Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 048_མདོ་སྡེ།_ང

Văn bản gốc(Tây Tạng)

Trang 17 / 18 (50.000 ký tự/trang)
ྱུང་ནས་ཤིང་ག་ལ་བ་དེར་ཁྲིད་པ་དང་། རྒྱལ་པོས་སྨྲས་པ། ཤིང་གཅིག་བཅད་པ་གཉིས་གྱུར་དུ་འཕེལ་ཏེ་ཉི་ཤུ་རྩ་བཞིར་གྱུར་པ་དེ་ཁྱེད་ཀྱིས་བསྐྱེད་དམ། ངས་བསྐྱེད་པའི་ཤིང་ནི་རྩ་བ་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུ་ཡང་མ་སྐྱེས་སོ། །དེ་ནས་མི་དེས་
གསོལ་པ། རྒྱལ་པོ་ཆེན་པོ་བདག་གི་བསོད་ནམས་ཅི་འདྲ་བ་དེ་འདྲ་བའི་བསོད་ནམས་ཁྱོད་ལ་མི་མངའོ། །དེ་ནས་བློན་པོ་བྱེ་བ་ཕྲག་སུམ་ཅུས་པུས་མོའི་ལྷ་ང་གཉིས་ས་ལ་བཙུགས་ནས་མི་དེ་ལ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་སྔ་མ་འདི་ནི་མི་རུང་གིས་ཁྱོད་ཀྱིས་རྒྱལ་པོ་བྱ་དགོས་སོ། །དེ་ནས་མི་དེས་
བློན་པོ་དེ་དག་ལ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །རྒྱལ་པོ་ལོངས་སྤྱོད་བདག་མི་དགོས། །ནོར་དང་འབྲུ་ཡང་དགོས་པ་མེད། །སངས་རྒྱས་རྣམས་ལ་བདག་དད་པས། །རྐང་གཉིས་དག་གི་མཆོག་ཏུ་ཤོག །ཞི་བ་མྱ་ངན་འདས་པའི་དབྱིངས། །གང་ན་དེ་བཞིན་གཤེགས་པར་
འགྲོ། །མྱ་ངན་འདས་ཁྱིམ་འགྲོ་འགྱུར་བ། །ཆོས་འདི་ཁྱེད་ལ་བཤད་པར་བྱ། །སྐྱིལ་མོ་ཀྲུང་ནི་བཅས་ནས་སུ། །དེ་ནས་ཡི་དམ་རབ་བཅས་སོ། །བདག་གིས་སྔོན་བྱས་ལས་རྣམས་ཀྱིས། །རྒྱལ་པོའི་བཙོན་རར་ཕྱིན་པར་གྱུར། །སྨོན་ལམ་འདི་ནི་བཏབ་པས་ན། །བདག་གི་ལས་ནི་
ཟད་པར་གྱུར། །དེ་ནས་བྱ་བྱེ་བ་ཕྲག་ཉི་ཤུ་རྩ་བཞིས་རྡོ་རྗེའི་མཆུས་སིལ་སྙན་རྣམས་དཀྲོལ་ཏོ། །དེ་ནས་དེའི་ཚེ་དེའི་དུས་ན་ཁང་པ་བརྩེགས་པ་སུམ་ཁྲི་ཉིས་སྟོང་བྱུང་སྟེ། ཁང་པ་བརྩེགས་པ་རེ་རེའི་ཚད་ཀྱང་དཔག་ཚད་ཉི་ཤུ་རྩ་ལྔ་ལྔ་པར་གྱུར་ཏོ། །ཁང་པ་བརྩེགས་པ་རེ་རེ་ལས་ཀྱང་བྱ་

གསེར་གྱི་ཟེ་བ་ཅན། གསེར་གྱི་མཆུ་ཅན་གསེར་གྱི་གདོང་ཅན་བྱེ་བ་ཕྲག་ཉི་ཤུ་རྩ་ལྔ་ལྔ་བྱུང་སྟེ། དེ་དག་གིས་མིའི་སྐད་དུ་སྨྲས་པ། རྒྱལ་པོ་ཁྱོད་ཀྱིས་ལེགས་མ་བྱས། །ཁྱོད་ཀྱིས་ཤིང་དེ་བཅད་པས་ན། །བྱེ་བ་བརྒྱ་ཡི་ཤིང་རྣམས་ལས། །ཉི་ཤུ་རྩ་
བཞིར་གནས་པར་གྱུར། །སེམས་ཅན་གང་གིས་ཤིང་བསྐྱེད་འདི། །ཅི་འདྲ་ཤེས་པ་མ་ཡིན་པ། །སྡིག་པའི་ལས་ཀྱིས་ཕྱིན་ཆད་ཀྱང་། །མི་སྡུག་འབྲས་བུ་མྱོང་བར་འགྱུར། །རྒྱལ་པོས་སྨྲས་པ། བདག་གིས་དོན་འདི་མི་ཤེས་ཀྱིས། །དཀའ་ཐུབ་ཆེན་པོ་ལུང་སྟོན་
ཅིག །བྱ་རྣམས་ཀྱིས་སྨྲས་པ། འདི་ནི་འཇིག་རྟེན་སྣང་བྱེད་དེ། །རྣམ་པར་འདྲེན་པར་འགྱུར་བ་ཡིན། །འཁོར་བའི་སྲིད་པའི་བཙོན་ར་ལས། །སེམས་ཅན་ཐམས་ཅད་ཐར་བྱེད་པའོ། །རྒྱལ་པོས་སྨྲས་པ། གང་གིས་ཤིང་ནི་མ་སྐྱེས་པ། །སྐྱེས་བུ་གཉིས་པ་དེ་གང་ཡིན། །
དེས་ནི་སྡིག་པའི་ལས་གང་བྱས། །གཉིས་སྐྱེས་རྣམས་ནི་སྨྲ་བར་བྱོས། །བྱ་རྣམས་ཀྱིས་སྨྲས་པ། གང་གི་ཤིང་ནི་མ་སྐྱེས་པ། །དེ་ནི་ལྷ་སྦྱིན་གླེན་པ་སྟེ། །དགེ་བ་ཅུང་ཟད་མ་བྱས་ན། །དེ་ཡི་ཤིང་ནི་ཇི་ལྟར་སྐྱེ། །དེ་ནས་དེའི་ཚེ་དེའི་དུས་ན་བློན་པོ་བྱེ་བ་ཕྲག་སུམ་ཅུ་པོ་
རྣམས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་ཐམས་ཅད་ཀྱང་ས་བཅུ་ལ་རབ་ཏུ་གནས་ཏེ། མངོན་པར་ཤེས་པ་སོ་སོར་ཐོབ་པར་གྱུར་ཏོ། །རྒྱལ་པོ་དེ་ཡང་ས་བཅུ་ལ་གནས་ནས་དགེ་བའི་ཆོས་མངོན་པར་རྟོགས་པ་རྗེས་སུ་ཐོབ་བོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་སྨན་གྱི་སྡེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རྒྱུ་གང་དང་རྐྱེན་གང་གིས་བློན་པོ་བྱེ་བ་ཕྲག་སུམ་ཅུ་རྩ་གསུམ་པོ་རྣམས་ས་བཅུ་ལ་གནས་ཏེ། མངོན་པར་ཤེས་པ་སོ་སོར་ཐོབ་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་ཉོན་
ཅིག་དང་ལུང་བསྟན་པར་བྱའོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་འཛུམ་པ་མཛད་དོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་འོད་ཟེར་ཁ་དོག་དུ་མ་ཁ་དོག་སྣ་ཚོགས། ཁ་དོག་བརྒྱ་སྟོང་ཕྲག་དུ་མ་འདི་ལྟ་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་།

ལེ་བརྒན་དང་། ཤེལ་དང་། དངུལ་གྱི་ཁ་དོག་ལྟ་བུ་བརྒྱད་ཁྲི་བཞི་སྟོང་བྱུང་ནས་དེ་དག་གིས་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་སྣང་བར་བྱས་ཏེ། སླར་ལོག་ནས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏུ་ནུབ་བོ། །
དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་
གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་རྒྱུ་མ་མཆིས། རྐྱེན་མ་མཆིས་པར་འཛུམ་པ་མི་མཛད་ན། འཛུམ་པ་མཛད་པའི་རྒྱུ་གང་ལགས། རྐྱེན་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་
སྩལ་པ། སྨན་གྱི་སྡེ་ཕྱོགས་བཞིའི་འཇིག་རྟེན་གྱི་ཁམས་ཀུན་ནས་སྐྱེ་བོའི་ཚོགས་ངའི་གན་དུ་འོང་བ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་མ་མཐོང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་དེའི་ཕྱིར་སྐྱེ་བོའི་ཚོགས་ལ་རྣམ་པར་རྟོགས་ཏེ་ལྟོས་ཤིག །
དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་རྣམ་པར་བལྟས་པ་དང་། ཤར་ཕྱོགས་ནས་ཤིང་དཔག་ཚད་བདུན་སྟོང་པ་ཅིག་བྱུང་ནས། དེའི་ཕྱོགས་གཅིག་ན་སྐྱེ་བོའི་ཚོགས་བྱེ་བ་སྟོང་ཕྲག་ཉི་ཤུ་རྩ་ལྔ་འདུས་ཏེ། མི་དག་མི་སྨྲ། མི་ཟེར། མི་བརྗོད། མི་ཟ།
མི་ལྡང་། མི་འཆག་སྟེ། ཅང་མི་སྨྲ་བར་འཁོད་པ་དང་། ལྷོ་ཕྱོགས་ནས་ཤིང་དཔག་ཚད་བདུན་སྟོང་པ་ཅིག་བྱུང་ནས་དེ་ལ་སྐྱེ་བོའི་ཚོགས་བྱེ་བ་སྟོང་ཕྲག་ཉི་ཤུ་རྩ་ལྔ་འདུས་ཏེ། དེ་དག་ཀྱང་མི་ཟེར་མི་སྨྲ། ཀུན་ཏུ་མི་སྨྲ། ཡོངས་སུ་མི་བརྗོད། མི་ལྡང་། མི་འཆག་སྟེ། ཅང་མི་སྨྲ་
བར་འཁོད་པ་དང་། ནུབ་ཕྱོགས་ནས་ཤིང་དཔག་ཚད་བདུན་སྟོང་པ་ཅིག་བྱུང་ནས་དེ་ལ་སྐྱེ་བོའི་ཚོགས་སྟོང་ཕྲག་ཉི་ཤུ་རྩ་ལྔ་འདུས་ཏེ། དེ་དག་ཀྱང་མི་ཟེར། མི་སྨྲ། ཀུན་ཏུ་མི་སྨྲ། ཡོངས་སུ་མི་བརྗོད། མི་ལྡང་། མི་འཆག་སྟེ། ཅང་མི་སྨྲ་བར་འཁོད་པ་དང་། བྱང་ཕྱོགས་ནས་ཤིང་

དཔག་ཚད་བདུན་སྟོང་པ་ཅིག་བྱུང་ནས། དེ་ལ་སྐྱེ་བོའི་ཚོགས་བྱེ་བ་སྟོང་ཕྲག་ཉི་ཤུ་རྩ་ལྔ་འདུས་ཏེ། དེ་དག་ཀྱང་མི་ཟེར་མི་སྨྲ། ཀུན་ཏུ་མི་སྨྲ། ཡོངས་སུ་མི་བརྗོད། མི་ལྡང་། མི་འཆག་སྟེ། ཅང་མི་སྨྲ་བར་འཁོད་པ་དང་། འོག་གི་ཕྱོགས་ནས་ཤིང་དཔག་ཚད་
བདུན་སྟོང་པ་ཅིག་བྱུང་ནས་དེ་ལ་སྐྱེ་བོའི་ཚོགས་བྱེ་བ་སྟོང་ཕྲག་ཉི་ཤུ་རྩ་ལྔ་འདུས་ཏེ། དེ་དག་ཀྱང་མི་ཟེར། མི་སྨྲ། ཀུན་ཏུ་མི་སྨྲ། ཡོངས་སུ་མི་བརྗོད། མི་ལྡང་། མི་འཆག་སྟེ། ཅང་མི་སྨྲ་བར་འཁོད་པ་དང་། སྟེང་གི་ཕྱོགས་ནས་ཤིང་དཔག་ཚད་བདུན་སྟོང་པ་ཅིག་བྱུང་ནས།
དེ་ལ་སྐྱེ་བོའི་ཚོགས་བྱེ་བ་སྟོང་ཕྲག་ཉི་ཤུ་རྩ་ལྔ་འདུས་ཏེ། དེ་དག་ཀྱང་མི་ཟེར། མི་སྨྲ། ཀུན་ཏུ་མི་སྨྲ། ཡོངས་སུ་མི་བརྗོད། མི་ལྡང་། མི་འཆག་སྟེ། ཅང་མི་སྨྲ་བར་འཁོད་པ་མཐོང་ངོ་། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་
གྱི་སྡེས་འདི་སྐད་ཅེས་གསོལ་ཏོ། །གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ། བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུའོ། །དེ་
སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྨན་གྱི་སྡེ་ཅི་དང་ཅི་འདོད་པ་དྲིས་ཤིག་དང་། དྲིས་པ་དེ་དང་དེའི་ལུང་བསྟན་པས་ངས་ཁྱོད་ཀྱི་སེམས་རངས་པར་བྱའོ། །དེ་སྐད་ཅེས་བཀའ་
སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅིའི་སླད་དུ་ཕྱོགས་བཞིའི་འཇིག་རྟེན་ནས་སྐྱེ་བོའི་ཚོགས་མང་པོ་ལྷགས་ཤིང་གནས་པ་ནས་འོག་དང་སྟེང་ཕྱོགས་ཀྱི་བར་ནས་སྐྱེ་བོའི་ཚོགས་བྱེ་བ་
སྟོང་ཕྲག་ལྔ་བཅུ་ལྷགས་ཤིང་གནས་པར་གྱུར་པའི་རྒྱུ་གང་ལགས། རྐྱེན་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་ཁྱོད་སོང་ལ་འདི་དག་འཇིག་རྟེན་གྱི་ཁམས་གང་ནས་ལྷགས་པའི་དེ་བཞིན་གཤེགས་པ་དེ་དག་ལ་ཁྱོད་ཉིད་ཀྱིས་ཞུས་ཤིག །གསོལ་པ། སུའི་རྫུ་

འཕྲུལ་གྱི་སྟོབས་བསྐྱེད་པས་མཆི་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་རང་གི་རྫུ་འཕྲུལ་གྱི་སྟོབས་བསྐྱེད་པར་སོང་ཤིག །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་དེ་ཉིད་དུ་མི་སྣང་བར་
གྱུར་ནས། འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་འདས་ཏེ། འཇིག་རྟེན་གྱི་ཁམས་ཟླ་བའི་སྒྲོན་མ་ཞེས་བྱ་བ་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་བ་ཅན་གྱི་ཞིང་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་བྱེ་བ་སྟོང་ཕྲག་བརྒྱད་ཅུས་ཡོངས་
སུ་བསྐོར་ཅིང་མདུན་གྱིས་བལྟས་ནས་ཆོས་སྟོན་པའི་འཇིག་རྟེན་གྱི་ཁམས་དེར་ཕྱིན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཟླ་བ་ཅན་གྱི་ཞིང་དེའི་སྤྱན་སྔར་འདུག་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་
བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རྒྱུ་གང་གིས་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་སུ་ཤཱཀྱ་ཐུབ་པ་དེ་བཞིན་གཤེགས་པའི་སྤྱན་སྔར་སྐྱེ་བོའི་ཚོགས་ཕྱོགས་བཅུ་ནས་འདུས་ཤིང་ལྷགས་པ་དག་དེ་ན་མཆིས་པའི་ཚེ་ནི་མཐོང་ལ་འདི་ན་མཆིས་པའི་ཚེ་མི་མཐོང་
བར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་དེ་ཉིད་ན་རྒྱུ་ཞིང་གནས་སོ། །གསོལ་པ། བཅོམ་ལྡན་འདས་ཡང་ཇི་ལྟ་བུ་ལགས། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་དེ་བཞིན་གཤེགས་པ་ཟླ་བ་ཅན་གྱི་ཞིང་ག་ལ་བ་དེར་སོང་སྟེ་ཕྱིན་ནས་དེ་བཞིན་
གཤེགས་པ་དེའི་སྤྱན་སྔར་འདུག་སྟེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་འཇིག་རྟེན་གྱི་ཁམས་བྱེ་བ་སྟོང་ཕྲག་དགུ་བཅུ་རྩ་དྲུག་འདས་ཏེ་མཆིས་པ་ན། བཅོམ་ལྡན་འདས་བདག་གིས་དེ་དག་ཏུ་སེམས་ཅན་ཇི་སྙེད་མཐོང་བ་དེ་སྙེད་ནི་གང་ན་ཡང་མ་མཐོང་ངོ་། །
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་ཅན་དེ་དག་ནི་སེམས་པ་མེད་པའི་ཤིང་ལས་བྱུང་ངོ་། །གསོལ་པ། བཅོམ་ལྡན་འདས་གང་སེམས་པ་མ་མཆིས་པའི་ཤིང་ལས་ནི་བྱུང་བ་སུས་མཐོང་སུས་ཐོས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་གང་སེམས་པ་མེད་པའི་

ཤིང་ལས་མི་འབྱུང་བ་ཁྱོད་ཀྱིས་མ་མཐོང་མ་ཐོས་སམ། གསོལ་པ། བཅོམ་ལྡན་འདས་བདག་གིས་མ་མཐོང་མ་ཐོས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་ཁྱོད་མཐོང་བར་འདོད་ན་དེང་ངས་བསྟན་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་
འཚལ་ལོ། །བདེ་བར་གཤེགས་པ་འཚལ་ལོ། །དེ་ནས་དེ་བཞིན་གཤེགས་པ་ཟླ་བ་ཅན་གྱི་ཞིང་ནས་ཕྱག་རྐྱང་བ་དང་ཕྱག་དེ་ལས་སྐྱེ་བོའི་ཚོགས་བྱེ་བ་སྟོང་ཕྲག་བརྒྱ་བྱུང་སྟེ། སྐྱེ་བོའི་ཚོགས་རེ་རེས་ཀྱང་ལག་པ་བརྒྱ་བརྒྱ་བརྐྱང་ནས་སྤོས་དང་། ཕྲེང་བ་དང་། བྱུག་པ་སྣ་ཚོགས་དེ་བཞིན་
གཤེགས་པ་ལ་གཏོར་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་ཁྱོད་ཀྱིས་སྐྱེ་བོའི་ཚོགས་འདིས་དེ་བཞིན་གཤེགས་པ་ལ་སྤོས་དང་། ཕྲེང་བ་དང་། བྱུག་པ་གཏོར་བ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ། །བདེ་བར་གཤེགས་པ་མཐོང་ལགས་སོ། །
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེ་བོའི་ཚོགས་བྱུང་བ་འདི་དག་ནི་སེམས་པ་མེད་པའོ། །མི་འདི་དག་ནི་སེམས་པ་མེད་པའོ། །དེ་ནས་མི་བྱེ་བ་སྟོང་ཕྲག་བརྒྱ་པོ་དེ་དག་རེ་རེ་ཞིང་ཡང་གང་ལག་པ་བརྒྱ་བརྒྱ་ཡོད་པ་དེ་དག་ཐམས་ཅད་ལྷུང་ངོ་། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་སྨན་གྱི་སྡེས་དེ་མཐོང་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ཅི་ཞིག་ལགས། བདེ་བར་གཤེགས་པ་འདི་ཅི་ཞིག་ལགས། གང་མི་རྣམས་ཀྱི་ལག་པ་བརྒྱ་པོ་ཡང་ཡུད་ཙམ་གྱིས་ལྷུང་སྟེ། བཅོམ་ལྡན་འདས་གལ་ཏེ་
ལག་པ་བརྒྱ་པ་ཡང་གྲོལ་བར་མི་འགྱུར་ན། ལག་པ་གཉིས་པའི་མི་ལྟ་སྨོས་ཀྱང་ཅི་འཚལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་དེ་བཞིན་དུ་སེམས་ཅན་རྣམས་ནི་སེམས་པ་མེད་པར་སྐྱེའོ། །སེམས་པ་མེད་པར་འགག་གོ། །སྨན་གྱི་སྡེ་དེའི་ལུས་ཀྱང་སེམས་པ་
མེད་པར་གྱུར་པར་ཤེས་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་གང་སེམས་ཅན་དེ་དག་ལ་གཞོན་པ་གང་ལགས། རྒན་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་སེམས་ཅན་གཞོན་པ་ཡང་ཡོད། རྒན་པ་ཡང་ཡོད་དོ། །གསོལ་པ། བཅོམ་

ལྡན་འདས་གཞོན་པ་གང་ལགས། རྒན་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་དག་ད་ལྟར་ལྷུང་བ་དེ་དག་ནི་རྒན་པའོ། །གང་དག་ཤིང་རྣམས་ལས་སྐྱེས་པ་དེ་དག་ནི་གཞོན་པའོ། །གསོལ་པ། བཅོམ་ལྡན་འདས་སེམས་ཅན་གཞོན་ནུ་རྣམས་
མཐོང་བར་འཚལ་ལོ། །དེ་ནས་དེ་བཞིན་གཤེགས་པ་ཟླ་བ་ཅན་གྱི་ཞིང་གིས་ཕྱག་གཡས་པའི་མཐིལ་བརྐྱང་བ་དང་། དེ་ནས་ཕྱོགས་བཅུ་ནས་སྐྱེ་བོའི་ཚོགས་བྱེ་བ་སྟོང་ཕྲག་བརྒྱ་བརྒྱ་འོང་ངོ་། །འོག་དང་སྟེང་གི་ཕྱོགས་ནས་སྐྱེ་བོའི་ཚོགས་བྱེ་བ་ཕྲག་ལྔ་བཅུ་ལྔ་བཅུ་འོང་སྟེ། སྐྱེ་
བོའི་ཚོགས་དེ་དག་ལྷགས་ནས་ཀྱང་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། དེ་བཞིན་གཤེགས་པ་ལ་མི་སྨྲ། ཀུན་ཏུ་མི་སྨྲ་ཞིང་ཅང་མི་ཟེར་བར་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་འདི་སྐད་
ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅིའི་སླད་དུ་སེམས་ཅན་དེ་དག་དེ་བཞིན་གཤེགས་པ་ལ་མི་སྨྲ། ཀུན་ཏུ་མི་སྨྲ་ཞིང་ཅང་མི་མཆི་བར་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་ཁྱོད་མི་ཤེས་སམ། ས་ཕྱོགས་ནི་སེམས་པ་མེད་དེ་མི་སྨྲ། ཀུན་ཏུ་མི་
སྨྲ་ཞིང་ཆོས་ཀྱི་ཕུང་པོ་ཡང་མི་ཤེས་སོ། །དེ་ཅིའི་ཕྱིར་ཞེ་ན། སྨན་གྱི་སྡེ་འདི་ལ་སེམས་ཅན་གཞོན་ནུ་ཁ་ཅིག་ནི་མཐོང་ཡང་སྐྱེ་བ་མི་ཤེས། འགག་པ་དང་། རྒ་བ་དང་། ནད་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་པ་དང་བྲལ་བ་དང་། མི་སྡུག་པ་དང་ཕྲད་པ་
དང་། མཛའ་བ་དང་། བྱེ་བ་དང་། འཆི་བ་དང་། དུས་མ་ཡིན་པར་འཆི་བ་དང་། སྡུག་བསྔལ་མི་བཟད་པ་དེ་དག་ཐམས་ཅད་མི་ཤེས་ཏེ། མཐོང་ཡང་ཡིད་འབྱུང་བར་མི་འགྱུར་ན་ཤེས་པར་ལྟ་ག་ལ་འགྱུར་ཏེ། སྨན་གྱི་སྡེ་དེ་དག་ཡང་དང་ཡང་བསླབ་པར་བྱའོ། །དེ་ནས་བཅོམ་
ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་ཆོས་མ་འཚལ་བའི་སེམས་ཅན་གཞོན་ནུ་དེ་དག་གང་ནས་མཆིས། གང་ནས་འཆི་འཕོ་ཞིང་གང་དུ་སྐྱེ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་

པ། སྨན་གྱི་སྡེ་ཉོན་ཅིག །མིའི་ལུས་ཡོངས་སུ་འཛིན་པ་དེ་དག་ནི་དངུལ་མཁན་གྱིས་ཀྱང་མ་བྱས། ཟངས་མཁན་གྱིས་ཀྱང་མ་བྱས། ཤིང་མཁན་གྱིས་ཀྱང་མ་བྱས། རྫ་མཁན་གྱིས་ཀྱང་མ་བྱས་ཏེ། རྒྱལ་པོའི་འཇིགས་པས་ཀྱང་མ་བྱས་ཀྱི། གཞན་
དུ་ན་སྐྱེས་པ་དང་བུད་མེད་འདུས་པ་དང་སྡིག་པའི་ལས་དང་ལྡན་པ་ལས་བྱུང་ངོ་། །སེམས་ཅན་དེ་དག་ཀྱང་ཡང་དང་ཡང་བཟོའི་ལས་རྣམས་སློབ་པས་དེ་དག་གི་སྡུག་བསྔལ་མི་བཟད་པ་མཐའ་ཡས་པ་དང་། ཚོར་བ་མི་བཟད་པ་འབྱུང་སྟེ། དེར་དེ་དག་སྔོན་སྡིག་པ་མི་དགེ་བའི་ལས་བྱས་
པའི་རྣམ་པར་སྨིན་པ་མྱོང་ངོ་། །སྨན་གྱི་སྡེ་འདི་ཉིད་དུ་གང་སེམས་ཅན་གཞོན་ནུ་ལྷགས་པ་མི་ལྡང་བ་འདི་དག་ནི་འདི་འདྲ་བའི་སྡུག་བསྔལ་གྱི་ཚོར་བ་མྱོང་བར་འགྱུར་ཏེ། སྨན་གྱི་སྡེ་དེའི་ཕྱིར་མི་སྨྲ། ཀུན་ཏུ་མི་སྨྲའོ། །སྨན་གྱི་སྡེ་དེ་ལྟར་ན་སེམས་ཅན་གཞོན་ནུ་དེ་དག་ནི་དགེ་བ་ཡང་མི་
ཤེས། སྐྱེ་བ་ཡང་མི་ཤེས། འགག་པ་ཡང་མི་ཤེས་ཏེ། དེ་དག་མིའི་ལུས་ཀྱང་འཐོབ་པར་མི་འགྱུར་བ་འདི་དག་ཀྱང་སྨན་གྱི་སྡེ་སེམས་ཅན་གཞོན་ནུ་རྣམས་ཞེས་བྱའོ། །གསོལ་པ། བཅོམ་ལྡན་འདས་སེམས་ཅན་གཞོན་ནུ་རྣམས་ཇི་ལྟར་སྐྱེ། ཇི་ལྟར་འགག །བཅོམ་ལྡན་
འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་འདི་ལྟ་སྟེ། དཔེར་ན་མི་ལ་ལ་ཞིག་གིས་མེ་ལ་ཤིང་གིས་རེག་པར་བྱས་པ་དང་། ཤིང་དེ་ལ་མཐར་གྱིས་མེ་འབར་བ་དེ་བཞིན་དུ། སྨན་གྱི་སྡེ་ཐོག་མ་མིའི་ལུས་སུ་སྐྱེའོ། །སྐྱེས་ནས་གདོད་ཚོར་བ་མྱོང་ངོ་། །གསོལ་པ། བཅོམ་ལྡན་
འདས་སུ་ཞིག་འདིར་མངོན་པར་སྐྱེ། སྐྱེས་ནས་སུ་ཞིག་ཡོངས་སུ་མྱ་ངན་ལས་འདས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་སངས་རྒྱས་ཉིད་སྐྱེས་སོ། །དེ་བཞིན་གཤེགས་པ་ཉིད་ཡོངས་སུ་མྱ་ངན་ལས་འདས་སོ། །འདི་ལྟ་སྟེ་དཔེར་ན། རྒྱལ་པོས་མི་ལ་ལ་ཞིག་
བཅིངས་ཏེ་ཁང་པ་མུན་པ་མུན་ནག་གི་ནང་དུ་བཙོན་རར་བཅུག་པ་དང་། མི་དེ་ཁང་པ་མུན་ནག་དེར་ཞུགས་ནས་ཁང་པ་མུན་ནག་ལ་ཁང་པ་མུན་ནག་ཏུ་མཐོང་ངོ་། །དེ་ནས་མི་གཞན་སྔོན་སྡུག་བསྔལ་གྱི་ཚོར་བས་རེག་པ་ཞིག་གིས་མཐོང་ནས་མི་དེ་ནི་མ་རུང་བར་གྱུར་ཏོ། །སྔོན་སྡུག་བསྔལ་མ་མྱོང་བས་འཚོ་

བ་སྲོག་ཆད་པར་འགྱུར་རོ། །སྙམ་བསམས་ནས་དེས་དེར་མེ་ཁྱེར་ཏེ་འོངས་ནས་ཁྱིམ་དེའི་ནང་དུ་མེ་ཆུང་ཟད་ཅིག་བོར་བ་དང་། མི་བཙོན་རར་བཅུག་པ་དེས་མེ་དེ་མཐོང་ངོ་། །མཐོང་ནས་ཀྱང་དེ་དབུགས་ཕྱིན་པར་གྱུར་ཏེ་སྤྲོ་བ་སྐྱེས་སོ། །མེ་དེ་ཡང་རྒྱུ་གང་གིས་འབར་བའི་མེ་འབར་བ་དེས་ཁྱིམ་
དེ་ཀུན་ཏུ་འབར་བར་གྱུར་ནས་མི་དེ་ཡང་དེ་ཉིད་དུ་ཚིག་པ་དང་། དེ་ཚིག་གོ་ཞེས་རྒྱལ་པོས་ཐོས་ནས་མི་དགའ་སྟེ། དེ་འདི་སྙམ་དུ་ཕྱིན་ཅད་ནི་བདག་གི་ཡུལ་དུ་སེམས་ཅན་གང་ཡང་བཙོན་རར་མི་གཞུག་གོ་སྙམ་དུ་སེམས་སོ། །དེ་ནས་རྒྱལ་པོ་དེས་རང་གི་ཡུལ་ན་གནས་པའི་སེམས་ཅན་རྣམས་ལ།
ཀྱེ་སེམས་ཅན་ཁྱེད་ཅག་མ་འཇིགས་ཤིག །མ་སྐྲག་ཤིག །ཁྱེད་ཅག་འཇིགས་པར་མ་གྱུར་ཅིག །ཕྱིན་ཆད་ངའི་ཡུལ་དུ་ཆད་པས་གཅད་པའམ། བཙོན་རར་གཞུག་པར་མི་བྱའོ། །སེམས་ཅན་གང་ཡང་སྲོག་དང་དབྲལ་བར་མི་བྱ། ཀྱེ་སེམས་ཅན་ཁྱེད་རྣམས་མ་འཇིགས་ཤིག་ཅེས་དེ་ལྟར་
དབུགས་ཕྱུང་བ་དེ་བཞིན་དུ། སྨན་གྱི་སྡེ་དེ་བཞིན་གཤེགས་པ་ནི་ཉོན་མོངས་པ་ཐམས་ཅད་བསྲེགས་པ་ནད་ཐམས་ཅད་རབ་ཏུ་ཞི་བའོ། །ཇི་ལྟར་ཁྱིམ་ཚིག་ནས་མི་ཉིད་ཀྱི་ལུས་ཀྱང་ཚིག་སྟེ། སེམས་ཅན་རྣམས་ཀྱི་དོན་དང་ཕན་པ་དང་བདེ་བའི་ཕྱིར་ཞུགས་ནས་སེམས་ཅན་བཅིངས་པ་ཡང་
བཅིངས་པ་ལས་ཡོངས་སུ་ཐར་བར་བྱེད་པ་དེ་བཞིན་དུ། དེ་བཞིན་གཤེགས་པ་ཡང་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་དྲི་མ་སྤངས་ཏེ། སེམས་ཅན་ཐམས་ཅད་ལ་སྒྲོན་མ་བཞིན་དུ་འཇིག་རྟེན་དུ་བྱུང་ནས་སེམས་ཅན་རྣམས་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་།
ཡི་དགས་དང་། ལྷ་མ་ཡིན་གྱི་ལུས་རྣམས་ལས་ཡོངས་སུ་ཐར་བར་མཛད་ཅིང་སེམས་ཅན་གཞོན་ནུ་དང་། རྒན་པོ་རྣམས་ཀྱང་ཡོངས་སུ་ཐར་བར་མཛད་དོ། །དེ་ནས་སྟེང་གི་བར་སྣང་ལས་ཚིགས་སུ་བཅད་པ་འདི་དག་བྱུང་ངོ་། །རྒྱལ་བའི་ཞིང་ནི་ངོ་མཚར་ཞིང་། །ཞིང་བཟངས་མངོན་པར་འདུས་
བྱས་པ། །དེ་ལ་ས་བོན་བཏབ་པ་ནི། །རྣམ་པར་ཆུད་ཟར་མི་འགྱུར་རོ། །རྒྱལ་བའི་ཞིང་ནི་དག་པའི་ཞིང་། །སངས་རྒྱས་བསྟན་པ་བསྔགས་པ་སྟེ། །སེམས་ཅན་ཐམས་ཅད་བཟུང་བའི་ཕྱིར། །སྟོན་པས་ཀྱང་ནི་ཐབས་མཛད་དོ། །མྱ་ངན་འདས་པའི་དབྱིངས་གནས་ཀྱང་། །ས་ཡི་སྟེང་ན་ཀུན་ཏུ་སྣང་། །

རྟག་ཏུ་འཇིག་རྟེན་ཞི་བྱས་ནས། །སངས་རྒྱས་སྦྱིན་པའི་གནས་རྣམས་སྦྱོང་། །སེམས་ཅན་གཞོན་ནུ་ཐར་བར་བྱེད། །རྒན་པོ་རྣམས་ཀྱང་ཐར་བར་བྱེད། །སེམས་ཅན་ཐམས་ཅད་ཁམས་གསུམ་ལས། །མཐར་གྱིས་ཡོངས་སུ་ཐར་བར་བྱས། །སེམས་ཅན་དམྱལ་
བའི་སྒོ་བཅད་དེ། །དུད་འགྲོ་ཡི་དགས་ཐར་བར་བྱས། །འཇིག་རྟེན་འདི་ཡང་ཞི་བྱས་ནས། །འཇིག་རྟེན་ཕ་རོལ་བདེ་བར་བྱེད། །དེ་ནས་བཅོམ་ལྡན་འདས་ཀྱིས་འཛུམ་པ་མཛད་ནས། བཀའ་སྩལ་པ། ལེགས་པ་རྣམས་ནི་མཐོང་ན་ལེགས། །སངས་རྒྱས་རྣམས་ཀྱང་མཐོང་ན་
ལེགས། །དམ་ཆོས་ཡོན་ཏན་ཞིང་ཡང་ལེགས། །དགེ་འདུན་འདུས་པ་མཐོང་ན་ལེགས། །ཟུང་བསྟན་པ་ཡང་ལེགས་པ་སྟེ། །སྡིག་པ་རྣམ་པར་འཇིག་པ་ལེགས། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་
མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཛུམ་པ་མཛད་པའི་རྒྱུ་གང་ལགས། རྐྱེན་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ཀྱིས་སེམས་ཅན་གཞོན་ནུ་འདི་དག་མཐོང་ངམ། གསོལ་པ། བཅོམ་
ལྡན་འདས་མཐོང་ལགས་སོ། །བདེ་བར་གཤེགས་པ་མཐོང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་འདི་དག་ཐམས་ཅད་ནི་དེང་ཉིད་དུ་ས་བཅུ་ལ་རབ་ཏུ་གནས་པར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་དཔག་ཚད་བརྒྱད་ཁྲི་སྲིད་
ཀྱི་སྟེང་གི་ནམ་མཁའ་ལ་གནས་པ་དང་། ལྷ་བྱེ་བ་སྟོང་ཕྲག་བརྒྱད་ཅུ་བཅོམ་ལྡན་འདས་ལ་མེ་ཏོག་གི་ཆར་རབ་ཏུ་འབེབས་སོ། །སེམས་ཅན་གཞོན་ནུ་དེ་དག་ཀྱང་ཐལ་མོ་སྦྱར་ནས་ཕྱག་འཚལ་ལོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་བར་སྣང་ལ་གནས་
བཞིན་དུ་ཚིག་འདི་སྐད་ཅེས་སྨྲས་ཏེ། དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སྒྲས་གང་བར་གྱུར་པ་དང་། སེམས་ཅན་དམྱལ་བ་ཆེན་པོ་སུམ་ཅུ་རྩ་གཉིས་སུ་སྐྱེས་པའི་སེམས་ཅན་རྣམས་སྒྲ་དེ་ཉན་ཏོ། །ལྷའི་རིས་སུམ་ཅུ་རྩ་གཉིས་ཀྱང་སྒྲ་དེ་ལ་ཉན་ཏོ། །སྟོང་གསུམ་གྱི་སྟོང་ཆེན་

པོའི་འཇིག་རྟེན་གྱི་ཁམས་ཀྱང་རྣམ་པ་དྲུག་ཏུ་རབ་ཏུ་གཡོས་སོ། །རྒྱ་མཚོ་ཆེན་པོའི་ནང་གི་ཀླུ་བརྒྱད་ཁྲི་བཞི་སྟོང་ཡང་འཁྲུགས་སོ། །སྲིན་པོ་བྱེ་བ་སྟོང་ཕྲག་སུམ་ཅུ་ཡང་འཛམ་བུའི་གླིང་འདིར་ལྷགས་སོ། །ཡི་དགས་དང་། གནོད་སྦྱིན་དང་། སྲིན་པོ་བྱེ་བ་སྟོང་ཕྲག་ཉི་ཤུ་རྩ་
ལྔ་ཡང་ལྕང་ལོ་ཅན་གྱི་ཕོ་བྲང་འཁོར་ནས་ལྷགས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུས་པ་ཆེན་པོ་ཀུན་ཏུ་འདུས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སེམས་ཅན་གཞོན་ནུ་དེ་དག་ལ་ཆོས་བསྟན་པ་དང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས། བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་བྱེ་བ་སྟོང་ཕྲག་བརྒྱ་རང་རང་གི་རྫུ་འཕྲུལ་གྱིས་ལྷགས་སོ།། །།བམ་པོ་བཞི་པ་སྟེ་ཐ་མ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་
ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་འདུས་ཤིང་མཆིས་པ་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ལྷ་དང་ཀླུ་འདུས་ཤིང་མཆིས་པ་ཡང་མང་ངོ་། །སྲིན་པོ་བྱེ་བ་ཕྲག་དུ་མ་ཞིག་ཀྱང་ལྕང་ལོ་ཅན་གྱི་ཕོ་བྲང་འཁོར་
ནས་ལྷགས་ཏེ་འདུས་ནས་མཆིས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་ལ་བཀའ་སྩལ་པ། རིགས་ཀྱི་བུ་མར་ཤོག །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་རྫུ་འཕྲུལ་གྱི་སྟོབས་ཀྱིས་སྟེང་ནས་
བབས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་ཕུང་པོ་ཆོས་ཀྱི་ཕུང་པོ་ཞེས་བགྱི་བ། བཅོམ་ལྡན་འདས་ཇི་ཙམ་གྱིས་ན་ཆོས་ཀྱི་ཕུང་པོ་ཞེས་བགྱི། བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཆོས་ཀྱི་ཕུང་པོ་ཞེས་བྱ་བ་ནི་གང་ཚངས་པར་སྤྱོད་པ་ཡོངས་སུ་ཚོལ་ཞིང་གང་ཚངས་པར་སྤྱོད་པ་ཡོངས་སུ་བཙལ་ནས་ཀྱང་སྡིག་པ་ཐམས་ཅད་སྤོང་བའོ། །རིགས་ཀྱི་བུ་སེམས་ཅན་གཞོན་ནུ་མི་ཚངས་པར་སྤྱོད་པ་སྤངས་ནས་གདོན་མི་ཟ་བར་གཟུངས་

རབ་ཏུ་འཐོབ་པར་འགྱུར་ཞིང་ཆོས་ཐམས་ཅད་དང་ཡང་ལྡན་པར་འགྱུར་བ་དེ་དག་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་ཐབས་གང་གིས་སེམས་ཅན་མང་པོ་ཞིག་འདུས་ཤིང་ཆོས་ཀྱི་ཕུང་པོ་ཉན། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་སྨན་གྱི་སྡེ་ལ་བཀའ་སྩལ་པ། སྨན་གྱི་སྡེ་གང་དག་སྐྱེ་བ་ཉིད་དུ་སྡུག་བསྔལ་དུ་མི་ཉན། རྒ་བ་ཉིད་དུ་སྡུག་བསྔལ་དུ་མི་ཉན། ནད་ཉིད་སྡུག་བསྔལ་དང་། མྱ་ངན་སྡུག་བསྔལ་དང་། སྨྲེ་སྔགས་འདོན་པ་སྡུག་བསྔལ་དང་། སྡུག་པ་དང་བྲལ་བ་དང་སྡུག་བསྔལ་དང་། མི་
སྡུག་པ་དང་ཕྲད་པ་སྡུག་བསྔལ་དུ་མི་ཉན་པའི་སེམས་ཅན་ཡང་ཕལ་ཆེར་ཡོད་དོ། །འཆི་བ་ནི་སྡུག་བསྔལ་ཐམས་ཅད་ཀྱི་ཕྱིར་ལུས་དང་སྲོག་འཕྲོག་པ་ཡིན་ཏེ། སྨན་གྱི་སྡེ་འདི་ནི་སྡུག་བསྔལ་ཐམས་ཅད་ཅེས་བྱའོ། །དེ་ནས་སེམས་ཅན་གཞོན་ནུ་དེ་དག་གིས་བསྟན་པ་འདི་ཐོས་ནས།
བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་ཀྱང་འགུམ་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱེད་དང་སེམས་ཅན་ཐམས་ཅད་ཀྱང་འཆིའོ། །དེ་དག་གིས་
གསོལ་པ། བཅོམ་ལྡན་འདས་ཇི་ལྟར་འཆི་བའི་དུས་ཀྱིས་ནོན་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དག་འཆི་བའི་དུས་ན་རྣམ་པར་ཤེས་པ་ཐ་མ་ལ་རྣམ་པར་ཤེས་པ་འགག་པར་བྱེད་པ་ཞེས་བྱ་བའི་རླུང་དང་། རྣམ་པར་ཤེས་པ་འཁྲུལ་བར་བྱེད་པ་ཞེས་བྱ་བའི་རླུང་
དང་། རྣམ་པར་ཤེས་པ་འཁྲུགས་པར་བྱེད་པ་ཞེས་བྱ་བའི་རླུང་དང་། རིགས་ཀྱི་བུ་རླུང་གསུམ་པོ་འདི་དག་གིས་འཆི་བའི་དུས་ཀྱི་ཚེ་རྣམ་པར་ཤེས་པ་ཐ་མ་ལ་ཀློང་བར་འགྱུར། འཁྲུལ་བར་འགྱུར། འཁྲུག་པ་སྐྱེད་པར་འགྱུར་རོ། །དེ་དག་གིས་གསོལ་པ། བཅོམ་ལྡན་འདས་འཆི་བའི་དུས་ཀྱི་ཚེ་རྣམ་
པར་ཤེས་པ་འགག་པ་ན་ལུས་འཇོམས་པར་བགྱིད་པའི་རླུང་གསུམ་པོ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གྲོགས་པོ་དག་མཚོན་ཞེས་བྱ་བ་དང་། སྐུལ་བ་ཞེས་བྱ་བ་དང་། ཟེད་པ་ཞེས་བྱ་བས་ལུས་འཇོམས་པར་བྱེད་དོ། །གསོལ་པ། བཅོམ་ལྡན་འདས་ལུས་ཞེས་བགྱི་བ་ཇི་ལྟ་བུ་

ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གྲོགས་པོ་དག་ཀུན་ཏུ་འབར་བ་ཞེས་ཀྱང་བྱ། ཚིག་པ་ཞེས་ཀྱང་བྱ། ངར་སྣབས་ཞེས་ཀྱང་བྱ། སྒྲེགས་པ་ཞེས་ཀྱང་བྱ། དུར་ཁྲོད་པ་ཞེས་ཀྱང་བྱ། ངན་པའི་བློ་ཞེས་ཀྱང་བྱ། ཁུར་ལྕི་བ་ཞེས་ཀྱང་བྱ། སྐྱེ་བས་ཡོངས་སུ་
གཟིར་བ་ཞེས་ཀྱང་བྱ། སྐྱེ་བས་ཀུན་ཏུ་དཀྲུགས་པ་ཞེས་ཀྱང་བྱ། སྲོག་ཡོངས་སུ་གདུང་བ་ཞེས་ཀྱང་བྱ། འཆི་བ་དང་སྡུག་པ་དང་བྲལ་བར་བྱེད་པ་ཞེས་ཀྱང་བྱ་སྟེ། གྲོགས་པོ་དག་འདི་རྣམས་ནི་ལུས་ཞེས་བྱའོ། །དེ་དག་གིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་འགུམ།
ཇི་ལྟར་འཚོ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གྲོགས་པོ་དག་རྣམ་པར་ཤེས་པ་ཞེས་བྱ་བ་ནི་འཆི་བའོ། །ཚེ་དང་ལྡན་པ་བསོད་ནམས་ཞེས་བྱ་བ་ནི་འཚོ་བའོ། །གྲོགས་པོ་དག་ལུས་ཞེས་བྱ་བ་ནི་འཆི་བ་སྟེ། རྒྱུས་པ་བྱེ་བས་ནི་དཀྲིས། སྤུའི་ཁུང་བརྒྱད་ཁྲི་བཞི་སྟོང་དང་
ནི་ལྡན། ཡན་ལག་ཁྲི་ཉིས་སྟོང་གིས་ནི་སྦྲེལ། རུས་པ་སུམ་བརྒྱ་དྲུག་ཅུས་ནི་བརྟན། ལུས་ཀྱི་ནང་ན་སྲིན་བུའི་རིགས་བརྒྱད་ཅུ་རྩ་བཞི་ནི་གནས་ཏེ། སྲོག་ཆགས་དེ་དག་ཐམས་ཅད་ལ་ཡང་འཆི་བ་ཡང་ཡོད། འཆི་བ་འགག་པ་ཡང་ཡོད་དོ། །ནམ་མི་དེ་འཆི་བ་དེ་ན་སྲོག་ཆགས་དེ་དག་
ཐམས་ཅད་རེ་ཐག་ཆད་པར་འགྱུར་ཏེ། དེ་ན་སྲོག་ཆགས་ཐམས་ཅད་གཅིག་ལ་གཅིག་ཟ་བས་རླུང་འཁྲུག་ཅིང་གཡོ་བར་འགྱུར་ཏེ། དེ་ན་དེ་དག་སྡུག་བསྔལ་གྱི་ཚོར་བ་མྱོང་ངོ་། །ལ་ལ་ནི་བུའི་ཕྱིར་མྱ་ངན་བྱེད། ལ་ལ་ནི་བུ་མོའི་ཕྱིར་མྱ་ངན་བྱེད། ལ་ལ་ནི་གཉེན་གྱི་ཕྱིར་མྱ་ངན་བྱེད་དེ། དེ་
དག་ཐམས་ཅད་མྱ་ངན་གྱི་ཟུག་རྔུས་ཟུག་གོ། །གཅིག་ལ་གཅིག་ཟ་བར་བརྩམས་ནས་དེ་དག་གཅིག་གིས་གཅིག་ཟོས་ཏེ་སྲོག་ཆགས་གཉིས་ཤིག་ལས་པ་ན་དེ་གཉིས་ཀྱང་ཞག་བདུན་གྱི་བར་དུ་འཐབས་ཏེ་ཞག་བདུན་འདས་པ་དང་། སྲོག་ཆགས་གཅིག་ནི་བཅོམ་མོ། །གཅིག་ནི་ཐར་
ཏོ། །ཚེ་དང་ལྡན་པ་ཆོས་ཞེས་བྱ་བ་གང་ཞེ་ན། འདི་སྙམ་དུ་སེམས་ཏེ། ཇི་ལྟར་སྲོག་ཆགས་རྣམས་གཅིག་ལ་གཅིག་མི་འཐུན་པར་བྱས་ནས་འཆི་བར་འགྱུར་བ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོའི་སེམས་ཅན་རྣམས་ཀྱང་གཅིག་ལ་གཅིག་མི་འཐུན་པ་བྱེད་དེ། སྐྱེ་བས་མི་འཇིགས། རྒ་བས་མི་འཇིགས།

ནད་ཀྱིས་མི་འཇིགས། འཆི་བས་མི་འཇིགས། ཇི་ལྟར་སྲོག་ཆགས་གཉིས་འཐབ་པ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱང་ཕན་ཚུན་འཐབ་པོ། །དེ་ནས་འཆི་བའི་དུས་ན་སྐྱེས་བུ་དགེ་བ་རྣམས་ཀྱིས་སྨྲས་པ། སྐྱེས་བུ་ཁྱོད་ཅི་ཞིག་ལ་ཡིད་རྟོན། ཅི་ཁྱོད་ཀྱིས་ཉེས་
པ་ཅུང་ཟད་ཀྱང་མ་མཐོང་ངམ། སྐྱེ་བའི་ཉེས་པ་མ་མཐོང་ངམ། རྒ་བ་དང་ན་བའི་ཉེས་པ་མ་མཐོང་ངམ། འཆི་བའི་ཉེས་པ་མ་མཐོང་ངམ། སྨྲས་པ། ཚེ་དང་ལྡན་པ་བདག་གིས་སྐྱེ་བའི་ཉེས་པ་ཡང་མཐོང་ངོ་། །རྒ་བ་དང་ན་བའི་ཉེས་པ་ཡང་མཐོང་ངོ་། །ཐམས་ཅད་ཀྱི་ཐ་མར་འཆི་བའི་
ཉེས་པ་ཡང་མཐོང་ངོ་། །སྨྲས་པ། ཅིའི་ཕྱིར་གང་དགེ་བའི་རྩ་བ་རྣམས་ཀྱི་བྱ་བ་མ་བྱས། ཅིའི་ཕྱིར་འཇིག་རྟེན་གཉི་གར་བདེ་བ་འཕེལ་བའི་ཆོས་ཀྱི་ཕུང་པོའི་དགེ་བའི་རྩ་བ་རྣམས་མ་བྱས། གྲོགས་པོ་དག་གཉིས་སུ་ཡང་དྲིའོ། །ཁྱོད་ཅིའི་ཕྱིར་སྐྱེ་བ་དང་། འཆི་བ་ལས་ཡོངས་སུ་ཐར་
བའི་དགེ་བའི་ཚོགས་མ་བྱས། ཁྱོད་ཀྱིས་ཅིའི་ཕྱིར་ཚུལ་བཞིན་ཡིད་ལ་བྱེད་པ་སོ་སོར་བརྟག་པ་མ་བྱས། ཇི་ལྟར་ཁྱེད་ཀྱིས་ས་ལ་གཎྜཱི་རྡུང་བའི་སྒྲ་མ་ཐོས། དེ་བཞིན་གཤེགས་པའི་ཞིང་ལ་དགེ་བའི་ས་བོན་བསྐྲུན་ཅིང་སྤོས་སམ། ཕྲེང་བའམ། མར་མེ་སྦྱིན་པ་བྱིན་པ་མ་མཐོང་། དེ་
བཞིན་གཤེགས་པ་ལ་བཟའ་བ་དང་། བཅའ་བ་འབུལ་བ་དང་། འཁོར་བཞི་ཚིམ་པར་བྱས་པ་ཡང་མ་མཐོང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་བསྟན་པ་ལ་མངོན་པར་དད་པ་དེ་དག་ནི་འཁོར་བཞིའོ། །དེ་ལྟར་དེ་ལ་ཕན་པའི་ཕྱིར་སྨྲས་ཏེ།
བསྙད་པ་དང་། ལྷ་ཅུང་ཟད་ཀྱང་མ་བགྱིས་སོ། །མི་ཁྱོད་ཀྱིས་ནི་འཛམ་བུའི་གླིང་དུ་འོངས་ནས་མི་དགེ་བ་བྱས་སོ། །དེའི་ཚེ་མི་ཤི་བ་དེ་ལ་ཆོས་ཀྱི་རྒྱལ་པོས་རྗེས་སུ་བསྟན་པའི་ཚིགས་སུ་བཅད་པ་སྨྲས་པ། དེ་བཞིན་གཤེགས་པ་འབྱུང་མཐོང་ཞིང་། །གཎྜཱི་རྡུང་བ་ཐོས་གྱུར་ལ། །
མྱ་ངན་འདས་པ་ཞིར་འགྲོ་བའི། །ཆོས་བསྟན་ཐོས་ཀྱང་མ་བྱས་སོ། །དེ་ནས་མི་དེས་སླར་སྨྲས་པ། །བདག་ནི་བྱིས་པའི་བློར་གྱུར་ཏེ། །སྡིག་པའི་གྲོགས་ཀྱི་དབང་སོང་ནས། །འདོད་པས་འཁྲུལ་པའི་སེམས་ཀྱིས་སུ། །བདག་གིས་སྡིག་པའི་ལས་བྱས་སོ། །འདོད་པ་དག་ཀྱང་

བསྟེན་པ་དང་། །བདག་གིས་སྲོག་ཆགས་རྣམས་ཀྱང་བསད། །དགེ་འདུན་རྣམས་ཀྱང་ཆུད་གསན་པས། །མི་བཟད་དེ་ཡི་འབྲས་བུ་འོང་། །གནོད་པར་སེམས་པའི་ཡིད་ཀྱིས་སུ། །བདག་གིས་མཆོད་རྟེན་བཤིག་པ་བྱས། །ཚིག་ངན་རྣམས་ཀྱང་རབ་ཏུ་སྨྲས། བདག་གིས་
མ་ཡང་གདུང་བར་བྱས། །བདག་གིས་ལུས་ཀྱིས་གང་བྱས་པ། །ཉེས་པ་དག་ཀྱང་རབ་ཏུ་ཤེས། །སེམས་དམྱལ་ཆེན་པོ་ངུ་འབོད་དུ། །ཤིན་ཏུ་མི་བཟད་སྐྱེ་བ་མཐོང་། །བསྡུས་གཞོམ་དུ་ཡང་ཚོར་བ་མྱོང་། །དེ་བཞིན་རབ་ཏུ་ཚ་བ་དང་། །མནར་མེད་ཆེན་པོ་མི་བཟད་པར། །
ཚོར་བ་རྗེས་སུ་མྱོང་བར་འགྱུར། །པད་མ་ལྟ་བུར་ཆེར་གས་པའི། །སེམས་ཅན་དམྱལ་བར་སྡུག་བསྔལ་དུ། །ཐིག་ནག་བཏབ་པ་འཇིགས་ཆེན་དུ། །ལན་བརྒྱ་བར་དུ་སྐྱེ་བར་འགྱུར། །སེམས་དམྱལ་སེམས་ཅན་བསད་ནས་སུ། །ཕྱིས་ཀྱང་འཇིགས་པ་དེ་མཐོང་སྟེ། །
དཔག་ཚད་བརྒྱར་ནི་ཡང་དང་ཡང་། །འཇིགས་པ་ཆེན་པོར་ལྟུང་བར་འགྱུར། །དེ་དག་སྒོ་རྙེད་མི་འགྱུར་ཏེ། །ཕྱིས་ཀྱང་མུན་པར་རབ་ཏུ་ལྟུང་། །སྤུ་གྲི་ཞེས་བྱ་སེམས་དམྱལ་དུ། །སྤུ་གྲི་སྟོང་ཡང་འབྱུང་བར་འགྱུར། །བྱེ་བ་སྟོང་ཕྲག་བརྒྱ་རྣམས་ཀྱིས། །སྤུ་གྲི་མདུན་དུ་འབྱུང་འགྱུར་ཏེ། །
བདག་གིས་ཉེས་པའི་ལས་བྱས་པས། །དེ་དག་གིས་ནི་དེ་ལུས་གཏུབས། །རླུང་འཁྲུགས་ཆེན་པོ་མི་བཟད་པས། །ལུས་དེ་ཐམས་ཅད་འཇིག་པར་བྱེད། །རྟག་ཏུ་འདི་འདྲའི་སེམས་དམྱལ་དུ། །བདག་གིས་སྡུག་བསྔལ་མྱོང་བར་འགྱུར། །ལུས་ནི་རབ་ཏུ་སྡུག་བསྔལ་བར། །སེམས་
ཅན་ཀུན་གྱིས་བདག་མཐོང་ངོ་། །ཁྱིམ་སོ་བྱ་ཕྱིར་གཞན་དག་གི། །ནོར་ཡང་རབ་ཏུ་བདག་གིས་བླངས། །བདག་གི་བུ་ཕོ་བུ་མོ་དང་། །དེ་བཞིན་ཕུ་ནུ་སྲིང་མོ་དང་། །བདག་གི་ཕ་མའང་དེ་བཞིན་ཏེ། །མཛའ་བོ་གཉེན་བཤེས་མང་པོ་དང་། །བྲན་དང་ལས་བྱེད་རྣམས་དང་ནི། །
དེ་བཞིན་བ་དང་ཕྱུགས་དང་གཡོག །དགོས་པ་ངན་ལ་བདག་འཁྲུལ་ཏེ། །གསེར་དང་དངུལ་གྱི་སྣོད་རྣམས་དང་། །དེ་བཞིན་ཕྲ་རབ་གོས་རྣམས་དང་། །ཁྱིམ་བྱེད་བཅུག་པས་འཁྲུལ་པ་སྟེ། །ཁྱིམ་ཡང་ཤིན་ཏུ་བཀྲ་བྱས་ནས། །སྐྱེས་པ་བུད་མེད་ལང་ལོང་དང་། །པི་བང་སིལ་

སྙན་འཁྲོལ་བ་ལ། །བདག་ཡིད་མ་དུལ་དགའ་བར་འགྱུར། །སྤོས་ཆུ་དག་གིས་ལུས་བཀྲུས་ཀྱང་། །ད་དུང་བྱས་པ་གཟོ་བ་མེད། །ལུས་ཁྱོད་སེམས་པ་མེད་པ་སྟེ། །ང་ནི་ཁྱོད་ཀྱི་ཆེད་ལ་འཁྲུལ། །ཕྱིན་ཆད་སེམས་ཅན་འགའ་ཙམ་ཡང་། །བདག་ལ་སྐྱོབ་
པར་འགྱུར་བ་མེད། །རླུང་འཁྲུག་ཆེན་པོ་མི་བཟད་པར། །ལུས་ནི་ཡོངས་སུ་གདུང་བ་ན། །རོ་དང་ལྡན་པ་ཞིམ་ཟོས་ཏེ། །ལྕེས་ཀྱང་སྣ་ཚོགས་དེ་བཞིན་ནོ། །ཕྲེང་བ་སྣ་ཚོགས་བཟང་མཛེས་པ། །རབ་ཏུ་མང་པོ་མགོ་ལ་བཅིངས། །མིག་ནི་གཟུགས་ཀྱིས་འཁྲུལ་བྱས་ཏེ། །
མིག་གི་སྐྱབས་ནི་ཡོད་མ་ཡིན། །བདག་གིས་མཐོང་ནས་གང་བྱས་པ། །སྡིག་པ་རྣམས་ནི་མིག་གི་རྒྱུ། །ལག་པ་རྡོ་རྗེས་བཅད་པ་ནི། །བདག་གི་རྣ་བའི་རྒྱུ་ཡིན་ནོ། །ལག་པ་གཉིས་ལ་གདུ་བུ་བཏགས། །སོར་མོ་རྣམས་ལ་སོར་གདུབ་བཅུག །མགུལ་དུ་མུ་ཏིག་སེ་མོ་དོ། །
རྐང་པ་གཉིས་ཀྱང་རབ་ཏུ་བརྒྱན། །དེ་ལ་དྲ་བ་བྱས་པ་དང་། །དེ་ལ་གསེར་ཡང་གནས་པར་བྱས། །ལུས་ལ་རིན་ཆེན་སྣ་ཚོགས་དང་། །གསེར་གྱི་གདུ་བུའང་དེ་བཞིན་ནོ། །ལོངས་སྤྱོད་ཆེན་པོས་རབ་རྩེས་ནས། །ཡིད་ཀྱང་ཤིན་ཏུ་རྟག་པར་གྱུར། །རབ་ཏུ་འཇམ་ལ་བདག་རེག་ནས། །
ཤིན་ཏུ་སྲེད་པས་དེ་བསྟེན་ཏོ། །གདིང་བ་སྣ་ཚོགས་མལ་ཆ་ཡིས། །བདག་གིས་ལུས་ནི་རྩེར་བཅུག་གོ། །སྤོས་ཆུ་བཟང་པོས་ཁྲུས་བྱས་ཏེ། །སྤོས་རྣམས་ཀྱིས་ཀྱང་རབ་ཏུ་བསྐུས། །ལྷ་རྫས་ག་པུར་ཙན་དན་གྱི། །བདུག་པ་རྣམས་ཀྱིས་རབ་ཏུ་བདུགས། །ཁ་དོག་བཟང་པོ་བྱས་ནས་
ཀྱང་། །གླ་རྩི་ལྡན་པས་རབ་ཏུ་བསྒོས། །ལོ་ལོན་འབྲུ་མར་དྲི་དག་དང་། །སྣ་མ་ཙམ་པ་ཀ་ལ་སོགས། །བསྐུས་ནས་ཕྲ་མོ་ཀ་ཤི་ཀ། །དཀར་པོའི་གོས་ཀྱང་རབ་ཏུ་བགོས། །གླང་པོའི་རྒྱབ་ནས་བབས་ནས་སུ། །རྟ་ཡི་རྒྱབ་ཏུ་མངོན་པར་ཞོན། །བདག་ནི་རྒྱལ་པོ་ཡིན་སྙམ་སེམས། །
སྐྱེ་བོ་བདག་གི་མདུན་ན་རྒྱུག །གླུ་གར་ཤིན་ཏུ་བསླབས་པ་ཡི། །སླས་རྣམས་ཀྱང་ནི་རབ་ཏུ་ཤེས། །རི་དགས་རྣམས་ནི་མ་ཉེས་པར། །བདག་གིས་མདས་ཀྱང་རི་དགས་བསད། །འཇིག་རྟེན་ཕྱི་མ་མ་ཤེས་པས། །བདག་གིས་འདི་འདྲའི་སྡིག་བྱས་ཤིང་། །བདག་གིས་གཞན་གྱི་ཤ་

ཟོས་པས། །དེ་ཕྱིར་བདག་གི་སྡུག་བསྔལ་འདི། །མི་བཟད་འོང་བར་འགྱུར་བ་ཡི། །འཆི་བ་བདག་གིས་མ་ཤེས་ཏེ། །བདག་ནི་བྱིས་པའི་བློར་གྱུར་པས། །བདག་གི་ལུས་ཀྱང་གསོ་བ་བྱས། །དེང་ནི་བདག་ལ་འཆི་འོང་ན། །སྐྱབས་བྱེད་པ་ནི་སུ་ཡང་མེད། །གཉེན་
རྣམས་ཁྱེད་ཅག་ཐམས་ཅད་ཀྱང་། །ང་ཡི་གདོང་དུ་བལྟར་ཅི་ཡོད། །ཅི་ཞིག་ཕྱིར་ནི་གོས་འདྲལ་ཞིང་། །ཅི་ཕྱིར་ངུ་ཞིང་སྨྲེ་སྔགས་འདོན། །ཅི་ཕྱིར་སྐྲ་རྣམས་རབ་འཇིག་ཅིང་། །ཅི་ཕྱིར་ཁྲག་ཀྱང་འབྱིན་པར་བྱེད། །ཅི་ཕྱིར་མགོ་ལ་རྡུལ་འཐོར་ཞིང་། །བྲང་ཡང་རབ་ཏུ་རྡུང་བར་
བྱེད། །བདག་གསོན་ཚེ་ན་སྡིག་པ་རྣམས། །སྤང་བར་བྱ་རིགས་ཁྱེད་ཅི་མདུད། །བདག་གི་ལུས་ནི་སྤྱང་ཀི་དང་། །ཁྱི་དང་བྱ་རོག་རྣམས་དང་ནི། །བྱ་རྣམས་ཀྱིས་ཀྱང་བཟའ་བར་འགྱུར། །ལུས་འདི་དགོས་པ་མེད་པར་གསོས། །འཆི་བའི་སྦྲུལ་དང་ལྡན་གྱུར་ནས། །མི་ནི་རྟག་
ཏུ་སྐྱེ་བར་འགྱུར། །འཇིགས་པ་འདི་ལས་གྲོལ་འགྱུར་བ། །དེ་ལྟ་བུ་ཡི་སྨན་རྣམས་བསྟེན། །བདག་ལ་སྨན་པས་གང་བྱིན་པའི། །སྨན་དེ་དགོས་པ་མ་ཡིན་ན། །ཉོན་མོངས་སྦྲུལ་ལས་ཐར་བྱེད་པ། །ད་ལྟར་ཆོས་ཀྱི་སྨན་རྣམས་ནི། །འཆི་ཀར་བདག་ལ་སྦྱིན་པར་བྱོས། །
ཤ་ནི་ང་ལ་མ་སྦྱིན་ཅིག །ལུས་འདི་གསོ་བ་བྱས་ཀྱང་ནི། །གདོན་མི་ཟ་བར་འཇིག་པར་འགྱུར། །གང་ཕྱིར་སྡུག་བསྔལ་སྦྱིན་གྱུར་པ། །སྡིག་གི་ཕུང་པོ་ཅི་ཕྱིར་བླངས། །ལུས་འདི་ཤིན་ཏུ་གསོས་བྱས་ཀྱང་། །བྱ་བ་མ་རུངས་བྱེད་པར་འགྱུར། །བུ་དང་བུ་མོ་ཅི་ཞིག་ཕྱིར། །ང་ལ་
མིག་གིས་ལྟ་བར་བྱེད། །ན་བ་འདི་ལས་ང་སྐྱོབས་ཤིག །དོན་མེད་པར་ནི་ཅི་ཕྱིར་ངུ་། །བུ་དང་བུ་མོ་ཁྱེད་ཅག་དག །ང་ནི་མ་རུང་མ་བྱེད་ཅིག །ཁྱེད་ཅག་གསོ་བར་བྱ་བའི་ཕྱིར། །ངས་ནི་གཞན་གྱི་ནོར་ཡང་ཕྲོགས། །ད་ནི་འཆི་དུས་བབ་པ་ན། །རེ་ཐག་ཆད་ཀྱིས་ཅི་ཞིག་བྱེད། །
སྐྱེ་དང་ངན་འགྲོས་རབ་ཏུ་འཇིགས། །འཆི་བས་ཀྱང་ནི་ཡོངས་སུ་གཟིར། །ཚོར་བ་འདུ་ཤེས་འདུ་བྱེད་དང་། །རེག་པ་ཤིན་ཏུ་ཚོར་བའོ། །སྲེད་པས་བྱིས་པ་རྣམས་ཀྱང་འཁྱམ། །མི་བཟད་འབྲས་བུ་རྣམས་ཀྱང་ཐོབ། །ངན་པའི་རིགས་སུ་སྐྱེ་བ་ནི། །དེར་ཡང་མྱ་ངན་བཅིངས་པར་འགྱུར། །

བདག་ལ་བསོད་ནམས་ཆུང་ཤེས་ནས། །སྐྱེ་བོ་གཞན་དག་མྱ་ངན་བྱེད། །སྦྱིན་དང་ཚུལ་ཁྲིམས་ཡོངས་སུ་ཉམས། །ཆོས་ལ་ཡང་ནི་རྒྱབ་ཀྱིས་ཕྱོགས། །ཡང་སྐྱེ་བ་ནི་མི་ཤེས་པས། །ཉོན་མོངས་སྦྲུལ་གྱིས་ཉོན་མོངས་པ། །མ་རིག་པས་ནི་བྱིས་
པ་རྣམས། །གང་ན་ཐར་པ་མེད་པར་འཁྱམ། །ཐར་པའི་དོན་ནི་མི་ཤེས་ནས། །འཁྲུལ་པས་སྡིག་པ་རྣམས་ཀྱང་བྱེད། །ཉོན་མོངས་རྣམས་ཀྱིས་བྱིས་པ་འཁྱམ། །ཡིད་ནི་རྟག་ཏུ་རྣམ་པར་འཁྲུགས། །བཅིང་བ་སྣ་ཚོགས་ལྡན་ལུས་ལ། །མེས་ནི་ཀུན་ཏུ་འབར་ཞིང་ཚིག །
གང་ན་བདེ་བ་མེད་པ་དེར། །ལུས་ནི་རྣམ་པར་འཁྲུལ་པས་འཁྱམ། །གང་ལས་ཤིན་ཏུ་བདེ་འབྱུང་བ། །བདེ་བ་དེ་ནི་མི་ཤེས་ཏེ། །སངས་རྒྱས་ཞིང་ནི་བདེ་བ་སྦྱིན། །ཆོས་ཀྱི་འཁོར་ལོ་སྨན་གྱི་མཆོག །ཚུལ་ཁྲིམས་བདེན་པའི་ཚུལ་ཁྲིམས་སོ། །དེ་བཞིན་གཤེགས་པའི་
ཚངས་དབྱངས་ཡིན། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་ལ་བཀའ་སྩལ་པ། སྨན་གྱི་སྡེ་སེམས་ཅན་དག་འཆི་བའི་དུས་ཀྱི་ཚེ། དེ་ལྟར་སྨྲེ་སྔགས་འདོན་ཀྱང་ལེགས་པར་བྱས་པའི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མ་གཏོགས་པར་དེ་
དག་གི་སྐྱོབ་པར་འགྱུར་བ་སུ་ཡང་མེད་དོ་ཞེས་བཀའ་དེ་སྐད་སྩལ་ནས་ཚིགས་སུ་བཅད་པ་འདི་དག་ཀྱང་གསུངས་སོ། །སྡིག་པའི་ལས་ནི་བྱས་པས་ན། །སེམས་ཅན་དམྱལ་བ་རྣམས་སུ་ལྟུང་། །སྲེག་པའི་གོས་ནི་གྱོན་པར་འགྱུར། །སྐོམ་དུ་ལྕགས་ཁུ་འཐུང་བར་འགྱུར། །ལུས་རྣམས་ལ་ནི་
མེ་མདག་འབབ། །ཚིག་ནས་རབ་ཏུ་མི་བཟད་དུ། །སེམས་ཅན་དམྱལ་བ་འཇིགས་ཆེན་དུ། །དེ་ཡི་ལུས་ནི་རབ་ཏུ་འཚིག །བདེ་བ་དག་ནི་མི་ཤེས་ཤིང་། །ཆོས་ཀྱང་རྣམ་པར་མི་ཤེས་ཏེ། །ཆོས་མ་ཡིན་པས་བྱིས་པ་འཁྱམ། །བདེ་བ་ཅུང་ཟད་རྙེད་མི་འགྱུར། །དད་དང་ཚུལ་ཁྲིམས་
ཕུན་སུམ་ཚོགས། །ཤེས་རབ་ལྡན་ཞིང་དཀའ་ཐུབ་ཆེ། །དགེ་བའི་བཤེས་གཉེན་བསྟེན་པ་ནི། །དེ་བཞིན་གཤེགས་པར་མྱུར་དུ་འགྱུར། །འཇིག་རྟེན་སངས་རྒྱས་འབྱུང་བའི་ཕྱིར། །བརྩོན་འགྲུས་ཀྱི་ནི་མཆོག་རྩོམས་ལ། །སེམས་ཅན་ཐམས་ཅད་ཡོངས་བཟུང་བ། །དགེ་བའི་ལས་ཀྱི་

ཆོས་སྟོན་ཅིག །བྱམས་པའི་སེམས་དང་དེ་བཞིན་དུ། །ཚངས་སྤྱོད་མཆོག་ལ་སྙོམས་པར་ཞུགས། །སྨན་སྡེ་དེ་སྐད་ཐོས་ནས་ཀྱང་། །མཆོག་ཏུ་བསྒྲུབ་པར་འགྱུར་བར་བྱ། །རྣམ་གྲོལ་མཐོང་དང་སངས་རྒྱས་དང་། །སྒྲ་བསྒྲགས་རྣམ་པར་འདྲེན་པ་དང་། །འཇིག་རྟེན་གྱི་ནི་ཕ་དང་མ། །དེ་ནི་བྱང་
ཆུབ་སེམས་ཞེས་བྱ། །འཇིག་རྟེན་དུ་ནི་ཆོས་འདི་གང་སྟོན་པ། །དགེ་བའི་བཤེས་གཉེན་མཆོག་ཏུ་རབ་རྙེད་དཀའ། །སངས་རྒྱས་བསྟན་ལ་གང་དག་སུས་ཉན་པ། །དེ་དག་བླ་མེད་སངས་རྒྱས་བདེ་གཤེགས་འགྱུར། །ཞི་བ་སངས་རྒྱས་སྲས་རྣམས་ལ། །གང་དག་གུས་དང་བཅས་འགྱུར་བ། །དེ་དག་ཀྱང་
ནི་སེམས་ཅན་ཀུན། །ཐར་བྱེད་འཇིག་རྟེན་མགོན་དུ་འགྱུར། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅིའི་སླད་དུ་དོག་ས་འདི་དག་གཡོ་རབ་ཏུ་གཡོ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་
འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྨན་གྱི་སྡེ་ཅི་མཐོང་ལྟོས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་བལྟས་པ་དང་། ཕྱོགས་བཞི་ནས་གས་པ་མཐོང་ངོ་། །ས་གས་པས་ས་གས་པའི་ཕྲག་ནས་མི་
བྱེ་བ་ཕྲག་ཉི་ཤུ་བྱུང་བ་དང་། འོག་གི་ཕྱོགས་ནས་མི་བྱེ་བ་ཕྲག་ཉི་ཤུ་བྱུང་བ་དང་། སྟེང་གི་ཕྱོགས་ནས་མི་བྱེ་བ་ཕྲག་ཉི་ཤུ་རྩ་ལྔ་བྱུང་བ་མཐོང་ངོ་། །དེ་ནས་སེམས་ཅན་གཞོན་ནུ་དེ་དག་གིས་རྣམ་པར་བལྟས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདིར་སུ་དག་སྐྱེས།
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱེད་ཅག་སྐྱེ་བོའི་ཚོགས་འདི་དག་ལ་ལྟོས། དེ་དག་གིས་གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེ་བོའི་ཚོགས་འདི་དག་ནི་ཁྱེད་ལ་བདེ་བའི་ཕྱིར་སྐྱེས་སོ། །གསོལ་པ། སེམས་ཅན་འདི་དག་
ཀྱང་འགུམ་པར་འགྱུར་རམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གྲོགས་པོ་དག་དེ་བཞིན་ཏེ། སེམས་ཅན་ཐམས་ཅད་ཀྱང་འཆི་བར་འགྱུར་རོ། །དེ་ནས་སེམས་ཅན་གཞོན་ནུ་སྔ་མ་གང་དག་ཐོག་མ་ཉིད་དུ་སྐྱེས་པ་དེ་དག་གིས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་

འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་ནི་ཡང་སྐྱེ་བ་དང་འགུམ་པ་ལ་བལྟ་བར་མི་སྤྲོའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོ་ན་བརྩོན་འགྲུས་ཀྱི་སྟོབས་རྙེད་པར་སྤྲོའམ། དེ་དག་གིས་གསོལ་པ། དེ་བཞིན་གཤེགས་པ་མངོན་སུམ་དུ་བལྟ་བར་བགྱིའོ། །
དེ་ནས་ཆོས་གང་མཉན་པ་ཞུས་ཏེ་ཡིད་དུ་འོང་བ་མཉན་པར་བགྱིའོ། །དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་འདུས་པ་ལ་བལྟ་བར་བགྱིའོ། །བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་རྣམས་ལ་བལྟ་བར་བགྱི་སྟེ། བཅོམ་ལྡན་འདས་འདི་ལྟ་བུ་ལ་སྤྲོའི་སྐྱེ་བ་དང་འགུམ་པ་ལ་ནི་བལྟ་
བར་མི་སྤྲོའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་རྫུ་འཕྲུལ་གྱི་སྟོབས་ཀྱིས་བྱང་ཆུབ་སེམས་དཔའ་ལྔ་བརྒྱ་པོ་དེ་དག་དང་ལྷན་ཅིག་ཏུ་སྟན་ལས་ལངས་ནས་དེ་དག་ཐམས་ཅད་རྫུ་འཕྲུལ་གྱིས་སྟེང་གི་བར་སྣང་ལ་འགྲོ་ཞིང་སྐྱིལ་མོ་ཀྲུང་བཅས་ནས་བསམ་གཏན་བྱེད་དེ།
དེ་དག་ཐམས་ཅད་ཀྱི་ལུས་ལས་སེང་གེ་རྣམས་བྱུང་ངོ་། །སྟག་རྣམས་བྱུང་ངོ་། །སྦྲུལ་རྣམས་བྱུང་ངོ་། །གླང་པོ་རྣམས་བྱུང་ངོ་། །རྫུ་འཕྲུལ་ཆེན་པོ་རྣམ་པར་འཕྲུལ་པ་སྟོན་ཏོ། །རིལ་ཡང་སྐྱིལ་མོ་ཀྲུང་བཅས་ཏེ་འཁོད་དོ། །སྟེང་དུ་དཔག་ཚད་ཉི་ཁྲི་སྲིད་དུ་ཡང་འགྲོའོ། །ཟླ་བ་དང་ཉི་མ་བྱེ་བ་སྟོང་
ཕྲག་བཅུ་ཡང་འབབ་པར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ལ་སེམས་ཅན་གཞོན་ནུ་དེ་དག་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འོད་ཟེར་ཆེན་པོ་གདའ་བ་དང་། རྫུ་འཕྲུལ་ཆེན་པོ་རྣམ་པར་འཕྲུལ་བ་འཇིག་རྟེན་དུ་བྱུང་བའི་རྒྱུ་གང་ལགས། རྐྱེན་གང་ལགས།
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱེད་ཟླ་བ་དང་། ཉི་མ་བྱུང་བ་འདི་ལ་ལྟོས། དེ་དག་གིས་གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ། །བདེ་བར་གཤེགས་པ་མཐོང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་
ནི་བྱང་ཆུབ་སེམས་དཔའ་རང་གི་ལུས་ལས་འོད་ཟེར་སྣང་བ་དང་། རྫུ་འཕྲུལ་དང་། ཆོ་འཕྲུལ་བསྟན་པ་སྟེ་བསྟན་ནས་ཀྱང་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། སྐྱེ་བོའི་ཚོགས་ཆེན་པོ་དང་། ལྷ་རྣམས་དང་།

མི་རྣམས་ཀྱི་དོན་དང་། ཕན་པ་དང་། བདེ་བའི་ཕྱིར་སེམས་ཅན་རྣམས་ལ་ཆོས་སྟོན་ཏེ། དེ་དག་འདིར་མིའི་ལུས་དང་། སྟོབས་དང་བརྩོན་འགྲུས་བསྟན་ནས་འདི་འདྲ་བའི་སྟོབས་ཉེ་བར་སྟོན་ཏོ། །གསོལ་པ། བཅོམ་ལྡན་འདས་འོད་ཟེར་སྣང་བ་འབྱུང་བར་བགྱི་བའི་སླད་དུ་
ཆོས་བསྟན་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྨན་གྱི་སྡེ་ཁྱོད་ཀྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམ་པ་དྲུག་ཏུ་གཡོས་
པ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ། །བདེ་བར་གཤེགས་པ་མཐོང་ལགས་སོ། །དེས་འདི་སྙམ་བསམས་ཏེ། གང་བདག་གིས་དེ་བཞིན་གཤེགས་པ་ལ་དོན་དེ་ཞུའོ། །སྙམ་བསམས་པ་དང་། བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་ཅི་དང་ཅི་འདོད་པ་དྲིས་ཤིག་དང་། ངས་དྲིས་པ་དེ་དང་དེའི་ལུང་བསྟན་པས་ཁྱོད་ཀྱི་སེམས་རངས་པར་བྱའོ། །བསྟན་པར་བྱའོ། །རྣམ་པར་དབྱེ་བར་བྱའོ། །སྨན་གྱི་སྡེ་གང་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དུས་
རྣམས་ཀྱི་དེ་ཐམས་ཅད་བསྟན་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་ཐེ་ཙོམ་བསལ་བའི་སླད་དུ་བསྟན་དུ་གསོལ། བཅོམ་ལྡན་འདས་བདག་གིས་དེ་བཞིན་གཤེགས་པ་ལྷའི་བུ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིས་བསྐོར་བ་དང་། བྱང་ཆུབ་སེམས་དཔའ་བྱེ་བ་སྟོང་
ཕྲག་བརྒྱད་ཅུ་རྩ་བཞིས་བསྐོར་བ་དང་། ཀླུའི་རྒྱལ་པོ་བྱེ་བ་སྟོང་ཕྲག་བཅུ་གཉིས་ཀྱིས་བསྐོར་བ་དང་། འབྱུང་པོ་བྱེ་བ་སྟོང་ཕྲག་བཅོ་བརྒྱད་ཀྱིས་བསྐོར་བ་དང་། ཡི་དགས་དང་། ཤ་ཟ་བྱེ་བ་སྟོང་ཕྲག་ཉི་ཤུ་རྩ་ལྔས་བསྐོར་བ་མཐོང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་
སྩལ་པ། སྨན་གྱི་སྡེ་སེམས་ཅན་འདི་དག་ནི་ཆོས་ཉན་པའི་ཕྱིར་འཁོར་འདིར་ངའི་གན་དུ་འདུས་ཤིང་འཁོད་གོར་མ་ཆག་སྟེ། སྨན་གྱི་སྡེ་འདི་དག་ནི་དེང་ཁོ་ནར་འཁོར་བ་བསྙིལ་བར་འགྱུར་རོ། །སེམས་ཅན་ཐམས་ཅད་ལ་ཕན་པར་འདོད་པས་དེང་ཉིད་ས་བཅུ་རབ་ཏུ་འཐོབ་པར་འགྱུར་

རོ། །ས་བཅུ་ལ་རབ་ཏུ་གནས་ནས་མྱ་ངན་ལས་འདས་པའི་དབྱིངས་རྗེས་སུ་འཐོབ་པར་འགྱུར་རོ། །རྒ་དང་འཆི་ལས་ཐར་བྱའི་ཕྱིར། །ལས་བྱས་བདེ་བ་ཐོབ་བྱེད་ཅིང་། །ཉོན་མོངས་ཞགས་པ་ཕམ་བྱས་ནས། །སངས་རྒྱས་བསྟན་པ་འཐོབ་པར་འགྱུར། །
གསོལ་པ། བཅོམ་ལྡན་འདས་སེམས་ཅན་གྱི་གནས་མང་པོ་ལས་སྣ་ཚོགས་ཀྱིས་བྱུང་བ་འདི་ཅིའི་སླད་དུ། བཅོམ་ལྡན་འདས་ལ་བསྐོར་ཅིང་གནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་ཉོན་ཅིག །སེམས་ཅན་རྨོངས་པ་མི་ཤེས་པ། །ཐར་བར་
འགྱུར་བ་ག་ལ་ཡོད། །སེམས་ཅན་གཞོན་ནུ་མང་པོ་དག །དེ་རིང་གཟུགས་རྣམས་ཐོབ་པར་འགྱུར། །ས་བཅུ་དག་ནི་འཐོབ་པའི་ཕྱིར། །ཆོས་ཀུན་རབ་ཏུ་ཤེས་པར་འགྱུར། །ས་བཅུ་དག་ཀྱང་འཐོབ་པར་འགྱུར། །སངས་རྒྱས་བྱ་བ་བྱེད་པར་འགྱུར། །ཆོས་
ཀྱི་འཁོར་ལོ་བསྐོར་བར་འགྱུར། །ཆོས་ཆར་རབ་ཏུ་འབེབས་པར་འགྱུར། །དེ་ལྟར་སེམས་ཅན་འདུས་པས་ན། །ང་ཡི་བསྟན་པ་དགའ་བའོ། །ལྷ་དང་ཀླུ་དང་ཡི་དགས་དང་། །ལྷ་མིན་ཤིན་ཏུ་མི་བཟད་པས། །ས་བཅུ་ལ་ནི་རབ་གནས་ཏེ། །ཆོས་
ཀྱི་སྒྲ་ཡང་སྒྲོགས་པར་འགྱུར། །ཆོས་ཀྱི་རྔ་ཡང་རྡུང་བར་འགྱུར། །ཆོས་ཀྱི་དུང་ཡང་རབ་ཏུ་འབུད། །སེམས་ཅན་གཞོན་ནུ་འདི་དག་ཀྱང་། །བརྩོན་འགྲུས་མཐུ་དང་ལྡན་པར་འགྱུར། །དེ་བཞིན་གཤེགས་པས་ཐོབ་པ་བཞིན། །དེ་དག་དེང་ནི་
ཆོས་ཐོབ་འགྱུར། །དེ་ནས་སེམས་ཅན་གཞོན་ནུ་ལྔ་སྟོང་ཙམ་སྟན་ལས་ལངས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གང་ཕྱིར་མཐའ་ནི་མ་འཚལ་བ། །འཁོར་
བ་ན་ནི་འཆི་བ་སྟེ། །ལུས་ནི་ཁུར་ལྕི་བཅོམ་ལྡན་འདས། །འཇིགས་པ་ཆེན་པོ་མི་བཟད་པ། །ལམ་ནི་རྣམ་པར་མ་འཚལ་ཏེ། །ལམ་ཉིད་ཀྱང་ནི་མི་གདའ་བས། །མགོན་པོ་བདག་ཅག་ལྡོངས་གྱུར་ན། །བདག་ཅག་རྣམས་ནི་བསྡུ་བར་གསོལ། །

དཔའ་ལ་བདག་ཅག་གསོལ་བ་འཚལ། །འདྲེན་པས་ཆོས་ནི་བཤད་དུ་གསོལ། །བདག་ཅག་ཤེས་རབ་ཆུང་ངུར་སྐྱེས། །བདེ་བ་མངོན་པར་མ་འཚལ་ཏོ། །བདག་ཅག་ལ་ནི་ཆོས་བཤད་གསོལ། །སྡུག་བསྔལ་མི་བཟད་གྲོལ་བར་མཛོད། །གང་
དང་གང་དུ་སྐྱེས་པར་ཡང་། །བདག་ཅག་སངས་རྒྱས་མཐོང་གྱུར་ཅིག །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་སེམས་ཅན་གཞོན་ནུ་རྣམས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། འདི་སྐད་ཅེས་སྨྲས་སོ། །ཁྱེད་ཅག་རྣམས་ནི་ཟས་ཟོ་ཤིག །
རྨད་དུ་བྱུང་བའི་རོ་ཡང་འཐུང་། །འཇིགས་པ་མེད་པར་གྱུར་ནས་སུ། །ཕྱིས་གདོད་འཇིགས་མེད་ཆོས་ཉོན་ཅིག །སྨྲས་པ། བཙུན་པ་གནས་བརྟན་ཁྱོད་སུ་ཞིག །བདག་ཅག་རྣམས་ཀྱིས་ཁྱོད་མི་ཤེས། །ཁྱོད་ནི་རབ་ཏུ་མཛེས་པར་མཐོང་། །གཟུགས་
ནི་ཞི་ཞིང་གྲགས་པ་ཆེ། །ཡི་དགས་འཇིག་རྟེན་འཇིགས་ཆེན་དང་། །སེམས་དམྱལ་དུད་འགྲོ་རྣམས་ལས་ཐར། །ཇི་ལྟར་འགྲོ་བ་མཛེས་པ་བཞིན། །ཁྱོད་ཀྱི་སྡིག་པ་ཐམས་ཅད་ཞི། །ཁྱོད་ཀྱི་ལག་ན་སྣོད་ཡོད་པ། །རིན་ཆེན་སྣ་བདུན་ལྡན་པ་དང་། །
ལུས་ལ་རིན་ཆེན་སྲད་བུ་དང་། །གཟི་བརྗིད་ཕུང་པོས་བརྒྱན་པ་མཐོང་། །ཞི་བ་ཁྱོད་ཀྱིས་ཚིག་སྨྲས་པ། །བདག་ཅག་ལན་འདེབས་མི་ནུས་སོ། །བདག་ཅག་ལ་ནི་ཟས་རྣམས་དང་། །ཞིམ་པོའི་སྐོམ་ཡང་མི་དགོས་ཏེ། །ཟས་ལས་བཤང་བ་འབྱུང་
བར་འགྱུར། །དེ་བཞིན་སྐོམ་ཡང་གཅིན་དུ་འགྱུར། །ཁུ་བ་རྣམས་ལས་ཁྲག་ཏུ་འགྱུར། །དེ་བཞིན་ཁྲག་ལས་ཤར་འགྱུར་བས། །ཟས་དང་སྐོམ་རབ་སྦྱར་བ་ཡང་། །བདག་ཅག་རྣམས་ལ་དགོས་མ་ཡིན། །དར་དང་སྣམ་བུ་སྦྱར་བ་དང་། །ཕྲ་
མོའི་གོས་ཀྱང་དགོས་པ་མེད། །གསེར་གྱི་གདུ་བུ་མི་དགོས་ཏེ། །མུ་ཏིག་ཕྲེང་བ་དགོས་མ་ཡིན། །སོར་གདུབ་དག་ཀྱང་མི་དགོས་ཏེ། །དེ་ཀུན་མི་རྟག་ཆོས་ཅན་ནོ། །བདག་ཅག་ངན་པར་འགྲོ་རྣམས་སུ། །འགྲོ་བར་མི་འགྱུར་སྲོག་ཚོལ་ལོ། །ལྷ་རྣམས་ཀྱི་

ནི་བདེ་བ་དང་། །ཆོས་ཀྱི་སྦྱིན་པ་དོན་དུ་གཉེར། །དགེ་བའི་བཤེས་གཉེན་རྣམས་དགོས་ཏེ། །འཁོར་ལོས་སྒྱུར་རྒྱལ་མ་ཡིན་ནོ། །རབ་ཏུ་བཟང་བའི་གླིང་བོར་ནས། །འཁོར་ལོས་སྒྱུར་བ་འཆི་བར་འགྱུར། །བུ་ཡང་ཕྱི་བཞིན་མི་འབྲང་སྟེ། །
ཆུང་མ་བུ་མོ་རྣམས་ཀྱང་མིན། །རིན་ཆེན་སྣ་བདུན་ཕྱི་ན་ལས། །ཕྱི་བཞིན་འབྲང་བ་མ་ཡིན་ནོ། །སྐྱེ་བོ་མང་པོ་བསྡུས་པ་ཡང་། །ཕྱི་བཞིན་འགྲོ་བ་མ་ཡིན་ཏེ། །མདུན་དུ་རྒྱུག་པའང་མ་ཡིན་ནོ། །དེ་ལྟར་ཕྱིན་ཅད་མི་འགྱུར་རོ། །ཚེ་གཅིག་གིས་ནི་རྒྱལ་པོ་ལས། །
མི་རྟག་པས་ནི་འཁྱམ་འགྱུར་ཏེ། །སྡིག་པའི་ལས་རྣམས་མང་བྱས་པས། །དེ་དག་སེམས་དམྱལ་ངུ་འབོད་ལྟུང་། །རིན་ཆེན་སྣ་བདུན་རྫུ་འཕྲུལ་ཆེས། །ཕྱོགས་བཞི་ཀུན་ཏུ་བསྐོར་བ་ལས། །གང་ཚེ་ངུ་འབོད་སྨིན་པའི་ཚེ། །རྫུ་འཕྲུལ་
དེ་ནི་གང་དུ་སོང་། །ས་གང་དག་ན་ཡོད་མིན་པ། །ཤི་ནས་རྫུ་འཕྲུལ་བྱེད་མི་ནུས། །གནས་བརྟན་བདག་ཅག་རྣམས་ལ་གསོན། །གང་ན་དེ་བཞིན་གཤེགས་པར་བཞུད། །ཕ་དང་མ་ནི་ཇི་ལྟ་བར། །དེ་ནི་མཐོང་བར་རབ་ཏུ་འདོད། །བདག་
ཅག་ལ་ནི་མ་ཡང་མེད། །ཕ་མེད་ཕུ་ནུ་རྣམས་ཀྱང་མེད། །འཇིག་རྟེན་གཙོ་བོ་དེ་བཞིན་གཤེགས། །དེ་ཉིད་ཕ་དང་མ་ཡིན་ནོ། །དེ་ཉིད་ཉི་མ་ཟླ་བ་སྟེ། །བདེ་བའི་ལམ་ནི་རབ་སྟོན་པའོ། །གང་ཕྱིར་ཕྱིན་ཆད་མི་སྐྱེ་བར། །དེ་ནི་འཁོར་བ་
ཐར་མཛད་པའོ། །ཉོན་མོངས་ཆུ་བོ་འཇིགས་ཆེན་དང་། །ཆུ་བོ་སྒྲོལ་བའི་གྲུ་དེའོ། །དེ་ཡིས་སེམས་ཅན་རབ་བསྒྲལ་ཏེ། །ཕྱིན་ཆད་སླར་ནི་མི་ལྡོག་གོ། །བྱང་ཆུབ་མཆོག་ནི་རབ་སྟོན་པ། །དམ་པའི་ཆོས་ཀྱང་དེས་བཤད་དོ། །བདག་
ཅག་རྣམས་ལ་ཟས་མི་དགོས། །རྒྱལ་སྲིད་འབྲས་བུ་མི་འདོད་དེ། །སེམས་ཅན་དམྱལ་བས་འཇིགས་པ་ནི། །ལྷ་ཡི་འཇིག་རྟེན་འགྲོ་མི་བྱ། །མི་ཡི་ཚེ་ནི་བདེ་བ་སྟེ། །དེ་ན་ཐམས་ཅད་མཁྱེན་པར་སྣང་། །རང་གི་ལས་ནི་ཉེས་བྱས་པས། །ཚེ་ཐུང་རྣམས་ནི་

འཁྱམ་པ་ཡིན། །དེ་དག་འཆི་བ་མི་ཤེས་ཀྱི། །འདོད་པའི་ལོངས་སྤྱོད་རྒྱལ་སྲིད་ཤེས། །སྐྱེ་དང་འགག་པས་བསླུས་པ་རྣམས། །ཤེས་པ་མེད་ཅིང་འཇིགས་པ་མེད། །མི་རྟག་པས་ནི་སེམས་འཁྲུལ་རྣམས། །ཕྲ་བའི་ཆོས་རྣམས་མི་ཤེས་ཏེ། །ཕྲ་བའི་དགོས་པ་མི་བྱེད་ལ། །
ཞི་བའི་དབྱིངས་ཀྱང་མི་ཤེས་སོ། །འཆི་འཕོ་ལ་ནི་སྐྱོ་མེད་པ། །ཡང་དང་ཡང་དུ་སྐྱེ་བར་འགྱུར། །ཡུན་རིང་སྡུག་བསྔལ་རབ་གཟིར་ཅིང་། །རྟག་ཏུ་དབྱུག་པས་བརྡེགས་བྱས་ནས། །གཞན་དག་གི་ཡང་འཕྲོག་བྱེད་དེ། །དེ་བཞིན་བཅིང་ཞིང་བསད་པ་བྱས། །སྔོན་གྱི་སྡིག་པས་བསྐུལ་བས་
ན། །དེ་དག་བཅིང་བ་ལྔས་བཅིངས་སོ། །རེ་ཐག་ཀྱང་ནི་ཆད་པར་འགྱུར། །མྱ་ངན་ཟུག་རྔུས་ཟུག་པར་འགྱུར། །རྣམ་པར་ཤེས་པ་འགག་པ་ན། །སྙིང་རྗེ་བར་ནི་སྨྲེ་སྔགས་འདོན། །བདག་གི་སྐྱོབ་པར་སུ་འགྱུར་ལ། །གསེར་དང་དངུལ་དང་ཤེལ་དག་དང་། །ལོངས་སྤྱོད་ཐམས་ཅད་བདག་
གིས་དབུལ། །བདག་ནི་བྲན་དུའང་འགྱུར་བར་བྱ། །བྲན་གྱི་ཚུལ་དུ་གང་གྱུར་པ། །ལས་རྣམས་ཐམས་ཅད་རབ་ཏུ་བྱ། །རྒྱལ་སྲིད་ལོངས་སྤྱོད་བདག་མི་དགོས། །ནོར་དང་འབྲུ་ཡང་མ་ཡིན་ནོ། །རང་གི་ལུས་ནི་བདག་མི་དགོས། །སྡིག་པ་བྱེད་པ་མི་འགྲོལ་ཏེ། །དེ་ལྟར་གནས་
བརྟན་བདག་ཅག་ལ། །བཟའ་བ་དགོས་པ་མ་ཡིན་ནོ། །གང་དག་ཁ་ཟས་ཞིམ་ཟོས་པ། །རྒྱལ་པོ་རྣམས་ཀྱང་འཆི་བར་འགྱུར། །བཏུང་བ་མཆོག་ནི་འཐུངས་པ་ཡི། །ལྷ་ཡི་བུ་རྣམས་འཆི་བར་འགྱུར། །ཆོ་མ་ཆོ་དགུ་རོ་ལྡན་པ། །ཟས་དང་སྐོམ་ནི་རབ་བཤམས་ཏེ། །རྒྱལ་པོའི་མདུན་
དུ་བླངས་ནས་སུ། །ཁ་ཟས་ལ་ནི་ལྕེས་རེག་ནས། །རྒྱལ་པོ་རྣམས་ནི་རོ་ལ་ཆགས། །སྡིག་པ་མི་ཆུང་རྣམས་ཀྱང་བྱེད། །གང་ལ་སྙིང་པོ་མེད་པ་ཡི། །མི་རྟག་རོ་ལ་ཆགས་པར་བྱེད། །བདག་ཅག་རྣམས་ལ་སྐོམ་མི་དགོས། །བཟའ་བ་དག་ཀྱང་དགོས་མ་ཡིན། །བདག་ཅག་སྡུག་བསྔལ་གང་གྲོལ་བ། །ཆོས་
ཉིད་དེ་འདྲ་དགོས་མ་ཡིན། །སྲེད་པའི་བཅིངས་ལས་རབ་གྲོལ་ཞིང་། །སྲེད་པའི་ཉོན་མོངས་རྣམས་ཐར་ཏེ། །བཅིངས་པ་ཀུན་ལས་རབ་གྲོལ་བའི། །སངས་རྒྱས་དེ་ལ་སྐྱབས་སུ་དོང་། །དྲང་སྲོང་ཆེན་པོ་འཇིག་མགོན་ལ། །བདག་ཅག་རྣམས་ནི་སྐྱབས་སུ་འདོང་། །སེམས་ཅན་རྣམས་ཀྱིས་མཐོང་དཀའ་

ལ། །ཕྱག་འཚལ་ཕྱིར་ནི་བདག་ཅག་འདོང་། །ཁྱོད་ཀྱི་མཚན་ནི་མ་འཚལ་གྱིས། །སྙན་པའི་མཚན་ནི་བསྟན་དུ་གསོལ། །སྨན་གྱི་སྡེས་སྨྲས་པ། ཁྱེད་དང་སྐྱེ་བོ་ཐམས་ཅད་དང་། །དེ་བཞིན་མིང་ནི་ཐོས་པར་འདོད། །སེམས་ཅན་གཞོན་ནུ་བྱེ་བ་ཕྲག །སྟོང་
གིས་དེ་བཞིན་གཤེགས་པ་བསྐོར། །དེ་དག་གིས་སྨྲས་པ། ཁྱོད་ནི་སངས་རྒྱས་ཉན་ཐོས་ཀྱི། །མིང་ནི་ཟབ་པར་གྲགས་པ་ཡིན། །སྐྱེ་བོ་ཀུན་ཀྱང་དེ་བཞིན་དུ། །ཁྱོད་ཀྱི་མིང་ནི་ཐོས་པར་འདོད། །སྨྲས་པ། ང་ཡི་མིང་ནི་སྨན་གྱི་སྡེ། །ང་ནི་སེམས་ཅན་རྣམས་ཀྱི་སྨན། །སྨན་རྣམས་ཀུན་གྱི་དམ་
པ་ནི། །ཁྱེད་ཅག་རྣམས་ལ་བཤད་པར་བྱ། །ནད་ཀུན་གྱིས་བཏབ་སྐྱེ་བོ་ཡི། །ནད་རྣམས་ཐམས་ཅད་ཞི་བར་བྱེད། །འདོད་ཆགས་ནད་ནི་ནད་པོ་ཆེ། །འཇིག་རྟེན་འཇིགས་བྱེད་མི་བཟད་པ། །གང་གིས་བློ་མེད་འཁྱམ་པ་ཡི། །གཏི་མུག་ནད་ནི་ཆེ་ཞིང་དྲག །སེམས་དམྱལ་དེ་བཞིན་
དུད་འགྲོ་དང་། །ཡི་དགས་རྣམས་སུ་སེམས་ཅན་འགྲོ། །བྱིས་པ་འདི་དག་ཞེ་སྡང་ཟིན། །དེ་དག་ཇི་ལྟར་ཞི་བར་འགྱུར། །དེ་དག་གིས་སྨྲས་པ། དགེ་བའི་ཆོས་ནི་འདི་ཐོས་པས། །བདག་ཅག་སྡུག་བསྔལ་ཀུན་ལས་གྲོལ། །བྱིས་པ་བློ་ནི་མི་ཤེས་པ། །སྡུག་བསྔལ་ཀུན་ལས་གྲོལ་ནས་
ཀྱང་། །སྡིག་པའི་ལས་ནི་རྣམ་སྤངས་ཏེ། །བདག་ཅག་ཆོས་ཀྱི་སྦྱིན་པ་ཉན། །སྡིག་པ་ཐམས་ཅད་རྣམ་སྤངས་ནས། །འཇིགས་པ་མི་བཟད་རྣམས་ཀྱང་སྤངས། །ནད་རྣམས་ཐམས་ཅད་ཞི་བྱེད་པ། །སྨན་པའི་རྒྱལ་པོ་སྨན་པ་སྟེ། །སྡུག་བསྔལ་བ་རྣམས་
གསོ་བྱེད་པ། །ཡང་དག་སངས་རྒྱས་མྱུར་དུ་བལྟ། །དེ་བཞིན་གཤེགས་ལ་ཕྱག་བྱ་ཕྱིར། །གནས་བརྟན་ཁྱོད་ནི་མྱུར་དུ་བཞུད། །ཕྱག་བྱས་བདག་ཅག་རྣམས་ཀྱི་ཚིག །འཇིག་རྟེན་རྣམ་པར་འདྲེན་ལ་གསུངས། །ནད་འདི་རབ་ཏུ་ཞི་བར་མཛོད། །
ལུས་ནི་ཐམས་ཅད་རབ་འབར་ཏེ། །ཚིག་ཅིང་ཞི་བ་མེད་པ་ཡི། །མི་བཟད་མེ་ནི་ཞི་བར་མཛོད། །ལུས་ཀྱི་ཁུར་ནི་ཁུར་པོ་ཆེ། །ཤིན་ཏུ་མི་བཟད་རྣོ་བའི་ཁུར། །སྡུག་བསྔལ་གཟིར་བ་བདག་ཅག་ལ། །བརྟུལ་ཞུགས་དམ་པ་ཐུགས་རྗེ་མཛོད། །སྐྱེ་བོ་རྟག་ཏུ་ཞེ་སྡང་དང་། །གཏི་

མུག་ནོན་པའི་ཁུར་ཁྱེར་ཏེ། །ཁུར་ལས་ཐར་བ་མི་ཤེས་པ། །དེ་དག་ཡང་དང་ཡང་ཁུར་ཁྱེར། །ཐར་པའི་ལམ་ནི་མི་ཤེས་ཤིང་། །ཐར་པའི་ལམ་ནི་མ་མཐོང་རྣམས། །འཆི་བ་རྣམ་པར་ཤེས་མོད་ཀྱི། །འོན་ཀྱང་འཇིགས་པ་མི་སྐྱེད་དོ། །
བདག་ཅག་ལ་ནི་ནམ་དུ་ཡང་། །འཆི་བ་མེད་སྙམ་བདེ་བར་གནས། །ཀུན་ཏུ་འཁྲུལ་པས་མ་ཤི་བ། །མཐོང་ཡང་རྣམ་པར་མི་ཤེས་སོ། །དེ་དག་ཕ་ཡང་མི་དྲན་ཏེ། །ནད་ཀྱིས་ཀྱང་ནི་རྟག་གཟིར་ཅིང་། །ཉོན་མོངས་ལས་ཀྱིས་རབ་དཀྲུགས་ན། །
ཇི་ལྟར་ཁ་ཟས་ཟ་བར་འགྱུར། །སྡུག་བསྔལ་ཉམ་ཐག་མི་ཤེས་ཏེ། །བདག་ཅག་ངལ་བ་དོན་མེད་དོ། །ཁྱོད་ཀྱི་སྡུག་བསྔལ་འདི་འདྲ་བ། །མ་རིག་གཞི་ལས་སྐྱེས་པའོ། །འདུ་ཤེས་འདུ་བྱེད་ཚོར་བ་རྣམས། །འཇིགས་ཆེན་ལྕི་བའི་ཁུར་ཡིན་ནོ། །
གང་ཆོས་རྣམ་པར་མི་ཤེས་པ། །བྱིས་པ་སྲེད་པས་རབ་ཏུ་འཁྱམ། །ལུས་ཀྱི་ཁུར་གྱིས་བསྐོར་བ་ནི། །འཇིག་རྟེན་དུ་ནི་དོན་མེད་སྐྱེས། །གོས་གཙང་ཤིན་ཏུ་བཟང་བ་དང་། །ཁྲུས་དང་བྱུག་པ་དགོས་པའོ། །ལུས་ལ་གང་ཡིད་འོང་བ་ཡི། །ཁ་ཟས་
ཞིམ་པོ་དགོས་པ་སྟེ། །ཡིད་འོང་བ་ཡི་སིལ་སྙན་ལྔ། །དེ་བཞིན་རྣ་བས་ཚོར་བར་བྱེད། །རིན་ཆེན་བདུན་ལས་བྱུང་བ་ཡི། །གཟུགས་ལ་མིག་གིས་ཆགས་པར་བྱེད། །ཞིམ་པའི་རོ་རྣམས་ཐམས་ཅད་ནི། །ལྕེས་ཀྱང་ཚོར་བར་བྱེད་པ་སྟེ། །
འཇམ་ཞིང་ཕྲ་བའི་རེག་པ་ཡང་། །ལུས་ཀྱིས་རྟག་ཏུ་ཚོར་བར་བྱེད། །ལུས་ཀྱིས་སུ་ནི་ཤ་གཉིས་པོ། །དགའ་བར་ཡང་ནི་བསྒྲུབས་པ་ལས། །སེམས་པ་མེད་པའི་ལུས་འདི་སྐྱེས། །དེ་ལ་དགའ་བ་སུ་ཞིག་རྙེད། །དེ་ན་བདག་རྐང་དགའ་བྱེད་པ། །
ལྷམ་ནི་རབ་ཏུ་བཟང་གྱོན་ཡང་། །འཆི་བར་འགྱུར་ཚེ་གོས་རྣམས་དང་། །བྱུག་པ་སྐྱབས་སུ་མི་འགྱུར་ཏེ། །ལུས་ཀྱང་སྐྱབས་སུ་འགྱུར་མིན་ན། །གོས་དང་བྱུག་པ་སྨོས་ཅི་དགོས། །མི་ཞེས་བྱ་བ་ལུས་ཡིན་ཏེ། །དབུགས་དང་སྟོབས་ཆེན་རྙེད་པར་འགྱུར། །

སོ་སོར་རྟོག་པའི་རྣ་བའི་སྟོབས། །དེ་ནི་ལུས་ལ་ཡོན་ཏན་ཆེ། །སྔོན་ཆད་རྟ་དང་གླང་པོ་ཡིས། །ཀུན་ཏུ་བསྐོར་ནས་རྩེ་ཞིང་འཁྱམ། །ཐར་པའི་ཆོས་ནི་མ་ཤེས་ནས། །བདག་ཅི་སྡིག་པའི་ལས་ལ་ཆགས། །འཇིག་རྟེན་ཕ་རོལ་མ་ཤེས་ནས། །
རྩེ་བས་སྡིག་པ་བྱེད་དུ་བཅུག །བདག་ནི་ཡང་དང་ཡང་སྐྱེས་ཏེ། །ཤི་བ་བདག་ལ་ཡང་འོངས་སོ། །ཡང་དང་ཡང་དུ་མྱ་ངན་མཐོང་། །སྨྲེ་སྔགས་འདོན་པས་རབ་ཏུ་བཅིངས། །མ་རྣམས་ཀྱང་ནི་ཤི་བ་མཐོང་། །ཕ་རྣམས་ཤི་དང་གཉེན་དག་དང་། །སྲིང་མོ་དང་ནི་བུ་དག་
དང་། །ཆུང་མ་རྣམས་ཀྱང་ཤི་བ་མཐོང་། །མངོན་པར་འདུ་བྱེད་ཀུན་སྟོང་ན། །སེམས་དང་བཅས་པ་སུ་ཞིག་ཆགས། །འདོད་པས་ཟིན་པའི་སེམས་ཀྱིས་སུ། །བདག་གིས་ཡིད་བརྟན་རུང་བར་ཤེས། །ཞི་བའི་ཆོས་ནི་མི་དམིགས་ཏེ། །འཆི་བ་ལ་ནི་མངོན་དགའ་མེད། །དེ་ཕྱིར་
འདོད་པས་བསྒྲིབས་སེམས་ཀྱིས། །བདག་གིས་སྦྱིན་པ་མ་བྱིན་ནོ། །དེ་བས་འདོད་དང་མཉམ་སྡིག་མེད། །དེ་ནི་ད་དུང་མི་ལྡོག་གོ། །ཀུན་ཏུ་ནོར་བས་བདག་ཅག་སྐྱེས། །འགྲོ་བ་མཐའ་དག་ཀུན་ཏུ་ནོར། །ཀུན་ཏུ་ནོར་བའི་སྒྲ་ཡང་ཉན། །དམ་ཆོས་མ་ཡིན་ཡོངས་སུ་
འཛིན། །ཐར་པ་དང་ནི་བསམ་གཏན་བཙལ། །ལུས་ནི་ཁུར་དུ་བཀུར་མི་བྱ། །འཇིག་རྟེན་དོན་དུ་འགྲོ་བའི་གཙོ། །སངས་རྒྱས་སྟོན་པ་རྣམས་སུ་ཤོག །སངས་རྒྱས་འཇིག་རྟེན་ཕ་དང་མ། །སངས་རྒྱས་ལམ་ནི་རབ་སྟོན་པ། །འཛམ་བུའི་གླིང་ནི་ཀུན་ཏུ་ཡང་། །རིན་ཆེན་
ཆར་པ་རབ་ཏུ་འབེབས། །ཆོས་ཀྱི་བསྡུ་བ་ཅི་འདྲ་བ། །སེམས་ཅན་བླུན་པོས་མི་ཤེས་ཏེ། །བྱང་ཆུབ་ཏུ་ནི་སེམས་བསྔོས་ན། །ཆོས་ཀྱི་བསྡུ་བ་ཐོབ་པར་འགྱུར། །འདུ་བྱེད་ཐམས་ཅད་སྟོང་པ་སྟེ། །དེ་བཞིན་ལོངས་སྤྱོད་ནོར་ཡང་སྟོང་། །བདག་ཀྱང་སྟོང་པར་མཐོང་བས་ན། །མཐོང་
ནས་རེ་བ་མེད་པར་གྱུར། །གནས་བརྟན་སྨན་གྱི་སྡེ་ཁྱོད་ཀྱིས། །བདག་ཅག་རྣམས་ཀྱི་ཚིག་གསོན་ཅིག །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕྱིར། །ཁྱོད་ནི་ཕོ་ཉར་བཞུད་འཚལ་ལོ། །འཁོར་བའི་ཉེས་པ་རྣམས་དྲན་ནས། །བྱང་ཆུབ་སེམས་དཔའ་སྐྱོ་བ་མེད། །བརྩོན་འགྲུས་ལྡན་ཞིང་དཀའ་

ཐུབ་ཆེ། །ཡོན་ཏན་ཀུན་ཏུ་སྡུད་པར་བྱེད། །སྟོན་དེ་ག་ལ་བཞུགས་པར་བཞུད། །སྟོན་པ་བདེ་བར་རབ་སད་ནས། །རྒྱལ་བ་ཅུང་ཟད་མི་སྐྱོ་བར། །བདག་ཅག་སླད་དུ་ཞུ་བ་མཛོད། །ཁྱོད་ཀྱིས་བདུད་ནི་གཞོམ་པ་དང་། སྟོབས་དང་བཅས་པ་ཕམ་པར་བྱས། །སེམས་
ཅན་ཐམས་ཅད་ཡོངས་འཛིན་པའི། །ཆོས་ཀྱང་མྱུར་དུ་འབར་བར་བྱས། །གང་གིས་སངས་རྒྱས་འགྱུར་བ་ཡི། །ཆོས་ནི་བདག་ཅག་མ་ཐོས་ཀྱིས། །བདག་ཅག་རྣམས་ལ་ཕན་པའི་ཕྱིར། །གནས་བརྟན་མྱུར་དུ་བཞུད་དུ་གསོལ། །སུམ་ཅུ་རྩ་གཉིས་མཚན་
མངའ་བའི། །དེ་བཞིན་གཤེགས་པ་མ་མཐོང་བ། །དེ་སྲིད་བདག་ཅག་མི་རྒལ་ཞེས། །ཐམས་ཅད་གུས་དང་བཅས་པར་གནས། །སྨན་གྱི་སྡེས་སྨྲས་པ། ཁྱེད་ཅག་དེ་ལྟར་ཅི་ཞིག་མཐོང་། །རེ་ཞིག་གྱེན་དུ་བལྟ་བར་བྱོས། །དེ་དག་གྱེན་དུ་བལྟས་པ་དང་། །
ཁང་པ་བརྩེགས་པ་སུམ་སྟོང་དང་། །ལྔ་བརྒྱ་ཐམ་པར་ཚང་བ་ཞིག །ཀུན་ཏུ་ཡང་ནི་གནས་པར་གྱུར། །རིན་ཆེན་བདུན་གྱིས་ཤིན་ཏུ་སྤྲས། །རིན་ཆེན་དྲ་བས་ལེགས་པར་བརྒྱན། །དབུས་ན་མེ་ཏོག་རབ་ཏུ་རྒྱས། །ལྷ་རྫས་སྤོས་ཀྱང་རབ་ཏུ་འབབ། །དེ་ན་
གནས་བརྟན་དྲིས་པ་ནི། །ཁང་བརྩེགས་རིན་ཆེན་དྲ་བ་དང་། །པད་མ་ཟེ་བར་ཀུན་གནས་པར། །འདི་ན་སྣང་བ་འདི་ཅི་ཞིག །སྨན་གྱི་སྡེས་སྨྲས་པ། གནས་འདི་དག་ནི་ཁྱེད་ཀྱི་སྟེ། །སངས་རྒྱས་བལྟ་བའི་ཕྱིར་དེང་ཤིག །འཇིག་རྟེན་འདས་གཙོ་གང་ཡིན་པ། །འཇིག་
རྟེན་སྣང་བྱེད་དེ་ལ་ཐུད། །དེ་དག་གིས་སྨྲས་པ། དེ་ཡི་ལམ་ཡང་མ་འཚལ་ཏེ། །དེ་བཞིན་གཤེགས་པའང་མ་མཐོང་ན། །གང་ན་ལམ་ཡང་མ་འཚལ་བས། །ཕྱག་འཚལ་དུ་ནི་གང་དུ་མཆི། །སྨན་གྱི་སྡེས་སྨྲས་པ། ནམ་མཁའ་མཐའ་ཡས་ཇི་བཞིན་དུ། །རེག་
པར་རུང་བ་མ་ཡིན་པས། །བདུད་རྩི་རབ་སྦྱིན་སྟོན་པ་ལ། །ཕྱག་འཚལ་ཕྱིར་ནི་འགྲོ་མི་ནུས། །ཇི་ལྟར་རི་རབ་གནས་པ་ལྟར། །སྟོན་པ་དེ་ཡང་གནས་ན་བཞུགས། །རི་རབ་གཞལ་དུ་རུང་བ་ཡིན། །རྒྱ་མཚོ་ཆེན་པོ་གཏིང་ཚོད་ཟིན། །སྟོང་གསུམ་རྡུལ་ཕྲན་དཔག་ཏུ་རུང་། །སངས་རྒྱས་འབྱུང་

བ་ཤེས་མ་ཡིན། །བྱང་ཆུབ་སེམས་དཔའ་ཕྱོགས་བཅུ་ནས། །འཇིག་རྟེན་སྣང་བར་མཛད་ལ་འདུད། །སྨྲས་པ། འཇིག་རྟེན་མགོན་པོ་བདག་ཅག་གཟིགས། །བདག་ཅག་བསམ་པ་རྫོགས་པར་མཛོད། །བདག་ཅག་སེམས་ཀྱིས་སྟོན་པ་ལ། །ཕྱག་བགྱིས་དེ་ནས་འབྲས་བུ་ཐོབ། །
སྨན་གྱི་སྡེས་སྨྲས་པ། སྟོན་པ་དྲི་ལ་མི་ཆགས་ཏེ། །ཕྲེང་བ་མ་ཡིན་བྱུག་པ་མིན། །གང་གིས་འདུས་བྱས་གྲོལ་འགྱུར་བ། །སེམས་ཅན་རྣམས་ཀྱི་རྒྱུ་འཛིན་ཏོ། །གང་གིས་ཡིད་ནི་བཏུལ་བྱས་ཤིང་། །སངས་རྒྱས་ལ་ཡང་སྐྱབས་སོང་བ། །དེ་ལ་བདུད་ནི་མི་བཟད་མཆོག །ཐབ་
མོ་རྒོལ་བར་མི་བྱེད་དོ། །འཆི་བའི་དབང་དུ་མི་འགྲོ་ཡི། །གཟུངས་ནི་མྱུར་དུ་རྙེད་པར་འགྱུར། །དེ་སེམས་རབ་ཏུ་དང་བྱས་ནས། །དེ་ནས་སྟོན་པ་མཐོང་བར་འགྱུར། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀ་ལ་པིང་ཀའི་སྒྲ་སྐད་ཡིད་དུ་འོང་བ་འཛུམ་པ་མཛད་དོ། །དེ་ནས་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་སྟན་ལས་ལངས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་འོད་ཟེར་བརྒྱད་ཁྲི་བཞི་སྟོང་བྱུང་སྟེ། འོད་ཟེར་
དེ་དག་གིས་ཐམས་ཅད་དང་ལྡན་པའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཁྱབ་པར་གྱུར། སེམས་ཅན་དམྱལ་བ་ཆེན་པོ་སུམ་ཅུ་རྩ་གཉིས་པོ་ཐམས་ཅད་ཀྱང་ཁྱབ་པར་གྱུར། ལྷའི་གནས་སུམ་ཅུ་རྩ་གཉིས་ཀྱང་སྣང་བར་གྱུར། འོད་ཟེར་དེ་དག་ཀྱང་ཁ་དོག་སྣ་ཚོགས་ཤ་སྟག་ལ་
འདི་ལྟ་སྟེ། སྔོན་པོ་དང་སེར་པོ་དང་དམར་པོ་དང་དཀར་པོ་དང་ལེ་བརྒན་དང་ཤེལ་དང་དངུལ་གྱི་ཁ་དོག་ལྟ་བུ་སྟེ། འོད་ཟེར་དེ་དག་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་བྱུང་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་ལ་བདེ་བར་སྦྱར་བ་ཐམས་ཅད་བགྱིས་ནས་སླར་ལོག་སྟེ།
བཅོམ་ལྡན་འདས་ལ་ལན་བདུན་བསྐོར་བ་བགྱིས་ནས། བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏུ་ནུབ་པར་གྱུར་པའི་འཛུམ་པ་མཛད་པའི་རྒྱུ་གང་ལགས། རྐྱེན་གང་ལགས། དེ་ནས་ཡང་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་

གལ་ཏེ་བདག་ལ་སྐབས་དབྱེ་བར་གནང་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་སྨན་གྱི་སྡེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྨན་གྱི་སྡེ་ཁྱོད་ཅི་དང་ཅི་འདོད་པ་དྲིས་ཤིག་དང་། ངས་དྲིས་པ་དེ་དང་དེའི་ལུང་བསྟན་པས་ཁྱོད་ཀྱི་སེམས་རངས་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་སེམས་ཅན་གཞོན་ནུ་བྱེ་བ་སྟོང་ཕྲག་
སུམ་ཅུ་བྱུང་བ་དེ་དག་གིས་དེ་བཞིན་གཤེགས་པའི་ཆོས་ཕྲ་བ་བསྟན་པ་རྟོགས་ནས། སེམས་ཅན་རྒན་པོ་རྣམས་ལ་སེམས་ཅན་རྒན་པོ་ཁྱེད་རྣམས་ནི་ཆོས་མི་ཤེས་པའོ། །རྟག་ཏུ་ཆོས་མ་ཡིན་པ་དང་། མི་དགེ་བ་ལ་ཆགས་པའོ། །ཞེས་ཕྲ་མོ་རྣམས་
མི་སྙན་པ་མཆི་ཞིང་ཡོངས་སུ་རྗོད་ལ་གནོད་པ་བགྱིད་ན། བཅོམ་ལྡན་འདས་དེ་ཅིའི་སླད་དུ་ཚིག་སྙན་པ་ཡིད་དུ་འོང་བ་འདི་དག་སྨྲས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་དེ་དག་ཅིའི་ཕྱིར་ཚིག་འདི་སྐད་སྨྲ་བ་མི་ཤེས་སམ། དེ་དག་ནི་
དེ་བཞིན་གཤེགས་པ་ལ་འཇམ་ཞིང་ཤིན་ཏུ་སྙན་པ་སྨྲ་སྟེ། ཆོས་ཀྱང་ཐོས་པས་སྨན་གྱི་སྡེ་དེའི་ཕྱིར་དེ་དག་ཆོས་ཐམས་ཅད་ཀྱི་དོན་ཁོང་དུ་ཆུད་པར་འགྱུར། ཡོན་ཏན་ཐམས་ཅད་དང་ལྡན་པར་འགྱུར། དེ་དག་ཐམས་ཅད་གཟུངས་རྟོགས་པར་འགྱུར། དེང་ཕྱིན་ཆད་ས་
བཅུ་ལ་གནས་པར་འགྱུར། དེང་ཆོས་ཀྱི་རྔ་ཆེན་པོའི་སྒྲ་འབྱིན་པར་འགྱུར། དེང་ཆོས་ཆེན་པོའི་རྣམ་པ་དང་ལྡན་པར་འགྱུར་རོ། །སྨན་གྱི་སྡེ་ཁང་པ་བརྩེགས་པ་འདི་དག་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ། །བདེ་བར་གཤེགས་པ་མཐོང་
ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་དེང་ཉིད་སེམས་ཅན་གཞོན་ནུ་འདི་དག་ཁང་པ་བརྩེགས་པ་འདི་དག་གི་ནང་དུ་ཞུགས་ནས་ཆོས་མངོན་པར་རྟོགས་པ་འཐོབ་པར་འགྱུར་རོ། །དེང་ཉིད་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་རོ། །

དེང་ཆོས་ཀྱི་རྔ་ཆེན་པོ་རྡུང་བར་འགྱུར་ཏེ། ལྷའི་རིས་དུ་མ་ཞིག་དེང་ཆོས་མངོན་པར་རྟོགས་པ་ཐོབ་པར་བྱེད་པར་འགྱུར་རོ། །སེམས་ཅན་དམྱལ་བ་པའི་སེམས་ཅན་ལོག་པར་ལྟུང་བ་ལ་གནས་པ་མང་པོ་དག་ཀྱང་དེ་བཞིན་གཤེགས་པའི་ཡེ་ཤེས་བསྟན་པ་ཐོས་
ནས་འཁོར་བ་བསྙིལ་ཏེ་རྒྱལ་བར་འགྱུར་རོ། །དེའི་ཚེ་སེམས་ཅན་རྒན་པོ་བྱེ་བ་སྟོང་ཕྲག་དགུ་བཅུ་ཐམས་ཅད་ཀྱིས་རྒྱུན་དུ་ཞུགས་པའི་འབྲས་བུ་འཐོབ་སྟེ། དེ་དག་ཐམས་ཅད་ཀྱང་ཆོས་དང་ལྡན་པར་འགྱུར་རོ། །སྨན་གྱི་སྡེ་དེ་དག་ཐམས་ཅད་ནི་སྡུག་བསྔལ་ཐམས་ཅད་ཡོངས་སུ་
སྤངས་པར་འགྱུར་རོ། །སྨན་གྱི་སྡེ་དེ་དག་ཐམས་ཅད་ནི་དེ་བཞིན་གཤེགས་པ་མཐོང་བ་སྒྲུབ་པར་འགྱུར་རོ། །སྨན་གྱི་སྡེ་དེ་དག་ཐམས་ཅད་ནི་ཆོས་ཆེན་པོའི་སྒྲ་དང་ལྡན་པར་འགྱུར་རོ། །སྨན་གྱི་སྡེ་ཕྱོགས་བཞིར་ལྟོས་ཤིག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
སྨན་གྱི་སྡེས་ཕྱོགས་བཞི་ཀུན་ཏུ་བལྟས་པ་དང་། ཤར་ཕྱོགས་ནས་བྱང་ཆུབ་སེམས་དཔའ་གང་གཱའི་ཀླུང་བྱེ་བ་ཕྲག་ལྔ་བཅུའི་བྱེ་མ་སྙེད་འོང་། ལྷོ་ཕྱོགས་ནས་བྱང་ཆུབ་སེམས་དཔའ་གང་གཱའི་ཀླུང་བྱེ་བ་ཕྲག་དྲུག་ཅུའི་བྱེ་མ་སྙེད་འོང་། ནུབ་ཕྱོགས་ནས་བྱང་ཆུབ་སེམས་དཔའ་གང་གཱའི་
ཀླུང་བྱེ་བ་ཕྲག་བདུན་ཅུའི་བྱེ་མ་སྙེད་འོང་། བྱང་ཕྱོགས་ནས་བྱང་ཆུབ་སེམས་དཔའ་གང་གཱའི་ཀླུང་བྱེ་བ་ཕྲག་བརྒྱད་ཅུའི་བྱེ་མ་སྙེད་འོང་། འོག་གི་ཕྱོགས་ནས་བྱང་ཆུབ་སེམས་དཔའ་གང་གཱའི་ཀླུང་བྱེ་བ་ཕྲག་དགུ་བཅུའི་བྱེ་མ་སྙེད་འོང་། སྟེང་གི་ཕྱོགས་ནས་བྱང་ཆུབ་སེམས་དཔའ་གང་གཱའི་ཀླུང་བྱེ་བ་
ཕྲག་བརྒྱའི་བྱེ་མ་སྙེད་འོང་སྟེ། དེ་དག་ལྷགས་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ནམ་
མཁའ་བར་སྣང་ལ་གཟུགས་ནག་པོ་དང་། གཟུགས་དམར་པོ་གདའ་བ་ཅི་ལགས། བཀའ་སྩལ་པ། སྨན་གྱི་སྡེ་གང་བར་སྣང་ལ་གཟུགས་ནག་པོ་དང་། གཟུགས་དམར་པོ་མཐོང་བ་འདི་ཅི་ཡིན་མི་ཤེས་སམ། དེ་བཞིན་གཤེགས་པས་ནི་མཁྱེན་ཏེ། སྨན་གྱི་སྡེ་

འདི་ནི་བདུད་ཡིན་ནོ། །སྨན་གྱི་སྡེ་མཐོང་བར་འདོད་དམ། གསོལ་པ། བཅོམ་ལྡན་འདས་འཚལ་ལོ། །བདེ་བར་གཤེགས་པ་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་སྡེ་བྱང་ཆུབ་སེམས་དཔའ་གང་གཱའི་ཀླུང་བྱེ་བ་ཕྲག་བརྒྱའི་བྱེ་མ་དང་མཉམ་
པ་འདི་ལྟ་བུ་ལྷགས་སོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་འདི་དག་ལྷགས་པའི་རྒྱུ་གང་ལགས། རྐྱེན་གང་ལགས། བཀའ་སྩལ་པ། སྨན་གྱི་སྡེ་སེམས་ཅན་གཞོན་ནུ་རྣམས་ཀྱི་རྐྱེན་གྱིས་ཏེ། དེ་སེམས་ཅན་ཐམས་ཅད་བསམ་གཏན་གྱི་ཆོས་དང་
ལྡན་པར་འགྱུར་རོ། །སྨན་གྱི་སྡེ་ཁྱོད་ཀྱིས་སེམས་ཅན་གཟུགས་སྣ་ཚོགས་འདིར་ལྷགས་པ་དང་། རྫུ་འཕྲུལ་གྱི་སྟོབས་ཀྱིས་བྱིན་གྱི་རླབས་སྣ་ཚོགས་འདི་ལྷགས་པ་དག་མཐོང་ངམ། གསོལ་པ། བདག་གིས་ནི་བྱང་ཆུབ་སེམས་དཔའ་གང་གཱའི་ཀླུང་བྱེ་བ་ཕྲག་བརྒྱའི་བྱེ་མ་སྙེད་དང་།
བྱང་ཆུབ་སེམས་དཔའ་གང་གཱའི་ཀླུང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་བྱེ་མ་སྙེད་ཅིག་རྫུ་འཕྲུལ་གྱི་མཐུས་གནས་ཏེ། གཟུགས་སྣ་ཚོགས་ཁ་དོག་སྣ་ཚོགས་དབྱིབས་སྣ་ཚོགས་པ་དག་གནས་ལ། བྱང་ཆུབ་སེམས་དཔའ་དེ་དག་འཕགས་པའི་ཆོས་ཀྱི་གནས་ལ་གནས་ཏེ། བྱང་ཆུབ་སེམས་དཔའ་
དེ་དག་འཁོར་དང་བཅས་ནས་ཆོས་ཀྱི་གནས་ལ་གནས་པ་མཐོང་ངོ་། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་དཔའ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་སྡེ་དང་། བྱང་ཆུབ་སེམས་དཔའ་གསར་རྙིང་དེ་དག་
ཀུན་དང་ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་རྫོགས་སོ།། །།
རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ། སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ