Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 196

Văn bản gốc(Tây Tạng)

Trang 17 / 21 (50.000 ký tự/trang)
ད་མ་ཡིན། །ཞེས་གསུངས་པ་ཡིན་ནོ། །དེ་ལ་ལུང་དུ་མི་སྟོན་པའི་ཕྱོགས་ཀྱི་སྒྲའི་སྦྱོར་བ་བསྟན་པའི་ཕྱིར། འཛམ་བུའི་འབྲས་བུ་སྨིན་པ་ནི། །དྲི་མ་མེད་པའི་ཆུ་ལ་ལྷུང་། །ཉ་ཡིས་བཟའ་
བའི་ཆེད་དུ་ནི། །འགུ་ལུ་འགུ་ལུ་ཞེས་སུ་སྨྲ། །ཞེས་སྨོས་ཏེ། ཚིག་འདི་བཞི་སྦྱོར་བ་བཞི་དང་རིམ་པ་བཞིན་སྦྱར་བར་བྱའོ། །སྦྱོར་བ་ཇི་ལྟ་བ་བཞིན་དུ་དགོས་འབྲེལ་ཡང་དེ་བཞིན་ནོ། །འདི་ལྟར་འབྲས་བུ་དེའི་འདུག་གནས་ནི་ཆུའོ། །འབྱུང་ཁུངས་ནི་འཛམ་བུའི་ཤིང་ངོ་། །བྱེད་པ་
ནི་ཉའོ། །ལས་ནི་རང་ཉིད་དོ། །དེའི་ཚེ་ན་འགུ་ལུ་ཞེས་བྱ་བའི་སྒྲ་གྲག་པ་ནི་མཐུན་པའི་སྒྲ་སྟེ། འགུ་ལུ་ཞེས་བྱ་བའི་སྒྲ་བཤད་ན་དོན་འདི་རྣམས་དང་མཐུན་པར་སྔོན་གྱི་སློབ་དཔོན་རྣམས་ཀྱིས་བཤད་དོ། །སྐད་ཀྱི་ཁམས་མི་ཤེས་པ་རྣམས་ཀྱིས་ནི་སྦྱོར་བ་བཞིའི་སྤྱི་ཙམ་ལ་འཇུག་པར་
ནུས་ཀྱི་ཐམས་ཅད་ལ་ནི་མ་ཡིན་ཏེ། འོན་ཀྱང་ཁྱད་པར་གྱི་སྔོན་དུ་འགྲོ་བ་ཅན་ཡིན་པས་ཤེས་པར་བྱ་བ་ཉིད་དོ། །དེ་བཞིན་དུ་མེ་སྒྲ་དང་ཆུ་སྒྲ་དང་བྱོལ་སོང་གི་ངག་གི་སྒྲ་ལ་སོགས་པ་སྟེ་ལུང་དུ་མི་སྟོན་པའི་ཕྱོགས་ཐམས་ཅད་ལ་སྦྱར་བར་བྱའོ། །དེ་ལྟར་ལུང་དུ་མི་སྟོན་པ་ཅུང་ཟད་ཙམ་སྦྱར་ནས་
ལུང་དུ་སྟོན་པའི་ཕྱོགས་ལ་སྦྱར་བར་གསུངས་པ། ཚོགས་པས་བསྐྱེད་པའི་ཆོས་རྣམས་ནི། །བྱས་པས་འཇིག་པའི་དུས་དག་ལ། །གང་ཞིག་དེ་ཤེས་འདོད་པའི་ཕྱིར། །མི་རྟག་ཅེས་ནི་བརྗོད་པ་ཡིན། །ཞེས་སྨོས་ཏེ། འདི་ཡང་སྦྱོར་བ་དང་དགོས་འབྲེལ་ནི་སྔ་མ་བཞིན་དུའོ། །འདུག་
གནས་ནི་རྣམ་པར་རྟོག་པའོ། །འབྱུང་ཁུངས་ནི་བྱས་པའོ། །བྱེད་པ་ནི་རྐྱེན་ནོ། །ལས་ནི་རང་ཉིད་དོ། །ཆེད་ནི་དེ་ཤེས་པའོ། །དེའི་ཚེ་ན་མི་རྟག་གོ་ཞེས་བྱ་བའི་མཐུན་པའི་སྒྲ་གྲག་གོ་ཞེས་ཤེས་པར་བྱའོ། །དེ་ནི་འདི་ལྟར་འགྱུར་ཏེ། རྣམ་པར་རྟོག་པ་ལ་རྟོག་པ་ཡོད་ཀྱི་མི་རྟོག་པ་ལ་
མེད་པ་དང་། བྱས་ན་མི་རྟག་གི་མ་བྱས་ན་རྟག་པ་དང་། འཕངས་པའི་རྐྱེན་དང་འཕྲལ་གྱི་རྐྱེན་གྱིས་འཇིག་གི་གཞན་དུ་མ་ཡིན་པ་མཐོང་ནས་སྡུག་བསྔལ་བ་དང་བདག་མེད་པ་ལ་སོགས་པ་སྟེ་ལུང་དུ་སྟོན་པའི་ཕྱོགས་ཐམས་ཅད་ལ་སྦྱར་བར་བྱ་སྟེ། དཔེར་ན་གཞོན་ནུ་གཅིག་ཤེས་ན་གཞོན་

ནུ་ཐམས་ཅད་ཀྱི་རིགས་དང་། རྒན་པོའི་རིགས་ཀྱང་ཤེས་པར་ནུས་པ་ལྟ་བུའོ། །དེ་ལྟར་བསྡུས་ཏེ་བསྟན་ནས། དེ་ཉིད་རྒྱས་པར་བསྟན་པར་བྱ་སྟེ། དེ་ལ་དང་པོ་རིགས་མཐུན་པ་སེལ་བ་བསྟན་པའི་ཕྱིར། རིགས་སེལ་ཇི་ལྟར་ཡིན་ཞེ་ན། འཁོར་དང་མྱ་ངན་འདས་པ་འམ། །ལུང་
དུ་མི་སྟོན་དངོས་གང་ཞིག །བསྟན་པས་དོན་གཞན་གཅོད་པའོ། །ཞེས་གསུངས་ཏེ། དངོས་པོ་གང་ཡང་རུང་སྟེ་དང་པོར་དོན་ཙམ་སྨོས་པ་རྣམས་ཁྱད་པར་མི་འདོར་ལ། རིགས་མི་མཐུན་པ་ནི་སེལ་ལོ། །འདི་ལྟར་སྐྱེས་བུ་ཞེས་སྨོས་ན་ལྷས་བྱིན་དང་སྲེད་མེད་དང་དབང་ཕྱུག་ལ་སོགས་པ་
ནི་མི་འདོར་ལ། བུད་མེད་དང་རྟ་དང་གླང་པོ་ལ་སོགས་ཏེ་སྐྱེས་བུ་མ་ཡིན་པའི་རིགས་ནི་སེལ་ལོ། །ཐེ་ཚོམ་སེལ་བ་གསུངས་པ། སྤྱི་ལ་འཇུག་པ་བསྟན་པ་ན། །མི་ཤེས་པ་ནི་སེལ་བར་བྱེད། །ཅེས་སྨོས་ཏེ། རིགས་སེལ་བའི་ཚིག་དང་སྦྱར་བར་བྱའོ། །དེ་ནི་འདི་ལྟ་སྟེ། ཆོས་རྣམས་
ཞེས་སྨོས་ན་ཁ་ཅིག་ནི་གཞིའི་ཆོས། ཁ་ཅིག་ནི་ལམ་གྱི་ཆོས། ཁ་ཅིག་ནི་འབྲས་བུའི་ཆོས། ཁ་ཅིག་ནི་དོན་དམ་པའི་ཆོས། ཁ་ཅིག་ནི་བཤད་པའི་ཆོས་ཏེ། ཆོས་མ་ཡིན་པ་མེད་ཀྱང་སྐྱེ་བོ་ཁ་ཅིག་ནི་ཀུན་དུ་གཏི་མུག་སྟེ་མ་ཤེས། ཁ་ཅིག་ནི་མ་ཡིན་པར་འདོར། ཁ་ཅིག་ནི་ཐེ་
ཚོམ་ཅན་ཏེ། དེ་དག་སེལ་བ་ནི་རིགས་སེལ་བའོ། །རིགས་བསལ་བ་དེ་ནི་དེའི་སྤྱིའི་མཚན་ཉིད་དེ། དེའི་ཕྱིར། རིགས་ཀྱི་འདོམ་པ་བསལ་བྱས་ནས། །སྤྱི་ཡི་མཚན་ཉིད་བརྗོད་པར་བྱ། །ཞེས་སྨོས་ཏེ། འདོམ་པ་མ་བསལ་བར་སྤྱིའི་མཚན་ཉིད་འདྲི་བ་ནི་སླར་དྲི་བར་བྱ་བ་ཡིན་
ལ། སྟོན་པ་ནི་དོར་བར་བྱ་བ་ཉིད་ཡིན་པས་སོ། །རིགས་ཀྱི་འདོམ་པ་སེལ་བ་ཞེས་བྱ་བ་སྦྱོར་བ་དང་པོ་རྫོགས་སོ།། །།དེ་ལྟར་རིགས་ཀྱི་འདོམ་པ་བསལ་ནས་དུས་ཀྱི་འདོམ་པ་མ་བསལ་ན་ཁྱད་པར་མི་ཤེས་པའི་ཕྱིར། དུས་ཀྱི་འདོམ་པ་སེལ་བ་ནི། །རང་གི་མཚན་
ཉིད་སྟོན་པ་ཡིན། །ཞེས་གསུངས་པ་ཡིན་ནོ། །ད་ནི་དུས་སེལ་བ་གཉིས་གསུངས་པ་དེ་རྒྱས་པར་བསྟན་པའི་ཕྱིར། དང་པོ་བསྡུས་པའི་དུས་ཀྱི་ངེས་ཚིག །གཉིས་དང་རྣམས་གྲངས་སོགས་རྣམས་ཀྱི། །གང་དུ་བྱེད་ཚིག་མི་གནས་པ། །དེ་ནི་མདོ་རུ་བསྡུས་པ་སྟེ། །ཞེས་གསུངས་

ཏེ། མདོ་ཙམ་གྱི་ཚིག་དང་བྱེ་བྲག་རྣམ་པར་འབྱེད་པའི་ཚིག་གི་བར་ན་བྱེད་པའི་ཚིག་མི་གནས་ན་བསྡུས་པ་ཞེས་བྱ་བའི་མིང་དུ་འགྱུར་རོ། །དེ་ཡང་དུས་ཡོད་པ་དང་གང་གང་བ་ཡིན་པ་བསྟན་པའི་ཕྱིར། མདོར་བསྡུས་དེ་ཡང་བཅུ་བཞིར་འདོད། །ཚིག་གཉིས་དང་
ནི་རྣམ་གྲངས་དང་། །ཚིག་དོན་གཞན་དང་བྱེད་ཚིག་དྲུག །ཁྱད་པར་དང་ནི་འབྲུ་མང་པོ། །བྱེ་བྲག་གཞི་བསྡུ་གཅིག་ཏུ་བསྡུ། །ཟླས་དབྱེ་བ་གཉིས་དེའི་སྐྱེས་བུ། །ཟད་པར་མི་འགྱུར་ལས་འཛིན་ཡིན། །ཞེས་སྨོས་ཏེ། དེ་ལ་མིང་གཉིས་ཀྱིས་བྱེད་པ་གཅིག་སྡུད་པ་སྟེ། དེ་
ཡང་མྱ་ངན་ལས་འདས་པའི་རྣམ་པར་ཐར་པ་ནི་རྣམ་ཐར་ཞེས་པ་ལྟ་བུའོ། །མང་པོའི་བར་གྱི་བྱེད་པ་ཕྱིས་པ་ནི་རྣམ་གྲངས་ཀྱིས་མདོར་བསྡུས་པ་སྟེ། དེ་ཡང་དྲང་སྲོང་མཉན་པ་དང་ཡོད་པས་དང་པོ་བཟུང་བའི་ཡུལ་ནི་མཉན་ཡོད་ཅེས་པ་ལྟ་བུའོ། །ཚིག་གང་རང་གི་དོན་མི་སྟོན་པར་དོན་འཕོ་བ་ན་
ཚིག་དོན་གཞན་གྱིས་མདོར་བསྡུས་པ་སྟེ། དེ་ཡང་ནོར་ལྷའི་བུ་ལ་འཁོར་ལོ་ཡོད་པས་འཁོར་ལོ་ཅན་ཞེས་འབོད་པ་ལྟ་བུའོ། །ལས་དང་། བྱེད་པ་དང་། སྦྱིན་པ་དང་། བསླང་བ་དང་། སྒྲུབ་པ་དང་། གཞི་རྣམས་ནི་བྱེད་པའི་ཚིག་དྲུག་སྟེ། དེ་དག་བསྡུས་པ་ནི་བྱེད་ཚིག་དྲུག་གི་
མདོར་བསྡུས་པ་སྟེ། དེ་ཡང་ཆོས་ལ་སྤྱོད་པ་ནི་ཆོས་སྤྱོད་ཅེས་བྱ་བ་ནས། ཆོས་ལ་བརྟེན་པ་ནི་ཆོས་བརྟེན་ཞེས་བྱ་བའི་བར་ལྟ་བུར་རིག་པར་བྱའོ། །ངོ་བོ་ཉིད་ཀྱི་ཚིག་དང་ཁྱད་པར་གྱི་ཚིག་གི་བར་ན་གནས་གཞན་སྤོང་བའི་ཚིག་ཕྱི་ནས་མུ་གསུམ་དང་གཉིས་གཅོད་བར་བྱེད་པ་ནི་ཁྱད་པར་
གྱིས་མདོར་བསྡུས་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་དང་། ལྷ་དབང་ཕྱུག་དང་། འབྱུང་བ་ས་ཁ་དོག་དཀར་ཞེས་པ་ལྟ་བུ་སྟེ། ཇི་ལྟར་གཅོད་པའི་རིམ་པ་བཞིན་ནོ། །འདི་དག་ནི་མདོར་བསྡུས་བ་ལྔ་ཞེས་སློབ་དཔོན་ཁ་ཅིག་འཆད་དོ། །སྤྱིར་ནི་མདོར་བསྡུས་པ་འདི་དག་ཀྱང་
དོན་གྱི་དབང་རེ་རེས་བཀོད་ཀྱི་ཐམས་ཅད་ཀྱི་ཐམས་ཅད་དུ་ཐ་དད་པ་ནི་མ་ཡིན་ཏེ། འབྲུ་མང་པོ་པ་དང་། ཚིག་དོན་གཞན་ལྟ་བུ་དང་། དེའི་སྐྱེས་བུ་དང་། བྱེད་པ་དྲུག་ལྟ་བུ་ནི་ཕྱོགས་གཅིག་མི་འདྲ་བའི་དབང་ཡིན་ནོ། །བྱེ་བྲག་དང་ཁྱད་པར་ནི་སྒྲ་མི་འདྲ་བའི་དབང་ཡིན་ནོ། །རྗེས་སུ་

ཟློས་པའི་ཟླས་དབྱེ་བ་ལྟ་བུ་ནི་དོན་མི་འདྲ་བའི་དབང་ཡིན་ནོ། །གཞི་མཐུན་པ་དང་དེའི་སྐྱེས་བུ་ལྟ་བུ་ནི་ཐམས་ཅད་མི་འདྲ་བའི་དབང་ཡིན་ནོ། །དེ་ཡང་གང་ལ་འབྲུ་མང་པོ་ཡོད་པ་དེ་ནི་འབྲུ་མང་པོ་པ་སྟེ། འདི་ལྟར་བ་ཁྲ་མོ་ཅན་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །གང་ལ་རང་གི་བྱེ་བྲག་
བསྡུས་པ་དེ་ནི་བྱེ་བྲག་བསྡུས་པ་སྟེ། དེ་ཡང་ཨུཏྤལ་སྔོན་པོ་ལྟ་བུའོ། །གང་དུས་སམ་དངོས་པོ་གཞན་སྡུད་པ་དེ་ནི་གཞི་བསྡུ་བ་སྟེ། དེ་ཡང་ལྷ་ལ་སོགས་པ་རྣམས་ཞེས་པ་ལྟ་བུའོ། །གང་ཚོགས་པ་གཙོ་བོར་སྒྲུབ་ཅིང་གཞི་མཐུན་པར་སྡུད་པ་ནི་གཞི་གཅིག་ཏུ་བསྡུ་པ་སྟེ། དེ་
ཡང་འདི་ནི་ཨ་རུ་ར་སྨིན་པ་དག་ཅེས་པ་ལྟ་བུའོ། །གང་གཅིག་བསྟན་ན་གཅིག་ཤེས་པ་དེ་ནི་ཟླས་དབྱེ་བ་སྟེ། དེ་ཡང་མཐུན་པ་ཤེས་པ་དང་མི་མཐུན་པ་ཤེས་པ་གཉིས་ཏེ། འདི་ལྟར་ལམ་འཁྱོག་པ་ངལ་བའི་རྒྱུར་བསྟན་ན་ལམ་མི་བདེ་བ་འང་ངལ་བའི་རྒྱུར་ཤེས་པ་དང་། ལམ་དྲང་བ་
བདེ་བ་སེམས་པའི་རྒྱུར་ཡང་ཤེས་པ་ལྟ་བུའོ། །བ་ནི་རྟོགས་པའི་ཕྱིར་ཐམས་ཅད་དུ་ཡང་གཉིས་པར་འགྱུར་བ་ཡིན་མོད་ཀྱི། འདིར་ནི་རྣམ་གྲངས་དང་བསྡུས་པའི་གཉིས་དང་ལྡན་པའི་ཚིག་དེ་ནི་བ་གཉིས་པ་ཞེས་བྱའོ། །དེའི་སྐྱེས་བུ་ནི་ཏྭ་ཏ་ཧྭོཾ་ཏཽ་མ་པུ་རུ་ཥེ་ན་ཏད་པུ་རུ་ཥ་སྟེ་དངོས་པོ་
གཞན་དང་གཞན་དུ་སྦྱར་བ་དེའི་སྐྱེས་བུའོ། །གང་མཐའ་མི་འཇེད་པའི་ཚིག་ནི་ཟད་པར་མི་འགྱུར་བའོ། །གང་གཞི་གཅིག་གིས་གཞི་ཉིད་དང་བྱེད་པ་གཞན་གྱིས་ལས་སུ་གྱུར་པ་ཡང་སྒྲུབ་པ་དེ་ནི་ལས་འཛིན་པ་ཡིན་ནོ། །དེ་རྣམས་ནི་དུས་གཉིས་བཀོད་པ་ལས་བསྡུས་པའི་དུས་ཡིན་ནོ། །ད་ནི་བྱེད་
པའི་ཚིག་དང་ལྡན་པའི་དུས་བཤད་པའི་ཕྱིར། བྱེད་པའི་དུས་ནི་དེ་ཉིད་ལ། །ཐེ་ཚོམ་གཅོད་བྱེད་འདུས་བྱས་ཡིན། །ཞེས་སྨོས་ཏེ། བསྡུས་པ་དེ་དག་ཉིད་ལེགས་པར་སྦྱར་བའི་ཕྱིར་འདུས་བྱས་ཡིན་ནོ། །དེ་ཡང་གང་ཡིན་པ་བསྟན་པའི་ཕྱིར། དེ་ཡང་ལས་དང་བྱེད་པ་དང་། །ཆེད་དང་འབྱུང་ཁུངས་
འབྲེལ་བ་དང་། །གཞི་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཡང་ལས་ཞེས་བྱ་བ་ནི་གང་དག་ཚོགས་པ་འདུས་པའི་དུས་ན་གང་གིས་མངོན་པར་འདུ་བྱེད་པ་དང་། གང་ལ་མངོན་པར་འདུ་བྱ་བའི་གཞི་དང་། གང་ཞིག་མངོན་པར་འདུ་བྱ་བ་རྣམས་ནི་ལས་ཡིན་ཏེ། གང་གཡོ་བའམ། རྩོལ་

བའམ། སྔ་མའི་གནས་ལས་གྱུར་པར་བྱས་པའི་ཕྱིར་དེ་ཡང་མཚན་ཉིད་དང་རྣམ་པར་གཞག་པའི་ཚེ་ན་ནི་བྱེད་པ་ལ་ཡོད་པའི་གཡོ་བའམ་རྩོལ་བ་ལས་སུ་གཟུང་ངོ་། །བྱེད་པ་དང་རྣམ་པར་གཞག་པའི་ཚེ་ན་ནི་བྱ་བའི་གཞི་ལ་ཡོད་པའི་སྔ་མའི་གནས་ལས་གྱུར་པ་ལས་སུ་གཟུང་ངོ་། །བྱ་
བ་དང་རྣམ་པར་གཞག་པའི་ཚེ་ན་ནི་བྱ་བའི་གཞི་དང་བྱ་བ་ཉིད་གཉིས་ཀ་བྱ་བར་གཟུང་སྟེ། ལས་ནི་བྱེད་པ་ལ་ཡོད་པའི་གཡོ་རྩལ་དུ་གཟུང་ངོ་། །འདིར་ནི་རྣམ་པར་དབྱེ་བ་སྟོན་པའི་དོན་ཡིན་པས་བྱེད་པ་དང་རྣམ་པར་གཞག་པའི་ལས་ཉིད་གཟུང་བར་བྱའོ། །དེ་ཡང་འབྲས་བུའམ། དོན་དང་དགོས་
ཆེད་ལྟ་བུ་དང་། གནས་སམ་ལྡན་པར་བྱེད་པ་དང་ཕྲད་པ་རྣམས་ནི་བཞི་པའམ། བདུན་པའི་དོན་ཡིན་པས་དེ་ནི་འདིར་འགོག་གོ། །སྤྱིའི་དབྱེ་བ་ནི་བྱེད་པའི་དོན་གྱིས་ཤེས་པར་བྱའོ། །བྱེད་པ་ནི་བྱེད་པ་པོ་དང་བཅས་པ་སྟེ། དེ་ཡང་རབ་ཏུ་སྐྱེད་པར་བྱེད་པ་དང་། རྣམ་པར་འཇོག་པར་བྱེད་པ་
དང་། ཤེས་བྱ་ཤེས་པར་བྱེད་པ་རྣམས་སོ། །དེ་དག་ཀྱང་གཅིག་དང་དུ་མའི་སྒོ་ནས་མུ་བཞི་སྟེ། དམིགས་པ་དང་དེ་མ་ཐག་པ་དང་བདག་པོ་དུ་མས་བྱ་བ་རྣམས་ཤེས་གཅིག་སྐྱེད་པ་དང་། འབྱུང་བ་བཞི་དང་དུས་ཀྱི་ཁམས་ལྟ་བུ་དུ་མས་བྱ་བ་འབྲས་བུ་གཅིག་སྐྱེད་པ་ལྟ་བུ་ནི་དུ་མས་
གཅིག་ལ་བྱེད་པ་ཡིན་ནོ། །དམིགས་པས་འདྲ་བ་སྐྱེད་པ་དང་། དེ་མ་ཐག་པས་ཤེས་པའི་རིགས་སུ་སྐྱེད་པ་དང་། བདག་པོས་ཡུལ་འཛིན་པའི་ངོ་བོར་སྐྱེད་པ་ལྟ་བུ་དང་། འབྱུང་བ་དག་རྟེན་པ་དང་། སྡུད་པ་དང་། སྨིན་པ་དང་། མ་རུལ་པ་དང་། རིམ་གྱིས་
འཕེལ་བ་དང་། ཆ་མཉམ་པར་སྐྱེད་པ་ལྟ་བུ་ནི་དུ་མ་དུ་མ་ལ་བྱེད་པ་ལྟ་བུ་ཡིན་ནོ། །ཀུན་གཞི་ལྟ་བུ་རྣམ་པར་ཤེས་པ་ཀུན་སྐྱེད་པ་དང་། མ་རིག་པ་ལྟ་བུ་ལས་དང་སྡུག་བསྔལ་ཀུན་སྐྱེད་པ་དང་། ས་བོན་ལྟ་བུ་ག་ལོ་མ་ལ་སོགས་པ་སྐྱེད་པ་ལྟ་བུ་ནི་གཅིག་དུ་མ་ལ་བྱེད་པ་ལྟ་བུའོ།
མ་རིག་པས་འདུ་བྱེད་དང་། དེ་བཞིན་དུ་རྒ་བའི་བར་ལྟ་བུ་དང་། ས་བོན་གྱིས་མྱུ་གུ་དང་། དེ་བཞིན་དུ་འབྲས་བུའི་བར་དུ་དང་། དེ་དག་རེ་རེའི་དབང་དུ་བརྗོད་པ་ཐམས་ཅད་ནི་གཅིག་གཅིག་ལ་བྱེད་པའོ། །རྣམ་པར་འཇོག་བྱེད་ནི་ལྷས་བྱིན་དང་ལག་ཆུའི་ཚོགས་ལྟ་བུ་དུ་མས་ཤིང་ལྟ་བུ་བྱ་བ་

གཅིག་ལ་བྱེད་པ་དང་། ལྷས་བྱིན་གྱིས་བསྐུལ་བའི་བྱ་བ་བྱེད་པ་དང་། ལག་ཆས་གཅོད་པ་དང་འདྲེག་པའི་བྱ་བ་བྱེད་པ་ལྟ་བུ་དུ་མས་དུ་མ་ལ་བྱེད་པ་དང་། སྟ་རེ་གཅིག་གིས་བྱ་བ་རྩི་ཤིང་ལྟ་བུ་དུ་མ་ལ་བྱེད་པ་དང་། སྟ་རེ་ལྟ་བུ་གཅིག་བྱ་བ་གཅིག་ལ་གཅོད་པ་ལྟ་བུ། གཅིག་གཅིག་ལ་
བྱེད་པའོ། །ཤེས་བྱ་ཤེས་པར་བྱེད་པ་ནི་མཚན་རྟགས་སམ། གཏན་ཚིགས་སམ། བརྗོད་པ་དག་ལས་དོན་ཤེས་པར་བྱེད་པ་སྟེ། དེ་ཡང་སྒྲ་དུ་མས་དོན་དུ་མ་ཤེས་པར་བྱེད་པ་དང་། སྐད་ཀྱི་དབྱིངས་ལྟ་བུ་སྒྲ་གཅིག་གིས་དོན་དུ་མ་ཤེས་པར་བྱེད་པ་དང་། གཏན་ཚིགས་རྗོད་འཇོག་
ལྟ་བུ་སྒྲ་དུ་མས་དོན་གཅིག་ཤེས་པར་བྱེད་པ་དང་། ངོ་བོ་ཉིད་སྟོན་པ་ལྟ་བུ་སྒྲ་གཅིག་གིས་དོན་གཅིག་སྟོན་པ་ལྟ་བུ་ཡིན་ཏེ། དེ་བཞིན་དུ་རྟགས་ཀྱིས་ཤེས་པ་དག་ལ་ཡང་སྦྱར་རོ། །སྦྱིན་པ་ནི་གང་གི་ཆེད་དང་དོན་དང་དགོས་པ་དང་འབྲས་བུ་ལྟ་བུ་ལའམ། གང་ལ་མཆོད་སྦྱིན་དང་ཕྱག་
འཚལ་བའི་ས་སྟེ། འདི་ལྟར་ལས་དང་བྱེད་པའི་འབྲས་བུ་ནི་བྱ་བ་སྟེ། བྱ་བའི་དོན་ནི་འདིར་ཡང་དག་པར་སྦྱིན་པའོ། །དེའི་དབྱེ་བ་ནི་ལས་དང་བྱེད་པས་སྦྱར་བར་བྱའོ། །འབྱུང་ཁུངས་སམ་རྒྱུའི་དོན་ནི་གང་ལ་གང་ཡོད་པ་ལས་དེ་དེ་ལས་བྲལ་བ་དང་སྐྱེས་པ་དང་དགར་ཞིང་ཁྱད་པར་དུ་
བྱས་ན་དོན་དེར་འགྱུར་ཏེ། བདུན་པའི་དོན་ལ་རག་ལས་པས་དེའི་དོན་ལ་ཤེས་པར་བྱའོ། །དྲུག་པ་ནི་བདག་པོའི་ཚིག་གིས་ལྷག་མའི་ཚིག་སྟོན་པར་བྱེད་པས་སྒྲ་དང་ཐེ་ཚོམ་གྱི་འདོམ་པ་སེལ་བར་བྱེད་དེ། མུ་བཞི་པ་རྣམས་ནི་གསུམ་སེལ་ཏོ། །གསུམ་པ་རྣམས་ནི་གཉིས་སེལ་ཏོ། །
གཉིས་པ་རྣམས་ནི་གཅིག་སེལ་ཏོ། །དེའི་ཕྱིར་འདི་ནི་ངེས་པར་འཛིན་པ་ཡིན་ནོ། །བདག་པོ་གང་གི་དོན་དུ་བསྟན་ཞེས་འདྲི་བའི་ཚེ་ནི་ལྷག་མ་གང་གི་བར་བསྟན་པའི་དབང་དུ་བྱས་ཞེས་བྱ་བར་འགྱུར་རོ། །ལྷག་མ་གང་གི་ཡིན་ཞེས་འདྲི་བའི་ཚེ་ན་ནི་བདག་གི་ཡིན་ཞེས་བྱ་བར་འགྱུར་ཏེ། ལས་ནས་
བརྟེན་གནས་ཀྱི་བར་དུ་ཀུན་ལ་དྲུག་པའི་སྒྲས་འདོམ་པ་སེལ་བར་བྱེད་དོ། །བརྒྱུད་པའི་དུས་སུ་སྔ་མ་འོག་འདྲིལ་ཏེ་སེལ་ཏོ། །བརྟེན་གནས་གཞི་ནི་བཞི་སྟེ། ངོ་བོ་ཉིད་བརྟེན་པའི་གནས་བཞི་དང་། ལས་བརྟེན་པའི་གནས་བཞི་དང་། མཐུ་ལ་བརྟེན་པའི་གནས་བཞི་དང་། ལྡན་པ་

བརྟེན་པའི་གནས་གཞི་དང་བཞིའོ། །ངོ་བོ་ཉིད་བརྟེན་པའི་གནས་གཞི་ལ་བཞི་སྟེ། ཐམས་ཅད་ལ་ཐམས་ཅད་ཀྱིས་ཁྱབ་པའི་ཏིལ་འབྲུ་ལ་ཏིལ་མར་གྱིས་ཁྱབ་པ་ལྟ་བུ་ཁྱབ་མཚུངས་པ་དང་། ཕྱོགས་ཀྱིས་ཕྱོགས་ལ་ཁྱབ་པ་མེ་དང་དུ་བ་ལྟ་བུ་ཁྱབ་མི་མཚུངས་པ་དང་།
ཕྱོགས་ཀྱིས་ཐམས་ཅད་ལ་ཁྱབ་པ་ཤིང་གིས་ཙན་དན་གྱི་ཤིང་ལ་ཁྱབ་པ་ལྟ་བུ་ཁྱབ་བྱེད་རྒྱ་ཆེ་བ་དང་ཐམས་ཅད་ཀྱིས་ཕྱོགས་ལ་ཁྱབ་པ་ནམ་མཁའ་ལ་འོད་ཀྱིས་ཁྱབ་པ་ལྟ་བུ་ཁྱབ་པ་རྒྱ་ཆེ་བའོ། །ལས་བརྟེན་པའི་གནས་གཞི་ལ་ཡང་བཞི་སྟེ། ཡོངས་སུ་རྫོགས་པར་འགྱུར་བའི་ལས་བརྟེན་
པ་མེ་དང་ཆུ་ལ་སྲེག་པ་དང་སྤངས་པར་བྱེད་ཅེས་པ་ལྟ་བུ་དང་། ཡོངས་སུ་ཉམས་པར་འགྱུར་བའི་ལས་བརྟེན་པ་མེ་དང་ཆུ་དང་དགྲ་ལ་སྲེག་པ་དང་སྡུག་བསྔལ་བ་དང་འཇིག་པར་བྱེད་ཅེས་པ་ལྟ་བུ་དང་། གཉིས་ཀར་འགྱུར་བའི་ལས་བརྟེན་པ་གཏར་སྲེག་ལ་བརྟེན་པས་སྡུག་བསྔལ་གྱིས་ཕན་
པར་འགྱུར་བ་ལྟ་བུ་དང་། གཉིས་ཀ་མ་ཡིན་པའི་ལས་བརྟེན་པ་གང་དུ་ཡང་མི་འགྱུར་བ་སྟེ་རླུང་ལས་ལྗོན་ཤིང་རྣམས་གཡོ་བ་ནས་བྱ་རྣམས་སྐད་འབྱིན་པར་བྱེད་པ་ཞེས་པ་ལྟ་བུའོ། །མཐུ་ལ་བརྟེན་པའི་གནས་གཞི་ལ་ཡང་བཞི་སྟེ། ངོ་བོ་ཐ་དད་པའི་མཐུ་ལ་བརྟེན་པ་རྒྱལ་པོ་ལ་བརྟེན་པ་
རྒྱལ་པོའི་མི་ཞེས་པ་ལྟ་བུ་དང་། དུས་ཐ་དད་པའི་མཐུ་ལ་བརྟེན་བ་ས་བོན་ལ་བརྟེན་པ་མྱུ་གུ་ཞེས་པ་ལྟ་བུ་དང་། ཐ་མི་དད་པའི་མཐུ་ལ་བརྟེན་པ་དེ་བཞིན་གཤེགས་པ་ནི་སོ་སོ་རང་རིག་པའི་ཡེ་ཤེས་ལ་གནས་ཞེས་པ་ལྟ་བུ་དང་། གཉིས་ཀ་མ་ཡིན་པའི་མཐུ་ལ་བརྟེན་པ་ཀུན་གཞི་ལ་བག་
ཆགས་གནས་ཞེས་པ་ལྟ་བུའོ། །ལྡན་པ་བརྟེན་པའི་གནས་གཞི་ལ་ཡང་བཞི་སྟེ། མཐུན་པའི་ཕྱོགས་ལྡན་པ་ལྷས་བྱིན་ལ་ནོར་ཟས་དང་དཔུང་ཡོད་ཅེས་པ་ལྟ་བུ་དང་། མི་མཐུན་པའི་ཕྱོགས་ལྡན་པ་ལྷས་བྱིན་ལ་དགྲ་ཡོད་ཅེས་པ་ལྟ་བུ་དང་། གཉིས་ཀ་ལྡན་པ་ལྷས་བྱིན་ལ་རྟ་ངན་པ་ཡོད་ཅེས་
བ་ལྟ་བུ་དང་། གཉིས་ཀ་མ་ཡིན་པ་ལྡན་པ་ལྷས་བྱིན་ལ་རྫས་དགོས་པ་མེད་པ་ཡོད་དོ་ཞེས་པ་ལྟ་བུའོ། །དེ་དག་བོད་པ་དང་དོན་ཙམ་བསྡུས་པ་དང་བཅས་པ་ནི་གནས་བརྒྱད་དེ། རྗོད་པར་བྱེད་པའི་བྱེད་ཚིག་དག་ཀྱང་དེར་འདུ་སྟེ། ཁ་ཅིག་ནི་དོན་གྱི་ངོ་བོས་སོ། །ཁ་ཅིག་ནི་བརྒྱུད་པས་སོ། །དོན་དེ་དག་

ཀུན་ཀྱང་ཚིག་རྣམ་པར་སྦྱར་བ་དང་། མཇུག་སྡུད་པའི་ཚིག་དག་གིས་སྐབས་ཀྱི་ཁྱད་པར་གསལ་བར་བསྟན་པར་བྱ་བའི་ཕྱིར་གཞན་ཡང་། ཟླ་བསྡུ་ལྷག་མ་བཅས་པ་དང་། །དགག་སྒྲུབ་བརྣན་དང་བདག་པོ་དང་། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་སྨོས་སོ། །དེ་ལ་ཟླ་བསྡུ་ཞེས་བྱ་བ་ནི་ཟླ་སྡུད་པའི་
ཚིག་སྟེ། གང་ཞིག་དམ་བཅས་པའི་དོན་སྤྱི་དང་ཁྱད་པར་དག་གིས་བསྟན་པར་བྱ་བ་རྫོགས་སོ་ཞེས་བྱ་བས་བསྟན་དུ་རུང་བ་དག་གོ། །ཚིག་ལྷག་མ་ཅན་ནི་ལྷག་བཅས་ཏེ། ལྷག་མ་ནི་དོན་གྱི་ཁ་སྐོང་བའོ། །དེ་གང་ལ་ཡོད་པ་དེ་ནི་ལྷག་མ་དང་བཅས་པ་སྟེ། འདི་ལྟར་དཔེར་ན་ལྷས་བྱིན་ཤིང་
གཅོད་དེ་ཞེས་བྱ་བ་གཞན་འདྲེན་པ་ལྟ་བུ་དག་གོ། །དགག་པ་ཞེས་བྱ་བ་ནི་འགོག་པར་བྱེད་པ་སྟེ། ཇི་ལྟར་ཞེ་ན་མེད་པ་དང་། མ་ཡིན་པར་རོ། །འདིའི་ཁྱད་པར་ཅི་ཞེ་ན། དགག་པར་བྱ་བས་བྱེ་བྲག་ཏུ་འགྱུར་གྱི། འགེགས་པར་བྱེད་པས་ནི་མ་ཡིན་ཏེ། མི་ནུས་པའི་ཕྱིར་རོ། །དགག་པར་
བྱ་བ་ཉིད་མེད་པ་ཡང་གཉིས་ཀ་ལ་བརྗོད་དུ་རུང་སྟེ། གཞིའི་བྱེ་བྲག་བསྣན་པར་བྱས་བ་དངོས་པོ་མེད་པ་ཞིག་འགེགས་པར་བྱེད་བས་སྟོན་པ་ནི་མེད་པར་དགག་པ་ཞེས་བྱའོ། །དངོས་པོ་ཡོད་པ་ཞིག་འགེགས་པར་བྱེད་པའི་ཚིག་གིས་སྟོན་ན་ནི་མ་ཡིན་པར་དགག་པ་ཞེས་བྱའོ། །དེ་ཡང་མེད་པ་རྣམ་
པ་བཞིར་བསྟན་པ་དག་ལས་གཏན་མེད་པ་དང་ཞིག་ནས་མེད་པ་སྟོན་པ་ནི་མེད་པའོ། །སྔ་ན་མེད་པ་དང་གཅིག་ལ་གཅིག་མེད་པ་དག་ནི་རང་གི་རྟེན་མི་འདོར་བས་མ་ཡིན་པ་ཡིན་ནོ། །མ་ཡིན་པ་དེ་དག་ཀྱང་བྱེ་བྲག་གིས་ན་གཉེན་པོ་དང་མི་མཐུན་པ་དང་ཆུང་བ་དང་། མི་འདྲ་བ་དང་དམན་པ་རྣམས་སུ་འགྱུར་ཏེ་འགེགས་
པའི་ཚིག་གིས་དེ་ལྟ་བུ་དག་ཡིན་པར་སྟོན་ཏོ། །དེའི་ཕྱིར་དགག་པ་དང་བཅས་པས་བསྟན་པར་བྱ་བས་བྱེ་བྲག་ཕྱེ་ཞེས་བྱ་བའི་ཐ་ཚིག་གོ། །ཅིའི་ཕྱིར་དགག་པ་ཞེས་བྱ་ཞེ་ན། འདི་དག་དང་ལྡན་པ་གང་དག་ལྡོག་པར་མི་འགྱུར་བ་མེད་པའི་ཕྱིར་རོ། །སྒྲུབ་པ་ཞེས་བྱ་བ་ནི་སྒྲུབ་པར་བྱེད་པའོ། །དོན་
གང་ཞིག་བསྒྲུབ་པར་བྱ་བ་འདི་དག་ཡོད་ན་ལྡོག་པར་མི་འགྱུར་རོ། །ལྡོག་པ་དང་མི་ལྡོག་པའི་བྱེ་བྲག་ཅི་ཞེ་ན། གང་ཞིག་ཡོད་པ་ཡོད་དོ། །མེད་པ་མེད་དོ། །མེད་པ་ཡང་ཡོད་དོ་ཞེས་བརྗོད་ན་མེད་པའི་ཚིག་གིས་རང་དང་གཉིས་ཀ་ལྡོག་པར་བྱེད་དོ། །ཡོད་པའི་ཚིག་གིས་ནི་རང་དང་གཞན་གཉིས་ཀ་སྒྲུབ་

པར་བྱེད་དེ། དེའི་ཕྱིར་དེ་དག་དགག་པ་དང་སྒྲུབ་པར་མིང་འདོགས་པར་བྱེད་དོ། །བརྣན་པ་ནི་ངོ་བོ་ཉིད་དང་རྣམ་གྲངས་སོ། །དེ་ལ་ངོ་བོ་ཉིད་བརྣན་པས་ནི་གཞན་གྱིས་གཞན་སྟོན་པ་ལ་སོགས་པ་སེལ་བར་བྱེད་དོ། །རྣམ་གྲངས་གཞན་བརྣན་པས་ནི་དེ་ལྟ་བུ་དགེ་ཀྱང་ཡིན་
པ་ལ་སོགས་བར་འགྱུར་རོ། །བརྣན་པའི་སྒྲ་དགར་བར་འགྱུར་བ་དག་ཀྱང་ཡོད་དེ། འདི་ལྟར་དེ་ལ་འདི་ནི་ཞེས་པ་ལྟ་བུའོ། །དེ་གང་ལས་ཤེ་ན། ཁ་ཅིག་ནི་དགོད་པ་ལས་སོ། །ཁ་ཅིག་ནི་ཟླ་ལས་སོ། །བདག་པོ་ལ་སོགས་པ་ནི་བདག་པོ་སྟེ། བདག་པོའི་དོན་ནི་གང་ལ་དེ་ཡོད་པའི་
མིང་ནི་དེར་བརྟགས་པ་སྟེ། འབྲུ་མང་པོ་པ་དང་། བ་གཉིས་པ་དང་། དེ་ལ་ཕན་པའི་རྐྱེན་ཅན་ལ་སོགས་བར་སྟོན་པ་དག་ལྟ་བུ་དོན་འཕོ་བ་རྣམས་སོ། །གཞན་ཡང་། རྒྱན་དང་ཁ་སྐོང་དུས་ལ་འཇུག །ཅེས་བྱ་བ་ལ་ཚིག་གི་རྒྱན་གྱི་གསུམ་སྟེ། མཐུན་པ་དང་མི་མཐུན་པ་དང་ཁ་སྐོང་བའོ། །དེ་ལ་མཐུན་
པའི་རྒྱན་ནི་དོན་མཐུན་པར་སྟོན་པའོ། །མི་མཐུན་པའི་རྒྱན་ནི་མི་མཐུན་ཡང་བསྒྲུབ་བྱ་གྲུབ་པར་སྟོན་པ་སྟེ་ཁས་ལེན་པའི་རྒོལ་བ་ལ་སོགས་པའོ། །ཁ་སྐོང་བ་ནི་གཉིས་ཏེ། རྩ་བ་སྐོང་བ་དང་ཚིག་ཁ་སྐོང་བའོ། །དེ་ལ་རྩ་བ་སྐོང་བ་ནི་ཡི་གེ་ཚང་བར་བྱེད་པ་རྣམས་སོ། །ཚིག་ཁ་སྐོང་བ་ནི་ཚིག་དང་ཚིག་
གི་ལྷག་མ་དག་གོ། །དུས་ལ་འཇུག་པ་ནི་སྒྲ་གང་ཞིག་གིས་འདས་པ་དང་ད་ལྟར་བྱུང་བ་དང་མ་འོངས་པ་སྟོན་པར་ནུས་པ་དག་གོ། །འབྱེད་སྡུད་གཞན་གཅོད་གཉིས་པ་དང་། ཞེས་བྱ་བ་ལ། འབྱེད་པ་དང་སྡུད་པ་ལ་སོགས་པ་སྟོན་པ་སྟེ། འབྱེད་ཅིང་སྡུད་པ་དང་སྡུད་ཅིང་འབྱེད་པ་དག་གོ། །དེ་དག་ནི་
ངོ་བོ་ཐ་དད་པ་ཡང་སྐབས་ཀྱི་བྱ་བ་སྡུད་པ་དང་ལྡན་ནོ། །འདི་ནི་དད་དང་ཡང་གི་སྦྱོར་བ་ཅན་ཏེ། ཁ་ཅིག་ནི་རྒྱུའི་དོན་དང་དུས་ཀྱི་བྱེ་བྲག་དང་གཞིའི་དོན་དང་སྨྲ་བ་འདེབས་པ་དང་རྩ་བ་བསྐང་བ་རྣམས་སུ་ཡང་བྱེད་དོ། །གང་འདི་ཡོད་ན་ཁྱད་པར་ཐ་མི་དད་པ་མེད་དོ། །སྡུད་པ་དག་གིས་ནི་བཤད་པར་བྱས་
པ་དང་འགྱུར་བ་དང་གཞན་དོན་ཡིན་པ་ནི་སྐབས་ཀྱི་མཐུས་ཡིན་གྱི་སྒྲས་ནི་མ་ཡིན་ནོ། །གཞན་གཅོད་པ་ཞེས་བྱ་བ་ནི་གཞན་འགེགས་པ་སྟེ། འདི་ནི་དགག་པ་དང་སྒྲུབ་པ་དག་དང་ཕྱོགས་རེ་རེ་མཐུན་པ་ཡིན་ཏེ། འདི་ནི་གང་ཞིག་གི་རྗེས་སུ་བརྗོད་ན་དེའི་མ་རིགས་སྤྱི་ཙམ་དུ་བསྡུས་པའམ། རིགས་གཅིག་

པའི་ཁྱད་པར་དག་སྔ་མ་ལས་གཞན་པ་འགེགས་པར་བྱེད་དེ། དེ་ཡང་ཁྱད་པར་གྱི་གཞི་ལ་དེ་བརྗོད་དེ། ཁྱད་པར་བརྗོད་ན་ཁྱད་པར་གྱི་གཞིའི་རིགས་སུ་བསྡུས་པ་གཞན་ལ་ཁྱད་པར་དེ་མེད་པར་སྟོན་ཏེ། དེ་ནི་གཞན་མི་ལྡན་པར་ངེས་བར་གཟུང་བ་ཞེས་བྱ་བའི་གཞན་གཅོད་པ་ཡིན་
ནོ། །གང་དག་གཞི་དང་ཁྱད་པར་ངོ་བོ་གཅིག་ཏུ་མི་འདུ་བ་དག་ཀྱང་ཡོད་པ་དང་ལྡན་པའི་སྒོ་ནས་གཞི་དང་། ཁྱད་པར་དུ་གཞི་ལ་ལྡན་པར་སྒྲུབ་པ་སྟེ། དེ་བརྗོད་ན་ནི་འབྲེལ་པ་ངེས་པར་འཛིན་ཅིང་མ་འབྲེལ་པ་རྣམ་པར་གཅོད་པར་བྱེད་དེ། དེ་དག་ནི་དཔེར་ན་སྔོན་པོ་ཁོ་ན་ཨུཏྤལ་ཡོད་
ཅེས་བརྗོད་ན་ཁྱད་བར་གཞན་གཅོད་དོ། །སྔོན་པོ་ཨུཏྤལ་ཁོ་ན་ལ་ཡོད་ཅེས་བརྗོད་ན་གཞི་གཞན་གཅོད་དོ། །སྔོན་པོ་ཨུཏྤ་ལ་ཡོད་པ་ཁོ་ན་ཞེས་བརྗོད་ན་སྔོན་པོ་ཨུཏྤལ་ལ་ཡོད་པ་ངེས་པར་བསྟན་པས་མེད་པ་དང་མ་འབྲེལ་པ་གཅོད་དེ། དེ་བཞིན་དུ་ཐ་དད་པ་དག་ལ་ཡང་བརྗོད་
དོ། །དེ་ལ་སྔ་མ་གཉིས་ལ་ནི་སྐབས་ཀྱིས་མ་ངེས་པར་འགྱུར་བ་ཡང་ཡོད་དོ། །མ་འབྲེལ་པ་གཅོད་པ་ནི་ཁྱད་པར་དང་གཞི་ཉིད་ལ་འགལ་བ་མེད་ན་བརྣན་པའི་ཚིག་གིས་མ་ངེས་པར་སྟོན་པའི་ནུས་པ་མེད་དོ། །སྤྱིར་བརྣན་པའི་རིགས་སུ་གཏོགས་པ་རྣམས་ཚིག་སྔ་མའི་ཁྱད་པར་
གཅད་པ་དང་། ངོ་བོ་གཅོད་པ་དང་ཐ་མི་དད་པར་སྦྱོར་བ་དག་སྐབས་ཀྱི་སྟོབས་ཀྱིས་ཤེས་པར་བྱའོ། །སྒྲ་ལས་ནི་ནུས་པ་མེད་དོ། །གཞན་ཡང་བརྣན་པའི་སྒྲ་ཚིག་གི་ཕྲད་དུ་མི་སླུ་བ་དག་ལ་འཇུག་པ་ཡང་ཡོད་དོ། །སྐབས་ཀྱི་མཐུས་ཡིན་ཏེ། བསྟན་པར་བྱ་བ་གང་ཞིག་ཁོ་ན་དང་ཉིད་ཀྱི་
ཚིག་གིས་བསྟན་ན་དོན་དེ་བདེན་པར་ཤེས་སོ། །དེ་ནི་ཚིག་གི་ཕྲད་དུ་འགོག་གོ། །གཉིས་པ་ཞེས་བྱ་བ་ནི་ཚིག་ཟུར་གཉིས་པའོ། །དེ་ནི་འདི་ལྟར་བྱེད་པ་དང་ལས་གཉིས་ཀར་འགྱུར་དུ་རུང་བལྟ་བུ་དང་། ཡིན་པ་དང་ཡོད་པ་གཉིས་ཀར་འགྱུར་དུ་རུང་བ་ལྟ་བུ་སྟེ། འདི་ལྟར་གཉིས་ཁོ་ན་ནི་མ་
ཡིན་ཏེ་གཞན་དང་གཉིས་ཞེས་བྱའོ། །གཅིག་གི་ཚིག་དང་གཉིས་ཀྱི་ཚིག །མང་པོའི་ཚིག་དང་རྟགས་ཅན་དང་། །ཞེས་བྱ་བ་ལ། གཅིག་ཏུ་སྟོན་པའི་ཚིག་ནི་གཅིག་གི་ཚིག་སྟེ། དེ་བཞིན་དུ་གཞན་ལ་ཡང་སྦྱར་རོ། །དེ་ནི་འདི་ལྟར་ཤིང་། ཤིང་དག །ཤིང་རྣམས་ཞེས་བྱ་

བ་སྟེ་གྲངས་སྟོན་པ་ཞེས་བྱ་བའི་ཚིག་གོ། །རྟགས་ཅན་ནི་རྟགས་ཡོད་པའི་ཚིག་སྟེ། ཕོ་དང་མོ་དང་མ་ནིང་གི་རྟགས་གང་ཞིག་དང་ལྡན་ན་དོན་གང་རྒྱ་ཆེ་བ་དང་། བྱ་བ་བྱེད་པ་དང་། སྡུད་པ་ལ་སོགས་པ་བྱེད་པ་དང་མི་བྱེད་བ་དག་གི་སྒྲ་མཚོན་པར་བྱེད་པ་
དག་གོ། །དེ་དག་དང་བཅས་པ་དང་འདྲེན་པ་དང་སྣང་བ་དང་ལྡན་པས་སོ། །མཐའ་ཡི་ཚིག་དང་དབུས་ཀྱི་ཚིག །ཅེས་བྱ་བ་ནི་གང་ཞིག་ལ་གང་ཞིག་ཡོད་ན་མཐའ་འདྲེན་པ་དང་དབུས་འདྲེན་ནུས་པའི་ཐ་ཚིག་ནི་མཐའ་དང་དབུས་ཀྱི་ཚིག་སྟེ། འདི་ལྟར་གཟུགས་ལ་སོགས་པ་ཞེས་བྱ་བ་དང་། གཟུགས་
ནས་རྣམ་པར་ཤེས་པ་ཞེས་པ་ལྟ་བུའོ། །ཉེ་དང་རིང་ལ་སྙེག་པ་དང་། མངོན་དུ་བ་དང་ལྐོག་ཏུ་གྱུར། །རབ་ཏུ་ལྐོག་ལ་སྙེག་པ་དང་། ཞེས་བྱ་བ་ནི་སྒྲ་གང་ཞིག་དོན་གང་ཉེ་བ་དང་། མངོན་དུ་གྱུར་པ་ལ་སྙེག་པར་བྱེད་པ་དང་གང་ཞིག་རིང་བ་དང་། ལྐོག་དང་ཤིན་ཏུ་
ལྐོག་ཏུ་གྱུར་པ་ལ་སྙེག་པར་བྱེད་པ་ཞེས་སྦྱར་བའོ། །དེ་ལ་དོན་ཉེ་བ་ནི་ཡུལ་ཐག་ཉེ་བ་སྟེ། གང་ཞིག་ལ་ལྟོས་ནས་འདི་ཐག་ཉེ་བའོ། །ཡུལ་གང་ཤེས་པའི་མངོན་སུམ་དུ་གྱུར་པ་ནི་མངོན་དུའོ། །དོན་འདིར་གྱུར་པ་ནི་བཤད་པའམ། འཆད་པའམ་གཞན་ཡང་རུང་སྟེ་འདིའོ་ཞེས་
བྱ་བར་བརྗོད་དོ། །རིང་བ་ནི་ཡུལ་ཐག་རིང་བ་སྟེ། གང་ཞིག་ལ་ལྟོས་ནས་དེ་ཐག་རིང་བ་ཞེས་བརྗོད་པའོ། །ལྐོག་ཏུ་གྱུར་པ་ནི་མངོན་དུ་བྱར་མི་ནུས་པའོ། །རབ་ཏུ་ལྐོག་ཏུ་གྱུར་པ་ནི་ལོ་རྒྱུས་མ་ཡིན་པས་ཤེས་པར་མི་ནུས་པ་སྟེ། དེ་དག་ལྐོག་ཏུ་གྱུར་པས་དེ་ཞེས་བྱ་བ་བརྗོད་དོ། །དེ་
ཡང་ངོ་བོ་ཉིད་དུ་དུས་དང་ཐ་སྙད་ཀྱི་དབྱེ་བས་འདྲེན་པ་མི་འདྲ་བར་འགྱུར་ཏེ། ངོ་བོ་ཉིད་སྟོན་བའི་ཚེ་ན་ནི་ཐག་རིང་བ་ཡུལ་གང་བདག་དང་མ་འབྲེལ་པ་དང་། བདག་གང་ཞིག་གིས་བཞག་ན་དེ་དང་འབྲེལ་པ་གཞན་དང་། མི་བརྗོད་པར་མི་ནུས་པ་དང་ངོ་བོ་ཉིད་བདེན་པ་དག་ལ་ཡང་
འཇུག་པར་བྱེད་དེ། འདི་ལྟར་འབྲེལ་པའམ་མ་འབྲེལ་པ་དག་འབྲེལ་པ་ནི་སྐྱེས་བུ་གཞན་དང་སྐྱེས་བུ་གཞན་ནོ། །དེའི་སྐྱེས་བུ་བྱ་བས་བརྗོད་པ་ལྟ་བུའོ། །མིང་བརྗོད་པར་མི་ནུས་པ་ནི་གསང་བར་འོས་པ་མི་སྟོན་པར་འདོམས་པ་ནི་དེ་མ་སྟོན་ཅིག་ཅེས་བརྗོད་པ་ལྟ་བུའོ། །ངོ་བོ་

ཉིད་བདེན་པ་ལ་འཇུག་པ་ནི་འདི་ཉིད་བདེན་པ་ཡིན་པ་ལ་དེ་ཁོ་ན་ཞེས་བྱ་བས་བརྗོད་པ་སྟེ། དེ་དག་ནི་ཚིག་གི་ཕྲད་དུ་འདོད་དོ། །དེ་ལྟར་ན་དངོས་པོ་བདེན་པ་དང་གསང་བ་དང་བདག་གི་བ་དང་ཕ་རོལ་པོ་ལ་འཇུག་པར་བྱེད་པ་ན་དེ་ཞེས་བྱ་བ་འདི་དག་དུས་གསུམ་ཆར་མི་སེལ་ཏོ། །
གལ་ཏེ་བསྟན་པར་བྱ་བ་དུས་ཉིད་ཡིན་ཏེ། དུས་ཅན་ལ་ནི་ད་ལྟར་སེལ་ཏོ། །དུས་ཅན་ཡིན་ན་བདག་ཉིད་སེལ་ཏེ། དུས་དང་དངོས་པོ་ལ་འཇུག་པའི་སྟོབས་ཀྱིས་ཕྱེ་བ་ནི་ཚིག་གི་ཕྲད་དུ་འགོག་པའི་ཕྱིར་དུས་སེལ་བར་མི་འགྱུར་རོ། །འདིར་ནི་གང་ཐ་སྙད་ཀྱི་དབང་དུ་
བརྗོད་པ་འདས་པ་དང་། རྣམ་གྲངས་གཞན་ལ་བརྗོད་པ་ཡང་རུང་སྟེ། གང་ཞིག་གི་སྐབས་སུ་བསྟན་པར་བྱ་བའི་དོན་ཡོད་པ་དང་ཚིག་ལྷག་མ་དང་བཅས་པར་འགྱུར་པ་གཟུང་ངོ་། །དེ་ལ་འདས་པ་ནི་སྔར་བརྗོད་པ་སྟེ། དེ་ཡང་འདས་མ་ཐག་པ་དང་། ལན་གྲངས་གཞན་ལ་བརྗོད་
པ་ཡང་རུང་སྟེ། གང་ཞིག་གི་སྐབས་སུ་བསྟན་པར་བྱ་བའི་དོན་གང་ཞིག་ཡིན་པ་ནི་དེ་ཞེས་བྱ་བས་སྟོན་པར་རིག་པར་བྱའོ། །འདྲི་དང་ལན་གྱི་ཚིག་དང་ནི། །བདག་དང་གཞན་དང་སྦྱོར་བའི་ཚིག །ཅེས་བྱ་བ་ལ། འདྲི་བའི་ཚིག་ནི་གང་དང་། ཇི་ལྟར་དང་། གང་ཞེ་ན།
གང་གི་ཕྱིར་ཞེ་ན། གང་གི་ཞེས་པ་ལ་སོགས་པ་སྟེ། དྲི་བར་བྱས་ནས་གང་ཞིག་གི་ཚིག་རྣམ་པར་སྦྱར་ཞིང་མཇུག་སྡུད་པའི་ལན་དུ་འགྱུར་རོ། །བདག་གི་ཚིག་ནི་ཡིན་བྱེད་ཀྱི་མཐའ་ཅན་དང་བྱེད་པའི་རྐྱེན་ལ་སོགས་པ་དག་གི་ངོ་བོར་སྟོན་པས་བརྗོད་པའོ། །གཞན་གྱི་
ཚིག་ནི་དོན་གཞན་དང་འབྲུ་མང་པོ་ལ་སོགས་པ་ཚིག་རང་གི་དོན་མི་སྟོན་པ་རྣམས་ཀྱིས་བརྗོད་པའོ། །སྦྱོར་བའི་ཚིག་ནི་ཚིག་རྣམ་པར་སྦྱར་བ་ཐམས་ཅད་དེ། འདི་ལྟར་མིང་གང་ལ་ཡིན་པས་སྦྱར་བ་དང་། ཡོད་པས་སྦྱར་བ་དང་། དེ་ལ་ཕན་པས་སྦྱར་བ་དང་། བྱེད་པས་
སྦྱར་བ་དང་། ལས་ཀྱིས་སྦྱར་བ་དང་། འདྲ་བས་སྦྱར་བ་དང་། ངོ་བོས་སྦྱར་བ་དང་། དངོས་པོའི་རྐྱེན་གྱིས་སྦྱར་བ་ལྟ་བུས་མིང་དེ་རྣམ་པར་སྦྱར་ཏེ། དེ་ལ་ཇི་ལྟར་ཞེ་ན། འདི་ལྟར་ཡིན་པས་སྦྱར་བ་ནི་ཡིན་པར་སྦྱར་བ་སྟེ། དེ་བཞིན་དུ་གཞན་ལ་ཡང་བརྗོད་པར་བྱའོ། །

དེ་ལ་ཡིན་པར་སྦྱར་བ་ནི་དཔེར་ན་སྐྱེས་བུ་འདིའི་མིང་ལྷས་བྱིན་ཞེས་བྱའོ་ཞེས་པ་ལྟ་བུའོ། །ཡོད་པར་སྦྱར་བ་ནི་དཔེར་ན་སྐྱེས་བུ་འདི་ལ་བརྟུལ་བ་ཡོད་པས་འདིའི་མིང་བརྟུལ་བ་ཞེས་བྱའོ་ཞེས་པ་ལྟ་བུའོ། །དེ་ལ་ཕན་པར་སྦྱར་བ་ནི་དཔེར་ན་སྐྱེས་བུ་འདི་དོན་
གྲུབ་པ་ལ་ཕན་པའི་མཐུ་ཉེ་བར་སྒྲུབ་པ་ཡིན་པས་འདིའི་མིང་དོན་གྲུབ་ཅེས་བྱའོ་ཞེས་པ་ལྟ་བུའོ། །བྱེད་པར་སྦྱར་བ་ནི་དཔེར་ན་སྐྱེས་བུ་འདི་མི་རྣམས་དགའ་བར་བྱེད་བ་ཡིན་པས་འདིའི་མིང་དགའ་བོ་ཞེས་བྱའོ། །ཞེས་པ་ལྟ་བུའོ། །ལས་སུ་སྦྱར་བ་ནི་དཔེར་ན་སྐྱེས་བུ་འདི་ལ་མི་རྣམས་ཀྱིས་ཉེ་བར་བསྔགས་
པ་ཡིན་པས་འདིའི་མིང་ཉེ་བར་བསྔགས་པ་ཞེས་བྱའོ་ཞེས་པ་ལྟ་བུའོ། །འདྲ་བར་སྦྱར་བ་ནི་དཔེར་ན་སྐྱེས་བུ་འདི་ལྷ་དང་འདྲ་བ་ཡིན་པས་འདིའི་མིང་ལྷ་ཞེས་བྱའོ་ཞེས་པ་ལྟ་བུའོ། །ངོ་བོར་སྦྱར་བ་ནི་སྐྱེས་བུ་འདི་སྐྱེས་བུ་ཡིན་པས་འདིའི་མིང་སྐྱེས་བུ་ཞེས་པ་ལྟ་བུའོ། །དངོས་པོའི་རྐྱེན་དུ་
སྦྱར་བ་ནི་སྐྱེས་བུའི་དངོས་པོ་འདི་སྐྱེས་བུ་ཉིད་ཡིན་པས་འདིའི་མིང་སྐྱེས་བུ་ཉིད་དོ། །དེ་ལྟར་ཚིག་རྣམ་པར་སྦྱར་བ་དེ་རྣམས་ཀྱི་ནང་དུ་ནི་སྔར་བསྟན་པ་ཀུན་ཀྱང་འདུ་བས་མིང་གང་ཡང་དེ་དག་ཏུ་རྣམ་པར་སྦྱར་ཞིང་གང་ཞིག་ཏུ་མཇུག་བསྡུ་བར་བྱའོ། །དེ་རྣམས་ཀྱང་ཁ་ཅིག་ནི་དེ་དག་ཏུ་སྟོན་
པའི་རྐྱེན་གྱི་ཡི་གེ་དང་ལྡན་ནོ། །ཁ་ཅིག་ནི་སྐབས་ཀྱི་སྟོབས་ཀྱིས་སོ། །དེ་ལྟར་ན་སུམ་ཅུ་རྩ་ལྔ་སྟེ། རྒྱས་པ་དང་བསྡུས་པ་དག་ནི་མ་ངེས་པ་དང་། གང་ཡང་སྒྲ་དག་ནི་འདི་ཙམ་ཁོ་ན་ཞེས་ངེས་པར་གཟུང་བ་ནི་མེད་དེ། གཟུངས་དང་སྤོབས་པ་མི་ཟད་པ་དང་། སོ་སོའི་སྐྱེ་བོའི་
ཡུལ་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་འདིར་བསྟན་པ་སུམ་ཅུ་རྩ་ལྔའོ་ཞེས་སོ། །དེ་དག་ནི་བྱེད་པའི་ཚིག་དང་ལྡན་པས་བྱེ་བྲག་ཏུ་སྟོན་པས་དུས་བྱེད་པ་དང་ལྡན་པ་ཡིན་ནོ། །མདོར་ན་སྐབས་ཀྱི་མཐུ་དང་ལྡན་པ་དག་ནི་བསྡུས་ནས་རྟོགས་པར་འགྱུར་རོ། །བྱེད་པའི་ཚིག་དང་ལྡན་པ་
དག་གིས་ནི་མི་ལྡན་པ་དག་ཀྱང་རྟོགས་པར་འགྱུར་རོ། །དུས་ཀྱིས་འདོམ་པ་སེལ་བ་དེ་དག་ཀྱང་གཞན་གཅོད་པའི་ཚིག་དང་ལྡན་ན་ཁྱད་པར་གྱི་སྒྲར་འགྱུར་ཏེ། རང་དང་ཉིད་ལྟ་བུ་ནི་མཐུན་པའི་ཐུན་མོང་མི་སྲིད་པའི་ཕྱིར། དེ་དང་ལྡན་ན་རང་འབའ་ཞིག་གམ་ཁྱད་པར་དུ་

འགྱུར་རོ། །དེ་མི་ལྡན་པ་དག་ནི་ཐུན་མོང་དག་ཀྱང་སྲིད་པའི་ཕྱིར་ཁྱད་པར་ཉིད་དུ་སྟོན་པའི་ནུས་པ་མེད་དོ། །དུས་ཀྱི་འདོམ་པ་སེལ་བ་ཞེས་བྱ་བ་སྦྱོར་བ་གཉིས་པ་རྫོགས་སོ།། །།ད་ནི་བསལ་བ་དེ་དག་གི་དགོས་ཆེད་བསྟན་པའི་ཕྱིར། རིགས་དང་
དུས་བསལ་བྱས་ནས་ནི། །བསྟན་བྱ་གང་ཞིག་སྟོན་པ་དེ། །དེ་ནི་ཆེད་དུ་འདོད་པ་ཡིན། །ཞེས་སྨོས་ཏེ། དེ་ལ་སྒྲ་དེ་དག་རང་གི་ཚིག་གི་དོན་ཇི་ལྟ་བུ་སྟོན་པ་དག་གིས་གཞན་བསལ་ཏེ། དོན་དེ་དག་ཉིད་བསྟན་པ་ནི་ཆེད་ཡིན་ཏེ། དེ་ནི་སྒྲ་སྦྱར་བའི་དགོས་པ་ཡིན་ནོ། །
དེའི་དབྱེ་བ་ནི་དུས་སེལ་བའི་སྒྲ་ཡིན་པར་ཤེས་པར་བྱའོ། །ཆེད་དུ་བྱ་བའི་སྦྱོར་བ་ཞེས་བྱ་བ་གསུམ་པ་རྫོགས་སོ།། །།སྦྱོར་བ་བཞི་པ་བསྟན་པའི་ཕྱིར། ཇི་སྙེད་དོན་གྱི་སྦྱོར་བ་ནི། །གང་ལ་འཇུག་པ་བསྟན་པ་ནི། །གང་གིས་སྟོན་པའི་ཡི་གེ་དེ། །དེ་ནི་
མིང་དུ་བཏགས་པ་ཡིན། །ཞེས་གསུངས་ཏེ། མིང་དུ་བཏགས་པ་ནི་སྔོན་གྱི་སློབ་དཔོན་གྱིས་དེ་ལྟར་སྟོན་པའི་སྦྱོར་བ་དེའི་མིང་ནི་དེ་སྐད་ཅེས་བྱའོ། །མིང་ཇི་སྙེད་ཡིན་པ་ནི་སྔར་བསྟན་པའི་མིང་དག་ཡིན་ནོ། །མིང་དུ་བཏགས་པའི་སྦྱོར་བ་ཞེས་བྱ་བ་བཞི་བ་རྫོགས་སོ།། །།
གང་ཞིག་རྣམ་སྨིན་རྣམ་བྲལ་རྣམ་པའི་ཤེས་པས་མི་རེག་ཅིང་། །བརྗོད་མིན་བརྗོད་དང་ལྡན་མིན་བརྗོད་པས་རེག་མིན་ཀྱང་། བརྡ་རུ་བཏགས་པས་བརྗོད་པ་གསལ་ཏེ་དེ་ཉིས་རྣམ་པ་བརྗོད་གྱུར་ནས། །རྣམ་པའི་ཤེས་པས་རྣམ་བྲལ་ཁོང་དུ་ཆུད་ལ་ཕན་པ་འདི་གཟིགས་
ཏེ། །ཐུབ་དབང་སྲས་དང་བཅས་པས་སྐྱེ་བོ་མཐུན་པར་བཏགས་པ་བསྟན་པར་མཛད། །གདགས་པས་བརྒྱུད་ཕྱིར་ཐ་སྙད་གཟུགས་ཀྱིས་བསྟན་དེ་སྟོན་པ་དག། །སྐྱེ་བོ་གྲགས་སོ་ཤིན་ཏུ་འཁྲུལ་པས་ཁྲིད་པ་རྣམས། །དོན་ལ་རྣམ་པས་འཛིན་ཅིང་རྣམ་པ་བརྗོད་འཛིན་
པ། །བརྗོད་པ་མིང་དུ་བཏགས་འཛིན་ཐ་སྙད་དེ་ལ་གཟུགས་སུ་རྟོག །ཐ་སྙད་འཇུག་པ་ཙམ་ཡང་མེད་པ་དག །བྱིས་པ་ཀུན་དང་ཐུན་མོང་འདི་བྱས་པས། །དེ་དག་སྒྲ་དང་དོན་ལ་མཁས་གྱུར་ཏེ། །རྣམ་བྲལ་བརྗོད་མེད་དོན་ལ་འཇུག་གྱུར་ཅིག། །སྨྲ་བ་ཐམས་

ཅད་ལ་འཇུག་པ་ཞེས་བྱ་བའི་སྒྲའི་བསྟན་བཅོས་ཀྱི་འགྲེལ་པ་སྦྱོར་བ་བཞི་དང་ལྡན་པ་སློབ་དཔོན་ཆེན་པོ་སུ་བྷཱ་ཥ་ཀཱི་རྟིས་ངོ་བོ་གཅིག་ཏུ་བརྗོད་པའི་གཞུང་དུ་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། པྲ་ཡོ་ག་མུ་ཁ།
བྲྀཏྟི། བོད་སྐད་དུ། །རབ་ཏུ་སྦྱོར་བའི་སྒོའི་འགྲེལ་པ། འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ། །སྒྲའི་རབ་ཏུ་སྦྱོར་བ་ཇི་སྙེད་པ་བཞིན་དུ་བརྗོད་པ་ཤེས་པར་འདོད་པ་དེས་དང་པོར་སྒྲའི་གནས་བྱེད་པ་པོ་ཤེས་པར་བྱའོ། །དེ་ལ་བྱེད་པ་ཞེས་བྱ་བ་ནི་རྣམ་པ་དྲུག་སྟེ། བྱེད་
པ་པོ་དང་། ལས་དང་། བྱེད་པ་དང་། ཡང་དག་པར་སྦྱིན་པ་དང་། གང་ལས་འོངས་པ་དང་། གནས་གཞི་ཞེས་བྱ་བའོ། །ཡང་དེ་དག་ཀྱང་དབྱེ་ན་ཉི་ཤུ་རྩ་གསུམ་དུ་འགྱུར་ཏེ། གང་ཞེ་ན། བྱེད་པ་པོ་ནི་རྣམ་པ་ལྔ། ལས་ནི་རྣམ་པ་བདུན། བྱེད་པ་ནི་རྣམ་པ་གཉིས།
ཡང་དག་པར་སྦྱིན་པ་ནི་རྣམ་པ་གསུམ། གང་ལས་འོངས་པ་ནི་རྣམ་པ་གཉིས། གནས་གཞི་ནི་རྣམ་པ་བཞིའོ། །བྱེད་པ་པོ་རྣམ་པ་ལྔ་གང་ཞེ་ན། རང་དབང་གི་བྱེད་པ་པོ་དང་། རྒྱུའི་བྱེད་པ་པོ་དང་། ལས་ཀྱི་བྱེད་པ་པོ་དང་། མ་བརྗོད་པའི་བྱེད་པ་པོ་དང་། བརྗོད་པའི་བྱེད་
པ་པོའོ། །དེ་ལ་རང་དབང་གི་བྱེད་པ་པོ་ནི་ཇི་ལྟར་བསོད་ནམས་ལ་བྱེད་པ་ནི་དད་པ་དང་། བྱམས་པ་ལ་བྱེད་པ་ནི་དགེ་བའི་སེམས་དང་། རིག་པ་ལ་བྱེད་པ་ནི་བློ་དང་། དཔལ་ལ་བྱེད་པ་ནི་བརྩོན་འགྲུས་དང་། ཡོན་ཏན་ལ་ཐོབ་པར་བྱེད་པ་ནི་ལེ་ལོ་མེད་པ་སྟེ། དེ་རྣམས་ནི་རང་དབང་
གི་བྱེད་པ་པོ་ཞེས་བྱའོ། །རྒྱུའི་བྱེད་པ་པོ་ནི་ཇི་ལྟར་བདེ་བ་ལ་རྙེད་པ་ནི་བསྙེན་བཀུར་རྣམས་སོ། །བརྟེན་པ་དེ་རྣམས་ལ་བརྟེན་པས་སྐུལ་བ་ནི་ཕན་པ་རྟེན་པའི་བརྟེན་པ་དེའི་སྐུལ་ལ་པ་ནི་རྒྱུའི་བྱེད་པ་པོ་དག་གོ། །ལས་ཀྱི་བྱེད་པ་པོ་ནི་ཇི་ལྟར་བདག་ཉིད་ཀྱིས་སྐྱེ་བོ་གསོད་པའི་སྐྱོན་
མཐོང་ན་བདག་ཉིད་ཡོངས་སུ་སྡུག་བསྔལ་བར་བྱེད་པ་དགེ་བའི་བློ་དང་། བདག་ཉིད་ཀྱིས་སྐྱེ་བོ་ཕལ་པ་ལ་ཞེན་པ་གཅོད་པ་དག་སྟེ། ལས་ལྟ་བུའི་ལས་ཀྱི་བྱེད་པ་པོ་འདྲ་བ་ཞེས་བྱ་བས། ལས་ཀྱི་བསྡུ་བར་འགྱུར་བར་བསྟན་པ་ལས་དངོས་སུ་ལས་དག་རྟག་ཏུ་བདག་གི་ཚིག་

ཅན་གྱི་སྐད་ཀྱི་དབྱིངས་སུ་འགྱུར་རོ། །མ་བརྗོད་པའི་བྱེད་པ་པོ་ནི་ཇི་ལྟར་དགེ་བ་རྣམས་ཀྱིས་གཞན་གྱི་དོན་བྱེད་པའོ། །བརྗོད་པའི་བྱེད་པ་པོ་ནི་ཇི་ལྟར་གཞན་གྱི་དོན་བྱེད་པ་ནི་དགེ་བའོ། །ལས་རྣམ་པ་བདུན་གང་ཞེ་ན། རང་ཉིད་འདོད་པའི་ལས་དང་། རང་མི་འདོད་པའི་ལས་དང་། རང་
འདོད་པ་ཡང་མ་ཡིན། མི་འདོད་པ་ཡང་མ་ཡིན་པའི་ལས་དང་། མ་སྨྲས་པའི་ལས་དང་། བྱེད་པའི་ལས་དང་། བརྗོད་པའི་ལས་དང་། མ་བརྗོད་པའི་ལས་རྣམས་སོ། །རང་ཉིད་འདོད་པའི་ལས་ནི་ཇི་ལྟར་སངས་རྒྱས་ཀྱི་ཆོས་ཤེས་པར་དཀའ་བ་ལ་ཡང་དད་པས་སེམས་རྣམ་
པར་གྲོལ་བར་བྱེད་པ་ནི་རང་འདོད་པའི་ལས་ཞེས་བྱའོ། །རང་མི་འདོད་པའི་ལས་ནི་ཇི་ལྟར་བུད་མེད་ཁྲོས་པས་དུག་ལ་ཟ་བ་དང་། སྐྱེས་བུ་མི་ཤེས་པས་ལམ་ཚོར་མ་ཅན་ལ་རྐང་པ་འཇོག་པ་དང་། མི་ཤེས་པས་སྤྲུལ་ལ་བཟུང་བ་ལྟ་བུ་ནི་ཅི་ཞིག་འདོད་པས་བདག་ཉིད་གསོད་པ་ལྟ་བུ་སྟེ།
རང་ཉིད་མི་འདོད་པའི་ལས་ཞེས་བྱའོ། །རང་འདོད་པ་ཡང་མ་ཡིན། མི་འདོད་པ་ཡང་མ་ཡིན་པའི་ལས་ནི་ཇི་ལྟར་བྱིས་པ་མི་ཤེས་པས་འོ་ཐུག་རྡུལ་ཅན་འཐུང་བ་ལྟ་བུ་ནི་རང་ཉིད་འདོད་པ་ཡང་མ་ཡིན། མི་འདོད་པ་ཡང་མ་ཡིན་པའི་ལས་ཞེས་བྱའོ། །མ་སྨྲས་པའི་ལས་ནི་ཇི་ལྟར་བ་
ལས་འོ་མ་འཇོ་བ་ནི་བ་ལང་རྫི་དང་། མཆོད་སྦྱིན་ལ་ལ་སྲེག་པ་ལྷས་བྱིན་དང་། བ་ལང་ལ་སྐྱོང་དུ་འགྲོ་བ་བ་ལང་རྫི་དང་། མཁན་པོ་ལ་བསྟན་བཅོས་ཞུ་བ་ནི་བྲམ་ཟེའི་ཁྱེའུ་དང་། ཕྱུག་པོ་ལ་གསེར་སློང་བ་བྲམ་ཟེ་དང་། ཤིང་རྣམས་ལ་འབྲས་བུ་འཐོག་པ་ཁྱེའུ་དང་། སློབ་མ་ལ་
ཆོས་སྨྲ་བ་སློབ་དཔོན་དང་། བུ་ལ་བསྟན་བཅོས་རྗེས་སུ་སྟོན་པ་མཁན་པོ་ལྟ་བུ་ནི་མ་སྨྲས་པའི་ལས་ཞེས་བྱའོ། །བྱེད་པའི་ལས་ནི་ཇི་ལྟར་སློབ་མ་ལ་དྲུང་དུ་འོང་བར་བྱེད་པ་ནི་སློབ་དཔོན་ཞེས་པ་ལྟ་བུའོ། །འགྲོ་བ་དང་སློབ་པ་དང་སོ་སོར་གནས་བ་རྣམས་ཀྱི་སྒྲའི་དོན་ལས་
རྣམས་བྱེད་པའི་རྐྱེན་ཅན་ཞེས་བྱ་བ་ནི་ལས་ཀྱི་མིང་ངོ་། །བརྗོད་པའི་ལས་ནི་ཇི་ལྟར་ལྷས་བྱིན་གྱི་བྱ་བ་རྩྭའི་སྟན་ལྟ་བུའོ། །མ་བརྗོད་པའི་ལས་ནི་ཇི་ལྟར་སྟན་ལས་བྱེད་པ་ནི་ལྷས་བྱིན་ཞེས་བ་ལྟ་བུའོ། །བྱེད་པ་རྣམ་པ་གཉིས་གང་ཞེ་ན། ཕྱི་རོལ་གྱི་བྱེད་པ་དང་། ནང་གི་བྱེད་པ་

པའོ། །ཕྱི་རོལ་གྱི་བྱེད་པ་ཇི་ལྟ་བུ་ཞེ་ན། གང་ལུས་ཀྱི་ཡན་ལག་ལས་ཕྱི་རོལ་དུ་གྱུར་པ་སྟེ། ཇི་ལྟར་ཞིང་ལ་ཟོར་བས་རྔ་བ་ནི་མི་ལྟ་བུ་དང་། ཤིང་ལ་སྟ་རེས་གཅོད་པ་ནི་ལྷས་བྱིན་ལྟ་བུའོ། །ནང་གི་ནི་ལུས་ཀྱི་ཡན་ལག་ལ་གནས་པ་སྟེ། དཔེར་ན་ལྷས་
བྱིན་ཡིད་ཀྱིས་པ་ཏ་ལའི་གྲོང་ཁྱེར་དུ་འགྲོ་བ་དང་། མིག་གིས་གཟུགས་ལ་འཛིན་པ་ལྟ་བུ་སྟེ། བྱེད་པ་ཞེས་པ་ནི་ཤིན་ཏུ་སྒྲུབ་པར་བྱེད་བ་ཞེས་བྱའོ། །གསུམ་པ་བྱེད་པ་པོ་དང་བྱེད་པའི་གསུམ་པ་དག་གོ། །ཡང་དག་པར་སྦྱིན་པ་རྣམ་པ་གསུམ་གང་ཞེ་ན། སློང་བ་དང་།
རྗེས་སུ་བྱེད་པ་དང་། སློང་བ་མེད་པ་རྣམས་ལའོ། །སློང་བ་ལ་ནི་ཇི་ལྟར་བྲམ་ཟེ་ལ་བ་ལང་སྦྱིན་པ་ནི་ཆོས་དང་ལྡན་པའོ། །བྲམ་ཟེ་སློང་བ་རྙེད་པ་དེའི་ཕྱིར་སློང་བ་ལ་ཞེས་བརྗོད་དོ། །རྗེས་སུ་བྱེད་པ་ནི་ཇི་ལྟར་འགྲོན་པོའི་ཕྱིར་ཤིང་སྦྱིན་པའི་ཚུལ་ཏེ། དེ་དག་གི་ཕྱིར་མ་བསླངས་
པར་འགྲོན་གྱིས་ཤིང་གི་རྩ་བ་ཁྱེར་བ་ནི་སེམས་ཀྱིས་རྗེས་སུ་བྱེད་པ་ཞེས་བརྗོད་དོ། །སློང་བ་མེད་པ་ནི་ཇི་ལྟར་མཆོད་རྟེན་ལ་མེ་ཏོག་འབུལ་བའི་སྐྱེས་བུ་ལྟ་བུའོ། །གང་མངོན་པར་སློང་བ་ལ་ཡང་དག་པར་སྦྱིན་པའི་ལས་ནི་ཡང་དག་པར་སྦྱིན་པ་སྟེ། བཞི་པ་ཡང་དག་པར་སྦྱིན་པ་ནི་ཡང་
དག་པར་སྦྱིན་པའོ། །གང་ལས་འོངས་པ་རྣམ་པ་གཉིས་གང་ཞེ་ན། གཡོ་བ་དང་མི་གཡོ་བ་དག་ལས་སོ། །གཡོ་བ་ལས་ནི་ཇི་ལྟར་རྟ་བརྒྱུགས་པ་ལས་ལྟུང་བ་ནི་རྟ་པའོ། །གླང་པོ་བརྒྱུགས་པ་ལས་ལྟུང་བ་ནི་ལྕགས་ཀྱུ་འཛིན་པ་ཞེས་པ་ལྟ་བུའོ། །མི་གཡོ་བ་ལས་ནི་ཇི་ལྟར་
གྲོང་ལས་འོངས་པ་ནི་ལྷས་བྱིན་དང་། རི་ལས་བབས་པ་ནི་དྲང་སྲོང་ཆེན་པོ་རྣམས་དང་། མཐོ་རིས་ལས་བབས་པ་ནི་ལྷ་ཞེས་པ་ལྟ་བུ་སྟེ། བསྟན་པ་ལས་འོངས་པ་ནི་ལམ་གང་ལས་འོངས་པ་སྟེ། གང་ལས་འོངས་པ་ནི་ལྔ་པའོ། །གནས་གཞི་རྣམ་པ་བཞི་གང་ཞེ་ན། ཁྱབ་པའི་
གནས་གཞི་དང་། ཉེ་བར་བརྟན་པའི་དང་། འདུག་གནས་ཀྱི་དང་། ཉེ་བའི་གནས་གཞིའོ། །ཁྱབ་པའི་ནི་ཇི་ལྟར་ཏིལ་མར་ནི་ཏིལ་རྣམས་ལ་ཁྱབ་པ་ལྟ་བུའོ། །ཉེ་བར་བརྟེན་པའི་ནི་ཇི་ལྟར་སྟན་ལ་བརྟེན་པ་ནི་སྐྱེས་བུ་དང་། ཤིང་རྟ་ལ་བརྟེན་པ་ནི་བྲམ་ཟེ་དང་། རྟེན་ལ་བརྟེན་པ་ནི་དྲང་

སྲོང་ཞེས་པ་ལྟ་བུའོ། །འདུག་གནས་ཀྱི་གནས་གཞི་ནི་ཇི་ལྟར་ནགས་ལ་གནས་པ་ནི་སེང་གེ་ལྟ་བུ་དང་། གནས་ལ་གནས་པ་ནི་ཐུབ་པ་ལྟ་བུའོ། །ཉེ་བའི་གནས་གཞི་ནི་ཇི་ལྟར་ཆུ་ཀླུང་ལ་གནས་པ་ནི་བ་ལང་ལྟ་བུ་སྟེ། གནས་ཀྱི་གཞི་བྱེད་པ་ནི་གནས་གཞི་སྟེ། བདུན་པ་གནས་གཞི་ནི་གནས་གཞིའོ། །གང་འདི་བྱེད་པ་ཞེས་
སྨོས་པས་བྱེད་པ་པོར་འགྱུར་ཏེ། འདི་ལྟར་བྱ་བ་བྱེད་པ་ནི་བྱེད་པ་པོ་ཞེས་བྱེད་པར་འགྱུར་བས་བྱེད་པ་པོ་སྨོས་ཅི་དགོས་ཤེ་ན། གཞན་ལས་དང་བྱེད་པ་དང་། ཡང་དག་པར་སྦྱིན་པ་དང་། གང་ལས་འོངས་པ་དང་། གནས་གཞི་ཞེས་བྱ་བ་རྣམས་ཀྱི་བྱེད་པ་པོ་རྣམས་ནི་ཇི་ལྟར་འགྲུབ་པར་
འགྱུར། དེ་རྣམས་ལ་ཡང་ཐམས་ཅད་ལ་བྱེད་པ་པོ་ནི་བརྗོད་དོ། །གང་ལས་ཤེ་ན། རང་དབང་བརྗོད་པར་འདོད་པ་ཡིས། །ཞེས་པ་སོ་སོའི་བྱེད་པ་པོ་གང་རང་དབང་གི་བརྗོད་པར་འདོད་པས་བྱེད་པ་པོ་དེ་ཐམས་ཅད་བརྗོད་པ་ཡང་འགྲུབ་བོ། །དེ་ལ་བརྗོད་པའི་བྱེད་པ་པོ་ནི་དང་པོ་ཉིད་དུ་བྱ་སྟེ། ཇི་
ལྟར་ལྷས་བྱིན་འབྲས་ཆན་འཚེད་དོ་ཞེས་པ་དང་། ལྷས་བྱིན་རྩྭ་ཡིས་སྟན་བྱེད་ཅེས་པ་ལྟ་བུའོ། །མ་བརྗོད་པའི་བྱེད་པ་པོ་ནི་རྣམ་པ་གཉིས་ཏེ། གསུམ་པ་དང་དྲུག་པ་ཞེས་པའི་དོན་ཅི་ཞེ་ན། མ་བརྗོད་པའི་བྱེད་པ་པོ་རྣམ་པར་དབྱེ་བ་གཉིས་སུ་འགྱུར་ཏེ། གསུམ་པ་ནི་ཇི་ལྟར་ལྷས་བྱིན་གྱིས་འབྲས་ཆན་
འཚོད་པ་ལྟ་བུ་སྟེ། གསུམ་པ་ཞེས་པ་ནི་བྱེད་པ་པོ་དང་བྱེད་པ་དག་ནི་གསུམ་པའོ། །དྲུག་པ་ནི་ཇི་ལྟར་འཇིག་རྟེན་ཕ་རོལ་གྱིས་འཇིགས་པས་ཆོས་སྤྱོད་པ་ལྟ་བུ་སྟེ། བྱ་བ་བྱེད་པ་རྣམས་ནི་དྲུག་པའོ། །དེ་བཞིན་དུ་བརྗོད་པའི་ལས་ཀྱང་རྣམ་པར་དབྱེ་བ་སྔ་མ་བཞིན་ཞེས་བྱ་བའི་དོན་ཇི་ལྟ་བུ་ཞེ་ན།
ཇི་ལྟར་བརྗོད་པའི་བྱེད་པ་པོ་དང་པོ་ཉིད་དུ་འགྱུར་པ་དེ་བཞིན་དུ་བརྗོད་པའི་ལས་ཀྱང་དང་པོ་ཉིད་དུ་འགྱུར་ཏེ། ཇི་ལྟར་འབྲས་ཆན་འཚེད་པ་ལྷས་བྱིན་ཞེས་པ་དང་། བྱཱ་ཀ་ར་ཎ་བྱེད་པ་ནི་པཱ་ཎི་ནི་ལྟ་བུའོ། །དེ་བཞིན་དུ་བརྗོད་པའི་ལས་ཀྱང་དང་པོ་ཉིད་དུ་རིག་པར་བྱ་སྟེ། ཇི་ལྟར་ལྷས་བྱིན་གྱིས་
འབྲས་ཆན་འཚེད་པ་དང་། ལྷས་བྱིན་གྱིས་ཁུར་ཁྱེར་བ་ཞེས་པ་ལྟ་བུའོ། །མ་བརྗོད་པའི་ལས་ནི་དང་པོ་བོར་བ་དང་། དེ་བཞིན་དུ་ལྔ་པ་དང་བདུན་པའང་དེ་བཞིན་ནོ་ཞེས་པའི་དོན་ཅི་ཞེ་ན། མ་བརྗོད་པའི་ལས་ནི་དང་པོ་དང་། ལྔ་པ་དང་། བདུན་པ་བོར་བའོ། །ལྷག་མ་རྣམ་པར་

དབྱེ་བ་བཞིར་འགྱུར་ཏེ། གཉིས་པ་དང་གསུམ་པ་དང་བཞི་པ་དང་དྲུག་པ་རྣམས་སོ། །དེ་ལ་རེ་ཞིག་གཉིས་པ་ནི་ཇི་ལྟར་གྲོང་ལ་འགྲོ་བ་ནི་སྐྱེས་བུ་ཞེས་པ་སྟེ། གཉིས་པ་ནི་ལས་ཀྱི་གཉིས་པ་ཞེས་བྱའོ། །གསུམ་པ་ནི་ཇི་ལྟར། བུ་ཡིས་ཤེས་པ་ནི་ཕ་སྟེ་བུ་ལས་
ཤེས་པ་ནི་ཕ་ཞེས་པའི་དོན་ཏོ། །མིང་ངམ་ལས་ཞེས་བྱ་བ་ནི་གསུམ་པའོ། །བཞི་པ་ནི་ཇི་ལྟར་གྲོང་གི་ཕྱིར་འགྲོ་བ་ནི་སྐྱེས་བུ་ཞེས་པ་དང་། གྲོང་ཁྱེར་གྱི་ཕྱིར་འགྲོ་བ་ནི་བྲམ་ཟེའི་ཁྱེའུ་ཞེས་པ་སྟེ། འགྲོ་བའི་དོན་གྱི་ལས་ནི་གཉིས་པ་དང་། བཞི་པ་སྟེ། ལངས་ཏེ་ལམ་དུ་འགྲོ་བ་ཞེས་
པ་ནི་བཞི་པའོ། །དྲུག་པ་ནི་ཇི་ལྟར་རྩྭ་སྟན་གྱི་བྱེད་པ་པོ་ལྷས་བྱིན་ཞེས་པ་དང་། ཁུར་ཁྱེར་བའི་བྱེད་པ་པོ་མཆོད་སྦྱིན་ཞེས་པ་ལྟ་བུ་སྟེ། བྱེད་པ་པོ་དང་། ལས་བྱེད་པ་ནི་དྲུག་པའོ། །བྱེད་པ་ནི་རྣམ་པ་གསུམ་སྟེ། གསུམ་པ་དང་། ལྔ་པ་དང་། དྲུག་པ་རྣམས་ཉིད་དོ། །དེ་ལ་རེ་ཞིག་
གསུམ་པ་ནི་ཇི་ལྟར་ཤིང་ལ་སྟ་རེས་གཅོད་པ་ནི་ལྷས་བྱིན་ཞེས་པ་སྟེ། གསུམ་པ་ཞེས་པ་ནི་བྱེད་པ་པོ་དང་བྱེད་པ་དག་གོ། །ལྔ་པ་ནི་ཇི་ལྟར་ཅུང་ཟད་ལས་གྲོལ་བ་ནི་ཅུང་ཟད་ཀྱིས་གྲོལ་བ་ཞེས་པའི་དོན་དང་། ཉུང་ཟད་ལས་གྲོལ་བ་ནི་ཉུང་ཟད་ཀྱིས་གྲོལ་བ་ཞེས་པའི་དོན་དང་། བག་ཙམ་
ལས་གྲོལ་བ་ནི་བག་ཙམ་གྱིས་གྲོལ་བ་ཞེས་པ་ལྟ་བུ་སྟེ། ལྔ་པ་ཞེས་བྱ་བ་ནི་ཅུང་ཟད་དང་། ཉུང་ཟད་དང་། བག་ཙམ་ལས་གྲོལ་བའི་སེམས་ཅན་ཞེས་བརྗོད་དོ། །དྲུག་པ་ནི་ཇི་ལྟར་མར་གྱིས་གྲོགས་པོ་ཤེས་པ་ཞེས་པ་ནི་མར་གྱིས་གྲོགས་པོ་ཤེས་པ་ཞེས་པ་སྟེ། དྲུག་པ་ནི་ཤེས་
པའམ་རིག་པར་བྱེད་པའི་དོན་ཞེས་པའོ། །དེ་བཞིན་དུ་ཡང་དག་པར་སྦྱིན་པ་ཡང་གསུམ་སྟེ། དྲུག་པ་དང་། བཞི་པ་དང་། གསུམ་པ་རྣམས་སོ། །དྲུག་པ་ནི་ཇི་ལྟར་སྐྱེས་བུའི་རི་དགས་ཟླ་བའི་སྦྱིན་པ་བྱེད་པ་ལྟ་བུ་སྟེ། བརྒྱ་བྱིན་གྱིས་ཟླ་བའི་ཕྱིར་སྦྱིན་པ་ཞེས་པའི་དོན་ཏོ། །ཡང་
དག་པར་སྦྱིན་པ་ནི་བཞི་པའི་དོན་ཏེ། མང་པོ་ལེན་པས་དྲུག་པའི་ཡང་དག་པར་སྦྱིན་པའོ། །བཞི་པ་ནི་ཇི་ལྟར་བཀྲེས་པའི་ཕྱིར་ཟས་སྦྱིན་པ་དང་། སྤྱོད་ངན་ཅན་གྱི་ཕྱིར་ཟས་སྦྱིན་པ་ནི་ལྷས་བྱིན་ཞེས་པ་ལྟ་བུ་སྟེ། བཞི་པ་ནི་ཡང་དག་པར་སྦྱིན་པའི་བཞི་པའོ། །གསུམ་པ་ནི་ཇི་ལྟར་བྲན་མོས་

མེ་ཏོག་གི་ཕྲེང་བ་ཡང་དག་པར་སྦྱིན་པ་ཞེས་བྱ་བ་ནི་ན་ཆུང་ལ་ཕྲེང་བ་ཡང་དག་པར་སྦྱིན་པ་ཞེས་བྱ་བའི་དོན་ཏེ། མཐུན་པའི་གསུམ་པ་མི་འབྱོར་བའི་སྦྱིན་པ་སྟེ། དེ་ནི་བཞི་པའི་དོན་གྱི་གསུམ་པ་ཞེས་བྱའོ། །གཉི་ག་འདིས་ཤེས་པར་བྱ་སྟེ། གསུམ་པའི་རྣམ་པར་དབྱེ་བ་བདག་གི་ཚིག་
ཅན་དུ་བྱེད་པའོ། །གང་འདི་ནི་གསུམ་པ་མི་འབྱོར་བའི་སྦྱིན་པ་སྟེ། དེ་བཞི་པའི་དོན་ཏེ། བདག་གི་ཚིག་ཅན་དེ་དམན་པའི་ཐ་སྙད་ལ་ནི་བཞི་པའི་དོན་གྱི་གསུམ་པ་ཞེས་བརྗོད་དོ། །ལྔ་པ་ཉིད་ནི་གང་ལས་འོངས་པར་འགྱུར་ཏེ། དེ་ལས་གཞན་མ་ཡིན་ནོ། །ལྔ་པ་ནི་ཇི་ལྟར་རི་ལས་འོངས་པ་ནི་
དྲང་སྲོང་ཆེན་པོ་ཞེས་པ་སྟེ། ལྔ་པ་གང་ལས་འོངས་པ་ནི་ལྔ་བ་ཞེས་བྱའོ། །བདུན་པ་ཉིད་ནི་གནས་གཞི་སྟེ། བདུན་པ་ནི་ཇི་ལྟར་གྲོད་ལ་གནས་པ་ཞེས་པ་སྟེ། བདུན་པ་ནི་གནས་གཞིའི་བདུན་པའོ། །འདི་ཕྱོགས་ཙམ་མཐོང་བའི་དོན་བྱེད་པ་པོ་མདོར་བསྡུས་ནས་བརྗོད་པའོ། །རྒྱ་ཆེར་
ནི་འགྲེལ་བ་ལ་སོགས་པར་བལྟ་བར་བྱའོ། །དེ་དག་གི་བརྗོད་པ་དང་མ་བརྗོད་པའི་རང་བཞིན་དམིགས་མོད་ཀྱི། འོན་ཀྱང་རྗོད་པ་པོ་དང་བརྗོད་པ་མེད་པ་སྨྲ་བར་བྱ་སྟེ། གང་ཞེ་ན། ཚིག་སྡུད་པ་དང་། དེ་ལ་ཕན་པའི་རྐྱེན་ཅན་དང་། ཏི་ངའི་རྐྱེན་ཅན་དང་། བྱེད་པའི་རྐྱེན་ཅན་དག་སྟེ་བཞི་པོ་
འདི་དག་རྗོད་པ་པོ་དང་བརྗོད་པ་མེད་པ་དག་གོ། །ཇི་ལྟར་ན་བཞི་པོ་འདི་དག་རྗོད་པ་པོ་དང་བརྗོད་པ་མེད་པ་ཡིན་ཞེ་ན། ཚིག་སྡུད་པ་དང་། དེ་ལ་ཕན་པའི་རྐྱེན་ཅན་དང་། ཏིང་ངའི་རྐྱེན་ཅན་དང་། བྱེད་པའི་རྐྱེན་ཅན་ཏེ་འདི་དག་གནས་སྐབས་ཀྱིས་བརྗོད་པ་ནི་བརྗོད་པའོ། །ལས་དང་། བྱེད་པ་པོ་དང་། བཞི་པོ་དེ་དག་
གནས་སྐབས་ཀྱི་འབྲེལ་པར་བརྗོད་པ་དང་མ་བརྗོད་པས་བརྗོད་པ་དང་མ་བརྗོད་པ་ཞེས་བྱ་བའོ། །སྦྱོར་བའི་སྒོ་ནས་བྱེད་པ་པོ་རིམ་པར་ཕྱེ་བ་སྟེ་དང་པོ་རྫོགས་སོ།། །།དེ་ལྟར་བྱེད་པ་པོའི་རབ་ཏུ་དབྱེ་བ་བརྗོད་ནས། ད་ནི་ཚིག་སྡུད་པ་རྗེས་སུ་བཤད་པར་བྱའོ། །ཚིག་སྡུད་པ་ནི་
བསྡུ་ན་དྲུག་སྟེ། དེའི་སྐྱེས་བུའི་ཚིག་སྡུད་པ་དང་། ལས་འཛིན་པའི་དང་། འབྲུ་མང་པོ་པའི་དང་། བ་གཉིས་པའི་དང་། ཟླས་དབྱེ་བའི་དང་། ཟད་པར་མི་འགྱུར་བའི་རྣམས་སོ། །རྒྱས་པར་དབྱེ་ན་ཉི་ཤུ་རྩ་བརྒྱད་དུ་འགྱུར་རོ། །ཡང་རྣམ་པར་དབྱེ་བ་བཅོ་ལྔར་ཡང་བཤད་པར་བྱའོ། །དེ་

དག་ཀྱང་རྟག་པ་དང་མི་རྟག་པར་སྦྱོར་བས་ཚིག་སྡུད་པ་རྣམ་པ་གཉིས་སུ་ཡང་འགྱུར་ཏེ། རྟག་པར་ཚིག་སྡུད་པ་དང་མི་རྟག་པར་ཚིག་སྡུད་པ་ཞེས་བྱའོ། །རྟག་པར་ཚིག་སྡུད་པ་ནི་ཇི་ལྟར་རྫ་མ་ལ་བྱེད་པ་ནི་རྫ་མ་བྱེད་པ་ཞེས་པ་དང་། གྲོང་ཁྱེར་ལ་བྱེད་པ་ནི་གྲོང་ཁྱེར་བྱེད་པ་
ཞེས་པ་ལྟ་བུའོ། །ལས་ཞེས་བྱ་བ་ནི་བྱེད་པའི་རྐྱེན་ཅན་དུ་འགྱུར་ཏེ། རྟག་པར་རྟེན་པ་དང་འཚོ་བ་དག་གི་ཞེས་བྱ་བ་ནི་རྟག་པར་རོ། །མདོ་ལས་རྟག་པར་རྗེས་སུ་འཛིན་པ་ཞེས་འབྱུང་སྟེ། ཉེ་བའི་ཚིག་རྟིང་མེད་པ་ནི་དེའི་སྐྱེས་བུའི་ཚིག་སྡུད་པའོ། །བྱེད་པ་པོའི་ཚིག་ཡོད་པ་ནི་ཚིག་སྔ་
མ་དང་ཉེ་བ་ལ་ཚིག་སྡུད་པར་མཁས་པ་རྣམས་འདོད་དོ། །རྟག་པར་ཚིག་སྡུད་པ་ལ་ཚིག་རྣམ་པར་བཤད་པ་མེད་དོ་ཞེ་ན། ཚིག་རྣམ་པར་བཤད་པར་འདོད་དེ། རྫ་མ་ལ་བྱེད་པ་ནི་རྫ་མ་བྱེད་པ་ཞེས་པ་འདིས་རྣམ་པར་སྦྱར་བར་བྱའོ། །ཚིག་སྡུད་པ་ཡོད་པ་ལ་སུ་པ་མཐའ་ཅན་སྐད་ཀྱི་
བྱིངས་མེད་པ་སྟེ་སུ་པ་དབྱི་བར་བྱའོ། །ཚིག་སྡུད་པ་ནི་ཚིག་སྡུད་པ་སྟེ། དང་པོའི་ཚིག་གི་མཐའ་ཅན་ནོ། །ཉེ་བའི་ཚིག་དང་པོའི་རྣམ་པར་དབྱེ་བ་བསྟན་པས་དེ་དང་པོའི་ཚིག་གི་མཐའ་ཅན་དུ་འགྱུར་ཏེ་དང་པོའི་ཚིག་གི་མཐའ་ཅན་ནི་ཚིག་གི་ཕྲད་སྔ་མ་སྡུད་པ་སྟེ་སྒྲ་དོན་དང་ལྡན་པའོ། །མི་རྟག་
པར་ཚིག་སྡུད་པ་ནི་ཇི་ལྟར་རྒྱལ་པོའི་སྐྱེས་བུ་ནི་རྒྱལ་པོའི་སྐྱེས་བུ་ཞེས་པ་དང་། བྲམ་ཟེའི་ལ་བ་ནི་བྲམ་ཟེའི་ལ་བ་ཞེས་པ་ལ་སོགས་པ་དྲུག་པའི་བསྡུ་བ་ཞེས་བྱ་བ་འམ། མི་རྟག་པ་ཞེས་བསྟན་པ་ལ་དབྱི་བ་དང་མི་དབྱི་བས་རྣམ་པ་གཉིས་ཏེ། དབྱི་བ་དང་མི་དབྱི་བའི་ཚིག་སྡུད་པ་ཞེས་
བྱའོ། །དབྱི་བའི་ཚིག་སྡུད་པ་ནི་ཇི་ལྟར་དཀའ་བ་ལ་གནས་པ་ནི་དཀའ་གནས་ཞེས་བྱ་བ་དང་། དམྱལ་བ་ལ་ལྟུང་བ་ནི་དམྱལ་ལྟུང་ཞེས་བྱ་བ་སྟེ། གནས་པ་དང་། ལྟུང་བ་དང་། འདས་པ་དང་། འགྲོ་བ་དང་། གོམས་པ་དང་། ཐོབ་པ་དང་། མེད་པ་ཞེས་བྱ་བ་ནི་གཉིས་པའི་
བསྡུ་བ་ཞེས་བྱའོ། །མ་དབྱི་བའི་ཚིག་སྡུད་པ་ནི་ཇི་ལྟར་དཀའ་བ་ལ་འགྲོ་བ་ནི་དཀའ་བ་ལ་འགྲོ་བ་ཞེས་བྱ་བ་དང་། བྲང་ལ་སྤུ་ཡོད་པ་ནི་བྲང་སྤུ་ཅན་ཞེས་པ་སྟེ། ཚིག་གཞན་དུ་མའི་དོན་ནི་འབྲུ་མང་པོ་བའི་བསྡུ་བ་ཞེས་བྱའོ། །ཉེ་བར་འཇལ་བའི་ཚིག་སྔ་མ་དང་ཕྱི་མ་མ་ཕྱིས་པ་ནི་བདུན་

པའི་ཚིག་སྡུད་པ་ཞེས་བྱའོ། །སུ་པ་ཕྱི་བར་གྱུར་པ་ལ་སྐད་ཀྱི་བྱིངས་མེད་པའི་ཚིག་གི་དོན་ཅན་ནི། ཚིག་ཕྱི་མ་ཕྱིས་པའི་དབང་དུ་བྱས་པ་སྟེ། མགོ་བོ་སྤྱི་བོ་མ་ཡིན་པ་རང་གི་ཆ་ལས། བདུན་པ་མ་ཕྱིས་པའི་ཚིག་སྡུད་པ་ཞེས་པར་འགྱུར་རོ། །དེ་ལ་དེའི་སྐྱེས་བུ་བརྒྱད་ནི་
དང་པོའི་དེའི་སྐྱེས་བུ་དང་། གཉིས་པའི་དང་། གསུམ་པའི་དང་། བཞི་པའི་དང་། ལྔ་པའི་དང་། དྲུག་པའི་དང་། བདུན་པའི་དང་། དགག་པའི་དེའི་སྐྱེས་བུ་རྣམས་སོ། །དང་པོའི་དེའི་སྐྱེས་བུ་ནི་ཇི་ལྟར་ལུས་ཀྱི་སྟོད་ནི་ལུས་སྟོད་ཅེས་པ་དང་། ལུས་ཀྱི་སྨད་ནི་ལུས་སྨད་ཅེས་
པ་ལྟ་བུ་སྟེ། སྟོད་དང་སྨད་དང་གོང་དང་འོག་ཡུལ་གཅིག་པ་ནི་གཞི་གཅིག་ཏུ་ཚིག་སྡུད་པ་ཞེས་བྱའོ། །པི་པི་ལིང་གི་ཕྱེད་ནི་པི་པི་ལིང་གི་ཕྱེད་ཅེས་པ་དང་། དར་གྱི་སྲིན་བུའི་ཕྱེད་ནི་དར་སྲིན་ཕྱེད་ཅེས་པ་ལྟ་བུ་སྟེ། ཕྱེད་ཀྱི་ཚིག་ནི་མ་ནིང་གི་རྟགས་ཀྱི་ཚིག་སྡུད་པའོ། །གཉིས་ལ་སྦྱིན་
པ་དང་། སྦྱིན་པ་གཉིས་ནི་གཉིས་སྦྱིན་པའོ། །གསུམ་ལ་སྦྱིན་པ་དང་། སྦྱིན་པ་གསུམ་ནི་སྦྱིན་པ་གསུམ་མོ། །བཞི་ལ་སྦྱིན་པ་དང་སྦྱིན་པ་བཞི་ནི་སྦྱིན་པ་བཞིའོ། །མྱུར་བ་ལ་སྦྱིན་པ་དང་སྦྱིན་པ་མྱུར་བ་ནི་མྱུར་བའི་སྦྱིན་པའོ་ཞེས་པ་ལྟ་བུའོ། །གཉིས་པའམ། གསུམ་
པའམ། བཞི་པའམ། མྱུར་བ་དག་གི་ཚིག་སྡུད་པའོ། །གང་གི་ཕྱིར་དང་པོའི་དེའི་སྐྱེས་བུ་ཞེས་བྱ་ཞེ་ན། ཚིག་སྔ་མ་དང་པོ་ཉིད་ཀྱིས་ཚིག་སྔ་མའི་རྣམ་པར་དབྱེ་བ་ཁྱད་པར་ཅན་དེས་དང་པོའི་རྣམ་པར་དབྱེ་བར་འགྱུར་རོ། །དེའི་ཕྱིར་དང་པོའི་སྐྱེས་བུ་ཞེས་བརྗོད་དོ། །གཉིས་
པའི་དེའི་སྐྱེས་བུ་ནི་ཇི་ལྟར་ཤིང་ལ་གནས་པ་ནི་ཤིང་གནས་ཞེས་པ་དང་། གྲོང་ལ་འགྲོ་བ་ནི་གྲོང་འགྲོ་ཞེས་བ་དང་། མདའ་ལ་གོམས་པ་ནི་མདའ་གོམས་ཞེས་པ་དང་། བདེ་བ་ལ་ཐོབ་པ་ནི་བདེ་ཐོབ་ཅེས་པ་དང་། འཚོ་བ་ལ་རྙེད་པ་ནི་འཚོ་རྙེད་ཅེས་པ་དང་། འཚོ་བ་ལ་མ་རྙེད་པ་ནི་འཚོ་བ་མ་རྙེད་པ་
ཞེས་པ་ལྟ་བུ་སྟེ། གནས་པ་དང་། སོང་བ་དང་། ལྷུང་བ་དང་། འགྲོ་བ་དང་། གོམས་པ་དང་། ཐོབ་པ་དང་། མ་ཐོབ་པ་རྣམས་ཏེ། གཉིས་པའི་ཚིག་སྡུད་པ་ཞེས་བྱའོ། །ཡང་ལོ་ལ་སྤྱོད་པ་ནི་ལོ་སྤྱོད་ཅེས་པ་དང་། དཔག་ཚད་ལ་བཏང་བ་ནི་དཔག་ཚད་བཏང་ཞེས་པ་དག་ནི་དུས་དང་

ལམ་ལ་ངེས་པར་སྦྱོར་བ་ནི་ངེས་པར་སྦྱོར་བའི་གཉིས་པའི་ཚིག་སྡུད་པ་ཞེས་བྱའོ། །གསུམ་པའི་དེའི་སྐྱེས་བུའི་ཚིག་སྡུད་པ་ནི་ཇི་ལྟར་ཤ་ཀུ་ལའི་ཁནྡ་ནི་ཤ་ཀུ་ལའི་ཁནྡ་ཞེས་པ་དང་། ནོར་གྱི་དོན་ནི་ནོར་དོན་ཞེས་པ་ལྟ་བུ་སྟེ། དེ་བྱེད་པའི་དོན་གྱིས་ཡོན་ཏན་གྱི་ཚིག་གིས་གསུམ་པའི་
ཚིག་སྡུད་པ་ཞེས་བྱའོ། །ཡང་ཟླ་བས་སྔ་བ་ནི་ཟླ་བ་སྔ་མ་ཞེས་པ་དང་། ལོས་སྔ་བ་ནི་ལོ་སྔ་མ་ཞེས་པ་དང་། སྨྲ་བས་མཁས་པ་ནི་སྨྲ་མཁས་ཞེས་པ་སྟེ། སྔོན་དང་མཚུངས་པ་དང་། རྩོད་པ་དང་། མཁས་པ་དང་། འདྲེས་པ་དང་། འཇལ་བ་རྣམས་ནི་གསུམ་པའི་ཚིག་སྡུད་པ་ཞེས་བྱའོ། །
བཞི་པའི་དེའི་སྐྱེས་བུ་ནི་ཇི་ལྟར་ཁང་པའི་ཕྱིར་གྱི་ཤིང་ནི་ཁང་ཤིང་ཞེས་པ་དང་། རྣ་ཆའི་ཕྱིར་གྱི་གསེར་ནི་རྣ་ཆ་གསེར་ཞེས་པ་ལྟ་བུ་དང་། རྟག་པའི་དོན་གྱི་ཚིག་སྡུད་པ་དང་། སེམས་ཅན་གྱི་རྟགས་བརྗོད་པ་དང་། བྲམ་ཟེའི་ཕྱིར་གྱི་ནོར་ནི་བྲམ་ཟེ་ནོར་ཞེས་པ་དང་། བྲམ་ཟེའི་དོན་གྱི་ཐུག་པ་ལ་ནི་བྲམ་ཟེའི་
ཐུག་པ་ཞེས་པ་དེ་བྲམ་ཟེའི་དོན་གྱི་འོ་མ་ལ་ནི་བྲམ་ཟེའི་འོ་མ་ཞེས་པ་དང་། བྲམ་ཟེའི་ཕྱིར་གྱི་མཆོད་པ་ལ་ནི་བྲམ་ཟེའི་མཆོད་པ་ཞེས་པ་དང་། རྣམ་ཐོས་སྲས་ཀྱི་ཕྱིར་གྱི་གཏོར་མ་ལ་ནི་རྣམ་ཐོས་སྲས་ཀྱི་གཏོར་མ་ཞེས་པ་དང་། ཁྱད་པར་གྱི་ཕྱིར་གྱི་དོན་ནི་ཁྱད་པར་གྱི་དོན་ཞེས་པ་དང་། དེའི་དོན་
གྱི་སྟོབས་དང་། ཕན་པ་དང་། བདེ་བ་དང་། ཡོངས་སུ་སྲུང་བ་དག་ནི་བཞི་པའི་ཚིག་སྡུད་པ་ཞེས་བྱའོ། །ལྔ་པའི་དེའི་སྐྱེས་བུའི་ཚིག་སྡུད་པ་ནི་ཇི་ལྟར་སེང་གེ་ལས་འཇིགས་པ་ནི་སེང་གེའི་འཇིགས་པ་ཞེས་པ་དང་། རྩྭ་ར་ལས་འཇིགས་པ་ནི་རྩྭ་རའི་འཇིགས་པ་ཞེས་པ་སྟེ། འཇིགས་པ་
དག་ལ་ནི་ལྔ་པ་དེའི་སྐྱེས་བུའི་ཚིག་སྡུད་པ་ཞེས་བྱའོ། །ཕྱེད་ལས་འབྱོར་པ་ནི་ཕྱེད་འབྱོར་པ་ཞེས་པ་དང་། བདེ་བ་ལས་ཁུར་བ་ནི་བདེ་བ་ཁུར་བ་ཞེས་པ་ལྟ་བུ་སྟེ། ཐོབ་པ་དང་། ཁུར་བ་དང་། གྲོལ་བ་དང་། ལྷུང་བ་དང་། འདབ་མ་དང་། འདྲེས་པ་རྣམས་ཏེ། ལྔ་པའི་དེའི་སྐྱེས་བུའི་
ཚིག་སྡུད་པ་ཞེས་བྱའོ། །དྲུག་པའི་དེའི་སྐྱེས་བུ་ནི་ཇི་ལྟར་ཤིང་གི་རྩ་བ་ནི་ཤིང་རྩ་ཞེས་པ་དང་། ཤིང་གི་འབྲས་བུ་ནི་ཤིང་འབྲས་ཞེས་པ་ལྟ་བུ་སྟེ། དྲུག་པའི་ཚིག་སྡུད་པ་ཞེས་བྱའོ། །བྲམ་ཟེའི་ལེན་པ་ནི་བྲམ་ཟེ་ལེན་པ་ཞེས་པ་དང་། རྒྱལ་རིགས་ཀྱི་ལེན་པ་ནི་རྒྱལ་རིགས་ལེན་པ་ཞེས་བྱ་

བ་ལ་སོགས་པ་ནི་དྲུག་པ་དེའི་སྐྱེས་བུའི་ཚིག་སྡུད་པ་ཞེས་བྱའོ། །བདུན་པའི་དེའི་སྐྱེས་བུ་ནི་ཇི་ལྟར་ཆོ་ལོང་རྣམས་ལ་མཁས་པ་ནི་ཆོ་ལོང་མཁས་པ་ཞེས་པ་དང་། རྒྱན་པོ་རྣམས་ལ་མཁས་པ་ནི་རྒྱན་པོ་དར་ཞེས་པ་ལྟ་བུ་སྟེ། བདུན་པ་མཁས་པའི་ཚིག་སྡུད་པ་ཞེས་བྱའོ། །གྲོང་ཁྱེར་ལ་གྲུབ་པ་ནི་གྲོང་ཁྱེར་
གྲུབ་པ་ཞེས་བྱ་བ་ལ་སོགས་པ་ལྟ་བུ་སྟེ། གྲུབ་པ་དང་རབ་ཏུ་གྲུབ་པའི་ཕྱོགས་རྣམས་ཀྱི་ཚིག་སྡུད་པ་ཞེས་བྱའོ། །དགག་པའི་དེའི་སྐྱེས་བུའི་ཚིག་སྡུད་པ་ནི་ཇི་ལྟར་རྒྱལ་རིགས་ལ་བྲམ་ཟེ་མ་ཡིན་པ་ཞེས་པ་དང་། དམངས་རིགས་མེད་པ་ལ་དམངས་རིགས་མེད་བ་ཞེས་བྱ་བ་ལྟ་བུ་སྟེ། དགག་
པ་དེའི་སྐྱེས་བུའི་ཚིག་སྡུད་པ་ཞེས་བྱའོ། །ལས་འཛིན་པ་ནི་རྣམ་པ་དྲུག་སྟེ། གང་ཞེ་ན། ཚིག་སྔ་མ་ཁྱད་པར་གྱི་དང་། ཚིག་གཉིས་ཀ་ཁྱད་པར་གྱི་དང་། ཚིག་སྔ་མ་དཔེར་སྦྱར་བ་དང་། ཚིག་ཕྱི་མ་དཔེར་སྦྱར་བ་དང་། ཚིག་སྔ་མ་སྲིད་པར་སྦྱར་བ་དང་། ཚིག་སྔ་མ་ངེས་པར་འཛིན་པ་རྣམས་སོ། །
ཚིག་སྔ་མ་ཁྱད་པར་ཅན་ནི་ཇི་ལྟར་དེ་སྔོན་པོ་ཡང་ཡིན་ལ་ཨུཏྤ་ལ་ཡིན་པས་སྔོན་པོ་ཨུཏྤ་ལ་ཞེས་པ་དང་། དེ་ནག་པོ་ཡང་ཡིན་ལ་སྦྲུལ་ཡང་ཡིན་པ་ནི་ནག་པོ་སྦྲུལ་ལོ་ཞེས་པ་ལྟ་བུ་ནི་ཁྱད་པར་རམ་ཁྱད་པར་ཅན་གྱི་ཚིག་སྡུད་པའོ། །ཚིག་གཉི་ག་ཁྱད་པར་ནི་ཇི་ལྟར་དེ་གྲང་བ་ཡང་ཡིན་དྲོ་བ་ཡང་
ཡིན་པ་ནི་གྲང་དྲོ་ཞེས་པ་ལྟ་བུ་སྟེ། ཚིག་གཉི་ག་ཁྱད་པར་ཅན་གྱི་ཚིག་སྡུད་པ་ཞེས་བྱའོ། །ཚིག་སྔ་མ་དཔེར་སྦྱོར་བ་ནི་ཇི་ལྟར་དུང་ལྟ་བུའི་དཀར་པོ་ནི་དུང་དཀར་པོ་ཞེས་པ་སྟེ། དཔེ་རྣམས་ལ་སྤྱི་བརྗོད་པ་ནི་ལྟ་བུ་བསྡུས་པའི་ཚིག་སྡུད་པ་ཞེས་བྱའོ། །ཚིག་ཕྱི་མ་དཔེར་སྦྱོར་བ་ནི་ཇི་ལྟར་སྐྱེས་བུ་འདི་
ནི་སྟག་ལྟ་བུ་ཡིན་པས་སྐྱེས་བུ་སྟག་གོ་ཞེས་པ་དང་། མི་འདི་ནི་སེང་གེ་འདྲ་བས་མིའི་སེང་གེ་ཞེས་པ་དང་། སྐྱེས་བུ་འདི་ནི་གླང་པོ་ལྟ་བུ་ཡིན་པས་སྐྱེས་བུ་གླང་ཞེས་པ་ལྟ་བུ་ནི་སྟག་ལ་སོགས་པ་དང་འདྲ་བ་འབྲེལ་པར་སྤྱིར་སྦྱོར་བའི་དཔེའི་ཚིག་སྡུད་པ་ཞེས་བྱའོ། །ཚིག་སྔ་མ་སྲིད་པར་
སྦྱོར་བ་ནི་ཡོན་ཏན་ལྟ་བུའི་རིང་བ་ནི་ཡོན་ཏན་རིང་བ་ཞེས་པ་དང་། བུ་ལྟ་བུར་འཛིན་པ་ནི་བུར་འཛིན་པ་ཞེས་པ་ལྟ་བུ་ནི་ཚིག་སྔ་མ་སྲིད་པར་སྦྱོར་བའི་ཚིག་སྡུད་པ་ཞེས་བྱའོ། །ཚིག་སྔ་མ་ངེས་པར་འཛིན་པ་ནི་ཇི་ལྟར་ཡོན་ཏན་ཉིད་བློ་ཡིན་པ་ནི་ཡོན་ཏན་བློ་ཞེས་བ་དང་། ཡོན་ཏན་ཉིད་ནོར་ཡིན་པ་ནི་ཡོན་

ཏན་ནོར་ཞེས་པ་དང་། ལེགས་པར་བྱས་བ་ཉིད་དགའ་བ་ནི་ལེགས་པར་བྱས་པ་དགའ་བ་ཞེས་པ་དང་། རྨ་བྱ་ཉིད་ཀྱི་ཚང་ནི་རྨ་བྱ་ཚང་ཞེས་པ་ལ་སོགས་པ་ནི་ངེས་པར་འཛིན་པའི་ཚིག་སྡུད་པ་ཞེས་བྱའོ། །འབྲུ་མང་པོ་པ་ནི་རྣམ་པ་བདུན་ཏེ། གང་ཞེ་ན། ཚིག་གཉིས་ཀྱི་འབྲུ་
མང་པོ་པ་དང་། མང་པོའི་ཚིག་གི་དང་། ཚིག་ཕྱི་མ་གྲངས་ཅན་གྱི་དང་། ཚིག་གཉི་ག་གྲངས་ཅན་གྱི་དང་། ཚིག་སྔ་མ་དང་བཅས་པ་དང་། ཕན་ཚུན་བྱ་བ་བྱེད་པའི་མཚན་ཉིད་ཀྱི་དང་། ཕྱོགས་མཚམས་ཀྱི་མཚན་ཉིད་ཀྱི་འབྲུ་མང་པོ་པ་ཞེས་བྱ་བ་རྣམས་སོ། །དེ་ལ་རེ་ཞིག་གཉིས་ཀྱི་ནི་ཇི་ལྟར་ཤིང་གང་ལ་སྤྲེའུ་
སྟོབས་ཅན་ཡོད་པ་དེ་ནི་སྤྲེའུ་སྟོབས་ཅན་ཤིང་ཞེས་པ་དང་། བཅོམ་ལྡན་འདས་གང་ལ་འདོད་པ་ལས་རྒྱལ་བ་མངའ་བ་དེ་ནི་འདོད་པ་ལས་རྒྱལ་བའི་བཅོམ་ལྡན་འདས་ཞེས་པ་དང་། བྲམ་ཟེ་གང་ལ་ཟས་ཉེ་བར་སྦྱིན་པ་ཡོད་པ་དེ་ནི་ཉེ་བར་སྦྱིན་པ་ཅན་གྱི་བྲམ་ཟེ་ཞེས་པ་དང་། གྲོང་ཁྱེར་གང་ལ་མི་འབྱུང་
བ་ཡོད་པ་དེ་ནི་མི་འབྱུང་བའི་གྲོང་ཁྱེར་ཞེས་པ་དང་། སྐྱེས་བུ་གང་ལ་གོས་དཀར་པོ་ཡོད་པ་ནི་གོས་དཀར་པོའི་སྐྱེས་བུ་ཞེས་པ་དང་། ཤིང་གང་ལ་ནམ་མཁའ་ལ་འགྲོ་བ་ཡོད་པ་དེ་ནི་ནམ་མཁའ་ལ་འགྲོ་བ་ཅན་གྱི་ཤིང་ཞེས་པ་དང་། གཞན་འབྲུ་མང་པོ་པ་ཞེས་བྱ་བ་ནི་ཚིག་གཞན་དུ་མའི་དོན་ནི་འབྲུ་
མང་པོ་པའི་ཚིག་སྡུད་པ་ཞེས་བྱའོ། །མང་པོའི་ཚིག་གི་ནི་ཇི་ལྟར་སྐྱེས་བུ་ཆེན་པོ་གང་གིས་བརྟུལ་བས་ལེན་པ་ཕུན་སུམ་ཚོགས་པ་དེ་ཉིད་ཀྱིས་བརྟུལ་བས་རྙེད་པ་ཕུན་སུམ་ཚོགས་པའི་སྐྱེས་བུ་སྟེ། ཚིག་གཞན་དུ་མའི་ཚིག་སྡུད་པ་ཞེས་བྱའོ། །གྲངས་ཀྱི་ཚིག་ཕྱི་མའི་འབྲུ་མང་པོ་པའི་ཚིག་
སྡུད་པ་ནི་ཇི་ལྟར་སྐྱེས་བུ་འདི་ནི་བཅུ་དང་ཉེ་བས་ཉེ་བའི་བཅུ་ཞེས་པ་དང་། སྐྱེས་བུ་འདི་ནི་ཉི་ཤུ་དང་ཉེ་བས་ཉེ་བའི་ཉི་ཤུ་ཞེས་པ་ལྟ་བུའོ། །གྲངས་ཀྱི་ཚིག་གཉི་ག་ནི་ཇི་ལྟར་གཉིས་དང་གསུམ་ནི་གཉིས་གསུམ་ཞེས་པ་ལྟ་བུ་སྟེ། གྲངས་དང་། གྲངས་མེད་པ་དང་། ཉེ་བ་དང་། རིང་བ་དང་། ལྷག་
པ་དང་། གྲངས་ཅན་གྱི་ཚིག་སྡུད་བ་ཞེས་བྱ་སྟེ། འབྲུ་མང་པོ་པ་ལ་སོགས་པའི་གྲངས་ཅན་ནི་འབྲུ་མང་པོ་པའི་ཚིག་སྡུད་པ་ཞེས་བྱའོ། །ཚིག་སྔ་མ་དང་ལྷན་ཅིག་པ་ནི་ཇི་ལྟར་གང་གིས་རྩ་བ་དང་བཅས་པའི་ཤིང་བཏོན་པ་དེས་མཚུངས་པས་སྦྱོར་བ་ནི་ཚིག་སྔ་མ་དང་ལྷན་ཅིག་པའི་ཚིག་སྡུད་པ་ཞེས་བྱའོ། །

ཕན་ཚུན་བྱ་བ་བྱེད་པའི་མཚན་ཉིད་ཀྱིས་ནི་ཇི་ལྟར་སྐྲ་དག་དང་སྐྲ་རྣམས་ལ་འཛིན་པའི་འཐབ་པར་བྱེད་པ་དེ་ནི་སྐྲ་དང་སྐྲ་རྣམས་འཐབ་པ་ཞེས་པ་དང་། དབྱུག་པ་དང་དབྱུག་པ་རྣམས་ཀྱིས་འཐབ་པར་གྱུར་པ་འདི་ནི་དབྱུག་པ་དང་དབྱུག་པ་རྣམས་འཐབ་པ་ཞེས་པ་སྟེ། དེ་ལ་དེས་འདི་ནི་ངོ་བོ་ཉིད་ཀྱི་ཚིག་
སྡུད་པ་ཞེས་བྱའོ། །གཞན་རྣམས་ཀྱི་ཡང་ཚིག་སྔ་མ་རིང་བ་ཉིད་དུ་བལྟ་བར་བྱའོ། །དེ་ནི་ཕན་ཚུན་གྱི་ལས་ཀྱི་མཚན་ཉིད་ཀྱི་ཚིག་སྡུད་པ་ལ་བྱེད་པའི་ཚིག་དབྱི་བར་བྱ་སྟེ། གྲངས་མེད་པ་ལ་སོགས་པ་གཞན་ལ་ཡང་སུབ་དབྱི་བར་བྱའོ། །ཕྱོགས་མཚམས་ཀྱི་མཚན་ཉིད་ཀྱི་ནི་ཇི་ལྟར་
ཤར་གྱི་ཕྱོགས་དང་ལྷོ་ཕྱོགས་ལ་སོགས་པ་ཕྱོགས་རྣམས་ཀྱི་བར་ན་གནས་པ་ནི་ཤར་ལྷོའི་ཕྱོགས་ལ་སོགས་པའོ། །བྱང་གི་ཕྱོགས་དང་ཤར་གྱི་ཕྱོགས་ཀྱི་མཚམས་ན་གནས་པ་ནི་བྱང་ཤར་གྱི་ཕྱོགས་ཞེས་པ་ལ་སོགས་པ་སྟེ། ཕྱོགས་ཀྱི་མིང་དང་མཚམས་ཀྱི་མིང་གི་ཚིག་སྡུད་པ་ཞེས་
བྱའོ། །མིང་ཐམས་ཅད་དང་ཚིག་སྡུད་པ་ཙམ་ལས་སྐྱེས་པར་སྨྲ་བ་ནི་སྐྱེས་པ་ལྟ་བུར་འགྱུར་རོ། །བ་གཉིས་པ་ནི་རྣམ་པ་གཉིས་སུ་བཤད་དེ། གཅིག་ལྟ་བུར་འགྱུར་བ་དང་། དུ་མ་ལྟ་བུར་འགྱུར་བ་ཞེས་བྱའོ། །གཅིག་ལྟ་བུར་འགྱུར་བ་ནི་ཇི་ལྟར་གསུམ་རྩ་བ་གཅིག་ཏུ་བསྡུས་པ་ནི་གསུམ་
རྩ་ཞེས་པ་དང་། ལྔ་རྩ་བ་གཅིག་ཏུ་བསྡུས་པ་ནི་ལྔ་རྩ་ཞེས་པ་དང་། བཅུའི་རྩ་བ་ནི་དེ་ལ་ཕན་པའི་རྐྱེན་ཅན་གྱི་དོན་ཚིག་ཕྱི་མ་མདོར་བསྡུས་པ་ཞེས་བྱའོ། །གྲངས་ཀྱི་ཚིག་སྔོན་ན་ཡོད་པ་ནི་བ་གཉིས་པར་ཤེས་ཏེ། བ་གཉིས་པའི་གཅིག་གི་ཚིག་སྟེ། གཅིག་དང་འདྲ་བར་འགྱུར་བ་ཞེས་བྱའོ། །
དེ་ལ་མ་ནིང་གི་རྟགས་ཞེས་བྱ་བ་ནི་ཨ་མའི་མཐའ་ཅན་མ་ཡིན་པའོ། །པུ་ཨཱའི་མཐའ་ཅན་ཕོའི་རྟགས་སོ། །ཚིག་ཕྱི་མ་བ་གཉིས་པ་མོའི་རྟགས་སུ་བསྟན་པ་ནི་མོའི་རྟགས་ཀྱི་རྐྱེན་གྱིས་མོའི་རྟགས་སུ་འགྱུར་རོ། །དུ་མ་ལྟ་བུར་འགྱུར་བ་ནི་ཇི་ལྟར་བཞིའི་ཕྱོགས་ནི་ཕྱོགས་བཞི་ཞེས་པ་དང་།
གསུམ་གྱི་འཇིག་རྟེན་ནི་འཇིག་རྟེན་གསུམ་མོ་ཞེས་པ་ལྟ་བུ་སྟེ། ཕྱོགས་དང་གྲངས་དང་གྲངས་ཅན་གྱི་ཚིག་སྡུད་པ་ཞེས་བྱའོ། །ཟླས་དབྱེ་བ་ནི་རྣམ་པ་བཞི་སྟེ། ཀུན་བསྡུས་པའི་ཟླས་དབྱེ་བ་དང་། རྗེས་སུ་ཟློས་པའི་དང་། གཅིག་ལྟ་བུར་བསྡུ་བའི་དང་། ཕན་ཚུན་སྦྱོར་བའི་ཞེས་བྱ་བ་དག་གོ། །

དེ་ལ་ཀུན་བསྡུས་པའི་དང་། རྗེས་སུ་ཟློས་པའི་དག་ནི་སྟོབས་མེད་པ་ལ་ནི་ཚིག་སྡུད་པ་མེད་དོ། །ཚིག་སྡུད་པ་ནི་སྟོབས་ཅན་གྱི་དབང་དུ་བྱས་པའོ། །གཅིག་ལྟ་བུར་བསྡུ་བ་ནི་ཇི་ལྟར་དུང་དང་པ་ཊ་ཧ་ནི་དུང་པ་ཊ་ཧ་ཞེས་པ་ལྟ་བུ་སྟེ། ཟླས་དབྱེ་བ་ཡང་སེམས་ཅན་དང་བརྡ་
དང་དམག་གི་ཆ་རྣམས་གཅིག་ལྟ་བུར་འགྱུར་བའོ། །དེ་ནི་མིང་གི་རྟགས་ཏེ་མ་ནིང་དུ་ཡང་དག་པར་རབ་ཏུ་ཤེས་སོ། །ཕན་ཚུན་གྱི་སྦྱོར་བའི་ནི་ཇི་ལྟར་ལྷས་བྱིན་དང་མཆོད་སྦྱིན་ནི་ལྷས་བྱིན་མཆོད་སྦྱིན་དག་རྩོད་པ་སྨྲ་བར་བྱེད་པ་དག་སྟེ། དང་གི་དོན་བསྡུ་བ་ནི་ཟླས་དབྱེ་བའི་ཚིག་སྡུད་པ་ཞེས་
བྱའོ། །ཟད་པར་མི་འགྱུར་བ་ནི་རྣམ་པ་གཉིས་སུ་བལྟ་བར་བྱ་སྟེ། མིང་གི་ཚིག་སྔ་མ་དང་གྲངས་མེད་པའི་ཚིག་སྔ་མ་དག་གོ། །མིང་གི་ཚིག་སྔ་མ་ནི་ཇི་ལྟར་ལོ་མའི་ཙམ་ནི་ལོ་མ་ཙམ་ཉིད་དོ། །ཤའི་ཙམ་ནི་ཤ་ཙམ་མོ། །སོ་སོའི་ཙམ་གྱི་ཟད་པར་མི་འགྱུར་བ་ནི་ཙམ་གྱི་དོན་གྱི་ཚིག་
སྡུད་པའོ། །གྲངས་མེད་པའི་ཚིག་སྔ་མ་ནི་ཇི་ལྟར་བུམ་པའི་ཉེ་བར་གྱུར་པ་གང་ཡིན་པ་དེ་ཉ་བའི་བུམ་པའོ། །གྲངས་མེད་པ་དང་། རྣམ་པར་དབྱེ་བ་དང་། ཡང་དག་པར་ཉེ་བ་དང་། ཡང་དག་པའི་རྫུ་འཕྲུལ་ཆེན་པོའི་དོན་དང་། མེད་པ་དང་། བརྒྱལ་བ་དང་། ད་ལྟར་དང་། སྒྲ་དང་། མཐུ་ཅན་
དང་། ཕྱི་མ་དང་། རྗེས་སུ་བྱུང་བ་དང་། སྦྱོར་བའི་ཚིག་དང་། འདྲ་བ་དང་། ཡང་དག་པར་ལྡན་པ་དང་། མཐའ་ཐམས་ཅད་ཀྱི་ཚིག་རྣམས་ལ་ཞེས་པ་འདིས་ཚིག་སྡུད་པ་ཞེས་བྱའོ། །ཟད་པར་མི་འགྱུར་བ་ཞེས་པ་ནི་ཟད་པར་མི་འགྱུར་བའི་མིང་ངོ་། །ཟད་པར་མི་འགྱུར་བ་ལ་སུབ་དབྱི་བ་ཐོབ་པ་
ལ་ཟད་པར་མི་འགྱུར་བ་མ་ཡིན་པ་ལས་ལྔ་པའི་དབྱི་བ་མེད་པ་ཞེས་བྱའོ། །གང་དང་གང་བྲམ་ཟེ་རྒན་པ་རྣམས་ལ་བོད་པ་སྟེ། ཇི་ལྟར་འདྲ་བ་ཉིད་ཟད་པར་མི་འགྱུར་བའི་ཚིག་སྡུད་པ་ཞེས་བྱའོ། །དེ་ཡང་ཚིག་སྡུད་པ་དེ་རྣམས་ཀྱི་གཙོ་པོའི་དོན་ནི་རྣམ་པ་གསུམ་སྟེ། ཚིག་སྔ་མའི་གཙོ་བོའི་དོན་དང་།
གཞན་གྱི་ཚིག་གི་གཙོ་བོའི་དོན་དང་། གཉི་གའི་ཚིག་གི་གཙོ་བོའི་དོན་དག་གོ། །དེ་ལ་དེའི་སྐྱེས་བུའི་གཙོ་བོའི་དོན་ནི་རྣམ་པ་གཉིས་ཏེ། ཚིག་སྔ་མའི་གཙོ་བོར་བསྟན་པ་དང་། ཚིག་ཕྱི་མའི་གཙོ་བོར་བསྟན་པའོ། །ཚིག་སྔ་མའི་གཙོ་བོར་བསྟན་པའི་དོན་ནི། ཇི་ལྟར་རྙེད་པ་འཚོ་

བ་ཞེས་པའོ། །ཚིག་ཕྱི་མའི་གཙོ་བོའི་དོན་ནི། ཇི་ལྟར་རྒྱལ་པོའི་སྐྱེས་བུ་ཞེས་པའོ། །ལས་འཛིན་པའི་གཙོ་བོའི་དོན་ནི་རྣམ་པ་གཉིས་ཏེ། ཚིག་སྔ་མའི་གཙོ་བོའི་དོན་དང་། ཚིག་ཕྱི་མའི་གཙོ་བོའི་དོན་ནོ། །ཚིག་སྔ་མའི་གཙོ་བོའི་དོན་ནི། ཇི་ལྟར་སྐྱེས་བུ་ཁྱུ་མཆོག་ཅེས་པའོ། །
ཚིག་ཕྱི་མའི་གཙོ་བོའི་དོན་ནི་ཇི་ལྟར་ཨུཏྤལ་སྔོན་པོ་ཞེས་པ་ལྟ་བུའོ། །འབྲུ་མང་པོ་པའི་གཙོ་བོ་ནི་རྣམ་པ་གཉིས་ཏེ། གཞན་གྱི་ཚིག་གཙོ་བོའི་དོན་དང་། གཉི་གའི་ཚིག་གཙོ་བོའི་དོན་ནི། ཟླས་དབྱེ་བའི་ཚིག་ལ་ཚིག་གཉི་གའི་དོན་གཙོ་བོ་ཉིད་དེ། ཇི་ལྟར་བྲམ་ཟེ་རྒྱལ་རིགས། རྗེ་རིགས།
དམངས་རིགས་ཞེས་པ་དང་། ར་མ་སྲིད་སྒྲུབ་དག་ཅེས་པ་ལྟ་བུའོ། །བ་གཉིས་པ་ནི་ཚིག་ཕྱི་མའི་དོན་གཙོ་བོ་ཉིད་དེ། ཇི་ལྟར་གསུམ་རྭ་ཞེས་པ་ལྟ་བུའོ། །ཟད་པར་མི་འགྱུར་བ་ལ་གཙོ་བོ་གསུམ་སྟེ། ཚིག་སྔ་མའི་དོན་གཙོ་བོ་དང་། ཚིག་ཕྱི་མའི་དོན་གཙོ་བོ་དང་། ཚིག་གཞན་
གྱི་དོན་གཙོ་བོ་དག་གོ། །ཚིག་སྔ་མའི་དོན་གཙོ་བོ་ནི་ཇི་ལྟར་ཉེ་བ་བུམ་པ་ཞེས་པའོ། །ཚིག་ཕྱི་མའི་དོན་གཙོ་བོ་ནི་ཇི་ལྟར་ལོ་མ་ལ་སོ་སོ་ནི་ལོ་མ་སོ་སོ་ཞེས་པ་དང་། ཤ་ལ་སོ་སོ་ནི་ཤ་སོ་སོ་ཞེས་པའོ། །ཚིག་གཞན་གྱི་དོན་གཙོ་བོ་ནི་ཇི་ལྟར་གང་ལ་སྨྱོ་བྱེད་ཀྱི་ཆུ་ཀླུང་ཡོད་པ་དེ་ནི་སྨྱོ་བྱེད་ཀྱི་
ཆུ་ཀླུང་སྟེ་ཡུལ་གྱི་མིང་ངོ་། །ཚིག་གཞན་གྱི་དོན་ཉིད་ཟད་པར་མི་འགྱུར་བའི་ཚིག་སྡུད་པའི་མིང་ཞེས་བྱའོ། །ཟད་པར་མི་འགྱུར་བ་མོའི་རྟགས་ལ་ཕོའི་རྟགས་སུ་སྨྲས་པ་ནི་མོའི་རྟགས་ལ་གང་བ་དང་། འདོད་པ་ལ་སོགས་པའི་གཙོ་བོས་སྔ་མའི་ཚིག་ཕོ་ལྟ་བུར་གྱུར་པའོ། །ཟད་པར་མི་འགྱུར་
བ་ནི་མ་ནིང་གི་རྟགས་ཞེས་བྱ་སྟེ། ཐུང་ངུ་ཉིད་ནི་མ་ནིང་ལ་སྒྲའི་རང་བཞིན་ཐུང་ངུ་ཉིད་དང་། ཟད་པར་མི་འགྱུར་བ་ནི་ཟད་པར་མི་འགྱུར་བ་སྟེ། སུབ་དབྱི་བས་ཟད་པར་མི་འགྱུར་བའོ། །དེ་ནི་ལྔ་པ་ལས་གཉིས་པར་འགྱུར་བར་སྨྲས་པ་སྟེ། ཚིག་སྡུད་པའི་མཚན་ཉིད་རྫོགས་སོ།། །།
༄༅། །རྒྱ་གར་སྐད་དུ། པིཎྜ་ནི་བརྟ་ན་ནིརྡེ་ཤ་ཀཱ་རཱི་ཀཱ། བོད་སྐད་དུ། ལྡོག་པ་བསྡུས་པ་བསྟན་པའི་ཚིག་ལེའུར་བྱས་པ། འཇམ་པའི་དཔལ་མགོན་དེ་ལ་ཕྱག་འཚལ་ཏེ། །སྒྲ་དང་བསྟན་བཅོས་མཁས་པའི་མཐར་གྱུར་པ། །པཱ་ཎི་ནི་དང་པ་བྱ་ཙནྡྲ་དང་། །རཏྣ་མ་ཏི་གད་བ་ཟླ་

བ་དང་། །ནི་མན་ས་ཀ་ལ་སོགས་མཁན་པོ་ཡིས། །དགག་པའི་བྱེ་བྲག་རྒྱ་ཆེར་བཤད་པ་ལས། །དམན་པའི་དོན་དུ་ཉུང་ཟད་བསྟན་པར་འདོད། །མཁན་པོས་བསྟན་པའི་མདོ་དག་ལས། །དགག་པའི་བྱེ་བྲག་མང་བཤད་ཀྱང་། །ཀུན་ནས་བསྡུ་བ་བཤད་པ་དག །རྣམ་
གྲངས་མདོ་རུ་བསྡུ་བ་དང་། །བསྡུ་བའི་བྱེ་བྲག་ལྟོས་པ་དང་། །རབ་ཏུ་གསལ་བར་བརྗོད་པ་བཞི། །འདི་དག་ཙམ་དུ་ཤེས་པར་བྱ། །མེད་དང་གཞན་དང་འདྲ་བ་དང་། །དམན་དང་ཞུམ་དང་ཞན་པ་དང་། །ཕྲ་དང་ཉུང་དང་མྱུར་བ་དང་། །ཆུང་དང་ལྷག་མ་མེད་པ་དང་། །འགའ་ལས་མཐའ་དག་མ་
ཡིན་དང་། །མི་མཐུན་གཉེན་པོ་བྲལ་བ་ཡིས། །རྣམ་གྲངས་བཅོ་ལྔར་བཤད་པ་ཡིན། །དེ་ལས་ཅུང་ཟད་བསྡུ་བ་ནི། །བརྒྱད་ནས་གཉིས་ཀྱི་བར་དུ་སྟེ། །ཞུམ་དང་ཞན་པ་དམན་པར་ཏེ། །ཕྲ་བ་ལ་སོགས་དྲུག་གཅིག་ཏུ། །སྦྱར་བས་དགག་པའི་རྣམ་གྲངས་བརྒྱད། །མི་མཐུན་གཉེན་
པོར་སྦྱར་བས་བདུན། །དམན་དང་ཆུང་བ་ཞུམ་པ་རུ། །དགག་པའི་རྣམ་གྲངས་རྣམ་པ་དྲུག །དོན་གྱིས་གོ་བར་བྱེད་པ་དང་། །ཚིག་གཅིག་རྣམ་པར་སྒྲུབ་པ་དང་། །དེ་ལྡན་རང་ཚིག་མི་སྟོན་པ། །དེ་ལས་གཞན་པ་གཞན་ཡིན་ནོ། །ཀུན་དུ་བརྟག་པ་འགོག་པ་དང་། །རང་གི་གཞི་
ལས་ཞུམ་པ་དང་། །གཞན་དང་འགལ་བ་རྣམ་པ་བཞི། །མེད་པ་དང་ནི་གཞན་པ་དང་། །གཉེན་པོའི་དོན་ལ་འཇུག་པ་གསུམ། །དགག་པའི་རྣམ་གྲངས་ཇི་སྙེད་པ། །མེད་དང་མ་ཡིན་གཉིས་སུ་འདུ། །བསྟན་བྱ་དོན་ཡོད་དོན་མེད་དང་། །འཇུག་ཚུལ་དངོས་དང་བརྒྱུད་པ་དང་། །ཀུན་དུ་
བརྟགས་པ་བཟློག་པ་དང་། །ཆོས་ཀྱི་དེ་ཉིད་བསྟན་པ་དང་། །གཞན་གྱི་འདོད་པ་བསལ་བ་དང་། །རང་གི་འདོད་པའང་སྒྲུབ་པ་དང་། །འབྱུང་བའི་དུས་ཀྱི་ཁྱད་པར་གྱིས། །བསྡུས་པའི་བྱེ་བྲག་ཤེས་པར་བྱ། །དོན་དང་འཇུག་ཚུལ་དགོས་པ་དང་། །འཇུག་དུས་དབང་སྟེ་གོ་རིམས་བཞིན། །
མེད་པའི་བསྟན་བྱ་དོན་མེད་དེ། །མ་ཡིན་པ་ནི་དོན་ཡོད་པའོ། །དེ་བཞིན་མེད་པ་དངོས་སུ་འཇུག། །མ་ཡིན་པ་ནི་བརྒྱུད་པས་སོ། །ཀུན་རྟོག་ཟློག་པ་མེད་པ་སྟེ། །དེ་ཉིད་སྟོན་པ་མ་ཡིན་པའོ། །གཞན་གྱི་འདོད་པ་སེལ་བ་ནི། །མེད་པར་དགག་པའི་དགོས་པ་སྟེ། །རང་འདོད་སྒྲུབ་པ་མ་

ཡིན་པའོ། །མ་རྟོགས་ལོག་རྟོགས་ཐེ་ཚོམ་དག །སེལ་འདོད་དུས་ན་མེད་པ་འབྱུང་། །དོན་ཉིད་ཁོང་དུ་ཆུད་འདོད་ན། །མ་ཡིན་དགག་པ་འབྱུང་བར་འགྱུར། །དགག་པའི་སྒྲ་དང་དགག་བྱ་ཡིས། །བསྟན་པར་བྱ་བ་དོན་དུ་འདོད། །ཚུལ་ནི་འདི་རུ་ཐབས་སུ་འདོད། །དོན་དེས་ཇི་ལྟར་སྟོན་
བྱེད་པའི། །ཐབས་ཀྱི་འབྲས་བུ་དགོས་པའོ། །འབྱུང་དུས་རྣམ་པ་བཞིར་བཤད་པ། །སྨྲ་བར་བྱེད་པ་གང་ཞིག་གིས། །ཡིད་ལ་བྱེད་པ་གང་ལྡན་པ། །འདོད་ལྡན་འབྱུང་བའི་དུས་སུ་འདོད། །བྱེ་བྲག་རྩ་བ་འདི་ཡིན་ཏེ། །མེད་པ་ཡོད་པ་མི་སྒྲུབ་སྟེ། །མ་ཡིན་པ་ནི་ཡིན་པ་སྒྲུབ། །རྒྱུ་
ལ་འབྲས་བུ་དེ་བཞིན་དང་། །ཐ་དད་དངོས་དང་བརྟགས་པ་ཙམ། །སྔ་ན་མེད་དང་ཞིག་པ་དང་། །ཕན་ཚུན་གཅིག་ལ་གཅིག་མེད་དང་། །ཤིན་ཏུ་མེད་པར་གྱུར་པ་དག །མེད་པར་དགག་པའི་གཞིར་གྱུར་པ། །གལ་ཏེ་ཡོད་པའི་དངོས་འདོད་ན། །མེད་པར་དགག་པར་མི་འགྱུར་རོ། །དེ་ཕྱིར་
ཡོད་པ་མི་སྒྲུབ་སྟེ། །མེད་པའི་ཡོད་པའང་མི་སྒྲུབ་པོ། །དེ་ཡིས་བསྟན་བྱ་དོན་མེད་དང་། །སྒྲ་ཉིད་དངོས་སུ་འཇུག་པ་དང་། །དགོས་པ་བརྟགས་པ་སེལ་བ་དང་། །དེ་བཞིན་གཞན་གྱི་འདོད་པ་དང་། །འབྱུང་བའི་དུས་ནི་གསུམ་དུ་བརྗོད། །གཞན་དང་གཉེན་པོ་ལ་སོགས་པའི། །མ་
ཡིན་དགག་པ་ཐ་སྙད་དག །གང་ཞིག་ཡིན་པ་བཟློག་པ་ཡིས། །ཡིན་པའི་དངོས་པོ་གཞན་དུ་ཚོལ། །མ་ཡིན་ཙམ་དུ་མི་སྒྲུབ་སྟེ། །དེ་ཕྱིར་མ་ཡིན་དགག་པ་ནི། །ཡིན་པའི་དངོས་པོ་སྒྲུབ་པའོ། །དེ་ཡིས་བསྟན་བྱ་དོན་ཡོད་དང་། །བརྒྱུད་པའི་ཚུལ་གྱིས་འཇུག་པ་དང་། །ཆོས་ཀྱི་དེ་
ཉིད་སྟོན་པ་དང་། །རང་གི་འདོད་པ་སྒྲུབ་བ་དང་། །འབྱུང་དུས་གཅིག་ཏུ་བརྗོད་པ་ཡིན། །ཡིད་ལ་བྱེད་པའི་ཁྱད་པར་དག །སྨྲ་བ་གང་གི་བློ་ལ་གནས། །དེ་ནི་བྱེ་བྲག་གཉིས་ཀྱི་རྒྱུ། །ཡིད་ལ་བྱེད་པའི་བྱེ་བྲག་ནི། །འབྱུང་བའི་དུས་ཀྱིས་ཤེས་པར་བྱ། །དེ་ནི་ཡུལ་གྱིས་ཕྱེ་བ་སྟེ། །དགོས་
པ་བརྗོད་པ་ཇི་ལྟ་བའོ། །འདོད་པའི་ཡུལ་ཞེས་བྱ་བ་སྟེ། །རྒྱུ་ཡི་བྱེ་བྲག་བརྗོད་པའོ། །མ་ཡིན་དགག་པའི་བྱེ་བྲག་ནི། །ལྷན་ཅིག་རྒྱུན་ལ་གནོད་བྱེད་དང་། །དེ་བཞིན་མི་བྱེད་དབྱེ་བ་ཡིས། །གཉེན་པོ་དང་ནི་གཞན་དུ་བརྗོད། །དོན་དེ་ཉིད་ལས་གཞན་པ་ལའང་། །དགག་བྱ་དག་

ལས་གཞན་ཉིད་དང་། །དགག་བྱ་ཉིད་ལས་མི་གཞན་པས། །འགལ་དང་གཞན་དང་ཞུམ་པའོ། །བསྟན་པར་བྱ་བ་གཞན་ཉིད་དང་། །དགག་པར་བྱ་བ་འདྲ་བ་དང་། །དེ་བཞིན་ཡོན་ཏན་ཉིད་དང་ནི། །ཀུན་དུ་རྣམ་པར་སྤྲོས་བ་དང་། །ལུས་སུ་བྱེད་པའི་བདག་ཉིད་
དང་། །རྒྱུན་གྱི་དངོས་པོ་རགས་པ་དང་། །འདོད་པའི་རྣམ་གྲངས་དུ་མ་དང་། །དེ་བཞིན་ཡུན་གྱི་ཆུ་སྲིད་དང་། །དངོས་ཀྱི་རང་བཞིན་ཆེ་བ་དང་། །བསམས་པའི་དོན་ལས་ལོག་པ་དང་། །ཀུན་དུ་ཁྱབ་པར་གྱུར་པ་དང་། །ལྷན་ཅིག་གནས་པ་མ་ཡིན་དང་། །དེ་ལ་ནུས་པ་འཕྲོག་བྱེད་དང་། །
མེད་པས་མཚོན་པའི་ཡོད་པ་ཡིས། །ཇི་ལྟར་བསྟན་པའི་དོན་བཞིན་དུ། །བསྡུ་བའི་བྱེ་བྲག་དེ་བཞིན་ནོ། །དགག་པ་ཡུལ་དང་གནས་སྐབས་དང་། །དུས་ལ་ལྟོས་པར་ཤེས་པར་བྱེད། །དེ་དག་གསུམ་མམ་གཉིས་གཉིས་སམ། །རེ་རེའི་དབང་ལའང་ལྟོས་པ་ཡིན། །སྤྱི་དང་ཁྱད་པར་
དབྱེ་བ་ན།