Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 056_མདོ་སྡེ།_ན
Văn bản gốc(Tây Tạng)
Trang 12 / 19 (50.000 ký tự/trang)
གཞལ་དུ་མེད་པ་དང་། དེ་ ལྟར་བགྲང་དུ་མེད་པ་དང་། དེ་ལྟར་གྲངས་མེད་པ་ཡིན་ན། སངས་རྒྱས་ཀྱི་ཆོས་རྣམས་ཀྱིས་ལྟ་སྨོས་ཀྱང་ཅི་དགོས། དགེ་སློང་དག་འདི་ལྟ་སྟེ། དཔེར་ན་ཁྱིམ་པའམ་རབ་ཏུ་བྱུང་བ་གང་ལ་ལ་ཞིག་གིས་སངས་རྒྱས་ཀྱི་ཞིང་འདིའི་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། སྟོབས་བཅུ་དང་། མི་འཇིགས་པ་ཐོབ་པར་གྱུར་པ་དེ་དག་ལ་བསྐལ་པ་ཡོངས་སུ་རྫོགས་པར་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པར་བྱས། རྗེད་པར་བྱས། གསོལ་བར་བྱས་ཏེ། མཆོད་པ་སྣ་ ཚོགས་བསམ་གྱིས་མི་ཁྱབ་པ་དག་གིས་མཆོད་པ་བྱས་པ་བས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་སངས་རྒྱས་ཐམས་ཅད་རྣམ་པར་འབྱེད་པ་ཡང་དག་པར་རབ་ཏུ་སྟོན་པའི་ཆོས་ཀྱི་རྣམ་གྲངས་འདི་ལ་དད་པའི་སེམས་བསྐྱེད་པ་གཅིག་ཙམ་སྐྱེད་ཅིང་ཐེ་ཙོམ་མེད་པའི་བློས་ཡང་དག་པའི་འདུ་ཤེས་ བསྐྱེད་པར་གྱུར་ན། སེམས་བསྐྱེད་མ་ཐག་ཏུ་དེ་བས་ཆེས་བསོད་ནམས་མང་དུ་སྐྱེ་བར་འགྱུར་ཞིང་སངས་རྒྱས་ཀྱི་ཡོན་ཏན་མང་པོ་དག་དང་ཡང་ཉེ་བར་འགྱུར་གྱི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ཀྱིས་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་གྱུར་པ་ལ་བསྐལ་པར་བསྙེན་བཀུར་བྱས་པས་ ནི་དེ་ལྟ་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཞིག་ཡེ་ཤེས་འདི་ལ་མོས་པར་བྱེད་པ་དེ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ཉེ་བར་འགྱུར་ཞིང་། དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཡང་ཉེ་བར་འགྱུར་རོ། །ཤའི་སྤྱན་བཤད་པ་ལུང་བསྟན་པ་འདི་བཤད་པ་ན་ སྲོག་ཆགས་བྱེ་བ་ཕྲག་དྲུག་ཅུ་རྩ་གཉིས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་འབྱུང་བར་དཀའ་བ་ཡིན་གྱིས། བདག་ཅག་གིས་འདི་ཉིད་ལ་སྡུག་བསྔལ་ཟད་པ་དང་། ཉོན་མོངས་པའི་མཐའ་ མ་དང་། ཟག་པ་ཟད་པ་ཐོབ་པར་བྱའོ་སྙམ་ནས་ཡང་ཕྱིར་མི་ལྡོག་པར་གྱུར་ཏོ། །སེམས་ཅན་དཔག་ཏུ་མེད་པ་རྣམས་ནི་སློབ་པའི་ས་ལ་བཀོད་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་ཁྲག་ཁྲིག་ཕྲག་བཅུ་ནི་སེམས་དང་པོ་བསྐྱེད་པས་ཡོངས་སུ་གྲུབ་པར་གྱུར་ཏོ། །བྱང་ ཆུབ་སེམས་དཔའ་བྱེ་བ་འབུམ་ཕྲག་སུམ་ཅུ་རྩ་གཉིས་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །དེ་ནས་བདུད་སྡིག་ཅན་སྡུག་བསྔལ་ཞིང་ཡིད་མི་བདེ་བར་གྱུར་ཏེ། མཆི་མས་བརྣངས་ཤིང་ངུ་བཞིན་བྱུང་སྟེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ ལྡན་འདས་བདག་སེམས་ཅན་རྣམས་བདག་གི་ཡུལ་ལས་ཡང་དག་པར་འདའ་བར་མ་གྱུར་ཅིག་སྙམ་ནས། གང་གི་སླད་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདའ་བར་འཚལ་བ་དེ་ཉིད་བཅོམ་ལྡན་འདས་ཉམས་པ་མི་མངའ་ བས་སྐུ་ཚེའི་ཚད་བསྐལ་པར་བཞུགས་པ་དང་འདྲ་བར་སྐྱ་རེངས་མ་ཤར་ཅིང་གདུགས་མ་བདལ་བར་ཡང་སེམས་ཅན་ཚད་མ་མཆིས་པ་རྣམས་ཀྱི་དོན་གྱི་སླད་དུ་འདི་ལྟ་སྟེ། མྱ་ངན་ལས་འདའ་བ་ལ་རབ་ཏུ་བཀོད་ལགས་པས། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་བདག་གི་ཡུལ་སྟོངས་ པར་མཛད་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བདུད་སྡིག་ཅན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྡིག་ཅན་སེམས་ཅན་གང་དག་དགེ་བའི་ཆོས་རྣམས་ལ་མངོན་པར་མི་བརྩོན་པ་དང་། གང་དག་དེ་བཞིན་གཤེགས་པའི་ཡུལ་ལ་དད་པར་མི་བྱེད་པ་དེ་དག་ཁྱོད་ཀྱི་ གྲོགས་ཡིན་ལ། ཁྱོད་ཀྱང་དེ་དག་གི་གྲོགས་ཡིན་པས་སྡིག་ཅན་ཁྱོད་ཀྱི་གྲོགས་མང་དུ་ཡོད་ཀྱིས། སྡིག་ཅན་ངུ་བར་མ་བྱེད་སྨྲེ་སྔགས་མ་འདོན་ཅིག །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཕྱག་གིས་སེན་མོའི་རྩེ་མོས་ས་གཞི་ཆེན་པོ་ལས་སའི་རྡུལ་ཞིག་བླངས་ནས་བདུད་སྡིག་ཅན་ལ་བཀའ་སྩལ་པ། སྡིག་ཅན་འདི་ཇི་སྙམ་དུ་སེམས། ཅི་སེན་མོའི་རྩེ་མོ་ལ་རྟེན་པ་དང་ས་གཞི་ཆེན་པོ་ལ་རྟེན་པའི་རྡུལ་གང་ཡིན་པ་དེ་གཉིས་གང་མང་སྙམ་སེམས། དེ་སྐད་ཅེས་བཀའ་སྩལ་པ་དང་། །བཅོམ་ལྡན་འདས་ལ་བདུད་སྡིག་ཅན་གྱིས་འདི་སྐད་གསོལ་ཏོ། །བཅོམ་ལྡན་ འདས་བཅོམ་ལྡན་འདས་ཀྱིས་ཕྱག་གི་སེན་མོའི་རྩེ་མོ་ལ་མཆིས་པའི་དོག་སའི་རྡུལ་ནི་ཉུང་གི་ས་གཞི་ཆེན་པོ་ལ་མཆིས་པ་ནི་ཤིན་ཏུ་མང་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བདུད་སྡིག་ཅན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྡིག་ཅན་འདི་ལྟ་སྟེ་དཔེར་ན་ངའི་སེན་མོའི་ རྩེ་མོ་ལ་འདུག་པའི་རྡུལ་བས་ཀྱང་ཆེས་ཉུང་བའི་སེམས་ཅན་དག་ངས་ཉོན་མོངས་པ་ཟད་པར་བྱས་ཏེ། ཡོངས་སུ་མྱ་ངན་ལས་འདས་པ་བླ་ན་མེད་པ་ལ་སོ་སོར་བཀོད་ཀྱི། སྡིག་ཅན་འདི་ལྟ་སྟེ་དཔེར་ན་ས་གཞི་ཆེན་པོ་ལ་རྟེན་པའི་རྡུལ་བས་ཀྱང་ཆེས་མང་བའི་སེམས་ཅན་རྣམས་ནི་ཁྱོད་ཀྱི་ཡུལ་དུ་སོང་བས་ན་སེམས་ ཅན་གྱི་ཁམས་དཔག་ཏུ་མེད་པར་ཡོད་ཀྱིས་སྡིག་ཅན་ཁྱོད་དགའ་བར་གྱིས་ཤིག །སྡིག་ཅན་དེ་ལྟ་མོད་ཀྱི་སེམས་ཅན་རྣམས་ནི་བདག་ཉིད་ཀྱིས་བདག་ཉིད་ཇི་ལྟར་རིང་བར་འགྱུར་བ་དེ་ལྟར་བྱེད་པས་ན་དེ་རྣམས་ལ་ཁྱོད་ཀྱིས་ཀྱང་ཅི་ཞིག་བྱར་ཡོད། སྡིག་ཅན་དེ་ལྟར་ན་སེམས་ཅན་གྱི་ཁམས་དཔག་ཏུ་ མེད་པར་ཡོད་ཀྱིས་དེ་དག་ལ་བྱ་བ་གང་ཡོད་པ་དེ་གྱིས་ཤིག །དེ་བཞིན་གཤེགས་པ་ནི་དོ་མོད་ནམ་གྱི་ཐུན་ཐ་མ་ལ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་སངས་རྒྱས་བཅོམ་ལྡན་འདས་དག་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་དེ་ལྟ་ལགས་སོ། །བཀའ་སྩལ་པ། །དེ་བས་ཀྱང་ཤིན་ཏུ་ཚད་མེད་པ་དག་ཡོད་པར་བལྟའོ། །དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་འཇིག་རྟེན་གྱི་ཁམས་དང་། སངས་རྒྱས་ཀྱི་ཞིང་ཕུན་སུམ་ཚོགས་པ་དག་མཐོང་ངམ། བྱང་ཆུབ་སེམས་ དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་བཀོད་པ་དང་། ཉན་ཐོས་རྣམས་ཀྱི་ཉན་ཐོས་ཀྱི་ཕུན་སུམ་ཚོགས་པ་དག་མཐོང་ངམ། །དེ་དག་གིས་གསོལ་པ། བཅོམ་ལྡན་འདས་དེ་དེ་ལྟ་ལགས་སོ། །བདེ་བར་གཤེགས་པ་དེ་དེ་ལྟ་ལགས་སོ། །བཀའ་སྩལ་པ། དགེ་སློང་དག་དེ་བཞིན་གཤེགས་ པས་ནི་དེ་བས་ཀྱང་ཕྱིར་ཞིང་ལྷག་པ་དང་། ཤིན་ཏུ་ཚད་མེད་པ་དག་ཀྱང་རབ་ཏུ་མཁྱེན་ཏེ། དགེ་སློང་དག་ངས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་དེ་བཞིན་གཤེགས་པའི་ཕུན་སུམ་ཚོགས་པ་དང་། སངས་རྒྱས་ཀྱི་ཞིང་གི་ཕུན་སུམ་ཚོགས་པ་དེ་ལྟ་བུ་དག་མཐོང་བ་ནི་ངས་བསྐལ་ པའམ། བསྐལ་པ་བརྒྱའམ། བསྐལ་པ་སྟོང་ངམ། བསྐལ་པ་འབུམ་འམ། བསྐལ་པ་བྱེ་བའམ། བསྐལ་པ་ཁྲག་ཁྲིག་གམ། དེ་བས་ཀྱང་ལྷག་པ་དེ་སྙེད་དུ་དཔེས་རབ་ཏུ་ཕྱེ་སྟེ་རྒྱ་ཆེར་ཡང་དག་པར་རབ་ཏུ་བརྗོད་ཀྱང་མཐར་ཐུག་པར་འགྱུར་བ་མེད་དོ། །དགེ་སློང་དག་ ངས་ཁྱེད་ཅག་ཉན་ཐོས་རྣམས་ལ་སྟོན་པའི་བྱ་བ་གང་ཡིན་པ་དེ་ཡང་བྱས་ཏེ་ངས་ཆོས་ལ་སློབ་དཔོན་གྱི་དཔེ་མཁྱུད་མ་བྱས་པར་ཕྱི་ནང་མེད་པར་རྣམ་པ་ཐམས་ཅད་དུ་ཐམས་ཅད་བསྟན་ཟིན་ཏེ། དེ་ལས་ལྷག་པར་ཐོབ་པར་བྱ་བ་ནི་ཐ་ན་རྩྭའི་རྩེ་མོའི་ཆ་ཤས་ཙམ་ཡང་མེད་ཀྱིས་ད་ཁྱེད་ཅག་གིས་ནན་ ཏན་ལ་གནས་པར་བྱའོ། །ངས་ཁྱེད་ཅག་ལ་མྱ་ངན་ལས་འདའ་བའི་ཆོས་ཀྱང་བསྟན། མྱ་ངན་ལས་འདའ་བར་འགྲོ་བའི་ལམ་ཡང་བསྟན། སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་ཤིན་ཏུ་དཀའ་བདག་ཀྱང་ཡང་དག་པར་བསྐྱེད། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་ ཡང་དག་པར་བསྒྲུབས་ཟིན་གྱིས་དེ་བཞིན་དུ་ཐམས་ཅད་རྗེས་སུ་ཡོངས་སུ་ཟུང་ལ་ཅི་ནས་ཀྱང་ཉམས་པར་མི་འགྱུར་བ་དེ་ལྟར་གྱིས་ཤིག །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་འདི་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་འདུ་མཛད་དེ། དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་ པར་འདུ་མཛད་པས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དག་ཏུ་ཆོས་བསྟན་པ་དེ་དག་སངས་རྒྱས་ཀྱི་ཞིང་འདི་ན་གནས་པའི་སེམས་ཅན་རྣམས་ཀྱིས་ཐོས་པར་གྱུར་ཏེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཆོས་གང་དག་བསྟན་པའི་ཆོས་དེ་དག་སྟོན་ཅིང་ ཆོས་དེ་དག་ཀུན་ཏུ་ཤེས་པར་གྱུར་པའི་སེམས་ཅན་གང་གཱའི་ཀླུང་གི་བྱེ་མ་སྙེད་ནི་ཐེག་པ་གསུམ་ལ་རབ་ཏུ་བཀོད་པར་གྱུར་ཏོ། །བྱེ་བ་འབུམ་ཕྲག་བཅུ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རབ་ཏུ་བཀོད་པར་གྱུར་ཏོ། །སྲོག་ཆགས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བཅུ་ནི་རང་བྱང་ཆུབ་ལ་རབ་ཏུ་བཀོད་པར་ གྱུར་ཏོ། །སེམས་ཅན་དེ་བས་ལྷག་པ་རྣམས་ནི་ཟག་པ་ཟད་པ་ལ་གནས་པར་གྱུར་ཏོ། །དེ་ལྟར་ཆོས་བསྟན་པ་འདིས་སེམས་ཅན་ཁྲག་ཁྲིག་ཕྲག་ཚད་མེད་དཔག་ཏུ་མེད། བགྲང་དུ་མེད། གཞལ་དུ་མེད་ཅིང་བསམ་གྱིས་མི་ཁྱབ་པ་རྣམས་ཀྱི་དོན་བྱས་པར་གྱུར་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ད་ནི་ང་ཡོངས་སུ་མྱ་ངན་ལས་འདའ་ཡིས་ཁྱེད་ཀྱིས་ཅི་ནས་ཀྱང་སངས་རྒྱས་ཀྱི་བསྟན་པ་ཀུན་ཏུ་བསྲུང་བ་ལ་ནན་ཏན་གྱིས་ཤིག །དགེ་སློང་དག་ཁྱེད་ཀྱིས་བདག་ལ་ཕན་པ་དང་། གཞན་ལ་ཕན་པའི་ཕྱིར་ དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་ པ་ཁྱེའུ་བཞིའི་ཏིང་ངེ་འཛིན་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། པྲ་ཛྙཱ་བརྨ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ས་མཱ་དྷི་ཨ་གྲ་ཨུཏྟ་མ། བོད་སྐད་དུ། འཕགས་པ་ཏིང་ངེ་འཛིན་མཆོག་དམ་པ། བམ་པོ་གཅིག་གོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་དགེ་སློང་ཆེན་པོའི་དགེ་འདུན་སུམ་ཁྲི་དང་། བྱང་ཆུབ་སེམས་དཔའ་སྐྱེས་བུ་ཆེན་པོ་ལྔ་སྟོང་ཙམ་དང་། ལྷ་དང་ཀླུ་ལ་སོགས་པ་སྡེ་བརྒྱད་དང་། ལྷ་དང་མི་ལ་སོགས་པ་འཁོར་མང་པོ་དང་ཐབས་ཅིག་ཏུ་བཞུགས་སོ། །དེ་མ་ཡིན་པ་གཞན་ཡང་ཕྱོགས་བཞིའི་མགོན་པོ་བཞི་དང་། སྲིན་པོ་དང་། ཡི་དགས་ལ་སོགས་པ་སྡེ་བཞི་ཡང་ འཁོར་དེར་འདུས་པར་གྱུར་ཏོ། །དེའི་ཚེ་ན་བཅོམ་ལྡན་འདས་འོད་ཟེར་གྱི་ཏིང་ངེ་འཛིན་དུ་བཞུགས་ནས་ཅང་མི་གསུང་ཞིང་བཞུགས་པ་ལས་འཁོར་མང་པོ་རྣམས་ཐེ་ཙོམ་དུ་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུ་ཆོས་ཀྱི་རྒྱལ་བུ་འདུག་པ་ལས་ལངས་ཏེ། སངས་རྒྱས་ལ་ལན་གསུམ་ བསྐོར་བ་བྱས་ནས་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། །ཤིན་ཏུ་ལེགས་སོ་ཆོས་ཀྱི་རྗེ། །ཏིང་ངེ་འཛིན་ལ་ཞི་བར་བཞུགས། །འཁོར་གྱི་དཀྱིལ་འཁོར་མང་པོ་རྣམས། །ཐམས་ཅད་ཐེ་ཙོམ་སྐྱེས་པར་གྱུར། །ཤིན་ཏུ་ལེགས་སོ་ཉི་ཟླའི་འོད། །ཅང་མི་གསུང་བར་ སྣང་མི་མཛད། །ཤིན་ཏུ་ལེགས་སོ་རིན་ཆེན་གཏེར། །དབུལ་ཕོངས་རྣམས་ལ་སྦྱིན་མི་མཛད། །ཤིན་ཏུ་ལེགས་སོ་མི་ཡི་རྒྱལ། །ཏིང་ངེ་འཛིན་ལས་བཞེངས་སུ་གསོལ། །ཤིན་ཏུ་ལེགས་སོ་ཀླུ་ཡི་རྒྱལ། །བདུད་རྩིའི་ཆར་པ་དབབ་ཏུ་གསོལ། །ཤིན་ཏུ་ལེགས་སོ་ལྷ་ཡི་མཆོག ། མྱུར་དུ་ཆོས་རྣམས་བསྟན་དུ་གསོལ། །ཤིན་ཏུ་ལེགས་སོ་སེམས་ཅན་ལ། །ཐེག་པ་གཅིག་དོན་བསྟན་དུ་གསོལ། །དེ་ནས་བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལས་བཞེངས་ནས་འཁོར་མང་པོ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ང་ལ་རིན་པོ་ཆེ་བླ་ན་མེད་པའི་ཡེ་ཤེས་མང་དུ་ཡོད་པ་ཁྱོད་ ལ་ཕན་པ་དང་བདེ་བར་མཛད་ཅིང་དབུལ་ཕོངས་པ་དང་བྲལ་བར་བྱ་བ་ཡོད་ཀྱིས་ཐེ་ཙོམ་མ་བྱེད་པར་ཅི་དང་ཅི་འདོད་པ་དྲིས་ཤིག །དེ་ནས་དགའ་བོ་སྟན་ལས་ལངས་ཏེ་སངས་རྒྱས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ནི་མང་དུ་ཐོས་པས་བླ་ན་མེད་པའི་བྱང་ཆུབ་མྱུར་དུ་འཐོབ་ སྙམ་ན་མདོ་སྡེ་དག་ལས་བཤད་པ་ཐོས་པ་ལྟར་ན་མང་དུ་ཐོས་ཤིང་ཤེས་རབ་རྣོ་བའི་དབང་པོ་དང་ལྡན་པ་ནི་བྱང་ཆུབ་ཐོབ་པ་ཤིན་ཏུ་དཀའ་སྟེ་བགེགས་བརྒྱད་དུ་ཞེས་འབྱུང་ན། བདག་གིས་ཇི་ལྟར་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་ སྩལ་པ། དགའ་བོ་མང་དུ་ཐོས་པ་ལ་སེམས་རྣམ་པ་གཉིས་ཏེ། གང་ཞེ་ན། ཏིང་ངེ་འཛིན་གྱི་སེམས་དང་། འཁྲུལ་པའི་སེམས་སོ། །སེམས་ཏིང་ངེ་འཛིན་ལ་གནས་ན་ནི་མང་དུ་ཐོས་པས་ཀྱང་གནོད་པ་མེད་དོ། །སེམས་འཁྲུལ་པ་ལ་གནས་ན་ནི་མང་དུ་ཐོས་པས་ ཀྱང་ཕན་པ་མེད་དེ། གང་གིས་ཏིང་ངེ་འཛིན་དང་ཤེས་རབ་དང་ཤིན་ཏུ་ལྡན་ན་མྱུར་དུ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར་རོ། །དགའ་བོས་གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་མདོ་ཀུན་ལས་ཏིང་ངེ་འཛིན་དང་། ཤེས་རབ་ནི་མཆོག་དམ་པའོ་ཞེས་བསྟོད། བཅོམ་ལྡན་འདས་ཀྱིས་ དགའ་བོ་ལ་བཀའ་སྩལ་པ། དགའ་བོ་ཏིང་ངེ་འཛིན་དང་། ཤེས་རབ་ཏུ་ལྡན་པ་ནི་དཔེར་ན་རི་དགས་ཀྱི་ནང་ན་སེང་གེ་མཆོག་ཏུ་གྱུར་པ་དང་། སྣང་བ་ཐམས་ཅད་ཀྱི་ནང་ན་ཉི་མ་མཆོག་ཏུ་གྱུར་པ་དང་། རིའི་ནང་ན་རི་རབ་ལྷུན་པོ་མཆོག་ཏུ་གྱུར་པ་ལྟ་བུའོ། །དེ་ཡང་ ཅིའི་ཕྱིར་ཞེ་ན། ཏིང་ངེ་འཛིན་དང་། ཤེས་རབ་ཏུ་ལྡན་པའི་ཤུགས་ནི་མཆོག་དམ་པ་ཡིན་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། དགའ་བོ་གལ་ཏེ་མི་ཞིག་གིས་ཤིང་ཙན་དན་ལས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་བའི་གཙུག་ ལག་ཁང་བརྩིགས་པ་དང་། མི་གཞན་ཞིག་གིས་རིན་པོ་ཆེ་སྣ་བདུན་ལས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་བའི་གཙུག་ལག་ཁང་བྱས་ན། མི་དེ་གཉིས་ཀྱི་བསོད་ནམས་མཉམ་པ་ཡིན་ནམ། དགའ་བོས་གསོལ་པ། མི་དེ་གཉིས་ཀྱི་ནང་ན་རིན་པོ་ཆེ་ སྣ་བདུན་ལས་བགྱིས་པའི་བསོད་ནམས་མཆོག་གོ། །སངས་རྒྱས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། གཞན་ཡང་མི་ཞིག་གིས་གསེར་ཐ་མལ་པ་ལས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་བའི་གཙུག་ལག་ཁང་བྱས་པ་དང་། མི་གཞན་ཞིག་གིས་གསེར་བཙོ་མ་ལས་ སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་བའི་གཙུག་ལག་ཁང་བྱས་ན། དེ་གཉིས་ཀྱི་བསོད་ནམས་མཉམ་པ་ཡིན་ནམ། དགའ་བོས་གསོལ་པ། གསེར་བཙོ་མ་ལས་བགྱིས་པའི་བསོད་ནམས་རབ་ཏུ་ཆེའོ། །སངས་རྒྱས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། གལ་ ཏེ་མི་ཞིག་གིས་ཤིང་ཙན་དན་དང་། སྤོས་ཀྱི་ཤིང་གཞན་དག་ལས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་བའི་སྐུ་གཟུགས་བྱས་ཏེ་མཆོད་པ་བྱེད་ཅིང་ཕྱག་འཚལ་བ་དང་། མི་གཞན་ཞིག་གིས་གསེར་བཙོ་མ་དང་། རིན་པོ་ཆེ་སྣ་བདུན་ལས་སྟོང་གསུམ་གྱི་སྟོང་ཆེན་པོའི་ འཇིག་རྟེན་གྱི་ཁམས་གང་བའི་སྐུ་གཟུགས་བྱས་ཏེ་མཆོད་པ་བྱེད་ཅིང་ཕྱག་འཚལ་ན་མི་དེ་གཉིས་ཀྱི་བསོད་ནམས་ལ་ཁྱད་པར་ཡོད་དམ། དགའ་བོས་གསོལ་པ། རིན་པོ་ཆེ་སྣ་བདུན་དང་། གསེར་བཙོ་མ་ལས་སྐུ་གཟུགས་བགྱིས་པའི་བསོད་ནམས་ཆེའོ། །སངས་རྒྱས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། གལ་ཏེ་ མི་ཞིག་གིས་སྦྱིན་པ་ཆེན་པོའི་སེམས་བསྐྱེད་དེ། རིན་པོ་ཆེ་སྣ་བདུན་གྱི་བང་མཛོད་དང་། ཆུང་མ་དང་། བུ་སྦྱིན་པ་བྱིན་པ་དང་། མི་གཞན་ཞིག་གིས་ཡན་ལག་གི་དམ་པ་མགོ་དང་། མིག་དང་། ལུས་དང་། རྙེད་དཀའ་བའི་རིན་པོ་ཆེ་སྣ་བདུན་གྱི་བང་མཛོད་ཀྱི་སྦྱིན་པ་བྱིན་ན་མི་དེ་གཉིས་ ཀྱི་བསོད་ནམས་ལ་ཁྱད་པར་ཅི་ཡོད། དགའ་བོས་གསོལ་པ། རིན་པོ་ཆེ་སྣ་བདུན་དང་། ལུས་དང་། ཆུང་མ་དང་། བུར་བཅས་པའི་སྦྱིན་པའི་བསོད་ནམས་ཆེ་བ་ལགས་སོ། །སངས་རྒྱས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། གལ་ཏེ་མི་ཞིག་གིས་མདོ་སྡེ་བཅུ་གཉིས་སྟོང་ གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་བའི་མི་རྣམས་ལ་འཇིག་རྟེན་དུ་སྤེལ་ཏེ་ཀློག་ཅིང་ཁ་ཏོན་བྱེད་དུ་འཇུག་པ་དང་། དེ་ལ་མི་ཞིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་བའི་མི་རྣམས་ཡི་གེ་བཞིན་དུ་འདོན་ཅིང་ཡི་གེ་ཡང་དོན་སྟོན་ཅིང་ཁོང་དུ་ཆུད་ན་མི་ དེ་གཉིས་ཀྱི་བསོད་ནམས་གང་ཆེ། དགའ་བོས་གསོལ་པ། ཡི་གེ་བཞིན་དུ་འདོན་ཅིང་ཁོང་དུ་ཆུད་པའི་བསོད་ནམས་ཆེའོ། །སངས་རྒྱས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། གལ་ཏེ་མི་ཞིག་གིས་མདོ་སྡེ་བཅུ་གཉིས་ཀྱང་ཐོགས་པ་མེད་པར་ཁ་ཏོན་དུ་ཤེས་ལ་དོན་ཟབ་མོ་མི་ཤེས་ པར་མདོ་སྡེ་གླེགས་བམ་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་བ་ཙམ་འཆང་བ་དང་། དེ་ལ་མི་ཞིག་མདོ་སྡེ་བཅུ་གཉིས་ཀྱང་བྱང་བར་ཁ་ཏོན་ཤེས་ལ་དོན་ཟབ་མོ་ཡང་རྟོགས་ཏེ། མདོ་སྡེའི་གླེགས་བམ་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་ བ་ཙམ་འཆང་ན་མི་དེ་གཉིས་ཀྱི་བསོད་ནམས་གང་མཆོག་ཏུ་གྱུར་པ་ཡིན། དགའ་བོས་གསོལ་པ། ཁ་ཏོན་བགྱིས་ལ་དོན་ཡང་རྟོགས་ཏེ། གཞན་ལ་ཡང་སྟོན་ཅིང་འཆད་པའི་བསོད་ནམས་མཆོག་ཏུ་གྱུར་པ་ལགས་སོ། །སངས་རྒྱས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། གལ་ཏེ་མི་ ཞིག་གིས་མདོ་སྡེ་བཅུ་གཉིས་འགྲེལ་ཅིང་འཆད་ལ། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་མི་སྤྱོད་པ་དང་། གལ་ཏེ་མི་ཞིག་གིས་མདོ་སྡེ་བཅུ་གཉིས་ཀྱང་འགྲེལ་ཅིང་འཆད་ལ། སྦྱིན་པ་དང་། ཚུལ་ ཁྲིམས་དང་། བཟོད་པ་དང་། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཀྱང་རྒྱ་ཆེར་སྤྱོད། སེམས་ཅན་རྣམས་ལ་བུ་གཅིག་པ་དང་འདྲ་བར་སེམས་སྙོམས་ན། མི་དེ་གཉིས་བསོད་ནམས་གང་ཆེ་བ་ཡིན། དགའ་བོས་གསོལ་པ། བྱམས་ པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་དང་། ཚུལ་ཁྲིམས་དང་། བཟོད་པ་སྤྱོད་ཅིང་སེམས་ཅན་ལ་སྦྱིན་པ་བྱིན་པའི་བསོད་ནམས་ཆེ་ཞིང་མང་བ་ལགས་སོ། །བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། གལ་ཏེ་མི་ཞིག་གིས་མདོ་སྡེ་བཅུ་གཉིས་ཀྱང་འགྲེལ་ཅིང་འཆད་ཤེས་ ལ་བསྟན་བཅོས་འུ་ཏ་བཅྭ་ལྔ་ཡང་བྱང་བར་འཆད་ཤེས་ཏེ་འཇིག་རྟེན་དུ་སྤེལ་བ་དང་། དེ་ལ་མི་ཞིག་གིས་མདོ་སྡེ་བཅུ་གཉིས་ཀྱང་འགྲེལ་ཅིང་འཆད་ཤེས་ལ། བཀྲི་བའི་བསྟན་བཅོས་དང་། ངེས་པའི་བསྟན་བཅོས་དང་། ཕུང་པོ་ལྔའི་བསྟན་བཅོས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་བཅུ་གཉིས་ཀྱི་བསྟན་ བཅོས་དང་། ཁམས་བཅྭ་བརྒྱད་ཀྱི་བསྟན་བཅོས་དང་། སྟོང་པ་ཆེན་པོའི་བསྟན་བཅོས་དང་། ཉི་ཟླའི་བསྟན་བཅོས་དང་། ཉི་ཟླ་སྤྲིན་གྱི་བསྟན་བཅོས་དང་། མདོ་སྡེ་རྒྱན་གྱི་བསྟན་བཅོས་དང་། དོན་དམ་པ་ཉིད་ཀྱི་བསྟན་བཅོས་དང་། རྡོ་རྗེ་སྙིང་པོའི་བསྟན་བཅོས་དང་། རྣམ་པ་ཐམས་ཅད་ མཁྱེན་པའི་བསྟན་བཅོས་དང་། རྣམ་པར་ཐར་པའི་སྒོ་གསུམ་གྱི་བསྟན་བཅོས་ལ་སོགས་པ་བསྟན་བཅོས་འུ་ཏ་བཅྭ་ལྔ་ཡང་ཤེས་ལ་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཀྱང་སྤྱོད་དེ། ཚུལ་ཁྲིམས་ འཆལ་པ་དང་། ཚུལ་ཁྲིམས་སྲུང་བ་དང་། སེམས་གཉིས་སུ་མེད་ཅིང་ནམ་མཁའ་ལྟར་མཉམ་པ་དང་། སེམས་ཅན་གྱི་སྐྱོན་ཐམས་ཅད་མི་མཐོང་ཞིང་སེམས་ཅན་རྣམས་ལ་བུ་གཅིག་པ་དང་འདྲ་བར་སྙོམས་ཏེ། དགྲ་སྡང་བ་ལ་ཡང་ནམ་མཁའ་ལྟར་མཉམ་པ་དང་། དེ་ལ་མི་ ཞིག་གིས་ཕྱོགས་སུ་རྒྱས་པའི་མདོ་སྡེ་བཅུ་གཉིས་ལ་སྐུར་པ་མི་འདེབས་ན་མི་དེ་གཉིས་ཀྱི་བསོད་ནམས་གང་ཆེ་བ་ཡིན། དགའ་བོས་གསོལ་པ། ཕྱོགས་སུ་རྒྱས་པའི་མདོ་སྡེ་བཅུ་གཉིས་ལ་སྐུར་པ་མ་བཏབ་ན་མི་དེའི་བསོད་ནམས་ཚད་མ་མཆིས་གྲངས་མ་མཆིས་ཏེ། བསམ་གྱིས་མི་ཁྱབ་པ་ ལགས་སོ། །བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། གཞན་ཡང་མི་ཞིག་གི་གོང་དུ་སྨོས་པའི་བསོད་ནམས་ཐམས་ཅད་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་བར་བྱེད་ནུས་ལ་མདོ་སྡེ་བཅུ་གཉིས་དང་། བསྟན་བཅོས་འུ་ཏ་བཅྭ་ལྔ་སྙེད་ཀྱང་ ཁ་ཏོན་དང་འབྲེལ་ཅིང་འཆད་ནུས་ཏེ། ཚུལ་ཁྲིམས་དང་། བཟོད་པ་དང་། བྱམས་པ་ལ་སོགས་པ་ཡང་སྤྱོད། སྦྱིན་པ་ཡང་བྱེད་དེ། མང་དུ་ཐོས་པའི་མཆོག་ཏུ་ཡང་གྱུར་ལ་ཆོས་ཐམས་ཅད་སྟོང་ཞིང་ཞི་བའི་དོན་ཡང་སྟོན་ཏེ། ཉན་པའི་མངོན་པར་ཤེས་པ་ལྔ་ཐོབ་པར་ བྱེད་དེ། དེ་ལྟར་ཕན་པ་དང་བདེ་བའི་དོན་བྱས་ཀྱང་དེས་ནི་མི་ཞིག་ཉིན་གཅིག་གམ། མཚན་གཅིག་ཏིང་ངེ་འཛིན་དུ་ཞུགས་པ་ཙམ་དུ་མི་ཕོད་དོ། །དེ་ཅིའི་ཕྱིར་ཞེ་ན། མང་དུ་ཐོས་པའི་གང་ཟག་ནི་རིའམ་རྒྱ་མཚོ་ལྟར་ང་རྒྱལ་གྱི་སེམས་ཆེའོ། །དེ་ལྟར་ང་རྒྱལ་ཆེ་བ་ནི་ངན་སོང་དུ་ བསྐལ་པ་གྲངས་མེད་ཀྱི་བར་དུ་སྡུག་བསྔལ་མྱོང་བར་འགྱུར་རོ། །དམྱལ་བ་དེ་ལས་ཐར་ན་ཡང་འདབ་ཆགས་ཀྱི་བྱར་སྐྱེ་བར་འགྱུར་ན་མང་དུ་ཐོས་པ་ལ་ཕན་པ་ཅི་ཡོད། གང་ལ་བསམ་གཏན་གྱི་ཏིང་ངེ་འཛིན་ཡོད་པ་ནི་སྐྱེ་ཤིའི་འཁོར་བའི་སྡིག་ཁ་ན་མ་ཐོ་བའི་ལས་ལྕི་བ་བྱང་བར་ནུས་སོ། །མང་ དུ་ཐོས་པ་ནི་རྩྭ་དང་འདྲའོ། །ཏིང་ངེ་འཛིན་ནི་མེ་དང་འདྲའོ། །མང་དུ་ཐོས་པ་ནི་ལྕགས་དང་འདྲའོ། །བསམ་གཏན་གྱི་ཏིང་ངེ་འཛིན་ནི་གསེར་དང་འདྲའོ། །མང་དུ་ཐོས་པ་ནི་རྩི་བདུག་པ་དང་འདྲའོ། །བསམ་གཏན་གྱི་ཏིང་ངེ་འཛིན་ནི་རྩིའི་སྡོང་པོ་དང་འདྲའོ། །མང་དུ་ཐོས་པ་ནི་གཙང་པོ་དང་ འདྲའོ། །བསམ་གཏན་གྱི་ཏིང་ངེ་འཛིན་ནི་རྒྱ་མཚོ་དང་འདྲ་སྟེ། ངས་བསམ་གཏན་གྱི་ཏིང་ངེ་འཛིན་གྱི་བསོད་ནམས་དང་། ཡོན་ཏན་བཤད་ན་ཟད་པའི་མཐའ་མེད་དེ་བསྐལ་པར་ཡང་མི་རྫོགས་སོ། །བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། ང་མངོན་སུམ་དུ་དྲན་པ་སྔོན་འདས་པའི་ དུས་ན་ང་མང་དུ་ཐོས་པའི་སྐྱེ་བོར་གྱུར་པའི་ཚེ་འཇམ་དཔལ་དང་ང་གཉིས་ཡོད་མེད་གཉིས་ལ་རྩོད་པར་གྱུར་ཏེ། འཇམ་དཔལ་ནི་ཡོད་ཅེས་སྨྲ། ངས་ནི་མེད་དོ་ཞེས་སྨྲས་ཏེ། ཡོད་མེད་གཉིས་ཀྱི་བདེན་པ་ལ་རྩོད་པར་གྱུར་ཏེ་གཅིག་ཏུ་མ་ཆད་དོ། །མཐའ་མ་ཚེ་འཕོས་ནས་ངན་སོང་དུ་སྐྱེས་པར་ གྱུར་ཏེ། བསྐལ་པ་གྲངས་མེད་ཀྱི་བར་དུ་ལྕགས་ཀྱི་ཐུ་ལུམ་ཟ་བར་གྱུར་ཏོ། །དམྱལ་བ་དེ་ལས་ཐར་ཏེ་སངས་རྒྱས་འོད་སྲུང་དང་ཕྲད་ནས་ཡོད་པ་དང་མེད་པའི་བདེན་པ་གཉིས་འོད་སྲུང་གིས་འདི་སྐད་དུ་བཤད་དོ། །ཆོས་ཐམས་ཅད་ཀྱི་རང་བཞིན་ནི་ གཅིག་ཏུ་ངེས་ཤིང་ཆད་པ་མེད་དེ། ཁྱེད་ཡོད་པ་དང་མེད་པར་སྨྲ་བ་ནི་དོན་དེ་ལྟ་བུ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་སྟོང་པ་ཉིད་ཀྱིས་ཞི་བ་སྟེ། བདེན་པ་འདི་གཉིས་ནི་ཡོད་པ་ཡང་མ་ཡིན་ལ། མེད་པ་ཡང་མ་ཡིན་ཏེ། ཁྱེད་ཤེས་པ་ནི་ ཡི་གེའི་དོན་ཤེས་པར་ཟད་ཀྱི་དོན་ཟབ་མོ་མི་ཤེས་པས་དོན་འདི་ལྟ་བུ་ནི་ཁྱེད་དམུས་ལོང་ངམ་འོན་པ་ལྟ་བུ་ཡིན་ན། དོན་ཟབ་མོ་འདི་ལྟ་བུ་ཇི་ལྟར་ཤེས་ཤིང་རྟོགས་པར་གྱུར་ཞེས་བཤད་པ་ཐོས་ནས་རི་དབེན་པར་སོང་སྟེ། བདག་ཉིད་ཡིད་ལ་བྱས་ནས་བསམ་གཏན་གྱི་ཏིང་ངེ་འཛིན་ལ་ ཞུགས་སོ། །ཞག་བདུན་ལོན་པ་དང་བསམ་གཏན་ཞི་བའི་ཏིང་ངེ་འཛིན་དང་། ཏིང་ངེ་འཛིན་རྣམ་གསུམ་དང་། ཡེ་ཤེས་རྣམ་གསུམ་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་འདི་དག་རྟོགས་ཤིང་ཁོང་དུ་ཆུད་པར་ གྱུར་ཏེ། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་ཞི་བ་ཅི་ཡང་མེད་པར་རྟོགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །དེ་བས་ན་བསམ་གཏན་བསྒོམ་པ་ནི་མཆོག་དམ་པར་རིག་པར་བྱ་སྟེ། གང་ཞིག་ཉིན་གཅིག་གམ། མཚན་གཅིག་ གམ། ཉིན་ཞག་བདུན་གྱི་བར་དུ་བསམ་གཏན་གྱི་ཏིང་ངེ་འཛིན་བསྒོམས་ན་བསྐལ་པ་གྲངས་མེད་པ་ཚུན་ཆད་ཀྱི་ཁ་ན་མ་ཐོ་བའི་སྡིག་ལྕི་བ་ཡང་ཁད་ཀྱིས་ཞི་ཞིང་བྱང་བར་འགྱུར་རོ། །གཞན་ཡང་ཁ་ན་མ་ཐོ་བའི་སྡིག་ལྕི་བ་ཡང་འབྱང་བར་འགྱུར་ཏེ། དེ་ཡང་གང་ཞེ་ན། ཕ་ མ་བསད་པ་དང་། དགྲ་བཅོམ་པ་བསད་པ་དང་། མཆོད་རྟེན་དང་། གཙུག་ལག་ཁང་བཤིག་པ་དང་། དགེ་འདུན་གྱི་གནས་ཁང་མེས་བཏང་བ་ཡིན་ཏེ། ཕས་ཕམ་པ་བཞི་དང་། ཕས་ཕམ་པ་བརྒྱད་དང་། ལྕི་བ་ལྔ་དང་། རང་བཞིན་གྱི་ལྕི་བ་དྲུག་ཉམས་པ་ཡིན། ཕྱོགས་སུ་རྒྱས་པའི་མདོ་སྡེ་ལ་སྐུར་པ་བཏབ་པ་ཡིན། ཕ་རོལ་པོའི་ཉེས་པའི་སྐྱོན་སྨྲ་ཞིང་བཀུར་སྟི་མི་བྱེད་པ་ཡིན། གང་དུ་སྐྱེས་པར་ང་རྒྱལ་ཆེ་བ་དང་། རང་བཞིན་གྱིས་སྡིག་ལྕི་བ་ཡང་ཡིན་ཏེ། དེ་ཡང་བསམ་གཏན་གྱི་ཏིང་ངེ་འཛིན་བསྒོམས་ན་རང་ཞི་ཞིང་འབྱང་བར་འགྱུར། དེ་ ཡང་བསམ་གཏན་གྱི་ཏིང་ངེ་འཛིན་གྱི་མཐུས་འབྱང་གི་གཞན་གྱིས་འབྱང་བ་མ་ཡིན་ནོ། །ཉིན་ཞག་བདུན་ཙམ་གྱིས་ཀྱང་དེ་ལྟར་ཡོན་ཏན་དང་བསོད་ནམས་དཔག་ཏུ་མེད་པ་འཐོབ་ན་ཚེ་གཅིག་ཏུ་དབེན་སར་རི་དང་ཤིང་དྲུང་དུ་འདུག་སྟེ། རྟོག་པ་བསལ་བ་དང་། འཇུག་པ་དང་། སྤོང་བ་ ཡིད་ལ་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས། དེ་ཅིའི་ཕྱིར་ཞེ་ན། སེམས་ནི་འབབ་ཆུ་དང་འདྲ་སྟེ་སྐད་ཅིག་ཀྱང་མི་སྡོད། སེམས་ནི་སྤྲེའུ་དང་མཚུངས་ཏེ་གཅིག་བཏང་ཡང་གཅིག་ལ་འཛིན་ཏོ། །མདོར་ན་སེམས་ནི་ཏིང་ངེ་འཛིན་གྱི་དབང་གིས་མི་གཡོའོ། །གལ་ཏེ་སེམས་གཡོ་ན་ཆོས་ཐམས་ཅད་ ལ་འཁྲུལ་པའི་འདུ་ཤེས་སྐྱེའོ། །གལ་ཏེ་ཏིང་ངེ་འཛིན་ལ་གནས་ན་ནི་འཇིག་རྟེན་ན་སྐྱེ་བ་དང་། གནས་པ་དང་འགོག་པའི་འདུ་ཤེས་ཤིང་རྟོགས་ཏེ། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་ཞི་བ། མི་རྟག་པར་འགྱུར་ཞིང་འཕོ་བ། སྟོང་ཞིང་བདག་མེད་པ། སྒྱུ་མ་དང་འདྲ་བ། སྤྲུལ་པ་ལྟ་བུ། གློག་ དང་། རླུང་དང་། དྲི་ཟའི་གྲོང་ཁྱེར་ལྟ་བུ། ཆུའི་དབུ་བ་དང་། སྨིག་རྒྱུ་དང་། བྲག་ཅ་དང་། བར་སྣང་གི་བྱའི་རྗེས་ལྟ་བུར་རྟོགས་སོ། །འཇིག་རྟེན་ན་སྲིད་པ་རི་དང་། ཚལ་དང་། གཙང་པོ་དང་། འབབ་ཆུ་དང་། མཚེའུ་དང་། ལྟེང་ཀ་དང་། རྒྱ་མཚོ་ལ་སོགས་པ་ཆུ་ཐམས་ཅད་ཀྱང་མེའི་བསྐལ་པ་ཆེན་ པོ་བྱུང་བའི་ཚེ། ཐམས་ཅད་ཚིག་ཅིང་ཟད་པར་འགྱུར་ཡང་། བསམ་གཏན་བཞི་དང་། གཟུགས་མེད་པའི་ཏིང་ངེ་འཛིན་བཞི་མ་གཏོགས་ཏེ། ཆོས་ཐམས་ཅད་སྟོང་པ་ཉིད་དུ་ཤེས་ན་བསམ་གཏན་གྱི་མཐུ་ནི་ཤིན་ཏུ་བསམ་གྱིས་མི་ཁྱབ་པར་རིག་པར་བྱའོ། །སེམས་ཏིང་ངེ་འཛིན་ལ་གནས་ན་ ཕྱོགས་བཅུའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ཉི་མ་དང་། ཟླ་བ་དང་། སྐར་མ་དང་། འབབ་ཆུ་དང་། གཙང་པོ་དང་། རྒྱ་མཚོ་དང་། རི་དང་། ཚལ་དང་། ཀླུང་དང་། ལུང་པ་སྐྱུ་རུ་རའི་འབྲས་བུ་ལག་མཐིལ་དུ་བཞག་པ་བཞིན་དུ་མཐོང་བར་འགྱུར་རོ། ། བསམ་གཏན་གྱི་ཏིང་ངེ་འཛིན་ལ་གནས་ན་རྫུ་འཕྲུལ་གྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་ཡང་ཕྱིན་ཅིང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་རླུང་དང་། མེ་དང་། ས་དང་། ཆུ་དང་། ཉི་མ་དང་། ཟླ་བ་དང་། སྐར་མ་དང་། གཟའ་དང་། རི་དང་། ཚལ་དང་། ཆུ་དང་། ཤིང་དང་། ལྷའི་ཕོ་བྲང་དང་། ཀླུའི་ཕོ་བྲང་ཡང་རྫུ་འཕྲུལ་གྱིས་སྤྲུལ་ནུས་ཏེ། དེ་བས་ན་བསམ་གཏན་གྱི་མཐུ་ནི་ཤིན་ཏུ་བསམ་གྱིས་མི་ཁྱབ་པར་རིག་པར་བྱའོ། །བསམ་གཏན་གྱི་ཏིང་ངེ་འཛིན་གྱི་ ཤུགས་ཀྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱང་སྤྲུལ་ནུས་སོ། །དགའ་བོ་མཽད་གལ་གྱི་བུ་ཆེན་པོ་ཏིང་ངེ་འཛིན་དུ་ཞུགས་ནས་ཏིང་ངེ་འཛིན་གྱིས་རྣམ་པ་སྣ་ཚོགས་སུ་སྤྲུལ་ཅིང་ཏིང་ངེ་འཛིན་གྱིས་ས་ཆེན་པོ་འདི་ཡང་མགལ་མེ་བསྐོར་བ་བཞིན་དུ་བསྐྱོད་ ནུས་ཏེ། མང་དུ་ཐོས་པས་ནི་དེ་ལྟར་མི་ནུས་པར་རིག་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་ཁྱོད་ས་ཆེན་པོ་སྒུལ་ཅིག་ཅེས་བཀའ་སྩལ་པ་དང་། དགའ་བོས་གསོལ་པ། བདག་ལ་བསམ་གཏན་གྱི་ཏིང་ངེ་འཛིན་མ་མཆིས་པས་སྒུལ་རྔོ་མི་ཐོགས་སོ། །བཅོམ་ ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། བསམ་གཏན་གྱི་ཏིང་ངེ་འཛིན་བསྒོམ་པ་དགེ་སྦྱོང་གིས་འབྲས་བུ་བཞི་མ་ཐོབ་ཀྱང་མང་དུ་ཐོས་པ་ལས་ཁྲི་ཕྲག་བརྒྱ་སྟོང་གིས་འཕགས་སོ། །དེའི་ཚེ་དེའི་དུས་ན་འོད་མའི་ཚལ་ན་གནས་པའི་དགེ་སློང་ལྔ་བརྒྱ་ཙམ་ཞིག་ཐམས་ཅད་ མང་དུ་ཐོས་པ་རློམ་པ་ལས། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་མཽད་གལ་གྱི་བུའི་རྫུ་འཕྲུལ་དང་། ཏིང་ངེ་འཛིན་མཆོག་གོ་ཞེས་གསུངས་པ་ཐོས་ནས་སངས་རྒྱས་གང་ན་བ་དེར་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་སངས་རྒྱས་ལ་འདི་སྐད་ ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་མང་དུ་ཐོས་པ་བསླབས་ཏེ། མདོ་སྡེ་བཅུ་གཉིས་ཀྱང་ཁོང་དུ་ཆུད་པས་རྒྱལ་ཁམས་ཆེན་པོ་བཅུ་དྲུག་སྙེད་ཀྱང་བདག་ཅག་ལ་སངས་རྒྱས་དང་འདྲ་བར་གུས་ཤིང་བཀུར་སྟི་བགྱི་ན། ཅིའི་སླད་དུ་བཅོམ་ལྡན་འདས་ཀྱིས་མང་དུ་ཐོས་པ་ནི་ནམ་ཡང་ བླ་ན་མེད་པའི་བྱང་ཆུབ་ཐོབ་པར་མི་འགྱུར་རོ། །ཞེས་གསུངས་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ལ་དགེ་སློང་ལྔ་བརྒྱ་པོ་འཐུན་པར་དུས་གཅིག་ཏུ་བདག་ཅག་ནི་མང་དུ་ཐོས་པ་སྤང་ཞིང་བསམ་གཏན་གྱི་ཏིང་ངེ་འཛིན་ལ་སློབ་པོ་ཞེས་གསོལ་ཏོ། །བཅོམ་ལྡན་འདས་ ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་ཁྱེད་མང་དུ་ཐོས་པ་སྤངས་ཏེ། བསམ་གཏན་གྱི་ཏིང་ངེ་འཛིན་ལ་འཇུག་གོ་ཞེས་མ་སྨྲ་ཤིག །ངས་བལྟས་ན་ཁྱེད་ཀྱི་ཤེས་རབ་ནི་སྦྲང་བུའི་འདབ་མས་ཉི་ཟླ་སྒྲིབ་པར་འདོད་པ་དང་། དམུས་ལོང་གིས་རི་རབ་ལྷུན་པོ་ལ་འཛེག་པར་འདོད་པ་ དང་། གྲུ་གཟིངས་མེད་པར་རྒྱ་མཚོ་ལ་རྒལ་བར་འདོད་པ་དང་། བྱ་འདབ་མ་ཆག་པ་ནམ་མཁའ་ལ་འཕུར་འདོད་པ་བཞིན་ཁྱེད་ཀྱང་དེ་དང་འདྲའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་རྣམས་ཤི་བ་ཙམ་དུ་འཇིགས་ཤིང་སྐྲག་པའི་སེམས་སྐྱེས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ ལ་བཀའ་སྩལ་པ། དགེ་སློང་ཁྱོད་མ་འཇིགས་མ་སྐྲག་པར་སེམས་ཏིང་ངེ་འཛིན་ལ་ཞོག་ཤིག །དགེ་སློང་རྣམས་ཀྱིས་གསོལ་པ། བདག་ཅག་ལ་བསམ་གཏན་གྱི་མཐུ་ཡང་མ་མཆིས་ན། ཏིང་ངེ་འཛིན་དུ་ག་ལ་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ང་ལ་སྨན་དམ་པ་ ཡོད་དེ་ཁྱོད་ཏིང་ངེ་འཛིན་ཐོབ་པར་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་བསྟན་དུ་གསོལ། བདག་ཅག་གིས་དེ་བཞིན་དུ་སྤྱོད་པར་འཚལ་ལོ་ཞེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་དམ་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། རྟོག་པ་དང་། བསལ་ བ་དང་། འཇུག་པ་དང་། སྤོང་བའོ། །དགེ་སློང་རྣམས་ཀྱིས་གསོལ་པ། རྟོག་པ་དང་། བསལ་བ་དང་། འཇུག་པ་དང་། སྤོང་བ་ཅི་ལགས། བདག་ཅག་གིས་མ་འཚལ་ན་བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ། དེ་ནས་སངས་རྒྱས་ཀྱིས་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །དང་ པོའི་སེམས་ནི་རྟོག་པ་ཞེས་བྱ། སེམས་གཉིས་བྱུང་བ་ནི་བསལ་བ་ཞེས་བྱ། སེམས་གསུམ་བྱུང་བ་ནི་འཇུག་པ་ཞེས་བྱ། སེམས་བཞི་བྱུང་བ་ནི་སྤོང་བ་ཞེས་བྱའོ། །གཞན་ཡང་འདི་ལྟ་སྟེ། བསམ་གཏན་དང་པོ་ལ་རྟོག་པ་ཞེས་བྱ། བསམ་གཏན་གཉིས་པ་ལ་བསལ་བ་ཞེས་བྱ། བསམ་ གཏན་གསུམ་པ་ལ་འཇུག་པ་ཞེས་བྱ། བསམ་གཏན་བཞི་པ་ལ་སྤོང་བ་ཞེས་བྱའོ། །གཞན་ཡང་འདི་ལྟ་སྟེ། བསམ་གཏན་ཞེས་བྱ་བ་ནི་ལུས་དྲན་པ་ཉེ་བར་གཞག་པ་དང་། སེམས་དྲན་པ་ཉེ་བར་གཞག་པ་དང་། ཆོས་དྲན་པ་ཉེ་བར་གཞག་པ་དང་། ཚོར་བ་དྲན་པ་ཉེ་བར་གཞག་པ་ཡིན་ཏེ། དེ་བཞིན་དུ་མངོན་པར་ཤེས་པ་བཞི་དང་། ཆོས་ཐམས་ཅད་ནི་འདི་ལྟར་ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། བདེན་པ་བཞི་དང་། ཏིང་ངེ་འཛིན་བཞི་དང་། མཚན་མ་མེད་པ་བཞི་དང་། བྱང་ཆུབ་བཞི་ཡིན་ ན། དགེ་སློང་ཁྱེད་བསམ་གཏན་དང་པོ་ཡང་གསལ་བར་མ་རྟོགས་ན་བསམ་གཏན་བཞི་དང་། ཆོས་ཐམས་ཅད་ལྟ་ཅི་སྨོས། དགེ་སློང་དག་ཐབས་སྣ་ཚོགས་ཀྱིས་བསམ་གཏན་གྱི་ཏིང་ངེ་འཛིན་ལ་འཇུག་པར་བྱའོ། །གལ་ཏེ་མི་གཙང་བ་ལ་རྟོག་ན་ལུས་ཀྱི་ཆེན་པོ་བཞི་པགས་པ་ དང་། རུས་པ་དང་། ཚིགས་པ་དང་། རྣག་ཁྲག་ཟགས་པ་དང་། སྣོད་བུ་ག་དགུ་ཡོད་པའི་ནང་དུ་ཆུ་བླུགས་ན་ཟགས་པ་བཞིན་དུ་མི་གཙང་བའི་དངོས་པོ་བཤང་གཅི་ཆེ་ཆུང་དང་། བཙོག་པ་ཤིན་ཏུ་སྐྱོར་རུང་བ་ཟགས་པ་མཐོང་ངོ་། །ཏིང་ངེ་འཛིན་དེ་ལས་ཀྱང་དངོས་པོ་རྣམ་པ་སྣ་ཚོགས་ མཐོང་བ་ནི་འདི་ལྟར་གཡོ་བ་དང་། གནས་པ་དང་། རྣམ་པར་སྡོས་པ་དང་། རྣམ་པར་སེར་བ་དང་། རྣམ་པར་དཀར་བ་དང་། རྣམ་པར་གནག་པ་ཐ་དད་པ་སྣ་ཚོགས་མཐོང་བས། སེམས་མ་འཁྲུལ་བར་གྱུར་ན་དངོས་པོ་དེ་དག་མཐོང་བའི་ཚེ་ཕྱིར་བཟློག་པར་ བྱའོ། །རུས་པ་དཀར་པོ་དང་། དབུགས་ཕྱི་ནང་དུ་རྒྱུ་བ་བགྲང་བའི་རྟོག་པ་ཡང་དེ་དང་འདྲའོ། །གལ་ཏེ་ཚུལ་ཁྲིམས་ཀྱི་རྩ་བ་བཞི་ཉམས་པ་དང་། དགེ་སློང་མས་རྩ་བ་བརྒྱད་ཉམས་པ་དང་། དགེ་བསྙེན་མས་ཁྲིམས་ཀྱི་རྩ་བ་ལྔ་ཉམས་པ་དང་། དགེ་ཚུལ་གྱིས་ཁྲིམས་བཅུ་ ཉམས་པ་དང་། དགེ་སློབ་མས་ལྕི་བ་དྲུག་ཉམས་པ་དང་། སངས་རྒྱས་དང་ཆོས་དང་དགེ་འདུན་གྱི་སྤྱིའི་དཀོར་བརྐུས་པ་དང་། མཁན་པོ་དང་། སློབ་དཔོན་དང་། བླ་མ་དང་། ཕ་མ་དང་། དགེ་འདུན་གྱི་དཀོར་བརྐུས་པ་དང་། ཕྱོགས་སུ་རྒྱས་པའི་མདོ་སྡེ་ལ་སྐུར་པའི་གང་ཟག་དེ་ལྟ་བུ་ནི་ བསམ་གཏན་གྱི་ཏིང་ངེ་འཛིན་ལ་འཇུག་པའི་ཚེ་བདག་གིས་ལུས་དང་། ངག་རླུང་ནག་པོ་ལྟ་བུ་དང་། ཁྲག་ནི་མེ་རབ་ཏུ་འབར་བ་དང་འདྲ་བ་དང་། རུས་པ་ནི་རི་དང་བྲག་ལྟ་བུ་དང་། རྩ་ནི་ཤིང་ལྟ་བུ་དང་། ནང་གྲོལ་ལྔ་ནི་སྦྲུལ་ལམ་རྩངས་པ་ལྟ་བུར་མཐོང་བ་དང་། ལག་ན་མེ་ཆེན་ པོ་ཐོགས་ཏེ་རླུང་ཆེན་པོ་ལ་རྒྱུག་པ་དང་། མགོ་ལ་རི་ཆེན་པོ་ཁྱེར་ཞིང་ལངས་ཀྱང་རྡབ་འཆོས་པ་དང་། ཁ་ནས་སེང་གེ་འབྱུང་བ་དང་། མིག་ནས་འབར་བ་མོ་འབྱུང་བ་དང་། སྣ་ནས་སྦྲུལ་ཆེན་པོ་འབྱུང་བ་དང་། རྣ་བ་ནས་འཕར་སྤྱང་འབྱུང་བ་དང་། བཤང་གཅི་ཆེ་ཆུང་ཆུ་ལྟ་བུར་འབབ་ ཅིང་རྒྱ་མཚོ་ལྟ་བུར་མཐོང་བ་དང་། གལ་ཏེ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཆོ་འཕྲུལ་རྣམ་པ་མང་པོ་སྟོན་པ་མཐོང་ན་མཚན་མ་དེ་ལྟ་བུ་མཐོང་བའི་ཚེ་བསམ་གཏན་ལས་ལངས་ཏེ། ཚལ་ལམ་རི་དགོན་པར་སོང་སྟེ། ཕྱོགས་སུ་རྒྱས་པའི་མདོ་སྡེ་འདོན་ཅིང་འགྱོད་ཚངས་བྱའོ། ། དེ་ལྟར་སྔོན་གྱི་ཁ་ན་མ་ཐོ་བའི་སྡིག་འགྱོད་ཚངས་བྱ་བ་ཡང་ཞག་བདུན་ནམ། བདུན་གཉིས་སམ། བདུན་གསུམ་མམ། བདུན་བཞིའམ། བདུན་ལྔའམ། བདུན་དྲུག་གམ། བདུན་བདུན་གྱི་བར་དུ་འཐོལ་ཚངས་བྱའོ། །དེ་ལྟར་སྡིག་སྦྱངས་ནས་བསམ་གཏན་བསྒོམ་པར་བྱ་ སྟེ། དེ་ལ་སྡིག་ཆུང་བ་ནི་བགས་ཀྱིས་བདག་གི་ལུས་བཻ་དཱུརྱའི་རི་ལྟ་བུར་མཐོང་བར་འགྱུར་རོ། །གང་རྩ་བ་བཞི་མ་ཉམས་པ་ནས། རང་བཞིན་གྱི་ཁྲིམས་ལྕི་བ་ལྔའི་བར་དུ་མ་ཉམས་པ་ཡིན་ན་ཏིང་ངེ་འཛིན་དུ་འཇུག་པའི་ཚེ་ཕྱོགས་བཅུའི་སངས་རྒྱས་དུས་གཅིག་ཏུ་ཆོས་སྟོན་པ་དང་། དེ་ཡང་ བདེན་པ་བཞིའམ། ཡང་དག་པའི་སྤོང་བ་བཞིའམ། རྫུ་འཕྲུལ་གྱི་རྐང་པ་བཞིའམ། སྡུག་བསྔལ་བའམ། བཟོད་པའམ། སྤྱི་བོ་དང་། འཇིག་རྟེན་ཆོས་ཀྱི་མཆོག་གི་ཆོས་སྟོན་པ་དང་ཡང་ན་བྱང་ཆུབ་ཀྱི་ཡན་ལག་བདུན་དང་། བསམ་གཏན་བཞི་དང་། སྐྱེས་བུ་ཡ་བརྒྱད་ཀྱི་ ཆོས་དང་། སྟོང་པ་ཉིད་བཞི་དང་། ཏིང་ངེ་འཛིན་གསུམ་དང་། རྣམ་པར་ཐར་པ་བརྒྱད་སྟོན་པར་མཐོང་བ་དང་། ཏིང་ངེ་འཛིན་ལས་མུན་ནག་མཐོང་བ་དང་། སྣང་བ་མཐོང་ན་ཏིང་ངེ་འཛིན་དེ་ལས་ལངས་ཏེ། ཤིན་ཏུ་དགའ་བའི་སེམས་བསྐྱེད་པར་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་དག་ཕྱིར་གནས་ པའི་ཚལ་དུ་དོང་སྟེ། བསམ་གཏན་གྱི་ཏིང་ངེ་འཛིན་ཉིན་ཞག་བདུན་བསྒོམས་པས་ཐམས་ཅད་ཀྱིས་དགྲ་བཅོམ་པ་ཐོབ་པར་གྱུར་ནས། བཅོམ་ལྡན་འདས་གང་ན་བ་དེར་ལྷགས་ཏེ། སངས་རྒྱས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ ཅག་ནི་སངས་རྒྱས་ཀྱིས་བསྟན་པ་བཞིན་འཁོར་བ་ལས་ཐར་ཏེ་བླ་ན་མེད་པའི་འབྲས་བུ་ཐོབ་བོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟར་ཐོབ་ན་ཆོ་འཕྲུལ་བསྟན་པའི་དུས་ལ་བབ་བོ་ཞེས་བཀའ་སྩལ་པ་དང་། དགེ་སློང་ལྔ་བརྒྱ་རྣམས་སྟེང་གི་བར་སྣང་ལ་འཕགས་ ཏེ། ཉལ་བ་དང་། འདུག་པ་དང་། འགྲོ་བ་དང་། སྡོད་པ་དང་། ལུས་ལ་མེ་དང་། ཆུ་ལ་སོགས་པ་འབྱུང་བའི་ཆོ་འཕྲུལ་རྣམ་པ་བཅྭ་བརྒྱད་མངོན་པར་བསྟན་ཏེ། དེའི་ཚེ་མང་དུ་ཐོས་པའི་དགེ་སློང་རྣམས་བསམ་གཏན་བསྒོམས་པས་མཽད་གལ་གྱི་བུ་ཆེན་པོ་དང་འདྲ་བར་ རྫུ་འཕྲུལ་ཐ་མི་དད་པར་གྱུར་ཏོ། །དེ་ནས་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དམ་པའི་ཆོས་འདི་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས་ཇི་སྲིད་དུ་གནས་ཤིང་དུས་ངན་པའི་ཚེ་སེམས་ཅན་ཇི་སྙེད་ཅིག་ཆོས་འདི་བསྒོམས་པས། དགེ་སྦྱོང་ གི་འབྲས་བུ་བཞི་ཐོབ་པར་འགྱུར། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། དེང་ཕྱིན་ཆད་དཔྱིད་ཟླ་འབྲིང་པོ་ལ་རྩ་མཆོག་གི་གྲོང་ཁྱེར་དུ་མྱ་ངན་ལས་འདའོ། །ང་མྱ་ངན་ལས་འདས་ནས་ལོ་བརྒྱད་ཅུའི་བར་དུ་ཆོས་ལ་སྤྱོད་པའི་སེམས་ཅན་མང་དུ་འབྱུང་སྟེ། དུར་ཁྲོད་དང་ཤིང་ དྲུང་ན་གནས་ཤིང་འདི་ཡིད་ལ་བྱེད་དེ། རྟོག་པ་དང་། བསལ་བ་དང་། འཇུག་པ་དང་། སྤོང་བའི་ཆོས་སྤྱོད་པ་སྟོང་ཕྲག་བཅུ་ལ་སྟོང་ཕྲག་དགུས་དགེ་སྦྱོང་གི་འབྲས་བུ་བཞི་ཐོབ་པར་འགྱུར་རོ། །ལོ་སུམ་བརྒྱའི་བར་དུ་ནི་སེམས་ཅན་སྟོང་སྟོང་ཕྲག་བཅུས་དགེ་སྦྱོང་གི་ འབྲས་བུ་བཞི་འཐོབ་པར་འགྱུར་རོ། །ལོ་སུམ་བརྒྱ་ཕན་ཆད། ལོ་ལྔ་བརྒྱ་ཚུན་ཆད་ནི་ངའི་ཉེ་གནས་རྣམས་བགས་ཀྱིས་མི་དགེ་བའི་ཆོས་སྤྱོད་དོ། །ཕྲག་དོག་གི་སེམས་ཀྱིས་ལོག་པའི་འཚོ་བས་འཚོ་བར་འགྱུར་རོ། །སྟོང་ཕྲག་ལྔ་བརྒྱ་ལ་སྟོང་ཕྲག་བཅུས་དགེ་སྦྱོང་གི་འབྲས་བུ་ཐོབ་པོ། ། ལོ་ལྔ་བརྒྱ་ཕན་ཆད་བརྒྱད་བརྒྱ་ཚུན་ཆད་ངའི་ཉེ་གནས་རྣམས་ཁྱིམ་པའི་གོས་གྱོན་ནས་བ་ལང་དང་། ལུག་དང་། བྱི་ལ་དང་། བོང་བུ་དང་། རྟ་གསོ་ཞིང་འབྲུ་མང་པོ་བསོག་སྟེ། རང་གིས་ལག་དར་ཞིང་རང་ཟ་བ་དང་། བྲན་ཕོ་དང་། བྲན་མོ་ཡང་གསོ་བར་འགྱུར་ཏེ། དེའི་ཚེ་སྟོང་ཕྲག་སྟོང་ ལ་སྟོང་ཕྲག་གཅིག་གིས་དགེ་སྦྱོང་གི་འབྲས་བུ་བཞི་ཐོབ་པར་འགྱུར་རོ། །ལོ་བརྒྱད་བརྒྱ་ཕན་ཆད་ནས་ལོ་སྟོང་ཚུན་ཆད་ནི་ངའི་ཉེ་གནས་རྣམས་སྡིག་པའི་ཆོས་བསླབ་སྟེ། རྒྱལ་པོ་དང་། རྒྱལ་བུ་དང་། བློན་པོ་ཆེན་པོ་དང་། ཁྱིམ་བདག་ལ་གྲོགས་པོར་བསྟེན་ཅིང་ཕན་ཚུན་ཐ་ན་ཕྲིན་གྱིས་ འདྲུལ་ཞིང་། ཞིང་རྨོ་བརྐོ་བྱེད་དེ། འབྲུ་གཟན་མང་པོ་དང་། གསེར་དང་། དངུལ་དང་། རིན་པོ་ཆེ་སྣ་བདུན་སོག་ཅིང་ཤ་ཟ་ཞིང་ཆང་འཐུང་སྟེ། ཆེན་པོ་བཞི་གསོ་ཞིང་རྟས་པར་བྱེད་པ་དང་། སྨད་འཚོང་མ་ལྟར་གོས་སྦུ་གུ་གྱོན་ཞིང་འདྲིད་པ་དང་། སླུ་བའི་ལས་བྱེད་དེ། དེ་ལ་འབུམ་ ཕྲག་ཁྲི་ལ་བརྒྱ་ཙམ་ཞིག་གིས་དགེ་སྦྱོང་གི་འབྲས་བུ་བཞི་ཐོབ་བོ། །ལོ་སྟོང་ཕན་ཆད་སུམ་བརྒྱ་ཚུན་ཆད་ནི་ཆེ་ཐང་དུ་འཁྲུགས་ཏེ། ངའི་ཉེ་གནས་རྣམས་ལུས་ཆོས་གོས་གྱོན་ཡང་ཤིང་གི་ཁ་ལ་འཕན་རྙིང་བཏགས་པ་འདྲ་སྟེ། གཟི་བྱིན་ཡང་མེད། ཁྱིམ་པས་མཐོང་ན་ཡང་བཀུར་སྟི་དང་ མི་བྱེད་པས་ཤན་པ་དང་འདྲ་བར་འགྱུར་རོ། །དེའི་དུས་ན་ཡུལ་ཁམས་ཀྱང་འཁྲུགས་ཏེ། གཅིག་ལ་གཅིག་དགྲ་བྱེད་ཅིང་གསོད་པས་རྒྱལ་པོ་དང་། བློན་པོ་དང་། ཕ་མ་དང་། བུ་དང་། བུ་མོ་ཡང་གཅིག་ལ་གཅིག་དགྲ་བྱེད་དེ། བྱམས་པ་དང་སྙིང་བརྩེ་བའི་སེམས་ཀྱང་མེད་པས་ བཟའ་བ་དང་བཏུང་བས་ཉོན་མོངས་ཏེ། ཁྱིམ་ཐབ་མེད་པ་དང་། ཆུང་མ་མེད་པ་དང་། བུ་ཕོ་མེད་པ་དང་། བུ་མོ་མེད་པ་དང་། ལོང་བ་དང་། འོན་པ་དང་། ལྐུགས་པ་དང་། དབང་པོ་མ་ཚང་བ་དང་། བྲན་ཕོ་དང་། བྲན་མོ་ལས་བྲོས་པ་ཡུལ་ཁམས་ཕུང་བར་བྱེད་པ། འཚོ་བས་རང་མི་སོས་པ་དག་ངའི་ཆོས་ལ་ཞུགས་ནས་ཁྱིམ་པ་རྣམས་ ཀྱིས་ཀྱང་རྔོན་པ་དང་འདྲ་བར་ལྟ་སྟེ། དཔེར་ན་ལྷའི་གླང་དང་། རྟ་རྒོད་དམ། བལ་གླང་མྱོས་པ་ལྟར་གདུལ་དཀའ་བ། རང་དགར་ཡང་འགྲོ་བ། སློབ་དཔོན་དང་། སློབ་མ་ཡང་མི་རྒོད་མ་རུངས་པ་དང་འདྲ་སྟེ། འདོད་ཆགས་ལ་བག་མེད་པར་སྤྱོད་ཅིང་བླ་མ་དང་འོག་མའི་རིམ་པ་ཡང་མེད་པ་དང་། བཟང་ ངན་གྱི་རིམ་པ་ཡང་མེད་དེ། དུད་འགྲོ་ཕྱུགས་དང་འདྲ་བ། ཁ་ན་མ་ཐོ་བའི་སྡིག་པ་མང་པོ་བྱེད་ཅིང་ངན་སོང་གསུམ་གྱིས་མི་འཇིགས་པར་གར་སོང་བར་གནས་ཀྱང་ཆང་འཚོང་བ་དང་། ཤན་པ་དང་། རྔོན་པ་དང་། སྨད་འཚོང་མ་དང་། སྟེན་ཅིང་འགྲོགས་པ། ཁ་ནས་ཀྱང་དག་ སྡིག་པ་སྨྲ་ཞིང་སེམས་ལ་ཡང་སྡིག་པ་སེམས་པ་དང་། ཡང་ན་བློན་པོ་དང་སྟེན་ཅིང་དགེ་བའི་མི་དག་ལ་ཐབས་སྣ་ཚོགས་ཀྱིས་བསྡིགས་ཤིང་ནོར་ཕྲོགས་ཏེ་བུ་སྨད་གསོའོ། །ཡང་ན་རྔོན་པའི་ཡོ་བྱད་ཉ་རྒྱ་ལ་སོགས་པ་འཆང་ཞིང་ཉ་ལ་སོགས་པ་བཅུས་ནས་རང་གི་ལག་བདར་ཏེ་གསོད་པ་དང་། སྲེག་པ་དང་། ཟླ་བ་ཉ་བ་དང་། ཤི་བའི་ཚེ་གསོ་སྦྱོང་མི་བྱེད་དེ་རང་ཉམས་སུ་གཏོང་བ་དང་། ཚུལ་ཁྲིམས་ཀྱི་ལས་བྱེད་པ་རྣམས་ཕན་ཚུན་རྩོད་ཅིང་བླ་མ་དང་། འོག་མ་དང་། གྲོགས་པོ་ལ་ཞེ་སྡང་བ་དང་། གདུག་པའི་སེམས་བསྐྱེད་པ་དང་། སློབ་དཔོན་དང་། སློབ་མ་ཡང་གཅིག་ལ་གཅིག་ སྐྱོན་འདྲུ་ཞིང་། འཕྱ་བ་དང་སྒྲོགས་པའི་གཏམ་སྨྲ་སྟེ། དཔེར་ན་རྩངས་པ་མང་པོ་ཀུན་གཅིག་ཏུ་འདུས་པ་དང་འདྲ་བ་དང་། ཕན་ཚུན་དཔུང་དང་། སྡེ་ཚན་གཅིག་ལ་གཅིག་ཚིག་ངན་གྱིས་སྨ་འབེབས་པ་དང་། བླ་འོག་གི་རིམ་པ་ཡང་མེད་པ་དང་། མི་རྒོད་མ་རུངས་པ་ལྟར་དགེ་བ་བྱེད་པ་ལས་ འཕྲོག་རློམ་བྱེད་པ་དང་། ཁེ་དང་གྲགས་པ་ལ་ཆགས་ཏེ། ཆོས་མི་ཤེས་པར་གྱུར་པ་དེའི་ཚེ། མདོ་སྡེ་བཅུ་གཉིས་ཀྱང་ནུབ་པར་གྱུར་ཏེ། ཀློག་པ་དང་། འདོན་པ་ཡང་མེད་པ་དང་། ངའི་སློབ་མ་རྣམས་ཀྱང་དགྲ་ཆོས་དང་། གཙུག་ལག་དང་། ཡི་གེ་དང་། རྩེ་བ་དང་། བཞོན་པ་དང་། བོན་ཆོས་དང་། མིག་མངས་དང་། གླུ་གར་དང་། འདུ་བ་དང་། སྤྱུགས་པ་དང་། འཕོང་རྩལ་དང་། རྟ་རྒྱུག་པ་ལ་སོགས་པའི་ཆོས་མ་ཡིན་པ་སློབ་ཅིང་སྤྱོད་དེ། དེ་ལྟར་མ་ལེགས་པའི་ཆོས་སྤྱོད་པས། ཚེ་འཕོས་མ་ཐག་ཏུ་ངན་སོང་དུ་ལྷུང་སྟེ། བསྐལ་པ་གྲངས་མེད་པར་ངན་སོང་གི་སྡུག་བསྔལ་མྱོང་ནས་དེ་ལས་ཐར་ནས་ ཡང་བྱོལ་སོང་དུ་སྐྱེ་སྟེ། ལྟོགས་པ་དང་། སྐོམ་པ་དང་། སྡུག་བསྔལ་གྱིས་ཉེན་པ་དང་། ཁལ་ལྕི་བ་འགེལ་ཞིང་འགྲོ་བར་འགྱུར་རོ། །ཕྱི་ཞིག་ན་སྦྱངས་པའི་ཡོན་ཏན་སློབ་པ་ཡང་ཆོས་མ་ཡིན་པ་མང་དུ་བྱེད་དེ། རི་དང་། ཚལ་དང་། དུར་ཁྲོད་དང་། ཤིང་དྲུང་ན་མི་གནས་ཤིང་རྟག་ཏུ་གྲོང་དུ་རྒྱུག་སྟེ། སེམས་ལ་རྟོག་པ་མང་ཞིང་ཁེ་དང་གྲགས་པ་ཚོལ་ཏེ། ནོར་རྫས་དང་། ལོངས་སྤྱོད་ལ་ཆགས་ཤིང་། ཆོག་མི་ཤེས་པ་དང་། ཆོས་སྟོན་པའི་བཤད་མཁན་ཞིག་ཡིན་ན་ཡང་སངས་རྒྱས་ཀྱི་ཆོས་སྟོན་པ་ཡང་ཁྲི་ཙམ་ལ་གཅིག་ཙམ་ཡང་ཐོག་ཏུ་མི་ཕེབས་ཏེ། འཁོར་མང་པོ་དང་འགྲོགས་ནས་གྲོང་རྒྱུ་ ཞིང་ཁྱིམ་པའི་ཁྱིམ་དུ་ཞུགས་ནས་ཁྱིམ་པ་ལ་ཆོས་སྟོན་པ་ཡང་ཁེ་དང་གྲགས་པའི་ཕྱིར་ཏེ། ལོངས་སྤྱོད་མང་དུ་སོགས་ཤིང་ཤན་པ་དང་འདྲའོ། །ཤ་དང་ཆང་ལ་མི་སྤྱོད་པ་དག་གིས་དགེ་སློང་དག་ཁྱེད་ནི་བཙུན་པ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ཡིན་ན། སྙིང་རྗེའི་སེམས་ཀྱང་མེད་དེ། འདི་ ལྟར་ཆོས་མ་ཡིན་པ་མང་དུ་སྤྱོད་པས་ཁྱེད་ནི་ཤན་པ་དང་འདྲའོ་ཞེས་སྤྱོ་ཞིང་བརྒྱད་པར་འགྱུར་རོ། །དགེ་སློང་དེ་དག་དེ་སྐད་ཅེས་གཤེ་བ་ཐོས་ནས་ཀུན་ལོག་སྟེ། དེ་ལ་རྡེག་པ་དང་། གཤེ་བ་དང་། བརྒྱད་བཀག་སྟེ། གཅིག་ལ་གཅིག་འདི་སྐད་དུ་སྨྲའོ། །དེ་བཞིན་གཤེགས་པ་བཞུགས་པའི་ཚེ་ ན་ནི་ངེད་ཤ་དང་ཆང་འཐུང་བ་མ་གནང་སྟེ། ད་ངེད་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས་ད་ནི་ཅི་ཡང་གནང་བས་ངེད་ཤ་དང་ཆང་འཐུང་བ་ཡིན་ནོ། །ཁྱིམ་པ་དང་བྲལ་བའི་འོག་ཏུ་དེ་དག་གཅིག་ལ་གཅིག་བདག་ཅག་གིས་ཤེས་པ་ནི་སངས་རྒྱས་ཀྱི་ཞལ་ནས་གསུངས་པ་དང་འདྲའོ་ཞེས་སྨྲ་ཞིང་ལ་ ལ་ནི་ཚིག་ཀྱལ་པ་དང་། དོན་མེད་པའི་ཚིག་དང་། འགྲན་དོར་གྱི་ཚིག་དང་། འཁྲུལ་པའི་ཚིག་ཏུ་གཏམ་སྨྲ་ཞིང་དཔེར་ན། དམུས་ལོང་ཞིག་མཛུབ་མོ་གཉིས་ཉི་མ་ལ་བཙུགས་ཏེ། ཉི་མ་ཡ་གི་ནི་བྱིན་ཆུང་ངོ་། །ཡངས་སོ། །དོག་གོ་ཞེས་སྨྲ་བའམ། མི་འོན་པ་ཞིག་བདག་གིས་གནམ་གྱི་སྟེང་ན་ ཆོས་འཆད་པའི་སྒྲ་ཐོས་སོ་ཞེས་ཟེར་བ་དང་འདྲ་བར་དམུས་ལོང་མང་པོ་ཚོགས་ཏེ། འཇིག་རྟེན་ན་འཇམ་དཔལ་དང་འོད་སྲུང་ཆེན་པོ་ལ་སོགས་པ་སྤྲུལ་ཏེ། དེའི་ནང་ན་བཞུགས་ཀྱང་ཀུན་གྱིས་རྡེག་ཅིང་གཤེ་སྟེ། དེ་ནས་སྐྲོད་ཅིང་འདུག་ཏུ་མི་སྟེར་རོ། །གཞན་ཡང་དཔེར་ན་སེང་གེ་ནི་སྤོས་ཀྱི་རི་ལ་གནས་ཏེ། རི་དགས་དང་། གཅན་གཟན་གང་ཡང་གནས་དེར་ཉེར་མི་བཟོད་དོ། །སེང་གེ་རི་དེ་ལས་བྱུང་སྟེ་སོང་བའི་འོག་ཏུ་ནི་གཅན་གཟན་གདུག་པ་ཁྲོ་བོ་ལ་སོགས་པ་གཅིག་གིས་གཅིག་བོས་ཏེ། སྤོས་ཀྱི་རི་ལ་ལྷགས་ནས་འབྲས་བུ་ཞིམ་པོ་ཟ་ཞིང་ཆུ་མིག་ལ་འཐུང་ངོ་། །དེ་ལྟར་ཟ་ཞིང་འཐུང་བ་ལས་ཐམས་ཅད་སྐམས་ ཤིང་མེད་པར་གྱུར་ཏེ། སྤོས་ཀྱི་རི་ལ་གནས་པའི་ལྷ་རྣམས་ཀྱང་སྐྱོབ་པར་མི་འགྱུར་བས་རྩྭ་གདུག་པ་སྐྱེས་ཏེ་ཟོས་མ་ཐག་ཏུ་ཚེའི་དུས་བྱས་པར་འགྱུར་རོ། །ང་མྱ་ངན་ལས་འདས་པའི་འོག་ཏུ་དགེ་སློང་ཐམས་ཅད་ཀྱིས་ངས་བསྟན་པའི་མདོ་སྡེ་བཅུ་གཉིས་འདོན་ཅིང་ཀློག་པ་ ཡང་གོང་མ་ནི་བར་དུ་བཅུག །བར་མ་ནི་འོག་ཏུ་བཅུག །འོག་མ་ནི་གོང་དུ་བཅུག །བར་མ་ནི་འོག་དང་། ཐ་མར་བཅུག་སྟེ། དོན་མ་ཡིན་པ་ལ་དོན་ཞེས་ཟེར། དོན་ལ་ནི་དོན་མ་ཡིན་ཞེས་ཟེར་ཏེ། ཇི་ལྟར་མུ་སྟེགས་ཅན་དག་སོ་སོ་ནས་ངའི་གཞུང་ནི་བདེན་པ་ཡིན་ནོ་ཞེས་ཟེར་བ་དང་འདྲའོ། ། དེའི་དུས་ན་མདོ་སྡེ་བཅུ་གཉིས་འཇིག་རྟེན་ན་སྤྱོད་ཀྱང་གཟི་བརྗིད་དང་མཐུ་མེད་དོ། །ལ་ལ་ཞིག་འདོན་ཏམ་ཀློག་ཀྱང་མི་གཅིག་འགའ་ཡང་དགེ་སྦྱོང་གི་འབྲས་བུ་བཞི་ཐོབ་པ་མེད་དོ། །དེ་ལྟར་ངའི་སློབ་མ་རྣམས་ཀྱང་རྒྱལ་པོ་སྲིད་སྟར་བའམ། བྱ་འདབ་མ་མེད་པ་དང་འདྲ་སྟེ། གཙུག་ལག་ཁང་དང་ མཆོད་རྟེན་ཡང་སྟོངས་ཤིང་ཞིག་རལ་གསོ་བ་ཡང་མེད་དོ། །དེ་ལྟར་སྐུ་གཟུགས་དང་བ་དན་དང་། རིན་པོ་ཆེའི་གདུགས་ཡོད་པ་ཡང་དགྲ་ཆ་ཞིག་པ་འདྲ་སྟེ། ཕུག་རོན་དང་། བྱེའུ་དང་། ཕག་དང་། ཁྱི་དང་། ལུག་ལ་སོགས་པའི་ཚང་དང་གནས་སུ་འགྱུར་རོ། །དགེ་སློང་སོ་སོ་ན་ འདུག་པའི་གནས་ནི་བྱི་དོར་བཟང་དུ་བྱེད་དོ། །བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། འདི་ཡང་ཁྱེད་ལ་མདོ་ཙམ་ཞིག་བཤད་པ་ཡིན་ནོ། །དགའ་བོས་སངས་རྒྱས་ཀྱིས་གསུངས་པ་ཐོས་ནས་མཆི་མ་བླགས་ཏེ་ངུས་སོ། །དེ་ལྟར་དགའ་བོས་ཡིད་གདུང་ཞིང་ངུ་བ་མ་བཏང་བ་ལས་ བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། ཁྱོད་དེ་ལྟར་མ་ངུ་བར་མདོ་སྡེ་འདི་གཟུངས་སུ་ཟུང་ལ་འཇིག་རྟེན་དུ་རྒྱས་པར་སྤེལ་ཅིག །དེ་ནས་དགའ་བོས་གདོང་མཆི་མ་ཕྱིས་ནས། བཅོམ་ལྡན་འདས་ལ་བདག་གིས་གཟུངས་སུ་བཟུང་ངོ་། །ཞེས་གསོལ་ཏོ། །བརྒྱ་བྱིན་དང་། ལྷ་དང་། མི་རྣམས་ཀྱིས་ཀྱང་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་བདག་ཅག་གིས་ཀྱང་ཡོངས་སུ་བཟུང་སྟེ། གང་ཞིག་མདོ་སྡེ་འདི་རིའམ། ཚལ་ལམ། ཤིང་དྲུང་ངམ། བས་མཐའ་འམ། དུར་ཁྲོད་ན་གནས་ཏེ་འདོན་ཏམ། ཀློག་ན་བདག་ཅག་གིས་ལྷ་དང་། མིའི་འཁོར་དང་། མི་མ་ཡིན་པ་ དང་བཅས་ཏེ། གནས་དེར་འགྲོ་ཞིང་ཆུང་ངུ་ན་ཚིགས་སུ་བཅད་པ་གཅིག་གམ་ཚིག་གཅིག་ཙམ་ཡང་མི་བརྗེད་མི་ཉམས་པར་བཟུང་ངོ་ཞེས་གསོལ་ཏོ། །མདོ་སྡེ་འདི་གསུངས་པའི་ཚེ་དགེ་སློང་སྟོང་སྙེད་ཀྱིས་དགེ་སྦྱོང་གི་འབྲས་བུ་བཞི་ཐོབ་པར་གྱུར་ཏོ། །དགེ་སློང་མ་སྟོང་ལྔ་བརྒྱས་ རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་གྱུར་ཏོ། །དགེ་བསྙེན་ལྔ་བརྒྱ་ཡོངས་སུ་དག་པར་གྱུར་ཏེ། ལྷ་དང་། མི་དང་། ལྷ་མ་ཡིན་ལ་སོགས་པས་ཕྱག་བྱས་ནས་ཕྱིར་དོང་ངོ་། །འཕགས་པ་ཏིང་ངེ་འཛིན་མཆོག་དམ་པ་རྫོགས་སོ།། །། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་མ་ཧཱ་སན་ནི་པཱ་ཏ་རཏྣ་ཀེ་ཏུ་དྷཱ་ར་ཎཱི་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་འདུས་པ་ཆེན་པོ་རིན་པོ་ཆེ་ཏོག་གི་གཟུངས་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། དེ་བཞིན་གཤེགས་པ་འོད་ཞི་སྤོས་སྣང་དཔལ་ལ་ཕྱག་འཚལ་ལོ། །ཚངས་ པ་ཆེན་པོ་དབྱངས་ཅན་ལ་ཕྱག་འཚལ་ལོ། །དེ་ལ་ཕྱག་འཚལ་ཏེ། བདུད་ཀྱི་འཁོར་གྱིས་མི་ཚུགས་པ་ཞེས་བྱ་བའི་གཟུངས་འདི་སྦྱོར་བར་བགྱིས། བདག་གིས་རིག་སྔགས་འདི་གྲུབ་པར་གྱུར་ཅིག་འདི་ལྟ་སྟེ། ཨ་བཱ་མེ། ཨ་བཱ་མེ། ཨཾ་བ་རེ། ཨཾ་བ་རེ། པ་རི་ཀུན་ཛ། ན་ཊ་ན་ཊ། པུ་སྐ་ར་བཱ་ཧ། ཛ་ལུ་ཁ། ཁ་མ་ཁ་ཡ། ཨི་ལི་མི་ལི། ཀི་ལི་མི་ལི། ཀཱིརྟི་པ་ར། མུ་དྲེ་མུ་དྲ་མུ་ཁེ་སྭཱ་ཧཱ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་འོད་མའི་ཚལ། བྱ་ཀ་ལན་ད་ཀ་གནས་པ་ན། དགེ་སློང་སྟོང་དུ་ཚང་བའི་དགེ་ སློང་གི་དགེ་འདུན་ཆེན་པོ་ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། ཉོན་མོངས་པ་མེད་པ། དབང་དང་ལྡན་པར་གྱུར་པ། སེམས་ཤིན་ཏུ་རྣམ་པར་གྲོལ་བ། ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ། ཅང་ཤེས་པ། གླང་པོ་ཆེན་པོ། བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། བདག་ གི་དོན་རབ་ཏུ་ཐོབ་པ། སྲིད་པར་ཀུན་ཏུ་སྦྱོར་བ་ཡོངས་སུ་ཆད་པ། ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ། སེམས་ཀྱི་དབང་ཐམས་ཅད་ཀྱི་དམ་པའི་ཕ་རོལ་ཏུ་སོན་པ་ཤ་སྟག་དང་། ཐབས་ཅིག་ཏུ་བཞུགས་སོ། །བྱང་ཆུབ་སེམས་དཔའ་ཁྲིའི་བྱང་ཆུབ་སེམས་དཔའི་དགེ་འདུན་ ཆེན་པོ་ལ་འདི་ལྟ་སྟེ། ལྷུན་པོའི་རྩེ་འཛིན་གཞོན་ནུར་གྱུར་པ་དང་། ཆུ་ལྷའི་བློ་གྲོས་གཞོན་ནུར་གྱུར་པ་དང་། བཟང་པོའི་བློ་གྲོས་གཞོན་ནུར་གྱུར་པ་དང་། རྒྱལ་བའི་བློ་གྲོས་གཞོན་ནུར་གྱུར་པ་དང་། འོད་ཀྱི་བློ་གྲོས་གཞོན་ནུར་གྱུར་པ་དང་། ནམ་མཁའི་བློ་གྲོས་ གཞོན་ནུར་གྱུར་པ་དང་། གློག་གི་བློ་གྲོས་གཞོན་ནུར་གྱུར་པ་དང་། འཇམ་དཔལ་གཞོན་ནུར་གྱུར་པ་དང་། ཐུབ་དཀའ་གཞོན་ནུར་གྱུར་པ་དང་། ཆུ་ལྷ་གཞོན་ནུར་གྱུར་པ་དང་། དྲི་མེད་གཞོན་ནུར་གྱུར་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་། དེ་དག་ ལ་སོགས་པ་བྱང་ཆུབ་སེམས་དཔའ་ཁྲི་ཐམས་ཅད་ཀྱང་། བཟོད་པ་དང་། གཟུངས་དང་། ཏིང་ངེ་འཛིན་ཐོབ་པ། ཆོས་ཐམས་ཅད་ལ་སྒྲིབ་པ་མེད་པའི་ཡེ་ཤེས་ཅན། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ། བདུད་ཀྱི་ཡུལ་ཐམས་ཅད་ལས་ཡང་དག་པར་འདས་པ། དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ། ཤེས་པ་ལ་མཁས་པ། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་ལྡན་པ་ཐབས་ཤེས་པ་ལ་མཁས་པ། ཤ་སྟག་དང་ཡང་ཐབས་ཅིག་གོ། །དེའི་ཚེ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ན་ཀུན་ཏུ་རྒྱུ་མཁས་པ་གསལ་བ། ཡིད་གཞུངས་པ། རིག་པའི་གནས་བཅྭ་བརྒྱད་ཀྱི་ཕ་རོལ་ཏུ་ཕྱིན་པ། གཡོག་ལྔ་བརྒྱ་པ། གཅིག་གི་མིང་ནི་ཉེ་རྒྱལ། གཅིག་གི་མིང་ནི་པང་ནས་སྐྱེས་ཞེས་བྱ་བ་གཉིས་ཤིག་འཁོད་དོ། །ཚོགས་ཀྱི་གཙོ་བོ་གཡོག་གི་ཚོགས་ཅན་དེ་གཉིས་ཕན་ཚུན་འདི་ལྟར་བདག་ཅག་ལས་གང་གིས་ཐོག་མར་བདུད་རྩི་ཐོབ་པ་ དེས་གཅིག་ལ་གཅིག་སྦྲན་ཏོ། །ཞེས་དམ་ཚིག་བྱས་སོ། །དེ་ནས་ཚེ་དང་ལྡན་པ་རྟ་ཐུལ་སྔ་དྲོའི་དུས་ཀྱི་ཚེ། ཤམ་ཐབས་དང་ཆོས་གོས་བགོས། ལྷུང་བཟེད་ཐོགས་ནས། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོར་བསོད་སྙོམས་ཀྱི་ཕྱིར་ཞུགས་པ་དང་། ཀུན་ཏུ་རྒྱུ་ཉེ་རྒྱལ་གྱིས་ཚེ་དང་ལྡན་པ་ རྟ་ཐུལ་སྤྱོད་ཡུལ་དུ་ཞུགས་ནས། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོར་བསོད་སྙོམས་ཀྱི་ཕྱིར་སོང་བ་མཐོང་ངོ་། །མཐོང་ནས་དེ་འདི་སྙམ་དུ་སེམས་ཏེ། ཅི་ལྟར་དགེ་སྦྱོང་འདིའི་སྤྱོད་ལམ་མཛེས་པ་དེ་ལྟ་བུ་ནི་བདག་གི་སྔོན་ཅད་དགེ་སྦྱོང་ངམ། བྲམ་ཟེའམ་མིར་གྱུར་པ་གཞན་སུ་ལ་ཡང་གང་ལ་ ཡང་སྔོན་མ་མཐོང་ན། བདག་དེའི་གན་དུ་སོང་སྟེ། ཚེ་དང་ལྡན་པ་ཁྱོད་ཀྱི་སྟོན་པ་གང་ཡིན། གང་ལས་རབ་ཏུ་བྱུང་། གང་གིས་ཆོས་ལ་དགའ་ཞེས་འདྲིའོ་སྙམ་ནས། ཀུན་ཏུ་རྒྱུ་ཉེ་རྒྱལ་ཚེ་དང་ལྡན་པ་རྟ་ཐུལ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ཚེ་དང་ལྡན་པ་རྟ་ཐུལ་དང་ལྷན་ཅིག་མངོན་དུ་ཡང་དག་པར་དགའ་ བར་བྱ་བ་དང་། ཡང་དག་པར་མགུ་བར་བྱ་བའི་གཏམ་སྣ་ཚོགས་བྱས་ཏེ། ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས། ཀུན་ཏུ་རྒྱུ་ཉེ་རྒྱལ་གྱིས་ཚེ་དང་ལྡན་པ་རྟ་ཐུལ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཁྱོད་ཀྱི་སྟོན་པ་གང་། གང་ལས་རབ་ཏུ་བྱུང་། གང་གི་ཆོས་ ལ་དགའ། དེ་ནས་ཚེ་དང་ལྡན་པ་རྟ་ཐུལ་གྱིས་ཀུན་ཏུ་རྒྱུ་ཉེ་རྒྱལ་ལ་འདི་སྐད་ཅེས་སྨྲས་སོ། །ཤཱཀྱའི་སྲས་པོ་བརྟུལ་ཞུགས་དཀའ་ཐུབ་ཆེན་པོ་ཀུན་གྱི་དམ་པ་དབང་དང་ལྡན། །འཁོར་བའི་རྒྱ་མཚོའི་ཕ་རོལ་ཕྱིན་ཅིང་གྲོལ་ལ་དེ་བཞིན་འགྲོ་བ་སྒྲོལ་མཛད་པ། །སངས་རྒྱས་ཞེས་བྱ་སད་ མཛད་མི་མཉམ་སྡུག་བསྔལ་མཚོ་སྐེམས་ད་ལྟར་འདི་ན་ཡོད། །དྲི་མ་མེད་པ་དེ་ཡི་སྐྱབས་སུ་ང་སོང་ང་ནི་དེ་ཡི་ཆོས་ལ་དགའ། །ཉེ་རྒྱལ་གྱིས་སྨྲས་པ། ཁྱོད་ཀྱི་སྟོན་པ་ཇི་སྐད་སྨྲ། ཇི་སྐད་སྟོན། ཚེ་དང་ལྡན་པ་རྟ་ཐུལ་གྱིས་སྨྲས་པ། དེའི་ཕྱིར་ཚེ་དང་ལྡན་པ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ ལ་ཟུང་ཤིག་དང་ངས་བཤད་དོ། །ཇི་ལྟར་འཇིག་རྟེན་ལས་དང་ཉོན་མོངས་རྒྱུར་བཅས་བྱེད་རྒྱུར་ལྡན་འབྱུང་དང་། །ལས་དང་ཉོན་མོངས་པ་དག་ལྡོག་རྒྱུ་དེ་ཡང་འདྲེན་པས་རབ་ཏུ་གསུངས། །གང་ན་སྐྱེ་དང་རྒ་དང་རྒུད་པའི་སྡུག་བསྔལ་ངེས་པར་མི་གནས་པ། །ཐར་པའི་མཆོག་དེ་སྨྲ་བའི་ཁྱུ་མཆོག་ དེ་ཡིས་རང་གིས་མཁྱེན་ཏེ་གསུངས། །དེ་ནས་ཀུན་ཏུ་རྒྱུ་ཉེ་རྒྱལ་གྱིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས། ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་། དྲི་མ་དང་བྲལ་ལ་ཉོན་མོངས་པ་མེད་པ་སྐྱེས་ཏེ། དེས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་ནས་དེའི་ཚེ་ཚིགས་སུ་བཅད་པ་འདི་སྐད་ཅེས་སྨྲས་སོ། ། སངས་རྒྱས་ཀྱིས་ནི་ཤིན་ཏུ་རྙེད་དཀའ་ཐོས་གཏེར་བདུད་རྩིའི་ཆོས་བཤད་པ། །འདི་ནི་རྟག་ཏུ་སྐྱེ་བའི་འབབ་ཆུ་སྐེམས་པར་བདེན་པར་ཁོང་དུ་ཆུད། །དེ་ནི་འགྲོ་བ་རྣམས་ཀྱི་སྡུག་བསྔལ་རབ་ཏུ་ཞི་བར་འགྱུར་བ་སྟེ། །ལམ་འདི་དམ་པ་ཤེས་རབ་ཆོས་རྣམས་བསྒོམ་པ་མི་མཉམ་བྱེད་པ་ཡིན། །དེ་ནས་ཀུན་ ཏུ་རྒྱུ་ཉེ་རྒྱལ་གྱིས་ཚེ་དང་ལྡན་པ་རྟ་ཐུལ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ད་ལྟ་ག་ལ་བཞུགས། ཚེ་དང་ལྡན་པ་རྟ་ཐུལ་གྱིས་སྨྲས་པ། ཚེ་དང་ལྡན་པ་བཅོམ་ལྡན་འདས་ནི་རྒྱལ་པོའི་ ཁབ་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་འདི་ལྟ་སྟེ། རལ་པ་ཅན་སྟོང་རབ་ཏུ་བྱུང་བའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། ཐབས་ཅིག་ཏུ་བཞུགས་སོ། །ཉེ་རྒྱལ་གྱིས་སྨྲས་པ། བདག་གི་གྲོགས་པོའི་མཆོག་དང་། སློབ་མའི་འཁོར་ལ་བལྟས་ཏེ། བཅོམ་ལྡན་འདས་ཀྱི་ཐད་དུ་ རབ་ཏུ་འབྱུང་ངོ་། །དེ་ནས་ཀུན་ཏུ་རྒྱུ་ཉེ་རྒྱལ་གྱིས་ཚེ་དང་ལྡན་པ་རྟ་ཐུལ་གྱི་རྐང་པ་ལ་མགོ་བོས་ཕྱག་འཚལ་ནས། ལན་གསུམ་བསྐོར་བ་བྱས་ཏེ། སླར་སོང་ནས་ཀུན་ཏུ་རྒྱུ་པང་ནས་སྐྱེས་ག་ལ་བ་དེར་སོང་བ་དང་། ཀུན་ཏུ་རྒྱུ་པང་ནས་སྐྱེས་ཀྱིས་ཀུན་ཏུ་རྒྱུ་ཉེ་རྒྱལ་རྒྱང་རིང་པོ་ནས་འོང་བ་མཐོང་སྟེ། མཐོང་ནས་ཀུན་ཏུ་རྒྱུ་ཉེ་རྒྱལ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཁྱོད་ཀྱི་དབང་པོ་རྣམས་ནི་དངས། བཞིན་གྱི་མདངས་ནི་ཡོངས་སུ་དག །པགས་པའི་མདོག་ནི་ཀུན་ཏུ་དཀར་བ་ལས་ན། ཚེ་དང་ལྡན་པ་ཁྱོད་ཀྱིས་བདུད་རྩི་རྙེད་དོ། །ཉེ་རྒྱལ་གྱིས་སྨྲས་པ། ཚེ་དང་ལྡན་པ་དེ་དེ་བཞིན་ ཏེ། ཁོ་བོས་བདུད་རྩི་རྙེད་ཀྱིས་ཚེ་དང་ལྡན་པ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ཁོ་བོས་ཅི་སྙེད་པ་ཁྱོད་ལ་བཤད་དོ། །དེ་ནས་ཀུན་ཏུ་རྒྱུ་པང་ནས་སྐྱེས་སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ཀུན་ཏུ་ རྒྱུ་ཉེ་རྒྱལ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་འདི་སྐད་ཅེས་སྨྲས་སོ། །གང་གིས་སྲིད་གསུམ་རྒྱ་མཚོ་མྱུར་རྒལ་ཞིང་། །ཕུང་པོ་དགྲ་ཆེན་རྣམ་པར་གཞིག་བྱ་བ། །མྱ་ངན་མེད་ཞི་ལམ་དེ་ཤོད་ཅིག་དང་། །ཡང་འབྱུང་མེད་པའི་ལམ་དུ་འཇུག་པར་བྱ། །དེ་ནས་ཀུན་ཏུ་རྒྱུ་ཉེ་རྒྱལ་གྱིས་ འདི་སྐད་ཅེས་སྨྲས་སོ། །ཇི་ལྟར་འཇིག་རྟེན་ལས་དང་ཉོན་མོངས་རྒྱུར་བཅས་བྱེད་རྒྱུ་ལྡན་འབྱུང་དང་། །ལས་དང་ཉོན་མོངས་པ་དག་ལྡོག་རྒྱུ་དེ་ཡང་འདྲེན་པས་རབ་ཏུ་གསུངས། །གང་ན་སྐྱེ་དང་རྒ་དང་རྒུད་པའི་སྡུག་བསྔལ་ངེས་པར་མི་གནས་པ། །ཐར་པ་མཆོག་དེ་སྨྲ་བའི་ཁྱུ་མཆོག་དེ་ཡིས་རང་ གིས་མཁྱེན་ཏེ་གསུངས། །པང་ནས་སྐྱེས་ཀྱིས་སྨྲས་པ། སྡུག་བསྔལ་རབ་ཏུ་ཞི་བར་བྱ་ཕྱིར་དྲི་མ་མེད་པ་ཞི་བའི་ཆོས། །ཉོན་མོངས་ལྟ་ངན་ཉེས་པ་ཐམས་ཅད་ཞི་བྱེད་མི་ཤེས་གཅོད་པ་དང་། །འདི་ནི་འདུས་བྱས་གསོག་གསོབ་དེ་ཕྱིར་སྟོང་པ་སླུ་བར་ཐུབ་པས་གསུངས། །དེ་ཐོས་ཞི་བ་ རེག་འགྱུར་དྲི་མ་མེད་པའི་ཚིག་དེ་ཟློས་ཏེ་གསུངས། །ཉེ་རྒྱལ་གྱིས་སྨྲས་པ། ཇི་ལྟར་འཇིག་རྟེན་ལས་དང་ཉོན་མོངས་རྒྱུར་བཅས་བྱེད་རྒྱུར་ལྡན་འབྱུང་དང་། །ལས་དང་ཉོན་མོངས་པ་དག་ལྡོག་རྒྱུ་དེ་ཡང་འདྲེན་པས་རབ་ཏུ་གསུངས། །གང་ན་སྐྱེ་དང་རྒ་དང་རྒུད་པའི་སྡུག་བསྔལ་ངེས་པར་མི་ གནས་པ། །ཐར་པ་མཆོག་དེ་སྨྲ་བའི་ཁྱུ་མཆོག་དེ་ཡིས་རང་གིས་མཁྱེན་ཏེ་གསུངས། །དེ་ནས་ཀུན་ཏུ་རྒྱུ་པང་ནས་སྐྱེས་ཀྱིས་དེ་ཉིད་དུ་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་ལ། ཉོན་མོངས་པ་མེད་པ་རྣམ་པར་སྦྱངས་ཏེ། དེས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་ནས་ འདི་སྐད་ཅེས་སྨྲས་སོ། །ཡང་དག་སྤྱོད་པ་འདི་ནི་ཆུ་བོ་སྒྲོལ་བ་ཞི་བ་མགྱོགས་པའི་གཟིངས། །ཡེ་ཤེས་མཆོག་འདི་སྡུག་བསྔལ་གསུམ་པོ་ཞི་བྱེད་འཁོར་བའི་ཕ་རོལ་འགྲོ། །འདི་ནི་ཡོངས་སུ་ཤེས་ན་ཉོན་མོངས་ཕུང་པོ་འཇོམས་ཤིང་བདུད་འདུལ་འགྱུར། །ཐར་པ་འདི་ནི་དགྲ་དང་ཐབ་མོ་ བསལ་ཅིང་སྡུག་བསྔལ་རྒྱ་མཚོ་སྐེམས། །པང་ནས་སྐྱེས་ཀྱིས་སྨྲས་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ད་ལྟ་ག་ལ་བཞུགས། ཉེ་རྒྱལ་གྱིས་སྨྲས་པ། ཚེ་དང་ལྡན་པ་བདག་གིས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་ གྲོང་ཁྱེར་ཆེན་པོ་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན། དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་། ཐབས་ཅིག་ཏུ་བཞུགས་ཞེས་ཐོས་ན། བདག་ཅག་གཉིས་བཅོམ་ལྡན་འདས་དེའི་ཐད་དུ་རབ་ཏུ་འབྱུང་ངམ། པང་ནས་སྐྱེས་ཀྱིས་སྨྲས་པ། ཚེ་ དང་ལྡན་པ་དེ་དེ་བཞིན་ཏེ། བདག་ཅག་གི་འཁོར་ལ་བལྟས་ཏེ་རབ་ཏུ་འབྱུང་ངོ་། །དེ་ནས་ཀུན་ཏུ་རྒྱུ་ཉེ་རྒྱལ་དང་། པང་ནས་སྐྱེས་རང་གི་འཁོར་ག་ལ་བ་དེར་དོང་ངོ་། །དེ་ནས་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ལ་བདུད་སྡིག་ཅན་གྱིས་ཡུལ་ཨང་ག་མ་ག་དྷཱ་ན་མཁས་ཤིང་སྙན་པ་དང་། བརྗོད་པ་དང་ གྲགས་པར་ལྡན་པ་སྐྱེས་བུ་དམ་པ་ཉེ་རྒྱལ་དང་། པང་ནས་སྐྱེས་གཡོག་དང་བཅས་ཏེ་དགེ་སྦྱོང་གཽ་ཏ་མའི་བསྟན་པ་ལ་རབ་ཏུ་འབྱུང་བར་འདོང་ངོ་ཞེས་ཐོས་ནས། དེ་འདི་སྙམ་དུ་སེམས་སོ། །ཀྱི་ཧུད་དེ་གཉིས་གལ་ཏེ་དགེ་སྦྱོང་གཽ་ཏ་མའི་སློབ་མར་གྱུར་ན་བདག་གི་ བདུད་ཀྱི་ཡུལ་སྟོངས་པར་བྱེད་པར་འགྱུར་གྱིས། བདག་དེར་སོང་སྟེ་སྐྱེས་བུ་དམ་པ་དེ་གཉིས་རབ་ཏུ་འབྱུང་བ་ལས་བཟློག་ལ། སྡིག་པ་ཅན་གྱི་ལྟ་བ་འཛིན་དུ་འཇུག་གོ། །སྙམ་སྟེ། དེ་ནས་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ལ་བདུད་སྡིག་ཅན་མྱུར་དུ་བདག་གི་ཁང་པ་ནས་མི་སྣང་བར་བྱས་ཏེ། ཚེ་དང་ལྡན་པ་རྟ་ཐུལ་གྱི་ཆ་བྱད་དང་རྟགས་དང་སྤྱོད་ལམ་དུ་བསྒྱུར་ནས། སྐྱེས་བུ་དམ་པ་དེ་གཉིས་ཀྱི་མདུན་ན་ལམ་ཀར་འདུག་སྟེ། འདི་སྐད་ཅེས་སྨྲས་སོ། །ཁོ་བོས་སྔར་སྨྲས་རྒྱུ་དང་བྱེད་རྒྱུ་ལྟ་བུ་དེ་ནི་ལོག་པ་སྟེ། ཁྱེད་གཉིས་ཡིད་ཀྱི་སྤྱོད་པ་ཅི་ལ་ངེས་པ་བགམ་པར་བྱ་བའི་ཕྱིར། ། སྨྲས་པ་དེ་དག་ཐམས་ཅད་དོན་ཡོད་མ་ཡིན་འདི་ལ་རྒྱུ་ཡང་མེད། །དགེ་དང་མི་དགེའི་ལས་དེའི་འབྲས་བུ་ཐོབ་པ་འདི་ན་ག་ལ་ཡོད། །མྱུར་དུ་ཁྱེད་གཉིས་འདོད་པའི་ཡོན་ཏན་རྣམས་ལ་རབ་སྤྱོད་རྩེད་མོ་བྱོས། །སྐྱེ་རྒ་ན་འཆི་མེད་ཅིང་སྡུག་བསྔལ་མེད་དེ་འཇིག་རྟེན་ཕ་རོལ་མེད། ། བསོད་ནམས་བསོད་ནམས་མ་ཡིན་ལས་བསྐྱེད་འབྲས་མེད་རྒྱུ་དང་བྱེད་པ་མེད། །རྙེད་ཕྱིར་འདིར་ནི་ཤཱཀྱའི་བུ་ཡིས་སྨྲས་ཀྱིས་དད་པས་མ་འགྲོ་ཤིག །དེ་ནས་ཉེ་རྒྱལ་དང་། པང་ནས་སྐྱེས་གཉི་ག་འདི་སྙམ་དུ་སེམས་ཏེ། ཀྱེ་མ་བདུད་སྡིག་ཅན་བདག་ཅག་རབ་ཏུ་བྱུང་བ་ལས་བཟློག་པའི་ ཕྱིར་འོངས་སོ་སྙམ་ནས། དེ་ནས་ཉེ་རྒྱལ་རྒྱབ་ཀྱིས་ཕྱོགས་ཏེ་འདུག་ནས་རང་གི་འཁོར་ལ་བོས་ཏེ་འདི་སྐད་ཅེས་སྨྲས་སོ། །བྲམ་ཟེའི་ཁྱེའུ་ཁྱོད་ཉོན་ཅིག་འཁོར་བའི་སྐྱོན། །དྲན་པར་གྱིས་ལ་འཇིག་རྟེན་རྒ་བ་ཡིས། །གཟིར་ཞིང་འཆི་བདག་གིས་ནི་རབ་བསྐོར་བ། །དེ་གཉིས་སྤང་ཕྱིར་ རབ་བྱུང་ལེགས་པར་ཟུང་། །དེ་ནས་པང་ནས་སྐྱེས་ཀྱིས་བདུད་ལ་སླར་སྨྲས་པ། མཁས་པའི་བློ་འཆང་སྡུག་བསྔལ་གསུམ་མཐར་ཕྱིན་མཆོག་ཆོས་རྣམས་ཀུན་ཤེས་ཀྱིས། །རྣམ་པ་ཀུན་ཏུ་བདག་ཅག་བློ་གྲོས་འདི་ལས་བསྐྱོད་ནུས་སུ་ཡང་མེད། །སྲེད་པ་རབ་ཞི་བྱ་ཕྱིར་བདག་ཅག་བརྟན་ པའི་ཡིད་ཀྱིས་རྟག་ཏུ་འབད། །སེང་གེའི་གཟུགས་ཅན་ཝ་ཡི་ཚིག་གིས་ངེད་ཀྱི་བློ་གྲོས་མ་བསྒྱུར་ཅིག །བདེན་པ་མཐོང་བའི་ལྷ་གང་དག་ནམ་མཁའ་ལ་འདུག་པ་དེ་དག་གིས་སྐྱེས་བུ་དམ་པ་དེ་གཉིས་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། སྐྱེས་བུ་དམ་པ་ཁྱེད་གཉིས་ལེགས་སོ་ལེགས་ སོ། །འདི་ལྟ་སྟེ། རབ་ཏུ་འབྱུང་བ་དང་། མངོན་པར་འབྱུང་བ་འདི་ནི་འཇིག་རྟེན་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་ལམ་ཡིན་ཏེ། ལམ་འདི་ནི་སྡུག་བསྔལ་ཐམས་ཅད་ཞི་བའོ། །ལམ་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱོད་ཡུལ་ལ་འཇུག་པའོ། །འདི་ལྟ་སྟེ། རབ་ཏུ་འབྱུང་བ་དང་། མངོན་པར་འབྱུང་བ་འདི་ནི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ཀྱི་རབ་ཏུ་བསྔགས་ཤིང་བསྟོད་པའི་ལམ་མོ། །དེ་ནས་ཡང་བདུད་སྡིག་ཅན་སྡུག་བསྔལ་ཞིང་ཡིད་མི་བདེ་སྟེ་ཡིད་ལ་གཅགས་ནས་དེ་ཉིད་དུ་མི་སྣང་བར་སོང་ངོ་། །དེ་ནས་ཀུན་ཏུ་རྒྱུ་ཉེ་རྒྱལ་ དང་། པང་ནས་སྐྱེས་གཉིས་ཀྱིས་རང་གི་འཁོར་ལ་བལྟས་ཏེ། འདི་སྐད་ཅེས་སྨྲས་སོ། །བྲམ་ཟེའི་ཁྱེའུ་དག་ངེད་ནི་རྒ་བ་དང་ན་བ་དང་། འཆི་བའི་རྒྱ་མཚོའི་ཕ་རོལ་ཏུ་འགྲོ་བར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་ལ་རབ་ཏུ་འབྱུང་བར་ཡང་དག་པར་ཆས་ཀྱིས། ཁྱེད་ཀྱིས་ཤེས་པར་གྱིས་ཤིག ། ཁྱེད་རྣམས་ལས་གང་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་འབྱུང་མི་འདོད་པ་དེ་ནི་འདི་ནས་ཕྱིར་ལོག་ཤིག །དེ་ནས་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་པོ་དེ་དག་ཐམས་ཅད་ཀྱིས་འདི་སྐད་ཅེས་སྨྲས་སོ། །བདག་ཅག་ཅུང་ཟད་ཤེས་པ་དེ་ཀུན་ཀྱང་ཁྱེད་ཀྱི་མཐུ་ན། ཁྱེད་རྒྱ་ཆེན་པོའི་གནས་སུ་རབ་ཏུ་འབྱུང་ན། ཁྱེད་གང་ལས་རབ་ཏུ་བྱུང་བ་དེ་ལས་བདག་ཅག་ཀྱང་རབ་ཏུ་འབྱུང་ངོ་། །དེ་ནས་ཀུན་ཏུ་རྒྱུ་ཉེ་རྒྱལ་དང་། པང་ནས་སྐྱེས་གཡོག་ལྔ་བརྒྱ་དང་བཅས་པ་བཅོམ་ལྡན་འདས་ལས་རབ་ཏུ་འབྱུང་བར་ཆས་པར་བདུད་སྡིག་ཅན་གྱིས་རིག་ནས་ཅི་ནས་དེ་གཉིས་དགེ་སྦྱོང་གཽ་ཏ་མའི་གན་དུ་འགྲོ་མི་ནུས་པར་བྱ་བའི་ཕྱིར་ རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོའི་ཕྱི་ལོགས་སུ་གཡང་ས་ཆེན་པོ་ཟབས་སུ་དཔག་ཚད་བརྒྱ་པ་ཞིག་སྤྲུལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཀྱང་འདི་འདྲ་བའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་འདུ་མཛད་དེ། ཅི་ནས་ཀུན་ཏུ་རྒྱུ་ཉེ་རྒྱལ་དང་། པང་ནས་སྐྱེས་གཉིས་གཡང་ས་ཆེན་པོ་ དེ་མི་མཐོང་ཞིང་ལམ་དྲང་པོར་འགྲོ་བར་མཛད་དོ། །ཡང་བདུད་སྡིག་ཅན་གྱིས་དེ་གཉིས་ཀྱི་མདུན་དུ་རི་ཆེན་པོ་བརྟན་པ། སྲ་བ། མ་རྙིལ་བ། སུལ་མེད་པ། གཅིག་ཏུ་སྟུག་པོར་གྱུར་པ། མཁྲེགས་པ། འཕང་དུ་དཔག་ཚད་སྟོང་ཡོད་པ་ཅིག་མངོན་པར་སྤྲུལ་ཏེ། སེང་གེ་ ཁྲོ་ཞིང་གདུག་ལ་གཏུམ་པ། སྒྲ་ཆེན་པོ་འབྱིན་པ་སྟོང་ཡང་མངོན་པར་སྤྲུལ་ན། བཅོམ་ལྡན་འདས་ཀྱིས་གཟི་བརྗིད་དང་རྫུ་འཕྲུལ་གྱི་མཐུས་སྐྱེས་བུ་དམ་པ་དེ་གཉིས་ཀྱིས་རི་དེ་ཡང་མ་མཐོང་། སེང་གེ་ཡང་མ་མཐོང་། སེང་གེའི་སྐད་ཀྱང་མ་ཐོས་ཏེ་ལམ་དྲང་པོར་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ སོང་ངོ་། །བཅོམ་ལྡན་འདས་ནི་འཁོར་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ནས་ཆོས་སྟོན་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་སྐྱེས་བུ་དམ་པ་ཚོགས་ཀྱི་གཙོ་བོ་གཡོག་གི་ཚོགས་ཅན་འདི་གཉིས་ལ་ལྟོས། དེ་དག་གིས་ གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེས་བུ་དམ་པ་འདི་གཉིས་གཡོག་དང་བཅས་པ་ངའི་ཐད་དུ་རབ་ཏུ་བྱུང་ནས་གཅིག་ནི་ངའི་ཉན་ཐོས་ཐམས་ཅད་ཀྱི་ནང་ན་ཤེས་རབ་ཅན་གྱི་མཆོག་ཏུ་འགྱུར་རོ། །གཅིག་ནི་རྫུ་འཕྲུལ་ཅན་གྱི་མཆོག་ཏུ་འགྱུར་རོ། ། དེ་ནས་དགེ་སློང་ཞིག་གིས་དེའི་ཚེ་ཚིགས་སུ་བཅད་པ་འདི་སྨྲས་སོ། །སྐྱེས་བུ་མཁས་པ་གཡོག་ལྡན་འདི་གཉིས་ནི། །རྫུ་འཕྲུལ་ལྡན་དང་ཤེས་རབ་འཇིགས་མེད་པར། །མི་མཆོག་ཕན་པ་མཛད་པས་ལུང་བསྟན་ཏེ། །བདག་གིས་དེ་གཉིས་བསྟི་སྟང་བསྐྱེད་ནས་བསུ། །དེ་ནས་དགེ་སློང་དེ་སྟན་ ལས་ལངས་ནས་དགེ་སློང་མང་པོ་དང་། ཁྱིམ་ན་གནས་པ་དང་། རབ་ཏུ་བྱུང་བ་མང་པོ་དང་ལྷན་ཅིག་ཏུ་སྐྱེས་བུ་དམ་པ་དེ་གཉིས་བསུ་ནས་བསྙེན་བཀུར་བྱས་སོ། །དེ་ནས་སྐྱེས་བུ་དམ་པ་དེ་གཉིས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ ཏེ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་སྟེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རབ་ཏུ་འབྱུང་བ་དང་། བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་བདག་ཅག་གཉིས་ལ་སྩལ་དུ་གསོལ། བདག་ཅག་བཅོམ་ལྡན་འདས་ཀྱི་ཐད་དུ་ ཚངས་པར་སྤྱོད་པ་སྤྱད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱེད་གཉིས་ཀྱི་མིང་ཅི། ཉེ་རྒྱལ་གྱིས་གསོལ་པ། བདག་ནི་བྲམ་ཟེ་རྒྱལ་གྱི་བུ་ལགས་ཏེ་ཉེ་རྒྱལ་ཞེས་བགྱི། བདག་གི་མའི་མིང་ནི་ཤཱ་རི་ཀ་སྟེ། བདག་དེ་ལས་སྐྱེས་པས་ན་དེའི་སླད་དུ་བདག་གི་མིང་ནི་ ཤཱ་རིའི་བུ་ཞེས་བཏགས་སོ། །བདག་རབ་ཏུ་འབྱུང་བར་ཡང་ཕ་མས་གནང་ལགས་སོ། །པང་ནས་སྐྱེས་ཀྱིས་གསོལ་པ། བདག་གི་ཕའི་མིང་ནི་ཀཽཎྜི་ནྱ་ཞེས་བགྱི། བདག་གི་མའི་མིང་ནི་མཽད་གལ་ཞེས་བགྱི་སྟེ། བདག་དེ་ལས་སྐྱེས་པས་ན་དེའི་སླད་དུ་བདག་གི་མིང་ནི་མཽད་གལ་གྱི་བུ་ཞེས་ བཏགས་སོ། །བདག་རབ་ཏུ་འབྱུང་བར་ཡང་ཕ་མས་གནང་ལགས་སོ། །བཅོམ་ལྡན་འདས་ཀྱིས་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་ངའི་ཐད་དུ་གཡོག་དང་བཅས་ཏེ། ཚངས་པར་སྤྱད་པ་སྤྱོད་ཅིག་ཅེས་བཀའ་སྩལ་པ་དང་། དེ་ཉིད་ཀྱིས་དེ་གཉིས་རབ་ཏུ་བྱུང་བ་དང་། བསྙེན་པར་རྫོགས་ཤིང་ དགེ་སློང་གི་དངོས་པོར་གྱུར་ཏོ། །ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་གཡོག་དང་བཅས་པ་རབ་ཏུ་བྱུང་ནས་རིང་པོ་མ་ལོན་པར་བདུད་སྡིག་ཅན་དབང་ཕྱུག་ཆེན་པོའི་གཟུགས་སུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་ནས་འདི་སྐད་ཅེས་སྨྲས་སོ། །གང་དག་བསྟན་བཅོས་དོན་སྤྱོད་མཁས་པ་རིག་པའི་ ཕ་རོལ་སོང་། །དེ་ཀུན་ང་ཡི་རྐང་ལ་ཕྱག་འཚལ་དེ་དག་འདྲེན་པ་ང་། །གཽ་ཏམ་སློབ་མ་འཁོར་བཅས་ང་ལ་དེང་མྱུར་སྐྱབས་འཚོལ་ཅིག །མྱ་ངན་འདས་འགྲོ་རྒྱས་པ་གསལ་བའི་ལམ་ནི་ཁྱེད་ལ་བཤད། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་ལམ་འགྲོ་བ་འདི་དག་ངན་འགྲོར་ འདྲེན་ཅིང་སྡུག་བསྔལ་རྒྱ་མཚོ་རྙེད་པར་བྱེད། །ང་ཡི་ལམ་ནི་རྒྱུ་དང་མི་རྒྱུ་འགྲོ་བའི་སྡུག་བསྔལ་རྒྱ་མཚོ་སྐེམས་བྱེད་པ། །འཆལ་པ་འཛེམ་པ་མེད་ཅིང་མུ་ཅོར་སྨྲ་བ་ཝ་སྐད་ད་ཡང་ཅི་ཞིག་ཟེར། །ཁྱོད་ནི་བཅོམ་ཟིན་བདུད་ཀྱི་ལས་ཀྱིས་ང་ལ་ད་ཡང་འདིར་ནི་བྱེད་མི་ནུས། །དེ་ནས་བདུད་སྡིག་ཅན་ གྱིས་དབང་ཕྱུག་ཆེན་པོའི་གཟུགས་མི་སྣང་བར་བྱས་ནས། ཚངས་པའི་ཆ་ལུགས་སུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་སྟེ་འདི་སྐད་ཅེས་སྨྲས་སོ། །ཁྱོད་ཀྱི་ཤེས་རབ་ཀྱིས་ནི་ལས་དང་ཉོན་མོངས་སྲེད་པའི་མྱུ་གུ་རབ་ཏུ་བསལ། །དེ་ཡི་སླན་ཆད་ཐུབ་པ་ཇི་སླད་སེམས་ཅན་དོན་འདིར་འདི་ལྟར་སྡུག་བསྔལ་སྤྲོ། ། གཙོ་བོ་འགྲོ་བ་འདི་ན་ཁྱོད་ཀྱི་སྣོད་འགྱུར་སྐྱེ་བོ་གང་ནའང་མ་མཆིས་ཏེ། །དུས་འདི་ལགས་ན་སྐྱོན་དང་བྲལ་ཁྱོད་ཅི་ཡི་སླད་དུ་མྱ་ངན་མྱུར་མི་འདའ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངས་འདུལ་གང་འཁོད་སེམས་ཅན་མཚུངས་མེད་གང་གཱའི་བྱེ་མ་སྙེད། །ངས་མཐོང་དེ་ དག་ང་ཡི་སྙིང་རྗེས་ཐར་བར་བྱ་བ་ཡིན། །འགྲོ་བ་རབ་འབྲིང་ངན་པར་གྱུར་པ་ཐར་ཏེ་མཐར་ཐུག་ན། །དེ་ནས་མྱ་ངན་འདའ་ཡིས་བློ་གྲོས་ངན་པ་གཡོས་ཅི་བསྐུལ། །དེ་ནས་ཡང་བདུད་སྡིག་ཅན་སྡུག་བསྔལ་ཞིང་ཡིད་མི་བདེ་ནས་ཡིད་ལ་གཅགས་ཏེ་དེ་ཉིད་དུ་མི་སྣང་བར་གྱུར་ནས་རང་གི་གནས་སུ་སོང་སྟེ་ མྱ་ངན་གྱི་ཁང་པར་ཞུགས་ནས་འདུག་པ་དང་། དེའི་མོད་ལ་བདུད་ཀྱི་གནས་ན་འཁོད་པའི་སེམས་ཅན་ཀུན་ཕན་ཚུན་འདི་སྐད་དུ་ཅིའི་རྒྱུས་བདག་ཅག་གི་རྒྱལ་པོ་ཆེན་པོ་འདི་མྱ་ངན་གྱི་ཁང་པར་ཞུགས་ཏེ་འདུག་པ་སུ་ཡང་མི་ཤེས་སོ་ཞེས་འདྲིའོ། །དེ་ནས་བདུད་ཀྱི་བུ་མོ་ལྔ་བརྒྱ་ཙམ་རབ་ཏུ་དགའ་བར་བྱེད་པའི་ མེ་ཏོག་དང་། བདུག་པ་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་ཐོགས་ཏེ་རབ་ཏུ་ཡིད་དུ་འོང་བའི་གོས་དང་། ལྷབ་ལྷུབ་དག་གིས་བདག་ཅག་བརྒྱན་ནས་རབ་ཏུ་ཡིད་དུ་འོང་ཞིང་མོས་པར་བྱེད་པའི་ལྷའི་སིལ་སྙན་བྱས་ཏེ། རབ་ཏུ་ཡིད་དུ་འོང་བའི་དབྱངས་ཀྱིས་གླུ་ལེན་གར་བྱེད་ཅིང་། ཡན་ལག་ལྔ་དང་ལྡན་ པའི་ལྷའི་སིལ་སྙན་དག་བྱས་ནས། དགའ་བའི་རྩེད་མོ་དང་ལྡན་པར་བདུད་སྡིག་ཅན་གྱི་མདུན་དུ་འཁོད་པ་དང་། བདུད་སྡིག་ཅན་དེས་ལག་པ་གཉིས་བསྒྲེང་ནས་བོས་དེ་སྒྲ་མ་བྱེད། སྒྲ་མ་བྱེད་ཅེས་སྨྲས་པ་དང་། ཡུད་ཙམ་ཞིག་ལྷའི་བུ་མོ་དག་ཅང་མི་ཟེར་བར་འཁོད་དོ། །ཡང་གླུ་རབ་ཏུ་བླངས་ཤིང་སིལ་ སྙན་བྱས་པ་དང་། བདུད་སྡིག་ཅན་གྱིས་ལག་པ་གཉིས་གཡབས་ཏེ་བོས་སོ། །ལྷའི་བུ་མོ་དེ་དག་གིས་དགའ་བ་དང་ལྡན་པའི་གླུ་དང་། གར་དང་། སིལ་སྙན་ལན་བདུན་གྱི་བར་དུ་བྱས་པ་དང་། ཡང་དེ་བཞིན་དུ་བདུད་སྡིག་ཅན་དེ་ལག་པ་གཉིས་བསྒྲེང་ནས་འབོད་ཅིང་སྒྲ་མ་བྱེད། སྒྲ་མ་བྱེད་ཅེས་ཟེར་རོ། ། དེ་སྐད་ཅེས་སྨྲས་པ་དང་། ལྷའི་བུ་མོ་དེ་དག་ཅང་མི་ཟེར་བར་འཁོད་དོ། །དེ་ནས་ལྷའི་བུ་མོ་དབྱངས་སྙན་གློག་ཅེས་བྱ་བས་བདུད་སྡིག་ཅན་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་འདི་སྐད་ཅེས་སྨྲས་སོ། །གཙོ་བོ་ཁྱོད་ཀྱིས་དེང་འདིར་འཆི་འཕོའི་ལྟས་ཤིག་གཟིགས་སམ་ཅི། །འོན་ཏམ་ ཅི་ཞིག་དེ་རིང་འགྲོ་བ་ཞུགས་ཀྱིས་འཁྲུགས་གྱུར་ཏམ། །འོན་ཏེ་འདི་ན་ཁྱོད་དགྲ་སྟོབས་ཆེན་འགའ་ཞིག་མཆིས་ལགས་སམ། །ཅི་ཡི་སླད་དུ་ཁྱེད་ནི་དགྱེས་པར་མི་བཞུགས་ཐུགས་ངན་མཛད། །བདུད་ཀྱིས་སྨྲས་པ། ང་ལ་དགྲ་ཡོད་པ་ནི་སྟོབས་ལྡན་སེམས་ཐུལ་བ། །ས་སྟེངས་ ཤཱཀྱའི་བུ་ཕོ་སྒྱུ་མ་བསླབས་པའི་བློ། །དེ་ནི་ཅི་ནས་གལ་ཏེ་བརླག་པར་མ་གྱུར་ན། །དེ་ཡིས་ང་ཡི་འདོད་ཁམས་འདི་ནི་སྟོངས་པར་བྱེད། །ལྷའི་བུ་མོས་སྨྲས་པ། གཙོ་བོ་སྲིད་གསུམ་བཅིངས་སྲེད་རྒྱ་མཚོ་མཐའ་རིངས་ལ། །ཟད་བགྱིད་ནུས་པའི་སྟོབས་དང་ལྡན་པ་སུ་ཞིག་མཆིས། ། བདག་པོ་ཐབས་སྟོབས་བརྩོན་འགྲུས་རྩལ་རྣམས་གང་གིས་ཀྱང་། །དེ་ལ་དེ་རིང་མ་ལུས་བགྱིད་པར་ནུས་མ་མཆིས། །བདུད་ཀྱིས་སྨྲས་པ། སྦྱིན་དང་བརྟུལ་ཞ