Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 198
Văn bản gốc(Tây Tạng)
Trang 11 / 25 (50.000 ký tự/trang)
ནེ་ཡ། །ས་ར་ལ་དང་ཐང་ཤིང་དང་། །ཆུ་སྲིན་སེན་མོ་ར་སྣ་དང་། །གུ་གུལ་ཤུ་དག་ལྕ་བ་དང་། །སུག་སྨེལ་གཉིས་དང་ཙ་རོང་དང་། ། ཙནྡན་སིབ་དང་བྱིའུ་རུག་པ། །ཤི་ཀྲུ་སྤང་སྤོས་བྱ་མ་ཀ །ཡུངས་ཀར་རྩ་བ་བཅུ་པ་དང་། །སླེ་ཏྲེས་ཨེར་ཎྜ་གཉིས་དང་། །བ་རུ་ར་དང་རོ་ཧི་ཤ །ཏ་མ་ལ་ཡི་ལོ་མ་དང་། །པུ་ཏི་ཀ་དང་ས་ལ་ཀི །འུ་སུ་ཨ་ཟ་མོ་ཏ་དང་། །ཤུ་ཏི་མ་ཤ་ཀུ་ ལངྠ། །ཙི་ཏྲ་ཀ་དང་པྲ་ཀི་རྱ། ན་ཀུ་ལ་ནི་རྣམ་གཉིས་དང་། །གཞན་ཡང་དེ་འདྲའི་བསིལ་བའི་སྨན། །བསྐོལ་དང་ལྡེ་གུར་བྱས་ནས་ནི། །ཆང་དང་སྐྱུར་རྩབས་ལ་སོགས་སྦྱར། །ཏིལ་མར་བསྐོལ་བ་གྲང་རིམས་སྦྱར། །དེ་དྲོ་འཇམ་གྱིས་བསྐུ་བ་དང་། །ཞིབ་ཏུ་བཏགས་ པས་བྱུག་པར་བྱ། །ཅུང་ཟད་དྲོ་བས་བླུགས་པ་དང་། །ལུས་འབྱིང་བར་ཡང་བྱ་བ་ཡིན། །ཚྭ་དང་བ་གཅིན་ཞོ་ག་ཆུ། །འབའ་ཞིག་གིས་ཀྱང་དེ་བཞིན་བྱ། །དོང་ག་ལ་སོགས་སྡེ་ཡིས་ཀྱང་། །བཏུང་དང་བསྐུ་དང་བྱུག་པར་བྱ། །བདུག་པ་ཨ་ཀ་རུ་ལས་བྱུང་། །འོག་ནས་ བཤད་པའི་རིམས་ལ་སྦྱར། །དུགས་ནི་མེས་བྱས་མེས་མ་བྱས། །དུགས་ཀྱི་སྨན་དང་ཁ་ཟས་བསྟེན། །ཁང་སྦྲུམ་ས་ཕུག་ཏུ་ཉལ་ཞིང་། །ལ་བ་དྲེའུ་རྔོག་རེའུ་སྣམ་བགོ། །དུ་བ་མེད་པའི་མདག་མས་གང་། །ཞུགས་ཤིང་དག་ནི་བསྟེན་པ་དང་། །ཆང་ནི་ཚ་བ་གསུམ་ བཅས། །དང་། །དར་བ་རྒྱ་སྲན་ཀུ་ལངྠ། །འབྲུ་དང་ཀོ་ཏྲ་བ་དག་ཀྱང་། །འདར་བའི་རིམས་ཅན་དེ་ལ་སྦྱིན། །གྲང་བའི་རིམས་ནད་ཅན་དེ་ལ། །ཆུང་མ་ནུ་མ་རྒྱས་པ་དང་། །རྒྱན་གྱིས་བརྒྱན་ཏེ་བཞག་པ་དང་། །ལང་ཚོས་རྒྱགས་ཤིང་ཆང་གིས་མྱོས། །བུད་མེད་ཀྱིས་དེ་འཁྱུད་པར་བྱ། ། གྲང་དང་བྲལ་བར་ཤེས་ནས་ནི། །དེ་ནས་དེ་སླར་བསལ་བར་བྱ། །ནད་གཅིག་འཕེལ་བར་འགྱུར་བ་དང་། །འགྲིབ་པའམ་ལྡང་བར་གྱུར་པའམ། །མཉམ་གནས་ནད་ནི་བད་ཀན་གྱི། །གནས་ཀྱི་རིམ་པས་བསལ་བར་བྱ། །འདུས་པའི་རིམས་ཀྱི་མཐའ་མར་ནི། །གང་ གི་རྣ་པའི་རྩ་བ་རུ། །མི་བཟད་སྐྲང་པ་བྱུང་གྱུར་ན། །འགའ་ཞིག་ཐར་པར་འགྱུར་བ་ཡིན། །དེ་ནི་གཏར་གས་དབྱུང་བ་དང་། །ཞུན་མར་བླུད་པས་མྱུར་བསལ་ཏེ། །བད་མཁྲིས་སེལ་བའི་སྨན་བསྐུ་དང་། །སྣ་སྨན་མཁུར་བ་བཀང་བས་གསོ། །གང་གི་རིམས་ནི་བསིལ་དྲོད་ དང་། །སྣུམ་རྩུབ་སོགས་ཀྱིས་ཞི་མི་འགྱུར། །ཡན་ལག་ཞེན་པ་དེ་རིམས་བཞིན། །ལག་ངར་ལས་ཁྲག་མྱུར་དུ་དབྱུང་། །ཆོ་ག་འདི་ནི་མི་བཟད་པའི། །རིམས་ལའང་ནད་དམིགས་ཇི་བཞིན་བྱ། །རླུང་སོགས་རིམ་གྱིས་ཆ་ཕྱེ་ལ། །ཕྱིས་བཤད་གང་ཡིན་དག་ཀྱང་ བྱ། །པ་ཏོ་ལ་དང་པུ་ཙེ་ཤེལ། །གླ་སྒང་ཤིང་མངར་ཨ་རུར། །གཉིས་སམ་གསུམ་མམ་ལྔ་བསྐོལ་བ། །མི་བཟད་རིམས་ནི་འཇོམས་བྱེད་ཡིན། །འབྲས་བུ་གསུམ་དང་ཨ་རུར། །སླེ་ཏྲེས་པི་པི་ལིང་སོ་སོར། །ཆོ་ག་དེ་དང་སྦྱར་བའམ། །གོ་བྱེ་བུ་རམ་བཅས་ པ་སྦྱིན། །རིམས་ཀྱིས་ཐེབས་པའི་ཉིན་ཞག་ལ། །ཉམས་སྨད་པའམ་ཉམས་བརྟ་བྱ། །ནང་པར་ཏིལ་མར་སྒོག་སྐྱ་བཅས། །བཟའ་འམ་ཡང་ན་མར་རྙིང་ངམ། །དེ་བཞིན་ཞོ་དང་འོ་མ་སྦྱིན། །ཞུན་མར་སྲང་དྲུག་པ་དང་ནི། །དགེ་བ་ཆེན་པོའམ་བའི་རྣམ་ལྔ། ། ཏིག་ཏའང་དུགས་དང་བསྐོལ་ཏེ་སྦྱིན། །འབྲས་བུ་གསུམ་དང་རྒྱ་ཤུག་དང་། །།ཨགྣི་མནྠ་བསྐོལ་བ་རུ། །ཞོ་དང་བསྐོལ་བའི་མར་དག་ཏུ། །སེང་ཕྲོམ་ཤུན་ལྤགས་ལྡེ་གུ་བཏབ། །མི་བཟད་རིམས་ནི་འཇོམས་པའི་མཆོག །འབྲུ་ཆང་དང་ནི་ཆང་རྙིང་རྣོ། །རྨ་བྱ་ གོང་མོ་སྲེག་ཁྱིམ་བྱ། །རླན་ཅན་ཤ་ནི་དྲོད་སྐྱེད་པ། །ཟས་བཅས་དག་ནི་ཅི་འདོད་པར། །བསྟེན་ལ་དེ་བཞིན་གཉིད་ལོག་པའམ། །ཡང་ན་སླར་ནི་སྐྱུག་ཏུ་གཞུག། །ཡང་ན་ཞུན་མར་ཚད་ཆེན་པོ། །བླུད་དེ་སླར་ཡང་སྐྱུག་ཏུ་གཞུག །ཨ་ཛ་གནྡྷ་ནི་ལི་ནི། །དུར་བྱིད་ དང་ནི་པུ་ཙེ་ཤེལ། །རིམས་ཀྱིས་འདེབས་ཚེ་སྣུམ་དང་དུགས། །ལེགས་པར་བྱས་ཏེ་བླུད་པར་བྱ། །ལྡོང་རོས་རྒྱམ་ཚ་པི་པི་ལིང་། །ཏིལ་མར་དང་སྦྱར་མིག་སྨན་གཞུག། །ཤིང་ཀུན་སྟག་ཚིལ་ཆ་མཉམ་བྱ། །རྒྱམ་ཚར་བཅས་པའི་སྣ་སྨན་བྱ། །དེ་བཞིན་མར་རྙིང་སེང་གེའི་ ཚིལ། །རྒྱམ་ཚ་དག་དང་སྦྱར་ཏེ་གཏང་། །པ་ལ་ཀ་ས་ནིམ་པའི་ལོ། །ཤུ་དག་རུ་རྟ་ཨ་རུ་ར། །ཡུངས་ཀར་ནས་བཅས་མར་སྦྱར་བའི། །བདུག་པའམ་བྱི་ལའི་རྟུག་པས་བདུག། །གུ་གུལ་ཤུ་དག་བྱ་མ་ཀ། །སརྫ་ར་ས་ནིམ་པ་དང་། །ཨརྐ་དང་ནི་ཨ་རུ་ར། །ཐང་ ཤིང་བཅས་པའི་སྤོས་སྦྱར་བ། །འདི་ནི་གཞན་གྱིས་མི་ཐུབ་པའི། །བདུག་པ་ཡིན་ཏེ་རིམས་ཀུན་སེལ། །སྤོས་བདུག་སྣ་སྨན་གཏང་བྱ་བ། །སེམས་ཀྱིས་བསྒྱུར་བར་གང་བཤད་དང་། །འཕགས་པ་ལ་བརྟེན་སྨན་གྱིས་ནི། །རིམས་ནད་ ཐམས་ཅད་སེལ་བར་བྱེད། །མཆོག་ཏུ་ཕལ་ཆེར་མི་བཟད་རིམས། །དེ་ནི་གློ་བུར་འོང་རྗེས་འབྲེལ། །མི་བཟད་རིམས་ཞིར་མ་གྱུར་ན། །རང་གི་གཏར་ག་ཇི་བཞིན་གདབ། །དངས་མ་ལ་གནས་ཐམས་ཅད་ལ། །སྐྱུག་སྨན་གཏང་དང་སྨྱུང་བ་བྱ། །ཁྲག་ ལ་གནས་པ་སྨན་ཆུ་བླུགས། །བསྐུ་དང་བྱུག་དང་གཏར་ག་བྱ། །ཤར་གནས་བཀྲུ་སྨན་རྣོན་པོ་བྱ། །ཚིལ་གནས་ཚིལ་ནི་དབྲི་བར་བྱ། །རུས་པར་གནས་ལ་རླུང་ཞི་བའི། །བསྐུ་དང་དུགས་དང་མཉེ་བ་བྱ། །རིམས་དེར་རླུང་ནད་ཞི་བྱ་དང་། །ཁྱད་པར་དུ་ནི་འཇམ་རྩི་བྱ། ། མ་འདྲེས་རླུང་དང་མེ་དབལ་དང་། འབྲུམ་བུས་གནོད་འགྱུར་རིམས་ལ་ནི། །ཞུན་མར་བླུད་ཅིང་ཙནྡན་བྱུག །སྨན་ཆུ་བླུགས་ཤིང་ཤ་ཁུ་སྦྱིན། །རང་གི་དཔྱད་ནི་ཇི་སྐད་བཤད། །གཏར་ག་ལ་སོགས་དག་གིས་གསོ། །གདོན་བྱུང་འབྱུང་པོའི་རིག་པར་བཤད། ། གཏོར་མ་སྔགས་ལ་སོགས་པས་གསོ། །སྨན་དྲི་ལས་བྱུང་མཁྲིས་པ་ནི། །ཞི་བྱ་དུག་སྐྱེས་དུག་གིས་གསོ། །འདོད་དོན་ཇི་ལྟར་ཡིད་འཐད་དང་། །ནད་ནི་ཇི་ལྟར་ཞི་འགྱུར་བ། །ཕན་དང་མི་ཕན་ལ་མཁས་པས། །ཁྲོས་སོགས་ལས་བྱུང་རིམས་བསལ་བྱ། །ཁྲོས་བྱུང་འདོད་པས་ཞི་བར་འགྱུར། ། འདོད་བྱུང་ཁྲོས་པས་ཞི་བར་འགྱུར། །མྱ་ངན་འཇིགས་བྱུང་དེ་གཉིས་ཀྱིས། །འཇིགས་དང་མྱ་ངན་བྱུང་ཅིག་ཤོས། །དམོད་པ་མངོན་སྤྱོད་སྔགས་ལས་བྱུང་། །འཕགས་པའི་དོན་ལ་བརྟེན་པས་ཞི། །རིམས་དེ་ཐོག་མར་མ་འདྲེས་ལ། །དེ་འོག་དྲི་མས་ཁྱབ་པར་བྱེད། །དེ་བས་ནད་དང་རྗེས་མཐུན་ པར། །དེ་ལ་ཁ་ཟས་ལ་སོགས་སྦྱར། །རླུང་སྩོགས་རྒྱུ་ལ་མ་བརྟེན་པར། །རིམས་ནི་རྗེས་འབྲེལ་གནས་མི་བྱེད། །རིམས་ཀྱི་དུས་དྲན་བྱུང་དེ་ལ། །ཡིད་འཕྲོག་ཡུལ་གྱིས་བརྗེད་པར་བྱ། །སྙིང་རྗེས་བརླན་ཞིང་སེམས་དག་པ། །རིམས་ཀུན་འཇོམས་པར་བྱེད་པ་ཡིན། ། ཉམས་སྟོབས་རྫོགས་པར་འགྱུར་གྱི་བར། །རྩོལ་དང་ཁྲུས་དང་ཉལ་པོ་དང་། །ཟས་ལྕི་མ་གོམས་ཚ་བྱེད་དང་། །གང་གཞན་རིམས་སྐྱེད་བྱེད་པ་སྤངས། །རིམས་བྲལ་གྱུར་ཀྱང་འཕྲལ་དུ་ནི། །ཟས་ཀུན་བསྟེན་པར་མི་བྱ་སྟེ། །རིམས་ནི་མྱུར་དུ་ལྡོག་བྱེད་ནས། ། ཉམ་ཆུང་མི་ནི་མྱུར་གསོད་བྱེད། །གང་ཕྱིར་མྱུར་དུ་གསོད་འགྱུར་བས། །དེ་ཕྱིར་དེ་ནི་ཁྱད་པར་དུ། །གནས་སྐབས་དེ་དང་དེ་དག་ཏུ། །སྨན་དཔྱད་དེ་དང་དེ་དག་བྱ། །སྨན་དང་ནོར་བུ་སྔགས་དང་བཅས་པ་དང་། །དམ་པ་བླ་མ་བྲམ་ཟེ་དཀོན་མཆོག་མཆོད། ། ཡིད་ནི་དགའ་བར་བྱེད་པའི་ཡུལ་བསྟེན་པས། །ཁྱབ་འཇུག་གིས་བྱས་མ་རུངས་རིམས་ཀྱང་འཇོམས། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །གསོ་བའི་གནས་ཀྱི་ལེའུ་དང་པོའོ།། །།དེ་ནས་ཁྲག་མཁྲིས་གསོ་བའི་ལེའུ་བཤད་པར་བྱའོ། ། ཁྲག་མཁྲིས་བདེ་བའི་དུས་སུ་འབྱུང་། །སྟོབས་ལྡན་སྟོད་འབྱུང་ཤུགས་དལ་ལ། །ཉེས་གཅིག་ལས་བྱུང་གསར་དུ་བཏབ། །བླ་བརྣན་མེད་པ་གསོ་བར་བྱ། །ཁྲག་གང་ནད་གཞི་གཉིས་ལ་སྐྱེས། །ཞི་ཞིང་ཞི་ཞིང་སླར་ལྡང་དང་། །ལམ་ནས་ལམ་གཞན་འགྲོ་བ་ གང་། །ཐུར་དུ་འབྱུང་བ་གསོ་བ་ཙམ། །ཤས་ཆེར་འབྱུང་ཞིང་མེ་དྲོད་ཉམས། །ཉེས་གསུམ་ལམ་གཉིས་ལས་བྱུང་སྤང་། །ནད་གཞི་ཟས་དང་གནས་དང་ནི། །ནད་ཀྱི་གྲོགས་དང་སྟོབས་དག་དང་། །ཡུལ་དང་དུས་ཀྱི་གནས་སྐབས་སོགས། །ཤེས་བྱ་དང་པོར་སྨྱུང་ བའམ་བརྟ། །དེ་བཞིན་སྦྱང་དང་ཞི་བྱ་བས། །ཁྲག་དང་མཁྲིས་པ་གསོ་བར་བྱ། །བརྟ་བ་ལས་བྱུང་སྟོབས་ལྡན་པ། །ནད་གཞི་མང་པོ་ལས་བྱུང་བ། །གྱེན་འབྱུང་བཀྲུ་སྨན་གཏོང་བས་གསོ། །ཐུར་འབྱུང་སྐྱུག་སྨན་གྱིས་གསོ་རྗོ། །སྨྱུང་བ་བརྟ་བྱ་ལ་ལྟོས་བྱ། །སྟོད་ དུ་འབྱུང་བ་ཁ་བ་དང་། །བསྐ་བའི་སྨན་ཁུ་སྨྱུང་བ་དང་། །ཡན་ལག་དྲུག་སྨན་བཅའ་སྒ་མེད། །འཐུངས་ན་ཞི་བར་འགྱུར་བ་ཡིན། །ཐུར་དུ་འབྱུང་བའི་ཁྲག་མཁྲིས་ལ། །སྨན་ཁུ་མངར་བས་བརྟ་བར་བྱ། །སྟོང་འབྱུང་དང་པོར་སྐྱོ་མ་བླུད། །སྨད་འབྱུང་དང་ པོར་ཐུག་པ་བླུད། །སྟོབས་ལྡན་ཟ་ནུས་མ་དག་ཁྲག །བྱུང་ཡང་མི་དགག་ག་དེས་ནད་སྐྱེད། །དེ་ནི་གཞན་དུ་མེ་ལྟ་བུར། །མྱུར་གསོད་བྱེད་པས་གཅད་པར་བྱ། །དུར་བྱིད་པྲི་ཡང་ཆུ་བསྐོལ་དང་། །ལྡེ་གུ་ཁ་རར་བཅས་པ་དག། །ཆོ་ག་བཞིན་ དུ་དེ་ལ་ནི། །ཞོ་གཉིས་ཙམ་དུ་བལྡག་པར་བྱ། །དུར་བྱིད་པྲི་ཡང་འབྲས་བུ་གསུམ། །ཁ་ར་སྦྲང་རྩི་པི་པི་ལིང་། །སྦྲུས་པ་འདུས་བྱུང་སྟོད་དུ་བྱུང་། །ཁྲག་རིམས་འོར་ནད་སེལ་བྱེད་ཡིན། །དེ་བཞིན་དུར་བྱིད་ཁ་རར་མཉམ། །པི་པི་ལིང་ནི་བཞི་ཆར་བཅས། ། སྐྱུག་སྨན་ཕྱིར་ནི་པོ་སོན་ཆ། །ཁ་ར་སྦྲང་རྩིར་བཅས་སྐྱོ་མའམ། །ཁ་ར་སྦྲང་རྩི་པོ་སོན་ཆ། །ཆུར་བཅས་པའམ་ཤིང་མངར་ཆུ། །འོ་མའམ་བུ་རམ་ཤིང་ཁུ་བླུད། །སྦྱངས་པའི་རྗེས་ལ་ཆོ་ག་ནི། །ཐུག་སླ་ལ་སོགས་ཇི་བཞིན་དུ། །བླུད་ཅིང་སྟོབས་ནི་བསྲུང་བར་བྱ། །སྐྱོ་མ་ རིམས་སྐབས་བཤད་རྒུན་སོགས། །ཡང་ན་མཁྲིས་འཇོམས་འབྲས་བུར་སྦྱར། །སྦྲང་རྩི་འབྲ་གོ་རྒུན་འབྲུམ་དང་། །པ་རུ་ཤ་ཀ་ཀ་རའི་ཆུ། །སྙིང་པོ་ལྔ་ཡི་སྐྱོམ་ནི། །འབྲས་ཡོས་ཕྱེ་ནི་མར་བཅས་སྦྱིན། །མེ་དྲོད་ཆུང་ཞིང་སྐྱུར་ལ་དགའ། །སེ་འབྲུ་སྐྱུ་རུ་ར་སྐྱུར་བ། །པདྨ་ ཨུཏྤལ་གེ་སར་དང་། །ཀྲིཥྞ་པ་རྞི་པྲི་ཡདྐུ། །པུ་ཤེལ་ཙེ་དང་སེང་ཕྲོམ་དཀར། །བཅའ་སྒ་དང་ནི་ཙནྡན་དམར། །བྱི་ཚེར་ད་ཏ་ཀའི་མེ་ཏོག། །བ་ལ་ཀ་དང་བིལ་བའི་རྐང་། །ཚིགས་བཅད་ཕྱེད་བཤད་ཐུག་པ་བླུད། །རྩ་མཁྲིས་གླ་སྒང་པུ་ཤེལ་ཙེ། །སྲན་ཆུང་ཀྲྀཥྞ་ པ་རྞིར་སྦྱར། །མུངྒ་གནྡྷ་བི་ད་རི། །ཧ་རེ་ཎུ་ཀ་བལ་མར། །ཚིག་རྐང་གཅིག་གིས་བཤད་པ་བླུད། །ནུས་པ་བསིལ་བ་དེ་རྣམས་ནི། །སྐམ་སའི་སྲོག་ཆགས་ཤ་དག་དང་། །ཆུར་ནི་སོ་སོར་བསྐོལ་བ་ཡི། །ཁུ་བར་ནས་ཐུག་སྦྱར་བ་བསྒྲངས། །ཁར་སྦྲང་རྩིར་ སྦྱར་བ་བླུད། །དེ་བཞིན་དུ་ནི་ཤ་ཁུ་དང་། །ཅུང་ཟད་སྐྱུར་དང་སྐྱུར་མིན་པ། །མར་བརྔོས་ཁར་བཅས་པ་སྦྱིན། །ཟས་ཀྱི་ཚུལ་ནི་ཤེས་པ་རུ། །ཡང་དང་བསིལ་བར་གང་བཤད་པའི། །གྲ་མ་གང་བུ་ཅན་འབྲུ་དང་། །ཚོད་མ་ཁྲག་ལ་བསྔགས་པ་ཡིན། །སྔར་བཤད་ པ་ཡི་ཆུ་དག་གམ། །རྩ་བ་ཆུང་ངུ་ལྔ་བསྐོལ་ཏེ། །བསྒྲངས་པའམ་སྦྲང་རྩིའི་ཆུའམ་ནི། །འབྲས་བུ་མཉེས་པའི་ཆུ་བླུད་བྱ། །བཤང་འགགས་རྒྱ་སྣེའུ་རི་བོང་ཤ། །རླུང་ཤས་ཆེ་ལ་སྲེག་པའི་ཤ། །ཨུ་དུམ་བཱ་རའི་ཁུ་བ་ནི། །བསྐོལ་བ་བླུད་ན་བསྔགས་པ་ཡིན། ། དེ་བཞིན་བླག་ཤ་རྨ་བྱའི་ཤ། །ནྱ་གྲོ་དྷ་དང་ཁྱིམ་བྱའི་ཤ། །ཁྲག་མཁྲིས་ཀྱི་ནི་ནད་གཞི་ནི། །གང་ཅིའང་རུང་བ་དེ་སྤང་བྱ། །བ་ཤ་ཀའི་ཁུ་པྲི་ཡང་ཀུ། །ས་ནག་དང་ནི་སྐྱེར་ཁཎྜ། །སེང་ཕྲོམ་དང་ནི་སྦྲང་རྩིར་སྦྱར། །འཐུངས་ན་ཁྲག་དང་མཁྲིས་པ་འཇོམས། ། ཡང་ན་བ་ཤ་ཀ་ཡི་ནི། །ཁུ་བ་ཁ་ར་སྦྲང་རྩི་དང་། །བཅས་པར་འཐུངས་པ་དེ་བཞིན་ཏེ། །བ་ཤ་ཀ་ནི་འབའ་ཞིག་དང་། །བསྐོལ་བས་ཁྲག་ནི་མྱུར་སེལ་ཏེ། །དེ་ནི་འདི་ཡི་སྨན་མཆོག་ཡིན། །པ་ཏོ་ལ་དང་མ་ལ་ཏི། །ནིམ་པ་ཤུག་པ་ཙནྡན་གཉིས། །སེང་ ཕྲོམ་བ་ཤ་ཏན་ཏུ་ལི། །ས་ནག་མ་ད་ཡན་ཏི་ཀ །ཉེ་ཤིང་དང་ནི་ཐལ་ཏྲེས་དང་། །ར་མཉེ་བ་གཉིས་ཤིང་མངར་རྣམས། །བསྐོལ་བ་གསུམ་པོ་ཁ་ར་དང་། །སྦྲང་རྩིར་བཅས་པས་ཁྲག་མཁྲིས་འཇོམས། །རྒྱ་སྐྱེགས་ཤིང་ཀུན་བསྐོལ་བ་ནི། །ལེགས་བསྒྲངས་ ཀ་ར་བཏབ་པ་ཕན། །ཡང་ན་སྦྲང་རྩི་མར་བཅས་པའམ། །ལྕི་བ་རྟ་སྦངས་བཙིར་ཁུ་འཐུང་། །ཁྲག་ནད་མདུད་པ་ཅན་འདྲར་འབྱུང་། །ཕུག་རོན་རྟུག་པ་སྦྲང་རྩི་ཕན། །ཁྲག་ནི་ཤས་ཆེར་བྱུང་གྱུར་ན། །སྐོམ་སའི་སྲོག་ཆགས་ཁྲག་དང་ནི། །སྦྲང་རྩིར་བཅས་པའམ་ར་ཡི་ནི། ། མཆིན་པ་མཁྲིས་བཅས་རློན་པ་བཟའ། །ཙནྡན་གླ་སྒང་པུ་ཤེལ་ཙེ། །འབྲས་ཡོས་མུངྒ་པི་པི་ལིང་། །ནས་ནི་བ་ལའི་ཆུར་སྦངས་པ། །ཁུ་བ་ཁྲག་མཁྲིས་སེལ་བྱེད་ཡིན། །ཙནྡན་པདྨ་པུ་ཤེལ་ཙེ། །ཁུ་བར་བོང་པ་བསྲེགས་བཅུག་ལ། །རབ་བསྒྲངས་ཁ་ར་སྦྲང་རྩིར་བཅས། །ཁྲག་ ནི་ཤས་ཆེར་འབྱུང་བ་སེལ། །བུ་རམ་ཤིང་ནི་ཆུ་མང་སྦངས། །རྫ་བུམ་གསར་པར་དེ་བཞག་ནས། །མཚན་མོ་ཕྱི་རོལ་དབེན་པར་གཞག །ནང་པར་ཆུ་ནི་བཙགས་ནས་སུ། །སྦྲང་རྩི་བཏབ་ནས་པདྨ་ནི། །ཁ་ཕྱེའི་ཕྲེང་རྒྱན་ཆུ་དེ་འདྲ། །གང་ཡང་ མཁྲིས་པའི་རིམས་སྐབས་བཤད། །སྨན་ཁུ་དེ་ཡང་བླུད་པར་བྱ། །སྨན་ཁུ་སྣ་ཚོགས་འདི་ཡིས་ནི། །མེ་དྲོད་སྐྱེད་པས་བད་ཀན་ཟད། །གལ་ཏེ་ཁྲག་མཁྲིས་མ་ཞི་ན། །དེ་ལ་རླུང་ཤས་ཆེར་ཕན་པའི། །ར་ཡི་འོ་མ་བསྐོལ་བ་ བླུད། །དེ་བཞིན་བ་ཡི་འོ་མ་ནི། །ལྔ་འགྱུར་ཆུ་བསྐོལ་གདུས་པ་བླུད། །རྩ་བ་ལྔ་པ་ཆུང་ངུ་དང་། །སྦྲང་རྩི་ཁ་ར་བསྐོལ་བའང་རུང་། །རྒུན་འབྲུམ་བཅའ་སྒ་ཛི་བ་ཀ། །བ་ལ་གཟེ་མ་ཟངས་རྩི་བ། །རེ་རེ་འོ་མར་བསྐོལ་བའམ། །འོ་མ་ཁར་མར་ བསྐོལ་ཕན། །གཟེ་མ་ཉེའུ་ཤིང་བསྐོལ་བའམ། །དེ་བཞིན་འདབ་བཞི་འོ་མར་བསྐོལ། །ཁྲག་ནི་ནད་བཅས་མྱུར་དུ་སེལ། །མཆོག་ཏུ་མཚན་ནས་འབྱུང་ལ་ཕན། །རྐུབ་ལས་བྱུང་ལ་ཁྱད་པར་དུ། །མོ་ཙ་ར་ས་བླུད་ན་ཕན། །ནྱ་གྲོ་དྷ་ཡི་མྱུ་ གུའམ། །འདབ་མ་གཞོན་པའམ་བཅའ་སྒ་དང་། །ཨུཪྴི་ར་དང་ཨུཏྤལ་ཕན། །ཁྲག་གི་ཚད་འཁྲུ་གཞང་འབྲུམ་གྱི། །གསོ་བ་དག་ཀྱང་འདིར་སྦྱར་བྱ། །སྨན་ཁུ་འོ་མ་འཐུངས་ནས་ནི། །བཟའ་བའང་འོ་མ་ཉིད་དང་བཟའ། །སྨན་ཁུའི་སྦྱོར་བ་འདི་ དག་ཉིད། །བསྐོལ་བའི་མར་ནི་བླུད་བར་བྱ། །བ་ཤ་ཀ་རྩ་རྩེར་བཅས་བརྡུངས། །ཆུ་ནི་བརྒྱད་འགྱུར་ནང་དུ་ནི། །བསྐོལ་ཏེ་བརྒྱད་ཆ་ལུས་གྱུར་པ། །དེ་དང་མར་ནི་བཙོ་བར་བྱ། །དེ་ཡི་མེ་ཏོག་ནང་བཅུག་བསྒྲངས། །སྦྲང་རྩིར་བཅས་པས་ཁྲག་མཁྲིས་དང་། །མཁྲིས་ སྐྲན་རིམས་དང་དབུགས་མི་བདེ། །ལུད་པ་སྙིང་ནད་མིག་སེར་དང་། །རབ་རིབ་མགོ་འཁོར་མེ་དབལ་དང་། །སྐད་འགགས་པ་ནི་འཇོམས་པར་བྱེད། །པ་ལ་ཤ་ཡི་མྱུ་གུའི་ཁུར། །དེ་བཅུག་མར་ནི་བསྐོལ་བ་དག། །སྦྲང་རྩིར་བཅས་པས་ཁྲག་ནད་སེལ། །ཀྱི་ལྕེ་བ་ཡང་ དེ་བཞིན་ནོ། །ཁྲག་ནི་སྤྱི་བག་བད་ཀན་བཅས། །མདུད་པར་ཆགས་ནད་མགུལ་བར་བྱུང་། །ཨུཏྤལ་སྡོང་བུ་བསྲེགས་ཐལ་བ། །ཞུན་མར་སྦྲང་རྩིར་བཅས་པ་བལྡག། །པདྨ་ཨུཏྤལ་གེ་སར་དང་། །པྲི་ཡང་ཀུ་དང་མ་དུ་ཀ། །རེ་རེའི་སྦྱོར་བ་དེ་བཞིན་བྱ། །ཁྲག་ནི་བཤང་ བའི་ལམ་ལས་ནི། །འབྱུང་བར་བྱེད་ལ་ཁྱད་པར་དུ། །འཇམ་རྩི་བཏང་བ་བསྔགས་པ་ཡིན། །སྣ་ནས་ནད་ཅན་ཁྲག་བྱུང་ན། །སྣ་སྨན་བཏང་ཞིང་བླུགས་པར་བྱ། །སྔར་བཤད་སྨན་ཁུའི་སྦྱོར་བ་དང་། །འོ་མ་བུ་རམ་ཤིང་ཁུ་བླུགས། །འོ་མ་སོགས་ཆུ་ཁ་རར་བཅས། །ཡང་ན་ཆུ་ནི་འབའ་ ཞིག་ཕན། །སེ་འབྲུའི་མེ་ཏོག་ཁུ་བ་འམ། །ཨ་མྲའི་རུས་པ་དཱུར་བ་ཕན། །བསིལ་སྨན་སྡེ་ཚན་གཏོགས་པ་དག། །བསྐུ་དང་བྱུག་ལ་སོགས་ལས་སྦྱར། །མཁྲིས་པའི་རིམས་སེལ་བཤད་པ་གང་། །ཕྱི་ནང་ལས་བཏུང་སྨན་དེ་དང་། །གློ་རྡོལ་བར་ནི་གང་ཕན་ པ། །དེ་ཡང་ཁྲག་དང་མཁྲིས་པར་ཕན། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །གསོ་བའི་གནས་ཀྱི་ལེའུ་གཉིས་པའོ།། །།དེ་ནས་ལུད་པ་གསོ་བའི་ལེའུ་བཤད་པར་བྱའོ། །ལུད་པ་མ་འདྲེས་རླུང་ལས་བྱུང་། །དང་པོར་སྣུམ་གྱིས་གསོ་ བྱ་ཞིང་། །ཤ་ཁུ་ཐུག་པ་ཡུ་ཤ་སོགས། །རླུང་འཇོམས་སྨན་བསྐོལ་སྣུམ་པ་དང་། །དུད་བདུགས་ལྡེ་གུ་བསྐུ་དང་དུགས། །ཆུ་བླུགས་ལུས་བཅིང་དག་གིས་གསོ། །བཤང་རླུང་འགགས་ལ་འཇམ་རྩིས་གསོ། །མཁྲིས་བཅས་ཞུན་མར་འོ་མ་ནི། །ཟས་ཀྱི་ སྔོན་བཏང་བད་ཀན་བཅས། །སྣུམ་བཅས་བཀྲུ་སྨན་བཏང་བས་གསོ། །སླེ་ཏྲེས་ཀ་ཎྚ་ཀ་རི་གཉིས། །རེ་རེ་སྲང་སུམ་ཅུའི་ཁུ་བར། །མར་སྲང་སུམ་ཅུ་རྩ་གཉིས་བསྐོལ། །རླུང་གི་ལུད་སེལ་མེ་དྲོད་སྐྱེད། །ཀྵ་ར་ར་སྣ་ཤུ་དག་དང་། །ཤིང་ཀུན་པ་ཏ་ཤིང་ མངར་དང་། །འུ་སུ་ཞོ་གཉིས་མར་བྲེ་གང་། །ཚ་བ་ལྔ་དང་བཅས་པ་དང་། །རྩ་བ་བཅུ་པའི་ཁུ་བར་བསྐོལ། །འཐུངས་རྗེས་ཐུག་པ་བླུད་གྱུར་ན། །ལུད་པ་དབུགས་མི་བདེ་བཅས་སྙིང་། །རྩིབ་ལོགས་ཕོ་བའི་སྐྲན་ནད་སེལ། །ར་སྣ་ཉེའུ་ཤིང་རྩ་བ་བཅུ། ། སྲང་ནི་བཅུ་གཉིས་ཚད་དུ་བྱ། །རྒྱ་སྲན་རྒྱ་ཤུག་ནས་དག་ནི། །ར་ཤ་སྲང་ནི་ལྔ་བཅུ་དང་། །ཆུ་སྲང་ལྔ་བརྒྱ་བཅུ་གཉིས་བསྐོལ། །དེ་དང་མར་ནི་བྲེ་བཞི་བསྐོལ། །འོ་མ་མར་མཉམ་ཛི་བནྟི། །ལ་སོགས་སྲང་ཆར་བྱས་ཏེ་བརྟག། །རླུང་གི་ནད་ལ་བླུད་ པ་དང་། །སྣར་བཏང་འཇམ་རྩིའི་མས་གཏོང་སྦྱར། །ལུད་པ་རྣམ་ལྔ་མགོ་འདར་དང་། །མོ་མཚན་ཆུ་སོན་བ་དང་། །ལུད་ཀུན་ལུས་ནི་ཕྱོགས་གཅིག་ནད། །མཆིན་བཅས་སྟོད་ཀྱི་རླུང་ནད་སེལ། །བི་ད་རི་སོགས་སྡེ་ཚན་བསྐོལ། །ལྡེ་གུ་ མར་བསྐོལ་ལུད་པ་འཇོམས། །ཤིང་མངར་ཨ་ཤྭ་ཀའི་ས་བོན། །བྱི་དང་ག་དང་སྐྱེར་ཁཎྜ། །ཤུག་པ་ཁ་རུ་ཚ་མར་བསྐོལ། །ཡང་ན་དེ་ཕྱེ་མར་དང་སྦྲུས། །ལྡེ་གུ་བྱིན་ལ་ར་ཡི་ནི། །འོ་མ་བླུད་ན་ལུད་པ་སེལ། །དོང་གར་སྣ་བྱི་དང་ག། །ཤིང་ཀུན་རྒྱམ་ཚ་པི་པི་ལིང་། ། བར་གྱི་ཀྵ་ར་དེའི་ཕྱེ་མའམ། །མར་དང་རན་ཙམ་བླུད་གྱུར་ན། །རླུང་གྱུར་བད་ཀན་བཅས་ལུད་པ། །དབུགས་མི་བདེ་དང་སྐྱིགས་བུ་དང་། །མེ་དྲོད་ཆུང་བ་སེལ་བར་བྱེད། །བྱི་ཚེར་བ་དང་བཅའ་སྒ་དང་། །ཟུར་བ་རྒུན་འབྲུམ་ཁ་ར་དཀར། །ཀར་ཀ་ཏ་ཡི་སྲིང་གི་ནི། །ཏིལ་མར་དང་ནི་ལྡེ་ གུར་སྦྱར། །རླུང་ལས་གྱུར་པའི་ལུད་པ་སེལ། །བྱི་ཚར་གླ་སྒང་པི་པི་ལིང་། །བར་གྱི་ཟུར་པ་ཀར་ཀ་ཏི། །བུ་རམ་རྙིང་དང་ཏིལ་མར་དང་། །ལྡེ་གུར་བྱས་པ་བལྡག་པར་བྱ། །བཅའ་སྒ་པི་པི་ལིང་དེ་བཞིན། །ཀར་ཀ་ཏ་སྲིང་དེ་བཞིན་ནོ། །ཆུ་དྲོན་དག་དང་པི་པི་ལིང་། །ལྕེ་མྱང་ཚ་དང་བཅས་པ་བླུད། ། བཅའ་སྒ་ཀ་ར་ཞོ་ག་ཆུའམ། །པི་པི་ལིང་ཕྱེ་ཞོར་བཏབ་བླུད། །རྒྱ་ཤུག་ཚི་གུ་ཆང་ངམ་ཞོ། །ཞོ་ག་ཆུ་དང་སྦྱར་བ་བླུད། །ཡང་ན་པི་པི་ལིང་ལྡེ་གུ། །མར་བརྔོས་རྒྱམ་ཚར་བཅས་པའང་ཕན། །ལུད་པ་ཆམ་བཅས་དུད་པ་ནི། །སྣུམ་བཅས་ཆོ་གས་བདུག་པ་དང་། །སྐྱིགས་བུ་དབུགས་མི་བདེ་དུད་བརྔུབ། ། འོ་མ་ཤ་ཁུ་བཅས་པ་བཟའ། །གྲོང་ཆུ་རླན་ཅན་སྲོག་ཆགས་ཤ །སཱ་ལུ་ནས་གྲོ་དྲུག་ཅུ་པའམ། །མ་ཤ་ཨང་མ་ཀུབ་ཏ་ཡི། །ཡུ་ཤ་དག་དང་ཟོས་ན་ཕན། །ལ་ལ་ཕུད་དང་པི་པི་ལིང་། །བྱིལ་རྐང་དོང་གཙི་ཏྲ་ཀ །ར་སྣ་ཟིར་པ་ལ་ཤ། །ཀྲྀཥྞ་པརྞི་ཟུར་པ་དང་། །མ་ནུ་བསྐོལ་ བར་སྣུམ་སྐྱུར་དང་། །ལན་ཚྭར་བཅས་ཐུག་རླུང་གྱུར་བླུད། །རྐེད་པ་ལྟོ་སྙིང་རྩིབ་ལོགས་ན། །དབུགས་མི་བདེ་དང་སྐྱིགས་བུ་སེལ། །རྩ་བ་བཅུ་པའི་ཁུ་བར་ནི། །ཚ་བ་ལྔ་དང་བུ་རམ་བཅས། །ཏིལ་དང་བཅས་པའི་ཐུག་པ་བླུད། །ཡང་ན་འོ་ཐུག་རྒྱམ་ཚར་བཅས། །ཉ་དང་ཁྱིམ་ བྱ་ཕག་རྒོད་ཤ །མར་དང་རྒྱམ་ཚར་བཅས་པའང་ཕན། །ཚོད་མ་རྒྱ་སྣེའུ་པ་ཡ་སི། །ནི་ཤན་ན་ག་ལུད་པ་འཇོམས། །ཀ་ཎྜ་ཀ་རིའི་ལོ་འབྲས་དང་། །ལ་ཕུག་གཞོན་ནུ་སྐམ་པོའང་ཕན། །ཏིལ་མར་སོགས་སྣུམ་འོ་མ་དང་། །བུ་རམ་བུ་རམ་ཤིང་ཁུའི་ཟས། །ཞོ་ག་ཆུ་ཞོ་རང་སྐྱུར་ ཆང་། །འབྲས་བུ་སྐྱུར་ཆུ་བླུད་པ་ཕན། །མཁྲིས་པའི་ལུད་པ་བད་ཀན་བཅས། །ཞུན་མར་གྱིས་ནི་སྐྱུག་སྨན་ཕན། །དེ་བཞིན་པོ་སོན་ཆ་ཏང་པལ། །མ་དུ་ཀ་ནི་བསྐོལ་ཆུས་སམ། །ཤིང་མངར་པོ་སོན་ཆའི་ལྡེ་གུ། །བི་ད་བུ་རམ་ཤིང་ཁུར་སྦྱར། །མཁྲིས་ལུད་བད་ཀན་ཤས་ཆུང་ལ། ། དུར་བྱིད་མངར་བའི་སྨན་སྦྱར་གཏང་། །བད་ཀན་ཤས་ཆེར་ཁ་བའི་སྨན། །སྐྱུག་སྨན་ཕྱིར་ནི་གཏང་བར་བྱ། །ནད་སྦྱངས་ནས་ནི་ཐུག་པ་སོགས། །བསིལ་དང་མངར་དང་སྣུམ་པ་སྤྱད། །བད་ཀན་ཤས་ཆེར་ཁ་བ་དང་། །རྩུབ་པ་དང་སྦྱར་གྲང་ཐུག་བླུད། །མཁྲིས་གྱུར་ཁ་ར་སྐྱུ་རུ་ར། །རྒུན་ འབྲུམ་ཨུཏྤལ་ཙནྡན་དཀར། །སྦྲང་རྩིར་སྦྱར་བའི་ལྡེ་གུ་སྦྱིན། །བད་ཀན་བཅས་ལན་ལེ་ཤམ། །གླ་སྒང་དང་ནི་བཅས་པ་སྦྱིན། །རླུང་ཅན་ལ་ནི་མར་བཅས་ཕན། །རྒུན་འབྲུམ་ལྔ་བཅུ་པི་པི་ལིང་། །སུམ་ཅུ་ཁ་ར་སྲང་གཅིག་སྦྱར། །སྦྲང་རྩིའམ་བ་ཡི་ལྕི་བའམ། །བེའུ་ གཞོན་ལྕི་ཁུར་ལྡེ་གུར་སྦྱར། །ཤིང་ཚ་སུག་སྨེལ་ཚ་བ་གསུམ། །རྒུན་འབྲུམ་པི་པི་ལིང་རྩ་བ། །མ་ནུ་འབྲས་ཡོས་གླ་སྒང་དང་། །ཟུར་པ་དཀར་དང་ར་སྣ་དང་། །སྐྱུ་རུ་ར་དང་བ་རུ་ར། །ཁ་ར་སྦྲང་རྩི་ཞུན་མར་སྦྱར། །ལྡེ་གུས་སྙིང་ནད་ལུད་པ་སེལ། །མངར་བའི་སྨན་དང་སྲོག་ཆགས་ ནི། །སྐམ་སའི་ཤ་དང་ནས་དང་ནི། །ཁྲེ་དང་ཁྲེ་རྒོད་མུངྒ་སོགས། །ཡུ་ཤ་དང་ནི་ཚོད་མ་དང་། །ཁ་བ་ཚད་ལྡན་སྦྱར་ལྡེ་གུ། །ཁ་བ་དང་ནི་སྦྲང་རྩིར་བཅས། །བད་ཀན་ཤས་ཆེའི་ནད་ལ་ཕན། །བད་ཀན་ཤས་ཆུང་སྰ་ལུ་དང་། །དྲུག་ཅུ་པའི་ཆན་ཤ་ཁུ་ཕན། །བཏུང་བར་ ཁ་རའམ་རྒུན་ཆུའམ། །བུ་རམ་ཤིང་ཁུའམ་འོ་མ་བླུད། །མཁྲིས་པའི་ལུད་པར་ར་མཉེ་བ། །བྲི་ཧ་ཏི་གཉིས་མེད་གཉིས། །བ་ཙ་ཀ་དང་ལི་དོང་གྲ། །ཤ་ཁུ་དང་ནི་འོ་མའམ། །ཐུག་པའམ་ཡུ་ཤར་སྦྱར་ཏེ་བླུད། །རྒུན་འབྲུམ་དང་ནི་པི་པི་ལིང་། །རྩ་ཡི་རྩ་བ་ལྔར་བཤད་དང་། །ཆུར་ བསྐོལ་བ་ཡི་ཁུ་བ་དང་། །དེ་དང་འོ་མ་བསྐོལ་ཏེ་བསྒྲངས། །སྦྲང་རྩི་ཁར་ར་བཅས་པ་བླུད། །ཡང་ན་དེ་ཡིས་ཐུག་པ་བསྐོལ། །ལེགས་བསྐོལ་སྦྲང་རྩིར་བཅས་པ་སྦྱིན། །ཟུར་པ་དང་ནི་བ་ལེ་ཀ །ཁ་ར་བཅའ་སྒ་བྲི་ཧ་ཏི། །བཏགས་པའི་ཁུ་བ་རས་ཀྱིས་བཙགས། ། མར་དང་བསྲེས་ཏེ་བླུད་པར་བྱ། །ཁ་ར་དང་ནི་ཛི་བ་ཀ །མུངྒ་མ་ཤ་པརྞི་དང་། །བྱི་ཚེར་བ་ནི་ལྡེ་གུར་སྦྱར། །མར་དང་འོ་མ་བརྒྱད་འགྱུར་བསྐོལ། །དེ་བཏུང་བཟའ་དང་བལྡག་པ་དང་། །སྦྱར་བས་མཁྲིས་པའི་ལུད་པ་སེལ། །འདི་དག་ཕྱེ་མའི་ལྡེ་གུ་འམ། །བསྐོལ་བའི་ཁུ་བ་བླུད་པར་བྱ། ། བད་ཀན་ལུད་ཅན་གྱིས་དང་པོར། །ཐང་ཤིང་བསྲེགས་ནས་གཟགས་པའི་སྣུམ། །བ་ཤ་ཀ་དང་ནས་ཚིག་འཁུས། །ཐལ་བའི་ཕྱེ་མ་བཏབ་པ་བཏང་། །སྣུམ་བཅས་བཀྲུ་སྨན་གྱིས་སྟེང་དང་། །འོག་དང་སྤྱི་བོར་ཅི་རིགས་པར། །ཉམས་སྟོབས་ལྡན་བཀྲུ་སྨན་རྣོ་གཏང་། །ཐུག་པ་སོགས་ཀྱང་འདི་ལ་ བླུད། །ནས་དང་མུངྒ་རྒྱ་སྲན་ཟས། །རྩུབ་དྲོན་ལེ་ཤམ་གྱིས་ཚ། །ཀ་ས་མརྡ་བརྡ་ཀ །བྱ་ཀྲི་ཡ་བཀྵ་ར་དང་། །པི་པི་ལིང་དང་བཅས་པ་སྦྱིན། །སྐམ་ས་ཁུང་གནས་ཤ་ཁུ་སྣུམ། །ཏིལ་དང་ཡུངས་ཀར་བིལ་བའི་སྣུམ། །སྦྱར་བའི་ཐུག་པ་སྦྱིན་པར་བྱ། །སྐོམ་ན་རྩ་བ་བཅུ་བསྐོལ་ཆུ། །ཆུ་ཚན་ཆང་ མང་སྦྲང་ཆུ་བླུད། །དོང་ག་མ་ནུའི་རྩ་བ་དང་། །པ་ཏོལ་ཡི་རྩ་བར་བཅས། །ནུབ་གཅིག་ཆུར་སྦངས་སྦྲང་རྩི་བཏབ། །ཟས་དུས་གསུམ་མམ་ནང་པར་བླུད། །པི་པི་ལིང་དང་དེ་རྩ་བ། །བཅའ་སྒ་དང་ནི་བ་རུ་ར། །རྨ་བྱ་ཁྱིམ་བྱའི་མཇུག་སྒྲོ་ནི། །སྣག་ཚར་བྱས་དང་ནས་ཚིག་ཐལ། །བི་ཤ་གླ་སྒང་པི་ པི་ལིང་། །དུར་བྱིད་སྦྲང་རྩིར་སྦྱར་བ་སྟེ། །ཚིགས་བཅད་ཕྱེད་ཀྱིས་རྫོགས་ལྡེ་གུ། །གསུམ་པོ་བད་ཀན་ལུད་པ་སེལ། །སྦྲང་རྩི་ན་ལེ་ཤམ་སྦྱར་བལྡག །ཨ་ཀ་རུ་སྦྲང་རྩི་ཉིད་ཀྱིས། །ཀཎྜ་ཀ་རི་བརྟ་ཀ །བྲིང་ག་ར་ཛའི་ཁུ་བ་དང་། །ཀ་ས་མརྡ་རྟ་སྤངས་བཙིར། །ཁུ་བ་བྱེ་རུ་གནས་པོའི་ཁུ། །སྦྲང་ རྩི་སོ་སོར་སྦྱར་བ་ལྡག །ཐང་ཤིང་ཟུར་པར་སྣ་དང་། །བྱི་ཚེར་ཀར་ཀ་ཏ་སྲིང་གི །གླ་སྒང་བཅའ་སྒ་པི་པི་ལིང་། །ཁ་ར་ཨ་རུ་སྐྱུ་རུ་ར། །འབྲས་ཡོས་ཁ་ར་དཀར་པོ་དང་། །སྐྱུ་རུ་ར་ཡི་པགས་པ་རྣམས། །སྦྲང་རྩི་ཏིལ་མར་སྦྱར་ལྡེ་གུ། །གསུམ་པོ་རླུང་འདྲེས་བད་ཀན་སེལ། །སེའུ་འབྲུ་སྲང་གཉིས་ བུ་རམ་ནི། །སྲང་བརྒྱད་ཚ་བ་གསུམ་སྲང་རེས། །སྐད་སྙན་དྲོད་སྐྱེད་ཡི་ག་འབྱེད། །ལུད་པ་དབུགས་མི་བདེ་ཆམ་སེལ། །བུ་རམ་ཡ་བཀྵ་ར་དང་། །ན་ལེ་ཤམ་དང་པི་པི་ལིང་། །སེའུ་འབྲུ་རིམ་གྱིས་སྲང་གཉིས་དང་། །ཞོ་རེ་སྲང་ཕྱེད་དུ་སྦྱར། །ལུད་པ་དབུགས་མི་བདེ་བ་སེལ། ། རིམས་ཀྱི་སྐབས་བཤད་ཨ་རུ་ར། །སོགས་དང་ཀར་ཀ་ཏ་སྲིང་གི །བསྐོལ་བའི་ཁུ་བ་བླུད་པར་བྱ། །ཡང་ན་དུར་བྱིད་ལ་ལ་ཕུད། །གླ་སྒང་མ་ནུ་བི་ཤལ། །པི་པི་ལིང་བཅས་པ་གཅིན་ནམ། །ཆུར་བསྐོལ་བ་གཅིན་ལུད་པ་སེལ། །པི་པི་ལིང་ནི་ཏིལ་མར་བརྔོས། །ལྡེ་གུ་ ཞོ་གཉིས་ཁ་རར་བཅས། །རྒྱ་སྲན་བསྐོལ་བའི་ཁུ་བར་སྦྱར། །བླུད་ན་བད་ཀན་ལུད་པ་འཇོམས། །རྩ་བ་བཅུ་ཁུ་བྲེ་བཞི་དང་། །མར་བྲེ་གང་དང་མ་ནུ་དང་། །ཟུར་པ་བིལ་བ་བྱེའུ་རུག་པ། །ཤིང་ཀུན་ཚ་གསུམ་ཞོ་གཉིས་བསྐོལ། །བླུད་པའི་རྗེས་ལ་ཐུག་པ་བཏུང་། །དེ་ཀུན་ བད་ཀན་རླུང་ནད་འཇོམས། །ནིར་གུན་ཐི་ལོ་བསྐོལ་བའི་ཁུ། །མར་བསྐོལ་ལུད་པ་འཇོམས་བྱེད་ཡིན། །བྱི་དང་ག་ཡི་ཁུ་བའི་ནང་། །ཚ་བ་གསུམ་བཅུག་མར་བསྐོལ་ཕན། །བ་སྤྲུ་བ་གཉིས་བྱིའུ་རུག་པ། །ཀ་ས་མར་ད་སླེ་ཏྲེས་དང་། །པ་ཏོ་ལ་དང་བྲི་ཧ་ཏི། །ཕ་ནིད་ཛ་ གའི་ཁུ་བ་ནི། །འོ་མ་མར་དང་བཅས་པ་ལ། །ཚ་བ་གསུམ་དང་ལེགས་བསྐོལ་འཐུངས། །ལུད་པའི་རིམས་དྲག་ཟད་བྱེད་དང་། །གཞང་འབྲུམ་ནད་ཀྱི་འཇིགས་པ་མེད། །ཀཎྜ་ཀ་རིའི་རྩ་བ་དང་། །འབྲས་བུ་ལོ་མར་བཅས་པ་ཡིན། །ཁུ་བ་བྲེ་བཞིའི་ཚད་ལ་ནི། །མར་བྲེ་གང་ དང་བ་ལ་དང་། །ཚ་བ་གསུམ་དང་བྱི་དང་ག །ཤུ་དག་དང་ནི་སེའུ་འབྲུ་དང་། །ཁ་རུ་ཚ་དང་ནས་ཚིག་ཐལ། །པི་པི་ལིང་གི་རྩ་བ་དང་། །སྐྱུ་རུ་ར་དང་མ་ནུ་དང་། །བྲི་ཤི་བ་དང་བྲི་ཧ་ཏི། །ཨ་རུ་ར་དང་ཡབ་ཏི། །ཀྲུ་ཏྲུག་ཏྲེས་དང་རྒུན་འབྲུམ་དང་། །དབྱི་མོང་བྱི་ཚེར་བར་ཤ་བུ། ། སྟར་བུ་ཀརྐ་ཏ་སྲིང་གི། །ཏ་མ་ལ་གི་ག་བྲའི་རྩ། །ར་སྣ་གཟེ་མའི་ལྡེ་གུ་དང་། །བསྐོལ་བའི་མར་དེས་ལུད་ཀུན་དང་། །སྐྱིགས་བུ་དབུགས་མི་བདེ་ལའང་ཕན། །ཀཎྜ་ཀ་རིའི་སྨན་མར་འདི། །བད་ཀན་ནད་ནི་སེལ་བྱེད་ཡིན། །བྱ་ཀྲི་སྲང་བརྒྱད་བརྡུངས་ཆུ་སྲང་། །ཉིས་ སྟོང་བཞི་བཅུ་བརྒྱད་ནང་བསྐོལ། །བཙགས་པར་ཚ་བ་གསུམ་ར་སྣ། །སླེ་ཏྲེས་ཀྲུ་ཏྲུག་ཕྱེ་མ་དང་། །ཀ་རྐ་ཏ་སྲིང་ག་བྲའི་རྩ། །གླ་སྒང་པི་པི་ལིང་རྩ་བ། །བྱི་ཚེར་བ་རྣམས་སྲང་ཕྱེད་ཕྱེད། །ཞུན་མར་སྲང་ནི་བཅུ་དྲུག་དང་། །ཀར་དཀར་པོ་སྲང་བཞི་བཅུ། ། སླར་ཡང་དེ་ནི་བསྐོལ་བྱ་བ། །གཟར་བུ་ལ་ཆགས་བསྒྲངས་ནས་ནི། །པི་པི་ལིང་དང་སྨིག་རྐང་དང་། །སྦྲང་རྩི་རྙིང་པ་དག་ལས་ནི། །སྲང་ནི་བརྒྱད་བརྒྱད་གཞུག་པར་བྱ། །ལྡེ་གུ་འདིས་ནི་སྙིང་ནད་སྐྲན། །གཞང་འབྲུམ་ལུད་དབུགས་མི་བདེ་སེལ། །བད་ཀན་ཞི་བདུད་པ་ བརྔུབ། །ཤས་ཆེར་སྦྱངས་པའི་དུད་པ་བརྔུབ། །ལྡོང་རོས་བ་བླ་ཤིང་མངར་དང་། །སྤང་སྤོས་གླ་སྒང་ཨི་གུ་དའི། །ཤུན་ལྤགས་དུ་བ་ལུད་འཇོམས་པའི། །ཆོགས་དུད་པ་བརྔུབས་ནས་ནི། །མཆིལ་མང་མཐར་ནི་བུ་རམ་བཅས། །འོ་མ་འཐུངས་པའི་དུད་རྔུབས་དེས། །རླུང་ དང་བད་ཀན་ཤས་ཆེ་བའི། །ལུད་པ་རྙིང་པའང་མྱུར་སེལ། །བད་ཀན་ལུད་པ་མུན་ཞུགས་སྙམ། །གལ་ཏེ་མཁྲིས་པ་རྗེས་འབྲེལ་ལ། །དེར་ནི་གནས་སྐབས་ཇི་བཞིན་དུ། །མཁྲིས་པའི་ལུད་གསོའི་སྦྱོར་བ་བྱ། །རླུང་ནི་བད་ཀན་འབྲེལ་པ་ལ། །བད་ཀན་ བསལ་བའི་བྱ་བ་བྱ། །མཁྲིས་པ་དང་འབྲེལ་རླུང་བད་ཀན། །ལུད་པར་མཁྲིས་པ་བསལ་བར་བྱ། །རླུང་དང་བད་ཀན་བདག་ཉིད་སྐམ། །གཤེར་ལ་སྣུམ་དང་རྩུབ་ཆོས་བྱ། །ལུད་པ་བད་ཀན་ལས་གྱུར་བ། །མཁྲིས་པར་བཅས་པ་ཁ་བས་གསོ། །གློ་ནད་ འགྲམས་ལ་འཕྲལ་དུ་ནི། །རྒྱ་སྐྱེགས་སྦྲང་རྩིའི་འོ་མ་བླུད། །ཞུ་ནས་སྰ་ལུའི་འབྲས་ཆན་ནི། །འོ་མ་ཁ་རར་བཅས་པ་བཟའ། །རྩིབ་ལོགས་ཆུ་སོན་བཅས་ཏེ། །མཁྲིས་དྲོད་ཤས་ཆུང་ཆང་སྦྱར་བཏུང་། །བཤང་འཁྲུ་གླ་སྒང་བོང་ང་དཀར། །བ་ཏ་དུག་མོ་ ཉུང་བཅས་བཏུང་། །རྒྱ་སྐྱེགས་ཞུན་མར་སྦྲང་རྩི་དང་། །འཚོ་བྱེད་སྡེ་ཚན་ཀ་ར་དཀར། །སྨིག་རྐང་ཁ་ར་མཉམ་འོ་མར། །བསྐོལ་བ་མེ་དྲོད་ཆེ་ལ་བླུད། །བུ་རམ་ཤིང་དང་པདྨའི་ཚིགས། །པདྨ་གེ་སར་ཙནྡན་དམར། །འོ་མར་བསྐོལ་བ་སྦྲང་རྩིར་བཅས། ། གློ་འགྲམས་འབྱོར་བར་བྱ་ཕྱིར་བླུད། །ནས་རྗེན་ཕྱེ་ནི་འོ་མ་རུ། །བཙོས་ཏེ་མར་དང་སྦྱར་བའམ། །ཁ་ར་སྦྲང་རྩི་འོ་མ་ཕྱེའི། །སྐྱོམ་རིམས་ཚད་ལྡན་ལ་བླུད། །ལུད་པ་ཅན་ལ་སྨན་མངར་དང་། །བསྐོལ་བའི་ཞུན་མར་བླུད་པར་བྱ། །ཡང་ན་བུ་རམ་ཆུ་བསྐོལ་བསྒྲངས། །སྦྲང་རྩི་ ན་ལེ་ཤམ་བཏབ་བླུད། །ཡང་ན་སྐྱུ་རུ་རའི་ཕྱེ་མ། །འོ་མར་བསྐོལ་བ་མར་བཏབ་བླུད། །ཡང་ན་བཅུད་ཀྱིས་ལེན་ཆོ་གས། །པི་པི་ལིང་ཡང་སྦྱིན་པར་བྱ། །ལུད་པ་རུས་ཚིགས་གཟེར་བ་ལ། །རྒུན་འབྲུམ་ཤིང་མངར་མ་དུ་ཀ །སྨིག་རྐང་བ་ལ་པི་པི་ལིང་། །ཞུན་མར་སྦྲང་རྩིར་ བཅས་པ་སྦྱིན། །དྲི་སྣ་གསུམ་ནི་ཞོ་རེ་དང་། །པི་པི་ལིང་སྲང་ཕྱེད་ཁ་ར། །རྒུན་འབྲུམ་འབྲ་གོ་མ་དུ་ཀ །སྲང་རེ་ཞིབ་ཏུ་བཏགས་ནས་ནི། །སྦྲང་རྩིས་རི་ལུར་བྱས་པ་ཡིས། །རོ་ཙ་བྱེད་ཅིང་ཁྲག་མཁྲིས་དང་། །ལུད་པ་དབུགས་མི་བདེ་སློན་བྲོ། །བརྒྱལ་མྱོས་སྐྱིགས་བུ་མགོ་འཁོར་དང་། ། གློ་རྡོལ་སྐད་ནི་འགགས་པ་དང་། །མཆིལ་མ་ལུས་སྐེམ་རླུང་འཁྱིལ་དང་། །མཆིལ་མར་ཁྲག་འབྱུང་རྩིབ་ལོགས་ན། །སྙིང་ནད་སྐོམ་དང་རིམས་ནད་འཇོམས། །བར་ཤ་བུ་དང་ཁ་ར་དཀར། །སྰ་ལུ་རྩ་སྣར་བཏགས་པའི་ཕྱེ། །རྒུན་ཆུ་འོ་མ་མར་དུ་བསྐོལ། །མཆིལ་མ་ཁྲག་ཏུ་འབྱུང་ལ་བླུད། །ཤིང་ མངར་དང་ནི་མ་དུ་ཀ །ཏན་དུ་ལི་ཡ་འོར་བཙོས་ཕན། །ཁྲག་ནི་གང་ཚེ་དྲག་ཏུ་འབྱུང་། །དེ་བཅོས་པ་ཡི་སྨན་བསྟེན་བྱ། །རླུང་འཁྱིལ་པ་ལ་ར་ཚིལ་ནི། །ཆང་བརྔོས་རྒྱམ་ཚར་བཅས་པ་སྦྱིན། །སྐེམས་ཤིང་ཉམ་ཆུང་གློ་འགྲམས་དང་། །གཉིད་ཆུང་མེ་དྲོད་ཆེ་བ་ལ། །འོ་མ་བསྐོལ་བའི་སྤྲིས་མར་ ཆགས། །ཁ་ར་སྦྲང་རྩི་མར་བཅས་སྦྱིན། །ཀ་ར་དཀར་དང་ནས་དང་གྲོ། །འཚོ་བྱེད་ཟངས་རྩི་སྦྲང་རྩིར་བཅས། །ཡང་ན་འོ་མར་བསྐོལ་ཏེ་བླུད། །གློ་འགྲམས་ཉམ་ཆུང་རིད་ལ་སྦྱིན། །ཤ་ཟའི་ཤ་ཡི་ཁུ་བ་ནི། །མར་དང་བརྔོས་པའི་པི་པི་ལིང་། །སྦྲང་རྩིར་བཅས་པ་དེ་ལ་བླུད། །ཤ་དང་ཁྲག་ནི་ འཕེལ་བྱེད་ཡིན། །ཨུ་དུམྦཱ་ར་ནྱ་གྲོ་དྷ། །ཨ་ཤྭཏྠ་དང་བླག་ཤ་དང་། །སྰ་ལའི་ཤིང་དང་པྲི་ཡང་ཀུ། །ཏ་ལའི་རྩེ་མོ་འཛམ་བུའི་ཤུན། །པི་པི་ལིང་དང་ཤུག་པར་བཅས། །ཨ་ཤྭ་ཀ་ནར་བཅས་པ་ནི། །འོ་མར་བསྐོལ་བ་ལས་བྱུང་བའི། །མར་དང་འབྲས་ཆན་བཟའ་བ་ནི། །གློ་ འགྲམས་ཁུ་བ་ཉམས་སྟོབས་དང་། །དབང་པོའི་ནུས་པ་ཟད་ལ་སྦྱིན། །རླུང་མཁྲིས་ཀྱིས་ཉོན་ཡན་ལག་ཞིག །ན་ལ་མར་དེས་བསྐུས་པ་བསྔགས། །རླུང་ནད་ཀྱིས་ནི་ཉེན་པ་ལ། །རླུང་འཇོམས་སྨན་བསྐོལ་ཏིལ་མར་བསྐུ། །འཚོ་བྱེད་སྡེ་ཚན་ཞུན་མར་ནི། །སྙིང་དང་ རྩིབ་ལོགས་ན་ལ་བླུད། །ཡང་ན་རླུང་ནད་འཇོམས་པ་དང་། །ཁྲག་མཁྲིས་སེལ་བ་གང་ཡིན་བྱ། །ཤིང་མངར་ནཱ་ག་པ་ལ་གཉིས། །འོ་མ་དང་མཉམ་མར་བསྐོལ་བར། །པ་ཡ་སྱེ་དང་པི་པི་ལིང་། །སྨིག་རྐང་ལྡེ་གུ་བསྐོལ་བས་ནི། །གློ་འགྲམས་པ་ཡི་ནད་ལ་ཕན། །འཚོ་བྱེད་ སྡེ་ཚན་བཅའ་སྒ་དང་། །ཉེའུ་ཤིང་བ་དང་ར་མཉེ་བ། །བ་སྤུ་བ་གཉིས་པ་ལ་དང་། །ག་བྲའི་རྩ་བ་ཁ་སྲལ་ཕྲེའུ། །རི་དི་ཟུར་པ་ཀ་མ་ལ། །ཤྲིང་ག་ད་ཀ་ཀ་ཡ་སྱ། །རྩ་བ་ལྔ་ནི་ཆུང་ངུ་དང་། །རྒུན་འབྲུམ་སྟར་གའི་འབྲས་བུ་སོགས། །མངར་ཤིང་སྣུམ་ལ་སྟོབས་སྐྱེད་པ། །ཞོ་ནི་ གཉིས་གཉིས་བཏགས་ལྡེ་གུ། །དེ་ནང་ཞུན་མར་བྲེ་གང་བསྐོལ། །འོ་མ་ར་ཤ་སྐྱུ་རུ་ར། །བི་ད་རི་དང་བུ་རམ་ཤིང་། །ཁུ་བར་ཤའི་ཁུ་བར་བཅས། །བསྐོལ་ཏེ་བསྒྲངས་པར་སྦྲང་རྩི་ནི། །བྲེ་ཕྱེད་ཁར་སྲང་ལྔ་བཅུ། །ན་ལེ་ཤམ་དང་སུག་སྨེལ་དང་། །ཤིང་ཚ་གནྡྷ་བྷ་དྲ་དང་། །ན་ ག་གེ་སར་སྲང་ཕྱེད་ཕྱེད། །ཕྱེ་མར་བཏགས་ཏེ་བཅུག་ནས་ནི། །འཇུ་སྟོབས་རྗེས་མཐུན་ཚད་དུ་བླུད། །འདི་ནི་བདུད་རྩིའི་སྨན་མར་ཏེ། །མི་རྣམས་ཀྱི་ནི་བདུད་རྩི་ཡིན། །བདུད་རྩི་འདི་ནི་ཟོས་ནས་སུ། །འོ་མ་ཤ་ཁུ་ལྡན་ཟོས་ན། །ཁུ་ཆུ་ཉམས་དང་གློ་འགྲམས་དང་། །ཉམས་སྟོབས་ ཟད་པའི་གསོ་བ་ཡིན། །བུད་མེད་ལ་གདུ་ལུས་སྐེམ་དང་། །མདོག་སྐད་ཉམས་ལ་གཏང་བར་བྱ། །ལུད་པ་དང་ནི་སྐྱིགས་བུ་རིམས། །དབུགས་མི་བདེ་དང་ལུས་ཆ་དང་། །སྐོམ་དད་ཁྲག་མཁྲིས་སེལ་བྱེད་ཅིང་། །བུ་སྐྱེད་བྱེད་ཅིང་སློན་དང་བརྒྱལ། །མངལ་ནད་གཅིན་ནད་འཇོམས་བྱེད་ ཡིན། །གཟེ་མ་བཙོད་དང་པུ་ཤེལ་ཙེ། །བ་ལ་ཏང་པལ་བུ་ཏི་ཀ། །ཀྲྀཥྞ་པརྞི་དཱུར་བའི་རྩ། །ཐལ་ཏྲེས་སྟིར་པ་ལ་ཤ །དེ་རྣམས་སྲང་རེ་བསྐོལ་བ་ཡི། །འོ་མ་སྨན་ཁུའི་བཞི་འགྱུར་ལ། །ཁ་སྲལ་ཕྲེའུ་ཛི་བཎྚི། །མེ་ད་གཉིས་དང་ཟངས་རྩི་བ། །ཛི་བ་ཀ་དང་ཉེའུ་ཤིང་དང་། །རི་དི་ རྒུན་འབྲུམ་ཤ་ཁ་ར། །སྲ་བ་དང་ནི་པདྨའི་རྩ། །མར་ནི་བྲེ་གང་བསྐོལ་བ་ཡིས། །རླུང་མཁྲིས་སྙིང་འཛག་གཟེར་ནད་སེལ། །གཅིན་སྲི་བ་དང་གཅིན་སྙི་བ། །གཞང་འབྲུམ་ལུད་པ་ལུས་སྐེམ་དང་། །ཟད་བྱེད་རིམས་ནི་སེལ་བྱེད་ཅིང་། །གཞུ་འདྲེན་བུད་མེད་ཆང་དང་ ལམ། །ཁུར་དུབ་སྟོབས་དང་ཤ་ཟད་སྐྱེད། །ཤིང་མངར་སྲང་བརྒྱད་རྒུན་འབྲུམ་ནི། །བྲེ་གང་བསྐོལ་བར་མར་བཙོས་ལ། །པི་པི་ལིང་སྲང་བརྒྱད་ལྡེ་གུ། །བྲེ་གང་བསྐོལ་བ་བསྒྲངས་ནས་ནི། །ཁ་ར་སྦྲང་རྩི་རེ་རེ་ཞིང་། །སྲང་བརྒྱད་དང་ནི་བསྲེས་པ་ལ། །ནས་ཕྱེ་ མཉམ་སྦྱོར་ཟོས་པ་ཡིས། །དེ་ནི་གློ་འགྲམས་ཟད་བྱེད་དང་། །ཁྲག་གི་སྐྲན་ལ་ཕན་པ་ཡིན། །སྐྱུ་རུ་ར་དང་བི་ད་རི། །བུ་རམ་ཤིང་ཁུ་འཚོ་བྱེད་ཀྱི། །སྡེ་ཚན་བསྐོལ་བའི་ཁུ་བ་མར། །བ་དང་ར་ཡི་འོ་མ་ལས། །བྲེ་ནི་རེ་རེ་བཙོ་བར་བྱ། །བསྐོལ་བཙགས་ཁར་སྦྲང་རྩི་ནི། ། བྲེ་རེ་དེར་ནི་གཞུག་པར་བྱ། །དེ་ནི་ཟད་བྱེད་བརྗེད་བྱེད་དང་། །ཁྲག་དང་མཁྲིས་པ་ལུད་པ་དང་། །ལུས་སྐེམ་པ་ནི་སེལ་བྱེད་ཅིང་། །རྒས་སྲ་ཚེ་ནི་རིང་བ་དང་། །ཤ་དང་ཁུ་ཆུ་སྟོབས་སྐྱེད་བྱེད། །མཁྲིས་པ་ཤས་ཆེས་མར་བལྡག་བྱ། །རླུང་ཤས་ཆེ་བས་བཏུང་བར་བྱ། ། བལྡགས་པས་མཁྲིས་པ་ཞི་བྱེད་ཀྱིས། །ཉུང་བས་རླུང་ནི་འཇོམས་མི་ནུས། །འཐུངས་ན་རླུང་ནི་གནོན་བྱེད་ཅིང་། །མེ་དྲོད་ནང་དུ་སྡུད་པར་བྱེད། །སྐེམས་ཤིང་ལུས་ཀྱི་ཤ་ཟད་པས། །སྨན་མར་བཤད་པ་འདི་དག་ཉིད། །སྨིག་རྐང་འབྲས་ཡོས་པི་པི་ལིང་། །ཕྱེ་མ་ལྡེ་ གུར་བྱས་ལ་སྦྱིན། །ཞུན་མར་བུ་རམ་སྦྲང་རྩིའི་ཆ། །བཅུག་སྟེ་བྱིན་ལ་འོ་མ་བླུད། །རོ་ཙ་བརྩོན་དང་ལུས་རྒྱས་སྟོབས། །འདི་ཡིས་མྱུར་དུ་སྐྱེད་པར་འགྱུར། །བུམ་ཤ་ཤུན་ལྤགས་ས་བོན་བསལ། །སྲང་བརྒྱད་རླངས་པར་བཙོས་ནས་ནི། །ཞུན་མར་བྲེ་གང་ནང་གཞུག་དཀྲུགས། ། སྦྲང་རྩིའི་མདོག་འདྲར་གྱུར་པ་དང་། །ཧྭགས་ནི་སྲང་བརྒྱད་པི་པི་ལིང་། །བཅའ་སྒ་ཟིར་སྲང་གཉིས་དང་། །དྲི་སྣ་གསུམ་དང་འུ་སུ་དང་། །ན་ལེ་ཤམ་ནི་རེ་རེ་ཞིང་། །སྲང་ནི་ཕྱེད་ཕྱེད་ཚད་བཅུག་ལ། །ཕབ་སྟེ་བསྒྲངས་པར་གྱུར་པ་དང་། །སྦྲང་རྩི་མར་གྱི་ཕྱེད་བཅུག་ལ། ། གཟར་བུས་དཀྲུགས་ཏེ་བཞག་གྱུར་པ། །ལུད་པ་སྐྱིགས་བུ་ཡི་ག་འཆུས། །དབུགས་མི་བདེ་དང་ཁྲག་མཁྲིས་དང་། །གློ་འགྲམས་ཟད་བྱེད་འཇོམས་པར་བྱེད། །གློ་འགྲམས་པ་ནི་འབྱོར་བྱེད་ཅིང་། །བློ་དང་དྲན་པ་སྟོབས་རབ་སྐྱེད། །ཀུ་སྨན་ད་ཡི་བཅུད་ ཀྱིས་ལེན། །ཡིད་དུ་འོང་བ་དམ་པ་འདི། །ཐ་སྐར་བུ་གཉིས་ཀྱིས་བཤད་ཡིན། །ནཱ་ག་པ་ལའི་རྩ་བ་ནི། །ཞོ་གཅིག་སོགས་ཀྱིས་བསྐྱེད་སྲང་གཅིག །འོ་མར་བཅས་པ་ཟླ་གཅིག་བཏུང་། །འོ་མ་སྤྱད་ཅིང་ཟས་མི་བཟའ། །སྦྱོར་འདིས་ཚེ་ནི་འཕེལ་བྱེད་ཅིང་། །སྟོབས་ སྐྱེད་ཁ་དོག་བཟང་བྱེད་མཆོག །མན་དུ་ཀ་པརྞི་ཤིང་མངར། །བཅའ་སྒའི་སྦྱོར་བའང་འདི་ཡིན་ནོ། །ནཱ་ག་པ་ལ་སྲང་བརྒྱ་ནི། །ཆུ་སྲང་ལྔ་བརྒྱ་རྩ་བཅུ་གཉིས། །ནང་དུ་བསྐོལ་ཏེ་བཞི་ཆ་ལུས། །སྨན་ཁུ་དེ་དང་ཆ་མཉམ་པའི། །འོ་མ་མར་དང་བསྐོལ་བར་བྱ། །བ་ལ་ཨ་ཏི་ བ་ལ་དང་། །ཤིང་མངར་པུརྞ་རྣ་བ་དང་། །སྟག་ཚེར་བ་དང་ཏང་པལ་དང་། །པི་ལ་ཡ་དང་ཁ་སྲལ་ཕྲེའུ། །ཨ་ཤྭ་གནྡྷ་ཁ་ར་དཀར། །ཉེ་ཤིང་མེད་རྣམ་གཉིས་དང་། །གཟེ་མ་རམ་ཉེ་བ་གཉིས་དང་། །པ་ཡ་སྱ་དང་ཟི་ར་གཉིས། །པདྨའི་རྩ་བ་སྡོང་བུ་དང་། །འབྲ་གོ་སྲིང་ག་ཏ་ཀ་དང་། །ཀེ་ཤེ་རུ་ཀ་ སྲང་ཕྱེད་ཕྱེད། །ནཱ་ག་པ་ལའི་སྨན་མར་འདིས། །ཁྲག་མཁྲིས་གློ་རྡོལ་ཟད་བྱེད་དང་། །སྐོམ་དད་མགོ་འཁོར་སེལ་བྱེད་ཅིང་། །སྟོབས་ནི་སྐྱེད་པར་བྱེད་པའི་མཆོག །མདོག་སྡུག་མདངས་བཟང་ཚེ་འཕེལ་ཞིང་། །སྐྲ་དཀར་གཉེར་མ་འཇིག་པར་བྱེད། །ཟླ་བ་དྲུག་གི་བར་བསྟེན་ ན། །རྒན་པོའང་གཞོན་ནུ་ཉིད་དུ་འགྱུར། །ཆོ་ག་འདིས་ནི་དྲོད་སྐྱེད་ཅིང་། །མེ་དྲོད་བྲི་བ་སྐྱེད་འཇུ་བྱེད། །གཅོང་ཆེན་བཤད་པའང་གློ་རྡོལ་བསྔགས། །འཁྲུ་ན་གཅོད་པར་བྱེད་པར་ཕན། །རྩ་བ་བཅུ་པ་ཁ་སྲལ་ཕྲེའུ། །ཤང་ཀ་པུཏྤ་ཟུར་པ་དང་། །པ་ལ་ཧ་སྟི་པི་པི་ལིང་། །ཨ་པ་ མརྒ་ཀྲུ་ཏྲུག་ཏྲེས། །ག་བྲ་པི་པི་ལིང་རྩ་བ། །མ་ནུ་སྲང་ནི་གཉིས་གཉིས་དང་། །ནས་སྲང་དྲུག་ཅུ་རྩ་བཞི་དག །ཨ་རུ་ར་ནི་སྲང་བརྒྱ་དག །ཆུ་སྲང་དྲུག་བརྒྱ་བཞི་བཅུས་བསྐོལ། །ནས་ཆོས་པ་དང་སྨན་ཁུ་དེ། །བཙགས་ལ་ཨ་རུ་ར་བརྒྱ་དེར། །བུ་རམ་སྲང་བརྒྱ་བཅུག་ལ་བསྐོལ། །མར་དང་ཏིལ་ མར་པི་པི་ལིང་། །ཕྱེ་མ་སྲང་ནི་བརྒྱད་པོ་དག། །བསྐོལ་ཏེ་བསྒྲངས་ནས་སྦྲང་རྩིར་གཞུག །རྟག་ཏུ་ཨ་རུ་ར་གཉིས་བཅས། །ལྡེ་གུ་བཅུད་ལེན་འདི་ཟོས་ན། །འདིས་ནི་སྐྲ་དཀར་གཉེར་མ་མེད། །ཚེ་རིང་མདོག་སྟོབས་འཕེལ་བར་བྱེད། །ལུད་ལྔ་ཟད་བྱེད་དབུགས་མི་བདེ། ། སྐྱིགས་བུར་བཅས་པའི་མི་བཟད་རིམས། །གཅིན་སྙི་བ་ཡི་ནད་དང་ནི། །གཞང་འབྲུམ་སྐྲན་དང་སྙིང་ནད་དང་། །ཆམ་པ་ཡི་ག་འཆུས་པ་སེལ། །བཅུད་ཀྱིས་ལེན་མཆོག་དཔལ་ཡོན་ཅན། །འདི་ནི་དྲང་སྲོང་རྀ་ཥིས་བཤད། །རྩ་བ་བཅུ་པ་བ་ལ་དང་། །མུར་བ་སེར་པོ་རྣམ་ གཉིས་དང་། །པི་པི་ལིང་ནི་རྣམ་གཉིས་དང་། །པ་ཐ་ཨ་ཤྭ་གནྡྷ་དང་། །ཨ་པ་མརྒ་ཁ་སྲལ་ཕྲེའུ། །སླེ་ཏྲེས་དན་ཏི་བོང་ང་དཀར། །བིལ་བ་གཞོན་ནུ་དུར་བྱིད་དང་། །ཙི་ཏྲ་ཀ་རྩ་ལོ་མར་བཅས། །པ་ཡ་སྱ་དང་དུག་མོ་ཉུང་། །སྤང་སྤོས་བི་ཟ་ཀའི་སྙིང་པོ། །མེ་ཏོག་བཅས་ དང་རྐང་མར་དང་། །གོ་བྱེ་བྱི་དང་ག་ཏ་དང་། །ཉེའུ་ཤིང་བུ་ཏི་ཀ་རཉྫ། །དོང་ག་སོ་མ་ར་ཛ་དང་། །ས་ཧ་ར་ཛ་ཤི་ཀྲུ་དང་། །ནིམ་པའི་ཤུན་ལྤགས་བུ་རམ་ཤིང་། །ཕྲ་མོའི་ཁུ་བ་སྲང་རེ་དང་། །ཨ་རུ་ར་སྟོང་ཆིག་བརྒྱ་དང་། །ནས་སྲང་ཉིས་བརྒྱ་ལྔ་བཅུ་དྲུག། །ཆུ་ནི་བརྒྱད་འགྱུར་ནང་དུ་ བསྐོལ། །ནས་ཚོས་པ་དང་ཕོག་ནས་ནི། །བཙགས་ནས་ཨ་རུ་ར་བཅས་དེར། །བུ་རམ་རྙིང་པ་སྲང་བརྒྱད་གཞུག །ཏིལ་མར་ཞུན་མར་སྐྱུ་རུའི་ཁུ། །བྲེ་རེ་བཅུག་ནས་དེ་རྗེས་ཡང་། །མེ་ཆུང་ལ་ནི་བཙོས་ནས་སུ། །གཟར་བུར་ཆགས་ནས་ཐབ་ལས་དབབ། །བསྒྲངས་ནས་སྦྲང་རྩི་བྲེ་དོ་ དང་། །པི་པི་ལིང་ནི་ཕུལ་གང་གཞུག །དྲི་སྣ་གསུམ་ནི་ཕྱེར་བཏགས་པ། །སྲང་གསུམ་བཅུག་ནས་དེ་འོག་ཏུ། །རྫ་སྣོད་རྙིང་བཅུག་འབྲུ་ནང་དུ། །བཅུག་སྟེ་ཟླ་བ་གཅིག་གཞག་བྱ། །དེ་ནས་སྔ་མ་བཞིན་དུ་བཟའ། །གནས་འཇོག་གིས་བཤད་བཅུད་ལེན་འདི། །སྔོན་ལས་ཡོན་ཏན་ལྷག་པར་ཆེ། ། ནད་མེད་ཀྱིས་བཟའ་དགག་པ་མེད། །དུས་ཀུན་དུ་ཡང་བསྔགས་པ་ཡིན། །རྒྱམ་ཚ་བཅའ་སྒ་སྲང་རེ་དང་། །ཁ་རུ་ཚ་ནི་སྲང་གཉིས་དང་། །ད་ཏྲིག་སེའུ་འབྲུ་ཨརྫ་ཀ །དེ་དག་སྲང་ནི་བཞི་བཞི་དང་། །ན་ལེ་ཤམ་གཅིག་གོ་སྙོད་གཉིས། །འུ་སུའི་འབྲས་བུ་སྲང་བཞི་དང་། །ཚད་འདི་ལས་ནི་ ཕྱེ་མར་བྱས། །ཟས་དང་སྐོམ་ལ་བཏབ་སྟེ་སྦྱིན། །དེས་ནི་ཡི་ག་འབྱེད་པ་དང་། །མེ་དྲོད་སྐྱེད་ཅིང་ཉམས་སྟོབས་སྐྱེད། །རྩིབ་ལོགས་ན་དང་དབུགས་མི་བདེ། །ལུད་པ་ལུ་བའི་ནད་སེལ་བྱེད། །འུ་སུ་ཞོ་གཉིས་གོ་སྙོད་དང་། །ལ་ལ་ཕུད་ལ་ཞོ་བཞི་ བཞི། །སེ་འབྲུ་དང་ནི་ད་ཏྲིག་དག། །དེ་ཡི་ཉིས་འགྱུར་ཉིས་འགྱུར་བྱ། །ཁ་རུ་ཚ་ནི་སྲང་གཅིག་དང་། །བཅའ་སྒ་ཞོ་གཉིས་བིལ་བའི་རྐང་། །སྲང་ལྔ་དང་ནི་སྦྱར་བ་ལ། །ཁ་ར་སྲང་ནི་བཅུ་དྲུག་གཞུག །རོ་དྲུག་པ་འདི་བཟའ་བ་དང་། །བཏུང་བ་སྔ་མ་བཞིན་དུ་སྦྱིན། ། གཅོང་ཆེན་ལས་བཤད་ཆོ་ག་གང་། །གནས་སྐབས་ཇི་བཞིན་གློ་རྡོལ་ཕན། །གློ་རྡོལ་ནད་ནི་བྱང་གྱུར་ནས། །བད་ཀན་སྐྱེས་ནས་མགོ་བོ་བྲང་། །ན་བའི་ལུད་པ་ཅན་གང་ཡིན། །དེ་ལ་དུད་པ་འདི་བརྔུབ་བྱ། །མེ་ད་གཉིས་དང་བ་ལ་གཉིས། །ཤིང་མངར་གསོ་མའི་ཤུན་ ལྤགས་ནི། །ལྡེ་གུར་བྱས་ལ་རེང་བུར་ནི། །བྱས་ཏེ་དུད་པ་བརྔུབ་པར་བྱ། །དེ་རྗེས་འཚོ་བྱེད་སྨན་མར་བཏུང་། །ལྡོང་རོས་དང་ནི་བ་ལ་ཤ །ཨ་ཟ་གནྡྷ་ཅུ་གང་དང་། །དོང་གྲ་ལས་ཀྱང་དེ་བཞིན་བྱ། །དེ་རྗེས་ཁ་ར་བུ་རམ་དང་། །བུ་རམ་ཤང་ཁུ་བཏུང་བར་བླུད། །ལྡོང་རོས་དང་ ནི་ནྱ་གྲོ་དྷའི། །མྱུ་གུ་རློན་པ་ཆ་སྙོམས་བཏགས། །ཞུན་མར་དང་སྦྱར་དུད་པ་བརྔུབ། །དེ་འོག་སྲེག་པའི་ཤ་ཁུ་བཏུང་། །གློ་རྡོལ་ལས་བྱུང་བླུད་པ་ལ། །ཐོག་མར་སྟོབས་དང་མེ་དྲོད་སྐྱེད། །ནད་གཞི་མངལ་སྣུམ་བཅས་པའི། །བཀྲུ་སྨན་འཇམ་པོ་གཏང་བར་བྱ། །དོང་ག་དང་ནི་དུར་ བྱིད་གཉིས། །རྒུན་འབྲུའི་ཆུ་དང་སྦྱར་བ་དང་། །སེང་ཕྲོམ་བསྐོལ་བའི་ཁུ་བ་དང་། །བི་ད་རི་ཡི་ཁུ་བར་སྦྱར། །ཞུན་མར་ལ་བཙོས་ཅི་རིགས་སྦྱིན། །ལུས་ཟད་པ་ལ་སྦྱར་བར་བྱ། །མཁྲིས་པ་བད་ཀན་ལུས་ཟུངས་རྣམས། །ཟད་པའི་ཟད་བྱད་ལུང་པ་ཅན། །མར་དང་ཀརྐ་ཏ་སྲིང་གི། ། འོ་མ་བ་ལ་གཉིས་བསྐོལ་བླུད། །བི་ད་རི་འམ་ཀ་ཏམ་པ། །ཏ་ལའི་འབྲས་བུ་བསྐོལ་བ་ཡི། །མར་དང་འོ་མ་གཅིན་ནད་ནི། །མདོག་འགྱུར་བྲེ་བར་བྱེད་ལ་བླུད། །ཕོ་མཚན་རྐུབ་དང་ཆུ་སོ་དང་། །བརླ་དབྲག་མཇུག་ཏོ་སྐྲང་ཞིང་ན། །མར་གྱི་ཉིང་ཁུ་ཡང་བ་འམ། ། ཏིལ་མར་བསྲེས་པའི་འཇམ་རྩི་གཏང་། །སྐམ་སའི་སྲོག་ཆགས་ཤ་དང་ནི། །བྱིའུ་སོགས་དང་ནི་ཁུང་ན་གནས། །དེ་བཞིན་མཐུ་རྩལ་གྱིས་ཟས་ཚོལ། །ཤ་ཟའི་ཤ་ཡང་རིམ་བཞིན་སྦྱིན། །དྲོ་བས་བད་ཀན་འཇིག་བྱེད་ལ། །རྩ་སྦུབས་རྣམས་ནི་དག་བྱེད་ཅིང་། །དངས་མ་ ལེགས་པར་རྒྱུ་བྱེད་བས། །ལུས་ནི་རྒྱས་པར་བྱེད་པར་འགྱུར། །དབྱི་མོ་བར་གྱི་འབྲས་བུ་གསུམ། །རྩ་བ་བཅུ་དང་ཙི་ཏྲ་ཀ །རྒྱ་སྲན་པི་པི་ལིང་རྩ་བ། །པ་ཏ་རྒྱ་ཤུག་ནས་ཆུར་བསྐོལ། །ལི་དོང་གྲ་དང་བྱི་ཚེར་བ། །ཟུར་པ་མ་ནུ་པི་པི་ལིང་། །ཀརྐ་ཏ་ཡི་སྲིང་གི་ བཏགས། །མཉམ་པའི་ཞུན་མར་དག་དང་བསྐོལ། །བསྐོལ་བའི་མར་འདི་ཀྵར་གཉིས། །ལན་ཚྭ་ལྔ་ནི་བཏགས་ཏེ་གཞུག །དེ་ལས་རན་པར་འཐུངས་ན་ནི། །ཟད་བྱེད་ལུད་པས་ཉེན་པ་སེལ། །ཀ་ས་མར་ད་ཨ་རུ་ར། །གླ་སྒང་པ་ཏ་ཀད་པ་ལ། ། དོང་གྲ་པི་པི་ལིང་ཏང་པལ། །པུ་ཙེ་ཤེལ་ཚད་ཞོ་གཉིས་གཉིས། །མར་ནི་བྲེ་གང་འོ་མ་དང་། །རྒུན་ཆུ་བྲེ་བཞིའི་ནང་དུ་བསྐོལ། །ཟད་བྱེད་རིམས་དང་མཆིན་པའི་ནད། །ལུད་པ་ཀུན་སེལ་དགེ་བ་ཡིན། །ཀཎྜ་ཀ་རི་བ་ཤ་ཀ །སླེ་ཏྲེས་རྩ་བ་འབྲས་བུ་ དང་། །མྱུ་གུ་ལོ་མར་བཅས་པ་རྣམས། །བསྐོལ་བའི་ཁུ་བ་མར་དུ་བཙོས། །ལུད་པའི་རིམས་ཀྱིས་བཏབ་པ་དང་། །ཡི་ག་འཆུས་པའི་ནད་རྣམས་སེལ། །སེ་འབྲུའི་ཁུ་བ་ཉིས་འགྱུར་རམ། །ཚ་གསུམ་ལྡན་པར་བསྐོལ་བའང་ཕན། །ཡ་ བཀྵ་ར་མར་དང་སྦྱར། །ཟས་ཟོས་པ་ཡི་འོག་ཏུ་བླུད། །པི་པི་ལིང་དང་བུ་རམ་བསྐོལ། །ར་ཡི་འོ་མ་མར་བཅས་ཕན། །འདི་ནི་མེ་དྲོད་སྦྱར་ཕྱིར་ཏེ། །ཟད་བྱེད་ལུས་ཅན་གྱིས་མར་བཏུང་། །ནད་ཀྱིས་འགགས་པའི་མིད་པ་བྲང་། །རྩ་སྦུབས་རྣམས་ནི་དག་པར་བྱེད། །ནས་ནི་བྲེ་ གང་བཙོས་པ་རུ། །རྣམ་པར་རྒྱལ་བ་ཉི་ཤུ་བཙོ། །ཚོས་ནས་དེ་ཕྱུང་མཉེས་ནས་དེར། །བུ་རམ་རྙིང་པ་སྲང་དྲུག་དང་། །པི་པི་ལིང་ནི་སྲང་གཉིས་དང་། །ལྡོང་རོས་ཞོ་གཉིས་སྐྱེར་ཁཎྜ། །ཞོ་གཅིག་ཚད་ནི་བཅུག་ནས་ནི། །སླར་ཡང་བསྐོལ་བའི་ལྡེ་གུ་དེས། །ལུད་པ་དབུགས་མི་བདེ་སེལ་བྱེད། ། རེག་འཇམ་སྒྲོ་རྩ་བསྲེགས་ནས་ནི། །མར་དང་སྦྲང་རྩི་ཁ་རར་སྦྱར། །ཡང་ན་རྨ་བྱའི་རྐང་པ་བསྲེགས། །མར་དང་སྦྲང་རྩིར་སྦྱར་བ་ཡི། །ལྡེ་གུ་ཟོས་ན་ལུད་པ་དང་། །དབུགས་མི་བདེ་བ་སེལ་བར་བྱེད། །ཨེ་རཎྜ་ཡི་ཐལ་བ་ནི། །ཏིལ་མར་ཚ་གསུམ་ བུ་རམ་བཅས། །ལྡེ་གུའམ་བྱེའུ་རུག་ཨེ་རཎྜའི། །ལོ་མའི་ཐལ་བ་དེ་བཞིན་བྱ། །ཚ་བ་གསུམ་གྱི་ཕྱེ་མ་ནི། །བུ་རམ་རྙིང་པ་མར་སྦྱར་ཕན། །ཤུག་པ་ཚ་གསུམ་འབྲས་བུ་གསུམ། །བྱི་དང་ག་དང་ཐང་ཤིང་དང་། །བ་ལ་ར་སྣའི་ཕྱེ་མ་ཀུན། །དེ་དང་མཉམ་པའི་ཁ་རར་སྦྱར། ། ཡང་ན་སྦྲང་རྩི་མར་དང་སྦྱར། །ལྡེ་གུ་ལུད་པ་སེལ་བྱེད་མཆོག །དེ་བཞིན་ན་ལེ་ཤམ་གྱི་ཕྱེ། །མར་དང་སྦྲང་རྩི་ཁ་རར་བཅས། །ཨ་རུ་ར་དང་བཅའ་སྒ་ནི། །བུ་རམ་དང་ནི་བཅས་པ་ཡི། །རི་ལུ་ཁར་ནི་བཞག་གྱུར་ན། །ལུད་པ་དབུགས་མི་བདེ་ཀུན་སེལ། །ཡང་ན་བ་ རུ་ར་འབའ་ཞིག །ལུད་པ་སེལ་བར་བྱེད་པ་ཡིན། །སེང་ཕྲོམ་ཨ་མྲ་ཁ་ར་དང་། །བཅས་པའི་ལྡེ་གུ་མར་དང་བརྔོས། །ཐུག་པ་ཟན་དྲོན་ནང་དུ་བཏབ། །སློན་བྲོ་སྐོམ་དང་ལུད་པ་དང་། །མ་ཞུ་ཚད་འཁྲུ་སེལ་བར་བྱེད། །ཀཎྜ་ཀ་རིའི་ཁུ་བར་བསྐོལ། །མུངྒའི་ཁུ་བར་ ལེགས་གཡོས་པ། །སྐྱུ་རུ་ར་སེར་སེའུ་འབྲུར་བཅས། །ལུད་པ་ཀུན་གྱི་སྨན་གྱུར་ཡིན། །རླུང་འཇོམས་སྨན་བསྐོལ་འོ་མའམ། །མཆུ་ཡིས་ཟས་ཚོལ་ཁྲོན་རྐོ་དང་། །ཁུང་ན་གནས་པའི་ཤ་ཁུ་ནི། །ཟད་བྱེད་ལུད་པ་ཅན་ལ་སྦྱིན། །གློ་རྡོལ་གྱིས་དུད་བརྔུབས་ལ་གང་། །བཏུང་བར་བཅས་པ་ བསྟེན་པ་ཡང་། །ཟད་བྱེད་ལུད་པར་དེ་གཏང་བྱ། །གང་ཡང་གཅོང་ཆེན་སྐབས་སུ་བཤད། །སྟོབས་སྐྱེད་མེ་དྲོད་སྐྱེད་པ་དང་། །རྩ་རྒྱུན་སྦྱོང་བར་བྱེད་པའི་སྨན། །རྣམ་གྲངས་ཟད་བྱེད་ལུད་ཅན་ལ། །སྟོབས་སྐྱེད་ཐམས་ཅད་ བསྔགས་པ་ཡིན། །གང་ཕྱིར་འདུས་པ་ལས་བྱུང་བའི། །ཟད་བྱེད་ལུད་པ་མི་བཟད་པས། །དེ་ཕྱིར་ནད་སྟོབས་ཇི་བཞིན་དུ། །འདུས་པའི་ནད་ལ་ཕན་པས་གསོ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །གསོ་བའི་གནས་ཀྱི་ལེའུ་གསུམ་པའོ།། །། དེ་ནས་སྐྱིགས་བུ་དང་དབུགས་མི་བདེ་བ་གསོ་བའི་ལེའུ་བཤད་པར་བྱའོ། །གང་ཕྱིར་སྐྱིགས་བུ་དབུགས་མི་བདེ། །རྒྱུ་སོགས་མཚུངས་པས་དེ་ཡི་ཕྱིར། །གསོ་བའང་གཅིག་སྟེ་དེས་ཉེན་ལ། །ཐོག་མར་དུགས་ཀྱི་ཉེར་དཔྱད་བྱ། །སྣུམ་དང་ལན་ཚྭ་ཏིལ་མར་བྱུག ། དེ་ཡིས་བད་ཀན་བུ་གར་འགགས། །ཤིན་ཏུ་ཞེན་པ་ཞུ་ནས་ནི། །ཁོང་པར་གནས་པ་ལེགས་པར་འབྱིན། །བུ་གའི་རྒྱུན་སྲང་མཉེན་གྱུར་ཅིང་། །རླུང་ནི་ལུགས་དང་མཐུན་པར་རྒྱུ། །འཇམ་ཞིང་རླན་གྱུར་ཟས་སྣུམ་དང་། །རླན་ཅན་ཤར་བཅས་སྦྱིན་པ་འམ། །ཡང་ན་ཞོ་ཡི་ སྤྲིས་མ་སྦྱིན། །དེ་ནས་དེ་ལ་རློན་འཇམ་བཏང་། །མཆོག་ཏུ་ལུད་པ་རྙིང་ནད་དང་། །སྐད་འགགས་པ་ལ་སྐྱུག་སྨན་སྦྱིན། །རྒྱམ་ཚ་སྦྲང་རྩི་པི་པི་ལིང་། །སྦྱར་བའམ་རླུང་ལ་ཕན་པ་གཏང་། །བད་ཀན་གྱིས་ནི་གནོད་བྱས་པ། །གསལ་ན་བདེ་བ་ཐོབ་འགྱུར་ལ། །བུ་ག་ རྣམ་པར་དག་གྱུར་ནས། །རླུང་ནི་གནོད་པ་མེད་པར་རྒྱུ། །ལྟོ་སྦོས་རྟུག་འགགས་མུན་འཐིབས་བྱེད། །མ་དུ་ལུང་ག་སྟར་བུ་དང་། །ཤིདྐུན་པི་ལུ་ཁ་རུ་ཚ། །ལྡན་ཟས་བྱིན་ན་བདེ་བར་འབྱུང་། །རྒྱམ་ཚར་བཅས་པའི་འབྲས་བུ་སྐྱུར། །ཅུང་ཟད་དྲོ་བའི་བཀྲུ་སྨན་གཏང་། །འདི་ དག་བད་ཀན་གྱིས་ལམ་བཀག །སྲོག་གི་རླུང་ནི་འཁྲུགས་ལས་བྱུང་། །དེ་བས་དེ་ལམ་བསལ་བྱའི་ཕྱིར། །སྟེང་དང་འོག་ཏུ་སྦྱང་བྱས་ཕན། །ཇི་ལྟར་འབག་པར་གྱུར་པའི་ཆུ། །ཤིན་ཏུ་འཁྱིལ་ཞིང་འཕེལ་བ་ལྟར། །དེ་བཞིན་རླུང་ནི་འཁྱིལ་གྱུར་པའི། །དེ་ལམ་ལེགས་པར་ སྦྱང་བར་བྱ། །སྦྱང་བ་བྱས་ཀྱང་མ་དག་པའི། །ཞེན་པའི་དྲི་མ་དུ་བས་བསལ། །ཡུང་བའི་ལོ་མ་ཨེ་རཎྜའི། །རྩ་བ་རྒྱ་སྐྱེགས་ལྡོང་རོས་དང་། །ཐང་ཤིང་བ་ལ་སྤང་སྤོས་བཅས། །བཏགས་ཏེ་རེང་བུ་ཉིད་དུ་བྱ། །དེ་ནི་མར་བསྐུས་དུད་པ་རྔུབ། །ཡང་ན་མར་སྦྲུས་ནས་ བསྲེགས་རྔུབ། །སྤྲ་ཚིལ་སྲ་རྩི་པོག་དག་གམ། །ཨ་ཀ་རུ་བཟང་མར་སྦྱར་རྔུབ། །དེ་བཞིན་ཙནྡན་གླང་རྭ་འམ། །སྤུ་འམ་རྒྱུས་པའི་དུད་པ་རྔུབ། །བཙོད་དང་གོ་དཀུ་རང་ག །དགེ་བ་ལྤགས་མགར་ཡིའམ། །ཡང་ན་གུ་གུལ་ལྡོང་རོས་སམ། །ཡང་ན་སཱ་ལའི་ཐང་ ཆུ་ཉིད། །མོ་རྩ་གུ་གུལ་ཨ་ག་རུ། །ཤུག་པ་མར་དང་བཅས་དུད་རྔུབ། །དུགས་བྱར་མི་རུང་བཏང་སྙོམས་གཞག །བྲང་དང་མིད་པ་ཞོམ་པ་ལ། །བཤོལ་དུ་མེད་ན་འཇམ་དུགས་བྱ། །ཁ་ར་དཀར་པོའི་འོ་མས་སམ། །དྲོ་འཇམ་ཙམ་ཀྱིས་དུགས་ བྱ་ཞིང་། །དཀྲི་དང་ལྡན་པར་བྱ་བའི་དུགས། །དུགས་ཀྱི་ལེའུར་བཤད་དུགས་བྱ། །མ་ཞུར་དེ་གསོའི་ཆོ་ག་སྤྱད། །སྦྱོར་དྲགས་རླུང་ཤས་ཆེར་གྱུར་ན། །རླུང་ནད་བསལ་བའི་སྦྱོར་བ་བྱ། །ཤ་ཁུ་སྣུམ་སོགས་རབ་ཚ་སྦྱིན། །བསྐུ་བ་དག་གིས་ཞི་བར་བྱ། །བད་ཀན་མ་སློང་ དུགས་མི་བྱ། །ཉམ་ཆུང་བ་ལ་སྦྱང་བྱས་པས། །རླུང་གི་གནས་རྙེད་གནས་རྣམས་ནི། །སྐམ་པར་བྱས་ནས་སྲོག་འཕྲོག་བྱེད། །དེ་བས་སྨན་ཁུ་སྣུམ་དང་ནི། །ལྡེ་གུ་སྩོགས་ཀྱིས་དེ་ཞིར་བྱ། །སྐེམ་ཞིང་གློ་རྡོལ་ཚད་འཁྲུ་དང་། །ཁྲག་མཁྲིས་ཚ་བ་ལས་བྱུང་བའི། ། སྐྱིགས་བུ་དབུགས་མི་བདེ་བ་ལ། །མངར་སྣུམ་བསིལ་སྩོགས་དག་གིས་གསོ། །ཀུ་ལངྠ་དང་རྩ་བ་བཅུ། །བསྐོལ་བའི་སྐམ་སའི་ཤ་ཁུ་ཕན། །ཤི་ཀྲུ་པར་ཏ་ཀ་དང་ནི། །ཀ་ས་མར་ད་བ་ཤ་ཀ །ལ་ཕུག་ལོ་མའི་ཁུ་བ་དང་། །ནིམ་པའི་མྱུ་གུ་ལས་བྱུང་དང་། །ཁ་ལུང་ བྲི་ཧ་ཏི་ཁུ་ཕན། །ཀཎྜ་ཀ་རི་བྱི་ཚེར་བ། །བིལ་བའི་རྐང་དང་གཟེ་མ་དང་། །སླེ་ཏྲེས་ཀར་ཀ་ཏ་སྲིང་གི །ཙི་ཏྲ་ཀ་དང་ཀུ་ལངྠ། །ཆུར་བསྐོལ་བ་ཡི་ཡུ་ཤ་བྱ། །ཡང་ན་ར་སྣ་རྩ་ཆུང་ལྔ། །མུངྒ་ཙི་ཏྲ་ཀར་བཅས་བླུད། །ཙི་ཏྲ་གོ་སྙོད་ཁ་རུ་ཚ། །ཀར་ཀཏ་སྲིང་ཐུག་པ་ཕན། ། ཡང་ན་རྩ་བ་བཅུ་སྦྱར་བའི། །ཐུག་པ་བླུད་ན་ལུད་པ་དང་། །སྐྱིགས་བུ་དབུགས་མི་བདེ་ནད་སེལ། །རྩ་བ་བཅུ་པར་སྣ་དང་། །ཟུར་པ་ག་བྲའི་རྩ་བ་དང་། །བིལ་བ་གཉིས་དང་མ་ནུ་དང་། །ཀར་ཀ་ཏ་སྲིང་པི་པི་ལིང་། །ལྕ་བ་སླེ་ཏྲེས་བཅའ་སྒ་ནི། །བསྐོལ་བའི་ཁུ་བ་བླུད་ཞུ་ ནས། །དེ་ཉིད་དང་བཙོས་ཐུག་པ་བླུད། །སཱ་ལུ་དྲུག་ཅུ་པ་དང་གྲོ། །ནས་དང་མུངྒ་རྒྱ་སྲན་ཟོས། །ལུད་པ་སྙིང་ནད་རྩིབ་ལོགས་ཟུག །སྐྱིགས་བུ་དབུགས་མི་བདེ་བ་སེལ། །ཡང་ན་ཨརྒའི་མྱུ་གུ་ཡི། །འོ་མ་དང་སྦྲུས་ནས་ཀྱི་ཟན། །སྦྲང་རྩི་དང་བཅས་རྩ་བཅུ་སོགས། ། བསྐོལ་བའི་ཁུ་བར་སྦྱར་བ་བླུད། །ཟས་ནི་ཀྵ་ར་ཤིང་ཀུན་མར། །ཁ་རུ་ཚ་དང་སེའུ་སྦྱར་ཟ། །མ་ནུ་ཟུར་པ་ཚ་བ་གསུམ། །སྟར་བུ་བ་ལུང་སྦྱར་བ་སྦྱིན། །སྐྱིགས་བུ་དབུགས་མི་བདེ་སྐོམ་དང་། །རྩ་བ་བཅུ་བསྐོལ་ཁུ་བའམ། །ཡང་ན་ཐང་ཤིང་བསྐོལ་ཁུའམ། །ཆང་གི་ དངས་མ་བླུད་པར་བྱ། །པི་པི་ལིང་དང་དེའི་རྩ་བ། །མ་རུ་ར་དང་བྱི་དང་ག།ཙི་ཏྲ་ཀ་རྣམས་ལྡེ་གུར་སྦྱར། །མར་སྣོད་བསྐུས་ཏེ་བསྐམས་པ་རུ། །སྣོད་དུ་དར་བ་ཟླ་གཅིག་གཞག །དེ་འབུངས་མེ་ཡི་དྲོད་སྐྱེད་ཅིང་། །ལུད་པ་དབུགས་མི་བདེ་བ་སེལ། །བ་ཏ་མུར་པ་ཐང་ ཤིང་དང་། །ས་ར་ལ་དང་ཆང་དངས་མ། །ནུབ་གཅིག་བཞག་སྟེ་ལན་ཚྭ་བཏབ། །དེ་ལས་ཁྱེར་གང་བླུད་པར་བྱ། །ག་བྲའི་རྩ་བ་བཅའ་སྒའི་ཕྱེའམ། །ཡ་བཀྵ་ར་ན་ལེ་ཤམ། །བཅས་ཕྱེ་ཆུ་ཚན་བླུགས་པ་བན། །བ་སྤྲི་ཀ་ནི་བསྐོལ་བའི་ཆུ། །བཏགས་པ་ལྡེ་གུར་བྱས་བསྲེས་ བླུད། །སབ་ཏ་པརྞིའི་ཁུ་བའམ། །ཤྲི་ཤ་ཡི་ནི་མེ་ཏོག་ནི། །པི་པི་ལིང་དང་སྦྲང་རྩིར་སྦྱར། །བད་ཀན་མཁྲིས་པ་འདྲེས་གྱུར་པའི། །སྐྱིགས་བུ་དབུགས་མི་བདེ་བ་སེལ། །ཅུ་གང་པི་པི་ལིང་དང་ནི། །འབྲས་དང་བཅའ་སྒ་མར་དག་ལས། །ཁུ་བ་མཁྲིས་པ་ལས་གྱུར་ སལ། །རླུང་དང་ལྡན་ལ་རེག་འཇམ་ཤ །རི་བོང་ཤ་དང་པི་པི་ལིང་། །མར་དང་ཤ་སྤྱ་ཀ་ཡི་ཁྲག །ལྕམ་པའི་ཁུ་བ་ཚ་བ་གསུམ། །མར་དང་འོ་མར་སྦྱར་བ་དང་། །འབྲས་ཆན་ཟོས་ལ་འོ་མ་བླུད། །རླུང་མཁྲིས་འདྲེས་པ་ལས་གྱུར་སེལ། །ར་ཡི་འོ་མ་བཞི་འགྱུར་ གྱིས། །ཆུ་བསྐོལ་བུ་རམ་དོང་གྲ་བཏབ། །པི་པི་ལིང་རྩ་ཤིང་མངར་དང་། །བུ་རམ་ལྕ་བརྟ་སྦངས་ཁུ། །སྦྲང་རྩི་མར་སྦྱར་ཟོས་གྱུར་ན། །སྐྱིགས་བུ་དབུགས་མི་བདེ་བ་སེལ། །རྟ་དང་གླང་པོ་བ་ལང་ཕག །རྔ་མོང་བོང་བུ་ལུག་དང་ར། །གང་ཡང་རུང་བའི་རྟུག་བཙིར་ ཁུ། །སྦྲང་རྩིར་སྦྱར་བ་བལྡགས་ན་ཕན། །བད་ཀན་ཤས་ཆེར་བཏུང་བ་བླུད། །རྐང་བཞི་པ་ཡི་ལྤགས་རུས་སྤུ། །རྨིག་པ་བསྲེགས་ལ་སྣག་ཚར་བྱས། །ཡ་ཤྭ་གནྡྷའི་ལྡེ་གུ་ནི། །སྦྲང་རྩིར་སྦྱར་བས་བད་ཀན་ཤས། །ཆེ་བའི་དབུགས་མི་བདེ་བ་སེལ། །ཟུར་པ་མ་ ནུ་སྐྱུ་རུ་རའམ། །མ་ནུ་པི་པི་ལིང་བཅས་ཕན། །ཡུག་སྣམ་པི་པི་ལིང་བཅས་པའམ། །ཀ་པིད་ཏ་ཡི་ཁུ་བའམ། །བིལ་བའི་རྐང་ཁུ་སྐྱུ་རུ་ར། །པི་པི་ལིང་དང་རྒྱམ་ཚར་བཅས། །མར་དང་སྦྲང་རྩི་ཨ་རུ་རའམ། །ཚ་བ་གཉིས་དང་ཁ་རུ་ཚ། །རྒྱ་ཤུག་ འབྲས་ཡོས་སྦྲང་རྩི་དང་། །རྒུན་འབྲུ་པི་པི་ལིང་དོང་གྲ། །བུ་རམ་རྒུན་འབྲུ་ཡུང་ར་སྣ། །པི་པི་ལིང་དང་ན་ལེ་ཤམ། །ཏིལ་མར་དང་ནི་སྦྱར་བ་ཕན། །ལྡེ་གུ་སྨན་གྱི་ཕྱེ་མ་ཡང་། །ཤ་ཁུ་ཆུ་དྲོན་ཚ་སྩོགས་བཏུང་། །ཛི་བན་ཏི་དང་གླ་སྒང་དང་། །བྱེའུ་རུག་པ་དང་ཤིང་ཚ་དང་། ། སུག་སྨེལ་གཉིས་དང་མ་ནུ་དང་། །ལྕ་བ་ཏ་མ་མ་ལི་ཀ །ཨ་རུ་ར་དང་ག་བྲའི་རྩ། །དོང་ག་དང་ནི་བ་ལ་ཀ །ཟུར་པ་ཀར་ཀ་ཏ་སྲིང་གི །ནཱ་ག་གེ་སར་པི་པི་ལིང་། །ཙ་རོང་ཅི་རིགས་སྦྱར་ནས་ནི། །ཕྱེ་མ་ཉིས་འགྱུར་ཁ་རར་བཅས། །རྩིབ་ལོགས་ནད་རིམས་ལུད་པ་སེལ། ། སྐྱིགས་བུ་དབུགས་མི་བདེ་འཇོམས་མཆོག །དོང་ག་བུ་རམ་ཆ་མཉམ་པ། །བཟའ་བའམ་སྣ་ནས་བཏང་སྨན་བྱ། །ཡང་ན་སྒག་སྐྱའམ་ཀུན་དོང་ངམ། །གྲི་ཛ་ན་ཡི་རྩ་བས་བྱ། །ཙནྡན་གྱི་ནི་ཁུ་བ་དང་། །བུད་མེད་ནུ་ཞོ་སྣར་བླུགས་བྱ། །སྦྲང་མའི་རྟུག་པ་ནུ་ཞོར་སྦྱར། །རྒྱ་སྐྱེགས་ཁུ་བ་ དང་སྦྱར་བླུགས། །རྒྱམ་ཚ་ཞུན་མར་དང་བཅས་པ། །ནུ་ཞོ་མར་དང་བསྐོལ་བའམ། །མངར་བའི་སྨན་དང་ལྡེ་གུར་བྱས། །དེ་བཏུང་བའམ་སྣ་ནས་གཏད། །ཁ་ར་སྦྲང་རྩིར་བཅས་པ་ནི། །གྲང་དྲོ་རེས་ཀྱིས་བླུགས་པའམ། །དེ་བཞིན་འོ་མ་བསྐོལ་བ་ནི། །སྨན་གྱི་ཕྱེ་མ་མར་སྦྱར་ བླུགས། །པི་པི་ལིང་དང་ཁ་རུ་ཚ། །ཡ་བཀྵ་ར་སླེ་ཏྲེས་དང་། །ཤིང་ཀུན་ཙོ་ར་བྱེའུ་རུག་པ། །མར་དང་ཞོག་ཆུར་སྦྱར་ཞིང་། །རྩ་བཅུའི་ཁུ་བར་བསྐོལ་བ་བླུད། །ཡང་ན་འཚོ་བྱེད་བསྐོལ་བའི་ཁུ། །སྦྲང་རྩིར་བཅས་པ་བླུད་པར་བྱ། །ཏེ་ཛོ་བ་ཏི་ཨ་རུ་ར། །པི་པི་ལིང་ དང་པུ་ཙེ་ཤེལ། །རུ་རྟ་མ་ནུ་བུ་ཏི་ཀ །ཙིཏྲ་ཀ་དང་པ་ལ་ཤ།།ཟུར་པ་ལན་ཚྭ་རྣམ་གཉིས་དང་། །ཛི་བན་ཏི་དང་བིལ་བའི་རྐང་། །ཤུ་དག་བལ་བུའི་ལོ་མ་རྣམས། །དེ་དག་ཞོ་ནི་གཉིས་གཉིས་བསྐོལ། །ཤིང་ཀུན་ཞོ་ཕྱེད་མར་བྲེ་གང་། །བསྐོལ་བ་དེ་ནི་འཐུངས་གྱུར་ན། ། རྐང་ལག་ལ་ནི་ཞེན་པའི་རླུང་། །གཞང་འབྲུམ་དང་ནི་ཕོ་བའི་ནད། །སྐྱིགས་བུ་སྙིང་ནད་རྩིབ་ལོགས་ཟུག །མྱུར་དུ་སེལ་བར་བྱེད་པ་ཡིན། །ཞུན་མར་ཆ་ཕྱེད་བཅས་པ་ཡི། །ཡ་བཀྵ་རྒྱམ་ཚ་སྦྱིན། །ཐང་ལ་འབར་གྱིའམ་དུག་གི་མར། །ཞོ་ཅན་ཧ་པུ་ཤའི་མར་བླུད། །ཆུ་ གྲང་གློ་བུར་བླུགས་པ་དང་། །སྔངས་དང་སྤྲུགས་དང་འཇིགས་པ་དང་། །དགའ་དང་ཕྲག་དོག་དབུགས་བསྡམས་དང་། །གནོད་པའི་འབུ་ཡི་སོས་བཏབ་དང་། །གང་ཡང་བད་ཀན་རླུང་འཇོམས་སྨན། །དྲོ་ཞིང་རླུང་ནི་བདེ་རྒྱུ་བསྟེན། །གང་ཡང་ཕལ་ཆེར་རླུང་གི་ནད། ། ལྷག་པར་འཇོམས་པར་བྱེད་པས་སྤྱད། །ཐམས་ཅད་ལ་ནི་བརྟ་བྱས་པས། །ཚབས་ཆུང་གསོ་བར་སླ་བ་ཡིན། །ལྷག་པར་ཉམས་སྨད་པ་ཡིས་ནི། །ཞི་བའི་ཐབས་སུ་འགྱུར་མ་ཡིན། །དེ་བས་ཞི་བ་བརྟ་བའི་ཐབས། །མང་པོ་དེ་ལ་སྤྱད་པར་བྱ། །ལུད་པ་དབུགས་ མི་བདེ་གཅོང་སློན། །སྐྱིགས་བུའི་སྨན་ནི་ཕན་ཚུན་འདྲེ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །གསོ་བའི་གནས་ཀྱི་ལེའུ་བཞི་པའོ།། །།དེ་ནས་གཅོང་ཆེན་པོ་གསོ་བའི་ཐབས་ཀྱི་ལེའུ་བཤད་པར་བྱའོ། །སྟོབས་ལྡན་ནད་ནི་མང་གྱུར་ལ། ། སྣུམ་ཆོས་དུགས་བྱས་སྦྱང་བ་ནི། །སྣུམ་མེད་མ་ཡིན་ཉམ་སྨོད་མིན། །སྟེང་འོག་གི་ནི་སྦྱང་བར་བྱ། །འོ་མ་པོ་སོན་ཆང་བཅས་པའམ། །ཤ་ཁུ་མངར་དང་ལྡན་པའམ། །ཞུན་མར་བཏབ་པའི་ནས་ཐུག་ནི། །སྐྱུག་སྨན་བསྐོལ་བས་སློན་དུ་གཞུག །ཤམ་དུར་བྱིད་དོང་ གྲར་བཅས། །ཁ་ར་སྦྲང་རྩི་མར་དང་ནི། །བཅས་པའི་འོ་མ་འམ་སྐྱོ་མའམ། །རྒུན་འབྲུ་ཏང་པ་ལ་བི་ད་རི། །ཡང་ན་ཤ་ཁུར་ལྡན་པ་ཡི། །བཀྲུ་སྨན་འཇམ་པོ་གཏང་བར་བྱ། །ལྟོ་སྦྱང་པ་ལ་བརྟ་བ་དང་། །དྲོད་སྐྱེད་ཆོ་ག་སྤྱད་པར་བྱ། །ཟས་སྐོམ་ཡི་གར་འོང་བ་དང་། ། རླུང་འཇོམས་བྱེད་ཅིང་ཡང་བ་སྦྱིན། །སྰ་ལུ་དྲུག་ཅུ་པ་དང་གྲོ། །ནས་དང་མུངྒ་ལོ་གཅིག་ལོན། །ར་ཡི་འོ་མ་མར་དང་ཤ། །ཤ་ཟའི་ཤ་ནི་ཟད་བྱེད་འཇོམས། །བྱ་རོག་འུག་པ་སྤྱང་ཀི་གཟིག །བ་ལང་རྟ་དང་ནེ་ལེ་སྦྲུལ། །བྱ་རྒོད་རྔ་མོ་བོང་བུ་ཁྲའི། །ཤ་ནི་སྒྱུ་ཡིས་བྱིན་ན་ཕན། ། ཤེས་ན་དེ་ལས་སྨོད་པས་ན། །སློན་ཞིང་མདངས་དང་སྟོབས་མི་འགྱུར། །བད་མཁྲིས་རི་དྭགས་ལ་སོགས་ཤ །རླུང་ལ་མཐུ་རྩལ་གཟན་ཚོལ་ཤ །ཚོ་ཁུར་སྦྱར་ཞིང་ཕན་པ་དང་། །ཤ་ཁུ་སོགས་ལའང་སྦྱར་བར་བྱ། །ཡུངས་མར་དག་དང་བརྔོས་པའམ། ། ཡང་ན་ཅི་རིགས་མར་དང་བརྔོས། །ཁུ་བར་ལྡན་ཞིང་མཉེན་ལ་སྣུམ། །སྤོད་ལ་སོགས་དང་ལེགས་གཡོས་སྦྱིན། །དེ་བཞིན་ལ་ཕུག་རྒྱ་སྲན་ལས། །གཡོས་པའི་ཡུ་ཤར་སྦྱར་བར་བྱ། །པི་པི་ལིང་བཅས་ནས་དང་བཅས། །རྒྱ་སྲན་བཅས་ཤིང་དོང་གྲར་བཅས། །སེའུ་འབྲུ་སྐྱུ་ རུ་ར་དང་བཅས། །ར་ཤའི་ཁུ་བ་སྣུམ་བཅས་བླུད། །དེས་ནི་ཆམ་པ་ལ་སོགས་པ། །གནོད་པ་དྲུག་ནི་སེལ་བར་འགྱུར། །མཁྲིས་པ་སོགས་ལས་ཁྱད་པར་དུ། །ཆང་རྙིང་རྩ་སྦུབས་སྦྱོང་བྱེད་པ། །ངོམས་པ་ཉིད་དུ་བླུད་པར་བྱ། །རྒུན་ཆང་ཆང་རྙིང་ཆང་དངས་བླུད། །རྩ་བ་ཆུང་ངུ་ ལྔར་བསྐོལ་བའམ། །ཏམ་ལ་ཀ་ཆུར་བསྐོལ་བའམ། །པརྞི་བཞི་དང་བསྐོལ་བའམ། །འུ་སུ་བཅའ་སྒ་བསྐོལ་བ་བླུད། །དེ་དང་ཁ་ཟས་གཙང་བ་དག །འབད་པས་བཙོས་པ་རྗེས་མཐུན་ཡིན། །རྩ་བ་བཅུ་དང་འོ་མ་འམ། །ཤ་ཁུའི་ནང་དུ་བཙོ་བར་བྱ། །བ་ལ་བཏབ་པའི་ མར་སྦྱར་བའམ། །ཤ་ཟའི་ཤ་ཁུར་བཙོས་པ་སྦྱིན། །འོ་མ་བཅུ་འགྱུར་དག་དང་ནི། །མར་བསྐོལ་སྦྲང་རྩིར་བཅས་པའང་ཕན། །ཛི་བན་ཏི་དང་ཤིང་མངར་དང་། །རྒུན་འབྲུ་དུག་མོ་ཉུང་འབྲས་བུ། །མ་ནུ་ཟུར་པ་པི་པི་ལིང་། །བྱ་ཀྲི་གཟེ་མ་བ་ལ་དང་། །ཏ་མ་ལ་ཀི་ཨུཏྤལ་ སྔོ། །ཀྱི་ལྕེ་བ་དང་བྱི་ཚེར་བ། །ལྡེ་གུར་བྱས་དང་མར་བསྐོལ་བ། །གཅོང་ཆེན་སེལ་བའི་དམ་པ་ཡིན། །འབྲ་གོ་རྒུན་འབྲུམ་མ་དུ་ཀ །པ་རུ་ཤ་དང་པི་པི་ལིང་། །མར་དང་བསྐོལ་བས་སྐད་འགགས་དང་། །ལུད་པ་དབུགས་མི་བདེ་རིམས་འཇོམས། །རྩ་བཅུ་འོ་མར་ བསྐོལ་བ་ལས། །བྱུང་བའི་མར་གསར་གང་ཡིན་དེ། །པི་པི་ལིང་དང་སྦྲང་རྩིར་བཅས། །སྐད་འགགས་སེལ་བའི་དམ་པ་ཡིན། །མགོ་བྲང་རྩིབ་ལོགས་གཟེར་འཇོམས་ཤིང་། །ལུད་པ་དབུགས་མི་བདེ་རིམས་སེལ། །རྩ་བ་ལྔ་བ་ལྔར་བསྐོལ་བའི། །འོ་མ་ལས་ བྱུང་མར་གང་ཡིན། །རྩ་བ་ལྔ་པ་ལྔ་ཡི་ནི། །ཁུ་བ་འོ་མའི་བཞི་འགྱུར་ལ། །བསྐོལ་བ་ཡི་ནི་མར་འདི་ཡིས། །ཟང་བྱེད་ཀྱི་ནི་སྟོབས་བདུན་འཇོམས། །ཡ་བཀྵ་ར་ཚ་བ་ལྔ། །སྲང་དྲུག་དང་ནི་བཙོས་པའི་མར། །བྲེ་གང་འོ་མ་ཆ་མཉམ་བྱས། །དེ་ཡིས་བུ་ག་དག་ བྱེད་ཅིང་། །སྐྲན་དང་དམུ་རྫིང་མཆེར་པ་དང་། །ཕོ་ནད་སྐྱ་རྦབ་ཆམ་པ་དང་། །ལུད་པ་དབུགས་མི་བདེ་དྲོད་ཉམས། །སྐྲང་དང་སྟོད་ཀྱི་རླུང་ནད་འཇོམས། །ར་སྣ་བ་ལ་གཟེ་མ་དང་། །ཏི་ར་བ་ར་ཤ་ཁུའི་ཆུར། །ཛི་བན་ཏི་དང་པི་པི་ལིང་། །འོ་བཅས་གཅོང་ཆེན་ འཇོམས་པའི་མཆོག །ཨ་ཤྭ་གནྡྷ་འོ་མར་བསྐོལ། །ལས་བྱུང་མར་འོ་ཁ་རར་བཅས། །སྤྱི་ཡི་ཤ་ནི་སྲང་བརྒྱ་དག །ཆུ་བྲེ་སུམ་ཅུ་གཉིས་ན་བསྐོལ། །དེ་ཡི་བརྒྱད་ཆ་ལུས་པ་རུ། །འཚོ་བྱེད་བཅུ་ནི་སྲང་རེ་གཞུག །ཞུན་མར་བྲེ་གང་བཅས་བསྐོལ་བ། །ཤ་ཡི་སྨན་མར་འདི་ བླུད་པའམ། །ཤ་ཁུ་དང་སྦྱར་ཅི་རིགས་སྦྱིན། །རླུང་དང་མཁྲིས་པ་ལས་གྱུར་ནད། །ལུད་པ་དབུགས་མི་བདེ་སྐད་འགགས། །སྐེམ་ཞིང་རྩིབ་ལོགས་ཟུག་པ་འཇོམས། །སུག་སྨེལ་ཏི་མུས་འབྲས་གསུམ། །ས་ནག་ཚ་བ་གསུམ་ཙི་ཏྲ། །ས་ར་ནིམ་པ་སེང་ལྡེང་དང་། ། སཱ་ལའི་འབྲས་བུ་ལས་བྱུང་དང་། །གོ་བྱེ་དང་ནི་བྱི་དང་ག །སྲང་ནི་བརྒྱད་བརྒྱད་ཚད་དུ་བྱས། །ཆུ་ནི་བཅུ་དྲུག་འགྱུར་བྱས་པར། །བཅུ་དྲུག་ཆར་གནས་བར་དུ་བསྐོལ། །སླར་ཡང་དེ་དང་མར་བྲེ་གང་། །བསྐོལ་བ་འདིར་ནི་ཅུ་གང་ནི། །སྲང་དྲུག་ཁར་སྲང་སུམ་ཅུ་བཅུག ། སྦྲང་རྩི་སྲང་ནི་དྲུག་ཅུ་གཞུག །དྲི་སྣ་གསུམ་ནི་སྲང་རེ་གཞུག །གཟར་བུས་དཀྲུགས་ཏེ་ལྡེ་གུར་བྱས། །སྔ་དྲོ་ཟོས་ལ་འོ་མ་བཏུང་། །བཅུད་ལེན་བསྡམས་པ་མེད་པ་ཡིན། །ཡིད་གཞུངས་མིག་རྣོ་ཚེ་རིང་ལ། །དྲོད་སྐྱེད་སྐྲན་དང་གཅོང་ཆེན་ནད། །སྐྱ་རྦབ་དང་ནི་མཚན་བར་རྡོལ། ། མྱུར་དུ་འཇོམས་པར་བྱེད་པ་ཡིན། །གང་ཡང་ཞུན་མར་བུ་རམ་བཅས། །གློ་རྡོལ་ལ་བཤད་ཟང་བྱེད་སྦྱར། །ཤིང་ཚ་སུག་སྨེལ་པི་པི་ལིང་། །ཅུ་གང་ཁ་ར་རིམ་ཉིས་འགྱུར། །ཕྱེ་མར་བྱས་བཟའ་འམ་སྦྲང་རྩི་དང་། །མར་དང་སྦྱར་ཏེ་ལྡེ་གུར་ཟོས། །སྐད་འགགས་ལུད་པ་ དབུགས་མི་བདེ། །ཟད་བྱེད་རྩིབ་ལོགས་བད་ཀན་འཇོམས། །འདི་ཡི་སྐད་འགགས་ལ་ཁྱད་པར། །སྣ་སྨན་དུད་པ་རྔུབ་སྩོགས་བྱ། །དེ་ལའང་རླུང་ལས་གྱུར་པ་ལ། །ཀས་མར་ད་བརྡ་ཀ །བྲིངྒ་ར་ཛའི་ཁུ་བ་མར། །བསྐོལ་བའམ་ཨརྡ་ག་ལ་བསྐོལ། །དྲོ་འཇམ་ཟོས་རྗེས་ལ་བླུད་ན། ། ཡུད་པ་ལུ་དང་སྐད་འགགས་སེལ། །རྒྱ་ཤུག་ལོ་མའི་ལྡེ་གུ་ནི། །མར་བརྔོས་རྒྱམ་ཚར་བཅས་པའམ། །ཤིང་མངར་དང་ནི་པི་པི་ལིང་། །བྱི་དང་ག་དང་རྒུན་འབྲུམ་དང་། །ཧ་ནས་པརྞིའི་རྩ་བ་རྣམས། །ཏིལ་མར་བསྐོལ་བ་སྣར་བླུགས་བྱ། །འབྲས་ཆན་མར་དང་བུ་རམ་བཅས། ། ཟོས་ན་དེ་རྗེས་ཆུ་ཚན་བཏུང་། །འོ་ཐུག་སྣུམ་ཅན་བླུད་པ་དང་། །སྣུམ་གྱི་དུགས་ཀྱི་ཆོ་ག་བྱ། །མཁྲིས་པ་ལས་གྱུར་འོ་མའི་ཤིང་། །ལྡེ་གུ་བསྐོལ་བའི་ཞུན་མར་ནི། །སྦྲང་རྩིར་བཅས་ཏེ་དེ་རྗེས་ནི། །འོ་མ་བསྐོལ་ཏེ་བསྒྲངས་པ་བླུད། །ཤིང་མངར་མ་དུ་ཀ་འོ་ཐུག །ཞུན་ མར་བཅས་པ་བླུད་པའམ། །བ་ལ་དྲི་བཟང་བི་ད་རི། །ཤིང་མངར་ཀྵི་ཏ་བི་ད་རི། །རྒྱམ་ཚར་བཅས་པ་བསྐོལ་བའི་མར། །སྐད་འགགས་སྣ་སྨན་བླ་མེད་ཡིན། །པྲ་པུཎྜ་རཱི་ཀ་ཤིང་མངར། །པི་པི་ལིང་དང་བྲི་ཧ་ཏི། །བ་ལ་འོ་མ་མར་བསྐོལ་ཏེ། །སྐད་འགགས་པ་ཡི་སྣ་སྨན་ མཆོག །མངར་བའི་སྡེ་ཚན་ཕྱེ་མ་ནི། །སྦྲང་རྩི་མར་སྦྱར་ལྡེ་གུ་སྦྱིན། །བད་ཀན་ལས་གྱུར་ཚ་བ་དང་། །ཟས་རྩུབ་བ་གཅིན་བླུད་པར་བྱ། །ཀད་ཕ་ལ་དང་སྐྱུ་རུ་ར། །ཚ་གསུམ་ཏིལ་མར་སྦྲང་རྩིར་སྦྱར། །ཡ་བཀྵ་ར་ཚ་བ་གསུམ། །ཀྲུ་ཏྲུག་ཏྲེས་དང་དབྱི་མོང་དང་། །ཨ་རུ་ར་དང་ སྦྲང་རྩིར་སྦྱར། །ནས་ཐུག་ཏིལ་མར་ཞུན་མར་དང་། །པི་པི་ལིང་དང་སྐྱུ་རུར་སྦྱར། །བཅའ་སྒ་དང་ནི་པི་པི་ལིང་། །བཟའ་བའམ་སྐྱུག་སྨན་རྣོན་པོ་བསྟེན། །ཤ་ཁ་ར་དང་སྦྲང་རྩིར་བསྲེས། །མངར་བའི་སྨན་དང་ལྷན་ཅིག་བསྐོལ། །འོ་མ་འཐུང་བས་སྐང་གསང་ནི། །ཆེན་ པོར་སྨྲས་པའི་འགགས་ནད་སེལ། །ཡི་ག་འཆུས་ལ་སྣ་ཚོགས་ཟས། །ཕན་པའི་སྨན་དང་སྦྱར་བ་སྦྱིན། །ཕྱི་དང་ནང་ནི་སྦྱང་བ་དང་། །སེམས་དགའ་ཡིད་དང་མཐུན་སྨན་སྦྱིན། །དུས་གཉིས་སུ་ནི་སོ་ཤིང་དག །བཅའ་ཞིང་ཁ་ནི་སྦྱང་བྱ་ཞིང་། །བསྐ་བས་ཁ་ནི་བཀྲུ་བ་དང་། ། རྗེས་སུ་མཐུན་པའི་དུད་པ་རྔུབ། །ད་ལིས་ཀྱི་ནི་རི་ལུ་དང་། །ཁ་ར་ག་བུར་བཅས་པ་སྦྱིན། །འབྲས་ཁུ་ཟླ་བའི་ཟེར་ལྟར་དཀར། །བཟའ་བ་ཡི་ག་འབྱེད་པའི་མཆོག །དེ་ལས་རླུང་འགྱུར་ཡི་ག་འཆུས། །ཧ་རེ་ཎུ་དང་པི་པི་ལིང་། །བྱི་དང་ག་དང་ར་སྣ་དང་། །རྒྱམ་ཚ་དང་ནི་དོང་ གྲ་དང་། །སུག་སྨེལ་ག་བྲའི་རྩ་བ་དང་། །ནས་ཚིག་འཁུས་པའི་ཐལ་བ་དང་། །ཤིང་ཀུན་བཅས་པ་མར་རམ་ནི། །ཆང་གི་དངས་མར་སྦྱར་ཏེ་བཏུང་། །ཤུ་ངག་ཆུས་ནི་སློན་དུ་གཞུག །མཁྲིས་གྱུར་བུ་རམ་ཆུས་སློན་གཞུག །ཁ་ར་དང་ནི་ཞུན་མར་རམ། །རྒྱམ་ཚ་སྦྲང་རྩིར་ བཅས་པ་སྦྱིན། །བད་ཀན་ནིམ་པའི་ཆུས་སློན་གཞུག །ལ་ལ་ཕུད་དང་དོང་གྲའི་ཆུ། །སྦྲང་རྩིའམ་ཆང་རྙིང་རྣོ་སྦྱར་བ། །བུ་རམ་སྦྲང་རྩི་ཆང་བཅས་བླུད། །ཧ་རེ་ཎུ་སོགས་ཕྱེ་མ་ནི། །སྔར་བཤད་ཆུ་ཚན་སྦྱར་བ་བླུད། །སུག་སྨེལ་དང་ནི་ཤིང་ཚ་དང་། །ནཱ་ག་པུས་པ་ན་ལེ་ཤམ། ། པི་པི་ལིང་དང་བཅའ་སྒ་རྣམས། །རིམ་བཞིན་ཆ་རེས་བསྐྱེད་ཕྱེ་མ། །ཁ་ར་དག་དང་མཉམ་སྦྱར་བས། །མཆིལ་མང་ཡི་ག་འཆུས་པ་དང་། །སྙིང་དང་རྩིབ་ལོགས་ན་ལུད་པ། །དབུགས་མི་བདེ་དང་མགུལ་ནད་འཇོམས། །ལ་ལ་ཕུད་དང་ད་ཏྲིག་དང་། །སྟར་བུ་བཅའ་སྒ་སེའུ་འབྲུ་ དང་། །རྒྱ་ཤུག་ཞོ་ནི་གཉིས་གཉིས་བྱས། །ཁ་ར་སྲང་བཞི་འུ་སུ་དང་། །གོ་སྙོད་ཤིང་ཚ་ཁ་རུ་ཚ། །ཞོ་རེ་པི་པི་ལིང་འབྲུ་བརྒྱ། །ན་ལེ་ཤམ་ནི་ཉིས་བརྒྱ་དག །ཕྱེར་བཏགས་ཡི་ག་འབྱེད་པའི་མཆོག །ཡིད་འོང་ཕྱིས་འགགས་པ་དང་། །ལུད་པ་སྙིང་ག་རྩིབ་ལོགས་ན། །མཆེར་ པ་གཞང་འབྲུམ་ཕོ་ནད་སེལ། །བལ་བུའི་ལོ་མན་ལེ་ཤམ། །དོང་གྲ་དང་ནི་པི་པི་ལིང་། །གོ་རིམས་བཞིན་དུ་ཆ་རེས་བསྐྱེད། །ཤིང་ཚ་སུག་སྨེལ་དང་པོའི་ཕྱེད། །པི་པི་ལིང་གི་བརྒྱད་འགྱུར་གྱི། །ཁ་རར་སྦྱར་བའི་ཕྱེ་མ་དེ། །དྲོད་སྐྱེད་ཡི་ག་འབྱེད་པ་དང་། །ལུད་པ་ལུ་དང་ དབུགས་མི་བདེ། །ཡི་ག་འཆུས་དང་སློན་བྲོ་དང་། །མཆེར་པ་སྙིང་ནད་རྩིབ་ལོགས་ཟུག །སྐྱ་རྦབ་ཚད་འཁྲུ་རིམས་ནད་འཇོམས། །རླུང་འཁྱིལ་བ་ནི་བདེ་རྒྱུ་བྱེད། །སུག་སྨེལ་ཤིང་ཚ་པུ་ཤེལ་ཙེ། །ཞོ་ནི་གཉིས་གཉིས་བྱས་པ་དང་། །ནཱ་ག་གེ་སར་སྲང་ཕྱེད་དང་། །གནྡྷ་ བྷ་དྲ་སྲང་ཕྱེད་གཞུག །ཕྱེ་བཏགས་བུ་རམ་རྙིང་པ་ནི། །སྲང་ནི་ཉི་ཤུ་ལྔ་ནི་བསྐོལ། །སྦྲུས་ཏེ་ཞོ་གཉིས་ཚད་རི་ལུ། །བྱས་པའི་ཡོན་ཏན་དེ་དང་མཉམ། །ཨརྒ་སླེ་ཏྲེས་ཀྵ་རའི་ཆུར། །ནས་དང་ནུབ་གཅིག་སྤངས་ནས་ནི། །ཆུ་དང་ཟན་ནི་སྦྲུས་ནས་སུ། ། བྱིན་ཏེ་ཉམས་སྟོབས་ལྡན་སློན་གཞུག །དེ་བཞིན་སྐམ་སའི་སྲོག་ཆགས་ཤ །བསྲེགས་པ་ཁ་དང་ཚ་སྦྱར་སྦྱིན། །ཟས་ནི་སྐམ་ཞིང་རབ་ཡང་དང་། །ཙ་ན་ཀ་སོགས་ཁུ་བ་བླུད། །བད་ཀན་གྱིས་རབ་མཆིལ་མ་མང་། །རླུང་གིས་མཆིལ་མང་སྐྱེད་པར་བྱེད། །དེ་ནི་བད་ཀན་མཆིལ་ མར་བཤད། །སྣུམ་དང་དྲོ་བས་དེ་བསལ་བྱ། །རིམས་འདི་ཆམ་པ་དག་དང་ནི། །སློན་པའི་ནད་ལའང་སྦྱར་བར་བྱ། །མཆོག་ཏུ་ཆམ་པར་བསྐུ་བ་དང་། །སྣུམ་དང་དུགས་ཀྱི་ཆོ་ག་བསྟན། །མགོ་དང་ལྐོག་མ་རྩིབ་ལོགས་སུ། །འབྲས་ཁུར་སྣུམ་བཅས་དུགས་བྱ་ཞིང་། ། ལན་ཚྭ་སྐྱུར་དང་ཁ་དང་ཚ། །ཤ་ཁུ་སྣུམ་དང་བཅས་པ་སྦྱིན། །མགོ་བོ་སྙིང་ག་རྩིབ་ལོགས་གཟེར། །ནད་གཞི་ཇི་བཞིན་གསོ་བར་བྱ། །ཆུ་དང་རླན་ཅན་གནས་པའི་ཤ །ལེགས་སྦྱར་དཀྲི་བའི་དུགས་བྱ་ཞིང་། །དེ་ནས་སྣུམ་བཞིའི་སྦྱོར་བ་བསྔགས། །ནད་གཞི་ འདྲེས་བར་གྱུར་པ་ལ། །རྒྱ་སྤོས་ཤིང་མངར་ཤུ་ཏི་དང་། །ཙནྡན་མར་གྱི་ལྡེ་གུས་བྱུག །པ་ལ་ར་སྣ་ཏིལ་མར་དང་། །ཤིང་མངར་ཨུཏྤལ་མར་དེ་བཞིན། །བ་སྤྲུ་བ་དང་ཤི་ཀྲུ་དང་། །བ་ལ་ར་མཉེ་བིད་རི། །སྣ་སྨན་དུད་པ་རྔུབ་པ་དང་། །ཟས་ཟོས་འོག་ཏུ་སྣུམ་བསྟེན་ཞིང་། ། ཏིལ་མར་གྱིས་ནི་བསྐུ་བ་དང་། །དེ་བཞིན་འཇམ་རྩིའི་ལས་རབ་བསྔགས། །ཡང་ན་རྔབས་རྭ་ལ་སོགས་པས། །ནད་དམིགས་ཇི་བཞིན་ནད་ཁྲག་དབྱུང་། །ཤུག་པ་ཙནྡན་པུ་ཤེལ་ཙེ། །མར་བཅས་ལྡེ་གུས་བསྐུ་བའམ། །དཱུར་བ་ཤིང་མངར་བཙོད་དང་ནི། །ནཱ་ག་གེ་སར་མར་སྦྱར་ བསྐུ། །ནྱ་གྲོ་དྷ་སོགས་བསྐོལ་ཏིལ་མར། །ལན་བརྒྱ་བཀྲུས་པའི་མར་གྱིས་ནི། །བསྐུ་བའམ་འོ་མ་ཤིང་མངར་ཆུས། །བླུགས་པར་གྱུར་པའང་བསྔགས་པ་ཡིན། །ཕལ་ཆེར་མེ་དྲོད་ཉམས་པའི་ཕྱིར། །མ་ཞུ་བེ་སྣབས་བཅས་འཁྲུ་ན། །དེ་ལ་ཕོ་བའི་ཚད་འཁྲུ་བའི། །སྐབས་སུ་ བཤད་པའི་སྨན་བསྟེན་ཕན། །ཟད་བྱེད་ལྡན་པའི་བཤང་བ་ནི། །རྣམ་པ་ཀུན་ཏུ་བསྲུང་བྱ་སྟེ། །དེ་ཡི་ལུས་ཟུངས་ཀུན་ཟད་པས། །དེ་སྟོབས་བཤད་པའི་སྟོབས་ཀྱིས་གནས། །རིག་པས་ཤ་རྣམས་ཁོ་ན་སྦྱིན། །སྐོམ་དུ་རྒུན་ཆང་བླུད་པར་བྱ། །ཤུགས་ནི་བཀག་པར་གྱུར་པ་ཡིས། ། གཅོང་ཆེན་གྱིས་ནི་གླགས་མི་རྙེད། །ཆང་དང་ཆང་དངས་རྒུན་ཆང་དང་། །ཆང་རྙིང་བུ་རམ་སྦྲང་ཆང་དང་། །ཅི་རིགས་པར་ནི་བླུད་པ་དང་། །ཤ་ནི་སྦྱིན་པ་ཉིད་དུ་བྱ། །བུ་གའི་རྒྱུན་འགགས་དག་ཕྱིར་དང་། །སྟོབས་དང་མདངས་ནི་རྒྱས་བྱའི་ཕྱིར། །སྣུམ་དང་འོ་མ་ཆུས་གང་ བའི། །སྣོད་དུ་ལུས་ནི་འབྱིང་བར་བྱ། །ཕྱུང་ནས་བསྲེས་པའི་སྣུམ་གྱིས་ནི། །བསྐུ་ཞིང་ལག་པས་བདེ་བར་མཉེ། །བདེ་བར་འདུག་པར་གྱུར་པ་ལ། །དལ་གྱིས་ལྡེ་གུས་དྲིལ་བར་བྱ། །ཛི་བན་ཏི་དང་དཱུར་བ་དང་། །བཙོད་དང་ཨ་ཤྭ་གནྡྷ་དང་། །ཨ་པ་མརྒ་བ་སྤྲུ་བ། ། ཨག་ནི་མན་ཏི་ཤིང་མངར་དང་། །བ་ལ་ཡུངས་ཀར་བིད་རི། །རུ་རྟ་འབྲས་དང་ཟར་མ་དང་། །མོན་སྲན་གྲེའུ་གཉིས་ཏིལ་དང་ཕབས། །ཐམས་ཅད་གཅིག་ཏུ་བཏགས་ནས་ནི། །ནས་ཀྱི་ཕྱེ་ནི་སུམ་འགྱུར་དང་། །ཞོ་དང་སྦྲང་རྩི་ལྷན་ཅིག་སྦྱར། །འདི་དག་གིས་ནི་དྲིལ་ཕྱིས་ བྱ། །ཤ་རྒྱས་མདོག་བཟང་སྟོབས་སྐྱེད་བྱེད། །ཡུངས་ཀར་སེར་པོའི་ལྡེ་གུ་དང་། །འཚོ་བྱེད་སྡེ་ཚན་དང་སྦྱར་བ། །ཁྲུས་ཀྱི་སྨན་གྱིས་ཁྲུས་བྱ་ཞིང་། །དུས་ཚིགས་བདེ་བའི་ཆུས་ཁྲུས་བྱ། །དྲི་དང་ཕྲེང་བ་སོགས་པས་བརྒྱན། །བཀྲ་མི་ཤིས་པ་འཇིགས་པ་བསྟན། །མཛའ་ བཤེས་བལྟ་ཞིང་གླུ་དང་ནི། །རོལ་མོ་མཉན་ཞིང་དགའ་སྟོན་བྱ། །འཇམ་རྩི་འོ་མ་ཞུན་མར་དང་། །ཤ་དང་ཆང་བསྟེན་ཚུལ་ལ་གནས། །ལྷ་ལ་བརྟེན་པའི་ཆོ་ག་དང་། །མཆོད་པའི་ལས་ལ་བརྩོན་པར་བྱ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། གསོ་བའི་གནས་ ཀྱི་ལེའུ་ལྔ་པའོ།། །།དེ་ནས་སློན་པའི་ནད་དང་སྙིང་ནད་དང་སྐོམ་དད་གསོ་བའི་ལེའུ་བཤད་པར་བྱའོ། །སློན་ནད་ཕལ་ཆེར་མ་ཞུ་བའི། །གནས་འཁྲུགས་ལས་བྱུང་དེ་ཡི་ཕྱིར། །རླུང་མ་གཏོགས་ལ་དང་པོར་ནི། །སྨྱུང་བྱས་སྐྱུག་སྨན་གཏང་བ་ཕན། ། སྟོབས་ལྡན་རྒྱུན་ཏུ་སློན་གྱུར་ཅིང་། །ནད་མང་འགྱུར་ལ་གཏང་བར་བྱ། །དེ་འོག་རིམ་གྱིས་བཀྲུ་སྨན་ནི། །ཡིད་འོང་ཆང་རྒུན་ཆུ་སོགས་སམ། །འོ་མས་བཏང་གྱུར་དེ་མོད་ལ། །གྱེན་འབྱུང་ནད་ནི་ཐུར་དུ་འབྱུང་། །ཞི་བའི་སྨན་ནི་རྩུབ་པ་སྟེ། །ཉམ་ཆུང་བ་ཡང་དེ་ ཉིད་བྱ། །ཟས་ནི་སྐམ་ཞིང་ཡི་གར་འོང་། །གོམས་ཤིང་ཡང་བ་བསྔགས་པ་ཡིན། །དེ་བཞིན་སྨྱུང་བ་ཡུ་ཤ་དང་། །ཤ་ཁུ་འབའ་ཆ་སྐམ་པ་ལ། །ཚོད་མ་ལྡེ་གུ་བཟའ་བ་དང་། །བཏུང་བ་དྲི་བཟངས་པ་ན་ཀ །རོ་དྲུག་ཟས་སྐོམ་སྣ་ཚོགས་དང་། །འབྲས་བུ་འཁྲུས་དང་མཉེ་བ་ དང་། །དྲི་ཞིམ་འབྲས་བུ་མེ་ཏོག་སྐྱེས། །ཟས་དང་སྐོམ་ལ་སྤྱོད་པ་དང་། །ཟོས་མ་ཐག་ཏུ་འཕྲལ་དུ་ནི། །ཆུ་གྲང་གིས་ནི་གདོང་བཀྲུ་བྱ། །རླུང་ལས་གྱུར་པའི་སློན་པའི་ནད། །རྒྱམ་ཚ་མར་བཅས་དྲོ་བའམ། །ཚ་གསུམ་ལན་ཚྭ་གསུམ་སྦྱར་བས། །ལུད་པ་དང་ནི་སྙིང་འཛག་ དང་། །བཅས་པ་སེལ་བར་བྱེད་པ་ཡིན། །སེ་འབྲུའི་ཁུ་བ་བཅའ་སྒ་དང་། །འུ་སུ་ཞོ་དང་མར་བསྐོལ་བའམ། །ཆུ་དང་འོ་མ་ཆ་མཉམ་པ། །ཁྲོན་གྱི་ཟས་ཚོལ་ཤ་ཁུ་ནི། །འབྲས་སྐྱུར་རྒྱམ་ཚ་མར་ཤས་ཆེ། །ཁ་ཟས་སྣུམ་པོ་བཅའ་སྒ་དང་། །ཞོ་དང་སེ་འབྲུར་སྦྱར་བའམ། ། རྒྱམ་ཚར་བཅས་པ་དྲོ་འཇམ་ཕན། །འདིར་ནི་བཀྲུ་སྨན་ལན་ཚྭ་དང་། །སྣུམ་དང་དྲོ་བར་བཅས་པ་ཕན། །མཁྲིས་པ་ལས་བྱུང་བཀྲུ་སྨན་ཕྱིར། །རྒུན་འབྲུམ་བུ་རམ་ཤིང་ཁུ་དང་། །དུར་བྱིང་སྦྱར་བའི་བཀྲུ་སྨན་བཏབ། །ཞུན་མར་སེང་ཕྲོམ་སྦྱར་བ་གཏང་། །འཕེལ་ཏེ་བད་ཀན་གནས་ ཁྱབ་པའི། །མཁྲིས་པར་མངར་དང་ཁབ་ཡིས། །གྱེན་དུ་དྲངས་ལ་དག་གྱུར་ནས། །འབྲས་ཡོས་ཁར་བཅས་པ་ལས། །སྐྱོ་མའམ་ན