Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 187

Văn bản gốc(Tây Tạng)

Trang 15 / 19 (50.000 ký tự/trang)
པའམ་བྱས་པའི་དངོས་པོ་མི་རྟག་པ་ཉིད་མེད་པའི་ཕྱིར་འཇིག་པ་དངོས་པོའི་ཆོས་སུ་མི་འགྱུར་རོ། །གལ་ཏེ་འཇིག་པ་དངོས་པོ་མེད་པ་ཉིད་ཡིན་ནོ་ཞེ་ན། མེད་པ་ལ་ནི་འཇིག་པ་ཉིད་མི་སྲིད་ལ་རྒྱུས་བྱ་བར་ཡང་མི་རུང་ངོ་ཞེས་བཤད་ཟིན་ཏོ། །ཆོས་གཞན་
གཏན་ཚིགས་ཡིན་ན་དེ་དང་ཇི་ལྟར་དེའི་ཆོས་ཡིན་ཞེ་ན། བྱ་བ་ནི་ངེས་པའི་ཚིག་གི་ཚུལ་ལས་བརྩད་པ་སྟེ་འཛིན་པའི་ཕྱིར་ཆོས་ཞེས་བརྗོད་དེ་རང་གི་མཚན་ཉིད་འཛིན་པའོ། །དེས་ནི་གཞན་ལ་མི་རིགས་སོ་སྙམ་པའོ། །གྲགས་པའི་ཚུལ་གྱིས་དེ་ལ་བརྟེན་པ་ལ་ཡང་ཆོས་ཉིད་དུ་བརྗོད་པའི་
ཕྱིར་ཏེ། དེ་ལ་བརྟེན་པའི་ཕྱིར་རོ་ཞེས་གསུངས་སོ། །གཞན་དག་ནི་རྒྱ་ཤུག་དང་རྫ་མ་དག་དུས་མཉམ་པས་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པ་མེད་པར་རྟེན་དང་བརྟེན་པའི་དངོས་པོ་འདོད་པའི་ཕྱིར་དུ་བ་མེ་ལ་བརྟེན་པར་བཤད་ན། ཇི་ལྟར་རྒྱུ་དང་འབྲས་བུའི་དངོས་པོར་འགྱུར་ཞེ་ན་ཞེས་འདྲི་བར་
བྱེད་དོ། །སློབ་དཔོན་དེ་ཉིད་ཀྱི་ཕྱིར་ཞེས་གསུངས་ཏེ། རྒྱུ་དང་འབྲས་བུ་དེ་ཉིད་ཀྱི་ཕྱིར་རྟེན་དང་བརྟེན་པ་ཡིན་ནོ། །གཞན་དུ་ཕན་པར་བྱ་བ་དང་། ཕན་པར་བྱེད་པ་མེད་པ་ན་རྟེན་དང་བརྟེན་པ་ཉིད་དུ་མི་འགྲུབ་པོ། །དེ་ལྟར་ཡང་རྒྱུ་ཤུག་གི་མི་ལྟུང་བའི་རང་བཞིན་ནི་བུམ་པས་བྱས་པ་ཉིད་ཡིན་ཏེ་གཞན་དུ་

ན་མི་འཐད་པའི་ཕྱིར་རོ། །དུ་བ་དེའི་རྒྱུ་མེ་ཡང་ཕྱོགས་དེ་ལ་བརྟེན་པའི་ཕྱིར་ཕྱོགས་ནི་བརྒྱུད་པས་དུ་བའི་རྒྱུ་ཉིད་ཡིན་ནོ། །ཐམས་ཅད་གོ་བར་བྱ་བ་ནི་མེ་གསལ་བ་དང་རྩའི་དང་ཞེས་བྱ་བ་ལ་སོགས་པ་དུ་བས་གོ་བར་རོ། །ཐམས་ཅད་གོ་བར་བྱེད་པ་ན་སྐྱ་བོ་ཉིད་དང་རྫས་ཉིད་ལ་སོགས་པ་མེའི་
གོ་བར་བྱེད་པར་རོ། །གསལ་བ་དང་རྩའི་ཞེས་བྱ་བ་དེ་མེད་ཀྱང་མེ་ཙམ་མི་གསལ་བ་དང་། ཤིང་གི་ལས་ཀྱང་འབྱུང་བའི་དུ་བ་དེ་དག་ནི་གསལ་བ་ལ་སོགས་པ་དེ་དག་སྐྱེ་བར་ངེས་པ་མེད་པའི་ཕྱིར་གོ་བར་མི་བྱེད་པར་འདོད་པ་ཉིད་དོ། །ཡང་སྐྱ་བོ་དང་། རྫས་ལ་སོགས་པ་དེ་དག་ཀྱང་མེ་དེ་ལས་སྐྱེ་བར་ངེས་པ་མེད་དེ།
རྩིག་པ་དང་ཆུ་ལ་སོགས་པ་ལས་ཀྱང་ཡིན་པ་དེ་དག་གོ་བར་མི་བྱེད་པ་ཡང་འདོད་པ་ཉིད་དོ། །རྒྱུ་ལ་རང་བཞིན་སྲེག་པ་ཉིད་དེ་བུད་ཤིང་འགྱུར་བས་དུ་བ་བསྐྱེད་པ་ཞེས་བྱ་བའི་རང་བཞིན་ཇི་སྙེད་ཅིག་མེད་ན་མི་འབྱུང་བ། མིག་མཆི་མར་བྱེད་པ་དང་། ལྐོག་མར་གནོད་པ་དང་ནག་པོར་བྱེད་པ་དང་། གྱེན་དུ་འཐུལ་བ་ཞེས་བྱ་བའི་
རང་བཞིན་དེ་ནི་འབྲས་བུ་ཡིན་ལ་དེ་དག་གོ་བར་བྱེད་པའི་གཏན་ཚིགས་ཡིན་ཏེ། འབྲས་བུ་ཉིད་དུ་ངེས་པའི་ཕྱིར་རོ། །སྐྱ་བོ་ཙམ་ནི་ངེས་པ་མ་ཡིན་པའི་ཕྱིར་རོ། །རྒྱུ་འབྲས་བུའི་ཆོས་སྲེག་པ་དང་བུད་ཤིང་འགྱུར་བ་དང་། དུ་བ་བྱེད་པ་དང་། མིག་འཕྱིད་པར་བྱེད་པ་དང་། སྣམ་པར་བྱེད་པ་ལ་སོགས་པ་དེ་དག་ཀྱང་རྒྱུ་དང་
འབྲས་བུ་དེ་ཉིད་ཀྱི་ཆོས་ཞེས་བྱ་བར་རང་གི་ངོ་བོར་ཏེ་དེ་དག་དང་ཐ་དད་དུ་མི་འཇུག་པ་རྣམས་ཡིན་གྱི་སོ་སོར་སྲིད་པ་དག་ནི་མ་ཡིན་ནོ། །མེ་དང་དུ་བའི་རང་བཞིན་ཆ་མེད་པ་ལ་མེའི་གསལ་བའི་ཆ་སྐྱེད་པར་བྱེད་པ་མ་ཡིན་ཞིང་། དུ་བའི་རྫས་ཉིད་བསྐྱེད་པར་བྱ་བ་མ་ཡིན་ལ། ཆ་ཤས་ཀྱིས་བསྐྱེད་པར་བྱ་བ་དང་སྐྱེད་
པར་བྱེད་པར་ཐལ་བར་འགྱུར་རོ་ཞེ་ན། དེས་བསྐྱེད་པར་བྱ་བ་ནི་རྩའི་མེས་བསྐྱེད་པར་བྱ་བའི་དུ་བའི་བྱེ་བྲག་གཟུང་ན་གོ་བར་བྱ་བ་ཉིད་དུ་འདོད་པའི་ཕྱིར་དང་། རྟགས་དུ་བས་ཁྱད་པར་དུ་བྱས་པའི་སྤྱི་སྟེ་དུ་བའི་རྫས་དང་དུ་བའི་སྐྱ་བོ་ཞེས་སོ། །དེ་དག་ཀྱང་གོ་བར་བྱེད་པར་འདོད་པའི་ཕྱིར་ཐམས་ཅད་དུ་བསྐྱེད་པར་བྱ་བ་དང་སྐྱེད་
པར་བྱེད་པ་ཉིད་དོ། །གང་དག་བརྒྱ་བྱིན་སྤྱི་བོ་ལས་དུ་བ་འབྱུང་བར་མཐོང་ནས་གལ་ཏེ་དུ་བས་མེ་ལ་མི་འཁྲུལ་ལོ་ཞེས་བྱ་བ་འདི་ཞེས་དྲི་བར་བྱེད་དོ། མེ་དེ་ལས་དུ་བ་འཁྲུལ་ཏེ་མེ་མེད་པར་ཡང་ཡོད་ན་དུ་བ་འདི་རྒྱུ་དང་ལྡན་པ་ལས་འདས་འགྱུར་ཕྱིར་མི་འཁྲུལ་ལོ། །མེ་དང་དུ་བ་དེ་ལྟ་བུའི་མཚན་ཉིད་དག་མི་དམིགས་པ་ལས་

ཤེས་ནི་རྒྱུ་དང་འབྲས་བུར་འདོད་པ་དག་ཡོད་ན་སྣང་དུ་རུང་བ་ཞེས་བྱ་བ་མི་དམིགས་པ་སྣང་དུ་རུང་བ་ཉིད་དུ་བསྟན་ཏོ། །གང་དག་དམིགས་ན་ཞེས་བྱ་བས་ནི་མེ་དང་བུད་ཤིང་གང་དག་དམིགས་པ་སྟེ་མངོན་སུམ་གཅིག་གོ། །གང་དག་དམིགས་ལ་ཞེས་བྱ་བ་ནི་དུ་བ་སྟེ་མངོན་སུམ་གཉིས་པའོ། །དེ་ལས་གཅིག་མེད་ན་
ཞེས་བྱ་བ་ནི་མེ་དང་བུད་ཤིང་སྟེ་མི་དམིགས་པ་གཉིས་སོ། །མི་དམིགས་པ་ཞེས་བྱ་བ་ནི་དུ་བ་སྟེ། མི་དམིགས་པ་གསུམ་པའོ། །དེ་ལྟ་བུའི་རྗེས་སུ་འགྲོ་བ་དང་ལྡོག་པ་ཅན་དག་ནི་འབྲས་བུའི་རང་བཞིན་ཡིན་ལ་དེ་ཡང་དུ་བ་ལ་ཡོད་པའོ། །འབྲས་བུ་མ་ཡིན་པ་ནི་ལན་གཅིག་ཀྱང་མ་ཡིན་ཏེ། ནས་ཀྱི་ས་བོན་དང་
སཱ་ལུའི་མྱུ་གུ་ལྟ་བུའོ། །རྒྱུ་ལས་གཞན་དུ་སྟེ་རྒྱུ་མེད་པར་རོ། །མེ་གང་གི་འབྲས་བུ་དུ་བ་གང་མེ་མེད་པར་བརྒྱ་བྱིན་གྱི་སྤྱི་བོ་ལས་འབྱུང་ན་ནི་མེ་དེ་དུ་བའི་རྒྱུ་མ་ཡིན་ཏེ། མེ་མེད་པར་འབྱུང་བ་མྱུ་གུའི་རྒྱུ་མེ་མ་ཡིན་པ་བཞིན་ནོ། །དུ་བ་ཡང་མེ་ལས་གཞན་གྱི་མེ་མེད་པར་བརྒྱ་བྱིན་གྱི་སྤྱི་བོ་ལས་འབྱུང་ན་དེ་མེད་པར་འབྱུང་བ་ནི་
དེའི་རྒྱུ་ཅན་ཞེས་བྱ་བ་དེའི་འབྲས་བུ་མ་ཡིན་ཏེ། མེ་མེད་པར་འབྱུང་བས་ནས་ཀྱི་ས་བོན་དང་མྱུ་གུ་ནི་མེའི་འབྲས་བུ་ནི་མ་ཡིན་པ་བཞིན་ནོ། །དེ་ལ་ཡང་མཚུངས་པའི་ཕྱིར་རོ་ཞེས་བྱ་བ་ནི་བརྒྱ་བྱིན་གྱི་སྤྱི་བོ་དེ་ལ་ཡང་རྒྱུ་མ་ཡིན་པར་མཚུངས་པའི་ཕྱིར་ཏེ། དེ་མེད་ཀྱང་མེ་ལས་འབྱུང་བའི་ཕྱིར་རོ། །དེའི་ཕྱིར་འདི་
ལྟར་བརྒྱ་བྱིན་གྱི་སྤྱི་བོ་གང་མེད་པར་འབྱུང་བ་དུ་བ་དེའི་རྒྱུ་ནི་བརྒྱ་བྱིན་གྱི་སྤྱི་བོ་མ་ཡིན་ཏེ། བརྒྱ་བྱིན་གྱི་སྤྱི་བོ་མེད་པར་འབྱུང་བས་ནས་ཀྱི་མྱུ་གུ་བརྒྱ་བྱིན་གྱི་སྤྱི་བོ་མ་ཡིན་པ་བཞིན་ནོ། །དུ་བ་དེ་ཡང་བརྒྱ་བྱིན་གྱི་སྤྱི་བོའི་འབྲས་བུ་མ་ཡིན་ཏེ། དེ་མེད་ཀྱང་འབྱུང་བའི་ཕྱིར་ནས་ཀྱི་མྱུ་གུ་བཞིན་ནོ། །ཞེས་འཁྲུལ་པ་
མཚུངས་པའི་ཕྱིར་རོ། །དེའི་ཕྱིར་རྒྱུའི་ཚོགས་པ་རིགས་གཉིས་པ་ཅན་ནི་རྒྱུ་མེད་པ་ཉིད་དོ་ཞེས་བྱ་བ་ཡིན་པའི་ཕྱིར་རོ། །རྗེས་སུ་འགྲོ་བ་དང་། ལྡོག་པ་འཁྲུལ་པ་ལས་གཞན་ཡང་ཞེས་བྱ་བ་ནི་ཡང་གི་སྒྲའི་དོན་ཏོ། །དེ་ཡང་ཇི་ལྟ་བུ་ཞེ་ན། གལ་ཏེ་མེ་དེའམ་གཞན་བརྒྱ་བྱིན་གྱི་སྤྱི་བོ་དེ་དུ་བ་སྐྱེད་པ་རང་བཞིན་
མ་ཡིན་ན་ནི། དེའི་རང་བཞིན་མ་ཡིན་པ་ལས་ཇི་ལྟར་དུ་བར་འབྱུང་། རང་བཞིན་གྱིས་དུ་བ་སྐྱེད་པར་མི་བྱེད་པའི་ཕྱིར་དེ་ལས་འབྱུང་བར་འདོད་པའི་དུ་བ་རྒྱུ་མེད་པ་ཉིད་དུ་འགྱུར་རོ། །ཐམས་ཅད་ལས་ཐམས་ཅད་སྐྱེ་བར་འགྱུར་རོ། །ཞེས་བྱ་བ་ལྟོས་པ་མེད་པ་ལ་ཡུལ་དང་དུས་མི་ངེས་པར་རུང་ངོ་ཞེས་རང་བཞིན་

གྱི་གཏན་ཚིགས་ཀྱི་སྐབས་སུ་སྐྱོན་བརྗོད་ཟིན་ཏོ། །གལ་ཏེ་ནུས་པ་དང་འབྲེལ་མོད་དེ་ཙམ་གྱིས་རྒྱུ་དང་བཅས་པར་མི་འགྱུར་རོ་ཞེ་ན། ནུས་པའི་དངོས་པོ་དེ་ཡང་རྒྱུའི་དངོས་པོ་ལས་གཞན་ཅི་ཞིག་ཡིན་ཞེས་བྱ་བ་སྨོས་ཏེ། གལ་ཏེ་ལྟོས་པ་རྒྱུ་ཡིན་ཡང་ཡུལ་དང་། དུས་ཁོ་
ན་ལ་འཇུག་ནུས་པར་ཇི་ལྟར་འགྱུར་ཞེ་ན། དེས་ན་ཡུལ་དང་དུས་གཅིག་གཏང་སྟེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡང་ན་བརྒྱ་བྱིན་གྱི་སྤྱི་བོ་ལས་བྱུང་བ་དེ་དུ་བ་མ་ཡིན་ཏེ། དུ་བ་སྐྱེད་པར་བྱེད་པའི་རང་བཞིན་མ་ཡིན་པ་ལས་བྱུང་བའི་ཕྱིར། སཱ་ལུ་ལས་བྱུང་བའི་མྱུ་གུ་བཞིན་ནོ། །དུ་བ་དེའི་རང་
བཞིན་ཡིན་ན་ནི། བརྒྱ་བྱིན་གྱི་སྤྱི་བོ་དེ་ཉིད་བུད་ཤིང་དང་ལྡན་པ་ཡིན་ཏེ། དུ་བ་དངོས་སུ་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར། ཚང་བང་གི་མེ་བཞིན་ནོ། །གལ་ཏེ་བརྒྱ་བྱིན་སྤྱི་བོའི་མེ་ཞེས་བྱ་བ་དུ་བ་སྐྱེད་པར་བྱེད་པའི་དོན་ཏོ། །དེ་མེའི་རང་བཞིན་ཡིན་ཞེས་བྱ་བ་ནི་དུ་བ་སྐྱེད་པར་བྱེད་པའི་རང་བཞིན་མ་ཡིན་ནའོ། །ནུས་
པའི་བྱེ་བྲག་ལྡན་ཞེས་བྱ་བ་ནི་ནུས་པའི་བྱེ་བྲག་དེས་གྲགས་ཀྱི་དེ་མེད་ན་ནི་མེ་ཉིད་དུ་མི་འགྱུར་བའོ། །དེ་ལྟ་ན་མེ་མེད་པར་ཡང་དུ་བ་དེ་དུ་བའི་རྒྱུ་མིན། བརྒྱ་བྱིན་སྤྱི་བོ་ལས་བྱུང་ན་དུ་བའི་ནུས་པ་མེད་པར་འབྱུང་བའི་རྒྱུ་མེད་འགྱུར་རོ། །རྒྱུ་ཐ་དད་པ་ལས་འབྲས་བུ་གཅིག་པ་བཀག་པ་དང་གཞན་དག་དང་ནི་ཇི་ལྟར་ན་ལྷན་ཅིག་
བྱེད་པ་ཞེས་བྱ་བ་ལ་སོགས་པས་དྲི་བར་བྱེད་དོ། །གཅིག་པུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱེད་པར་བྱེད་པ་ནི་ཅུང་ཟད་ཀྱང་མེད་དོ་ཞེས་བྱ་བར་སྦྱར་རོ། །ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་གཅིག་པུས་སྐྱེད་པའི་རང་བཞིན་ཡིན་པ་ནི་ཅུང་ཟད་ཀྱང་མེད་དོ་ཞེས་བྱ་བ་སྟེ། དངོས་པོ་རྣམས་རང་བཞིན་གྱིས་སྐྱེད་པར་
བྱེད་པ་ནི་དེ་ལྟ་བུའོ་ཞེས་སྟོན་ཏོ། །དེ་ཡང་ཇི་ལྟར་ཤེས་ཤེ་ན། ཚད་མས་ཚོགས་པ་ཁོ་ན་རྩོམ་པར་འགྲུབ་པའི་ཕྱིར་རོ། །རྒྱུན་ནི་རང་ཉིད་ཀྱི་ཚོགས་པ་སྔ་མ་ཙམ་ལས་འབྱུང་སྟེ། གཟུགས་ཅན་རྣམས་ནི་ཅི་རིགས་པར་གཟུགས་དང་། རེག་བྱ་ལ་ཚོགས་པ་དང་། ཤེས་པར་ནི་མཚུངས་པར་ལྡན་པའི་ཚོགས་
པ་དང་ཁ་ཅིག་དབང་པོ་དང་ལུས་ཀྱི་རྟེན་དག་ཡོད་པ་ཙམ་གྱིས་འབྱུང་ངོ་། །འབྲས་བུའི་དངོས་པོར་གནས་པ་སྟེ་འགྲུབ་པའིའོ། །ཚོགས་པའི་གནས་སྐབས་ན་སྐྱེད་པར་བྱེད་པ་དེ་ཉིད་ཀྱི་ཕྱིར་ལྷན་ཅིག་བྱེད་པ་ཞེས་བྱ་བ་ཡང་རྣམ་གྲངས་མ་ཡིན་པར་ཏེ། རིམ་གྱིས་མ་ཡིན་པར་དུས་གཅིག་ཏུ་སྐྱེད་པ་ཡིན་ནོ། །

ཨུཏྤ་ལའི་ས་བོན་ལས་བྱུང་བ་དང་། བ་ལང་གི་ལྕི་བ་ལས་བྱུང་བ་དག་ལ་ཤ་ལུ་ཀ་ཞེས་བརྗོད་པར་ཟད་དེ་ཅུང་ཟད་འདྲ་བའི་ཕྱིར་སྒྲ་མཚུངས་པའོ། །ཡང་ན་དེ་མ་ཐག་པའི་རྒྱུ་ཞེས་བྱ་བ་དུ་བ་ལས་བྱུང་བའི་དུ་བ་མེ་འགགས་པའི་གནས་སྐབས་ཅན་གྱིས་བརྒྱུད་པའི་རྒྱུ་མེ་དཔག་པ་མ་ཡིན་གྱི་མེ་ཉེ་བ་སྟེ། མེ་ལ་དངོས་སུ་བརྟེན་
པའི་གནས་སྐབས་ཅན་གྱིས་མེ་དཔག་པའམ། ཡང་ན་ཆུ་ཤིང་རྒྱས་པས་རང་གི་རྒྱུ་མ་ཆོད་པ་སྡོང་བུ་ཉིད་དཔག་གི་སྡོང་བུ་དེའི་རྒྱུ་ས་བོན་བྱེ་བྲག་ནི་མ་ཡིན་པའོ། །རྒྱས་པར་ནི་སྡོང་བུ་ལས་བྱུང་བ་སྟེ་ས་བོན་ལས་ནི་ཕྲ་བའོ། །དོན་ཐ་དད་པ་ལས་ཁས་བླངས་ནས་ཞེས་བྱ་བ་ནི་སོ་སོར་ཉེ་བར་སྦྱོར་བ་དང་། སྐྱེ་བ་དང་།
འཇིག་པ་དུས་ཐ་དད་པ་འདོད་ནའོ། །དེ་ལྟར་ཞེས་བྱ་བ་ནི་གཅིག་ཅེས་བརྗོད་པའོ། །དེའི་ཕྱིར་དམག་དང་ནགས་ཀྱི་སྒྲ་བཞིན་དུ་མིང་གཅིག་པ་ཉིད་ཀྱི་དོན་ཐ་དད་པ་ཡིན་ནོ། །དེ་ནི་གྲངས་ཅན་དག་ནི་སྣ་ཚོགས་ཡོན་ཏན་གྱི་རང་བཞིན་གཅིག་ཏུ་སྨྲ་བ་ཡང་བསལ་བ་ཡིན་ནོ། །རྒྱུ་དོན་གཞན་མ་ཡིན་པ་ཉིད་དཔེས་བྱ་བ་ནི་འཇིག་
པ་རྒྱུ་མེད་པར་སྨྲ་བའི་ལྟར་ནའོ། །དངོས་པོའི་དུས་ན་མི་རྟག་པ་མ་གྲུབ་ཅེས་བྱ་བ་ནི་མི་རྟག་པ་ནི་ཞིག་པའོ་སྙམ་དུ་བསམས་པའོ། །མཚུངས་པ་མ་ཡིན་ནམ་ཞེ་ན་ཞེས་བྱ་བ་ནི་སྒྲུབ་པ་དང་། མ་གྲུབ་པ་འགལ་བ་ཉིད་དུའོ། །མང་དུ་བརྗོད་ཟིན་ཏོ་ཞེས་བྱ་བ་ནི་སྔར་གཞན་ཡང་འཇིག་པ་ཞེས་བྱ་བ་ནི་གཞན་
ཅུང་ཟད་ཡོད་པ་མ་ཡིན་གྱི་ཞེས་བྱ་བ་ལ་སོགས་པས་སོ། །གལ་ཏེ་དངོས་པོ་ཉིད་འཇིག་པ་ཡིན་ན་དངོས་པོའི་འཇིག་པ་ཞེས་དྲུག་པས་ཐ་དད་པར་སྟོན་པ་དང་། དངོས་པོ་འཇིག་པ་ཞེས་བྱ་བ་ཆོས་ཅན་དུ་སྟོན་པའི་བྱེ་བྲག་ཇི་ལྟ་ཞེ་ན། ཆོས་དང་ཆོས་ཅན་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །
གལ་ཏེ་དངོས་པོ་ཉིད་འཇིག་པ་ཡིན་ན་དངོས་པོ་མཐོང་བ་ཉིད་ན་འཇིག་པ་ན་ཡང་མཐོང་བར་འགྱུར་རོ་ཞེ་ན། འདིའི་རང་བཞིན་དེ་མཐོང་དུ་ཟིན་ཀྱང་ཞེས་སྨོས་ཏེ། རྣམ་པར་གཞོག་པར་མི་ནུས་ཏེ་ཞེས་བྱ་བར་ངེས་པར་མི་ནུས་སོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དེ་ཉིད་ཅིའི་ཕྱིར་ཞེ་ན། ཡོད་པ་དམིགས་
པ་ཞེས་བྱ་བ་སྨོས་ཏེ། ཁ་ཅིག་ཡོད་པ་དམིགས་པ་སྟེ་བར་དུ་སྟོང་པའི་སྐད་ཅིག་མ་མ་མཐོང་བས་དངོས་པོ་མི་འདྲ་བ་རྣམས་ལ་ཡང་ཐམས་ཅད་དུ་སྔ་མ་དེ་ཡོད་པར་ཐེ་ཚོམ་ཟ་བས་བསླུས་པའམ། ཡང་ན་ཁ་ཅིག་ནི་འདྲ་བ་གཞན་དང་གཞན་འབྱུང་བས་སོ། །གལ་ཏེ་མཐའི་སྐད་ཅིག་མ་མཐོང་

བས་ངེས་ཞེས་བྱ་བ་ནི་མར་མེ་ལ་སོགས་པ་རྗེས་སུ་འགྲོ་བ་མེད་པ་དང་། བུམ་པ་ལ་སོགས་པ་གྱོ་མོ་ལ་སོགས་པས་ཏེ་རྗེས་སུ་འགྲོ་བ་ཅན་གྱིས་འཇིག་པ་མཐོང་ནའོ། །གོ་བཞིན་ཡོད་པ་དམིགས་པ་དང་འདྲ་བས་བསླུས་པ་རྣམས་ཀྱིས་འཇིག་པ་ངེས་པར་འགྱུར་བའི་ཕྱིར་རོ། །
བུམ་པ་འདི་ཕྱིས་མི་དམིགས་པ་ན་བུམ་པའི་མཐའི་སྐད་ཅིག་མཐོང་བ་དེ་སྐད་ཅིག་མ་ཉིད་དུ་ངེས་ཏེ། འཁྲུལ་པའི་རྒྱུ་མཚན་བསལ་བའི་ཕྱིར་རོ། །གལ་ཏེ་མཐའི་སྐད་ཅིག་ངེས་ཀྱང་དབུས་དང་དང་པོའི་གནས་སྐབས་དག་ནི་ཡིན་པ་ཁོ་ནའོ་ཞེ་ན། འདི་ལ་མི་མཁས་པ་རྣམས་ཀྱིས་ངེས་པ་མ་ཡིན་པ་
ཁོ་ནའོ། །མཁས་པས་ནི་ངེས་པ་སྟེ། ཇི་ལྟར་ཞེ་ན། མཐའི་སྐད་ཅིག་མ་ལ་འཇིག་པའི་རྒྱུ་སྔར་བཤད་པའི་རིགས་པས་མི་རུང་བའི་ཕྱིར་རྒྱུ་ལ་མི་ལྟོས་སོ། །དེ་ལྟར་ན་ནི་རྟག་ཏུ་ཡོད་པ་ཉིད་དུ་འགྲུབ་སྟེ། འཇིག་པའི་རང་བཞིན་གཞན་ལ་མི་ལྟོས་པ་ཉིད་དུ་བྱེ་བྲག་མེད་པའི་ཕྱིར་རོ། །གལ་ཏེ་དངོས་པོ་མེད་པ་
ལས་ཡང་འཇིག་པ་ཡོད་པར་ཐལ་བར་འགྱུར་རོ་ཞེ་ན། མི་ལྟོས་ཞེས་བྱ་བ་དངོས་པོ་ཡོད་པ་ལས་རྒྱུ་ཡོད་པ་ལས་རྒྱུ་གཞན་ལ་མི་ལྟོས་སོ་ཞེས་རྟོགས་པར་བྱའི། ཅུང་ཟད་མི་ལྟོས་སོ་ཞེས་ནི་མ་ཡིན་ནོ། །དེའི་ཕྱིར་དངོས་པོ་ཡོད་པ་ཙམ་ལ་ལྟོས་པའི་ཕྱིར་དངོས་པོ་ཙམ་ལྟོས་པའི་ཕྱིར་དངོས་པོ་ཙམ་གྱིས་འཇིག་པ་
ཡོད་པར་འགྲུབ་སྟེ། དེ་ལས་གཞན་ལ་མི་ལྟོས་པའི་ཕྱིར་རོ། །དངོས་པོ་དེ་ཉིད་མི་རྟག་པར་གནས་པ་ལས་གཞན་དུ་ཡིན་ན་ནིའོ། །དངོས་པོ་དེ་དང་ལྡན་པར་མི་འགྱུར་ཏེ་ཞེས་བྱ་བ་ནི་དངོས་པོ་མི་རྟག་པ་དང་ལྡན་པར་རོ། །ཅིའི་ཕྱིར་ཞེ་ན། ཉེ་བར་སྦྱོར་བ་མེད་པས་སོ་ཞེས་བྱ་བ་ནི་དངོས་པོ་ཉིད་མི་
རྟག་པ་མ་ཡིན་པའི་ཕྱིར། མི་རྟག་པས་དངོས་ལ་ཅི་ཡང་མི་སྦྱོར་ཏེ། མི་ནུས་པས་སོ། །ཉེ་བར་སྦྱོར་བ་ཡོད་ན་ནི་ཞེས་བྱ་བ་ནི་དངོས་པོ་མི་རྟག་པའི་རང་བཞིན་དུ་བྱེད་ནའོ། །གཞན་ཅི་ཞིག་དགོས་ཏེ་དངོས་པོ་ཉིད་མི་རྟག་པ་ཡིན་པའི་ཕྱིར་ཏེ། འདིས་ནི་བདག་གི་འབྲེལ་པ་བསྙད་དོ། །མི་རྟག་པ་དེ་ནི་
རྒྱུ་ཉིད་དུ་འགྱུར་གྱི་མཚན་ཉིད་ནི་ཡིན་ནོ། །ཆོས་གཞན་དེ་ཡང་ཞེས་བྱ་བ་ནི་སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པའོ། །ཕྱིས་འབྱུང་ཕྱིར་ན་རྒྱུ་ཉིད་མིན། །ཞེས་བྱ་བ་འདི་ཉིད་རིགས་པར་བཤད་པ་ཡིན་མོད་ཀྱི། གང་ཁ་ཅིག་མ་འོངས་པའི་རྒྱུ་སྨྲ་བ་ཡོད་དེ། དེ་ནི་རྩོད་པ་

ཙམ་གྱིས་རྒྱལ་བར་འདོད་པ་ཡིན་གྱི་དངོས་པོའི་དེ་ཁོ་ན་ཉིད་ཚད་མས་སྤྱོད་པ་ནི་མ་ཡིན་ཏེ། མ་འོངས་པར་ནི་རང་ཉིད་མ་སྐྱེས་པས་མེད་པ་མ་ཡིན་ནམ་ཡོད་ན་ནི་མ་འོངས་པར་ག་ལ་འགྱུར། རྒྱུ་ནི་ནུས་པ་ཡིན་ལ་ནུས་པ་ཡང་དངོས་པོ་ཡོད་པ་ཁོ་ནའི་ཡིན་ནོ། །དེ་ལྟ་བས་ན་རྣམ་གྲངས་མེད་པ་ཉིད། ཞེས་བྱ་
བ་སྟེ། བླ་བརྡོལ་ལྟ་བུ་འདི་མཁས་པ་རྣམས་ཀྱིས་དཔྱད་པར་མི་འོས་སོ། །དེ་ཙམ་དང་རྗེས་སུ་འབྲེལ་པ་ཡང་དེ་ཉིད་དོ་ཞེས་བྱ་བ་མི་རྟག་པ་ཉིད་དངོས་པོ་ཡོད་པ་ཙམ་ལས་གཞན་མི་ལྟོས་པའོ། །ཉམས་པར་མི་འགྱུར་བའི་ཕྱིར་ཞེས་བྱ་བ་ནི་ཕྱིས་བྱུང་བའི་འཇིག་པ་ནི་དངོས་པོའི་རང་བཞིན་གྱི་
བདག་ཉིད་མ་ཡིན་པའི་ཕྱིར་དངོས་པོ་འཇིག་པར་མི་འགྱུར་བའི་ཕྱིར་རོ། །སྔར་སྨོས་པའི་ཐལ་བ་ནི་དངོས་པོ་མི་རྟག་པ་དང་ལྡན་པར་མི་འགྱུར་བའི་དངོས་པོ་ལ་ཉེ་བར་སྦྱོར་བ་ཡོད་ན་ནི་མི་རྟག་པ་གཞན་ཅི་ཞིག་དགོས་ཞེས་བྱ་བའིའོ། །གལ་ཏེ་མི་དམིགས་པས་དགག་པ་བསྒྲུབ་པ་མ་ཡིན་ནམ་མི་
མཐུན་པའི་ཕྱོགས་ལམ་མཐོང་བ་ཡང་མི་དམིགས་པ་ཡིན་ནོ་ཞེ་ན། མི་དམིགས་པ་ཐམས་ཅད་གོ་བར་བྱེད་པ་ནི་མ་ཡིན་ཏེ་ཞེས་བྱ་བ་སྨོས་སོ། །འབྲེལ་བ་འགའ་ཞིག་ཀྱང་འདོད་པར་བྱ་སྟེ། དེ་ལྟ་ན་ནི་འབྲེལ་པའི་ཡུལ་ལོག་ན་དེ་ལ་རག་ལས་པའི་རྟགས་ཀྱང་ལྡོག་པ་ངེས་པར་འགྱུར་བའི་ཕྱིར་རོ། །
དེ་ལྟ་མ་ཡིན་ན་མི་མཐུན་པའི་ཕྱོགས་ཡིན་པས་བསྒྲུབ་པར་བྱ་བ་ལོག་ཀྱང་གཏན་ཚིགས་ལྡོག་པར་ངེས་པ་མེད་དེ་རྟགས་རག་མ་ལས་པའི་ཕྱིར་རོ། །རག་ལས་ན་ནི་བསྒྲུབ་པར་བྱ་བ་མེད་པ་ལས་ལྡོག་པར་འགྱུར་རོ། །དེ་ལྟ་མ་ཡིན་ན་ནི་བསྒྲུབ་པར་བྱ་བ་མེད་པར་ཡང་རྟགས་ཡོད་པར་ཐེ་ཚོམ་ཟ་བའི་
ཕྱིར་བསྒྲུབ་པར་བྱ་བ་གོ་བར་བྱེད་པ་མ་ཡིན་པར་འགྱུར་རོ། །དེའི་ཞེས་བྱ་བ་ནི་འབྲེལ་པ་ཡོད་ན་གོ་བར་བྱེད་པ་ཡིན་པ་རྒྱུ་དེ་ཡིས་སོ། །ཡང་ན་དེ་ཡིས་ཞེས་བྱ་བ་ནི་སློབ་དཔོན་ཕྱོགས་ཀྱི་གླང་པོའི་ཞལ་སྔས་སོ། །རབ་ཏུ་གྲགས་པ་ཞེས་བྱ་བ་ནི་ངེས་པའི་དོན་སྟོན་པ་སྟེ། ངེས་པ་ཉིད་ཀྱང་འབྲེལ་
བས་འགྱུར་གྱི་གཞན་དུ་མ་ཡིན་ནོ། །ཆོས་མི་མཐུན་པ་བརྗོད་པ་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་ལ་མེད་པ་ཉིད་བརྗོད་པའོ། །གལ་ཏེ་མི་མཐུན་པའི་ཕྱོགས་ལ་གཏན་ཚིགས་མ་མཐོང་བ་བཤད་པ་ཡིན་ཡང་། མི་མཐུན་པའི་ཕྱོགས་ལམ་མཐོང་བ་དེ་མེད་པ་ཞེས་བྱ་བའི་ཚིག་དེ་མ་སྨོས་ཀྱང་

རྟོགས་པར་འགྱུར་ཏེ། དུ་བ་ནི་ས་ཕྱོགས་མེ་དང་ཉེ་བ་མེ་དང་བྲལ་བ་དག་ལ་མ་མཐོང་བ་ཡོད་པའི་ཕྱིར་རོ། །གལ་ཏེ་མ་མཐོང་བའི་འཁྲུལ་པ་བཟློག་པའི་ཕྱིར་རོ་ཞེ་ན། གཏན་ཚིགས་ཡང་དག་པ་དག་མི་མཐུན་པའི་ཕྱོགས་ལ་མཐོང་བ་སྲིད་པ་མ་ཡིན་པའི་ཕྱིར་མེད་པ་བརྗོད་པས་
ལྡོག་པར་འགྱུར་བ་སྔོན་མཐོང་བའི་འཁྲུལ་པ་ནི་མེད་དོ། །གལ་ཏེ་མ་མཐོང་བའི་འཁྲུལ་པ་ཡོད་དོ་ཞེ་ན། ཐེ་ཚོམ་ནི་བརྗོད་པས་མི་ལྡོག་ཅེས་འོག་ནས་སྟོན་ཏོ། །རྗེས་སུ་འགྲོ་བ་མཐོང་བ་མ་རྟོགས་ཏེ་བརྗེད་ནས་སྒྲུབ་པའི་ཡན་ལག་མ་ཡིན་པའི་ཕྱིར་རོ། །མཐོང་བ་ནི་མཐོང་བ་མེད་པ་ཡིན་ལ་དེ་ནི་མ་བརྗོད་ཀྱང་
བདག་ལ་མཐོང་བ་མེད་དོ་ཞེས་རང་གིས་གོ་བར་ནུས་སོ། །གལ་ཏེ་མི་མཐུན་པའི་ཕྱོགས་ལ་མ་མཐོང་བ་ཡོད་དེ་དེ་གསལ་བའི་ཕྱིར་བརྗོད་དོ་ཞེ་ན། མཐོང་བ་མེད་པ་དེ་ལ་ནི་མཐོང་བས་གནོད་པར་འགྱུར་ཏེ། མ་མཐོང་བ་ཉིད་མེད་པར་འགྱུར་རོ་ཞེ་ན། དེ་ལྟ་ན་ནི་བརྗོད་པས་ལྡོག་པར་མི་འགྱུར་ཏེ། ཚིག་
ཙམ་ཡིན་པའི་ཕྱིར་རོ། །གནོད་པ་དེ་མེད་ན་ནི་མ་མཐོང་བ་རང་གི་ངང་གིས་གྲུབ་པ་ཁོ་ན་ཡིན་པའོ། །གལ་ཏེ་མི་མཐུན་པའི་ཕྱོགས་བསྒྲུབ་པར་བྱ་བ་མི་དམིགས་པས་གཏན་ཚིགས་མེད་པར་གོ་བར་བྱེད་དོ་ཞེ་ན། གཅིག་མི་དམིགས་པས་ཞེས་བྱ་བ་སྨོས་ཏེ། འབྲེལ་པ་ཁས་མི་ལེན་ན་བུམ་པ་ལོག་པས་
སྣམ་བུ་ལོག་པར་ཧ་ཅང་ཐལ་བར་འགྱུར་རོ། །གལ་ཏེ་བསྒྲུབ་པར་བྱ་བ་མེད་པ་དེས་རྟགས་དེ་མེད་པར་སྒྲུབ་པ་ནི་མ་ཡིན་གྱི། འོན་ཀྱང་གཏན་ཚིགས་གང་ལ་དམིགས་པ་དེ་ཉིད་དགག་པར་བྱེད་དོ་ཞེ་ན། སྣང་བ་མ་མཐོང་བ་དེ་མེད་དོ་ཞེས་བྱ་བ་ནི་རིགས་ཏེ། སྣང་བ་དེ་མེད་པ་ཡིས་ཏེ་མི་སྣང་བའི་རང་བཞིན་
གྱི་མི་མཐུན་པའི་ཕྱོགས་ཀྱི་གཏན་ཚིགས་མེད་པ་ནི་མི་དམིགས་པས་མེད་པར་གྲུབ་པར་མི་རིགས་ཏེ་འབྲེལ་པ་ཁས་མི་ལེན་པའི་ཕྱིར་དང་། མ་མཐོང་བ་ཙམ་དང་ཡོད་པར་འགལ་བ་མེད་པའི་ཕྱིར་རོ། །གལ་ཏེ་མི་མཐུན་པའི་ཕྱོགས་མཐོང་བ་ཙམ་ལ་སྣང་དུ་རུང་བ་མ་དམིགས་པས་མེད་པས་སྒྲུབ་པོ་ཞེ་ན། དེ་
ལྟར་ན་ཁྱབ་པ་མི་འགྲུབ་སྟེ། དེ་ནི་ཡུལ་དང་དུས་ཐམས་ཅད་དུ་ངེས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །གལ་ཏེ་འདོད་རྒྱལ་གྱི་བྱ་རོག་དང་ཏ་ལའི་ཚུལ་དུ་ཁྱབ་པར་གྲུབ་པོ་ཞེ་ན། བྱ་རོག་དང་ཏ་ལའི་ཚུལ་དུ་དེ་ལྟར་སྲིད་ཀྱང་རྟགས་དང་རྟགས་ཅན་དེ་དག་འབྲེལ་པ་མེད་ན་འདོད་རྒྱལ་གྱི་ཡུལ་དང་། དུས་

རྫས་གར་ཡང་ཁྱད་པར་ལྡོག་པ་མི་འགྲུབ་སྟེ། རག་མ་ལས་པའི་ཕྱིར་རྟ་དང་བ་ལང་བཞིན་ནོ། །གལ་ཏེ་སྨྲ་བ་པོའི་ངག་ཕྱོགས་ཀྱི་ཆོས་ལ་སོགས་པ་ལ་ཚད་མ་ཡིན་པའི་ཕྱིར་དེས་མེད་དོ། །དེས་བརྗོད་པས་ལྡོག་པ་རྟོགས་སོ་ཞེ་ན། བསྒྲུབ་པར་བྱ་བ་ཉིད་བརྗོད་པས་རྟོགས་པའི་ཕྱིར།
གཏན་ཚིགས་མི་དགོས་པར་ཧ་ཅང་ཐལ་བར་འགྱུར་རོ། །ལྡོག་པ་འདོད་པས་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་མངོན་དུ་མ་གྱུར་པ་ཐམས་ཅད་ལ་ཡང་བསྒྲུབ་པར་བྱ་བ་མེད་པ་ཉིད་ཀྱིས་གཏན་ཚིགས་ཡོད་མི་སྲིད་དོ་ཞེས་ཁྱབ་པར་འདོད་པས་སོ། །རིག་པ་ཉིད་འབྲེལ་བ་ཉིད་དུ་དགོངས་ཏེ་གཞན་དུ་
གཏན་ཚིགས་རག་མ་ལས་ན་བསྒྲུབ་པར་བྱ་བ་ལོག་པར་ངེས་པ་མེད་དོ། །རྟ་ལ་རག་མ་ལས་པའི་བ་ལང་བཞིན་ནོ། །ཚིག་གིས་ཀྱང་ཞེས་བྱ་བ་ལ་མཐོང་བ་ཙམ་གྱིས་ལོག་པ་མ་ངེས་ན་དེ་ཉིད་བརྗོད་པའི་ཚིག་གིས་ཀྱང་མི་ངེས་སོ་ཞེས་བསྡུ་བ་སྟེ། ཚིག་གིས་ཀྱང་མ་མཐོང་བ་ཙམ་ཞིག་བརྗོད་པའི་ཕྱིར་རོ། །
ཅུང་ཟད་བརྗོད་ཟིན་མོད་ཀྱི་ཞེས་བྱ་བ་ནི་འདས་མ་ཐག་པ་རྣམས་སོ། །ཟོས་པ་ལས་གཞན་ཞེས་བྱ་བ་ནི་ཟོས་པ་ནི་མཐུན་པའི་ཕྱོགས་སོ། །གཞན་ནི་མི་མཐུན་པའི་ཕྱོགས་སོ། །དེའི་ཚེ་གཅིག་ལས་སྐྱེས་པ་ཞེས་བྱ་བའི་གཏན་ཚིགས་སམ། གཟུགས་ཁྱད་པར་མེད་པ་ཞེས་བྱ་བ་དག་མི་མཐུན་པའི་ཕྱོགས་
ལ་མ་མཐོང་བ་མེད་དེ་ཟོས་པ་ལས་གཞན་གཏན་ཚིགས་དང་ལྡན་པ་ཐམས་ཅད་ཕྱོགས་སུ་བྱས་པའི་ཕྱིར་རོ། །ཁ་ཅིག་ན་རེ་ཞེས་བྱ་བ་ནི་སློབ་དཔོན་དབང་ཕྱུག་སྡེའིའོ། །ཕྱོགས་སུ་བྱེད་པའི་ཡུལ་ལ་མེད། །ཅེས་བྱ་བ་ནི་མངོན་སུམ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་ད་ལྟར་མངོན་སུམ་པ་ཡང་ཕྱོགས་མངོན་སུམ་དུ་
ཞུགས་པས་གནོད་པར་དོགས་སོ་ཞེ་ན། གཞན་ལ་གཞན་ཡང་ཞེས་བྱ་བ་ནི་ལྷག་མ་དང་ལྡན་པ་ལས་གཞན་ལ་ཡང་ངོ་། །ཅིའི་ཕྱིར་ཞེ་ན་འབྲེལ་པ་ཁས་མི་ལེན་ན་མངོན་སུམ་གྱིས་གནོད་པ་མེད་པར་ངེས་པ་མེད་པའི་ཕྱིར་རོ། །གཞན་ཡང་ཚད་མ་ཞུགས་པ་གནོད་པར་བྱེད་པ་ཡིན་གྱི་ཚད་མ་མ་ཞུགས་
པར་ཡང་གནོད་ན་ནི་གཏན་ཚིགས་ཐམས་ཅད་ལ་ཡིད་བརྟན་དུ་མེད་དེ། ཚད་མ་ཞུགས་པ་གནོད་པ་དང་། ཁྱད་པར་མེད་པའི་ཕྱིར་རོ། །དེའི་ཕྱིར་ལྡོག་པ་ནི་གྲུབ་པ་ཁོ་ན་ཞེས་བྱ་བ་སྨོས་ཏེ་ངེས་པ་ཁོ་ནའོ། །གྲུབ་པ་ཞེས་བྱ་བ་ནི་གོ་བར་བྱེད་པའོ། །དེ་ལྟ་བུའི་ངོ་བོ་ནི་ཞེས་བྱ་བ་ནི་གྲུབ་པ་ཁོ་ན་སྒྲུབ་པའོ། །

ངེས་པ་ཞེས་བྱ་བ་ནི་རག་ལས་པ་ལའོ། །ལྟོས་སོ་ཞེས་བྱ་བ་ནི་འབྲེལ་པ་ཁོ་ནས་ལྡོག་པ་ངེས་པར་སྒྲུབ་ནུས་སོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཁྱོད་ཀྱི་ལྟར་ན་ལྷག་པ་དང་ལྡན་པའི་འཁྲུལ་པ་ཇི་ལྟ་བུ་ཞེ་ན། མི་དམིགས་པའི་སྒོ་ནས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །
ཇི་ལྟར་ཡང་ཞེས་བྱ་བ་ནི་སྒྲུབ་པར་བྱེད་པ་གཞན་ནོ། །བུམ་པ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་ཤི་བའི་ལུས་ལ་སོགས་པའོ། །མཐོང་བ་ནི་མངོན་སུམ་པའོ། །མ་མཐོང་བ་ནི་དེ་མ་ཡིན་པའོ། །དེ་རྣམས་ཀྱིས་བདག་མེད་པ་དེ་ལ་སྲོག་ལ་སོགས་པ་མེད་པས་ཁྱབ་པའི་ཕྱིར། གསོན་པོའི་ལུས་ལ་ཁྱབ་པར་
བྱེད་པ་སྲོག་ལ་སོགས་པ་མེད་པ་ལོག་པའི་ཕྱིར། ཁྱབ་པར་བྱ་བ་བདག་མེད་པ་ཡང་ལྡོག་པས་ན་བདག་དང་བཅས་པ་ཉིད་དུ་རྟོགས་པར་ཐལ་བར་འགྱུར་རོ། །གལ་ཏེ་ཁྱོད་ཀྱི་ལྟར་ན་སྲོག་ལ་སོགས་པ་ལྡོག་པ་མེད་པ་ཅན་ཡིན་ཞེ་ན། བདག་ལྟར་མི་རུང་བ་མི་དམིགས་པས་བུམ་པ་ལ་སོགས་པ་
ལ་མེད་པ་ཉིད་དུ་མ་གྲུབ་ན་བུམ་པ་ལ་སོགས་པ་བདག་མེད་པར་མ་གྲུབ་པའི་ཕྱིར་དེ་ལ་སྲོག་ལ་སོགས་པ་མེད་པ་ཡང་བདག་མེད་པས་མེད་དོ་ཞེས་པ་མི་འགྲུབ་པའི་ཕྱིར་བདག་ལོག་པ་ཐམས་ཅད་དུ་སྲོག་ལ་སོགས་པ་ལྡོག་གོ་ཞེས་བདག་ལོག་པ་ལ་སྲོག་ལ་སོགས་པ་ལྡོག་པས་ཁྱབ་པར་ལྡོག་པ་མེད་དོ། །
དེ་ལྟར་ཁྱབ་པར་བྱེད་པ་མ་གྲུབ་ན་ཁྱབ་པར་བྱ་བ་ལྡོག་པ་ཡང་མི་འགྲུབ་པས་བདག་རྟོགས་པར་བྱེད་པ་མ་ཡིན་ནོ། །ད་ནི་ཇི་ལྟར་ན་བདག་འགྲུབ་སྟེ་དེ་ཡང་མེད་པར་སངས་རྒྱས་པ་ཁས་ལེན་པའི་ཕྱིར་རོ། །གལ་ཏེ་ཁས་ལེན་པ་དེ་ཚད་མ་མ་ཡིན་ནོ་ཞེ་ན། གཞན་སངས་རྒྱས་པའི་བདག་མེད་པ་ཁས་
བླངས་པ་ཚད་མ་མ་ཡིན་པའོ། །གསོན་པོའི་ལུས་ལ་བདག་མེད་པ་ཁས་བླངས་པ་ནི་ཁོ་བོ་ཅག་དང་མི་མཐུན་པའི་ཕྱིར་ཚད་མ་མ་ཡིན་ནོ་ཞེ་ན། གལ་ཏེ་ཁས་བླངས་པ་ཁོ་ན་བདག་དང་བཅས་པ་དང་བདག་མེད་པ་རྣམ་པར་ཕྱེ་ནས་ཏེ་མཐུན་པར་ཁས་བླངས་ནས་བུམ་པ་བདག་མེད་པ་ཉིད་དུ་མི་མཐུན་པར་
ཁས་བླངས་པས་གསོན་པོའི་ལུས་བདག་དང་བཅས་པར་རོ། །མ་གྲུབ་སྦྱར་བ་ནི་རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་དང་མེད་པ་དང་གཉི་ག་ཞེས་བྱ་བའོ། །དེ་བཞིན་དུ་མཐུན་པའི་ཕྱོགས་ལ་ཡོད་པ་ལ་སོགས་པ་ཡང་ཅི་རིགས་པར་བརྗོད་པར་བྱའོ་ཞེས་བྱ་བ་ནི་མཐུན་པའི་ཕྱོགས་ལ་ཡོད་པ་དང་མེད་

པ་དང་། གཉི་ག་དང་ཞེས་བྱ་བ་དང་། མི་མཐུན་པའི་ཕྱོགས་ལ་ཡོད་པ་དང་མེད་པ་གཉི་ག་ཞེས་བྱའོ། །དེ་བརྗོད་པར་བྱ་བ་མ་ཡིན་པར་འགྱུར་ཏེ། ལྡོག་པ་མི་དམིགས་པ་ཁོ་ནར་ཟད་ན། ཐེ་ཚོམ་ཟ་བ་ཉིད་ལྡོག་པ་ཉིད་དེ། མི་མཐུན་པའི་ཕྱོགས་ལ་གཏན་ཚིགས་དམིགས་ན་ཐེ་ཚོམ་
དེ་མེད་པར་འགྱུར་གྱི་དམིགས་པ་མེད་ན་ཐེ་ཚོམ་དུ་གནས་པའི་ཕྱིར། ཐེ་ཚོམ་ཟ་བ་ཉིད་འདོད་པ་ཡིན་པའི་ཕྱིར་མ་གྲུབ་པ་སྦྱར་བས་མི་མཐུན་པའི་ཕྱོགས་ལ་མེད་པ་སྨོས་པ་དགོས་པ་མེད་དོ། །དེ་ལྟར་མི་དམིགས་པའི་ཕྱིར་ལྡོག་གོ་ཞེས་བྱས་ན་མཐོང་བ་ཙམ་དང་ཡོད་པར་འགལ་བ་མེད་པའི་ཕྱིར་
མི་མཐུན་པའི་ཕྱོགས་ལ་ཡོད་པར་ཐེ་ཚོམ་དུ་གྱུར་པ་ཡང་མ་བཟློག་པར་འགྱུར་རོ། །བརྗོད་པ་གང་གང་ཞིག་གཉི་ག་ལ་ངེས་པ་སྟེ། མི་མཐུན་པའི་ཕྱོགས་ལ་མེད་པར་བརྗོད་པ་ཡང་རྒོལ་དང་ཕྱིར་རྒོལ་བ་གཉི་ག་ལ་མེད་པར་ངེས་པ་ཁོ་ན་ཞེས་གསུངས་པ་ཉིད་ཡིན་པས་སོ། །སྩོགས་པས་ནི་སྒྲུབ་པ་
དང་སུན་འབྱིན་པ་ཡིན་ནོ་ཞེས་བྱ་བར་བསྡུ་བའོ། །ཅི་རིགས་པར་གསུངས་པ་ཅི་ཞེ་ན། དེ་ནི་མི་མཐུན་པའི་དཔེ་ལ་གཞི་མ་གྲུབ་པ་སྐྱོན་མེད་པ་ཡང་སྲིད་པ་བསྟན་པའི་ཕྱིར་རོ། །ལྡོག་པ་ངེས་པ་གསུངས་པ་དེའི་ཕྱིར་མི་དམིགས་ཀྱང་ཐེ་ཚོམ་ཟ་བས་ལྡོག་པ་མེད་པར་དགོངས་ཏེ།
ཐེ་ཚོམ་ཟ་བ་དེ་དག་དགག་པ་མེད་པར་ངེས་པར་བཤད་པ་ཡིན་ནོ། །གཞན་ཡང་མ་མཐོང་བ་ཙམ་གྱིས་ལྡོག་པ་དེས་ན་མཉམ་པར་བྱ་བ་ཉིད་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གལ་ཏེ་ལྡོག་པ་ཡིན་དུ་ཟད་མོད་དེ། ཅིའི་ཕྱིར་དེ་དག་གཅོད་པའི་གཏན་ཚིགས་སུ་འགྱུར་
ཞེ་ན། རྣམ་པར་གཅོད་པ་ནི་དེ་དག་ལས་ལྡོག་པ་ལས་གཞན་མ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། དེ་དག་ལས་ལྡོག་པ་ནི་དེ་དག་གཅོད་པ་ཉིད་ཡིན་གྱི། དོན་གཞན་མ་ཡིན་ཏེ། རང་གི་བསྒྲུབ་པར་བྱ་བ་ཁོ་ན་ལ་ངེས་པ་ན་དེ་མེད་པ་ལས་ལྡོག་པ་ཡིན་ལ་དེ་ཉིད་རང་ཡོད་ན་བསྒྲུབ་པར་བྱ་བ་
ལ་མི་འཁྲུལ་ན་བསྒྲུབ་པར་བྱ་བ་མེད་པ་གཅོད་པར་མི་འཁྲུལ་པའི་ཕྱིར་རོ། །གལ་ཏེ་མཉན་པར་བྱ་བ་ཉིད་རྟག་པ་དང་མི་རྟག་པ་གཉི་ག་གཅོད་པ་མ་ཡིན་པ་ཅིའི་ཕྱིར་ཞེ་ན། རྣམ་པར་གཅོད་པ་མ་ཡིན་པ་ནི་ཞེས་གསུངས་ཏེ། མ་མཐོང་བ་ཙམ་གྱིས་རྟག་པ་དང་མི་རྟག་པ་གང་ལས་ཀྱང་

ལྡོག་པ་ཉིད་དུ་མ་ངེས་པའི་ཕྱིར་གཅོད་པ་མ་ཡིན་ནོ། །གལ་ཏེ་ལྡོག་པ་མ་ངེས་པ་མ་ཡིན་གྱི་གཉི་ག་རྣམ་པར་གཅོད་པར་ཚད་མ་གཞན་གྱིས་གནོད་པའི་ཕྱིར་རོ། །ཚད་མ་གང་ཞེ་ན། ཕན་ཚུན་རྣམ་པར་གཅོད་པའི་ངོ་བོ་ཅན་དག་ནི་གཅིག་རྣམ་པར་བཅད་པས།
གཞན་ཅིག་ཤོས་བསྒྲུབས་པ་ཡིན་ཏེ། དེ་མ་བསྒྲུབས་ན་ཅིག་ཤོས་རྣམ་པར་གཅོད་པར་མི་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་རྟག་པ་ཉིད་རྣམ་པར་བཅད་ན་མི་རྟག་པ་ཉིད་བསྒྲུབ་པར་འགྱུར་ལ། གཉི་ག་གཅོད་ན་ནི་མི་རྟག་པ་དེ་ཉིད་དགག་པར་ཡང་འགྱུར་བས་ན་བསྒྲུབ་པ་དང་དགག་པ་དག་ནི་
མི་རྟག་པ་ཅིག་ལ་འགལ་བའི་ཕྱིར་ཞེ་ན། དེ་ལྟ་ན་ད་ནི་མ་མཐོང་བ་ལྡོག་པ་བསྒྲུབ་པའི་ཚད་མ་མ་ཡིན་ཏེ་ཚད་མ་གཞན་གྱིས་གནོད་པའི་ཕྱིར་རོ། །ཇི་ལྟར་མཉན་པར་བྱ་བ་དེ་བཞིན་དུ་མ་མཐོང་བ་ཙམ་གྱིས་ལྡོག་པའི་བསྒྲུབ་པ་དུ་བ་ལ་སོགས་པ་གཞན་དག་ལ་གནོད་པ་སྲིད་དོ། །ཅིའི་ཕྱིར་ཞེ་ན་མཚན་
ཉིད་དང་ལྡན་པ་ལ་ཞེས་བྱ་བ་སྨོས་ཏེ་མ་མཐོང་བ་ཙམ་གྱིས་ལྡོག་པའི་མཚན་ཉིད་དང་ལྡན་པ་ཅིག་ལ་གནོད་པ་སྲིད་ན་དེའི་མཚན་ཉིད་སུན་ཕྱུང་བ་ཁོ་ནར་འགྱུར་བས་དེའི་མཚན་ཉིད་ཐམས་ཅད་ལ་ཡིད་བརྟན་དུ་མི་རུང་སྟེ། ཚད་མ་མ་ཡིན་པ་ཉིད་དུ་དོགས་པར་འགྱུར་རོ། །གལ་ཏེ་རྗེས་སུ་དཔག་
པའི་ཡུལ་ལ་ཡང་ཞེས་ཟེར་བ་ནི་རྒྱང་པན་པའོ། །འགལ་བ་མཐོང་བས་ཞེས་བྱ་བ་ནི་ཅིག་ལས་སྐྱེས་པས་ཞེས་བྱ་བ་ལ་མངོན་སུམ་གྱིས་དང་། སྒྲ་ཡིན་པའི་ཕྱིར་རྟག་ཏུ་སྟེ་སྒྲའི་སྒྲ་ཉིད་ལྟ་བུའོ་ཞེས་བྱ་བ་ལ་བྱས་པའི་ཕྱིར་ཞེས་བྱ་བའི་རྗེས་སུ་དཔག་པས་འགལ་བ་མཐོང་བས་སོ། །ཇི་སྐད་བཤད་
པ་ནི་མེད་ན་མི་འབྱུང་བ་དང་ལྡན་པའི་རྟགས་གསུམ་ལའོ། །མི་སྲིད་པའི་ཕྱིར་ཞེས་བྱ་བ་ནི་ཚད་མ་གཞན་གྱིས་གནོད་པའོ། །གལ་ཏེ་རྟགས་གསུམ་ལ་འགལ་བ་མི་སྲིད་ན་སློབ་དཔོན་ཕྱོགས་ཀྱི་གླང་པོས་འགལ་བ་མི་འཁྲུལ་པ་ཅན་བཤད་པ་མི་བརྗོད་པར་འགྱུར་ཏེ། རྟགས་གསུམ་ག་ལ་འགལ་
བ་མི་སྲིད་པའི་ཕྱིར་ཏེ། འགལ་བ་མི་འཁྲུལ་པ་ཅན་ནི་རང་གི་བསྒྲུབ་པར་བྱ་བ་ལ་མི་འཁྲུལ་པ་ཁོ་ན་ལ་ཡོད་པར་གསུངས་སོ་སྙམ་པའོ། །རྗེས་སུ་དཔག་པའི་ཡུལ་ལ་སློབ་དཔོན་གྱིས་མ་བརྗོད་པའི་ཕྱིར་གཏན་ཚིགས་གསུམ་ལ་མི་སྲིད་པར་འདོད་པ་ཁོ་ན་ཡིན་ནོ། །འོ་ན་སློབ་དཔོན་གྱིས་གང་ལ་

གསུངས་ཤེ་ན། འདིའི་ཡུལ་ནི་ལེའུ་གསུམ་པ་ལས་བསྟན་པར་བྱའོ། །གལ་ཏེ་ཡང་མཐོང་བ་ཙམ་གྱིས་ས་ལ་སོགས་པ་མ་མཐོང་བ་དག་ལས་གྲང་བ་ཡང་མ་ཡིན། དྲོ་བ་ཡང་མ་ཡིན་པའི་རེག་པ་འགོག་པར་བྱེད་ན་ཡང་རིགས་པ་མ་ཡིན་ནོ་ཞེས་བྱ་བ་སློབ་དཔོན་གྱིས་གང་བཤད་པ་
འབྲེལ་པ་ལ་མི་ལྟོས་པར་མ་མཐོང་བ་ཙམ་གྱིས་དགག་པ་འགྲུབ་པའི་ཕྱིར་ལ། མཐོང་བ་ནི་ས་ལ་སོགས་པ་མངོན་སུམ་མ་ཡིན་པ་དག་ལ་ཡང་ཡོད་པའི་ཕྱིར་དགག་པ་འདི་རིགས་པ་ཉིད་ཡིན་ན། ཇི་ལྟར་རིགས་པ་མ་ཡིན་ནོ་ཞེས་བཤད་པ་དེའི་ཕྱིར། མི་དམིགས་པས་མེད་པར་འགྲུབ་པའི་ཕྱིར་རོ་
ཞེས་བྱ་བ་སྨོས་ཏེ་དེས་ན་དགག་པར་རིགས་པ་ཉིད་དུ་འགྱུར་རོ། །སྣང་བ་ཡོད་ན་སྣང་དུ་རུང་བའོ། །དེའི་ཡུལ་ནི་སྣང་བའི་ཡུལ་ཏེ། རྟོགས་པ་པོ་མངོན་སུམ་དུ་གྱུར་པའི་ཆོས་ཅན་ནོ། །འོ་ན་ཇི་ལྟར་ཞེ་ན། བྱེ་བྲག་པ་དེས་ནི་ས་ལ་སོགས་པ་སྤྱིར་བཟུང་ནས་ཏེ། འདི་ལྟར་དྲོ་བའི་རེག་པ་ནི་མེའི་ཡོན་
ཏན་ནོ། །གྲང་བ་ནི་ཆུའིའོ། །གྲང་བ་ཡང་མ་ཡིན་དྲོ་བ་ཡང་མ་ཡིན་པ་ནི་རླུང་གིའོ། །དེ་ལྟར་ན་ས་དང་ཆུ་དང་མེ་སྣང་བ་དང་། མི་སྣང་བ་ཐམས་ཅད་ལ་རེག་པ་བཏང་སྙོམས་པ་མེད་དེ་མ་དམིགས་པའི་ཕྱིར་རོ་ཞེས་དགག་པ་སྨྲས་སོ། །གལ་ཏེ་ཇི་ལྟར་ན་མ་དམིགས་པས་དགག་པ་འདི་རིགས་པ་མ་ཡིན་
ནམ་ཞེ་ན། དེ་ཡང་ཞེས་བྱ་བ་སྨོས་ཏེ། དེ་ཡོད་ཀྱང་ཞེས་བྱ་བ་ནི་ས་ཉིད་དེ་ཡོད་ཀྱང་ངོ་། །རེག་པ་ཐ་དད་པ་སྟེ། འཇམ་པ་དང་། ཡང་བ་ཉིད་ལ་སོགས་པ་ཐ་དད་པ་མཐོང་བ་ཡོད་དེ་སའི་སྲ་བ་ཉིད་དུ་མཚུངས་པ་མ་ཡིན་པའི་ཕྱིར། གྲང་བ་ཡང་མ་ཡིན། དྲོ་བ་ཡང་མ་ཡིན་པའི་རེག་པ་འདི་ཡང་ས་
ལ་སོགས་པའི་བྱེ་བྲག་འགའ་ཞིག་ལ་སྲིད་པར་དོག་པར་འགྱུར་བས་སོ། །ཡུལ་དེ་བ་རྣམས་ཀྱིས་དེ་ལྟར་མཐོང་ཞེས་ཏེ་ཞེས་བྱ་བ་ནི་སྐྱུ་རུ་ར་བསྐ་བ་མཐོང་གི་མངར་བར་མ་མཐོང་བའོ། །དེ་ལྟར་མངར་ལ་སྐྱུར་བ་མ་མཐོང་བ་ཙམ་གྱིས་སྐྱུ་རུ་ར་མཐོང་བ་ཙམ་སྐྱུ་རུ་ར་བསྐ་བ་ཁོ་ནར་འགྲུབ་པར་མི་འགྱུར་ཏེ་ཅིའི་ཕྱིར་
ཞེ་ན། རྒྱུ་དག་ལ་ཁྱད་པར་སྲིད་ན་དེའི་འབྲས་བུ་ཡོན་ཏན་དག་ལ་ཁྱད་པར་སྲིད་པ་དག་གི་ཕྱིར་རོ། །འདིར་ཡང་སྐྱུ་རུ་ར་དང་བསྐ་བ་ཉིད་དག་འབྲེལ་པ་མེད་པའི་ཕྱིར། བསྐ་བ་མེད་ཀྱང་སྐྱུ་རུ་ར་ཉིད་མི་ལྡོག་གོ་སྙམ་དུ་དགོངས་སོ། །རྒྱུ་ལས་འབྲས་བུའི་ཁྱད་པར་འགྲུབ་པའི་འབྲེལ་པར་རིག་བྱེད་

དགག་པ་བཞེད་ནས། རྒྱུ་ལ་ཁྱད་པར་མེད་ན་ནི། །ཞེས་གསུངས་ཏེ། རིག་བྱེད་ནི་སྐྱེས་བུས་མ་བྱས་པ་ཉིད་དུ་སྤྱོད་པས་བཤད་ལ་དེ་ལ་ནི་རྒྱུ་ལ་ཁྱད་པར་མེད་པའི་ཕྱིར་སྐྱེས་བུས་བྱས་པ་ཉིད་དུ་རྗེས་སུ་དཔག་གོ། །ཇི་ལྟར་ཁྱད་པར་མེད་ཅེ་ན། ཚིག་ལ་ཁྱད་པར་མེད་པའི་
ཕྱིར། །ཞེས་བྱ་བ་སྨོས་ཏེ། སྐྱེས་བུས་བྱས་པའི་ཚིག་དང་ཁྱད་པར་མེད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཕྱིར་སྐྱེས་བུས་བྱས་པར་ཡང་གྲུབ་བོ། །གལ་ཏེ་དེ་ཉིད་ཇི་ལྟར་ཤེས་ཤེ་ན། ཐམས་ཅད་སྐྱེས་བུ་དག་གིས་བྱེད་པར་མཐོང་བའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། སྒྲ་གསལ་
བ་དང་། མི་གསལ་བ་དང་། རིང་པོ་དང་། ཐུང་ངུ་དག་དང་དུག་ཞི་བ་ལ་སོགས་པ་དང་། དོན་བརྗོད་པ་དང་། གོ་དཀའ་བ་ལ་སོགས་པ་ཐམས་ཅད་སྐྱེས་བུས་བྱེད་པར་མཐོང་སྟེ། རིག་བྱེད་ཀྱི་སྒྲ་ལ་ཡོད་པའི་རང་བཞིན་དེ་ཐམས་ཅད་སྐྱེས་བུས་བྱེད་པའི་ཕྱིར་རོ། །དེ་ལྟར་ན་དེ་ན་སྐྱེས་བུས་
བྱས་པ་དག་དང་། རང་བཞིན་ཁྱད་པར་མེད་པས་རྒྱུ་ལ་ཁྱད་མེད་པ་ཉིད་དུ་གྲུབ་པའི་ཕྱིར་འབྲས་བུ་ཡང་སྐྱེས་བུས་བྱས་པར་ཁྱད་པར་མེད་པ་ཉིད་དཔག་སྟེ། ཁྱད་པར་རྒྱུ་མེད་པ་མི་རུང་བའི་ཕྱིར་རོ། །དེ་ལྟར་གྲུབ་ན་སྐྱེས་བུས་བྱས་པ་དང་། ཁྱད་པར་མེད་པའི་རང་བཞིན་ཡིན་པའི་ཕྱིར་སྐྱེས་བུས་མ་
བྱས་པ་ཉིད་མེད་དེ། སྐྱེས་བུས་བྱས་པའི་རང་བཞིན་དང་ཁྱད་པར་མེད་པའི་ཕྱིར་རོ། །ཡང་ན་སྐྱེས་བུས་བྱས་པ་ཡིན་ཏེ། སྐྱེས་བུ་དང་རང་བཞིན་ཁྱད་པར་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཡང་ན་རྒྱུ་ལ་ཁྱད་པར་ཡོད་ན་འབྲས་བུའི་ཁྱད་པར་དཔག་པའི་ཕྱིར་སྐྱེས་བུ་ཐམས་ཅད་མཁྱེན་པ་དགག་པ་
དཔྱོད་པ་པ་སྨྲ་བས་ཡང་དག་པར་བཞེད་ནས། གང་གིས་ན་ཚིག་ལ་སོགས་པ་ཅུང་ཟད་ཅེས་བྱ་བ་སྨོས་ཏེ། འདིས་ན་འབྲས་བུ་དང་རང་བཞིན་གྱིས་མ་འབྲེལ་བ་དང་། རྟགས་སུ་འདོད་པ་སྨྲ་བའི་ཕྱིར། །ཞེས་བྱ་བ་ལ་སོགས་པ་འགོག་པར་བྱེད་དོ། །ཡོན་ཏན་ཐམས་ཅད་ལ་ཁྱད་པར་མཐོང་བའི་ཕྱིར་
རོ་ཞེས་བྱ་བ་ནི་ཐོས་པ་དང་སྒྱུ་རྩལ་ལ་སོགས་པ་ཡོན་ཏན་ཐམས་ཅད་ལ་གོམས་པར་བྱས་པ་ལ་སོགས་པའི་རྒྱུ་ལས་ཆུང་ངུ་དང་། འབྲིང་དང་། ཆེན་པོ་དང་། ཤིན་ཏུ་ཆེན་པོ་ཁྱད་པར་མཐོང་བའི་ཕྱིར་རོ། །དེའི་ཕྱིར་ལུས་དང་ལྡན་པའི་ཕྱིར་འདོད་ཆགས་དང་ལྡན་པའོ་ཞེས་བྱ་བ་ལ་སོགས་པའི་

རྟགས་ནི་སྐྱུ་རུ་ར་ཡིན་པའི་ཕྱིར་བསྐ་བ་ཁོ་ནའོ་ཞེས་བྱ་བ་ལྟར་འཁྲུལ་པ་ཉིད་དོ། །གཞན་ལ་ཡང་ཞེས་བྱ་བ་ནི་འདོད་ཆགས་དང་བྲལ་བ་ལ་སོགས་པའོ། །དེ་དག་ལ་ཡང་ལུང་ཕྱིན་ཅི་ལོག་པ་གོམས་པའི་ལེགས་པར་བྱ་བའི་ཁྱད་པར་གྱི་རྒྱུས་ཁྱད་པར་དེ་ལྟ་བུ་སྲིད་དོ། །འདོད་ཆགས་དང་བྲལ་
བ་སོགས་པ་ལ་སྒྲུབ་པར་བྱེད་པ་སྲིད་པར་བསྟན་ནས། འགོག་པར་བྱེད་པ་མེད་དོ་ཞེས་བསྟན་པའི་ཕྱིར། མི་སྲིད་པར་རྗེས་སུ་དཔག་པ་ལ་ཞེས་བྱ་བ་སྨོས་ཏེ། འདོད་ཆགས་དང་བྲལ་བ་ལ་སོགས་པ་མི་སྲིད་པར་རོ། །ཅིའི་ཕྱིར་གནོད་པ་ཅན་མེད་ཅེ་ན། འདོད་ཆགས་བྲལ་བ་མ་མཐོང་བའི་
ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་འབྲས་བུ་ལ་འདོད་ཆགས་དཔོག་པ་དེ་ཉིད་གནོད་པ་ཅན་ཡིན་ནོ་ཞེ་ན། འདོད་ཆགས་ལ་སོགས་པའི་འབྲས་བུ་ཞེས་བྱ་བ་སྨོས་སོ། །གལ་ཏེ་འདོད་ཆགས་ཁོ་ནས་བསྐྱེད་པའི་ཚིག་ཀྱང་སྲིད་དོ་ཞེ་ན། སྲིད་ཀྱང་ཞེས་བྱ་བ་སྨོས་ཏེ། དེ་ལྟ་བུའི་
ཚིག་སྲིད་ཀྱང་ཚིག་གི་བྱེ་བྲག་ནི་རྟོགས་པར་དཀའ་སྟེ། དགོས་པའི་དབང་གིས་འདོད་ཆགས་དང་བྲལ་བ་ཡང་ཆགས་པ་ལྟར་སྨྲ་སྟེ། དགྲ་བོ་དང་སླུ་བ་ནའོ། །དེ་ལས་བཟློག་པ་ཡང་སྨྲ་སྟེ། དེའི་ཕྱིར་བྱེ་བྲག་བལྟ་བར་མི་ནུས་པའི་ཕྱིར་རྟགས་མི་འགྲུབ་པོ། །གལ་ཏེ་འདོད་ཆགས་དང་
བྲལ་བ་མ་མཐོང་བའི་ཕྱིར་སྤོང་ངོ་ཞེ་ན། དེ་ལྟ་བུ་དག་ནི་ཞེས་བྱ་བ་སྨོས་ཏེ་མ་མཐོང་བ་ཙམ་དག་ནིའོ། །སྤང་བར་རིགས་པ་མ་ཡིན་ཏེ། མ་མཐོང་བ་དང་ཡོད་པར་མི་འགལ་བའི་ཕྱིར་རོ། །གལ་ཏེ་རིག་བྱེད་ཀྱི་ཚིག་དག་ལ་ཡང་ཁྱད་པར་ཡོད་མོད་ཀྱི་བལྟ་བར་མི་ནུས་སོ་ཞེ་ན། ཚིག་རྣམས་
ནི་ཞེས་བྱ་བ་སྨོས་ཏེ། དུག་སེལ་བ་ལ་སོགས་པའི་བྱེ་བྲག་རྣམས་བལྟར་རུང་བའི་ཕྱིར་རོ། །གལ་ཏེ་དེ་ལྟར་བལྟར་མི་རུང་བའི་ཁྱད་པར་ཡོད་དོ་ཞེ་ན། བལྟར་མི་རུང་བ་ཉིད་གཅིག་ཡིན་ན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རིགས་མི་མཐུན་པ་ནི་སྐྱེས་བུས་མ་བྱས་པ་ལ་སོགས་པའོ། །
ཁྱད་པར་བལྟར་མི་རུང་བ་ཡང་མ་ཡིན་ཏེ། འདི་ལྟར་དུག་སེལ་བ་ལ་སོགས་པ་སྣང་བ་དེ་དག་ནི་གཞན་སྐྱེས་བུའི་སྒྲ་རྣམས་ལ་ཡང་བྱ་བར་ནུས་པའི་ཕྱིར་རོ། །གལ་ཏེ་ཁྱད་པར་མངོན་སུམ་ཡིན་ཡང་འཁྲུལ་པའི་ཕྱིར་མི་ངེས་ཏེ་སྐད་ཅིག་མ་བཞིན་ནོ་ཞེ་ན། འཁྲུལ་བའི་རྒྱུ་མཚན་མེད་པའི་ཡང་། །

ཞེས་བྱ་བ་སྨོས་ཏེ། བྱེ་བྲག་བལྟར་རུང་བ་འབའ་ཞིག་ཏུ་མ་ཟད་དོ་ཞེས་བྱ་བ་ནི་ཡང་གི་དོན་ཏོ། །ཅིའི་ཕྱིར་འཁྲུལ་བའི་རྒྱུ་མཚན་མེད་ཅེ་ན། གནོད་པར་བྱེད་པ་མེད་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། སྐད་ཅིག་མ་མ་ཡིན་པ་ཉིད་དུ་འཁྲུལ་བ་ལ་ནི་རྗེས་སུ་དཔག་པ་གནོད་པར་བྱེད་པའི་
ཕྱིར་འཁྲུལ་བར་འགྲུབ་པོ། །སྒྲ་རྣམས་མཚུངས་པ་ཉིད་དུ་འཛིན་པ་ལ་ནི་གནོད་པར་བྱེད་པ་མེད་པས་འཁྲུལ་པ་ཉིད་དུ་མི་འགྲུབ་པོ། །གལ་ཏེ་སྐྱེས་བུ་དག་འདྲ་བར་འཛིན་པ་ལ་ཡང་གནོད་པར་བྱེད་པ་མེད་དོ་ཞེ་ན། སྐྱེས་བུ་དག་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་ཁྱད་པར་ཚིག་ལ་
གཞན་ཡིན་པའི་སྒྲ་རྟགས་ཀྱང་དེ་མི་འགྲུབ་པོ་ཞེ་ན། ཚིག་གི་ཁྱད་པར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཁྱད་པར་མེད་པའི་ཕྱིར་སྐྱེས་བུས་བྱས་པ་རྣམས་ཀྱང་སྐྱེས་བུས་མ་བྱས་པར་འགྱུར་བའི་ཕྱིར་འགའ་ཡང་སྐྱེས་བུས་བྱས་པ་མ་ཡིན་པ་ཐལ་བར་འགྱུར་རོ། །གང་གི་ཕྱིར་འབྲེལ་པ་མེད་པ་མ་
མཐོང་བ་ཙམ་གྱིས་ལྡོག་པ་མེད་པ་དེའི་ཕྱིར་དེ་ཙམ་དང་འབྲེལ་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཁ་ཅིག་སློབ་དཔོན་ཕྱོགས་ཀྱི་གླང་པོས་བཤད་པའི་ཚིག་འབྲེལ་བ་སྟོན་པ་དང་། དེ་རྣམས་ཤེས་བྱེད་ཅེས་ལུང་ཙམ་དུ་སྨྲ་ཞིང་འབྲེལ་བ་སྟོན་པའི་ཚིག་རྒྱུ་དང་འབྲས་བུའི་དངོས་པོའམ་ཞེས་བྱ་བ་ལ་
སོགས་པ་ལ་རིགས་པ་སྨྲ་བ་ཡོད་དེ། དེ་ནི་སྒྲའི་བསྟན་བཅོས་ཀྱི་དྲི་བ་འདིར་སྨྲ་བ་ཡིན་གྱི་དོན་ནི་མ་ཡིན་ཏེ། རིགས་པའི་བསྟན་བཅོས་ལས་བསྟན་པའི་དོན་འདི་རྣམས་ནི་གཏན་ཚིགས་ལ་སོགས་པའི་ངོ་བོ་ཉིད་ཡིན་པས་སློབ་དཔོན་ཕྱོགས་ཀྱི་གླང་པོའི་ཚིག་གི་དོན་རྣམས་ཀྱང་འབྲེལ་པ་བསྒྲུབ་
པའི་རིགས་པར་བསྟན་པར་བྱའོ། །དེ་ལྟ་མ་ཡིན་ན་རིགས་པར་འདོད་པ་དག་ཀྱང་ལུང་ཉིད་དུ་ནུས་སོ། །དགག་པའི་གཏན་ཚིགས་ནི་གསུམ་ཁོ་ན་སྟེ་ཞེས་བྱ་བ་ནི་སློབ་དཔོན་ཕྱོགས་ཀྱི་གླང་པོས་བཤད་པའོ། །མ་རྟོགས་པ་ནི་འབྲས་བུ་མི་དམིགས་པ་ལ་སོགས་པའོ། །རྟོགས་པ་ནི་རང་བཞིན་
འགལ་བ་ལ་སོགས་པ་དམིགས་པའོ། །ཚད་མ་རྣམ་པར་ངེས་པའི་འགྲེལ་བཤད་ལས། རང་གི་དོན་གྱི་རྗེས་སུ་དཔག་པའི་ལེའུ་སྟེ་གཉིས་པ་རྫོགས་སོ།། །།གལ་ཏེ་རྗེས་སུ་དཔག་པ་ནི་ཤེས་པའི་བདག་ཉིད་ཡིན་ན། ཇི་ལྟར་སྒྲ་རྗེས་སུ་དཔག་པར་བརྗོད་ཅེ་ན། དེའི་ཕྱིར་རྒྱུ་ལས་འབྲས་བུ་

བཏགས་པའི་ཕྱིར་རོ། །ཞེས་གསུངས་ཏེ། འདོགས་པའི་རྒྱུ་ནི་རྒྱུ་དང་བཅས་པར་འབྲེལ་བའོ། །དགོས་པ་ནི་རྗེས་སུ་དཔག་པའི་ཤེས་པ་བསྐྱེད་པར་ནུས་པ་བྱེ་བྲག་ཏུ་རྟོགས་པར་བྱ་བའི་ཕྱིར་ཏེ། མ་གྲུབ་པ་དང་། རྗེས་སུ་འགྲོ་བ་མ་ཚང་བ་ལ་སོགས་པ་ནི་མི་ནུས་པ་ཡིན་ལ། དམ་བཅའ་བ་དང་པོར་བརྗོད་པས་ཡང་
མི་ནུས་པ་ཉིད་དོ། །ཉེ་བར་སྦྱར་བ་དང་། མཇུག་བསྡུ་བ་དག་ནི་ནུས་པའི་ཚིག་ལས་ལྷག་མ་ཡིན་པའི་ཕྱིར་སྒྲུབ་པར་བྱེད་པ་མ་ཡིན་ནོ་ཞེས་བསྟན་ཏོ། །དེ་ལྟ་བས་ན་མ་གྲུབ་པ་ལ་སོགས་པའི་སྐྱོན་དང་བྲལ་བ་བརྗོད་པའི་སྦྱོར་བའི་ངག་ནི་ཚད་མའོ་ཞེས་རྟོགས་པར་བྱའོ། །རྒོལ་བ་དང་ཕྱིར་རྒོལ་བ་གཉི་གས་དངོས་པོ་ལ་
མཐོང་བ་མ་ཡིན་པ་ལུང་ལས་མཐོང་བ་ནི་དཔེར་ན་གྲངས་ཅན་པ་ཁ་ཅིག་ན་རེ། གཞན་ཕྱིར་རྒོལ་བ་སངས་རྒྱས་པར་རྟོགས་པར་བྱ་བའི་ཆེད་ཡིན་པའི་ཕྱིར་གྲངས་ཅན་རྒོལ་བ་རང་གི་རྟགས་མ་མཐོང་ཡང་སྟེ། རང་ལ་མ་གྲུབ་ཀྱང་སྒྲུབ་པར་བྱེད་པ་ཡིན་ཏེ། དཔེར་ན་བདེ་བ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་
སྨོས་སོ། །མ་བྱུང་བ་ལས་བྱུང་བ་ནི་སྐྱེ་བ་ཡིན་ན་དེ་གྲངས་ཅན་བདག་ཉིད་ལ་མ་གྲུབ་སྟེ། དངོས་པོ་ཡོད་པ་ཉིད་གསལ་བ་ལ་སྐྱེ་བར་འདོད་པའི་ཕྱིར་རོ། །ཡོད་པ་གཏན་ནས་མེད་པར་འགྱུར་བ་ནི་མི་རྟག་པ་ཡིན་ན་གྲངས་ཅན་དེ་ནི་ཡོད་པ་མི་མཐོང་བ་ལས་མི་རྟག་པར་འདོད་པའི་ཕྱིར་རོ། །རྗེས་སུ་དཔག་པའི་
ཡུལ་ལ་ཞེས་བྱ་བ་ནི་དོན་གྱིས་དོན་རྟོགས་པར་བྱེད་པ་ལའོ། །དེ་ལྟར་དངོས་པོ་གོ་བར་བྱེད་པས་ན། ལུང་ནི་ཚིག་ཡིན་པའི་ཕྱིར་ངག་ཚད་མ་ཉིད་མི་སྲིད་པའི་ཕྱིར་རོ། །གལ་ཏེ་ཅིའི་ཕྱིར་ཚད་མ་མ་ཡིན་ཞེ་ན། གང་ཚད་མ་ཡིན་ན་ནི་རྗེས་སུ་དཔག་པ་ཞེས་བྱ་བ་རྟགས་འཇུག་པར་མི་འགྱུར་ཏེ། ངག་གི་དམ་བཅས་
པ་སྒྲུབ་པར་འདོད་པའི་དོན་གྲུབ་ནའོ། །གལ་ཏེ་ངག་ཁྱད་པར་ཅན་ཞེས་བྱ་བ་འདིར་སྨྲས་པའི་སྐྱེ་བ་ཅན་ནམ་མི་རྟག་པའི་ལུང་ངོ་། །འདི་ནི་ལུང་གི་ཚད་མ་པའི་སྐབས་ལེའུ་གཉིས་པར་རོ། །གལ་ཏེ་ལུང་འདི་ལ་སྔར་དཔྱད་པས་མི་གནོད་དོ་ཞེ་ན། གཞན་ཡང་འདི་ལ་ཞེས་བྱ་བ་ནི་སྐྱེ་བ་ཅན་ནམ་མི་རྟག་པ་ལུང་འདི་
ལའོ། །མི་སླུ་བའི་ཚད་མའི་ཁྱད་པར་གཞན་ལས་བྱེ་བྲག་ཏུ་གྱུར་པ་ནི་ཅུང་ཟད་ཀྱང་མེད་དོ་ཞེས་བྱ་བ་སྨོས་ཏེ། ངག་ཉིད་དོན་དང་མ་འབྲེལ་བ་ཉིད་དུ་འདྲེ་བའི་ཕྱིར་རོ། །མི་སླུ་ན་ནི་ཞེས་བྱ་བ་དོན་དང་འབྲེལ་བའོ། །དེས་གྲུབ་པ་ནི་ཞེས་བྱ་བ་དངོས་པོ་དང་འབྲེལ་བ་དེས་སོ། །གྲུབ་པ་དེས་ནི་གཞན་སངས་

རྒྱས་པ་འབའ་ཞིག་གྲུབ་པ་ནི་མ་ཡིན་ཏེ། དངོས་པོའི་སྟོབས་ཀྱིས་འོངས་པ་ནི་ཁྱོད་ཉིད་ལ་གྲུབ་པའི་ཕྱིར་རོ། །ཁས་བླངས་ནས་འཇུག་པ་ནི་མ་ཡིན་གྱི་ཞེས་བྱ་བ་ནི་གཞན་གྱིས་ཁས་བླངས་པས་དོན་འགྲུབ་པར་བྱས་ནས་དོན་གདོད་དཔྱོད་པའི་བརྟག་པ་འཇུག་པ་ནི་མ་ཡིན་
ཏེ་དཔྱད་པ་དགོས་པ་མེད་པའི་ཕྱིར་རོ། །འོ་ན་ཅི་ཞེ་ན། བརྟག་པར་རྩོམ་པ་ན་ནི་ཁས་བླངས་པར་འོས་སམ་མི་འོས་ཞེས་དཔྱོད་པ་པ་ཁས་ལེན་པའི་རྒྱུ་སེམས་པས་རྒྱུ་བརྟགས་ནས་གདོད་ཁས་ལེན་པའི་ཕྱིར་རོ། །སངས་རྒྱས་པ་དེའི་ལུང་དང་གནོད་པ་སེམས་པ་མེད་པ་ཉིད་བསྒྲུབ་པར་བྱ་བའི་
ཕྱིར་དང་ཕ་རོལ་སངས་རྒྱས་པ་ལ་སྐྱེ་བ་ཅན་དང་མི་རྟག་པ་སྨྲས་པ། གནོད་པ་དེའི་ཕྱིར་སངས་རྒྱས་པ་དེའི་ལུང་འདི་ཚད་མ་ཡིན་པར་འགྱུར་ལ། ཚད་མ་མ་ཡིན་པ་དེས་གྲུབ་པའི་སྐྱེ་བ་ཅན་དང་། མི་རྟག་པ་ནི་དངོས་པོར་གྲུབ་པ་མ་ཡིན་པའི་ཕྱིར་གཏན་ཚིགས་མ་གྲུབ་པ་དེ་ལས་ཇི་ལྟར་བསྒྲུབ་པར་བྱ་
བར་སེམས་པ་མེད་པ་འགྲུབ། གལ་ཏེ་གཏན་ཚིགས་དེ་སྐྱེ་བ་ཅན་ལ་སོགས་པའི་ལུང་དང་ལྡན་པ་སངས་རྒྱས་པ་དེ་ལ་གྲུབ་པོ་ཞེ་ན། དོན་གྱིས་དོན་དཔྱོད་པའི་སྐབས་ན་གང་གི་ལུང་གང་ཡིན་ཏེ། ལུང་ནི་གང་གི་ཡང་སྒྲུབ་པར་བྱེད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་ཁས་
བླངས་པའིའོ་ཞེ་ན། ལུང་དེ་སྐྱེ་བ་ཅན་གྱི་ཚད་མས་གནོད་ན་ཁས་མི་ལེན་པའི་ཕྱིར་ཇི་ལྟར་ལུང་ཡིན། གལ་ཏེ་ཚད་མས་གནོད་ཀྱང་བདག་ཉིད་ཀྱིས་ཁས་བླངས་པའི་ཕྱིར་ལུང་ཡིན་ནོ་ཞེ་ན། དེས་ཁས་བླངས་པ་ཙམ་གྱིས་རང་གི་ལུང་ཞེས་བྱ་བ་འདི་མི་རིགས་ཏེ། སྐྱེ་བོ་ལུང་ཁས་བླངས་པ་མེད་
པར་རེང་བུར་སྐྱེས་གྱུར་ཅིང་ལྷན་ཅིག་པའི་ལུང་མེད་དོ། །གལ་ཏེ་ཕྱིས་རང་གི་གྲུབ་པའི་མཐའ་ཁས་བླངས་པས་རང་གི་ལུང་ཡིན་ནོ་ཞེ་ན། ཚད་མས་བསྒྲུབ་པའི་ཡོན་ཏན་དང་། ཚད་མས་གནོད་པའི་སྐྱོན་མ་མཐོང་བར་ཏེ། མི་རྟོག་པར་གྲུབ་མཐའ་འཛིན་པ་འདི། ཀྱེ་མ་སྟེ་ཀྱེ་ཧུད་རྨོངས་པའི་ཐ་སྙད་
དབང་བྱེད་པར་གཞན་གྱིས་བྱིན་ནམ། འདི་རང་ཉིད་འགལ་བས་ལེན་པ་ནི་མི་རིགས་སོ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་པ་དེའི་ལུང་དང་། འགལ་བ་བདེ་བ་ལ་སོགས་པ་སེམས་པ་མེད་པ་ཉིད་ཁས་བླངས་ཏེ། ལུང་ལ་གནོད་པའི་ཚད་མས་ཁས་བླངས་པས་ལུང་ཚད་མ་མ་ཡིན་པར་བྱས་ནས་ཡང་

ལུང་དེ་ཉིད་ཀྱིས་བསྟན་པ་སྐྱེ་བ་ཅན་ལ་སོགས་པ་དེ་ལྟར་གཏན་ཚིགས་གྲུབ་པ་ཡིན། གལ་ཏེ་ལུང་དེ་ཁས་བླངས་པ་ཡིས་གྲུབ་པའི་ཕྱིར་གཏན་ཚིགས་གྲུབ་པོ་ཞེ་ན། ལུང་དེ་ཁས་བླངས་ན་ཡང་ལུང་དེ་ལ་ཚད་མས་གནོད་ཕྱིར་ལུང་དེ་བཏང་བ་ཡིན་ལ། བཏང་བའི་ལུང་ནི་ལུང་གི་ཚད་མ་མ་ཡིན་
པས་དེས་གྲུབ་པ་ཡང་མ་ཡིན་མ་གྲུབ་པ་ཡང་མ་ཡིན་པའི་ཕྱིར་བསྒྲུབ་པའི་ཡན་ལག་མ་ཡིན་པས་བསྒྲུབ་པར་བྱ་བ་རྟོགས་པར་རིགས་པ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་ཚད་མས་གནོད་པའི་ཕྱིར་ལུང་མ་ཡིན་ཡང་སངས་རྒྱས་པ་དེས་ཁས་བླངས་པས་ལུང་དུ་གཞག་པ་ཡིན་ལ་ཚད་མས་གནོད་
པས་བྱས་པའི་སྐྱེ་བ་ཅན་ལ་སོགས་པ་གྲུབ་པ་མ་ཡིན་པ་དེ་གཏན་ཚིགས་སུ་བྱས་ཏེ། གཏན་ཚིགས་དེའི་ཕྱིར་སེམས་པས་མེད་པའི་དངོས་པོ་གནས་པའི་ཕྱིར་ཡང་དངོས་པོ་ལེགས་པར་གནས་པ་ཡིན་ནོ་ཞེས་བྱ་བ་སྟེ་བསྟིང་བའོ། །ཡང་ཞེས་བྱ་བའི་སྒྲ་ནི་གང་གི་ལུང་གང་ཡིན་མ་གྲུབ་པར་མ་ཟད་ཀྱི་
གཏན་ཚིགས་མ་གྲུབ་པས་བསྒྲུབ་པར་བྱ་བ་སྒྲུབ་པ་འགལ་བ་ཡང་མ་ཡིན་ནོ་ཞེས་བྱ་བའོ། །གལ་ཏེ་གཏན་ཚིགས་སྐྱེ་བ་ཅན་ལ་སོགས་པ་ནི་སངས་རྒྱས་པའི་འདོད་པས་གཞན་ལ་ཁོ་བོ་ཅག་ལ་ནི་མ་གྲུབ་མོད་ཀྱི་ཞེ་ན། སྐྱེས་བུའི་འདོད་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྐྱེས་བུའི་འདོད་པའི་བྱས་པ་ནི་
གཏན་ཚིགས་ཉིད་དུ་འདོད་པ་དག་ཀྱང་དངོས་པོ་ལ་འཇུག་པ་སྟེ། མི་སླུ་བར་ངེས་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་གཏན་ཚིགས་ལྟར་སྣང་བ་དང་བྱེ་བྲག་མེད་དོ། །ཡང་ན་འདོད་པ་ནི་དངོས་པོ་ཇི་ལྟ་བ་བཞིན་དུ་འཇུག་པར་ངེས་པ་མེད་པ་སྟེ། བདག་ཉིད་ལ་འཇུག་པའི་ཚིག་བརྗོད་པར་འདོད་པ་
མཐོང་བས་སོ། །དངོས་པོ་ལ་གཏན་ཚིགས་ཀྱི་དོན་ཡོད་པ་ཉིད་ཡང་དེ་རྟགས་ཤེས་པའི་རྟོགས་པ་ལ་ལྟོས་ཏེ། བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་ཡིན་གྱི། རྟགས་ཀྱི་དོན་མེད་པར་རྟོགས་པ་ཙམ་འབའ་ཞིག་སྟེ། རྣམ་པར་རྟོག་པ་འབའ་ཞིག་ནི་བསྒྲུབ་པར་བྱ་བ་སྒྲུབ་པ་མ་ཡིན་ན། གང་གི་
ཕྱིར་ཕ་རོལ་གྱིས་ཁས་བླངས་པ་རྟོགས་པ་ཙམ་གྱིས་བསྒྲུབ་པར་བྱ་བ་འགྲུབ་པར་འགྱུར། གལ་ཏེ་སྐྱེ་བ་ལ་སོགས་པ་དངོས་པོར་ཡོད་པ་ཡང་སྲིད་དོ་སྙམ་ན་ཡོད་ཀྱང་ཞེས་བྱ་བ་སྨོས་ཏེ། སྐྱེ་བ་ལ་སོགས་པ་དངོས་པོ་ཡོད་ཀྱང་རྟགས་རྟོགས་པ་ལུང་ཙམ་ལས་གྲུབ་པས་དངོས་པོས་བྱས་པ་མ་ཡིན་ན་

རྟོགས་པ་མ་ཡིན་པའི་ཕྱིར་དེ་ནི་རྟགས་མ་ཡིན་དངོས་པོས་ཡོད་པའི་རྟོགས་པ་དང་བྱེ་བྲག་མེད་པ་སྟེ། རྟགས་ཚད་མས་མ་ངེས་པ་ནི་ཡིད་ཆེས་པར་བྱེད་པ་མ་ཡིན་པར་མཚུངས་པའི་ཕྱིར་རོ། །གལ་ཏེ་འབྲས་བུ་དང་རང་བཞིན་དང་མི་དམིགས་པ་ཇི་སྐད་བཤད་པ་ལྟ་བུ་ནི་
གཏན་ཚིགས་ཡིན་ལ་དེ་ལྟ་བུའི་རྟགས་ཤིག་ཡིན་ན་ནི་ཚད་མས་ངེས་པ་ཡིན་པའི་ཕྱིར་དངོས་པོ་ལ་གྲུབ་པ་རྟགས་ཀྱི་མཚན་ཉིད་ཡིན་ན་ཅིའི་ཕྱིར་གྲངས་ཅན་བདག་ཉིད་ལ་སོགས་པ་ལ་མ་གྲུབ། གལ་ཏེ་རང་ཉིད་ལ་ཚད་མས་མ་གྲུབ་པོ་ཞེ་ན། སངས་རྒྱས་པ་ལ་སོགས་པའི་ཕྱིར་རྒོལ་བ་ལ་ཡང་ཚད་མ་ལས་
གཞན་གྱིས་རྟགས་འགྲུབ་པར་རིགས་པ་ནི་མ་ཡིན་པ་ཉིད་དོ། །གལ་ཏེ་ལུང་ལས་གྲུབ་པ་རྟགས་མ་ཡིན་ན་གཞན་གྱིས་ཁས་བླངས་པའི་རྟགས་ཀྱིས་ཐལ་བར་བསྒྲུབ་པ་ཇི་ལྟ་བུ་ཞེ་ན། ཐལ་བར་འགྱུར་བ་ནི་ཕ་རོལ་གྱིས་ཀུན་བརྟགས་པ་སྟེ། འགལ་བའི་ཆོས་ཁས་བླངས་པས་དེའི་འགལ་བ་སྟོན་པར་
ཟད་ཀྱི་བསྒྲུབ་པར་བྱ་བ་བསྒྲུབ་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་བསྟན་པའི་ཕྱིར་དཔེར་ན་ཞེས་བྱ་བ་སྨོས་ཏེ། དཔྱོད་པ་པ་དང་བྱེ་བྲག་པ་དང་གང་དག་སྤྱི་ནི་གཅིག་པུར་ཁས་ལེན་ལ། རང་གི་གསལ་བ་ཡུལ་དང་། དུས་དང་། གནས་སྐབས་ངེས་པའི་བྱེ་བྲག་གསལ་བ་གཅིག་དང་རྣམ་
པར་མ་ཆད་པ་ཞེས་བྱ་བ་སྤྱིའི་རང་བཞིན་ཆ་ཤས་ལུས་པ་མེད་པར་སྤྱི་རྫོགས་པའི་བདག་ཉིད་འདྲེ་སྟེ་འབྲེལ་པར་འགྱུར་ཏེ། སྤྱི་ལ་དེ་དང་འབྲེལ་བའི་རང་བཞིན་གཅིག་ལས་གཞན་མ་འབྲེལ་བའི་རང་བཞིན་མེད་པའི་ཕྱིར་རོ་ཞེས་འདོད་པ་དུ་མ་ལ་འཇུག་པར་ཡང་ཁས་ལེན་ཏོ། །དེ་ལ་འདི་ལྟར་འགལ་བ་
ཁས་བླངས་པ་སྟོན་ཏེ་གསལ་བ་དུ་མ་འཇུག་པ་སྤྱི་གཅིག་པོ་དེ་ཡུལ་ལ་སོགས་པ་སྟེ། དུས་དང་གནས་སྐབས་ངེས་པའི་བྱེ་བྲག་བཞིན་དུ་གཞན་དུ་སྟེ། དུ་མར་ནི་རིགས་པ་མ་ཡིན་ཏེ། གཅིག་པུའི་རང་བཞིན་དེ་ལྟ་བུའི་རང་བཞིན་ཅན་གྱི་སྤྱི་ནི་ཡུལ་ལ་སོགས་པ་སྟེ་དུས་དང་གནས་སྐབས་གཞན་དེ་མི་འདྲ་བ་
རྣམས་དང་འབྲེལ་པ་ཞེས་བྱ་བ་འཇུག་པར་འགལ་ཏེ། གཅིག་དང་དུ་མ་འགལ་བའི་ཕྱིར་རོ། །དེ་ལྟར་ཁས་ལེན་པ་དེ་ནི་ཆོས་དུ་མ་ལ་འཇུག་པ་གཅིག་ཁས་བླངས་ན། ཅིག་ཤོས་རང་བཞིན་ཐ་དད་པ་ཁས་བླངས་པར་བསྟན་པའི་དོན་དུ་སྟེ། དེ་ལྟར་ན་གཅིག་ཉིད་དང་འགལ་ལོ། །གལ་ཏེ་ཐ་དད་

པ་ཉིད་ཁས་མི་ལེན་ན་སྟེ་གཅིག་ཉིད་དུ་འདོད་ན་ཐ་དད་པར་ལྡོག་པར་འགྱུར་བས་དུ་མ་ལ་འཇུག་པ་དང་འགལ་ལོ། །གལ་ཏེ་དེ་ལྟར་གྱུར་པ་ཉིད་ཅིའི་ཕྱིར་ཞེ་ན། དུ་མ་ལ་འཇུག་པ་ལ་ཐ་དད་པས་དེའི་བདག་ཉིད་ཀྱིས་ཁྱབ་པའི་ཕྱིར་དབྱེ་བར་མི་ནུས་པས་ཐ་དད་པ་ལོག་ན་དུ་མ་ལ་འཇུག་པ་ཡང་ལྡོག་པར་འགྱུར་
རོ། །གལ་ཏེ་དེའི་བདག་ཉིད་ཡིན་པ་ཇི་ལྟར་འགྲུབ་ཅེ་ན། དེ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་འབྲེལ་བའོ། །བཞིན་དུ་སྟེ་དཔེ་ལའོ། །དངོས་པོ་ཞེས་བྱ་བ་ནི་བདག་ཉིད་གཅིག་པར་རོ། །འབྲེལ་ཏོ་ཞེས་བྱ་བ་ནི་འབྲེལ་བར་རྟོགས་པའོ། །ཇི་ལྟར་ཞེ་ན། གང་ཞིག་དུ་མ་ལ་འཇུག་པ་དེ་ནི་ཐ་དད་པ་ཡིན་ཏེ།
རྫས་དང་ཡུལ་ལ་སོགས་པ་དུ་མ་ལ་ཞུགས་པའི་སྔོན་པོ་དང་སེར་པོ་ལྟ་བུའོ་ཞེས་སོ། །ད་ནི་ཞེས་བྱ་བ་ནི་ཕ་རོལ་གྱི་སྟེ་གལ་ཏེ་སྤྱི་ལ་ཐ་དད་པ་མི་སྲིད་པ་དེར་ཇི་ལྟར་རྟོགས་པར་འགྱུར་སྙམ་པའོ། །ལན་སྦྱིན་པ་ནི་ཐ་དད་པ་མི་སྲིད་ན་དུ་མ་ལ་འཇུག་པ་དེ་ཡང་སྤྱི་དེ་སྲིད་དེ། ཁྱབ་པར་བྱེད་པ་ཐ་དད་པ་ལོག་
པ་ལ་ཁྱབ་པར་བྱ་བ་དུ་མ་ལ་འཇུག་པ་ལྡོག་པས་ཁྱབ་པའི་ཕྱིར་ཏེ། ཡུལ་ལ་སོགས་པ་ངེས་པའི་གསལ་བ་གཅིག་བཞིན་ནོ། །གལ་ཏེ་དུ་མ་ལ་འཇུག་པའི་གཅིག་པོ་དེ་མི་ལྡོག་པར་ཁས་ལེན་ན་དེ་ལ་ཁྱབ་པར་བྱེད་པ་ཐ་དད་པ་གཞན་དེ་ངེས་པར་འཐོབ་པའི་ཕྱིར་ཐ་དད་པ་དོར་བར་དཀའ་འོ། །གལ་ཏེ་ཁྱབ་པ་དེ་
ལྟ་མོད་ཀྱི་སངས་རྒྱས་པ་ལ་ཐལ་བར་འགྱུར་བའི་གཏན་ཚིགས་གཅིག་དུ་མ་ལ་འཇུག་པ་ཞེས་བྱ་བ་མ་གྲུབ་སྟེ། རང་གི་འདོད་པ་སྤྱི་གཅིག་དུ་མ་ལ་འཇུག་པར་འདོད་པ་ལས་གཞན་དུ་གནས་ཏེ། དེ་ལྟ་བུ་མི་འདོད་པའི་ཕྱིར་ཏེ། གལ་ཏེ་དེ་ཁས་བླངས་ན་དམ་བཅས་པ་ལ་རང་གི་འདོད་པས་གནོད་པའི་ཕྱིར་རོ་ཞེ་
ན། རྟགས་ཀྱི་དོན་གང་རྟོགས་ན་དེ་རྟོགས་ནས་རང་གི་ཁྱབ་པར་བྱེད་པ་མི་འདོར་བའི་ཕྱིར་ཤུགས་ཀྱིས་གཞན་མེད་དེ་ཁྱབ་པར་བྱེད་པའི་ཆོས་ཀྱང་རྟོགས་ཏེ། ཁྱབ་པར་བྱ་བ་གང་ཁས་བླངས་པས་ཁྱབ་པར་བྱེད་པ་དེ་ཁས་བླངས་པར་འགྱུར་ཏེའོ། །དོན་ལས་དོན་རྟོགས་པ་དེའི་ཕྱིར་གྲུབ་པའི་མཐའ་
གཞན་དུ་གནས་ཀྱང་དོན་རྟོགས་པ་ལ་གགས་བྱེད་ཅིང་ཕན་པ་ཡང་མེད་པའི་ཕྱིར་གྲུབ་པའི་མཐའ་གཞན་དུ་གནས་པའི་སྐྱོན་བརྗོད་པའི་སྐབས་ན་མ་ཡིན་ནོ། །དེ་ལྟ་བས་ན་གྲུབ་པའི་མཐའ་དང་འགལ་ཡང་དོན་གང་རིགས་པའི་སྟོབས་ཀྱིས་འོངས་པ་དེ་དང་དེ་དག་ཐམས་ཅད་ཁས་བླང་བར་བྱ་སྟེའོ། །

ཡང་ན་འགའ་ཡང་སྟེ་ཁྱབ་པར་བྱེད་པ་ཁས་མི་ལེན་ན། ཁྱབ་པར་བྱ་བ་རང་གིས་ཁས་བླངས་པའི་རྟགས་ཀྱི་ཆོས་དུ་མ་ལ་འཇུག་པ་ལ་སོགས་པ་ཡང་ཁས་བླང་བར་བྱ་སྟེ། ཁྱབ་པར་བྱེད་པ་ཁས་མི་ལེན་པའི་ཕྱིར་རོ། །དེ་ལྟར་གྲུབ་པའི་མཐའ་མ་གྲུབ་ཀྱང་སྐྱོན་མེད་དོ་ཞེས་སྨྲས་ནས་ད་
ནི་མ་གྲུབ་པ་ཡང་མ་ཡིན་པ་ཉིད་དུ་བསྟན་པར་བཞེད་པས་མ་གྲུབ་པ་ཡང་མ་ཡིན་ཏེ་ཞེས་གསུངས་ཏེ། གལ་ཏེ་དུ་མ་ལ་འཇུག་པ་ཡིན་པ་ལྟ་ན་ཐ་དད་པ་འདི་ཡང་ཡིན་ལ་ཐ་དད་པ་མ་ཡིན་ན་དུ་མ་ལ་འཇུག་པ་དང་གཉི་ག་མ་ཡིན་ནོ་ཞེས་ཆོས་དེ་གཉིས་འབྲེལ་བར་སྟོན་པའི་ཕྱིར་རོ། །གཅིག་ཏུ་ངེས་པར་གཅིག་དུ་
མ་ལ་འཇུག་པ་ཉིད་དུ་ཡོངས་སུ་བཟུང་ནས་རྟགས་མ་གྲུབ་པའི་སྐྱོན་འདིར་འགྱུར་གྱི་དེ་ལྟར་ཁས་མི་ལེན་པ་ནི་མ་ཡིན་ནོ། །ཡང་ན་གཏན་ཚིགས་དུ་མ་ལ་འཇུག་པ་ལ་སོགས་པ་དངོས་པོའི་དོན་དུ་ཡོད་ན་གྲུབ་པའི་མཐའ་དང་འགལ་ཡང་རྟགས་ལ་ཁྱབ་པའི་རིགས་པའི་སྟོབས་ལས་ཐོབ་པ་ནི་ངེས་པར་ཡོངས་སུ་
གཟུང་བར་རིགས་ཏེ། སྔར་བཤད་པ་ལྟར་དེ་ཁས་བླངས་ན་ཞེས་སྨོས་པ་བཞིན་ནོ། །འོ་ན་དོན་འདི་སྔར་བཤད་མ་ཐག་པ་ཉིད་ཡིན་པས་ཟློག་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ་གལ་ཏེ་ཁས་བླངས་པས་གནོད་པར་མི་འགྱུར་རམ་ཞེ་ན། ཁས་བླངས་པས་རིགས་པ་ལ་གནོད་པར་མི་ནུས་སོ་ཞེས་བྱ་བ་འདི་
འོག་ནས་བཤད་པར་བྱའོ་ཞེས་བྱ་བ་ནི་གཞུང་འདི་བསྟན་པའི་འབྲེལ་བའི་དོན་དུ་བཟླས་པས་སོ། །དེ་ལྟ་བས་ན་ཁྱབ་པར་བྱ་བའི་ཆོས་གཅིག་ཁས་བླངས་པ་ཅན་གྱིས་ངེས་པར་ཆོས་གཞན་ཁྱབ་པར་བྱེད་པ་ཁས་བླང་པར་བྱ་སྟེ། རིགས་པས་བྱས་པ་ལ་གྲུབ་པའི་མཐའ་དག་གི་གནོད་པར་མི་ནུས་
པའི་ཕྱིར་རོ། །གཞན་ཡང་གཏན་ཚིགས་གཅིག་དུ་མ་ལ་འཇུག་པ་ཞེས་བྱ་བ་དེ་མེད་ན་ཡང་རྩ་བའི་གཏན་ཚིགས་ཏེ་གཙོ་བོར་གྱུར་པ་དུ་མ་ལ་འཇུག་པ་ཞེས་བྱ་བ་ཉིད་ཀྱིས་འདོད་པ་རྟོགས་ཏེ་ཁྱབ་པར་བྱ་བ་དུ་མ་ལ་འཇུག་པ་ཡིན་ལ་དེ་ལ་ཡང་ཁྱབ་པར་བྱེད་པ་ཐ་དད་པ་ཉིད་དུ་གནས་པའི་དངོས་པོ་འདི་སྔོན་པོ་དང་སེར་པོ་
ལ་སོགས་པར་སྒྲུབ་པར་བྱེད་ལ། དེས་ནི་ལྡོག་པའི་ཁྱབ་པ་ཐ་དད་པ་མེད་ན་དུ་མ་ལ་འཇུག་པའི་ཡང་ལྡོག་པར་སྟོན་པས་དུ་མ་ལ་འཇུག་པ་དང་གཅིག་ཉིད་འགལ་བར་སྟོན་པར་བྱེད་ཀྱི། དེ་ལས་བཟློག་པ་དུ་མ་ལ་འཇུག་པ་དང་གཅིག་མི་འགལ་བ་སྒྲུབ་པར་བྱེད་པ་ནི་མ་ཡིན་ཏེ། གཅིག་དུ་མ་ལ་འཇུག་པ་ཞེས་བྱ་

བའི་གཏན་ཚིགས་ཚད་མ་ཅན་མ་ཡིན་ཏེ། འགལ་བའི་དོན་དེ་འདྲ་བ་མི་སྲིད་པའི་ཕྱིར་རོ། །གལ་ཏེ་ཁོ་བོ་ཡང་སྐྱེ་བ་དང་ལྡན་པ་ལ་སོགས་པས་ཐལ་བར་འགྱུར་བ་བྱེད་དོ་ཞེ་ན། གལ་ཏེ་འདིར་ཡང་དུ་མ་ལ་འཇུག་པ་དེ་བཞིན་དུ་སེམས་པ་མེད་པ་བཟློག་པ་ཉིད་ཀྱིས་མི་རྟག་པ་ཉིད་དང་། སྐྱེ་བ་དགག་
པར་བྱ་བར་ཐལ་བ་ཡིན་ན། ཁྱེད་གྲངས་ཅན་པའི་སྨྲ་བ་འགའ་ཡང་དེ་ལྟར་དགག་པར་བྱེད་པ་ནི་མེད་དེ་སྐྱེ་བ་དང་། མི་རྟག་པས་སེམས་པ་ཅན་འགོག་པར་ཟད་པས་སོ། །གལ་ཏེ་དེ་ལྟར་དགག་པར་བྱ་བའོ་ཞེ་ན། དེ་ལྟར་བྱ་བ་ཡང་མི་ནུས་ཏེ་ཞེས་བྱ་བ་སྨོས་ཏེ། དགག་པ་དེ་མི་ནུས་སོ། །ཅིའི་
ཕྱིར་ཞེ་ན། སེམས་པ་ཅན་གཞན་དག་སྐྱེ་བ་དང་མི་རྟག་པ་འགལ་བ་མ་གྲུབ་པའི་ཕྱིར། ཐལ་བར་འགྱུར་བ་སྐྱེ་བའམ། མི་རྟག་པའི་ཕྱིར་སེམས་པ་མེད་པ་ཅན། ཐལ་བ་ལས་བཟློག་པ་སེམས་པ་མེད་པ་ལོག་པས་སྐྱེ་བ་ལ་སོགས་པ་ལྡོག་པ་དག་གི་གཏན་ཚིགས་གོ་བར་བྱེད་པ་མ་ཡིན་པའི་ཕྱིར་རོ། །
གལ་ཏེ་གོ་བར་བྱེད་པ་མ་ཡིན་པ་ཇི་ལྟ་བུ་ཞེ་ན། འདི་ལྟར་ཐལ་བ་ནི་གང་སྐྱེ་བའམ། མི་རྟག་པ་དེ་སེམས་པ་མེད་པ་སྟེ། དཔེར་ན་བུམ་པ་ལྟ་བུའོ་ཞེས་བྱ་བ་ཡིན་ན། འདིར་སེམས་པ་ཅན་སྐྱེ་བ་ཅན་ལ་སོགས་པ་འགལ་བ་མ་གྲུབ་པའི་ཕྱིར། དེའི་ཕྱིར་རྒོལ་བས་ནི་སེམས་ཉིད་སྐྱེ་བ་དང་མི་རྟག་པར་
མཐོང་བའི་ཕྱིར་རོ། །ཐལ་བ་ལས་བཟློག་པ་གང་སེམས་ཅན་དེ་ནི་སྐྱེ་བ་ལ་སོགས་པ་མེད་དེ། དཔེར་ན་བདག་ཤེས་པ་ཡོད་པ་བཞིན་ནོ་ཞེས་བྱ་བ་ཡིན་ན་འདི་ཡང་སེམས་པ་ཅན་མི་རྟག་པ་ལ་སོགས་པ་འགལ་བ་ཕྱིར་རྒོལ་བ་ལས་མ་གྲུབ་པོ། །གལ་ཏེ་ཇི་ལྟ་བུ་ཞེ་ན། སྔར་རྒྱུ་མ་ཚང་བ་མེད་པ་འབྱུང་བ་ཞེས་
བྱ་བ་ལ་སོགས་པ་ཞེས་བྱ་བ་སྨོས་སོ། །དེ་ཇི་ལྟར་མ་གྲུབ་ཅེ་ན། སྐྱེ་བ་ཅན་དང་མི་རྟག་པ་རྒྱུ་མ་ཚང་བ་མེད་པར་ཡོད་པ་ལ་སེམས་པ་ཅན་བྱུང་ན། སྐྱེ་བ་ལ་སོགས་པ་མེད་པར་འགྱུར་བ་དང་། སྐྱེ་བ་དང་འཇིག་པ་དག་ཕན་ཚུན་སྤངས་པས་སེམས་པ་ཅན་དུ་གནས་པ་དང་། དེ་སྤངས་པས་སྐྱེ་བ་ལ་སོགས་
པར་གནས་པའི་འགལ་བ་འདི་དག་མ་གྲུབ་པའི་ཕྱིར་ཏེ། སེམས་པ་ཅན་ཡང་ཡིན་ལ་སྐྱེ་བ་དང་འཇིག་པ་ཅན་ཡང་ཡིན་པར་མཐོང་བའི་ཕྱིར་རོ། །གལ་ཏེ་ཁྱོད་ཀྱིས་ཐལ་བ་དུ་མ་ལ་འཇུག་པ་དང་གཅིག་པ་དག་ཇི་ལྟར་འགལ་ཞེ་ན། གཅིག་པའི་ཡང་ཞེས་བྱ་བ་སྨོས་ཏེ་རྟག་པ་དང་། མི་རྟག་པ་འབའ་

ཞིག་ཏུ་མ་ཟད་དོ་ཞེས་བྱ་བ་ནི་ཡང་གི་དོན་ཏོ། །གཅིག་པ་ནི་སྤྱིའོ། །རྣམ་པར་མ་ཆད་པར་འབྲེལ་བ་ཞེས་སྔར་ཇི་སྐད་སྨོས་པ་དུ་མའི་རང་བཞིན་གྱིས་སྟོང་པར་ཁས་བླངས་པའི་ཕྱིར་ཡུལ་ལ་སོགས་པ་སྟེ། དུས་དང་རྫས་གཞན་དང་སྤྱི་འབྲེལ་པ་ཞེས་བྱ་བ་འཇུག་པ་མེད་དེ་
གཅིག་དེ་ཡིན་པ་དང་དུ་མ་དང་འབྲེལ་པ་གཅིག་དེ་མ་ཡིན་པ་དག་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཡིན་པས་འགལ་བའི་ཕྱིར་རོ། །དེ་ལྟ་བས་ན་ཐལ་བ་དུ་མ་ལ་འཇུག་པའི་ཕྱིར་ཐ་དད་དེ་སྔོན་པོ་དང་། སེར་པོ་ལྟ་བུའོ། །སྤྱི་ཡང་དུ་མ་ལ་འཇུག་པ་ཡིན་ནོ་ཞེས་བྱ་བ་དང་། ཐལ་བ་ལས་བཟློག་
པ་ཐ་དད་པ་མེད་ན་དུ་མ་ལ་འཇུག་པ་ཡང་མེད་དེ། དཔེར་ན་ཡུལ་ལ་སོགས་པ་ངེས་པའི་གསལ་བ་གཅིག་བཞིན་ནོ། །སྤྱི་ཡང་ཐ་དད་པ་མེད་པ་ཡིན་ནོ་ཞེས་བྱ་བའི་རྟགས་གོ་བར་བྱེད་པ་ཡིན་ནོ། །སློབ་དཔོན་དག་གིས་ཞེས་བྱ་བ་དབྱིག་གཉེན་གྱི་ཞལ་སྔ་ལ་སོགས་པས་སོ། །གལ་ཏེ་གཅིག་དང་དུ་མ་
ལ་འཇུག་པ་དག་འགལ་མོད་སྤྱི་ནི་གཉི་གའི་རང་བཞིན་ནོ་ཞེ་ན། འགལ་བ་དག་ནི་ཞེས་བྱ་བ་སྨོས་ཏེ་དུ་མ་ལ་འཇུག་པ་ཞེས་བྱ་བ་དུ་མའི་རང་བཞིན་གཅིག་ཁས་བླངས་ན། གཅིག་ཉིད་ཡོངས་སུ་གཏོང་སྟེ། སྤོང་བ་མེད་ན་སྟེ་གཅིག་མ་ཡིན་ཁས་མི་ལེན་ན་དུ་མ་རང་བཞིན་དུ་ཁས་བླངས་མི་འབྱུང་སྟེ། མི་
སྲིད་པའི་ཕྱིར། སྤྱི་ལ་གཅིག་དང་། གཅིག་མ་ཡིན་པའི་ཆོས་གཉི་ག་ཡོད་པ་མ་ཡིན་ནོ། །གལ་ཏེ་སྤྱི་དེ་ལྟ་བུ་མེད་ན་ནི་ཇི་ཞིག་ལ་དཔྱོད་པར་བྱེད་ཅེ་ན། དཔྱད་པའི་སྐབས་ནི་ཞེས་བྱ་བ་སྨོས་ཏེ། གྲུབ་པའི་མཐའི་དོན་དཔྱད་པའི་སྐབས་ནའོ། །གྲུབ་པའི་མཐའ་རིགས་པའམ་མི་རིགས་པར་ཁས་བླངས་
པའི་ཕྱིར་དེ་ལས་གྲགས་པའི་དོན་ཁས་བླངས་ཏེ། དེ་ལ་དཔྱད་པ་བྱའི་དེ་ལྟ་མ་ཡིན་ན་དེའི་དོན་དཔྱོད་པར་མི་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་གཞན་དུ་ཁས་བླངས་ཞེས་བྱ་བ་སྨོས་ཏེ། གྲུབ་པའི་མཐའ་ལས་གཞན་དུ་སྤྱི་མེད་པར་ཁས་བླངས་ནས་སྤྱི་དཔྱད་པ་ནི་མི་རིགས་པའི་ཕྱིར་རོ། །དེ་ལྟར་ལུང་ལས་
མཐོང་བ་བཀག་ནས་རྣམ་པར་བཏགས་པ་དགག་པའི་ཕྱིར་དོན་མེད་པ་ཞེས་བྱ་བ་སྨོས་ཏེ། དངོས་པོར་གྱུར་པའི་ཉེ་བ་ཞེས་བྱ་བ་ནི་དངོས་པོར་གྱུར་པའི་རྗེས་སུ་འགྲོ་བའོ། །འོ་ན་ཇི་ལྟ་ཞེ་ན། སྨྲ་བ་པོའི་བརྗོད་པར་འདོད་པས་གང་ཡང་རུང་ཞེས་བྱ་བའི་འདྲ་བ་ཡིན་པར་བརྗོད་དོ། །རེས་འགའ་བུམ་པ་

དང་། སྒྲར་འདྲ་བ་ཡིན་པའི་ཕྱིར་མི་རྟག་ཅེས་སྨྲས་ལ་གཞན་ཡང་ནམ་མཁའ་དང་སྒྲར་འདྲ་བའི་ཕྱིར་རྟག་པའོ་ཞེས་བརྗོད་དེ། མི་རྟག་པའི་ཟླ་ཡིན་པས་དང་རྟག་པའི་ཟླ་ཡིན་པས་ཞེས་བྱ་བའི་དོན་ཏོ། །གལ་ཏེ་རྟག་པ་དང་ཅིག་ཤོས་ཀྱི་ཟླ་གཉི་ག་ཇི་ལྟ་བུ་ཞེ་ན། དེ་ཉིད་ཀྱི་ཕྱིར་བརྗོད་པར་འདོད་པ་མི་རྟག་པ་
དང་། ཅིག་ཤོས་མི་རྟག་པ་མ་ཡིན་པ་དག་ལ་རིང་བ་དང་རིང་བ་མེད་པ་སྟེ། ཉེ་བ་དང་འགལ་བ་དང་། མི་འགལ་བ་དག་སྨྲ་བ་པོ་བརྗོད་པར་འདོད་པ་ལ་ཡོད་པ་མ་ཡིན་པའི་ཕྱིར་དེ་ལྟར་སྦྱར་བར་ཟད་དོ། །དངོས་པོའི་རང་བཞིན་ཉིད་ཡིན་ན་ནི་སྔར་མི་རྟག་པ་དང་འདྲ་བར་སྨྲས་ནས་ཡང་བརྗོད་པར་འདོད་པ་
རྟག་པ་དང་འདྲ་བར་བརྗོད་པར་མི་བྱ་སྟེ་འགལ་བའི་ཕྱིར་རོ། །གལ་ཏེ་བརྗོད་པར་འདོད་པ་འགྱུར་བ་མ་ཡིན་གྱི་ཅིག་ཅར་དུའོ་ཞེ་ན། དུས་གཅིག་ཏུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡང་ཞེས་བྱ་བ་ནི་རིམ་འབའ་ཞིག་ཏུ་ཟད་དོ་ཞེས་བྱའོ། །དེ་བཞིན་དུ་འཇུག་པར་མི་འགྱུར་རོ་ཞེས་བྱ་བ་ནི་དངོས་པོ་ཇི་ལྟ་
བ་བཞིན་དུ་སྒྲ་འཇུག་པར་མི་འགྱུར་བའོ། །དེ་ལྟ་བས་ན་གཏན་ཚིགས་དེ་ལྟ་བུ་ནི་སྒྲ་ཙམ་དུ་ཟད་ཀྱི་དོན་ནི་མེད་དོ། །དེའི་ཕྱིར་དེ་ལས་དོན་མི་འགྲུབ་སྟེ། དངོས་པོའི་མཚན་ཉིད་དག་ལ་རྟགས་དེ་ལྟ་བུ་ནི་རིང་བ་སྟེ་ལྡོག་པ་དང་། ཉེ་བ་སྟེ་རྗེས་སུ་འགྲོ་བ་མ་གྲུབ་པའི་ཕྱིར་རོ། །གལ་ཏེ་རིང་
བ་དང་ཉེ་བ་དེ་གྲུབ་ན་ནི་གང་ཡང་རུང་བ་ཅིག་ཡིན་པའི་ཕྱིར་ཞེས་བྱ་བ་གོ་བར་བྱེད་པ་ཡིན་ཏེ། དཔེར་ན་འགའ་ཞིག་ཏུ་ཞེས་བྱ་བ་རྒྱབ་ཀྱི་ཆ་མཐོང་བའི་དུས་འགའ་ཞིག་ཏུའོ། །དེ་དང་འདྲ་བ་ཞེས་བྱ་བ་རྭ་ཅན་དང་འདྲ་བའིའོ། །གལ་ཏེ་འདི་ལྟར་དངོས་པོས་མ་ཡིན་ན་ཡང་ཁོ་བོས་དེ་ལྟར་འདོད་པའི་
ཕྱིར་རྟག་པ་ཉིད་གྲུབ་པོ་ཞེ་ནའོ། །འདོད་པས་སྦྱར་བ་དེས་དོན་རྟག་པའམ་མི་རྟག་པས་སྟོང་པ་དེའི་ཕྱིར་དེ་ལྟར་བརྗོད་པར་འདོད་པ་ཙམ་ནི་འབྲས་བུའི་སྒྲའི་སྒོ་ནས་ཀྱང་ངོ་། །དོན་རྟག་པའམ་ཅིག་ཤོས་ནི་མི་འགྲུབ་སྟེ། སྨྲ་བ་པོའི་བརྗོད་པར་འདོད་པ་དངོས་པོ་ཁོ་ན་ལ་འཇུག་པར་ངེས་པ་
མེད་པ་སྟེ། འདི་ལྟར་ཆུ་ཀླུང་གི་འགྲམ་ན་བུ་རམ་གྱི་ཕུང་པོ་ཡོད་དོ་ཞེས་མེད་བཞིན་དུ་ཡང་འཇུག་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་འདོད་པ་ལ་དངོས་པོས་ཁྱབ་པ་མ་གྲུབ་པས་ན་འདོད་པས་བྱས་པའི་རྟགས་དངོས་པོ་ལ་འཁྲུལ་པའི་ཕྱིར་རོ། །འདོད་པ་ཙམ་དང་རྗེས་སུ་འབྲེལ་པ་ཡིན་ན། །

འདོད་པ་ལས་ནི་དངོས་པོ་ཡང་ནི་གཞན་ཡིན་པའི་ཕྱིར་དངོས་པོའི་རྗེས་སུ་འབྲེལ་པ་མ་ཡིན་ནོ། །དེའི་ཕྱིར་འདོད་པ་དེས་བྱས་པའི་རྟགས་ནི་དངོས་པོ་ལ་འཁྲུལ་བ་ཡིན་ནོ། །མངོན་སུམ་ནི་ཕྱོགས་ཀྱི་ངག་རང་གིས་སོ། །བརྒྱུད་པས་ནི་ཕྱོགས་ཀྱི་ངག་ལས་སྐྱེས་པ་ལ་བརྟེན་ནས་
སོ། །ཕྱོགས་དང་རྟགས་བརྗོད་དག་ཅེས་བྱ་བ་ཇི་ལྟར་དེ་རྟགས་བརྗོད་པ་ནི་སྦྱོར་བའི་ངག་ཡིན་པའི་ཕྱིར་གོ་བར་བྱེད་པ་མ་ཡིན་ནམ་ཞེ་ན། རང་གི་སྒྲུབ་བྱེད་དུ་གནས་པ་ཞེས་བྱ་བ་སྨོས་ཏེ། དངོས་སུ་དོན་རྟོགས་པ་སྒྲུབ་པར་བྱེད་པར་གནས་པར་ཡོད་པ་མ་ཡིན་པར་ཕྱོགས་དང་མཚུངས་པའི་ཕྱིར་རོ། །
བརྗོད་པ་ཞེས་བྱ་བ་ནི་སྒྲའོ། །འབྲེལ་པ་ངེས་པ་མེད་པའི་ཕྱིར་ཞེས་བྱ་བ་ནི་བསམ་པའི་དབང་གིས་འཇུག་པའི་ཕྱིར་རོ། །གདགས་པར་འདོད་དོ་ཞེས་བྱ་བ་ནི་སྦྱོར་བའི་ངག་ནི་སྒྲུབ་པར་བྱེད་པ་རྟོགས་པའི་རྒྱུ་ཡིན་པས་སོ། །གདགས་པའི་དགོས་པ་ནི་སྔར་བཤད་ཟིན་ཏོ། །གལ་ཏེ་དེ་ལས་ཞེས་བྱ་བ་ནི་ཕྱོགས་
ཀྱི་ངག་ལས་སོ། །ཇི་ལྟར་འཇུག་ཅེ་ན། སྒྲ་མི་རྟག་གོ་ཞེས་བརྗོད་ན་ཅིའི་ཕྱིར་ཞེས་ཐེ་ཚོམ་དུ་འགྱུར་བ་ལས་བྱས་པའི་ཕྱིར་རོ་ཞེས་གཏན་ཚིགས་ཀྱི་ངག་འཇུག་གོ། །ནང་དུ་རྟོགས་པ་ཞེས་བྱ་བ་ནི་དེའི་རང་བཞིན་གྱི་དོན་ཏོ། །དེ་ལ་ཞེས་བྱ་བ་ནི་འདས་མ་ཐག་པའོ། །དེ་དྲན་པ་སྐྱེད་པ་ཞེས་བྱ་བ་ནི་ཚུལ་
གསུམ་གྱི་ནང་དུ་གཏོགས་པའི་དོན་དྲན་པ་སྐྱེད་པའོ། །ཡང་ཞེས་བྱ་བ་ནི་དོན་ཚུལ་གསུམ་ཁོ་ན་ཡིན་པར་མ་ཟད་ཀྱི་ངག་ཀྱང་ཚུལ་གསུམ་བརྗོད་པ་ཁོ་ནར་ནུས་པ་རྣམ་པར་གཞག་པའོ། །ཡུལ་བརྗོད་པ་ཞེས་བྱ་བ་ནི་ཕྱོགས་སོ། །རྟགས་བརྗོད་པ་འཇུག་པ་མི་སྲིད་པ་ནི་རྟགས་ཡུལ་མེད་པའི་ཕྱིར་རོ། །
འདི་བརྗོད་ཟིན་ཏོ་ཞེས་བྱ་བ་ནི་བརྒྱུད་པས་ཀྱང་ནི་ནུས་མ་ཡིན་ཞེས་བྱ་བ་དང་། ཐེ་ཚོམ་ལས་ཀྱང་ཤེས་པར་འདོད་པ་ཞེས་བྱ་བས་སོ། །གཞན་ཡང་ཞེས་བྱ་བ་ནི་མི་ནུས་པ་འབའ་ཞིག་ཏུ་མ་ཟད་ཀྱི་དགོས་པ་མེད་པ་ཡང་ཡིན་ནོ། །ངེས་པར་དེ་མ་བསྟན་ཏོ་ཞེས་བྱ་བར་ནི་ཕྱོགས་སོ། །གལ་ཏེ་སྔ་ཕྱི་
གང་དུ་ཡང་ཆད་པས་བཅད་པའི་གནས་ཡིན་ནོ། །ཚིག་བཞི་སྟེ་ཞེས་བྱ་བ་ནི་མི་རིགས་ཏེ་མ་བསལ་བ་ཡང་ཡིན་པའི་ཕྱིར་རོ་ཞེ་ན། འདི་བཞི་ནི་ཕྱོགས་ཀྱི་མཚན་ཉིད་མི་འཇུག་པ་བསལ་བས་ནི་གནོད་པར་འགྱུར་བ་བསལ་བའི་ཕྱིར་ལོགས་སུ་བསྟན་ཏོ། །ངེས་པར་ཁས་བླངས་པ་ནི་སྒྲ་མི་རྟག་པའོ། །

དེའི་མེད་ན་མི་འབྱུང་བ་མ་ཡིན་པ་ནི་ནམ་མཁའི་ཡོན་ཏན་ནོ། །མེད་ན་མི་འབྱུང་བ་ནི་དཔེར་ན། བདག་མེད་པར་ཁས་བླངས་པའི་མེད་ན་མི་འབྱུང་བ་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དག་སྟེ། དེ་དག་ཁས་མ་བླངས་ན་བདག་མེད་པ་མི་འབྱུང་བས་སོ། །སྐབས་ཀྱི་སྟེ་ཞེས་བྱ་བ་ནི་སངས་རྒྱས་པས་
བདག་མེད་དོ་ཞེས་བརྩད་པ་ནི། གྲངས་ཅན་གྱིས་སྐབས་དེ་བཟློག་པའི་ཕྱིར་སྨྲས་པ་ལྟ་བུ་སྟེ། བདག་གི་དོན་ཞེས་མ་སྨྲས་ཀྱང་རྟོགས་པར་འགྱུར་རོ། །དེ་ལྟ་མ་ཡིན་ན་རྟགས་དོན་མེད་པའི་ཕྱིར་རོ། །འདུས་པ་མ་ཡིན་པའི་དོན་བྱེད་པ་ཉིད་དོ་ཞེས་ཁྱད་པར་གཞན་སྤངས་པའི་ཚིག་གིས་ཆོས་ཀྱི་བྱེ་
བྲག་ཉིད་དོ། །འདུས་པ་མ་ཡིན་པའི་དོན་ཞེས་བྱ་བར་གཞན་མ་སྤངས་པའི་ཚིག་གིས་ཆོས་ཅན་གྱི་བྱེ་བྲག་ཏུ་བྱས་པའོ། །རྣམ་པར་གཞག་པ་ཙམ་ཞེས་བྱ་བ་ནི་སྒྲའི་བརྗོད་པའི་ལུགས་ཙམ་མོ། །དེ་ལྟར་བརྗོད་པ་ལས་ཆོས་ཀྱི་བྱེ་བྲག་ལས་བཟློག་པ་བསྒྲུབ་པའི་འགལ་བ་དང་ཆོས་ཅན་གྱི་བྱེ་བྲག་ལས་
བཟློག་པ་བསྒྲུབ་པའོ་ཞེས་བྱ་བའི་མིང་གི་ཁྱད་པར་ཙམ་གྱི་འགལ་བ་ཉིད་ནི་གཅིག་ཁོ་ནའོ། །གལ་ཏེ་གཞན་ཞེས་སྨྲས་ཀྱང་འདུས་པ་མ་ཡིན་པ་ཞེས་ནི་མ་ཡིན་ནོ་ཞེ་ན། གཞན་ཡང་རང་བཞིན་བྱེ་བྲག་ཅན་དེ་དག་ཏུ་འདོད་པས་འདུས་པ་མ་ཡིན་པ་ཁོ་ནའི་དོན་ཞེས་སྐབས་ཀྱིས་བསྒྲུབ་པར་བྱ་བ་ཡིན་ཏེ། གཞན་དུ་
རྟགས་དོན་མེད་པས་སོ། །གལ་ཏེ་དེ་ལྟ་ན་ཡང་ཇི་ལྟར་སྐྱོན་དུ་འགྱུར་ཞེ་ན། དེ་དག་གང་གིས་འབྲེལ་ཞེས་བྱ་བ་སྨོས་ཏེ། དཔེ་ལ་ནི་འདུས་པའི་དོན་ཁོ་ན་དང་རྟགས་འབྲེལ་གྱི་ཅིག་ཤོས་དང་ནི་མ་ཡིན་པའི་ཕྱིར་འབྲེལ་པ་མ་གྲུབ་བོ། །གང་གིས་ཇི་ལྟར་བརྗོད་པ་ནི་གཞན་གྱི་དོན་ཙམ་མོ། །དེ་ནི་དཔེ་ལ་གཞན་
འདུས་པ་ཉིད་ཀྱི་དོན་བྱེད་པའི་བསྒྲུབ་པར་བྱ་བ་དང་རྟགས་རྗེས་སུ་འགྲོ་བ་གྲུབ་པོ། །དེ་ལྟ་ཡིན་ཡང་བསྒྲུབ་པར་བྱ་བ་དེ་དང་རྗེས་སུ་འགྲོ་བ་མེད་པ་སྟེ། དེ་དང་འགལ་བ་འདུས་པ་མ་ཡིན་པའི་དོན་བྱེད་པ་ཡང་དེ་དང་འགལ་བ་དང་། རྗེས་སུ་འགྲོ་བ་ཅན་གྱི་རྟགས་ཀྱིས་འདྲེན་ན་ཧ་ཅང་ཐལ་བར་འགྱུར་ཏེ་མེས་ཀྱང་
གྲང་བའི་རེག་པ་ལ་སོགས་པར་རོ། །དེ་ལྟར་ན་གཏན་ཚིགས་ཐམས་ཅད་འགལ་ཞིང་ཞེས་བྱ་བ་དག་གིས་ཁྱབ་པར་བྱེད་པ་དང་འགལ་བ་འདྲེན་པའི་ཕྱིར་རོ། །དཔེ་ཡང་བསྒྲུབ་པར་བྱ་བ་མ་ཚང་བར་འགྱུར་ཏེ། རང་གི་ཁྱབ་པར་བྱ་བ་དང་འགལ་བ་དཔེ་ལ་མི་སྲིད་པའི་ཕྱིར་རོ། །ཡང་ན་དཔེ་མལ་ཆ་

ལ་སོགས་པ་ལ་འདུས་པ་མ་ཡིན་པའི་དོན་བྱེད་པ་མ་ཚང་བའོ། །དེ་ཙམ་དུ་ཞེས་བྱ་བ་ནི་འགལ་བ་དག་ཀྱང་ངོ་། །གང་ན་ཡང་ཞེས་བྱ་བ་ནི་དཔེ་གང་ལ་ཡང་ངོ་། །རྗེས་སུ་འགྲོ་བ་ཞེས་བྱ་བ་ནི་རྟགས་དང་འབྲེལ་བའོ། །རྟགས་དང་དཔེ་དག་མེད་པ་དེའི་ཕྱིར་རྟགས་གང་
ལས་ཀྱང་རྟོགས་པར་མི་འགྱུར་རོ། །བརྗོད་པའི་ཆོས་དེ་འདུས་པ་མ་ཡིན་པ་ཉིད་ཀྱི་དོན་བྱེད་པ་ཚིག་ཏུ་བརྗོད་ན་ནི་སྐྱོན་འདི་ཞེས་བྱ་བ་ནི་འགལ་བ་དང་དཔེ་མེད་པ་དག་གོ། །བསྒྲུབ་པར་བྱ་བ་ཉིད་དུ་ཁྱད་པར་མེད་པའི་ཕྱིར་ཞེས་བྱ་བ་ནི་རྟགས་ཀྱིས་རྟོགས་པར་བྱ་བ་ཡིན་པ་ཉིད་དུ་སྨྲས་པ་དང་འདྲ་བའི་ཕྱིར་
རོ། །གལ་ཏེ་འདོད་ཀྱང་མ་སྨྲས་པ་འགལ་བ་ལ་སོགས་པའི་སྐྱོན་མེད་ནའོ། །འདོད་པ་ལ་ནི་གནོད་པར་བྱེད་པ་ལ་ཡང་འགལ་བའི་སྐྱོན་མེད་པར་ཐལ་བར་འགྱུར་རོ། །གལ་ཏེ་སྐྱོན་མེད་པར་འདོད་དོ་ཞེ་ན། སྐྱོན་མེད་པ་མ་ཡིན་ཏེ། གཏན་ཚིགས་མི་མཐུན་པའི་ཕྱོགས་ལ་འཇུག་པས་བསྒྲུབ་
པར་བྱ་བ་ཕྱིན་ཅི་ལོག་ཏུ་བསྒྲུབ་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །སྨྲས་པ་ཕྱིན་ཅི་ལོག་ཏུ་བསྒྲུབ་པ་དང་ཁྱད་པར་མེད་པའི་ཕྱིར་རོ། །གལ་ཏེ་འདུས་པ་ཡིན་པའི་ཕྱིར་ཞེས་བྱ་བ་ལ་ཕྱིན་ཅི་ལོག་མེད་དོ་ཞེ་ན། ཇི་སྐད་སྨོས་པ་སྟེ། འདུས་པ་མ་ཡིན་པའི་དོན་ཉིད་དོ་ཞེས་བྱ་བ་ལ་སོགས་པས་
ཆོས་དང་ཆོས་ཅན་གྱི་བྱེ་བྲག་ཉིད་དུ་བསྟན་པ་སྟེ། གཞན་དུ་བྱེ་བྲག་ཏུ་མ་བྱས་པའི་གཞན་གྱི་དོན་ཙམ་ནི་རྟགས་དོན་མེད་པའི་ཕྱིར་རོ། །དེ་ལྟ་བས་ན་དེ་ལ་འདུས་པ་མ་ཡིན་པའི་དོན་རྗེས་སུ་འགྲོ་བ་མེད་པར་འདོད་པ་ཉིད་དེ། ཇི་སྐད་དུ་སློབ་དཔོན་དབྱིག་གཉེན་གྱི་ཞལ་སྔ་ནས་ཀྱིས།
བདག་གཞན་ཞེ་ན་མ་གྲུབ་ཕྱིར། །ཞེས་གསུངས་པ་ལྟ་བུ་སྟེ། བདག་མ་གྲུབ་པ་དེ་ཉིད་འདོད་པ་ལ་གནོད་པར་བྱེད་པའི་འགལ་བ་ཡིན་ཏེ། བདག་དེ་དང་རྗེས་སུ་འགྲོ་བ་མེད་ཀྱི་དེ་དང་འགལ་བའི་རྗེས་སུ་འགྲོ་བའི་ཕྱིར་རོ། །གང་ལས་རྩོད་པ་ཞེས་བྱ་བ་ནི་བདག་གང་ལས་ཏེ། དེ་བསྒྲུབ་པའི་
ཕྱིར་བསྒྲུབ་པ་བཀོད་པའོ། །དེ་ལྟ་ན་ཡང་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་བཀོད་པའི་འབྲས་བུ་བདག་བསྒྲུབ་པར་བྱ་བ་ཡིན་པར་འདོད་ན་ཡང་ངོ་། །ཕྱིན་ཅི་ལོག་ཏུ་གྲུབ་པ་ཞེས་བྱ་བ་ནི་འདུས་པའི་རྗེས་སུ་འགྲོ་བའི་ཕྱིར་འདུས་པའི་དོན་དུ་གྲུབ་པས་སོ། །གལ་ཏེ་འདུས་པའི་དོན་ཉིད་བསྒྲུབ་པར་

བྱ་བ་ཡིན་ནོ་ཞེ་ན། འབྲས་བུ་མེད་པ་ཉིད་ཅེས་བྱ་བ་སྨོས་ཏེ། དེ་ནི་ཕྱིར་རྒོལ་བ་ཡང་འདོད་པ་ཉིད་དོ། །འགལ་བ་འབྲས་བུ་མེད་པ་དེ་ཉིད་དཔེས་བསྟན་པ་ནི་སྒྲའི་མཚན་ཉིད་ནི་ཞེས་བྱ་བ་སྨོས་ཏེ། བྷ་ཏྲི་ཧ་རི་ན་རེ། ཤེས་དང་ལྡན་དང་ཕྱི་དོན་དང་། །རང་གི་ངོ་བོ་ཉིད་ཀྱང་སྟེ། །དེ་དེ་སྒྲ་བརྗོད་པས་
རྟོགས་པས། །སྤྱི་ནི་འབྲེལ་བར་རབ་ཏུ་གནས། །ཞེས་ཟེར་བ་ལྟ་བུའོ། །དེ་ཉིད་སྒྲ་རྣམས་ནི་མིང་དང་འབྲེལ་བར་མ་གྱུར་པའི་སྔོན་ནས་ཀྱང་དོན་དང་ལྡན་པ་ཡིན་ཏེ་ཞེས་བྱ་བ་སྨོས་ཏེ། མིང་དང་འབྲེལ་བ་ནི་བརྡར་བྱས་པའོ། །དེའི་སྔོན་རོལ་ནི་དེ་མ་གྲུབ་པ་ན་ཡང་ངོ་། །དོན་དང་ལྡན་ཏེ། སྒྲ་འདོན་
པ་ན་བརྗོད་པར་འདོད་པའི་ཤེས་པ་དང་ལྡན་པར་གོ་བར་བྱེད། ཕྱིའི་དོན་གོ་བར་ནུས། རང་གི་ངོ་བོ་གོ་བར་བྱེད་དེ། གོའུ་ཞེས་བྱ་བའི་སྒྲས་བརྗོད་པར་འདོད་པ་དང་། བ་ལང་དང་། རང་གི་ངོ་བོ་ག་དང་ཨོ་དང་ཨུ་དག་གོ་བར་བྱེད་པས་སོ། །དེས་ན་བརྡའི་སྔོན་རོལ་ནས་ཀྱང་བརྗོད་པར་འདོད་པའི་
ཤེས་པ་དང་རང་གི་ངོ་བོར་གོ་བར་བྱེད་དོ། །རྣམ་པར་དབྱེ་བ་ཅན་དུ་མཐོང་བའི་ཕྱིར་ཞེས་བྱ་བ་ནི་དང་པོ་དང་གཉིས་པ་ལ་སོགས་པའི་རང་བཞིན་ལས་མི་འདའ་བའི་ཕྱིར་རོ། །འདིར་རང་གི་ངོ་བོ་ཙམ་གྱི་དོན་དང་ལྡན་པར་སྒྲུབ་པར་འདོད་ལ་རྣམ་པར་དབྱེ་བས་ནི་ཕྱི་རོལ་གྱི་དོན་གྱིས་དོན་དང་ལྡན་པར་
འགྱུར་བའི་ཕྱིར་མི་འདོད་པ་བསྒྲུབ་པའམ། རང་གི་ངོ་བོ་ཙམ་གྱི་དོན་ནི་གྲུབ་ཀྱང་དོན་དུ་སྐྱེས་བུས་འདོད་པ་མེད་པའི་ཕྱིར་རྟགས་དོན་མེད་དེ། སྒྲ་ལས་རང་གི་ངོ་བོ་རྟོགས་པར་འདོད་པ་གཞན་པའི་རྟོགས་པར་བྱ་བ་ཅི་ཡང་མེད་པའི་ཕྱིར་རོ། །གཞན་གྱི་དོན་བྱེ་བྲག་ཏུ་མ་བྱས་པས་ཞེས་བྱ་བ་ནི་
འདུས་པ་མ་ཡིན་པ་གཞན་གྱི་ཞེས་བྱེ་བྲག་ཏུ་མ་བྱས་ན་ནི་སྒྲུབ་པར་འདོད་པ་བདག་གི་དོན་དུ་མི་འགྱུར་རོ། །གཞན་གྱི་དོན་ཉིད་ཁས་བླངས་པ་ཞེས་བྱ་བ་ནི་བྱེ་བྲག་ཏུ་མ་བྱས་པ་སྒྲུབ་ན་ནི་ཕྱིར་རྒོལ་བ་སངས་རྒྱས་པས་ཁས་བླངས་པའི་ཕྱིར་རོ། །གཉིས་པ་ཅན་གྱི་སྦྱོར་བ་ནི་རྒྱང་པན་པའོ། །དེ་
དག་རྗེས་སུ་དཔག་པ་ཚད་མར་མི་འདོད་པ་མ་ཡིན་ནམ་ཇི་ལྟར་རྟགས་སྦྱོར་བ་སྨྲས་ཤེ་ན། འདི་ནི་འགལ་བ་མེད་དེ་གཞན་ལ་རབ་ཏུ་གྲགས་པ་རྗེས་སུ་འདོད་པས། གཞན་ཉིད་ལ་སྟོན་པས་བྱེད་དོ་ཞེས་ཟེར་རོ། །སེམས་པ་ཅན་དུ་གསལ་བའི་ལུས་ཀྱི་མཚན་ཉིད་ཀྱི་སྐྱེས་བུ་ཞེས་བྱ་བ་ནི་དེ་དག་

གི་གྲུབ་པའི་མཐའ་ནི་འདི་ལྟ་བུ་སྟེ། སྐྱེས་བུ་དང་སེམས་ཞེས་བྱ་བ་དག་ལུས་ལས་གཞན་པ་ནི་ཅི་ཡང་མེད་དེ་འབྱུང་བའི་རང་བཞིན་གྱི་ལུས་ཉིད་སེམས་དང་སྐྱེས་བུ་ཞེས་བྱའོ། །དེའི་ཕྱིར་སེམས་པ་ཅན་དུ་གསལ་བའི་ལུས་ཀྱི་རང་བཞིན་གྱི་སྐྱེས་བུ་སྟེ་དགུན་ཆང་རྣམས་སོ། །སོ་
གའི་དུས་སུ་དང་བར་འགྱུར་བ་དག་ཆང་ཉིད་ལས་གཞན་མ་ཡིན་པ་དེ་བཞིན་དུ། སེམས་དང་སྐྱེས་བུ་ཡང་འབྱུང་བ་ཡོངས་སུ་གྱུར་པ་ཉིད་ཡིན་གྱི་འབྱུང་བའི་ལུས་ལས་གཞན་མ་ཡིན་ནོ་ཞེས་བྱ་བའོ། །དེ་ལྟར་སྒྲུབ་པའི་ཕྱིར་ངན་གཡོའི་སྦྱོར་བ་སྟེ། བུམ་པ་སེམས་པའི་ངོ་བོར་གསལ་བའི་ལུས་ཀྱི་མཚན་ཉིད་
ཀྱི་སྐྱེས་བུས་ཟླ་དང་བཅས་པར་གྲུབ་ན་ལུས་ཉིད་སེམས་དང་སྐྱེས་བུ་ཡིན་པར་ཤུགས་ཀྱིས་གྲུབ་པའོ། །རྩིག་པ་ནི་རྗེས་སུ་འགྲོ་བའི་ཡུལ་ཏེ། དེ་ལ་བུམ་པ་དང་སྐྱེས་བུ་དེ་ལྟ་བུའི་ཟླ་དང་བཅས་པ་རྟགས་ཅན་དང་། ཨུཏྤ་ལ་མ་ཡིན་པ་ཉིད་ཀྱི་རྟགས་དག་ཡོད་པར་སྣང་བས་སོ། །དེ་ལ་ཡང་རྗེས་སུ་འགྲོ་བ་
མེད་པར་བསྟན་པ་ནི་དེ་ལྟ་བུར་གྱུར་པ་སྟེ་སེམས་ཉིད་ཀྱི་ངོ་བོར་གསལ་བའི་ལུས་ཀྱི་སྐྱེས་བུས་གཉིས་པ་ཅན་དུ་མ་གྲུབ་སྟེ། ལུས་ནི་སེམས་ལས་ཐ་མི་དད་པར་ཐེ་ཚོམ་ཟ་བའི་ཕྱིར་རོ། །དེ་ལྟར་ན་སེམས་གསལ་བའི་ལུས་གཉིས་པ་ཅན་ཞེས་བྱ་བ་བསྒྲུབ་པར་བྱ་བའི་ཆོས་ལ་ཐེ་ཚོམ་ཟ་བའི་ཕྱིར