལྡན་པ། ཚུལ་ཁྲིམས་ཤིན་ཏུ་ཡོངས་སུ་དག་པ་ཞིག་བྱུང་སྟེ། རྣམ་པར་འཕྲུལ་པའི་རྒྱལ་པོ་
བྱང་ཆུབ་སེམས་དཔའ་རྡོ་རྗེའི་ལྟེ་བ་དེ་དགོན་པའི་གནས་ན་འཆག་པ་ན། འདི་ལྟ་སྟེ། ཆོས་འདུ་བ་འཕགས་པ་ལ་འགྲུས་ཤིང་བརྩོན་པར་གྱུར་ཏེ། སངས་རྒྱས་ཀྱི་ཆོས་ལ་གནས་པ་ན་ཚུལ་བཞིན་དུ་སྦྱོར་བ་འདི་ལྟ་བུ་བྱུང་སྟེ། གང་ཆོས་ཐམས་ཅད་ལ་མི་དམིགས་པ་དེ་

ནི་ཚུལ་ཁྲིམས་སོ། །གང་དངོས་པོ་ཐམས་ཅད་ལ་མངོན་པར་མ་ཞེན་པ་དེ་ནི་ཚུལ་ཁྲིམས་སོ། །གང་ཉོན་མོངས་པ་ཐམས་ཅད་རབ་ཏུ་ཞི་བ་དེ་ནི་ཚུལ་ཁྲིམས་སོ། །གང་ལུས་གཟུགས་བརྙན་དང་འདྲ་བར་ཤེས་པ་དེ་ནི་ཚུལ་ཁྲིམས་སོ། །གང་ངག་བྲག་ཅ་ལྟ་བུར་
ཤེས་པ་དེ་ནི་ཚུལ་ཁྲིམས་སོ། །གང་སེམས་ལ་སྒྱུ་མའི་ཆོས་ལྟ་བུར་སོ་སོར་རྟོག་པ་དེ་ནི་ཚུལ་ཁྲིམས་སོ། །གང་དགེ་བ་དང་མི་དགེ་བའི་ཆོས་རྣམ་པ་གཉིས་སུ་མི་འབྱེད་པ་དེ་ནི་ཚུལ་ཁྲིམས་སོ། །གང་འདོད་ཆགས་ལ་མི་སྡུག་པར་སོ་སོར་རྟོག་པ་དེ་ནི་ཚུལ་ཁྲིམས་སོ། །གང་ཞེ་སྡང་
ལ་བྱམས་པ་སྒོམ་པ་དེ་ནི་ཚུལ་ཁྲིམས་སོ། །གང་ཤེས་རབ་ཀྱི་གཏི་མུག་གི་དྲ་བ་རྣམ་པར་འཇོམས་པ་དེ་ནི་ཚུལ་ཁྲིམས་སོ། །གང་འདོད་ཆགས་དང་ཞེ་སྡང་དང་། གཏི་མུག་གི་དངོས་པོ་རྣམས་མི་དམིགས་པ་དེ་ནི་ཚུལ་ཁྲིམས་སོ། །གང་ཆོས་ཐམས་ཅད་ལ་མི་རྟོག་པ་དང་། རྣམ་
པར་མི་རྟོག་པ་དང་མི་སེམས་པ་དང་། མི་ལྟ་བ་དེ་ནི་ཚུལ་ཁྲིམས་སོ། །གང་བདག་ཏུ་ལྟ་བ་མེད་པ་དང་། སེམས་ཅན་དུ་ལྟ་བ་མེད་པ་དང་། སྲོག་ཏུ་ལྟ་བ་མེད་པ་དང་། གང་ཟག་ཏུ་ལྟ་བ་མེད་པ་དང་། ཆད་པར་ལྟ་བ་མེད་པ་དང་། རྟག་པར་ལྟ་བ་མེད་པ་དེ་ནི་ཚུལ་ཁྲིམས་སོ། །གང་
ཆོས་ཐམས་ཅད་ལ་མངོན་པར་འདུ་མི་བྱེད་པ་དེ་ནི་ཚུལ་ཁྲིམས་སོ། །གང་སེམས་སྐྲག་པ་མེད་པ་དེ་ནི་ཚུལ་ཁྲིམས་སོ། །གང་ཁམས་གསུམ་ལ་མི་གནས་པ་དེ་ནི་ཚུལ་ཁྲིམས་སོ། །གང་ཆོས་མི་སྐྱེ་བ་ལ་ཡིད་ཆེས་པ་དེ་ནི་ཚུལ་ཁྲིམས་སོ། །གང་མི་སྐྱེ་བའི་ཆོས་ལ་བཟོད་པ་ལ་མོས་
པ་དེ་ནི་ཚུལ་ཁྲིམས་སོ། །གང་རྙེད་པ་དང་བཀུར་སྟི་དོན་དུ་མི་གཉེར་བ་དེ་ནི་ཚུལ་ཁྲིམས་སོ། །གང་སྟོང་པ་ཉིད་ཀྱིས་མི་སྐྲག་པ་དེ་ནི་ཚུལ་ཁྲིམས་སོ། །གང་མཚན་མ་མེད་པ་སྒོམ་པ་དེ་ནི་ཚུལ་ཁྲིམས་སོ། །གང་སྨོན་པ་དང་བྲལ་བ་དེ་ནི་ཚུལ་ཁྲིམས་སོ། །གང་ཚུལ་ཁྲིམས་ཀྱི་
ཕུང་པོ་དེ་ཉིད་ཀྱིས་རློམ་སེམས་སུ་མི་བྱེད་པ་དེ་ནི་ཚུལ་ཁྲིམས་སོ། །གང་ཚུལ་ཁྲིམས་དེས་བདག་ལ་མི་སྟོད་པ་དང་གཞན་ལ་མི་སྨོད་པ་དེ་ནི་ཚུལ་ཁྲིམས་སོ། །གང་སྐྱེ་མཆེད་རྣམས་ལ་མངོན་པར་དགའ་བ་མེད་པ་དེ་ནི་ཚུལ་ཁྲིམས་སོ། །གང་ཡུལ་ལ་མི་འཕྲོ་བ་དེ་ནི་ཚུལ་

ཁྲིམས་སོ། །གང་ཕུང་པོ་རྣམས་ཆོས་ཀྱི་ཕུང་པོ་དང་མཉམ་པ་ཉིད་དེ་ནི་ཚུལ་ཁྲིམས་སོ། །གང་ཁམས་རྣམས་ཆོས་ཀྱི་དབྱིངས་དང་མཉམ་པ་ཉིད་དེ་ནི་ཚུལ་ཁྲིམས་སོ། །གང་རྩོད་པ་དང་འཐབ་པ་མེད་པ་གཙོ་བོར་གྱུར་པ་དེ་ནི་ཚུལ་ཁྲིམས་སོ། །གང་དགེ་བའི་ཆོས་རྣམས་ལ་
བརྩོན་པ་མི་གཏོང་བ་དེ་ནི་ཚུལ་ཁྲིམས་སོ། །གང་ཆོས་ཐམས་ཅད་ཤིན་ཏུ་ཞི་བ་དང་། རབ་ཏུ་ཞི་བར་ཤེས་ཤིང་རབ་ཏུ་ཤེས་ཏེ་ལུས་ཀྱིས་བསྒྲུབས་ནས་གནས་པ་དེ་ནི་ཚུལ་ཁྲིམས་སོ་སྙམ་མོ། །རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་ལྟར་བྱང་ཆུབ་སེམས་དཔའ་རྡོ་རྗེའི་ལྟེ་
བ་ཚུལ་ཁྲིམས་ལ་རབ་ཏུ་གནས་པ་དེ་ལྟ་བུ་དང་ལྡན་ཞིང་ཆོས་འཕགས་པ་ལ་སྦྱོར་བ་འདི་དང་། ཕྱིན་ཅི་མ་ལོག་པར་ཚུལ་བཞིན་ཡིད་ལ་བྱེད་པ་འདི་ལ་གནས་ཤིང་དགེ་སློང་དེ་ཚུལ་ཁྲིམས་ལ་གནས་པ་དེ་དང་། ཆོས་འཕགས་པ་ལ་སྦྱོར་བ་དེ་དང་། ཚུལ་བཞིན་ཡིད་ལ་བྱེད་པ་དེ་རྩོམ་
ཞིང་འཆགས་ན་འཆག་པ་དང་། བདུད་ཀྱི་བུ་རྣམ་པར་གནོན་པ་ཞེས་བྱ་བ་འཁོར་དང་བཅས་པ་བདུད་བརྒྱད་ཁྲི་བཞི་སྟོང་ཐམས་ཅད་ཀྱང་དཔུང་དང་གཡོག་འཁོར་དུ་བཅས་པ་ཐམས་ཅད་ཀྱང་གོ་མཚོན་དང་བཅས་པ་ཤ་སྟག་དང་ལྷན་ཅིག་ཏུ་བགེགས་ཀྱི་ལས་བྱེད་པར་འོངས་ཏེ། ལུས་ཕྲ་མོར་
བྱིན་གྱིས་བརླབས་ནས་ལུས་མི་སྣང་བར་བྱས་ཏེ། དགེ་སློང་དེའི་སེམས་ཀྱི་སྤྱོད་པ་ལ་གླགས་ལྟ་ཞིང་ལོ་སྟོང་དུ་རྗེས་སུ་འབྲང་བར་གྱུར་ཏོ། །དེས་ལོ་སྟོང་དུ་ཡང་དགེ་སློང་དེའི་སེམས་རྣམ་པར་གཡེང་བ་གང་གིས་སྡང་བར་འགྱུར་བ་དང་། འཚེ་བར་འགྱུར་བ་དེ་ལྟ་བུའི་སེམས་རྣམ་
པར་གཡེང་བའི་སེམས་སྐྱེ་བ་གཅིག་ཀྱང་མ་མཐོང་ངོ་། །དེ་ནས་བདུད་ཀྱི་བུ་རྣམ་པར་གནོན་པ་ལོ་སྟོང་འདས་ནས་གཡོག་འཁོར་དང་བཅས་ཏེ། ལུས་ཆེན་པོ་མངོན་པར་བསྟན་ནས་རལ་གྲི་དང་། མདའ་གཞུ་དང་། མདུང་ཐུང་དང་། མདའ་བོ་ཆེ་ལག་ན་ཐོགས་པ་རྣམས་ཀྱིས་དགེ་སློང་དེའི་
མདུན་དུ་འཇིགས་པ་སྟོན་པར་གྱུར་ཏོ། །དགེ་སློང་རྡོ་རྗེའི་ལྟེ་བས་བདུད་ཀྱི་འཁོར་ཆེན་པོ་རལ་གྲི་དང་། མདའ་གཞུ་དང་། མདུང་ཐུང་དང་། མདའ་བོ་ཆེ་ཐོགས་པ་རྣམས་ཀྱིས་འཇིགས་པར་སྟོན་པར་མཐོང་ངོ་། །མཐོང་ནས་ཀྱང་ཚིག་འདི་སྐད་སྨྲས་སོ། །བདག་གིས་བདེན་པའི་ཚིག་གང་གིས་

བདག་ཆོས་འཕགས་པ་འདི་ལ་སྦྱོར་བ་ན་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཚུལ་བཞིན་དུ་སྦྱོར་བ་ཤིན་ཏུ་ཡོངས་སུ་དག་པ་ལྟ་ན་བདེན་པ་དང་བདེན་པའི་ཚིག་དེས་བདུད་རྣམས་དང་། བདུད་ཀྱི་འཁོར་རྣམས་ཀྱི་རལ་གྲི་དང་། མདའ་གཞུ་དང་། མདུང་ཐུང་དང་། མདའ་བོ་
ཆེ་ལ་སོགས་པ་ཇི་སྙེད་ལག་ན་ཐོགས་པ་འདི་དག་མེ་ཏོག་ཨུད་པ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དང་། ཙམ་པ་ཀ་དང་། སྣ་མའི་མེ་ཏོག་དང་། བར་ཤི་ཀ་དང་། མཁན་པའི་ཕྲེང་བ་རྣམས་སུ་གྱུར་ཅིག །བདུད་རྣམས་དང་། བདུད་ཀྱི་རིས་ཀྱི་ལྷ་
རྣམས་ཀྱི་བདག་གི་གཟུགས་དང་། ལུས་དང་། ཁ་དོག་དང་། སྨོན་ལམ་ཅི་འདྲ་དེ་འདྲ་བ་ཁོ་ནར་གྱུར་ཅིག་ཅེས་སྨྲས་ཏེ། རྣམ་པར་འཕྲུལ་པའི་རྒྱལ་པོ་བྱང་ཆུབ་སེམས་དཔའ་རྡོ་རྗེའི་ལྟེ་བས་ཚིག་དེ་སྐད་སྨྲས་མ་ཐག་ཏུ་བདུད་རྣམས་དང་། བདུད་ཀྱི་འཁོར་དེ་རྣམས་ཀྱི་རལ་གྲི་དང་མདའ་
གཞུ་དང་། མདུང་ཐུང་དང་མདའ་བོ་ཆེ་ལ་སོགས་པ་ལག་ན་ཐོགས་པ་ཇི་སྙེད་ཡོད་པ་མེ་ཏོག་ཁ་དོག་སྣ་ཚོགས་པའི་ཕྲེང་བ་བསུང་ཞིམ་པ། ཡིད་དུ་འོང་བ། བལྟ་ན་སྡུག་པ། དེ་སྙེད་གནས་པར་གྱུར་ཏོ། །བདུད་དེ་རྣམས་ཀྱང་དགེ་སློང་གི་གཟུགས་དེ་ལྟ་བུ་ཉིད་དུ་གྱུར་ཏེ། དེ་དག་
ཐམས་ཅད་རབ་ཏུ་བྱུང་བའི་ཁོངས་སུ་གཏོགས་ཤིང་གོས་ངུར་སྨྲིག་བགོས་ལ་སྐྲ་དང་ཁ་སྤུ་བྲེགས་པར་སྣང་བར་གྱུར་ཏོ། །རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་ནས་བདུད་རྣམ་པར་གནོན་པས་དགེ་སློང་དེའི་ཆོ་འཕྲུལ་རྒྱ་ཆེན་པོ་མཐོང་ནས་ངོ་མཚར་དུ་གྱུར་ཏེ། གཡོག་འཁོར་དང་བཅས་པར་དགེ་སློང་དེའི་
རྐང་པ་ལ་གཏུགས་ནས་འདི་སྐད་ཅེས་སྨྲས་སོ། །དགེ་སློང་ཁྱོད་ཀྱིས་ཆོས་གང་དག་ཐོབ་པར་ཁྱོད་ལ་འདི་ལྟ་བུའི་བྱིན་གྱི་རླབས་ཡོད་པར་གྱུར། དེ་སྐད་ཅེས་སྨྲས་པ་དང་། རྣམ་པར་འཕྲུལ་པའི་རྒྱལ་པོ་དགེ་སློང་རྡོ་རྗེའི་ལྟེ་བས་བདུད་རྣམ་པར་གནོན་པ་ལ་འདི་སྐད་ཅེས་སྨྲས་སོ། །གྲོགས་པོ་བྱིན་
གྱི་རླབས་འདི་ནི་རྙེད་པ་ལས་གྱུར་པ་མ་ཡིན་གྱི་ཆོས་ཐམས་ཅད་དམིགས་སུ་མེད་པ་ལས་བྱིན་གྱི་རླབས་འདི་ཡོད་པར་གྱུར་ཏོ། །གྲོགས་པོ་བྱིན་གྱི་རླབས་འདི་ནི་རྙེད་པ་ལས་མ་གྱུར་གྱི་ཆོས་ཐམས་ཅད་མ་རྙེད་པ་ལས་བྱིན་གྱི་རླབས་འདི་ཡོད་པར་གྱུར་ཏོ། །གྲོགས་པོ་བྱིན་གྱི་རླབས་འདི་ནི་ལུས་དང་།

ངག་དང་། སེམས་ལ་གནས་པ་ལས་གྱུར་པ་མ་ཡིན་གྱི། ཆོས་ཐམས་ཅད་ལ་མི་གནས་པ་ལས་བྱིན་གྱི་རླབས་འདི་ཡོད་པར་གྱུར་ཏོ། །གྲོགས་པོ་བྱིན་གྱི་རླབས་འདི་ནི་མཚན་མར་འཛིན་པ་ལས་གྱུར་པ་མ་ཡིན་གྱི། མཚན་མ་མེད་པ་ལས་བྱིན་གྱི་རླབས་འདི་ཡོད་པར་གྱུར་
ཏོ། །བྱིན་གྱི་རླབས་འདི་ནི་ཆོས་གང་ལ་ཡང་གནས་ཤིང་གནས་པ་མེད་པ་ལས་བྱིན་གྱི་རླབས་འདི་ཡོད་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེའི་ལྟེ་བ་ལ་བདུད་རྣམ་པར་གནོན་པས་འདི་སྐད་ཅེས་སྨྲས་སོ། །དགེ་སློང་ཁྱོད་ཀྱི་སེམས་ལ་ཁོ་བོས་ལོ་སྟོང་དུ་བལྟས་ན་ཁྱོད་
ཀྱི་སེམས་ཀྱི་རྒྱུ་བ་མ་མཐོང་ངོ་། །དེ་ནས་དགེ་སློང་རྡོ་རྗེའི་ལྟེ་བས་འདི་སྐད་ཅེས་སྨྲས་སོ། །གལ་ཏེ་གྲོགས་པོ་ཁྱོད་ཀྱིས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་སྤྱོད་ཅིང་། སེམས་ཡོངས་སུ་བལྟས་སུ་ཟིན་ཀྱང་རྙེད་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་
སེམས་ནི། ནང་ནས་ཀྱང་མི་རྙེད། ཕྱི་རོལ་ནས་ཀྱང་མི་རྙེད། གཉིས་ཀ་མེད་པར་ཡང་མི་རྙེད་པའི་ཕྱིར་རོ། །གྲོགས་པོ་ཁྱོད་ཀྱི་སྒྱུ་མ་མཁན་གྱི་སྤྲུལ་པ་ལ་སེམས་ཀྱི་རྒྱུ་བ་རྙེད་དམ། སྨྲས་པ། དགེ་སློང་དེ་ནི་མི་རྙེད་དོ། །སྒྱུ་མ་མཁན་གྱིས་སྤྲུལ་པ་ལ་སེམས་ཀྱང་མེད།
སེམས་པ་ཡང་མེད་ན་དེ་ག་ལ་རྙེད། སྨྲས་པ། གྲོགས་པོ་ཆོས་ཐམས་ཅད་ནི་སྒྱུ་མར་སྤྲུལ་པའི་ངོ་བོ་ཉིད་དུ་དེ་བཞིན་གཤེགས་པས་བཤད་དེ། དེའི་ཕྱིར་དེ་ལ་སེམས་དང་སེམས་པ་མི་རྙེད་དོ། །སྨྲས་པ། གལ་ཏེ་དགེ་སློང་ཁྱོད་སེམས་སམ་སེམས་པ་མི་རྙེད་ན་ཁྱོད་ཇི་ལྟར་འགྲོ་
བའམ་འོང་བ་དང་། ཚིག་ཏུ་སྨྲ་བར་བྱེད། སྨྲས་པ། འདི་ལྟ་སྟེ། དཔེར་ན། སྒྱུ་མ་མཁན་གྱིས་སྤྲུལ་པའི་མི་འོང་བ་དང་། འགྲོ་བ་དང་། ཚིག་སྨྲ་བར་བྱེད་པ་ལྟར་ཁོ་བོའི་འོང་བ་དང་། འགྲོ་བ་དང་། ཚིག་སྨྲ་བར་ཡང་དེ་དང་འདྲའོ། །སྨྲས་པ། དགེ་སློང་ཁྱོད་བརྩོན་འགྲུས་
རྩོམ་པ་འདི་དང་། ཚུལ་ཁྲིམས་ལ་གནས་པ་འདི་དང་། ཆོས་འཕགས་པ་ལ་སྦྱོར་བ་འདི་དང་། འཇུག་པ་འདིས་ཅི་ཞིག་འདོད། སྨྲས་པ། གནས་མེད་པ་འདོད་དོ། །སྨྲས་པ། གནས་མེད་པ་ཇི་ལྟར་འདོད། སྨྲས་པ། དེ་ལ་འགྲོ་བ་མེད་པས་འགྲོ་བའམ་འགྲོ་བར་འགྱུར་བ་གང་ཡང་མེད་དེ།

གྲོགས་པོ་གནས་མེད་པ་ཞེས་བྱ་བ་དེ་ནི་སྨོན་པ་མེད་པའི་ཚིག་བླ་དགས་སོ། །ཡང་བརྩོན་འགྲུས་རྩོམ་པ་འདི་དང་། ཚུལ་ཁྲིམས་ལ་གནས་པ་འདི་དང་། ཆོས་འཕགས་པ་ལ་སྦྱོར་བ་འདི་དང་། འཇུག་པ་འདིས་ཅི་ཞིག་འདོད། ཅེས་རྣམ་པར་གནོན་པ་ཁྱོད་ཀྱིས་
སྨྲས་པ་དེ་གཟུགས་སྐྱེ་བར་མི་འདོད། འགག་པར་མི་འདོད། གནས་པར་མི་འདོད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྐྱེ་བར་མི་འདོད། འགག་པར་མི་འདོད། གནས་པར་མི་འདོད། ཆོས་ཐམས་ཅད་ཀྱང་སྐྱེ་བར་མི་
འདོད། འགག་པར་མི་འདོད། གནས་པར་མི་འདོད་དོ། །རྣམ་པར་གནོན་པ་འཇུག་པ་གང་གཟུགས་སོ་སོར་མི་འཛིན་པ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡོངས་སུ་མི་འཛིན་པ་དེ་འདོད་ཅིང་དེ་ལ་བལྟའོ། །རྣམ་པར་
གནོན་པ་འཕགས་པ་རྣམས་ཀྱི་འཇུག་པ་གང་ཡིན་པ་དེ་ཁོ་བོའི་འཇུག་པའོ། །སྨྲས་པ། དགེ་སློང་ཇི་ལྟར་འཇུག །སྨྲས་པ། རྣམ་པར་གནོན་པ་སོ་སོའི་སྐྱེ་བོའི་ཆོས་གང་དག་ཡིན་པ་དང་། སངས་རྒྱས་ཀྱི་ཆོས་གང་དག་ཡིན་པ་དེ་དག་ཐམས་ཅད་མཉམ་ཞིང་གཉིས་སུ་
མེད་པ་དང་། སློབ་པའི་ཆོས་གང་དག་ཡིན་པ་དང་། སངས་རྒྱས་ཀྱི་ཆོས་གང་དག་ཡིན་པ་དེ་དག་མཉམ་ཞིང་གཉིས་སུ་མེད་པ་དང་། མི་སློབ་པའི་ཆོས་གང་དག་ཡིན་པ་དང་། སངས་རྒྱས་ཀྱི་ཆོས་གང་དག་ཡིན་པ་དེ་དག་མཉམ་ཞིང་གཉིས་སུ་མེད་པ་དང་། རང་སངས་
རྒྱས་ཀྱི་ཆོས་གང་དག་ཡིན་པ་དང་། སངས་རྒྱས་ཀྱི་ཆོས་གང་དག་ཡིན་པ་དེ་དག་མཉམ་ཞིང་གཉིས་སུ་མེད་པ་དང་། འདས་པའི་ཆོས་གང་དག་ཡིན་པ་དང་། མ་འོངས་པའི་ཆོས་གང་དག་ཡིན་པ་དང་། ད་ལྟར་བྱུང་བའི་ཆོས་གང་ཡིན་པ་དེ་དག་མཉམ་ཞིང་གཉིས་སུ་མེད་
པ་དེ་ནི་སྐྱེ་བ་མེད་པ་མཉམ་པ་ཉིད་ཀྱིས་མཉམ་པ་དང་། འབྱུང་བ་མེད་པ་མཉམ་པ་ཉིད་ཀྱིས་མཉམ་པ་དང་། འགག་པ་མེད་པ་མཉམ་པ་ཉིད་ཀྱིས་མཉམ་པ་སྟེ། མཉམ་པ་ཉིད་འདི་རྣམས་མི་སྤོང་བ་གང་ཡིན་པའི་མཉམ་པ་ཉིད་དེ་བསྟན་པའི་ཕྱིར། སེམས་ཅན་

རྣམས་ལ་ཆོས་འཆད་པར་འདོད་དོ། །གྲོགས་པོ་ཡང་དག་པར་འཇུག་པ་འདི་ནི་འདོད་པའི་ཁམས་སུ་འཇུག་པ་མ་ཡིན། གཟུགས་ཀྱི་ཁམས་སུ་འཇུག་པ་མ་ཡིན་ནོ། །གཟུགས་མེད་པའི་ཁམས་སུ་འཇུག་པ་མ་ཡིན་ནོ། །གང་དག་མཉམ་པ་ཉིད་ལ་གནས་པ་དག་ནི་ཆོས་
ཉིད་ལས་མི་གཡོས། རྣམ་པར་མི་གཡོ། འགྲོ་བར་མི་བྱེད། མི་འགྲོ་བར་མི་བྱེད་དོ། །གྲོགས་པོ་འདི་དག་ནི་ཡང་དག་པར་འཇུག་པ་ཞེས་བྱའོ། །དེ་བཞིན་ཉིད་འཇུག་པ་གང་ཡིན་པ་ཆོས་ཐམས་ཅད་ཀྱི་འཇུག་པ་ཡང་དེ་ཡིན་ནོ། །ཆོས་ཀྱི་དབྱིངས་ཀྱི་འཇུག་པ་གང་ཡིན་པ་
ཆོས་ཐམས་ཅད་ཀྱི་འཇུག་པ་ཡང་དེ་ཡིན་ནོ། །ཡང་དག་པའི་མཐའི་འཇུག་པ་གང་ཡིན་པ་ཆོས་ཐམས་ཅད་ཀྱི་འཇུག་པ་ཡང་དེ་ཡིན་ནོ། །འཇུག་པ་དེ་ལྟ་བུ་འདོད་པ་གང་ཡིན་པ་དེ་ནི་འདོད་པ་ཡང་མེད། འཇུག་པ་ཡང་མེད་པར་ཡང་དག་པར་རྗེས་སུ་མཐོང་ཞིང་མངོན་པར་ཞེན་
པར་མི་བྱེད་དེ། གྲོགས་པོ་འདི་ནི་ཡང་དག་པར་འཇུག་པ་ཞེས་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེའི་ལྟེ་བ་ལ་བདུད་རྣམ་པར་གནོན་པས་འདི་སྐད་ཅེས་སྨྲས་སོ། །དགེ་སློང་ཁྱོད་ཡང་དག་པའི་སྦྱོར་བ་འདིས་ཆོས་གང་ཞིག་རྟོགས། སྨྲས་པ། གྲོགས་པོ་ཡང་དག་པའི་
སྦྱོར་བ་འདིས་ནི་ཁོ་བོས་དམ་པ་མེད་པའི་ཆོས་རྟོགས་སོ། །ལྷག་པར་བྱེད་པ་མེད་པ་དང་། རློམ་སེམས་མེད་པས་ཀྱང་མཉམ་པ་ཉིད་རྟོགས་པར་བྱས་སོ། །ཡང་ཁྱོད་ཀྱི་ཆོས་གང་རྟོགས་ཤེས་གང་དེ་སྐད་སྨྲས་པ་ཡང་དག་པའི་སྦྱོར་བ་འདི་ནི་རྟོག་པས་རབ་ཏུ་ཕྱེ་བ་མ་ཡིན་གྱི་
ཡང་དག་པའི་སྦྱོར་བ་འདི་ནི་ལྷག་པའི་ང་རྒྱལ་མེད་པའོ། །ཡང་དག་པའི་སྦྱོར་བ་འདི་ནི་ཐོབ་པས་རབ་ཏུ་ཕྱེ་བ་མ་ཡིན་གྱི་ཡང་དག་པའི་སྦྱོར་བ་འདི་ནི་ཐོབ་པར་རབ་ཏུ་ཕྱེ་བ་དང་བྲལ་བ་སྟེ། ཡང་དག་པའི་སྦྱོར་བ་འདིས་ཆོས་གང་ཡང་རྟོགས་པ་མེད་དོ། །ཡང་དག་པའི་སྦྱོར་བ་
ཞེས་བྱ་བ་འདིས་ནི་སྦྱོར་བ་མེད་པའི་ཚིག་བླ་དགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེའི་ལྟེ་བ་ལ་བདུད་རྣམ་པར་གནོན་པས་འདི་སྐད་ཅེས་སྨྲས་སོ