Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 187

Văn bản gốc(Tây Tạng)

Trang 14 / 19 (50.000 ký tự/trang)
གི་ཕྲད་གཉིས་པ་དག་བྱེ་བྲག་མེད་པར་འགྱུར་ན། དེ་ལྟར་མ་ཡིན་
ཏེ། དང་པོ་ནི་གཞན་དང་ལྡན་པར་སྨྲ་བའི་ཕྱིར་དང་། གཉིས་པ་ནི་གཞན་དང་ལྡན་པ་འགོག་པར་སྟོན་པའི་ཕྱིར་རོ། །ངག་གི་འབྲས་བུ་ངེས་པར་གཟུང་བ་ཡིན་པ་དེས་ན་བསྒྲུབ་པར་བྱ་བའི་ཆོས་ཅན་ལ་སྒྲུབ་པར་འདོད་པའི་ཆོས་ཡོད་པ་ཡང་བྱེ་བྲག་ཏུ་བྱ་བ་དང་། བྱེ་བྲག་ཏུ་བྱེད་པའི་དངོས་པོ་གོ་བར་བྱ་
སྟེ། འདི་ལ་སྒྲུབ་པར་འདོད་པའི་ཆོས་ཡོད་པ་ཉིད་དོ་ཞེས་བྱེ་བྲག་ཏུ་བྱེད་པ་དང་ལྷན་ཅིག་བརྗོད་པར་རོ། །མ་འབྲེལ་པ་ཙམ་བཅད་པ་དེས་ན་བྱེ་བྲག་ཏུ་བྱེད་པ་སྟེ་ངེས་པར་གཟུང་བ་ཡོད་ཀྱང་མཐུན་པའི་ཕྱོགས་ལ་ཡོད་པའི་ཕྱིར་རྗེས་སུ་འགྲོ་བ་མེད་པར་མི་འགྱུར་རོ། །མི་ལྡན་པ་རྣམ་པར་གཅོད་པ་དེ་
ཉིད་ཀྱི་ཕྱིར་རྗེས་སུ་འགྲོ་བ་མེད་པ་ཙམ་གྱིས་སྤྱི་ཡིན་ཡང་རྗེས་སུ་འགྲོ་བ་རྟོགས་པ་མི་འགྲུབ་པའི་ཕྱིར་བསྒྲུབ་པར་བྱ་བ་གྲུབ་པ་ཡང་མ་ཡིན་ཏེ། །བསྒྲུབ་པར་བྱ་བའི་ཆོས་དེ་དང་མི་ལྡན་པ་རྣམ་པར་གཅོད་པ་མ་གྲུབ་པའི་ཕྱིར་རོ། །རྗེས་སུ་དཔག་པར་བྱ་བ་ལའང་། དེ་མཚུངས་ལའང་ཞེས་བསྡུ་བ་བྱས་
ནས་སོ། །དེ་ལྟ་མ་ཡིན་ན་བསྡུ་བའི་སྒྲ་དོན་མེད་པར་འགྱུར་རོ། །ཇི་ལྟར་དྲང་སྲོང་རྒྱས་པས་བཤད་པ་སྟོབས་བཟངས་དང་ཡང་ཁྱབ་འཇུག་ཉིད་ཅེས་བྱ་བ་ལྟ་བུ་སྟེ། འདི་ནི་ཕ་རོལ་ལ་གྲུབ་པ་དཔེར་བརྗོད་པའོ། །དེ་ལས་ཁྱབ་འཇུག་ཉིད་ཅེས་སྨོས་ཀྱང་སྟོབས་བཟངས་ནོར་ལྷའི་བུ་ཡིན་པ་ཉིད་མི་གཅོད་
དེ་བསྡུ་བའི་སྒྲས་སོ་ཞེས་བྱ་བ་བཞིན་ནོ། །རྒྱུ་དང་རང་བཞིན་གཟུང་བར་བྱ་བ་སྟེ། དམིགས་སུ་རུང་བའི་ཡུལ་དམིགས་པས་ལྡོག་པ་འགྲུབ་ཀྱི་འབྲེལ་བ་ལས་གཞན་གྱིས་ནི་མ་ཡིན་ཞེས་བརྗོད་དོ། །མི་དམིགས་པ་ཡང་བསྒྲུབ་པར་བྱ་བ་མེད་པའི་ཐ་སྙད་དུ་རུང་བ་ལོག་ན་མངོན་སུམ་འཇུག་པའི་ཕྱིར་

གཏན་ཚིགས་མི་འབྱུང་སྟེ། མེད་པའི་ཐ་སྙད་དུ་དུང་བ་ནི་དམིགས་པར་རེགས་པ་མི་དམིགས་པ་ལ་དེ་ཡོད་དེ་ཡོད་པའི་འབྲེལ་པ་ཅན་ཡིན་པའི་ཕྱིར་རོ། །གལ་ཏེ་མཐུན་པ་ཉིད་ལ་ཡོད་པ་ཞེས་སྨོས་པ་ཉིད་ཀྱིས་ལྡོག་པ་རྟོགས་པའི་ཕྱིར་མེད་པ་ཉིད་ལ་མེད་པ་ཉིད་ཅེས་སྨོས་
པ་དགོས་པ་མེད་དོ་ཞེ་ན། མེད་པ་ལ་མེད་པ་ཉིད་གཏན་ཚིགས་ཡིན་གྱི། གཞན་པ་ལ་ཡང་མ་ཡིན་ཏེ། འདི་ལྟར་གཞན་པ་ནི་བསྒྲུབ་པར་བྱ་བའི་ཆོས་ལས་གཞན་དང་ལྡན་པ་ཡིན་ལ། དེ་ལྟ་ན་ནི་ཕྱོགས་དང་མཐུན་པའི་ཕྱོགས་དག་ཀྱང་མི་མཐུན་པའི་ཕྱོགས་སུ་འགྱུར་ཏེ། དེ་དག་ཀྱང་བསྒྲུབ་པར་བྱ་
བའི་ཆོས་ལས་གཞན་རྡོ་དང་རྩྭ་དག་ལ་སོགས་པ་དང་ལྡན་པའི་ཕྱིར་རོ། །དེས་ན་དེ་དག་ལ་མེད་པ་རྟགས་ཀྱི་མཚན་ཉིད་དུ་འགྱུར་རོ། །འགལ་བ་ལ་མེད་པ་ཡང་མ་ཡིན་ཏེ། འདི་ལྟར་འགལ་བ་ལ་མེད་པས་ཞེས་བྱ་བས་ནི་བསལ་བར་འགྱུར་ཏེ། འགལ་བ་ཁོ་ན་ལ་མེད་པར་ཞེས་བྱ་བར་རོ། །དེ་ལྟ་ན་
མེ་ཡིན་པའི་ཕྱིར་དྲོ་བའོ་ཞེས་བྱ་བ་གཏན་ཚིགས་མ་ཡིན་པར་འགྱུར་ཏེ། མེ་དྲོ་བ་དང་འགལ་བ་གྲང་བའི་རེག་པ་ཁོ་ན་ལས་ལྡོག་པར་འགྱུར་བ་དེ་ལྟ་ན་མེ་དྲོ་བ་དང་འདྲ་བར་རེག་པ་བཏང་སྙོམས་པ་ལས་ཀྱང་མ་ལོག་པའི་ཕྱིར་དེ་དང་ཡང་འབྲེལ་པ་སྲིད་དོ། །དེ་ལྟ་ན་མེ་ཡིན་པའི་ཕྱིར་དྲོ་བའམ་རེག་པ་བཏང་
སྙོམས་པ་གང་འགྲུབ་མ་ངེས་པའི་ཕྱིར་རོ། །དེ་ལྟ་བས་ན་མེད་པ་ཉིད་མི་མཐུན་པའི་ཕྱོགས་ཡིན་ལ་དེ་ཁོ་ན་ལ་མེད་པ་ཁོ་ནའོ་ཞེས་ངེས་པར་བྱ་བའི་ཕྱིར་རོ་ཞེས་སློབ་དཔོན་དབང་ཕྱུག་སྡེ་ཟེར་རོ། །དེ་ལ་དེ་ནི་དེ་ལྟ་མ་ཡིན་ཏེ། ཆོས་གཞན་འཇུག་པས་མཐུན་པའི་ཕྱོགས་ལ་སོགས་པ་ཉམས་པ་ནི་
མི་སྲིད་དེ། བྲམ་ཟེའི་བདག་ཉིད་དུ་འགྱུར་བ་དེའི་རིགས་ལས་སྐྱེས་པ་ཡོད་ན་དཀར་ཤམ་ཉིད་དང་མང་དུ་ཟ་བའི་ཆོས་གཞན་དང་ལྡན་པས་བྲམ་ཟེ་ཉམས་པ་ནི་མི་སྲིད་པའི་ཕྱིར་རོ། །དེས་ན་བསྒྲུབ་པར་བྱ་བའི་ཆོས་དང་ལྡན་པས་མཐུན་པའི་ཕྱོགས་སུ་གྱུར་པ་ཆོས་གཞན་དང་ལྡན་པས་ཀྱང་ཇི་ལྟར་ཉམས།
ཕྱོགས་ཀྱང་བསྒྲུབ་པར་བྱར་རུང་བར་འདོད་པས་ཡུལ་དུ་བྱས་ན་ཆོས་གཞན་གྱིས་དེ་ཉམས་པ་མེད་དོ། །དེས་ན་བསྒྲུབ་པར་བྱ་བ་དང་མི་ལྡན་པ་ཉིད་ལ་གཞན་ཞེས་བྱ་སྟེ། དེ་ལ་མེད་པ་ཡང་ཡིན་ནོ། །འགལ་བ་མི་མཐུན་པའི་ཕྱོགས་ཡིན་པ་འགོག་པ་ལ་ཡང་གྲང་བའི་རེག་པ་ཁོ་ན་དྲོ་བ་དང་འགལ་བ་

ནི་མ་ཡིན་གྱི། གྲང་བ་ཡང་མ་ཡིན། དྲོ་བ་ཡང་མ་ཡིན་པའི་རེག་པ་ཡང་ཕན་ཚུན་སྤངས་པ་དང་ལྡན་པས་འགལ་བ་ཡིན་པའི་ཕྱིར་དེ་ལས་ཀྱང་ལྡོག་པ་ཉིད་ལ་སྐྱོན་མེད་དོ། །གྲང་བའི་རེག་པ་ཁོ་ན་ལ་གཏན་ཚིགས་འགོག་ན་ནི་སྐྱོན་དུ་འགྱུར་རོ། །འགལ་བ་ཁོ་ན་ཞེས་བྱ་བ་ནི་ལྷན་ཅིག་མི་དམིགས་པ་ཁོ་ནའོ། །
དེ་དང་མཐུན་པའི་ཕན་ཚུན་སྤངས་པའི་རང་བཞིན་དང་ལྡན་པའོ། །དེ་ལས་གཞན་པ་དང་འགལ་བ་དག་མི་མཐུན་པའི་ཕྱོགས་ཡིན་པ་དེས་ན་མེད་ཉིད་ལ་མེད་ཅེས་མི་མཐུན་པའི་ཕྱོགས་འདི་མ་བསྣན་ཡང་སྐྱོན་མེད་པའི་ཕྱིར་རོ། །གལ་ཏེ་ཁྱེད་ཀྱི་ཕྱོགས་ལ་བསྣན་པས་ཅི་ཞིག་སྟོན་ཅེ་ན་སྦྱོར་བ་བསྟན་པའི་
ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕ་རོལ་གང་དག་འབྲེལ་པ་ཁས་མི་ལེན་ན་མཐོང་བ་དང་མ་མཐོང་བ་ཙམ་གྱི་ཁྱབ་པ་སྨྲ་བར་བྱ་དགོས་པ་ལྟར་འདིར་ནི་མ་ཡིན་ཏེ། འདི་ལྟར་ཁྱབ་པ་ངེས་པ་ཅན་གྱི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཅིག་གིས་ཀྱང་སྦྱོར་བར་འགྱུར་བས་གཉི་ག་ལ་སྦྱར་བར་
མི་བྱ་སྟེ་དགོས་པ་མེད་པའི་ཕྱིར་རོ། །གལ་ཏེ་ཇི་ལྟར་ལྡོག་པའི་མཚན་ཉིད་ཀྱི་ཚིག་གིས་སྦྱོར་བ་དེ་ལྟར་སྟོན་པར་བྱེད་ཅེ་ན། མེད་ཉིད་ལ་མེད་པར་ངེས་པའི་ཞེས་བསྣན་པ་སྨོས་པས་ནི། བསྒྲུབ་པར་བྱ་བ་མེད་ན་མེད་པ་ཙམ་ནི་མ་ཡིན་གྱི། བསྒྲུབ་པར་བྱ་བ་ཁོ་ན་ལ་ཡོད་པ་ཉིད་ཅེས་རྗེས་སུ་འགྲོ་བ་ཡང་
རྟོགས་པར་བྱ་བའི་ཕྱིར་རོ། །དེ་ལྟར་ན་ལྡོག་པས་ཀྱང་རྗེས་སུ་འགྲོ་བ་རྟོགས་སོ་ཞེས་རྟོགས་སོ། །དེ་ལྟ་མ་ཡིན་ན་རྗེས་སུ་འགྲོ་བས་ལྡོག་པ་རྟོགས་པ་ཙམ་ཞིག་ཏུ་འགྱུར་གྱི། ལྡོག་པས་ཀྱང་རྗེས་སུ་འགྲོ་བ་རྟོགས་སོ་ཞེས་དོན་གཉིས་པ་ནི་རྟོགས་པར་དཀའ་སྟེ། ཤུགས་ཀྱི་ཤུགས་ལ་རག་ལས་པའི་
ཕྱིར་རོ། །མཉན་པར་བྱ་བ་ཉིད་ནི་ཡོད་པ་ཡིན་ལ་དངོས་པོའི་ཆོས་ཉིད་ཡིན་དངོས་པོ་ཐམས་ཅད་ལས་ལྡོག་པར་ནི་གལ་ཏེ། མཉན་པར་བྱ་བ་དང་འགལ་ཏེ། མཉན་པར་བྱ་བ་དངོས་པོ་ཐམས་ཅད་ལས་ལྡོག་ན་དངོས་པོ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེས་ན་མཉན་པར་བྱ་བ་དེ་རྟག་པའམ་མི་རྟག་
པ་གཅིག་ལ་འཇུག་པར་དོགས་པ་ཉིད་ཡིན་པས་ན་རྟག་པའམ། མི་རྟག་པ་དེ་དག་ལ་ཐེ་ཚོམ་ཟ་བ་ཡིན་ནོ། །གལ་ཏེ་དེ་ལྟ་ཡིན་ན་ཅིའི་ཕྱིར་ལྡོག་པ་ཅན་ཞེས་བརྗོད་ཅེ་ན། རྗེས་སུ་འགྲོ་བ་མ་མཐོང་བ་ཙམ་གྱི་ལྡོག་པ་དང་ལྡན་པར་སློབ་དཔོན་གྱིས་གསུངས་སོ། །གོ་བར་བྱེད་པའི་ལྡོག་པ་ནི་སྔར་

གོང་དུ་རང་བཞིན་དང་འབྲས་བུ་དག་ནི་ངོ་བོ་དང་། རྒྱུ་ལོག་ན་མི་འབྱུང་བ་དག་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་བསྟན་ཟིན་ཏོ། །སྟོན་པར་འགྱུར་རོ། །མེད་པ་དེ་ཡང་ཞེས་བྱ་བ་ནི་གོ་བར་བྱེད་པའི་ལྡོག་པའོ། །བསྒྲུབ་པར་བྱ་བ་དེ་ཡོད་པ་ཁོ་ན་ལ་གཏན་ཚིགས་ཡོད་པ་སྟེ། འབྲེལ་བས་
མཐོང་བས་སོ། །གཞན་དག་ན་རེ་ཞེས་བྱ་བ་ནི་གསལ་བྱེད་དེ་ཐུབ་པ་རྐང་མིག་གི་མདོའི་རྣམ་འགྲེལ་བྱེད་པ་སློབ་དཔོན་དཔལ་ཆོས་ཀྱི་གྲགས་པའི་ཞལ་སྔ་ནས་དང་དུས་མཉམ་པར་བྱུང་བའོ། །གང་མི་རིགས་པར་མཐོང་ན་ཞེས་བྱ་བ་བཟར་མི་རུང་བ་དང་བགྲོད་དུ་མི་རུང་བར་མཐོང་བ་དེ་ཉིད་ཀྱི་
ཚེ་དེ་སྤྱོད་པར་མི་བྱེད་དེ། དེ་ལས་ལྡོག་པ་གསལ་བྱེད་དེ་ནི་ཕྱུགས་ལས་ཀྱང་ཕྱུགས་ཡིན་ཏེ། ཆེན་པོ་ཡང་ཆེན་པོ་སློབ་དཔོན་ཕྱོགས་ཀྱི་གླང་པོ་ལ་སྨོད་པ་སྟེ། མི་རིགས་པར་མཐོང་ནས་བདག་ཉིད་མི་རིགས་པ་དེ་ཉིད་ལ་འཇུག་པས་སྨོད་པའི་ཕྱིར་རོ། །དེ་སློབ་དཔོན་ཉིད་སྐྱོན་ཆགས་པ་ནི་མ་ཡིན་གྱི།
བདག་ཉིད་མི་ཤེས་པ་སྟེ། རྨོངས་པ་ཉིད་ལས་གཞན་ཅི་ཞིག་ཡིན་ན། གསལ་བྱེད་དེ་ཉིད་དོན་ལོག་པ་སྟེ། མེད་པ་ལ་ཐ་སྙད་མི་འཇུག་པར་སྨྲ་སྟེ། མེད་པ་ལྡོག་པའི་ཡུལ་དུ་མི་རུང་ངོ་ཞེས་སོ། །གཞན་ལ་མེད་པའི་ཐ་སྙད་འགོག་པ་སྟེ་མེད་པ་ལས་ལྡོག་པ་མི་རུང་ངོ་ཞེས་ལྡོག་པའི་ཐ་སྙད་ཉིད་
འགོག་པར་བྱེད་པས་ན་འདི་བདག་ཉིད་ནི་མེད་པ་ལ་དགག་པའི་ཐ་སྙད་བྱེད་ལ། གཞན་ལ་ནི་འགོག་པའི་ཕྱིར་རིགས་པ་མེད་པར་སྨྲ་བའི་ཕྱིར་གསལ་བར་རྒྱལ་པོའི་བཀའ་ཡིན་ནོ། །མེད་པ་ལས་གཏན་ཚིགས་མི་ལྡོག་པས་ལྡོག་པ་ནི་རྟགས་མེད་པའོ། །དེའི་ནི་ལྡོག་པ་ནི་མི་མཐུན་པའི་
ཕྱོགས་ལ་རྟགས་ཡོད་པ་སྟེ། དངོས་པོ་མེད་པ་དངོས་པོར་ཇི་ལྟར་འདོད་པར་བྱེད། ལོག་པ་ནི་གཏན་ཚིགས་མེད་པའོ། །དེ་མེད་ན་ནི་ཡོད་པའི་དངོས་པོ་བསྒྲུབ་པར་འགྱུར་རོ། །དེ་ཉིད་བཤད་པ་ནི་མེད་པའི་དངོས་པོ་མེད་པའི་ཕྱིར་ན་ཡོད་པའི་དངོས་པོར་ཡང་འགྱུར་ཏེ་ཞེས་བྱའོ། །རབ་
རིབ་ཅན་ལྟ་བུའི་སྤྱོད་པ་ནི་ལོག་པར་མཐོང་བའོ། །ལ་ལ་ནི་འདིར་ཕྱུགས་ལོང་བ་ནི་རྣམ་པར་བསྒྱིངས་ཞེས་འདོན་ཏེ། དེ་ལྟ་ན་ནི་ཕྱུགས་ལོང་བ་ཞེས་བྱ་བས་ནི་ཤིན་ཏུ་མི་ཤེས་པར་སྟོན་ཏོ། །རྣམ་པར་བསྒྱིངས་ཞེས་པས་ནི་ལོག་པའི་ང་རྒྱལ་ཅན་དུ་བརྗོད་དོ། །གལ་ཏེ་མི་མཐུན་པའི་ཕྱོགས་མེད་

པ་དེ་ལས་གཏན་ཚིགས་ལྡོག་མི་འདོད། འོ་ན་དེ་ལ་གཏན་ཚིགས་འཇུག་པར་ཅིས་མི་འདོད། དེ་ལ་འཇུག་པའམ་ལྡོག་པ་ལས་ཕུང་པོ་གཞན་ནི་མི་སྲིད་དེ། །འཇུག་པ་དེ་ཡང་མི་འདོད་ན་ཁྱོད་ཀྱི་དགག་པ་འདི་ཁོ་བོའི་ལྡོག་པ་ཇི་ལྟར་འགོག་པར་བྱེད་དེ་ལྡོག་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། སྒྲུབ་
པའམ་ནི་དགག་པའི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དངོས་པོ་མེད་པ་འདིར་ནི་དགག་པ་དང་། སྒྲུབ་པ་གཉི་ག་མི་སྲིད་པའི་ཕྱིར་ལྐུགས་པ་ཉིད་འཐོབ་པོ། །གཞན་ཡང་ཡོད་རྣམས་ཡོད་པར་དགག་པ་མེད་མེད་པ་ལ་ཡང་ཡུལ་མེད་པས་དགག་པ་མི་འཇུག་པས་ན་ཁྱེད་ཀྱི་ཚུལ་འདིས་འགྲོ་བ་མེད་
དོ་ཞེས་བྱ་བ་མེད་པའི་དོན་ནི་ཉམས་པ་སྟེ་ཐ་སྙད་མི་སྲིད་པར་འགྱུར་རོ། །གལ་ཏེ་དངོས་པོ་ཉིད་ནི་དགག་པར་མི་ནུས་ལ་མེད་པ་ཡང་མ་ཡིན་གྱི། ཡུལ་དེ་ལ་མེད་ཅེ་ནའམ་དུས་དེ་ན་མེད་པ་འགོག་ཅེ་ན། ཡུལ་དང་དུས་གང་ལྟར་ཡོད་པ་དེ་ནི་དེ་བཞིན་དུ་ཡོད་པའི་ཕྱིར་དགག་པར་བྱ་བ་མ་ཡིན་
ལ་གང་ལྟར་ཡོད་པ་མ་ཡིན་པ་དེ་ལྟ་ན་ཡང་མེད་པ་དགག་པའི་ཡུལ་དུ་མི་སྲིད་པས་འགོག་མི་བྱེད། དེ་ལྟ་བས་ན་དགག་པའི་ཡུལ་ནི་ཡོད་པ་དང་མེད་པས་ཁྱབ་ལ་དེ་གཉི་ག་ལ་ཡང་དགག་པའི་ཐ་སྙད་དུ་མི་རུང་བའི་ཕྱིར། དགག་པའི་ཐ་སྙད་ཐམས་ཅད་ཆད་པར་འགྱུར་རོ། །ཁྱེད་ཀྱི་
ལུགས་ལྟར་ན་ཅི་ལྟ་བུ་ཞེ་ན། གཞན་དུ་ཐ་སྙད་ཆད་པར་འགྱུར་བ་དེའི་ཕྱིར། སྒྲ་དོན་ལ་བརྟེན་ནས་ཏེ་དངོས་པོ་མ་ཡིན་པ་ལའོ། །དངོས་པོ་ཉིད་ནི་བརྗོད་པར་མི་ནུས་པའི་ཕྱིར་སྔར་བཞིན་ནོ། །དངོས་དང་དངོས་མེད་དག་གི་གཞི་སྟེ་ཡུལ་ཡིན་ནོ། །དགག་པ་དང་སྒྲུབ་པའི་ཐ་སྙད་ཐམས་
ཅད་ཀྱི་གཞི་ནི་ཕྱི་རོལ་མིན་པ་སྟེ། བློའི་སྣང་བ་ཡིན་པར་འདོད་དོ། །དེས་ནི་ཆོས་ཅན་དེར་འབྲེལ་པར་དེ་ཡོད་པར་རྟོགས་སོ། །མེད་པའང་དེས་སྟོང་པར་རྟོགས་པར་ལྟའོ། །ཅིའི་ཕྱིར་བློའི་རྟོགས་པ་ལ་སྣང་བ་ཁོ་ན་དགག་པ་དང་སྒྲུབ་པའི་ཐ་སྙད་ཀྱི་ཡུལ་དུ་འདོད་ཅེ་ན། སྒྲའི་འཇུག་པ་
ཡོད་པ་སྟེ་སྒྲས་དེ་ཁོ་ན་སྟོན་པའི་ཕྱིར་རོ། །སྒྲ་སྟོན་པ་དེ་ཉིད་ངག་གི་སྟེ། སྒྲའི་ཐ་སྙད་དུ་འདོད་དོ། །བློའི་སྣང་བ་ལས་གཞན་དུ་ཚིག་དོན་དངོས་པོ་ཡིན་ན། ཆོས་གཅིག་གི་ནི་དགག་པ་སྟེ། སྒྲ་ལ་རྟག་པའི་ཆོས་གཅིག་བཀག་པ་སྟེ་སྒྲ་ལ་རྟག་པའི་ཆོས་གཅིག་བཀག་པས་མིག་གི་ཡུལ་

ལ་སོགས་པ་ཐམས་ཅད་བཀག་པ་གྲུབ་པར་འགྱུར་རོ། །བསྒྲུབ་པ་སྟེ་མི་རྟག་པ་ཉིད་གཅིག་བསྒྲུབ་པར་བྱས་པས་བརྩལ་བ་ལས་བྱུང་བའམ་མ་ཟིན་པ་ཉིད་ལ་སོགས་པ་ཀུན་གྱིས་བསྒྲུབ་པར་འགྱུར་ཏེ། དེ་དག་དེའི་བདག་ཉིད་དུ་ཐ་དད་མེད་ཕྱིར་རོ། །གལ་ཏེ་དེ་དག་རྟེན་
སྒྲ་ལས་ཐ་དད་དོ་ཞེ་ནའང་དུ་མ་སྟེ། ཐ་དད་པའི་དངོས་པོ་ལ་དགག་པའམ་བསྒྲུབ་པ་བྱས་པ་ལྟར་ཏེ་སྔོན་པོ་ལ་དགག་པའམ་བསྒྲུབ་པ་བྱས་པས་སེར་པོ་ལ་མ་ཡིན་པ་ལྟར་ཆོས་ཅན་དེ་ལ་བསྒྲུབ་པ་དང་དགག་པ་དག་སྦྱར་བར་བྱས་པར་མི་འགྱུར་རོ། །འོ་ན་ཇི་ལྟར་དགག་པའམ་བསྒྲུབ་པ་བྱ་
ཞེ་ན། སྣ་ཚོགས་ཆོས་ཏེ་ལྡོག་པའི་བྱེ་བྲག་གོ། །དེའི་གཞིར་གྱུར་པའི་ཆོས་ཅན་གཅིག་ནི་བློ་ལ་སྣང་བ་ཆོས་དུ་མ་གཞི་གཅིག་གི་ངོ་བོ་ལྟར་སྣང་བ་ལ་བརྟེན་ཏེའོ། །དེ་ལ་སྒྲུབ་པར་འདོད་པའི་ལྡོག་པའི་ཆོས་གཅིག་བསྒྲུབ་པ་ན་ཆོས་གཞན་དགག་པ་དང་བསྒྲུབ་པ་མེད་པས་བཏང་སྙོམས་སུ་
བྱས་ནས་ནི། ཆོས་གཅིག་སྒྲུབ་པ་བྱེད་པ་ཡིན། དགག་པ་ཡང་གཞན་དག་བཏང་སྙོམས་སུ་བྱས་ནས་དགག་པར་འདོད་པ་དེ་ནི་སྟོང་པ་སྟེ། དེ་ལས་གཞན་པ་བཏང་སྙོམས་ཅན་ཡིན་ནོ། །གལ་ཏེ་དངོས་པོ་ཆ་ཤས་མེད་པ་ལ་ཇི་ལྟར་ཆོས་སོ་སོར་དབྱེ་ཞེ་ན། ཐ་སྙད་དོན་དེ་ནི་དངོས་
མིན་པ་རྟོག་བློས་སྦྱར་བ་སྟེ། རྟོག་པ་མེད་པའི་སྣང་བ་མ་ཡིན་པ་བཞིན་དུའོ། །རྟོག་པའི་བློས་སྦྱར་བ་དེའི་ཕྱིར་དེ་ཁོ་ན་ཉིད་མ་བརྟགས་པར་རྟོགས་པས་བྱས་པའི་ཆོས་ཀྱི་བྱེ་བྲག་ལ་བརྟེན་ནས་ཆོས་ཐ་དད་པར་རྟོགས་སོ། །གལ་ཏེ་དོན་རྣམས་ལ་བདག་ཉིད་ཐ་དད་པ་མེད་ན་རྟོགས་པས་ཇི་ལྟར་
དུ་འཛིན་ཞེ་ན། ཐོག་མེད་བག་ཆགས་ཏེ་འཁྲུལ་པའི་ས་བོན་ལས་སྐྱེས་པའི་བློ་འཇིག་རྟེན་པ་ལ་གྲགས་པའི་དོན་ནི་མཁས་པ་རྣམས་ཀྱིས་དོར་བར་མི་བྱ་སྟེ། དེ་ལ་གནོད་པ་མི་བྱའོ། །དེ་ལ་གནོད་པ་བྱས་ན་ཐ་སྙད་ཐམས་ཅད་ཆད་པར་འགྱུར་བའི་ཕྱིར་རོ། །ཕྱིའི་ས་བོན་ཅུང་ཟད་ཡོད་དེ། དེ་འབྲས་ཅན་
ཏེ་མེ་གང་སྲེག་པས་དེའི་འབྲས་ཅན་དེ། མེ་ལས་གཞན་ཐམས་ཅད་ལ་དེའི་འབྲས་བུ་མེད་པས། མེ་གཅིག་ལས་མེ་མ་ཡིན་པ་དེ་དང་དེ་རྣམས་དོན་ཐ་དད་དོ། །ཐ་དད་པ་དེ་དང་དེ་ལ་བརྟེན་ནས་ཉེ་བར་བསླད་པ་ཡིན། མེ་དེ་ལ་ཡང་མེ་མ་ཡིན་པ་དེ་དག་ལས་ཐ་དད་པ་དུ་མ་བསྒྲུབ་པས་ཤེས་པ་དང་དེ་དག་

ལས་ཐ་དད་པ་ཁ་ཅིག་བཀག་པས་མེ་དེ་ལ་ཐ་དད་པ་ཁ་ཅིག་ཉམས་པ་ལྟ་བུར་སྣང་ངོ་། །ཐ་དད་པ་མང་པོ་དེ་དང་དོན་ལྡན་པ་མིན་ཡང་དེ་དག་དོན་དེའི་བདག་ཉིད་ཀྱིས་གཅིག་ཏུ་འབྲེལ་པའི་ཕྱིར། ཆོས་གང་གིས་དགག་པའམ་བསྒྲུབ་པ་བྱས་ཀྱང་དོན་ཡུལ་དུ་བྱེད་དོ། །ཐ་དད་པ་དེ་དག་རྟེན་དང་འབྲེལ་
པ་དང་། ཐ་དད་པ་ལྟ་བུར་སྣང་བའི་བྱེ་བྲག་ལ་ནི་རྟེན་པ་དེ། དེའི་བདག་ཉིད་ལ་མེད་པའི་ཕྱིར་མི་ཤེས་པའི་བསླད་པ་སྟེ། མི་མཁས་པ་དག་ཆོས་དུ་མ། རྟེན་ལས་ཐ་དད་པ་ཉིད་དོ་སྙམ་པའོ། །མཁས་པ་དག་གིས་ནི་དེ་སྒྲའི་དོན་ཙམ་ཉིད་དུ་རྟོགས་པས་བསླད་པ་མ་ཡིན་ནོ། །མཚན་
ཉིད་གསུམ་དང་ལྡན་པའི་མི་དམིགས་པ་དང་། མཚན་ཉིད་གསུམ་དང་ལྡན་པའི་རང་བཞིན་དང་། མཚན་ཉིད་གསུམ་དང་ལྡན་པའི་འབྲས་བུ་ཞེས་སྦྱར་ལ་ཕྱིས་དེ་དག་ལ་རྟགས་ཞེས་སོ་སོར་ཡང་སྦྱར་རོ། །དེ་ལྟ་ན་རྟགས་རེ་རེ་ཡང་མཚན་ཉིད་གསུམ་པ་ཡིན་གྱི། མཚན་ཉིད་གསུམ་དང་རྟགས་
གསུམ་དག་གོ་རིམས་བཞིན་དུ་མ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །གསུམ་ལས་ཉུང་བ་ཉིད་མ་ཡིན་ཏེ། གཉིས་ནི་དངོས་པོ་བསྒྲུབ་པ་ཡིན་ལ་དེ་ཡང་རང་གི་བདག་ཉིད་བསྒྲུབ་པ་དང་བདག་ཉིད་མ་ཡིན་པ་བསྒྲུབ་པའི་དབྱེ་བས་སོ། །གཅིག་ནི་དགག་པ་བསྒྲུབ་པ་ཉིད་ཀྱིས་སོ། །དེ་ལ་
སྔ་མ་གཉིས་ནི་དངོས་པོ་ཡང་དེ་ཡིན་ལ་བསྒྲུབ་པ་ཡང་དེ་ཡིན་པས་དངོས་པོ་སྒྲུབ་པ་སྟེ། དངོས་པོ་ཉིད་གཏན་ཚིགས་ཡིན་གྱི། ལུང་ལ་གྲགས་པ་ཙམ་དང་། རང་རིགས་བརྟགས་པ་ནི་མ་ཡིན་པའི་ཕྱིར་རོ། །ཡང་ན་དངོས་པོའི་ཚུལ་གྱིས་དངོས་པོ་བསྒྲུབ་པ་ཡིན་པའི་ཕྱིར་དངོས་པོ་
བསྒྲུབ་པ་སྟེ། ཡོད་པའི་དོན་གྱིས་ཡོད་པའི་དོན་གྱི་བསྒྲུབ་པར་བྱ་བའི་སྒྲུབ་པར་བྱེད་པ་ཡིན་པས་སོ། །ཕྱི་མ་གཅིག་ནི་དགག་པའི་གཏན་ཚིགས་ཏེ། མ་ཡིན་པ་དགག་པའི་བསྒྲུབ་པར་བྱ་བ་དང་ལྡན་པའོ། །དེ་ཡང་དགག་པ་ཁོ་ནའི་གཏན་ཚིགས་ཡིན་པས་དགག་པའི་གཏན་ཚིགས་
ཡིན་གྱི། དགག་པ་ཁོ་ནས་ནི་མ་ཡིན་ཏེ། རང་བཞིན་དགག་པ་ལ་སོགས་པས་བསྒྲུབ་པས་ཀྱང་སྲིད་པའི་ཕྱིར་རོ། །དགག་པ་ཁོ་ན་ནི་མ་ཡིན་ཏེ། ཡོད་པ་བསྒྲུབ་ན་རང་བཞིན་གྱི་རྟགས་སུ་འགྱུར་བའི་ཕྱིར་རོ། །དེ་བཞིན་དུ་སྔ་མ་གཉིས་ཀྱིས་ཀྱང་དགག་པ་བསྒྲུབ་ན་མི་དམིགས་པ་ཉིད་དུ་

འགྱུར་བའི་ཕྱིར་དངོས་པོ་ཁོ་ན་བསྒྲུབ་པའོ། །གལ་ཏེ་ཅིའི་ཕྱིར་གསུམ་ལས་ལྷག་པ་མེད་ཅེ་ན། རང་བཞིན་འབྲེལ་པ་ཡོད་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་བཞིན་འབྲེལ་པ་ནི་གསུམ་པོ་འདི་ཁོ་ན་ལ་ངེས་པའི་ཕྱིར་རོ། །ཆོས་དང་ཆོས་ཅན་ཉིད་ཀྱིས་ཐ་དད་པ་ནི་བློས་
ཡོངས་སུ་བརྟགས་པ་ཡིན་གྱི། མི་རྟག་པ་ཉིད་དང་བྱས་པ་ཉིད་དོན་ཀྱང་ནི་བློས་བརྟགས་པ་མ་ཡིན་ཏེ། གལ་ཏེ་དེ་དག་ཀྱང་བློས་བརྟགས་པ་ཡིན་ན་ནི་དོན་ལ་ཅུང་ཟད་ཀྱང་མི་རྟེན་པའི་ཕྱིར་བློ་དེ་རང་དགའ་བར་འགྱུར་ལ། དེས་ནི་དོན་མི་འཐོབ་པའི་ཕྱིར་བློ་བྱེ་བྲག་རང་དགའ་བ་ཞེས་བྱ་བ་ལ་སོགས་
པ་གསུངས་སོ། །དངོས་ཀུན་རང་བཞིན་གྱིས་ཞེས་བྱ་བས་ནི་རང་གི་ངོ་བོས་སམ། རང་གི་རྒྱུ་ལས་སོ། །རང་དངོས་ནི་རིགས་འདྲ་བའོ། །གཞན་གྱི་དངོས་ཀྱི་རིགས་མི་འདྲ་བའོ། །དེས་ན་སྒྲའི་དོན་གྱིས་ཐ་དད་པར་གནས་ལ། རྟགས་དག་ཀྱང་གཞན་སེལ་བས་འཇུག་པའི་ཕྱིར་ལྡོག་པའི་བྱེ་
བྲག་ཐ་དད་པ་འགའ་ཞིག་སྒྲུབ་པར་བྱེད་ཀྱི་རང་གི་བདག་ཉིད་ནི་སྒྲུབ་པར་མི་བྱེད་དེ། སྒྲུབ་པར་བྱེད་པ་ལས་གཞན་པའི་ལྡོག་པ་ཡིན་པའི་ཕྱིར་རོ། །སྔོན་དམིགས་པར་རིགས་པ་མི་དམིགས་པའི་ཡུལ་དཔེ་ལ་མེད་པའི་ཐ་སྙད་ཀྱིས་ཁྱབ་པ་གྲུབ་ན། ཕྱིས་ཀྱང་ཡུལ་དེ་ལྟ་བུ་ཡོད་པ་ལ་སྔོན་
ཐ་སྙད་གྲུབ་པའི་རིམ་པས་མེད་པའི་ཐ་སྙད་མི་འཁྲུལ་པས་སོ། །གལ་ཏེ་དཔྱོད་པ་པོ་ལ་སོགས་པ་མི་དམིགས་པ་ཞེས་བྱ་བ་དེ་ལ་དམིགས་པའི་ཤེས་པ་མེད་པར་དགག་པའི་རང་བཞིན་རྟགས་སུ་གྱུར་པས་དངོས་པོ་མེད་པ་སྒྲུབ་པར་འདོད་པ་དག་སྟེ། ཅིའི་ཕྱིར་མེད་པའི་ཐ་སྙད་ཉིད་བསྒྲུབ་པར་
བྱ་བ་ཡིན་གྱི་མེད་པ་མ་ཡིན་ཞེ་ན། མི་དམིགས་པའི་རྟགས་ཀྱིས་ཞེས་བྱ་བ་སྨོས་ཏེ། དམིགས་པ་མེད་པ་སྟེ། དེ་ལ་དམིགས་པའི་ཤེས་པ་མེད་པ་ཡང་ངོ་། །དེ་ལྟ་ན་ཤེས་པ་མེད་པར་སྒྲུབ་དེ་ཡང་མི་དམིགས་པ་ཁོ་ན་ཡིན་པའི་ཕྱིར་མེད་པ་ཡིན་པས་མི་དམིགས་པ་གཞན་ལ་ལྟོས་ལ།
དེ་ཡང་གཞན་ལ་ཞེས་བྱ་བའི་རིགས་པ་ཐུག་པ་མེད་པར་འགྱུར་བས་རྟོགས་པར་མི་འགྱུར་རོ། །གལ་ཏེ་དགག་པར་འདོད་པ་དེ་ལ་དམིགས་པའི་ཤེས་པ་མེད་པ་མི་དམིགས་པ་ཡིན་ན། དེ་རང་གིས་གྲུབ་པོ་ཞེ་ན། དེ་བཞིན་དུ་དགག་པར་འདོད་པའི་ཡོད་པ་མེད་པ་ཉིད་ཡིན་པའི་ཕྱིར་རང་

གིས་གྲུབ་པའི་ཕྱིར་མི་དམིགས་པའི་རྟགས་དོན་མེད་པ་ཅན་ཡིན་ནོ། །གལ་ཏེ་འདི་ལྟར་ས་ཕྱོགས་ལ་དམིགས་པའི་ཤེས་པ་གཞན་དམིགས་པ་གྲུབ་པས་དགག་པར་བྱ་བ་ལ་དམིགས་པ་མེད་པའི་མི་དམིགས་པ་འགྲུབ་པའི་ཕྱིར་མི་དམིགས་པ་མངོན་སུམ་གྱིས་གྲུབ་པས་མི་དམིགས་པ་
གཞན་ལས་མ་ཡིན་པ་དེ་བཞིན་དུ་གཞན་ས་ཕྱོགས་ཡོད་པ་གྲུབ་པས་གཞན་བུམ་པ་ལ་སོགས་པ་དགག་པར་འདོད་པ་མེད་པ་ཡང་ཅིས་ན་མི་འགྲུབ། རྣམ་པ་འདི་ལྟ་བུ་ཞེས་བྱ་བ་ནི་དགག་པར་བྱ་བས་དབེན་པའི་ཕྱོགས་དམིགས་པ་ཡོད་པ་སྟེ། དགག་པར་བྱ་བས་དབེན་པའི་ཕྱོགས་དམིགས་
པ་ཡོད་པ་དགག་པར་བྱ་བ་དང་། དེ་ལ་དམིགས་པའི་ཤེས་པ་མ་ཡིན་པར་དགག་པའི་རང་བཞིན་མི་དམིགས་པའི་རྟགས་གྲུབ་པ་ཉིད་ཀྱིས་མེད་པ་རྣམས་ཏེ་དངོས་པོ་མེད་པ་དང་། དེ་ལ་དམིགས་པ་མེད་པའོ། །མེད་པ་དེ་རྣམས་གྲུབ་པས་ན་དངོས་པོ་མེད་པ་ནི་བསྒྲུབ་པར་བྱ་བ་མ་ཡིན་གྱི།
ཡུལ་མི་དམིགས་པའི་རྟགས་ཀྱིས་ཡུལ་ཅན་མེད་པའི་ཤེས་པ་དང་སྒྲ་དང་ཐ་སྙད་རྟོགས་པར་བྱེད་དེ་སྒྲུབ་པར་བྱེད་དོ། །དེ་ཡང་ཇི་ལྟར་ཞེ་ན། སྔོན་དམིགས་པར་རིགས་པའི་སྦྲུལ་གནས་ཁང་དུ་མི་དམིགས་པས་མངོན་སུམ་གྱིས་སྦྲུལ་མེད་པའི་ཐ་སྙད་རྟོགས་ནས་ཀྱང་སྟེ། ཡང་སྒྲུབ་པར་
འདོད་པའི་ཆོས་ཅན་ལ་ཐ་སྙད་ཀྱི་ཡུལ་མི་དམིགས་པ་མཐོང་བ་ན་སྔོན་རྟོགས་པའི་དུས་བཞིན་དུ་དམིགས་པར་རིགས་པར་མི་དམིགས་པའི་ཕྱིར་མེད་པའི་ཐ་སྙད་འཇུག་པའི་ཕྱིར་ཏེ། དཔེར་ན་སྔར་བ་ལང་དཀར་པོ་ལ་ནོག་དང་ལྐོག་ཤལ་ལ་སོགས་པའི་ཡུལ་ཅན་གྱི་བ་ལང་གི་ཐ་སྙད་རྟོགས་པ་
ལ། ཕྱིར་བ་ལང་སྔོན་པོ་ལ་ལྐོག་ཤལ་ལ་སོགས་པའི་ཡུལ་མཐོང་བ་ན་ཐ་སྙད་མི་འགྲུབ་པའི་བླུན་པོ་ལ་འདི་བ་ལང་ཡིན་ཏེ། ལྐོག་ཤལ་ལ་སོགས་པ་འདུས་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །སྔོན་མངོན་སུམ་ཉིད་ཀྱིས་ཐ་སྙད་གྲུབ་པ་ལ་ཕྱིས་ཡུལ་བསྟན་
པས་ཐ་སྙད་གྲུབ་པ་དེའི་ཕྱིར་སྣང་བ་མི་དམིགས་པ་ལ་དཔེ་མ་གྲུབ་པར་རྒོལ་བ་ཡང་བསལ་བ་ཡིན་ནོ། །གལ་ཏེ་མི་དམིགས་པ་ནི་མེད་པ་རྣམས་ཀྱི་མེད་པ་གྲུབ་པ་ཡིན་ནོ་ཞེས་བཤད་པ་དངོས་པོ་ལོག་པ་ནི་མེད་པ་ཡིན་ལ། མི་དམིགས་པ་ནི་མི་དམིགས་པ་ལོག་པ་ཡིན་ན་ཇི་ལྟར་མེད་པ་

ཞེས་བརྗོད། གང་ཡང་དགག་པར་བྱ་བ་ཡོད་པ་དམིགས་པའི་སྟེ་བལྟར་རུང་བའི་དམིགས་པ་ལོག་པས་ཀྱང་ཇི་ལྟར་མེད་པ་འགྲུབ་པ་ཡིན་ཏེ། བལྟར་རུང་བ་ཡོད་པའི་ཤེས་པ་ལྡོག་པ་མི་སྲིད་དོ། །གལ་ཏེ་ཤེས་པ་ལོག་པར་ཁས་བླངས་ན་ཡང་དེ་ཡོད་པ་ལྡོག་པར་
མི་འགྲུབ་སྟེ། འབྲས་བུ་དེ་ལ་དམིགས་པའི་ཤེས་པ་ལོག་པས་རྒྱུ་དེའི་ཡུལ་གྱིས་དོན་ལོག་པ་ནི་མི་འགྲུབ་པོ་ཞེ་ན། དམིགས་པའི་རྒྱུ་ཅན་དེ་ལྟ་བུ་ཞེས་བྱ་བ་ནི་དགག་པར་བྱ་བ་དང་ཤེས་པ་གཅིག་པ་ལ་འདྲེར་རུང་བའི་ཕྱོགས་དང་། སྣང་བ་དང་། ཡིད་ལ་བྱེད་པ་དང་། དབང་པོ་དང་། བལྟར་
རུང་བའི་བདག་ཉིད་ཀྱི་དོན་རྣམས་སོ། །དེ་དག་ལ་དགག་པར་འདོད་པའི་དོན་དང་། དེའི་ཤེས་པ་དག་ཡོད་པ་ཞེས་གདགས་པ་ཡིན་གྱི། བལྟར་རུང་བ་དེ་ན་ཡོད་པ་ཉིད་ནི་མ་ཡིན་ནོ། །དེའི་ཕྱིར་མི་དམིགས་པ་མེད་པར་འགྲུབ་པོ། །ཅིའི་ཕྱིར་ཡོད་པ་གདགས་ཤེ་ན། རྒྱུ་མཐའ་
དག་ཚང་བ་ལ་དམིགས་པའི་ཡོད་པ་སྟེ་ཤེས་པ་དང་། དེའི་ཡུལ་དག་དམིགས་པའི་བདག་ཉིད་ཡོད་པ་དེར་མི་འཁྲུལ་ཏེ་ངེས་པར་དམིགས་པ་ཁོ་ནར་འགྱུར་བའི་ཕྱིར་རོ། །གལ་ཏེ་རྒྱུ་ཚོགས་པ་ཡང་རྒྱུར་འགྱུར་བ་ལ་ལྟོས་པའི་ཕྱིར་འབྲས་བུ་དམིགས་པ་མི་སྐྱེད་པ་སྲིད་པའི་ཕྱིར་འཁྲུལ་པ་
སྲིད་པ་མ་ཡིན་ནམ་ཞེ་ན། འབྲས་བུའི་དུས་ན་སྟེ་འབྲས་བུ་བྱེད་པར་ནུས་པ་ཐོགས་པ་མེད་པས་ཕྱོགས་ལ་སོགས་པའི་འབྲས་བུ་ཤེས་པ་དམིགས་པའི་དུས་ན་དགག་པར་འདོད་པ་ཡང་ཤེས་པ་དེ་ཉིད་སྐྱེད་པར་ནུས་པ་ཐོགས་པ་མེད་པར་ཕྱོགས་དང་འདྲ་བ་ཉིད་ཡིན་པའི་ཕྱིར། རང་གི་འབྲས་
བུ་ཤེས་པ་ཡོད་པར་འགྱུར་ན། ད་ལྟར་འབྲས་བུ་མེད་ན་དེ་ལྟ་བུ་དོན་རང་གི་ཤེས་པ་སྐྱེད་པར་ནུས་པ་ཐོགས་པ་མེད་པ་ཅན་ཡང་མེད་པར་མི་དམིགས་པས་འགྲུབ་པོ། །གལ་ཏེ་དེ་ན་དགག་པར་བྱ་བ་ཡོད་ཀྱང་རྣལ་འབྱོར་པ་ལ་སོགས་པའི་མཐུའི་བྱེ་བྲག་གི་བྱིན་གྱི་རླབས་ཀྱིས་རང་གི་ཤེས་
པ་མི་སྐྱེད་དོ་ཞེ་ན། མ་ཡིན་ཏེ་ཞེས་བྱ་བ་སྨོས་ཏེ། རང་གི་དམིགས་པ་སྐྱེད་པར་ནུས་པ་ཐོགས་པ་མེད་པའི་དུས་ན་ནི་རང་གི་ཤེས་པ་སྐྱེད་པའི་རང་བཞིན་དུ་གྲུབ་ཟིན་པའི་ཕྱིར་མཐུའི་ཡུལ་ལས་དབང་པོ་གཞན་དུ་བྱ་བར་ནུས་ཏེ། ནུས་པ་ཐོགས་པ་མེད་པར་རང་གི་བདག་ཉིད་གྲུབ་ཟིན་པའི་ཕྱིར་དེ་དོན་

ཡོད་ན་རང་གི་ཤེས་པ་སྐྱེད་དོ། །གལ་ཏེ་དུས་ཕྱིས་ཡུལ་ལམ་དབང་པོ་བྱིན་གྱི་རླབས་ཀྱིས་འདུས་བྱས་ན་ཡང་ངོ་། །དེ་ལྟ་ན་ཡང་ནུས་པ་ཐོགས་པ་མེད་པའི་དོན་མ་ཡིན་ཏེ། བྱིན་གྱི་རླབས་ཀྱིས་བསྒྱུར་དུ་རུང་བ་ནི་ནུས་པ་ཐོགས་པ་མེད་པའི་རང་བཞིན་མ་ཐོབ་པ་ཡིན་གྱི་
ཐོབ་ན་ནི་རང་གི་འབྲས་བུ་སྐྱེད་པ་ལ་གགས་མི་ནུས་པས་སོ། །དེས་ན་ཤེས་པ་དང་དེའི་ཡུལ་དགག་པར་བྱ་བའི་དོན་ནི་ཡོད་པར་གདགས་པས་ཡོད་པ་ཡིན་ལ། དེ་དག་ལོག་པ་ནི་མི་དམིགས་པའི་མེད་པ་ཡིན་ནོ། །དེ་ལྟ་བས་ན་དམིགས་པ་ཡང་མེད་པ་ཞེས་བརྗོད་དོ། །དེ་ཙམ་
གྱིས་ཞེས་བྱ་བ་ནི་མཐའི་ཚོགས་པ་ནི་འབྲས་བུ་འཁྲུལ་པ་མེད་དེ། འབྲས་བུ་དང་ལྡན་པས་བསྟན་པས་སོ། །རྒྱུ་ནི་འབྲས་བུ་མེད་པར་ཡོད་པ་ཡང་སྲིད་པས་དམིགས་པ་མེད་པ་ཡུལ་མེད་པ་མི་འགྲུབ་པོ་ཞེས་བྱ་བའི་ལན་ཡང་རབ་ཏུ་བརྗོད་པ་ཡིན་ནོ། །རྒྱུ་མཚན་ཅན་གཞན་ནི་
ལྐོག་ཤལ་ལ་སོགས་པ་བ་ལང་གི་རྒྱུ་མཚན་ལོག་ནས་བཤད་པར་བྱའོ་ཞེས་བྱ་བ་ནི་ལེའུ་གསུམ་པ་ལས་སོ། །གཞན་དག་འགལ་བ་ཞེས་བྱ་བ་ནི་མི་དམིགས་པ་ལས་གཞན་པའི་རྟགས་ཀྱིས་དགག་པ་གོ་བར་འདོད་པ་དེ་བསལ་བའི་ཕྱིར། ཇི་སྲིད་ཅུང་ཟད་དགག་པ་དེ་ཐམས་ཅད་
ནི་ཞེས་བྱ་བ་སྨོས་སོ། །དཔྱོད་པ་པ་གང་དག་ལུས་དང་བློ་ཐམས་ཅད་མཁྱེན་པ་ལ་སོགས་པ་དང་མི་འགལ་བ་དག་གིས་ཐམས་ཅད་མཁྱེན་པ་དག་འདོད་ཆགས་དང་བྲལ་བ་དག་འགོག་པར་བྱེད་པ་དེ་དག་དགག་པའི་ཕྱིར་ཡང་འགལ་བ་དག་བཤད་དོ། །ཡང་རྒྱུ་ཡང་མ་ཡིན་ལ་ཁྱབ་
པར་བྱེད་པ་ཡང་མ་ཡིན་པ་རང་གི་དམིགས་པ་ལོག་པས་ཀྱང་དགག་པར་བྱེད་པ་དེ་བསལ་བའི་ཕྱིར་རྒྱུ་དང་ཁྱབ་པར་བྱེད་པ་ལ་སོགས་པ་མི་དམིགས་པ་བསྟན་ཏོ། །སྐད་ཅིག་ལ་དབྱེར་མེད་པས་སོ་ཞེས་བྱ་བས་ནི་མཐའི་ཚོགས་པ་ནི་འབྲས་བུ་སྐྱེད་པར་བྱེད་པ་ཉིད་ཀྱི་རང་བཞིན་ཡིན་པ་
ཉིད་ཀྱི་ཕྱིར་སྐྱེད་པ་མ་ཡིན་པར་བྱར་མེད་དེ་རང་ཉིད་གྲུབ་པའི་ཕྱིར་ལ། རང་བཞིན་གཞན་དུ་འགྱུར་དུ་རུང་ན་ནི་དེ་མཐའི་རང་བཞིན་དུ་ཡང་མི་འགྱུར་རོ། །མཐའི་ཚོགས་པ་སྐད་ཅིག་ནི་བསྒྱུར་དུ་མེད་པའི་ཕྱིར་རང་བཞིན་གཞན་དུ་བསྒྱུར་བ་ཅུང་ཟད་ཀྱང་མི་བྱེད་ན་ནི་གགས་སུ་ཡང་མི་འགྱུར་རོ། །

རྟགས་བཞི་པར་རྟོག་པ་དགག་པའི་ཕྱིར་མི་དམིགས་པ་དེ་ཡང་རང་བཞིན་མི་དམིགས་པ་ཉིད་དུ་འདུས་པར་བརྗོད་དོ་ཞེས་གསུངས་སོ། །འདི་དག་ཐམས་ཅད་ཀྱང་སྣང་བ་མི་དམིགས་པ་ཁོ་ནའོ་ཞེས་བསྟན་པའི་ཕྱིར་རོ། །འདིར་མེད་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།
བལྟར་རུང་བའི་རྒྱུ་དང་འབྲས་བུ་དེ་རྣམས་དང་འགལ་བ་དག་དབང་པོ་དང་ཤེས་པ་དང་། སྣང་བ་ཞེས་བྱ་བ་དམིགས་པའི་རྒྱུ་གཞན་ཉེ་བ་སྟེ་བལྟར་རུང་བ་ཁོ་ན་དག་ལས་རྒྱུ་དང་འབྲས་བུ་ལ་སོགས་པ་མ་གྲུབ་པ་དང་། འགལ་བར་གྲུབ་པར་རིག་པར་བྱའོ། །གཞན་དག་ཅེས་བྱ་བ་ནི་བལྟར་མི་རུང་
བའོ། །དེ་དག་ལ་ནི་རྒྱུ་དང་འབྲས་བུའི་དངོས་པོ་ཡོད་པ་ཞེས་བྱ་བར་སྦྱར་ཏེ། འབྲེལ་པའི་རང་བཞིན་ཡོད་པའོ། །འགལ་བ་མེད་པ་ཞེས་སྦྱར་ཏེ། གཞན་མེད་པ་ནི་འགལ་བའི་རང་བཞིན་ནོ། །དེ་དག་མི་འགྲུབ་ཅེས་བྱ་བའི་ཐ་ཚིག་གོ། །བལྟ་བྱ་ནི་བུམ་པ་ལ་སོགས་པའོ། །མཐོང་བ་
མེད་པའི་རྒྱུ་ནི་དབང་པོའམ་ཡིད་ལ་བྱེད་པའམ་སྣང་བ་དག་མ་ཚང་ན། དགག་པར་འདོད་པའི་དོན་བསྐལ་པའོ། །དེ་དག་མི་སྲིད་པ་ནི་རྒྱུ་དེ་དག་ཚང་བའོ། །དེ་ལྟ་བུའི་ཡོད་པའི་དངོས་པོ་མི་དམིགས་པས་ནི་དངོས་པོ་མེད་པར་རྟོགས་པར་འགྱུར་གྱི་བལྟ་བྱའི་མཐོང་བ་མེད་པའི་རྒྱུ་གང་ཡང་རུང་བ་
ཡོད་པ་མི་དམིགས་པས་ནི་མ་ཡིན་ནོ། །མཐའི་སྐད་ཅིག་མ་ཉིད་ཡིན་པའི་ཕྱིར་མངོན་སུམ་ཉིད་ཡིན་ནོ་ཞེས་བྱ་བ་ནི་དེ་ལྟ་ན་རང་བཞིན་འགལ་བ་དམིགས་པ་ཉིད་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ནུས་པ་ཐོགས་པའི་རྒྱུ་གང་ཡོད་པའི་ཕྱིར་གྲང་བའི་རེག་པ་མེད་དེ། རྟོགས་པའི་རྒྱུའི་རང་བཞིན་
རྟོགས་པར་མི་འགྱུར་རོ། །སྦྱོར་བའི་བྱེ་བྲག་གིས་རྣམ་པ་བཅུའོ་ཞེས་བྱ་བ་ནི་འདིར་བཤད་པའི་རིམ་པ་འགལ་བས་ཁྱབ་པ་དམིགས་པ་ཡང་གཞན་དུ་བཤད་མོད་ཀྱི། འདིར་མ་བཤད་དེ་ལེའུ་གསུམ་པ་ལས་སྐབས་སུ་བབ་པ་ན་སྟོན་པའི་ཕྱིར་རོ། །འགལ་འབྲས་ལ་ཡང་ཞེས་བྱ་བའི་
སྒྲས་ནི་རྒྱུ་འགལ་བའི་འབྲས་བུ་དམིགས་པ་དང་འབྲས་བུ་རྟགས་དག་ལ་ཡང་ངོ་། །འདས་པ་དང་ད་ལྟར་དང་མ་འོངས་པ་གང་གིས་ཀྱང་མ་དམིགས་པ་དེ་ཇི་ལྟར་མི་རིགས་པ་ལས་མེད་པ་མ་ཡིན་ཞེ་ན། ཐམས་ཅད་ཅེས་བྱ་བ་དུས་གསུམ་པའི་སྐྱེས་བུ་ཐམས་ཅད་ཀྱི་དམིགས་པ་

ལོག་པ་ནི་སྣང་བ་མི་དམིགས་པ་འདིར་རྟགས་མ་ཡིན་པའི་ཕྱིར་ཏེ། དེ་ལྟ་བུའི་རྟགས་ནི་རྒོལ་བ་བདག་ཉིད་དང་གཞན་གྱི་ཕྱིར་རྒོལ་བ་གཉི་གས་མི་རྟོགས་སོ། །དེའི་ཕྱིར་མི་དམིགས་པས་འདིར་བདག་ཉིད་ཀྱི་དམིགས་པ་ལོག་པ་ཉིད་གང་འགོག་པའི་ཚད་མ་ཡིན་ཏེ། བདག་ཉིད་ཀྱི་དམིགས་
པ་ལོག་པ་མ་ཡིན་པ་བསྐལ་པ་ན་ཡོད་པ་པ་ནི་མི་དམིགས་ཀྱང་ཡོད་པ་མ་ཡིན་པ་མ་ཡིན་ནོ། །གལ་ཏེ་ཡོད་པ་དེ་ལ་ཡང་མངོན་སུམ་འཇུག་གོ། །དེ་ལྟ་མ་ཡིན་ཡང་རྗེས་སུ་དཔག་པའོ། །དེ་ལྟ་མ་ཡིན་ཡང་ལུང་འཇུག་སྟེ། རིག་བྱེད་ལས་སྟོན་པར་འགྱུར་ན་གང་འདོད་ཆགས་དང་བྲལ་བ་
ལ་སོགས་པ་ནི་དེ་ལྟ་མ་ཡིན་པའི་ཕྱིར་མེད་པ་ཉིད་དོ་ཞེ་ན། མ་ཡིན་ཏེ་རེ་ཞིག་བསྟན་བཅོས་ཏེ་ལུང་ནི་སྐྱེས་བུའི་དོན་སྒྲུབ་པའི་ཐབས་ཅུང་ཟད་ལ་བརྟེན་ནས་འཇུག་སྟེ། སྐྱེས་བུ་ལ་མཁོ་བ་མ་ཡིན་པ་ནི་ཡང་དག་པར་མ་འབྲེལ་པར་འགྱུར་བས་ཚད་མ་མ་ཡིན་པར་འགྱུར་ཏེ། འདོད་པའི་དོན་མ་
གྲུབ་པ་མེད་པའི་ཕྱིར་རོ། །སྐྱེས་བུའི་དོན་བསྒྲུབ་པ་དེ་ལ་ཡང་དེའི་སྐབས་སུ་བབ་པ་མ་ཡིན་པའི་དོན་མ་ཡིན་པ་མང་པོར་ངེས་པར་སྟོན་པ་ནི་མ་ཡིན་ཏེ། ཇི་ལྟར་གླིང་སྟོང་པ་ན་ཡོད་པའི་འབྲས་བུ་དང་། མེ་ཏོག་ལ་སོགས་པ་སོ་སོར་ངེས་པ་སྟེ། གཞན་དང་མ་འབྲེལ་པའི་བདག་ཉིད་གང་དག་
དང་། སྐྱེས་བུ་རྣམས་ཀྱི་སེམས་ཀྱི་འཇུག་པ་དག་ཐ་དད་པ་སྟེ། འདོད་པ་སྣ་ཚོགས་པ་དེ་ལྟར་འཇུག་པའི་རྒྱུ་མཚན་གཅིག་ཏུ་ངེས་པ་མེད་པ་སྟེ། སྔོན་གོམས་པ་དང་། ཡུལ་གྱི་དབང་དང་། གྲོགས་པོ་དང་འབད་པ་དག་ལ་སོགས་པ་སྣ་ཚོགས་པར་ངེས་པ་མེད་པས་དེ་དག་གིས་དོན་བསྒྲུབ་
པའི་ཐབས་ཀྱང་མི་མཐུན་པ་ཅུང་ཟད་ཙམ་ཡང་མེད་དོ། །དེ་ལྟ་བུའི་དོན་རྣམས་དུས་དང་ཡུལ་གྱི་རྣམ་པར་གཞག་པས་ཐ་དད་པ་དག་སྐབས་སུ་བབ་པར་རིགས་པ་མ་ཡིན་ཏེ། དེ་དག་ནི་སྐབས་སུ་མི་དགོས་པའི་ཕྱིར་རམ་ཡང་ན་དེ་དག་གི་རྫས་ཀྱི་བྱེ་བྲག་སོ་སོར་ངེས་པར་བསྟན་པར་མི་ནུས་པའོ། །
དེའི་ཕྱིར་དེ་དག་ནི་བསྟན་བཅོས་ཀྱིས་བསྟན་པའི་ཡུལ་དུ་མི་བྱེད་པའི་ཕྱིར་བསྟན་བཅོས་ལོག་པས་མེད་པར་མི་འགྲུབ་པའོ། །དོན་སོ་སོར་ངེས་པ་མཐའ་ཡས་པ་དེ་རྣམས་ནི་བསྐལ་པ་ཡིན་པས་རང་གི་དོན་ཤེས་པ་ལ་ཉེ་བར་འཇོག་པར་ནུས་པ་མ་ཡིན་པས་མངོན་སུམ་གྱི་ཤེས་པ་སྐྱེད་པར་ནུས་པ་མ་

ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ཞེས་བྱ་བའི་སྒྲས་ནི་མངོན་སུམ་ལོག་ཀྱང་མེད་པ་མི་འགྲུབ་སྟེ། ཡུལ་དུ་མི་བྱེད་པའི་ཕྱིར་རོ་ཞེས་སྔ་མ་ལྟར་སྦྱར་བ་སྟོན་ཏོ། །འབྱུང་བ་ལ་ཚད་མ་མེད་དོ་ཞེས་མི་འགེགས་ཀྱི་འོན་ཀྱང་ཚད་མ་སྲིད་དོ། །དེའི་ཕྱིར་ཚད་མ་མཐོང་བའི་ཕྱིར་
སྤང་བར་མི་འོས་སོ་ཞེས་བསྟན་ཏོ། །མ་མཐོང་བ་ཙམ་གྱིས་དགག་པར་མི་ནུས་པ་དེས་ན་དགག་པར་བྱ་བ་འདིར་ཚུ་རོལ་མཐོང་བའི་མཐོང་བ་ནི་རང་བཞིན་གྱི་དོན་ནམ་འབྲེལ་པའི་དོན་དག་གིས་མཐོང་བ་ཟིན་པ་མ་ཡིན་ཏེ། ཐམས་ཅད་ངེས་པར་མི་ནུས་པའི་ཕྱིར་རྒྱུ་ལས་འབྲས་བུ་སྐྱེ་བ་ན་ངེས་
པར་འབྱུང་བར་འགྱུར་ཡང་རྒྱུ་མཐོང་བ་ཙམ་གྱིས་ངེས་པར་མི་ནུས་པའི་ཕྱིར་མ་འོངས་པ་ན་འབྱུང་བའི་ཤེས་པར་བྱེད་པ་མ་གྲུབ་པོ། །དེས་ན་མཐོང་བ་འདི་ཙམ་གྱིས་འབྲས་བུ་དེ་མ་འོངས་པ་ན་འབྱུང་བ་མེད་པ་ནི་མ་ཡིན་ཏེ། སྔར་མ་མཐོང་བ་གང་དག་གི་ཡང་བརྒྱུད་དེ་ཕྱིས་འབྲས་བུ་
འབྱུང་བ་གསལ་བར་འགྱུར་བ་མཐོང་བས་སོ། །དེས་ན་མངོན་སུམ་དང་རྗེས་སུ་དཔག་པ་མེད་པས་མེད་པ་མི་འགྲུབ་པོ། །ལུང་གི་སྒྲ་ཡང་མེད་པ་གོ་བར་མི་བྱེད་དོ་ཞེས་སྦྱར་ཏེ། ཅིའི་ཕྱིར་སྙམ་པ་ལ་སྒྲ་ནི་དངོས་པོ་ཅི་ལྟ་བ་བཞིན་དུ་ངེས་པར་འཇུག་པ་མ་ཡིན་པའི་ཕྱིར་རོ། །བརྗོད་པར་
འདོད་པ་དེ་མ་ཐག་པ་སྟེ། དེ་དང་འབྲེལ་པ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་འདོད་པ་དངོས་པོ་ཇི་ལྟ་བ་བཞིན་དུ་འཇུག་གོ་ཞེ་ན། སྐྱེས་བུ་འདོད་པ་ཐམས་ཅད་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཇི་ལྟ་བ་བཞིན་གྱི་དོན་མཐོང་བ་ལ་སོགས་པའི་སྒྲས་ནི་ཆགས་པ་དང་གཡོ་བ་ལ་སོགས་པ་
ཉེས་པ་ཟད་པར་བསྡུའོ། །གལ་ཏེ་སྐྱེས་བུ་དེ་ལྟ་བུའི་བྱེ་བྲག་ཤེས་པར་ནུས་ན་འདི་ལྟ་བུའི་སྐྱེས་བུ་ཚིག་འདི་ཡིས་དོན་ཕྱིན་ཅི་མ་ལོག་པར་སྟོན་ཏོ་ཞེས་ཁོ་བོ་ཡང་འདོད་པ་ཉིད་དོ། །དེ་ལྟ་བས་ན་རྟོག་པ་སྔོན་དུ་གཏོང་བ་རྣམས་ཀྱིས་ལུང་དེ་ལ་འཇུག་པར་འདོད་པས་ལུང་ཡིད་ཆེས་པར་བྱ་བ་ཡིན་ནམ་
མ་ཡིན་རྟོག་པར་བྱེད་ལ། བརྟགས་ནས་རྣམ་པར་དག་པའི་ལུང་ལ་འཇུག་པར་བྱེད་པ་ནི་དོན་མེད་པའི་ངལ་བ་དང་མི་འདོད་པ་གཞན་དང་ཕྲད་པས་ཉོན་མོངས་པར་མི་འགྱུར་བ་ཉིད་དོ། །ལུང་གིས་རང་གི་རང་བཞིན་བརྟགས་པས་སྟོང་སྟེ། ལུང་དེའི་སྐྱེས་བུ་བརྟགས་ཏེ་འཇུག་པར་བྱེད་པ་ནའོ། །ཉེས་པ་

ཟད་པ་ལ་སོགས་པ་དེ་ལྟ་བུ་ནི་སེམས་ཀྱི་ཆོས་ཡིན་པས་རང་བཞིན་གྱིས་བསྐལ་པའི་ཕྱིར་ཤེས་པར་མི་ནུས་པའི་ཕྱིར་རོ། །དབང་པོ་ལས་འདས་པའི་ཕྱིར་རང་བཞིན་གྱི་རྟགས་མེད་དོ། །རང་ལས་སྐྱེས་པ་ཞེས་བྱ་བ་ལ་སོགས་པས་ནི་འབྲས་བུའི་རྟགས་མེད་པར་སྟོན་ཏོ། །བསམ་པ་སྔོན་དུ་བཏང་སྟེ་ཞེས་
བྱ་བ་ནི་ལུས་དང་ངག་གི་ཐ་སྙད་ཀྱི་སྐྱེས་བུ་འདོད་པས་འཇུག་གོ། །དེ་རྣམས་ཞེས་བྱ་བ་ནི་ཆགས་པ་དང་བྲལ་བ་དང་ཆགས་པ་ཅན་རྣམས་སོ། །བསམ་པ་སྣ་ཚོགས་པ་སྟེ་དགོས་པའི་དབང་གིས་ཆགས་པ་དང་བྲལ་བ་དག་ཀྱང་ཆགས་པ་ཅན་ལྟར་གཡོ་ལ། ཆགས་པ་ཅན་དག་ཀྱང་ཅིག་ཤོས་ལྟར་
གཡོས་པས་སོ། །དེ་ལྟར་ན་ཡིད་ཆེས་པས་བསྟན་པ་ཞེས་བྱ་བའི་ལུང་གི་ཚད་མ་ཉིད་བསལ་ཏོ། །ཡང་སྐྱེས་བུས་མ་བྱས་པ་ཉིད་ཀྱི་ལུང་རིག་བྱེད་ཚད་མར་འདོད་པ་དགག་པར་བཞེད་ནས། གལ་ཏེ་སྐྱེས་བུ་ལ་བརྟེན་པའི་ངག་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྐྱེས་བུ་ལུང་ཕོག་པར་
ནི་བརྡ་བསྟན་པའོ། །དེ་ལ་ལྟོས་པ་ཡང་ཡིན་གྱི་སྒྲ་ཙམ་གྱིས་ནི་མ་ཡིན་ནོ། །གང་ཡང་རིག་བྱེད་ནི་རྟག་པ་ཉིད་དུ་འདོད་ན་རྟག་ཏུ་དམིགས་པའམ། ཡང་ན་མི་དམིགས་པ་ཉིད་དུ་འགྱུར་ན། དེ་ལྟ་ཡང་མ་ཡིན་ཏེ་རེས་འགའ་བར་དམིགས་པ་ཉིད་ཀྱི་ཕྱིར་རྟག་པ་ཉིད་མེད་དོ། །གལ་ཏེ་རྟག་ཏུ་
ཡོད་པ་ཉིད་ཡིན་མོད་ཀྱི་དམིགས་པར་རིགས་པའི་གནས་སྐབས་ན་ནི་དམིགས་ལ་དེ་ལས་གཞན་པའི་གནས་སྐབས་སུ་ནི་མ་ཡིན་ནོ་ཞེ་ན། དམིགས་པའི་ཚེ་དམིགས་པར་རིགས་པའི་བདག་ཉིད་འཐོབ་ལ། དམིགས་པར་མི་རིགས་པ་དེའི་བདག་ཉིད་བཏང་ངོ་། །མི་དམིགས་པ་དེའི་ཚེ་ནི་
བཟློག་པའོ། །དེ་ལྟར་འཐོབ་པ་དང་གཏོང་བ་དག་ལས་རང་བཞིན་གཞན་སྐྱེ་བ་དང་ཉམས་པ་ཞེས་བྱ་བ་གཞན་མ་ཡིན་གྱི་དེ་དག་ཉིད་ཡིན་ནོ། །དེའི་ཕྱིར་རིག་བྱེད་མི་རྟག་པ་ཉིད་དུ་གྲུབ་པོ། །གལ་ཏེ་རྟག་ན་རེས་འགའ་དམིགས་པ་མེད་པར་ཐོབ་པར་འགྱུར་བས་མི་རྟག་པ་ལོག་ན། རེས་
འགའ་དམིགས་པ་ལྡོག་པར་སྟོན་ཏོ། །གལ་ཏེ་ལྷན་ཅིག་བྱེད་པ་ལ་ལྟོས་པའི་ཕྱིར་རོ་ཞེ་ན། ལྷན་ཅིག་བྱེད་པ་དེས་རིག་བྱེད་རྟག་པའི་ཕྱིར་བདག་ཉིད་བོགས་བྱར་མེད་པ་དེ་ལ་ཅུང་ཟད་ཀྱང་མི་བྱེད་དོ། །གལ་ཏེ་རིག་བྱེད་ལས་གཞན་པའི་ཁྱད་པར་བྱེད་དོ་ཞེ་ན། རིག་བྱེད་ལས་ཁྱད་པར་གཞན་

པ་ཞིག་བྱེད་པ་ནི་རིག་བྱེད་དེ་དང་ཁྱད་པར་གཞན་དེ་འབྲེལ་པ་མི་རིགས་པའི་ཕྱིར་རིག་བྱེད་ལ་ཅི་ཡང་ཁྱད་པར་མེད་དོ། །གལ་ཏེ་འབྲེལ་པ་མེད་པར་ཇི་ལྟར་ཤེས་ཤེ་ན། དེ་དང་འབྲེལ་པ་ཡང་ཕན་པས་ཡིན་ན་རིག་བྱེད་རྟག་པའི་ཕྱིར་ཕན་པ་བྱེད་པ་མ་ཡིན་པ་དང་། དེ་ཉིད་
ཀྱི་ཕྱིར་ཁྱད་པར་ཕན་པར་བྱ་བ་མ་ཡིན་པ་དག་ཅི་ཞིག་འབྲེལ། རྟག་པ་དེའི་བདག་ཉིད་ཀྱིས་ཕན་པ་ནི་མི་ནུས་སོ། །རིག་བྱེད་དེ་ལས་གཞན་པའི་བདག་ཉིད་གཞན་གྱིས་ཕན་པར་བྱེད་ན་ཡང་རིག་བྱེད་ཀྱིས་ཕན་པ་བྱས་པ་མ་ཡིན་པའི་ཕྱིར། དེའི་ཁྱད་པར་དུ་མི་འགྱུར་རོ་ཞེས་བྱ་བའི་རྩོད་པ་མཚུངས་
སོ། །གལ་ཏེ་ཕན་པ་དེའི་ཕན་པ་རིག་བྱེད་ཀྱིས་བྱས་སོ་ཞེ་ན། དེ་ལ་ཡང་རིག་བྱེད་བདག་ཉིད་ཀྱིས་ནི་མ་ཡིན་ཏེ། རྟག་པའི་ཕྱིར་དེ་ལས་གཞན་པར་འགྱུར་ལ། དེ་ལ་ཡང་ཕན་པ་དང་དོན་གཞན་པ་བརྟག་པར་བྱ་དགོས་པའི་ཕྱིར་ཐུག་པ་མེད་པར་འགྱུར་རོ། །གང་ཞིག་རེས་འགའ་བ་སྐྱེས་བུའི་འདོད་པའི་
རྗེས་སུ་འབྲང་བ་དེ་ནི་སྐྱེས་བུས་བྱས་པ་ཡིན་ཏེ། དེའི་ཕྱིར་སྒྲ་ནི་རེས་འགའ་ཞེས་བྱ་བ་ལ་སོགས་པས་ནི་སྐྱེས་བུས་བྱས་པར་སྟོན་ཏེ། སྐྱེས་བུ་བྱེད་པ་དང་རྗེས་སུ་འགྲོ་བ་ངེས་པའི་ཕྱིར། སྐྱེས་བུས་བྱས་པར་འདོད་པའི་བསྟན་བཅོས་བཞིན་ནོ། །རིག་བྱེད་ཀྱང་རེས་འགའ་བ་ཉིད་སྐྱེས་བུའི་འདོད་པའི་
རྗེས་སུ་འབྲང་བའི་ཕྱིར་ཞེས་བྱ་བའི་སྦྱོར་བ་བསྟན་ཏོ། །སྐྱེས་བུས་བརྡར་བྱས་པ་ལས་གཞན་དུ་ན་ཡང་སྒྲ་རྣམས་དོན་དང་མེད་ན་མི་འབྱུང་བ་མེད་པས་རང་ལས་གཞན་པའི་དོན་དུ་བས་མེ་རྟོགས་པ་ལྟ་བུ་ནི་མེད་དོ། །ད་ནི་སྒྲ་དང་དོན་རང་བཞིན་གྱིས་འབྲེལ་པ་ལུང་གི་ཚད་མར་འདོད་པ་བརྟག་པའི་ཕྱིར་
སྒྲ་ཡོད་པ་ཉིད་ཀྱིས་ཞེས་བྱ་བ་སྨོས་ཏེ། གལ་ཏེ་དོན་མེད་ན་སྒྲ་མི་འབྱུང་བའི་ཕྱིར་སྒྲ་ཡོད་པ་ཉིད་ཀྱིས་དོན་གྱི་བྱེ་བྲག་དང་འབྲེལ་ཏོ་ཞེ་ན། མ་ཡིན་ཏེ། སྒྲའི་ཡོད་པ་ཉིད་ཙམ་ནི་དོན་ཐམས་ཅད་ཀྱི་འབྲེལ་པ་དེ་བྱེ་བྲག་མེད་པའི་ཕྱིར་བྱེ་བྲག་གི་དོན་མཚོན་པར་མི་འགྱུར་རོ། །གལ་ཏེ་དཔྱོད་པ་པ་དག །
ཇི་ལྟར་དབང་རྣམས་དོན་གྱིས་ན། །རུང་བས་ཐོག་མ་མེད་ནས་འབྲེལ། །དེ་བཞིན་སྒྲ་རྣམས་དོན་རྣམས་ཀྱིས། །རུང་བས་ཐོག་མ་མེད་ནས་འབྲེལ། །ཞེས་བྱས་པ་ཡིན་པས། གལ་ཏེ་དབང་པོ་དང་དོན་བཞིན་དུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གལ་ཏེ་དབང་པོའི་དོན་ལས་ཇི་ལྟར་སྐྱེ་

ཞེ་ན། དོན་དེ་ལས་ཕན་པ་བྱས་པའི་དབང་པོ་ནི་རང་གི་ཤེས་པ་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་དབང་པོ་དེ་ལྟ་བུའི་དོན་ལས་སྐྱེས་པའོ། །དེ་ལས་མ་སྐྱེས་ན་ནི་ཡུལ་གཞན་མེད་ཀྱང་རང་གི་ཡུལ་ལས་ཤེས་པ་སྐྱེད་པ་ལྟར་རང་གི་ཡུལ་མེད་ཀྱང་རང་གི་ཤེས་པ་སྐྱེད་པར་འགྱུར་རོ། །ཅིའི་ཕྱིར་རང་གི་
ཡུལ་དེ་ཕན་པ་བྱེད་པ་ཡིན་ཞེ་ན། མངོན་སུམ་ལ་བསྙོན་པར་མི་ནུས་སོ་ཞེས་བསྟན་པའི་ཕྱིར། འདི་ལ་དངོས་པོའི་རང་བཞིན་ལན་འདེབས་པར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་མེད་པར་ཞེས་བྱ་བ་རིག་བྱེད་རྟག་པའི་ཕྱིར་དོན་ལས་སྐྱེ་བ་དེ་མེད་པས་སོ། །སྒྲའང་དོན་འདིའི་སྒྲ་འདི་
ཞེས་བྱ་བར་མི་འགྲུབ་ལ། དོན་ཀྱང་སྒྲ་ལ་ངེས་པ་མ་ཡིན་ནོ། །གལ་ཏེ་མིང་གི་སྒྲ་གང་ཡང་དོན་ལས་སྐྱེ་བ་མེད་པའི་ཕྱིར་སྒྲ་ཐམས་ཅད་ཀྱིས་དོན་བརྗོད་པར་མི་འགྱུར་རོ་ཞེ་ན། རབ་ཏུ་སྦྱར་བ་ཞེས་བྱ་བ་ནི་འདིའི་མིང་འདིའོ་ཞེས་སམ་འདིའི་སྒྲ་འདིའོ་ཞེས་བརྡ་རབ་ཏུ་སྦྱོར་བའི་ཕྱིར་སྒྲ་དེ་ནི་དོན་
དང་ལྡན་པ་ཡིན་ཏེ། ལུས་ཀྱི་རིག་བྱེད་བཞིན་ཏེ་ཁོ་བོ་མཛུབ་མོ་འགྲེང་བ་ན་དོན་འདིར་གོ་བར་གྱིས་ཤིག་ཅེས་བྱ་བ་བཞིན་ནོ། །སོགས་པའི་སྒྲས་ནི་རྒྱལ་པོ་རྟགས་ལ་སོགས་པ་རྟགས་མཚན་གཞན་དག་གཟུང་ངོ་། །བརྡའི་དུས་ཀྱིས་དོན་དེ་ལས་འོངས་པ་མ་ཡིན་པ་ནི་བརྡ་མ་བྱས་པའོ། །
ཡང་ན་དེ་ལས་འོངས་པ་མ་ཡིན་པ་ནི་བརྗོད་པར་འདོད་པ་དེ་ལས་མ་འོངས་པ་སྟེ། བརྗོད་པར་འདོད་པ་ལས་མ་སྐྱེས་པའི་སྒྲའོ། །དེས་བརྡར་མ་བྱས་པའི་སྒྲའི་དོན་གོ་བར་མི་ནུས་ཏེ། ནམ་མཁའ་ལ་སོགས་པ་ནི་སྐྱེས་བུ་ལ་སོགས་པས་སོ། །གལ་ཏེ་སྒྲ་རྣམས་ཀྱི་ངོ་བོ་དོན་གང་ལས་སྐྱེས་
པས་དེ་དེ་ལ་ངེས་པ་ནི་མ་ཡིན་གྱི་འོན་ཀྱང་ཤེས་པ་བྱེད་པའི་ནུས་པ་ལས་འདིའོ་དེའོ་ཞེས་གོ་བར་བྱེད་དོ་ཞེ་ན། ནུས་པ་དེ་ཡང་དོན་ཡོད་ན་ཡོད་ལ་མེད་ན་མེད་པ་དག་གི་རང་བཞིན་ནི་རང་བཞིན་དེ་དག་གིས་དོན་དང་འབྲེལ་པ་ཡིན་གྱི། གཞན་དུ་དོན་མེད་ཀྱང་ནུས་པ་ཡོད་ན་ནི་འབྲེལ་པར་མི་ནུས་པའི་ཕྱིར་
འབྲས་བུའི་རང་བཞིན་ཉིད་མི་གཏོང་སྟེ། འབྲས་བུ་གཞན་དུ་བ་ལ་སོགས་པ་དག་གི་མཚན་ཉིད་ཀྱང་ངོ་། །དོན་དེ་ལས་ཞེས་བྱ་བ་ནི་སྒྲ་ལས་གཞན་པའི་ནུས་པའོ། །དེ་ལས་དོན་ཤེས་པ་སྐྱེ་བའི་ཕྱིར་རོ། །དོན་དང་སྒྲའི་འབྲེལ་པ་ཡང་མི་འགྲུབ་སྟེ། སྒྲ་ལས་གཞན་པའི་ནུས་པས་དོན་གོ་བར་བྱེད་

པའི་ཕྱིར་རོ། །མ་འབྲེལ་བ་གོ་བར་བྱེད་པ་མ་ཡིན་པ་དེའི་ཕྱིར་དོན་ཐམས་ཅད་ཀྱི་དུས་ཐམས་ཅད་དུ་གོ་བར་བྱེད་པ་གང་ན་ངེས་པའི་རང་བཞིན་དུ་གྱུར་པ་ཉིད་ནི་རང་གི་རྒྱུའི་རང་བཞིན་ངེས་པ་ཅན་གྱི་སྐྱེད་པར་བྱེད་པའི་དངོས་པོ་སྣང་བར་བྱེད་དེ་གོ་བར་བྱེད་དོ། །མར་མེ་གཟུགས་
ལས་བྱུང་བ་མ་ཡིན་ཡང་གསལ་བར་ནུས་པས་སོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཇི་ལྟར་རང་བཞིན་གྱིས་གསལ་བར་བྱེད་པ་མ་ཡིན་ཞེ་ན། འབྲེལ་པ་ཡོད་པ་དང་མེད་པ་མཐོང་བ་དང་མ་མཐོང་བ་སྟེ། དེ་དྲན་པ་ལས་སྒྲ་དང་རྟགས་དག་གིས་རང་གི་དོན་གྱིས་ཡུལ་རྟོགས་པར་བྱེད་དོ། །མང་པོ་མཐོང་
བ་ལ་ཞེས་བྱ་བ་ནི་སྒྲ་གཅིག་ལ་དོན་མང་པོ་མཐོང་བ་སྟེ་གཽའི་སྒྲ་ལྟ་བུའོ། །དེ་ལ་ཡང་དོན་གཅིག་ཏུ་བལྟ་བར་མི་ནུས་ཏེ་རྟོགས་པར་མི་ནུས་སོ། །ཡང་དང་ཡང་སྟེ་དོན་གཞན་དང་གཞན་མཐོང་ན་ཡང་དེ་དག་ཀྱང་ཡིན་ཏེ། ཁྱད་པར་གཞན་མཐོང་ནས་ཡང་སྒྲ་དེ་དོན་གཞན་དུ་སྦྱོར་བར་བྱེད་པ་ནི་ཕྱིན་ཅི་
ལོག་ཡིན་ཏེ། སྒྲའི་དོན་སྔ་མ་ལས་བཟློག་པར་འགྱུར་རོ། །དེའི་ཕྱིར་སྒྲའི་དོན་ལ་དེ་ལྟར་ཐེ་ཚོམ་ཟ་བ་ཉིད་སྲིད་དོ། །དེ་ལྟར་དོན་དུ་མ་ལ་ཡང་ཇི་ལྟར་འཇུག་ཅེ་ན། བརྡའི་དུས་ན་ཇི་ལྟར་མཐོང་བའི་དོན་ནི་རྟོགས་ལ་མཐོང་བ་གཞན་དུ་གྱུར་པ་ནི་སྒྲ་དེ་ཉིད་དོན་གཞན་ལ་བརྡར་བྱས་པའོ། །དེ་ལྟར་ན་
དོན་གཞན་དེ་ཡང་འཛིན་པར་འགྱུར་བའི་ཕྱིར་སྒྲ་དོན་དུ་མ་དང་ལྡན་པའོ། །དེ་ཉིད་དཔེར་བརྗོད་པ་ནི་ཇི་ལྟར་ཀ་ལི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བརྡའི་དབང་གིས་འཇུག་པ་དེའི་ཕྱིར་བརྡའི་འབྲེལ་པ་མཐོང་བ་དང་མ་མཐོང་བ་ཉིད་ལ་ལྟོས་ནས་སོ། །དོན་གགས་མི་བྱེད་པའི་ཕྱིར་དོན་ནི་ཁོ་བོ་སྒྲ་
འདིས་བརྗོད་པར་མི་བྱའོ་ཞེས་མི་སྤོང་བས་སོ། །འཁྲུགས་པར་འགྱུར་རོ་ཞེས་བྱ་བ་ནི་དོན་སྣ་ཚོགས་འགྱུར་བའོ། །དཔྱོད་པ་པ་འདི་དག་ནི་སྐྱེས་བུ་ཐམས་ཅད་འདོད་ཆགས་ལ་སོགས་པ་དང་ལྡན་པར་འདོད་པས་ཐམས་ཅད་མཁྱེན་པ་མེད་པར་རིག་བྱེད་ཀྱི་དོན་ཕྱིན་ཅི་མ་ལོག་པར་བདག་ཉིད་
ཀྱིས་ཀྱང་མ་རྟོགས་ལ། གཞན་གྱིས་ལུང་ཕོག་སྟེ་བཤད་པས་ཀྱང་མི་རྟོགས་ཏེ་དེ་ཡང་འདོད་ཆགས་ལ་སོགས་པ་དང་ལྡན་པའི་ཕྱིར་རོ། །རིག་བྱེད་ཉིད་ཀྱང་བྲམ་ཟེའི་དོན་ནི་འདིར་ཡིན་ཏེ་འདི་མ་ཡིན་ནོ་ཞེས་ཟེར་བས་དེ་ཉིད་ཀྱིས་ཀྱང་མི་རྟོགས་སོ། །དེ་ལྟར་ན་བརྡའི་དབང་གིས་དོན་སྣ་ཚོགས་

ལ་དེ་ལ་འགོག་པ་མེད་པའི་ཕྱིར། མཐོ་རིས་འདོད་པས་མེ་ལ་སྦྱིན་སྲེག་སྦྱིན་ཞེས་བྱ་བ་རིག་བྱེད་ཀྱི་ཚོགས་འདི་སྒྲའི་ནུས་པ་ནི་འདི་ལྟ་བུ་སྟེ། མེ་ནི་ཨག་ནི་སྟེ་སྐད་ཀྱི་དབྱིངས་ལས་ཨ་གེ་ག་སྟེ་ཞེས་བྱ་བ་ལ་སོགས་པ་འགྲོ་བའི་དོན་ཏོ། །དེ་ལྟར་ན་ཁྱི་ཡང་འགྲོ་བའི་ཕྱིར་འགྲོ་བའི་སྒྲས་བསྟན་ཏོ། །སྦྱིན་
སྲེག་ནི་ཧོ་ཏྲ་སྟེ། སྐད་ཀྱི་དབྱིངས་ལས་ཧོ་ནི་ད་ན་ཨ་ད་ན་ཞེས་འདྲེན་པ་ན་ཨ་ད་ནའི་བཟའ་བ་སྟེ། ཤ་ཡང་བཟའ་བ་ཡིན་པའི་ཕྱིར། ཨ་ད་ནི་སྒྲས་བསྟན་ཏོ། །སྦྱིན་ནི་ཛོ་ཧ་ཡཱད་དེ་འདིར་ཧོའི་སྒྲ་སྔ་མ་དང་འདྲ་བས་བཟའོ་ཞེས་བྱ་བར་འདྲེན་པས་ན་ཁྱི་ཤ་ཟ་ཞེས་བྱ་བར་འགྱུར་རོ། །གལ་ཏེ་འཇིག་རྟེན་
ལ་གྲགས་པ་སྟེ་སྒྲའི་ནུས་པ་ཇི་ལྟ་བ་བཞིན་ནི་མ་ཡིན་ནོ། །སྒྲའི་དོན་ཁྱི་ཤ་བཟའ་ཞེས་བྱ་བ་ཡང་ཡིན་པས་དོན་དུ་མ་ཡིན་པ་ལས་ཅིག་ཤོས་བོར་ཏེ་གྲགས་པ་ཁོ་ན་བཏུས་པ་དེ་ཇི་ལྟ་བུ་གྲགས་པའི་དོན་ཡིན་གྱི་ཅིག་ཤོས་ནི་མ་ཡིན་ནོ་ཞེས་བྱ་བའི་ཁྱད་པར་ནི་མི་སྣང་སྟེ། དབང་པོས་མི་གསོད་དོ། །
འོན་ཀྱང་གྲགས་པ་ཁོ་ན་འདིའི་དོན་ཡིན་ནོ་ཞེས་བྱ་བ་དེ་ཤེས་པ་དབང་པོ་ལས་འདས་པའི་དོན་མཐོང་བའི་ཐམས་ཅད་མཁྱེན་པའི་སྐྱེས་བུ་འགའ་ཡོད་དམ་ཞེས་བྱ་བའི་དོན་ཏོ། །གཞན་ཡང་སྒྲའི་ནུས་པ་སྣ་ཚོགས་པ་ལས་གྲགས་པ་འདི་ཁོ་ནའོ་ཞེས་མངོན་སུམ་གྱིས་ནི་མི་འགྲུབ་པོ། །དེའི་ཕྱིར་
སྒྲ་དང་མངོན་སུམ་གཉིས་ཚད་མར་འདོད་པའི་ཕྱོགས་བསལ་ལོ། །རིག་བྱེད་གཅིག་ཚད་མར་འདོད་པ་ནི་ཤིན་ཏུ་ཡང་བསལ་ལོ། །གལ་ཏེ་གཞོན་ནུ་མ་ལེན་ལ་སོགས་པ་སྒྲ་དང་མངོན་སུམ་དང་རྗེས་སུ་དཔག་པ་གསུམ་དུ་སྨྲ་བ་ཡང་བསལ་ཏེ། རིག་བྱེད་ནི་ཤིན་ཏུ་ལྐོག་ཏུ་གྱུར་པའི་དོན་
ལ་དགོངས་པ་ཡིན་ལ། མེའི་སྦྱིན་སྲེག་བྱའོ་ཞེས་བྱ་བའི་དོན་འཇིག་རྟེན་གྱི་གྲགས་པ་ཁོ་ན་ཡིན་ནོ་ཞེས་བྱ་བའི་རྟགས་ཀྱང་ཡོད་པ་མ་ཡིན་པས་དབང་པོ་ལས་འདས་པའི་དོན་ཡིན་ནོ། །གལ་ཏེ་དེ་ལྟར་སྒྲའི་དོན་མ་གྲགས་པར་སྨྲ་བ་མེད་དོ་ཞེ་ན། གཞོན་ནུ་མ་ལེན་གྱིས་མཐོ་རིས་ཀྱི་སྒྲ་
ནི་འདོད་པའི་དགའ་བ་ཡིན་པར་བཤད་དེ་ལྷའི་དོན་དུ་གྲགས་པ་བོར་རོ། །ཨུ་པ་སིའི་སྒྲའི་བླུགས་གཟར་རམ་སྲུབ་ཤིང་དུ་བཤད་དེ། བརྒྱ་བྱིན་གྱིས་ཆུང་མ་གྲགས་པ་བོར་རོ། །མེ་ལ་སྦྱིན་སྲེག་སྦྱིན་ཞེས་བྱ་བའི་སྒྲ་གཞན་ཡང་དེ་བཞིན་དུའོ། །གྲགས་པ་ཁོ་ན་འདིའི་དོན་ཡིན་

ནོ་ཞེས་སྒྲུབ་པར་ཡང་ནུས་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རང་ལས་མ་གྲུབ་ནུས་མ་ཡིན། །དེས་དཔྱོད་པ་པ་ཁྱོད་རང་ལ་གྲགས་པ་ཁོ་ནའི་དོན་ཡིན་པར་མ་གྲུབ་སྟེ། མཐོ་རིས་ལ་སོགས་པ་ཁྱེད་མ་གྲགས་པའི་སྒྲ་སྦྱོར་བའི་ཕྱིར་རོ། །ལ་ལ་ནི་སྒྲ་དོན་རབ་
ཏུ་མ་གྲུབ་ཕྱིར་ཞེས་འདོན་ཏེ། དེས་ནི་སྒྲ་དང་དོན་དངོས་པོར་གྱུར་པའི་འབྲེལ་པ་རབ་ཏུ་མ་གྲུབ་པའི་ཕྱིར་ཞེས་བྱ་བར་རྟོགས་པར་བྱའོ། །བརྒལ་ཞིང་བརྟག་པ་མཚུངས་པ་ནི་སྔ་མ་ལྟར་ན་ནི་ཁྱོད་གཞན་ཡང་མ་གྲགས་པའི་དོན་སྦྱོར་རོ་ཞེས་སོ། །ཕྱི་མ་ལྟར་ན་ནི་རིག་བྱེད་རྟག་པ་ཉིད་ཀྱི་ཕྱིར་
དེའི་བདག་ཉིད་ནི་དངོས་པོར་མི་བྱེད་ལ། དེ་ལས་ཐ་དད་ནི་དེ་དང་འབྲེལ་པ་མེད་དོ་ཞེས་སྔར་བཤད་པ་ལྟ་བུའོ། །མིའི་བརྗོད་པ་ཞེས་བྱ་བ་ནི་སྐྱེས་བུ་སྟེ། དེ་ཡང་འདོད་ཆགས་ལ་སོགས་པ་དང་ལྡན་པའིའོ། །དེ་ཡང་ནི་འདོད་ཆགས་པ་དང་ལྡན་པའི་བརྗོད་པའོ། །དེ་དག་ལས་ནི་ཚད་
མ་མ་ཡིན་པའོ་གྲགས་པ་དེས་ནི་རིག་བྱེད་ཀྱི་དོན་ཡང་རྟོགས་པར་འདོད་དོ། །མིའི་གྲགས་པ་དེ་ཉིད་ལས་གཅིག་པར་ཚད་མ་མ་ཡིན་པར་སྡང་བ་དང་། རིག་བྱེད་ཀྱི་དོན་རྟོགས་པའི་ཕྱིར་ཚད་མར་སྨྲ་བར་འདོད་པ་ཅན་ནམ་ཅི་སྟེ་རང་གི་ཚིག་དང་འགལ་བའོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་གྲགས་
པ་མི་འདོད་ཅེ་ན། གལ་ཏེ་གྲགས་པ་བཏང་ན་ནི་རིག་བྱེད་ཀྱི་དོན་བརྟག་པའི་རྒྱུ་མཚན་ཏེ་ཐབས་མེད་པར་འགྱུར་ལ། གལ་ཏེ་གྲགས་པ་བཟུང་ན་ཡང་། གྲགས་པའང་སྐྱེས་བུའི་ཡིན་པས་ཚད་མ་མ་ཡིན་ཕྱིར། ཅིའི་རྒྱུས་ནི་གྲགས་པ་དེ་འཛིན་བྱེད། །གཞན་ཡང་གྲགས་པ་བཟུང་ན་སྒྲ་
དོན་ངེས་པར་བྱ་བ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱེས་བུའི་ཐམས་ཅད་མཁྱེན་པ་ཉིད་སྤངས་ན་ཤིན་ཏུ་ལྐོག་ཏུ་གྱུར་པ་ན་དོན་དངོས་སུ་མཐོང་བའི་གྲགས་པར་བརྡ་བྱེད་པ་མེད་པའི་ཕྱིར་ཡིད་གཉིས་ཁོ་ནར་འགྱུར་རོ་ཞེས་བྱ་བར་སྟོན་ཏེ། གལ་ཏེ་གྲགས་པ་གང་ལ་རིགས་པའི་གནོད་པ་མེད་
པ་དེའི་དོན་གཟུང་ངོ་ཞེ་ན། རིགས་པའི་རྩོད་པ་མེད་པ་ནི་ཞེས་བྱ་བ་སྨོས་ཏེ། སྐྱེས་བུ་གཡོན་ཅན་དག་བསླུ་བའི་ཐབས་བརྡ་དཀའ་བ་སྨྲ་བ་སྟེ། སྐྱོན་མེད་པའི་བྲམ་ཟེ་མོ་ལ་འདི་ལྟར་ལྐོག་ཏུ་སུས་ཀྱང་མ་མཐོང་བ་ན་ཉེས་པ་མེད་ཅེས་སྨྲ་བ་སྟེ། དེ་ལ་རིགས་པ་གང་ཡང་གནོད་པ་མི་བྱེད་དེ། ལྐོག་ཏུ་

མངོན་སུམ་མི་འཇུག་པའི་ཕྱིར་དང་རྟགས་ཀྱང་མེད་པའི་ཕྱིར་རོ། །ལུང་དེའི་དོན་ནི་ཤིན་ཏུ་བསྐལ་པ་ཡིན་ཏེ་མངོན་སུམ་པ་དང་ལྐོག་ཏུ་གྱུར་པ་དག་ནི་ལུང་གཅིག་པུའི་དོན་མ་ཡིན་པའི་ཕྱིར་རོ། །ཐམས་ཅད་མཁྱེན་པའི་སྐྱེས་བུ་ཉིད་མེད་ན་ལུང་གི་དོན་སྤྱད་པ་འདིས་རིགས་པ་སྲིད་པ་མ་ཡིན་ནོ། །
གལ་ཏེ་རིག་བྱེད་ཀྱི་དུམ་བུ་ཕྱོགས་གཞན་གྱིས་གསལ་བར་བྱེད་དོ་ཞེ་ན། དེ་ཡང་སྒྲ་ཉིད་ཡིན་པའི་ཕྱིར་སྔ་མ་ལྟར་ཐེ་ཚོམ་ཉིད་བྱེད་དོ། །དེ་ལྟ་བས་ན་མཇུག་བསྡུ་བའི་ཕྱིར། སྒྲ་བདག་ནུས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེའི་ཕྱིར་དོན་སྟོན་པའི་སྒྲ་ནི་སྐྱེས་བུ་ལ་བརྟེན་པ་ཉིད་ཀྱི་ཕྱིར།
གལ་ཏེ་ཁོ་བོས་ཅི་ཞིག་ཤེས་རིག་བྱེད་ལས་དེ་སྐད་བསྟན་ཏོ་ཞེས་སྨྲས་ཀྱང་རྒྱལ་དཔོག་པ་བདག་ཉིད་ཀྱིས་མེ་ལ་སྦྱིན་སྲེག་བྱ་བའི་དོན་གྲགས་པ་ཁོ་ན་ཡིན་པར་སྨྲ་བས་བསྟན་པ་ཡིན་ལ་རིག་བྱེད་ཉིད་ནི་མ་ཡིན་ཏེ། དཔེར་ན་སྐྱེས་བུ་འགའ་ལ་ལམ་དྲིས་པ་ན། འདི་སྐད་ཅེས་སྡོང་དུམ་འདི་ན་རེ་
ལམ་འདི་ཡིན་ནོ་ཞེས་ཟེར་ཞེས་སྨྲ་བ་དང་། གཉིས་པ་ཁོ་བོས་རང་ལམ་འདི་ཡིན་ནོ་ཞེས་སྨྲའོ་ཞེས་ཟེར་བ་དག་གི་ཁྱད་པར་རྟོགས་ཏེ། དེ་དག་རང་ཉིད་ལས་སྟོན་པར་ཁྱད་པར་མེད་ཀྱི། ཅིག་ཤོས་སྡོང་དུམ་སྟོན་པ་ནི་མི་རིགས་པར་བརྗོད་པར་ཟད་དོ། །གལ་ཏེ་བརྡ་ལ་ལྟོས་པ་མེད་ན་དོན་
ཀུན་ཏུ་ནི་རིགས་པ་ལས་སོ། །མེ་སྦྱིན་སྲེག་ལ་སོགས་པའི་དོན། །གཅིག་པུ་ངེས་པ་འདི་ག་ལས། །དེ་ལྟ་བས་ན་བརྗོད་པར་འདོད་པའི་ཚིག་ལས་གཞན་གང་གིས་དབང་པོ་ལས་འདས་ཤེས་ཞེས་བྱ་བ་སྨོས་སོ། །གལ་ཏེ་བརྡའི་ཕྱོགས་ལ་ཇི་ལྟར་དོན་ངེས་ཤེ་ན་སྐྱེས་བུས་སྒྲ་འདིས་འདི་
བརྗོད་པར་བྱའོ་ཞེས་འདོད་པའི་དོན་ངེས་པར་བྱེད་པའི་རྒྱུའོ། །བརྡ་ཡིས་ནི་ངེས་པ་དེ་གསལ་བར་བྱེད་དེ་ཐ་སྙད་ཀྱི་དུས་སུ་གོ་བར་བྱེད་པའོ། །གལ་ཏེ་རང་བཞིན་གྱིས་སྒྲའི་དོན་ངེས་པར་སྟོན་ཏོ་ཞེ་ན། གཞན་དུ་ཞེས་བྱ་བ་འཕགས་པའི་ཡུལ་དང་འགྲོ་ལྡིང་བ་དག་ཙོ་ར་ཞེས་བྱ་བའི་སྒྲ་གཅིག་ཉིད་ཆོམ་
རྐུན་དང་བཟའ་བ་ལྟ་བུར་སྦྱོར་བ་དེ་ཡང་མེད་པར་འགྱུར་རོ། །གལ་ཏེ་བརྡ་ཡིས་རང་བཞིན་གྱིས་འབྲེལ་པ་དེ་གསལ་བར་བྱེད་དོ་ཞེ་ན། ཡང་བརྡ་ནི་སྣ་ཚོགས་སུ་འཇུག་པའི་ཕྱིར་དོན་གཅིག་ཏུ་ངེས་པ་ག་ལས་ཏེ་མེའི་སྦྱིན་སྲེག་ལྟ་བུའོ། །གལ་ཏེ་བརྡ་ཇི་ལྟ་བ་བཞིན་ངེས་པ་ཡང་དེ་ལྟའོ་ཞེ་ན། གང་ལ་

རང་དགས་ཏེ་བརྡ་གང་ལ་སྐྱེས་བུའི་འདོད་པས་འཇུག་པ་དེ་ལ་དེའི་རྗེས་སུ་འཇུག་པའི་ངེས་པ་ལ་ཡང་ངེས་པ་ཞེས་བྱ་བ་ཅི་ཞིག་ཡོད། དེ་ལྟ་བས་ན། བརྡ་ཡིས་གསལ་བར་བྱེད་ན་ནི། །ཁྱི་ཤ་བཟའ་ཞེས་བྱ་བ་ལྟར། །མི་འདོད་པ་ཉིད་ཀྱང་གསལ་བར་བྱེད་པར་འགྱུར་རོ། །
ཡང་ཁ་ཅིག་ལུང་གི་ཚིག་གི་ཕྱོགས་གཅིག་ངེས་པར་མི་སླུ་བར་གྲུབ་པས་ཚིག་དེའི་ལྷག་མ་རྣམས་ཀྱང་དེའི་ཕྱོགས་གཅིག་ཡིན་པའི་ཕྱིར། ངེས་པར་མི་སླུ་བའི་ལུང་གི་མཚན་ཉིད་དུ་སྨྲའོ། །དེ་ནི་རིགས་ཏེ་ཞེས་བྱ་བ་ནི་སྒྲའི་དོན་ཙམ་ནི་ཡོད་པ་ཁོ་ནའོ་ཞེས་བྱ་བར་སྟོན་ཏེ། འདོད་པས་སྒྲ་
སྦྱོར་བར་ནུས་པའི་ཕྱིར་འཇིག་རྟེན་པ་དག་ཕྱིའི་དོན་དང་མི་མཐུན་པར་ཐ་སྙད་བྱེད་པ་ཡང་མཐོང་བའི་ཕྱིར་ལུང་གི་མཚན་ཉིད་ལ་ཐེ་ཚོམ་ཟ་བ་ཉིད་དོ། །མངོན་སུམ་ལོག་པ་ནི་ཞེས་བྱ་བ་ནི་བལྟར་རུང་བ་མ་དམིགས་པའོ། །ཐམས་ཅད་ཉིད་ཅེས་བྱ་བ་ནི་དངོས་པོའོ། །ཐམས་ཅད་དུ་ཞེས་བྱ་
བ་ནི་ཡུལ་དང་དུས་སོ། །གལ་ཏེ་མ་མཐོང་བ་ཙམ་གྱིས་མི་དམིགས་པས་ཅུང་ཟད་དགག་པ་མི་འགྲུབ་བམ་ཞེ་ན། འཇུག་པའི་སྔོན་དུ་བློ་འགྲོའི་ཕྱིར། །ཞེས་བྱ་བ་སྨོས་ཏེ། ཡོད་པའི་ཐ་སྙད་འཇུག་པའི་སྔོན་དུ་དེ་དམིགས་པ་འགྲོ་བའི་ཕྱིར་དམིགས་པ་མེད་པ་ཙམ་དེ་ནི་རྒྱུ་མེད་པ་ཉིད་
ཀྱི་ཕྱིར་ཡོད་པའི་ཐ་སྙད་མི་འཇུག་པ་སྟེ། འགོག་པའི་འབྲས་བུ་ཅན་ནོ། །གཞན་ནི་སྣང་བ་མི་དམིགས་པའོ། །དེ་ནི་མེད་པའི་ཐ་སྙད་འཇུག་པའོ། །ཡོད་ན་མཐོང་བར་རིགས་པ་མི་དམིགས་པ་ནི་མེད་པའི་ཐ་སྙད་ཀྱི་རྒྱུ་མཚན་ཏེ་དེ་མཐོང་བའི་ཕྱིར་རོ། །རང་གི་རྒྱུ་ཡོད་པས་ཞེས་བྱ་བར་སྦྱར་
ཏེ། རང་ནི་མེད་པའི་ཐ་སྙད་དོ། །དེའི་རྒྱུ་ནི་སྣང་བ་མི་དམིགས་པའོ། །དེ་ཡོད་པ་ཡང་ཡོད་པའི་ཐ་སྙད་འགོག་པར་བྱེད་དོ། །བཟློག་པའི་རྒྱུ་མེད་པ་ཞེས་སྦྱར་ཏེ་བཟློག་པ་ནི་ཡོད་པའི་ཐ་སྙད་དོ། །དེ་ནི་རྒྱུ་ནི་དམིགས་པའོ། །དེ་མེད་པ་ནི་མི་དམིགས་པ་ཙམ་མོ། །དེ་ཡང་ཡོད་
པའི་ཐ་སྙད་འགོག་པས་སོ། །མེད་པའི་ཐ་སྙད་སྒྲུབ་པས་ནི་མི་སྣང་བ་མི་དམིགས་པ་ལ་ཐེ་ཚོམ་ཟ་ལ། གཞན་སྣང་བ་མི་དམིགས་པ་ལ་ནི་ཐེ་ཚོམ་ལས་བཟློག་པའི་ཕྱིར། འདི་གཉིས་འབྲས་བུ་མི་འདྲ་བའོ། །དང་པོ་ཉིད་ནི་སྣང་བ་མི་དམིགས་པའོ། །དེ་ལྡོག་པ་མཐོང་བ་

འདིར་རོ། །དེའི་བདག་ཉིད་ནི་གཏན་ཚིགས་དེའི་བདག་ཉིད་དེ་བསྒྲུབ་པར་བྱ་བའི་ཆོས་སོ། །དེ་ཙམ་སྟེ་རྟགས་ཡོད་པ་ཙམ་དང་ངོ་། །རྗེས་སུ་འབྲེལ་པ་ནི་རྟགས་ཡོད་པ་ཙམ་གྱིས་བསྒྲུབ་པར་བྱ་བ་ཡོད་པ་ཙམ་སྟེ། དེ་ལས་གཞན་ལ་མི་ལྟོས་པའི་རང་བཞིན་ནོ། །གལ་ཏེ་བྱེ་བྲག་
ལ་མི་ལྟོས་པ་དཔེར་ན་མི་རྟག་པ་ཉིད་དེ། ཡོད་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ་ཞེས་བྱ་བ་ལ། ཡོད་པ་ཞེས་བྱ་བ་ཡང་རྒྱུ་མེད་པ་ཅན་མ་ཡིན་པའི་ཕྱིར་རྒྱུའི་དོན་འཕེལ་མོད་ཀྱི། དེ་ནི་དོན་གྱིས་འཕངས་ཀྱི་སྒྲ་ཡིས་མ་བརྗོད་པའི་ཕྱིར་བྱེ་བྲག་ལ་མི་ལྟོས་པ་ཞེས་བརྗོད་དོ། །རང་བཞིན་གྱི་
གཏན་ཚིགས་ཀྱི་དབྱེ་བ་གཞན་ནི་བརྩལ་མ་ཐག་ཏུ་བྱུང་བ་ལ་སོགས་པའོ། །ཚད་མ་དག་གིས་རང་གིས་བསྒྲུབ་པར་བྱ་བའི་ཆོས་ཞེས་བྱ་བ་ནི་མཐུན་པའི་ཕྱོགས་ལ་གནོད་པ་ཅན་འཇུག་པའམ། མངོན་སུམ་དང་མི་དམིགས་པ་དག་གོ། །ཁྱབ་པ་དང་ཆོས་ཅན་ལ་བརྟེན་པ་དག་ཚད་
མས་མ་ངེས་པའི་རང་བཞིན་ཅན་གྱི་རྟགས་དེས་བསྒྲུབ་པར་བྱ་བ་གོ་བར་བྱེད་པ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་རྟགས་ཀྱི་དོན་རང་ཉིད་ཀྱིས་གོ་བར་བྱེད་པ་ཉིད་མ་ཡིན་ནམ་ཚད་མས་ངེས་པ་ཅི་དགོས་ཤེ་ན། གསལ་བར་བྱེད་པ་ཡིན་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། གསལ་བ་དེའི་
མཚན་ཉིད་ཚད་མས་མ་མཐོང་བར་ནི་མར་མེ་རང་གི་དོན་བུམ་པ་གསལ་བར་རྟོགས་པར་བྱེད་པ་མེད་དོ། །དེ་བཞིན་དུ་རྟགས་ཀྱང་རང་ཉིད་གོ་བར་ནུས་པ་ཡིན་མོད་ཀྱི། འབྲེལ་པ་དང་ཕྱོགས་ཀྱི་ཆོས་ཚད་མས་མ་ངེས་པ་ནི་རྟགས་ཅན་གོ་བར་མི་བྱེད་དོ། །ཚད་མས་འབྲེལ་པ་ངེས་
པ་དེའི་ཕྱིར། ངེས་པའི་ཁྱབ་བྱ་གོ་བྱེད་དེ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཕྱོགས་ངེས་པར་བསྟན་པ་མ་ཡིན་ཏེ། མི་བསྟན་པ་ཁོ་ན་སྟེ། རྟགས་ཀྱི་འབྲེལ་པ་མ་རྟོགས་པའི་དུས་སུ་ནི། ཕྱོགས་བསྟན་པས་གོ་བར་མི་ནུས་ལ། ཕྱོགས་ཀྱི་ཆོས་ཉིད་དང་ཁྱབ་པ་
ངེས་པས་ནི་ཕྱོགས་རྟོགས་ཟིན་པའི་ཕྱིར་ཡང་ཕྱོགས་བསྟན་པ་དགོས་པ་མེད་པའི་ཕྱིར་རོ། །དེའི་བདག་ཉིད་ཀྱིས་འབྲེལ་པར་ཚད་མས་མ་ངེས་ན་ནི། བསྒྲུབ་པར་བྱ་བ་དེ་ལོག་པས་རྟགས་དེའི་ལྡོག་པ་ཡང་ངེས་པ་མེད་དོ། །དེའི་ཕྱིར་ཚད་མས་འབྲེལ་པ་ཞེས་བྱ་བར་ངེས་པར་

རབ་ཏུ་བསྒྲུབས་ནས་ལྡོག་པ་ངེས་པར་བརྗོད་པར་བྱའོ། །མ་མཐོང་བ་ཙམ་གྱིས་ནི་མ་ཡིན་ཏེ། དེ་ཙམ་དང་ལྡན་པ་ལ་ཡང་གོ་བར་བྱེད་པ་མ་ཡིན་པ་གཟུགས་ཁྱད་པར་མེད་པ་ཞེས་བྱ་བ་མཐོང་བའི་ཕྱིར་རོ། །རང་བཞིན་དང་ནི་རྗེས་འབྲེལ་ཉིད། །ཅེས་
བྱ་བ་ནི། རང་གི་རྒྱུ་ལས་དེ་ལྟར་སྐྱེས་པའམ། ཡང་ན་རང་གི་ངོ་བོ་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལྟར་ལྟོས་པའི་ཆོས་རྣམས་ནི། །ཞེས་བྱ་བ་ལ་སོགས་པས་ནི་གང་ཞིག་འབྱུང་བ་རྒྱུ་གཞན་ལ་ལྟོས་པ་དེ་ནི་ངེས་པ་མེད་པ་སྟེ། དཔེར་ན་གོས་གྲུབ་པ་ལ་དམར་པོ་
ཉིད་བཞིན་ནོ། །ཆོས་འབྱུང་བ་རྣམས་ཀྱང་འཇིག་པ་རྒྱུ་གཞན་ལ་ལྟོས་པའི་ཕྱིར་རོ་ཞེས་བྱ་བ་སྦྱོར་བ་འཕེན་པར་བྱེད་དོ། །དངོས་པོ་འཇིག་པ་རང་གི་རྒྱུ་ལས་གཞན་ལ་ལྟོས་པ་མེད་པ་ངེས་པར་འཇིག་པར་འགྱུར་གྱི། བུམ་པ་ལ་སོགས་པ་འཇིག་པའི་རྒྱུ་གཞན་ལ་ལྟོས་པ་དང་
བཅས་པ་ཉིད་ཡིན་ན་ནི། བུམ་པ་ལ་སོགས་པ་དེ་དག་གལ་ཏེ་འཇིག་པའི་རྒྱུ་དང་མ་ཕྲད་ན་རྟག་པར་འགྱུར་རོ། །གལ་ཏེ་ཐོ་བ་དང་ཆར་དག་ལ་སོགས་པ་འཇིག་པའི་རྒྱུ་མང་པོ་དག་ཡོད་པས་གང་ཡང་རུང་བས་ངེས་པར་འཇིག་གོ་ཞེ་ན། གལ་ཏེ་ཞེས་བྱ་བ་སྨོས་ཏེ། འཇིག་
པའི་རྒྱུ་མང་པོ་དེ་དག་ཀྱང་འཇིག་པར་བྱེད་པ་ལ་རང་རང་གི་རྐྱེན་ཉེ་བ་ལ་ལྟོས་པ་ཡིན་པའི་ཕྱིར། རྒྱུ་གཞན་ལ་ལྟོས་པའི་ཕྱིར། འཇིག་པར་བྱེད་པར་ངེས་པ་མེད་དེ་གོས་ལ་ཚོན་བཞིན་ནོ། །འཇིག་པ་རྒྱུས་གནས་པ་ཞེས་བྱ་བ་ནི་རྒྱུ་གཞན་ལ་ལྟོས་པའོ། །དེ་འབྲས་བུར་བརྗོད་པ་ནི་
འཇིག་པ་ཉིད་དོ། །མ་ངེས་པ་ནི་རྒྱུ་གཞན་ལ་ལྟོས་པའི་ཕྱིར་རོ། །ཡང་རྒྱུས་གནས་པ་ནི་གཏན་ཚིགས་ཀྱིས་གཞག་པའོ། །རྟགས་ཀྱང་གང་ཞེ་ན། འབྲས་བུར་བརྗོད་པ་སྟེ་བྱས་པའི་ཕྱིར་རོ་ཞེས་བྱ་བའོ། །རྟགས་དེ་ནི་མ་ངེས་པ་སྟེ། འཇིག་པ་རྒྱུ་གཞན་ལ་ལྟོས་པའི་ཕྱིར་
རོ། །དེ་ལྟ་བས་ན་འཇིག་པ་རྒྱུ་དང་བཅས་སྨྲ་བའི། །རྒྱུ་དང་རྟགས་དང་དེ་དག་ངེས་པ་མ་ཡིན་ཉིད། །དངོས་པོ་འདི་རང་ཡོད་པ་ཙམ་ལས་གཞན་པའི་རྒྱུ་ལ་འཇིག་པ་མི་ལྟོས་ན་དངོས་པོ་དེ་ལ་འཇིག་པ་དེ་འབྱུང་བར་ངེས་ཏེ། རང་ཡོད་པ་ཙམ་གྱི་རྒྱུས་འཇིག་པ་དེའི་རྒྱུ་ཚང་བའི་

ཕྱིར་རོ། །དེའི་ཕྱིར། གང་ཞིག་དེ་ཡོད་གཞན་ལྟོས་མེད། །དེ་དག་དེ་ཡོད་ལ་ངེས་ཡིན། །ཞེས་གསུངས་སོ། །དངོས་པོ་ནུས་པ་ལ་སོགས་པ་ནི་ས་བོན་ལ་སོགས་པ་རྫས་ཚོགས་པ་རྣམས་རྒྱུ་གཞན་དུ་གྱུར་པ་ལ་ལྟོས་པ་དེ་བཞིན་དུ་གང་ལ་ཡང་འཇིག་པ་ལྟོས་པ་
མེད་དོ། །དེ་ལ་ཡང་ཞེས་བྱ་བ་ནི་ས་བོན་ལ་སོགས་པའི་ཚོགས་པའོ། །མཐའི་ཚོགས་པ་ནི་མ་ཚང་བ་ཡང་མེད་པ་ལ་བར་ཆད་ཀྱང་བྱར་མེད་དེ་རང་སྐྱེད་པར་གྲུབ་ཟིན་པའི་ཕྱིར་བར་ཆད་བྱ་བར་མི་ནུས་སོ། །དེ་ཡང་མཐའི་ཚོགས་པ་ནི་ངེས་པར་འབྲས་བུ་དང་བཅས་པའོ་ཞེས་མི་དམིགས་
པའི་སྦྱོར་བའི་སྐབས་སུ་སྨྲས་པ་དང་འདྲ་བ་ཉིད་དོ། །གལ་ཏེ་ལྟོས་པ་མེད་པ་ཞེས་བྱ་བ་ནི་མཐའི་ཚོགས་པའོ། །དེ་ནི་ངེས་པར་འབྲས་བུ་སྐྱེད་པར་སྨྲས་པའི་ཕྱིར། ནས་ཀྱི་ས་བོན་ཚོགས་པ་མཐར་ཐུག་པ་ཡང་སཱ་ལུའི་མྱུ་གུ་སྐྱེད་པ་མ་ཡིན་ནམ་སྟེ་སཱ་ལུའི་མྱུ་གུའི་རྐྱེན་ས་བོན་དང་ཆུ་ལ་སོགས་
པ་རྣམས་ནུས་པ་མཐར་ཐུག་པ་ཉེ་བའི་ཕྱིར་ལྟོས་པ་མེད་པ་དང་། གགས་ནུས་པ་མེད་པའི་ཕྱིར་ཞེ་ན། དེའི་རང་བཞིན་ཞེས་བྱ་བ་ནི་སཱ་ལུའི་མྱུ་གུ་སྐྱེད་པའི་རང་བཞིན་ཏེ། སཱ་ལུའི་ས་བོན་ནོ། །དེ་ལ་ལྟོས་ཏེ་སཱ་ལུའི་མྱུ་གུ་སྐྱེད་པ་ཡིན་ན་དེ་ནི་མ་ཚང་བ་དེའི་ཕྱིར་ལྟོས་པས་མི་ལྟོས་པ་ཉིད་མེད་དོ། །གལ་ཏེ་
ས་བོན་དང་ཆུ་ལ་སོགས་པའི་ཚོགས་པ་མཐར་ཐུག་པ་ཡིན་ན་ཡང་དེའི་རང་བཞིན་ལྟོས་པ་དེ་ལྟ་ནའོ། །དེ་ཉིད་ཀྱི་རང་བཞིན་ཞེས་བྱ་བ་ནི་མི་རྟག་པའོ། །དེ་བྱས་པ་དང་ཡོད་པ་ལ་ཡོད་པ་མ་ཡིན་ཏེ། བྱས་པ་དེ་དག་ཀྱང་འཇིག་པའི་ངང་ཅན་གྱི་རང་བཞིན་གཞན་ལ་ལྟོས་པའི་ཕྱིར་ལ། བྱས་
པ་དང་ཡོད་པ་དེ་ཡང་ཡོད་པའི་འཇིག་པའི་ངང་ཅན་མ་ཡིན་ནོ། །དེའི་ཕྱིར་བྱས་པ་ཉིད་ལྟོས་པ་དང་བཅས་པའི་ཕྱིར་མི་རྟག་པ་ངེས་པ་མ་ཡིན་ཞེ་ན། རྒྱུའི་ནུས་པ་ངེས་པ་ཅན་ཏེ་རྒྱུ་ནུས་པ་མི་འདྲ་བས་བསྐྱེད་པའོ། །དེ་ཡང་རང་གི་མཚན་ཉིད་ཡིན་ཏེ་རྒྱུའི་ནུས་པ་ཇི་ལྟ་བར་མ་འདྲེས་
པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །རང་བཞིན་གྱིས་ཐ་དད་པར་ངེས་པའི་དོན་གྱི་མཚན་ཉིད་ཐ་དད་པ་ཉིད་ནི་རྒྱུ་མེད་པ་ཅན་དུ་མི་རིགས་ཏེ། རྒྱུ་མེད་པ་ལ་ནི་གང་ལ་ཡང་ལྟོས་པ་མེད་པའི་ཕྱིར། རྒྱུའི་ཡུལ་དང་དུས་དང་རྫས་ངེས་པ་ལ་ལྟོས་པ་མི་རིགས་པའི་ཕྱིར་ལ། དངོས་པོ་

རྣམས་ནི་ལྟོས་པ་ཉིད་དུ་ཚད་མས་གྲུབ་པའི་ཕྱིར་རོ། །དེའི་ཕྱིར་ནས་དང་སཱ་ལུའི་ས་བོན་དག་གི་ནུས་པའི་མཚན་ཉིད་ཐ་དད་པ་དག་ནི་རང་གི་རྒྱུ་ནུས་པ་ཐ་དད་པ་དག་ལས་བྱུང་བ་ཡིན་ནོ། །དེ་བཞིན་འདིར་ཡང་ཞེས་བྱ་བ་ནི་བྱས་པ་དང་ཡོད་པ་འདི་ལ་ནི་ཡང་ངོ་། །
གང་གི་ཕྱིར་རྒྱུ་འདིས་ན་ནི་བྱས་པ་ལ་སོགས་པ་འཇིག་པའི་མཚན་ཉིད་ཅན་དུ་སྐྱེ་ལ་གཞན་ལས་ནི་རྟག་པར་རོ་ཞེས་ངེས་པའི་རྒྱུ་མཚན་ཏེ། རྒྱུའི་དབྱེ་བར་སྨྲ་བར་བྱོས་ཤིག་པའོ། །རང་དང་གཞན་གྱི་སྡེ་པ་དག་ན་རེ་སྐྱེ་བ་ཅན་དེ་སྐྱེས་པ་རྣམས་འཇིག་པ་ཡིན་གྱི། འདུས་མ་བྱས་རྣམས་
དང་། ས་དང་ཆུ་ལ་སོགས་པ་རྟག་པའི་རྫས་རྣམས་ནི་སྐྱེ་བ་མེད་པའི་ཕྱིར་འཇིག་པ་མ་ཡིན་ནོ་ཞེ་ན། སྐྱེ་བ་འཇིག་པའི་རང་བཞིན་གྱི་རྒྱུ་མ་ཡིན་ཞེས་བྱ་བ་སྨོས་ཏེ། སྐྱེ་བ་ཉིད་འཇིག་པའི་རང་བཞིན་ཡིན་པའི་ཕྱིར་རོ། །གལ་ཏེ་དེ་ཉིད་ཀྱི་ཕྱིར་སྐྱེ་བ་ཅན་འཇིག་མ་སྐྱེས་པ་ནི་མ་ཡིན་
ནོ་ཞེ་ན། འོ་ན་ནི་འཇིག་པའི་ཕྱིར་འཇིག་གོ་ཞེས་བྱ་བར་འགྱུར་ཏེ། རྟགས་མ་གྲུབ་པའམ་དོན་མེད་དོ། །གལ་ཏེ་རང་བཞིན་ཡིན་པའི་ཕྱིར་འཇིག་གོ་ཞེ་ན། རང་བཞིན་ངེས་པ་ཞེས་བྱ་བ་ཡང་དེ་ལྟར་ངེས་པ་སྐྱེད་པའི་རྒྱུ་ལས་ཡིན་གྱི་རྒྱུ་མེད་པར་ནི་མི་རུང་ངོ་། །དེ་ལྟ་བས་ན་སྐྱེ་བ་ནི་འཇིག་
པའི་རྒྱུ་མ་ཡིན་པའི་ཕྱིར་དེས་འབྲས་བུའི་རང་བཞིན་ངེས་པར་གཞག་པར་མི་ནུས་སོ། །ཚོགས་པ་མཐའ་དག་མ་མཐོང་བའི་ཕྱིར་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པ་མ་ཡིན་པ་དག་གིས་སོ། །མཐོང་ན་རྟགས་ནི་དོན་མེད་དོ་ཞེས་སྟོན་ཏོ། །གལ་ཏེ་དོན་བྱེད་པའི་ནུས་པས་སྟོང་པ་དངོས་
པོ་མེད་པ་ཡིན་པ་དེ་ལྟ་ན་གཟུགས་མེད་པར་ལྷག་མ་མེད་པར་འཇུག་པའི་མཐའི་སྐད་ཅིག་མ་དང་རང་གི་འབྲས་བུ་བསྐྱེད་པ་མེད་པས། དངོས་པོ་མེད་པར་ཐལ་བར་འགྱུར་རོ་ཞེ་ན། སེམས་ཅན་གྱི་གྲངས་ཉིད་དུ་སྐད་ཅིག་མ་གཞན་ཉེ་བར་མི་ལེན་བྱ་བ་ནི་སྲིད་པར་ཉིང་མཚམས་མི་སྦྱོར་བའི་
ཕྱིར་སྲིད་པ་ཐ་མ་ཞེས་བྱ་བ་སྟེ། བྱང་ཆུབ་ཆེན་པོར་སེམས་བསྐྱེད་པས་ཚུལ་གཞན་གྱིས་གནས་པར་འདོད་པའོ། །ཤེས་བྱ་མཐའ་དག་ལ་ཁྱབ་པའི་རྗེ་བཙུན་ཐམས་ཅད་མཁྱེན་པའོ། །དེའི་ཡེ་ཤེས་ལ་ནུས་པ་ཡོད་པ་སྟེ། དེའི་སྨོན་ནས་ཤེས་པའི་དམིགས་པ་ཡིན་པའི་ཕྱིར་རོ། །

ཁམས་གཞན་ཏེ་འདོད་པའམ་གཟུགས་ནའོ། །དེ་དག་ནི་ཕ་རོལ་གྱི་སེམས་ཤེས་པ་ཐམས་ཅད་མཁྱེན་པ་མ་ཡིན་པ་དག་གི་སེམས་ལ་ཡང་ངོ་། །གལ་ཏེ་ཐམས་ཅད་མཁྱེན་པས་གཟུགས་མེད་པའི་སྲིད་པའི་མཐའི་སེམས་ལ་ཆེད་དུ་མ་གཏང་ན་ནུས་པ་མེད་དོ་ཞེ་ན། གདུལ་བའི་རྒྱུད་དམ་དངོས་
པོའི་གནས་སྐབས་ཀྱི་ཆོས་གཅིག་མ་ཤེས་ན་ཡང་ངོ་། །གང་དག་བྱ་བ་བྱེད་པའི་ཕྱིར། །ཞེས་བྱ་བ་ནི་ཐ་མའི་སེམས་དེ་ཡང་སྲིད་པས་ཉིང་མཚམས་སྦྱོར་བའི་བྱ་བ་མི་བྱེད་ཀྱང་། སེམས་ཀྱི་རྒྱུན་གཞན་གྱིས་གནས་པའི་བྱ་བ་བྱེད་པ་སྟེ། བྱང་ཆུབ་ཆེན་པོར་སེམས་བསྐྱེད་པ་ལ་སོགས་པའོ། །
ཡང་ན་སྔར་བཤད་པ་དག་མི་བྱེད་ཀྱང་རྐྱེན་མ་ཚང་བས་ཡིན་གྱི་ནུས་པ་མེད་པས་ནི་མ་ཡིན་ཏེ་རྐྱེན་ཚང་ན་བྱེད་པ་ཉིད་དོ། །སྔོན་ནས་བྱེད་ན་སྔོན་སྡོད་པ་ནི་བྱེད་པ་པོ་མ་ཡིན་པའི་རང་བཞིན་ཡིན་པས་ཕྱིས་ཀྱང་བྱེད་པར་མི་འགྱུར་བའོ། །གལ་ཏེ་ལྟོས་པ་དང་བཅས་སོ་ཞེ་ན་བཤད་ཟིན་ཏེ། རིག་བྱེད་རྟག་
པ་ལྟོས་པས་རྟག་པའི་རང་གི་ངོ་བོ་ལ་ནི་ཕན་པར་ནུས་ལ། རང་ལས་གཞན་ན་ནི་དེ་ཅི་ཡིན་ཞེས་བྱ་བ་ལ་སོགས་པས་སོ། །དེའི་རང་བཞིན་གྱི་ཞེས་བྱ་བ་ནི་བྱེད་པའི་རང་བཞིན་ནོ། །དེའི་རང་བཞིན་རྟག་པ་དེ་ཡོད་བཞིན་དུ་འབྲས་བུའི་ཅིག་ཅར་བྱས་ནས་ཕྱིས་མི་བྱེད་པ་ནི་མི་རིགས་པའི་ཕྱིར་རོ། །
ཕྱིས་ཡང་བྱེད་པ་ན་ནི་ཅིག་ཅར་བྱེད་པར་མི་འགྱུར་རོ། །ཡང་ན་སྐྱེ་བ་ཅན་ནི་བྱས་པ་ཡིན་པས་བྱས་པ་ཐམས་ཅད་མི་རྟག་ཅེས་བྱ་བར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཙམ་ཞིག་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར། ཚོགས་པ་མཐའ་དག་མཐོང་བ་ལ་ལྟོས་སོ་ཞེས་བྱ་བའི་སྐྱོན་མེད་དེ། མཇུག་ཐོགས་སུ་
རིགས་པ་འབྱུང་བས་སོ། །ཕུང་པོ་ལ་སོགས་པའི་དེའི་མཚན་ཉིད་ལ་ནི་སྒྲུབ་པའི་ཚད་མ་མེད་པའི་ཕྱིར་རབ་ཏུ་མ་གྲུབ་ལ། དེ་ལྟ་བུ་ལ་ཡང་གང་བྱས་པ་དེ་ཞེས་རྗེས་སུ་འགྲོ་བ་བརྗོད་པར་མི་དམིགས་ཏེ་བྱས་པ་དག་འགལ་བའི་ཕྱིར་རོ། །བྱས་པ་ཞེས་བྱ་བ་ཡང་ཕུང་པོ་ལ་སོགས་པ་ཉིད་དོ།
ཆོས་མངོན་པ་ལས། འདུས་བྱས་ཀྱི་ཆོས་གང་དག་ཅེ་ན་ཞེས་གསུངས་ཏེ། བྱས་པའི་ཆོས་གང་དག་ཅེ་ན་ཞེས་བྱ་བ་ཡིན་ནོ། །ལྟོས་པ་དང་བཅས་པ་ནི་རང་གི་ཡུལ་དང་སྣང་བ་དང་ཡིད་ལ་བྱེད་པ་ལས་ལྟོས་ནས་རྣམ་པར་ཤེས་པ་བསྐྱེད་པའོ། །ཡུལ་ཡང་དེ་བཞིན་ནོ་ཞེས་བྱ་བ་ནི་རྣམ་པར་ཤེས་

པ་རྣམ་པར་ཆད་པ་ལ་སོགས་པས་སོ། །བདེ་བ་དང་ཞེས་བྱ་བ་ལ་སོགས་པ་ནི་ཚོར་བའི་ཕུང་པོའོ། །རྒྱུ་མཚན་ཉེ་བར་མཚོན་པ་ནི་འདུ་ཤེས་སོ། །འདོད་ཆགས་ལ་སོགས་པ་ནི་འདུ་བྱེད་དོ། །ཡུལ་ལ་ཉེ་བར་དམིགས་པ་ནི་རྣམ་པར་ཤེས་པའོ། །བསྒྲུབ་པ་ནི་སྐྱེ་བའོ། །
འགག་པ་ནི་འཇིག་པའོ། །སོ་སོར་རིག་པ་ནི་རང་རིག་པས་སོ། །རང་བཞིན་དེས་གོམས་པར་འགྱུར་བ་ནི་མི་རྟག་པའི་རང་བཞིན་གྱིས་སོ། །གལ་ཏེ་ཆོས་ཀྱི་ཁམས་དང་སྐྱེ་མཆེད་དག་ན་འདུས་མ་བྱས་དག་ཡོད་པ་མ་ཡིན་ནམ་ཞེ་ན། ཕུང་པོ་གསུམ་ཙམ་སྟེ། ཚོར་བ་དང་། འདུ་ཤེས་དང་།
འདུ་བྱེད་ཙམ་སྟེ། དེ་ལས་གཞན་པའི་དངོས་པོ་མེད་པ་ཉིད་དུ་རིག་པར་བྱ་སྟེ། རྟག་པ་ལ་དངོས་པོར་མི་འཐད་པའི་ཕྱིར་དང་། རིག་བྱེད་མ་ཡིན་པ་ཡང་གཟུགས་ཀྱི་རྫས་སུ་མེད་པའི་ཕྱིར་ཏེ། འདི་ནི་སྔོན་གྱི་སློབ་དཔོན་རྣམས་ཀྱིས་བཤད་པར་བྱའོ། །ཇི་ལྟར་བྱས་པ་བཤད་པ་འདིས་ནི་ཡོད་པ་
ཡང་མི་རྟག་པའི་རང་བཞིན་ཅན་གྱི་ཕུང་པོ་ལ་སོགས་པ་ཁོ་ནའོ་ཞེས་བཤད་པར་རིག་པར་བྱ་སྟེ། བྲམ་ཟེ་ཐམས་ཅད་ཐམས་ཅད་ཅེས་བྱ་བ་ནི་སྐྱེ་མཆེད་བཅུ་གཉིས་སོ་ཞེས་གསུངས་པ་ལྟ་བུའོ། །གཏན་ཚིགས་གཞན་ཞེས་བྱ་བ་ནི་འབྲས་བུ་རྣམ་པར་ཤེས་པ་ཆད་པ་དང་རྣམ་པར་འགྱུར་བ་ལ་
སོགས་པའོ། །དེ་ལྟ་བུའི་བྱེ་བྲག་གཞན་ཞེས་བྱ་བ་ནི་མངོན་སུམ་དུ་མ་གྱུར་པའི་ཡུལ་དང་དབང་པོ་དང་བློ་དག་གོ། །ལྟོས་པ་མེད་པ་ཉིད་ཡིན་ན་ནི་ཡུལ་དང་དུས་དང་རྫས་ལ་རག་ལས་པའི་ཕྱིར། གང་དུ་ལྟོས་ནས་དེའི་དུས་ལ་སོགས་པར་འཇིག་པ་འགལ་ཏེ་རྒྱུ་མེད་པའི་ཕྱིར་རྒྱུ་དེ་མེད་པར་རང་
བཞིན་གྱིས་རྟག་ཏུ་འཇིག་པ་ཉིད་སྒྲུབ་པར་བྱེད་དོ། །འཇིག་པའི་རང་བཞིན་ཞེས་བྱ་བ་ནི་འཇིག་པའི་མཚན་ཉིད་དེ། དངོས་པོའི་བདག་ཉིད་དོ། །དེའི་དངོས་པོའི་ཆོས་ཡིན་ན་རྒྱུ་མེད་པ་ཉིད་མི་རུང་བའི་རྒྱུ་མེད་པ་ཅན་དུ་འགྱུར་རོ་ཞེས་ཐལ་བར་འགྱུར་བར་རྒོལ་བའོ། །ཡོད་པ་འབྱུང་བ་སྟེ་
ཡོད་པ་གྲུབ་པ་ན་ཡོད་པ་དེ་ཙམ་ལས་གཞན་ལ་མི་ལྟོས་པར་འཇིག་པ་འབྱུང་བའི་ཕྱིར་རོ། །ཡོད་པ་དེ་དག་དང་འདྲ་བར་ཡོད་པ་འགྲུབ་པའི་རྒྱུ་ཉིད་ལས་འཇིག་པ་དེ་ཉིད་འབྱུང་བ་རྒྱུ་མེད་པ་ཅན་མ་ཡིན་ནོ། །འགའ་ཞིག་ལས་འབྱུང་བ་ནི་རྒྱུ་ལས་སྐྱེ་བའོ། །གྲངས་ཅན་དག་ལ་ནི་མེད་

དེ། གསལ་བ་ཙམ་དུ་འདོད་པའི་ཕྱིར་རོ། །གང་གི་ཡང་ཞེས་བྱ་བ་ནི་དངོས་པོ་སྟེ་བུམ་པའམ་སྣམ་བུའིའོ། །ཇི་ལྟར་ཡང་ཞེས་བྱ་བ་ནི་རྫ་མཁན་ནམ་ཐ་ག་པས་སོ། །གང་ན་ཡང་ཞེས་བྱ་བ་ནི་ཡུལ་ལམ་དུས་སོ། །དེ་ལྟར་ན་རྒྱུ་མེད་པའི་ཕྱིར་བུམ་པ་ཡང་རྫ་མཁན་གྱི་ཡུལ་དང་དུས་ལ་མི་ལྟོས་པར་
འགྱུར་ཏེ། དེ་ལ་རྒྱུ་མེད་པའི་ཕྱིར་རོ། །དེའི་ཕྱིར་དེས་རྩོམ་པར་མི་བྱེད་དོ། །སྣམ་བུ་ལ་ཡང་ཐ་ག་པ་ཇི་བཞིན་ནོ། །གལ་ཏེ་དེ་དག་དེ་ལས་སྐྱེ་བ་ནི་མ་ཡིན་གྱི་ཉེ་བར་ཞི་བ་ལས་གསལ་བར་གྱུར་པ་ཡིན་ནོ་ཞེ་ན། འདི་ལྟར་ཞེས་པ་སྨོས་ཏེ། ཅུང་ཟད་ཉེ་བར་ཞི་བ་ནི་མ་སྐྱེས་པའམ་ཞིག་པ་ན་རྒྱུའི་རང་
བཞིན་གྱུར་ནས་ཡང་རང་བཞིན་ངོ་བོ་མི་གསལ་བར་གནས་པའོ། །མ་ཡིན་པ་ནི་ཉེ་བར་ཞི་བ་མ་ཡིན་པ་སྟེ། རང་གི་ངོ་བོ་གསལ་བར་འབྱུང་བའོ། །ཡུལ་དང་དུས་དང་རྫས་ཅུང་ཟད་ལ་འབྲེལ་པ་སྟེ་ལྟོས་པའོ། །མ་འབྲེལ་པ་ནི་མི་ལྟོས་པའོ། །རྣམ་པར་རྟོག་པ་གཉིས་སྨོས་པ་ལས་གཞན་
པའི་ཕུང་པོ་མི་སྲིད་པས་དེ་གཉིས་ལས་མ་འབྲེལ་པ་མི་སྲིད་པ་ཉིད་ནི། འབྲེལ་པ་ཉིད་དུ་འཁྲུལ་པ་མེད་དོ། །དེའི་ཕྱིར་ཡོད་པ་གང་ཞེས་བྱ་བ་སྨོས་ཏེ། ཡོད་པ་ནི་མངོན་པར་བྱུང་བའོ། །དེ་རྒྱུ་དང་འབྲེལ་པ་ཉིད་མ་ཡིན་ན་ནི་རྫ་མཁན་ལ་སོགས་པའི་ཚོགས་པ་དང་དེའི་ཡུལ་དང་དུས་ཁོ་ན་ལ་
བུམ་པ་ངེས་པ་འདི་ནི་མེད་པར་ཐལ་བར་འགྱུར་རོ། །དེ་བཞིན་དུ་ཐ་ག་པ་ལ་སོགས་པའི་ཚོགས་པ་དང་། དེའི་ཡུལ་དང་དུས་ལས་སྣམ་བུ་ངེས་པ་འདི་ཡང་མེད་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་སྦྱར་བར་བྱའོ། །དེ་ལྟར་མངོན་པར་གསལ་བའི་ལྟོས་པའི་དེ་ཉིད་རྒྱུ་དང་བཅས་པ་ཞེས་བྱ་བ་ཡིན་
པའི་ཕྱིར་ལྟོས་པའི་ཡང་དངོས་པོ་འདི་གང་ན་ཡང་རྒྱུ་མེད་པ་ཅན་མེད་དོ། །མི་ལྟོས་པའི་དངོས་པོ་ཡང་མེད་དེ་ལྟོས་པ་མེད་པ་ལ་འགྲུབ་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་རྒྱུ་ལས་བྱུང་བ་ཉིད་ན་དེ་ཉིད་ལས་འཇིག་པ་ཡང་འབྱུང་བའི་ཕྱིར་སྐྱེ་བ་དང་ལྡན་པ་དག་མི་རྟག་པ་ཉིད་དུ་གྲུབ་པོ། །སྐྱེས་པ་དེ་ཉིད་
ཡོད་པ་དང་བྱས་པ་ཞེས་བརྗོད་དོ། །ཡོད་པ་ཉིད་འཇིག་པས་ཁྱབ་པ་སྒྲུབ་པའི་རིགས་པ་གཞན་ཡང་འཇིག་པ་ཞེས་བྱ་བ་དངོས་པོ་ལས་གཞན་པ་ཉིད་གང་ཡང་ཡོད་པ་མ་ཡིན་པའི་ཕྱིར་ཡོད་པ་མི་རྟག་པས་ཁྱབ་པ་ཉིད་དོ། །འོ་ན་ཇི་ལྟ་བུ་ཞེ་ན། དངོས་པོ་ཉིད་འཇིག་པ་ཡིན་ལ་ཞེས་བྱ་བ་ལ་

སོགས་པ་སྨོས་སོ། །གལ་ཏེ་དངོས་པོ་དེ་ཉིད་སྐད་ཅིག་མ་ཉིད་ཡིན་ནམ་དངོས་པོར་རྟོགས་པ་ཉིད་སྐད་ཅིག་མར་རྟོགས་ཤེ་ན། འདིའི་རང་བཞིན་དེ་ཞེས་བྱ་བ་སྟེ། དེའི་དབང་གིས་ཞེས་བྱ་བ་ནི་གྱོ་མོར་གྱུར་པའི་དབང་གིས་དེ་འདྲ་བ་འཁྲུལ་པའི་རྒྱུ་མེད་པར་དེའི་དབང་གིས་སོ། །
ཕྱིས་ཞེས་བྱ་བ་ནི་གྱོ་མོ་ངེས་པ་ན་དེ་བུམ་པའི་སྐད་ཅིག་མ་ཐ་མ་མཐོང་བ་ལས་དུས་ཕྱིས་སོ། །དུས་དེར་བུམ་པའི་སྐད་ཅིག་མ་རྣམ་པར་གཞག་པར་བྱའོ། །དེ་སྐད་ཅིག་མར་གྲུབ་ན་བར་དང་ཐོག་མའི་གནས་སྐབས་ཀྱང་སྐད་ཅིག་མ་ཉིད་ཀྱིས་ཁྱབ་པར་འགྲུབ་སྟེ། སྔར་དུག་མཐོང་ཡང་དུག་མི་
ཤེས་པ་ལ་སྐྱེས་བུར་རྣམ་པར་འགྱུར་བ་མཐོང་ནས། དུག་སྔར་མཐོང་བ་ལ་འཇུག་པ་ཉིད་དུ་ཐ་སྙད་འཇུག་པ་ལྟར་ཡོད་པ་དེ་ལོག་ན་དེ་ལས་གཞན་ཅི་ལ་ཡང་འཇིག་པ་ལྟོས་པ་མེད་པ་ཉིད་ཀྱི་ཕྱིར་ཡོད་པ་དེ་འཇིག་པས་ཁྱབ་པར་བྱ་བ་ཡིན་ཏེ། ཡོད་པ་ཉིད་རྒྱུ་མ་ཚང་བ་ན་འཇིག་པ་ཡང་རྒྱུ་མ་ཚང་
བས་ཡོད་པའི་ཕྱིར། དེ་ལས་གཞན་ལ་མི་ལྟོས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེ་ནི་རྒྱུས་ནུས་པ་ཡང་མིན་ཞེས་བྱ་བ་ནི་འཇིག་པ་མེད་པར་དགག་པའི་དབང་དུ་བྱས་པ་སྟེ། འཇིག་པ་སྐད་ཅིག་ཏུ་གནས་པའི་དོན་ལ་ནི་རྒྱུ་གཞན་དོན་མེད་པ་ཉིད་དུ་སྔར་བསྟན་ཏོ། །ཇི་ལྟར་ནུས་པ་མ་ཡིན་
ཞེ་ན། འདི་ལ་རྣམ་པར་རྟོག་པ་གཉིས་ཏེ། འཇིག་པའི་རྒྱུས་དངོས་པོ་ཉིད་བྱེད་དམ། དེ་ལས་ཐ་དད་པ་ཞིག་བྱེད་ཅེས་བྱའོ། །དེ་ལ་དངོས་པོ་ཉིད་ནི་མི་བྱེད་དེ་དངོས་པོ་གྲུབ་ཟིན་ན་རྒྱུས་གྲུབ་པ་དེ་ཡང་བྱར་མེད་པའི་ཕྱིར་མི་བྱེད་དོ། །དེ་ལས་ཐ་དད་པ་ཡང་མི་བྱེད་དེ། བྱ་བ་དངོས་པོ་
ལས་གཞན་ཡིན་ན་ཡང་དངོས་པོ་དེ་ཅིའི་ཡང་མ་ཡིན་ཏེ། དངོས་པོ་ནི་མི་འཇིག་པས་དེ་བཞིན་དུ་གནས་པའི་ཕྱིར་རོ། །དེ་དང་དེ་མ་ཡིན་པས་གཞན་པ་ཡང་མི་སྲིད་དོ། །གཞན་མི་ལྟོས་པ་དེའི་ཕྱིར་འདི་འཇིག་པ་འདི་རང་བཞིན་མ་ཡིན་ཏེ། རང་གི་འབྱུང་གནས་རྒྱུ་ཉིད་ལས་འབྱུང་བའམ།
ཡང་རང་གི་རང་བཞིན་ཏེ་རང་གི་བདག་ཉིད་ཡིན་ནོ། །དངོས་པོར་བརྗོད་པ་ནི་དངོས་པོ་ཙམ་མོ། །འདིས་ཞེས་བྱ་བ་ནི་འཇིག་པས་སོ། །གཞན་དུའང་ཞེས་བྱ་བ་ནི་མངོན་སུམ་དུ་གྱུར་པ་ལས་གཞན་དུ་སྟེ་ལྐོག་ཏུ་གྱུར་པ་རྣམས་ལ་ཡང་ངོ་། །རང་བཞིན་གྱིས་ཞེས་པ་ནི་མི་ལྟོས་པའི་དངོས་

པོའི་རང་བཞིན་ཡིན་པ་ཙམ་གྱིས་སོ། །འགྱུར་ཞེས་བྱ་བ་ནི་མི་རྟག་པར་རོ། །འཇིག་པ་དེའི་མི་ལྟོས་པ་ཉིད་ཅེས་བྱ་བའི་རང་བཞིན་ཏེ། བུམ་པ་མཐར་གྱུར་པའི་དངོས་པོ་འགའ་ཞིག་མཐོང་བའོ། །དེ་བཞིན་དུ་མཐོང་བའི་དངོས་པོ་ལས་གཞན་པའི་འཇིག་པ་ཡང་མི་ལྟོས་པའི་རང་
བཞིན་དེ་ཉིད་ཁྱད་པར་མེད་པའི་ཕྱིར་རོ། །ཇི་ལྟར་ཡོད་པ་ཉིད་རྒྱུ་གཞན་ལ་མི་ལྟོས་པས་ཞེས་བྱ་བའི་ཚད་མས་རང་དང་འབྲེལ་པ་གྲུབ་པ་དེ་བཞིན་དུ་རང་བཞིན་གྱི་གཏན་ཚིགས་གཞན་དག་ཀྱང་སྟེ། ཤིང་ཤ་པ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་མངོན་སུམ་དང་མི་དམིགས་པ་དག་གི་ཚད་མས་སོ་
ཞེས་བྱ་བ་དང་། རྐྱེན་གྱི་བྱེ་བྲག་གིས་ཐ་དད་པ་ཉིད་ཅན་ཡིན་པའི་ཕྱིར་བྱས་པ་ཞེས་བྱ་བ་ཡང་མངོན་སུམ་དང་མི་དམིགས་པས་སོ་ཞེས་བྱ་བ་ལ་སོགས་པ་རང་གི་ཚད་མ་ཇི་ལྟ་བས་སོ། །དེ་ཉིད་མངོན་སུམ་རང་གི་ངོ་བོ་ཡིན་ནོ་ཞེས་བྱ་བ་ནི་འཇིག་པ་དེ་ཉིད་དངོས་སུ་གཏན་ཚིགས་ཀྱི་རང་གི་ངོ་བོ་ཡིན་
ཏེ། དེ་ལྟ་མ་ཡིན་ན། ཡོད་