Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 182

Văn bản gốc(Tây Tạng)

Trang 24 / 26 (50.000 ký tự/trang)
ར་མི་དྲན་པ་ཡིན། དེ་མ་ཐག་ཏུ་ཉམས་སུ་མྱོང་བ་ལ་གོམས་པ་མེད་ན་ནི་དྲན་པ་མེད་པར་མཐོང་བའི་ཕྱིར་རོ། །གང་ལ་དྲན་པ་གོམས་པ་ལས་བློ་གསལ་བ་ཡོད་པ་དེ་ལ་ཡུན་རིང་དུ་འདས་པ་
ཡང་དྲན་པའི་ཡུལ་དུ་འགྱུར་ཏེ། འདི་ལྟར་རྒས་པའི་གནས་སྐབས་ན་བུས་པའི་ཚེ་མྱོང་བ་སྐད་ཅིག་ལ་དྲན་པ་དེ་བཞིན་དུ་གོམས་པ་ཕུལ་དུ་བྱུང་བ་ལས་སྐྱེ་བ་གཞན་དུ་མྱོང་བ་ཡང་དྲན་པའི་ཡུལ་དུ་འགྱུར་བའི་ཕྱིར་དྲན་པ་གོམས་པ་ལ་འབད་པར་བྱའོ། །དེ་ལ་ཡང་དཔེར་ན་ཡུལ་གཞན་ནས་
འོངས་པ་རིག་པ་དེས་ཡུལ་གཞན་དང་འབྲེལ་པས་བསྐྱེད་པའི་ཁྱད་པར་མཐོང་བ་ན། དེ་ནས་འོངས་པར་ངེས་པར་བྱེད་དེ། ལྷ་སྦྱིན་བཞིན་ཡུལ་གཞན་པ་ཡང་རྣམ་པར་གཅོད་པ་ཅན་དུ་ཤེས་པ་ཡིན་ནོ། །དེ་བཞིན་དུ་དྲན་པ་གསལ་བ་ཡོད་ན་འཇིག་རྟེན་གཞན་ནས་འོངས་པའི་སྐྱེས་བུའི་ཡུལ་

ཅན་གྱི་ཤེས་པ་ཡོད་ན་སྐྱ་བ་གཞན་ཁྱད་པར་དུ་གྱུར་པ་ཡང་ཤེས་པ་ཡིན་ཏེ། འདི་ནི་ལས་འདི་དང་ཡུལ་འདི་འབྲེལ་པར་སྔོན་ནས་ཡོད་པ་དེ་ལྟ་བུའི་རྣམ་པའི་ངོ་བོ་ཉིད་དང་ལྡན་པ་ལས་སོ་སོར་ངེས་པའི་ལས་དང་འབྲས་བུར་འབྲེལ་བ་རིགས་པ་སྐྱེ་སྟེ། དཔེར་ན་དུ་བའི་ངོ་བོ་ཉིད་ཕྲ་བ་ངེས་ན་རྒྱུ་རྩྭ་དང་
ལོ་མ་ལ་སོགས་པའི་རང་བཞིན་ཡང་ཤེས་པར་འགྱུར་བ་ལྟ་བུའོ། །དེ་བཞིན་དུ་ལས་དང་འབྲས་བུ་དག་གི་ཁྱད་པར་ཅན་གྱི་རང་བཞིན་ཡང་ངེས་ན་རྣམ་པ་ཐམས་ཅད་རྗེས་སུ་དཔོག་གོ། །རྒྱུའི་ངོ་བོ་ཉིད་ཤེས་ན་ཡང་དེའི་འབྲས་བུའི་ངོ་བོ་ཉིད་བརྒྱུད་ནས་ཤེས་པའི་ཕྱིར་ལས་དང་འབྲས་བུའི་འབྲེལ་
པ་ཐམས་ཅད་ཤེས་པར་འགྱུར་རོ། །མཐོ་རིས་དང་ཐར་པའི་ལམ་ཡང་དག་པར་ཤེས་ན་ནི། བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ཉིད་དུ་འགྱུར་ཏེ། ཕན་ཚུན་རྒྱུ་དང་འབྲས་བུ་ལས་འདས་པར་ཤེས་བྱ་ཐམས་ཅད་སྐྱེ་བ་མ་ཡིན་པའི་ཕྱིར། རྣམ་པ་དུ་མར་རྒྱུ་དང་འབྲས་བུའི་རང་བཞིན་ཤེས་
པ་དེས་ནི་ཤེས་བྱ་ཐམས་ཅད་རིག་པ་ལ་ཁ་ན་མ་ཐོ་བ་མེད་པ་ཡིན་ནོ། །འོ་ན་ན་ནི་གལ་ཏེ་འབྲས་བུའི་རང་བཞིན་ཤེས་པས་རྒྱུའི་རང་བཞིན་ཤེས་པ་དེ་ལྟ་ན་ནི། རྗེས་སུ་དཔག་པའི་རིག་པས་ཇི་ལྟར་ཐམས་ཅད་མཁྱེན་པར་འགྱུར་ཏེ། བཅོམ་ལྡན་འདས་མངོན་དུ་མཁྱེན་པ་ཅན་དུ་ཁས་བླངས་སོ་
ཞེ་ན། འདིས་ནི་ཅིར་ཡང་མི་འགྱུར་བ་ཉིད་དེ་རྣམ་པ་ཐམས་ཅད་དཔོག་པ་ནི་མངོན་སུམ་ལས་ཐ་དད་པ་མ་ཡིན་ནོ། །འདི་ལྟར་དོན་མངོན་དུ་བྱེད་པ་ཅན་གྱི་ཤེས་པ་ལ་མངོན་སུམ་ཞེས་བརྗོད་དེ། གང་གི་ཚེ་གོམས་པ་ཕུལ་དུ་བྱུང་བ་ལས་ཤེས་བྱ་མ་ལུས་པ་ཉིད་དང་། རྣམ་པ་ཐམས་ཅད་གསལ་
བར་སྣང་བ་དེའི་ཚེ་དེ་ཉིད་མངོན་སུམ་བཞིན་ནོ། །གང་ཡང་ཐམས་ཅད་ལ་གོམས་པ་མི་སྲིད་པས་དེ་ཇི་ལྟར་ཐམས་ཅད་མངོན་དུ་བྱེད་པར་འགྱུར་ཞེས་སྨྲས་པ་དེ་ཡང་མི་འཐད་དེ། གང་གོམས་པ་ཙམ་དེ་ཉིད་ཤེས་པ་མ་ཡིན་པའི་ཕྱིར་རོ། །འདི་ལྟར་སྒྲ་ཡོངས་སུ་ཤེས་ན་ཚད་མ་ཤེས་པ་ལ་ཚེགས་
མེད་པ་བཞིན་ཁ་ཅིག་ཐོས་པ་མེད་པར་ཤེས་པ་དང་། བཤད་པའི་དུས་སུ་གོམས་པར་བྱས་པ་ཉིད་རྒོལ་བ་དང་ལན་གྱི་ཚེ་འཇུག་པ་ཡང་ཡོད་དོ། །དེ་དང་འདྲ་བའི་རིགས་ཀྱི་བསྟན་བཅོས་ལ་གོམས་པར་བྱས་ན། དེའི་རིགས་ཉིད་ཀྱི་གཞུང་ཤེས་པ་མ་ཡིན་ནམ་ཞེ་ན། འཁོར་བ་ལ་རིགས་མཚུངས་པ་

ཉིད་ཀྱང་ཡོད་པ་མ་ཡིན་ནམ་འདི་ལྟར་ས་ལ་སོགས་པའི་འབྱུང་བ་སྲོག་ཆགས་རྣམས་མཚུངས་པ་དང་། ལས་དང་འབྲས་བུའི་སྤྲོས་པ་དང་། སྐྱེ་བ་དང་འཇིག་པའི་རྣམ་པར་གཞག་པ་ལ་རྟག་ཏུ་རང་བཞིན་གཅིག་པ་ཉིད་ཡིན་ལ། ཁྱད་པར་ཅན་གྱི་བྱེ་བྲག་ནི་བསྟན་བཅོས་ལ་སོགས་པ་
ལ་ཡང་མཚུངས་སོ། །དེ་བས་ན་ཉི་མ་རེ་རེའི་ལྟོ་བ་འགྱུར་བ་དེ་བཞིན་དུ། འཁོར་བ་འགྱུར་བ་ཡང་ཡོད་པའི་ཕྱིར། དུས་ཡུན་རིང་པོར་གོམས་པས་ཐམས་ཅད་རིག་པ་ཡང་སྲིད་དོ། །རྩོད་པ་ལྷག་མ་ནི་ཐམས་ཅད་མཁྱེན་པ་གྲུབ་པར་གསལ་བ་ཡིན་ནོ། །སློབ་དཔོན་གྱིས་བསྟན་བཅོས་སྡུག་བསྔལ་ཞི་
བའི་རྒྱུར་བསྟན་པ་མ་ཡིན་ནམ། དེ་ལྟར་ཡང་། །འགྲོ་ལ་སྟོན་ཕྱིར་བསྟན་བཅོས་སོ། །ཞེས་གསུངས་པའི་ཕྱིར་ཇི་ལྟར་ཐབས་ལ་གོམས་པས་ཡིན་ཞེ་ན། འདིར་སྨྲས་པ། དེ་ཡི་དོན་ཕྱིར་ཐབས་གོམས་པ། །འདི་ཉིད་བསྟན་པ་ཡིན་པར་འདོད། །གྲུབ་པའི་སྔོན་དུ་ཡོད་པའི་ཕྱིར། །གཉིས་པོ་འདི་ནི་རྒྱུ་རུ་
བཤད། །ཅེས་བྱ་བ་ལ། བསྟན་པ་དངོས་སུ་ཚིགས་སུ་བཅད་པས་འདོད་པ་ནི་མ་ཡིན་གྱི། འོན་ཀྱང་ཐབས་ལ་གོམས་པ་ཉིད་བསྟན་པར་འདོད་དོ། །ཇི་ལྟར་ཐབས་ལ་གོམས་པ་བསྟན་པ་ཡིན་ཞེ་ན། དེའི་དོན་གྱི་ཕྱིར་ཏེ། དེའི་དོན་གྱིས་དེའི་སྒྲར་འགྱུར་བའི་ཕྱིར་ཏེ། དཔེར་ན་མར་ནི་སྲོག་ཡིན་ནོ་ཞེས་བྱ་
བ་ལྟ་བུའོ། །བསྟན་པའི་དོན་ཐབས་གོམས་པར་ཇི་ལྟར་འགྱུར་ཞེ་ན། ཐབས་གོམས་པ་དང་། བློ་གསལ་བ་དག་གིས་བསྟན་པར་གྲུབ་པའི་ཕྱིར་རོ། །འདི་དག་ཀྱང་ཇི་ལྟར་ཤེས་ཤེ་ན། འདིར་སྨྲས་པ། གཉིས་པོ་འདི་ནི་རྒྱུ་རུ་བཤད། །ཅེས་བྱ་བ་ལ་གོམས་པ་དང་བསྟན་པ་འདི་གཉིས་ནི་
ཐམས་ཅད་རིག་པའི་རྒྱུར་གསུངས་སོ། །ཇི་སྟེ་རྒྱུར་བཤད་པས་ཀྱང་འདི་དག་ཇི་ལྟར་ཤེས་ཤེ་ན། སྔོན་དུ་ཡོད་པའི་ཕྱིར་ཏེ། ཇི་ལྟར་བསྟན་བཅོས་ཉིད་དངོས་སུ་བདེ་བར་གཤེགས་པའི་རྒྱུ་མ་ཡིན་ཏེ། ཐབས་གང་ཞིག་གོམས་པ་ལས་བཅོམ་ལྡན་འདས་བདེ་བར་གཤེགས་པར་འགྱུར་བའི་
ཕྱིར་རོ། །བདེ་བར་གཤེགས་པ་ཉིད་ཅེས་བྱ་བ་ཡང་ཇི་ལྟ་བུ་ཞེ་ན་སྨྲས་པ། རྒྱུ་སྤངས་ཡོན་ཏན་གསུམ་བདེ་གཤེགས། །ཉིད་ཡིན་སྡུག་བསྔལ་རྟེན་མིན་ཕྱིར། །བསྔགས་པའོ་དེ་ནི་བདག་མེད་པ། །མཐོང་བའམ་རིགས་པ་ཉིད་ཕྱིར་རོ། །ཞེས་བྱ་བ་ལ། སྡུག་བསྔལ་གྱི་རྒྱུ་བདག་དང་

བདག་གིར་འཛིན་པས་བྱས་པའི་ཞེན་པའི་རྒྱུ་དེ་སྤངས་པའི་ཡོན་ཏན་གསུམ་སྟེ། རབ་ཏུ་མཛེས་པ་ཉིད་དང་ཕྱིར་མི་ལྡོག་པ་དང་ལྷག་མ་མེད་པར་བཅོམ་པའི་ཕྱིར་ཞེས་བྱ་བའོ། །བཅོམ་པ་ནི་མེད་པ་སྟེ། བདག་དང་བདག་གིར་འཛིན་པ་དེ་མེད་ན་ནི། སྡུག་བསྔལ་གྱི་རྟེན་མ་ཡིན་པའི་ཕྱིར། རབ་ཏུ་
བསྔགས་པ་ཉིད་དོ། །སྤངས་པ་དེ་ཉིད་གང་ལས་འབྱུང་ཞེ་ན། བདག་མེད་པ་མཐོང་བ་ཉིད་ལས་སྟེ། མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་ནི་མཐོང་བ་ཉིད་ལས་སམ། རིགས་པ་ལས་ཏེ། རིགས་པ་ནི་གོམས་པ་སྟེ། བསྒོམ་པས་སྤང་བའི་ཉོན་མོངས་པའི་ཚོགས་ཟློག་པའི་རྒྱུ་ཡིན་ནོ། །ཡང་ན་
རིགས་པ་ནི་རྣལ་འབྱོར་ཏེ། ཕན་ཚུན་ལྡན་པ་ཉིད་དེ། གཉིས་སུ་མེད་པར་མཐོང་བ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་ཁ་ཅིག་ནི་གང་ཟག་གི་བདག་མེད་པས་སྤངས་ལ་གཞན་ནི་ཆོས་ཀྱི་བདག་མེད་པས་སོ། །དེ་ལྟར་རབ་ཏུ་བསྔགས་པ་ཉིད་ཀྱི་ཡོན་ཏན་བསྟན་ནས། ཕྱིར་མི་ལྡོག་པའི་ཡོན་ཏན་ཡང་བརྗོད་པར་བྱ་སྟེ། ཕྱིར་མི་
ལྡོག་པ་ཞེས་བྱ་བ་གང་ཡིན་ཞེ་ན། སྨྲས་པ། སྐྱེ་བ་དང་སྐྱོན་ཀུན་འབྱུང་དག །སླར་ཡང་ལྡོག་ཅེས་བཤད་པ་ཡིན། །བདག་ལྟའི་ས་བོན་སྤངས་པའི་ཕྱིར། །སླར་མི་གཤེགས་པ་ཉིད་ཡིན་ནོ། །ཞེས་བྱ་བ་ལ། སྐྱོན་རྣམས་དང་སྐྱེ་བ་ཀུན་འབྱུང་བ་དག་སླར་མི་ལྡོག་སྟེ། སྐྱོན་མེད་པའི་གནས་
སྐབས་དང་། ཕྱིར་མི་སྐྱེ་བ་ནི་སླར་མི་ལྡོག་པ་ཡིན་ནོ། །དེ་ཉིད་ཇི་ལྟར་འགྱུར་ཞེ་ན། བདག་ཏུ་ལྟ་བ་ཉིད་ས་བོན་ཏེ་རྒྱུའོ། །དེ་སྟོན་པས་ཉོན་མོངས་པ་རྣམས་མི་སྐྱེ་ལ། ཉོན་མོངས་པ་མེད་པས་སྐྱེ་བ་སླར་མི་ལེན་པའི་ཕྱིར་སླར་མི་ལྡོག་པ་ཡིན་ནོ། །ཇི་སྟེ་བདག་མེད་པ་མཐོང་བས། བདག་ཏུ་འཛིན་པ་
ཟློག་པར་ཇི་ལྟར་འགྱུར། རྣམ་པ་ཐ་དད་པས་འཇུག་པའི་ཕྱིར་ཡིན་ན་ནི། དེ་ལྟར་ན་འོ་ན་བདག་ཏུ་ལྟ་བ་ཡང་བདག་མེད་པ་ལས་བཟློག་པ་ཡིན་པའི་ཕྱིར་དེ་བཟློག་པར་བྱེད་པར་འགྱུར་རོ། །དེ་ལོག་ན་ནི་སྐྱོན་དང་སྐྱེ་བ་ཀུན་འབྱུང་བར་འགྱུར་བའི་ཕྱིར། སླར་ལྡོག་པར་ཐལ་བར་འགྱུར་རོ་སྙམ་དུ་སེམས་
ན། འདིར་སྨྲས་པ། དེ་བདེན་ཐ་དད་བདག་ཉིད་ཀྱིས། །ལུས་ངག་སེམས་ཀྱི་གནས་ངན་ལེན། །ཉོན་མོངས་མེད་ཉིད་ནད་མེད་པའམ། །ལམ་བཤད་མི་གསལ་ཉིད་ལུས་པའོ། །ཞེས་བྱ་བ་ལ། བདག་མེད་པ་མཐོང་བ་དེ་ནི་བདེན་པར་འགྱུར་བ་ཉིད་དང་། ཐ་དད་པ་དང་། ངོ་བོ་ཉིད་ཀྱིས་སླར་མི་ལྡོག་པ་

ཡིན་གྱི། བདག་ཏུ་ལྟ་བ་ནི་བདག་མེད་པ་ལས་ཕྱིན་ཅི་ལོག་ཡིན་པ་དེ་ལྟ་ན་ཡང་བདེན་པ་མ་ཡིན་པའི་ཕྱིར་ལྡོག་པར་བྱེད་པ་མ་ཡིན་ཏེ། བདག་མེད་པའི་ཕྱིར་རོ། །འོ་ན་ལུས་པ་ཞེས་བྱ་བ་སླར་ལྡོག་པ་མེད་པ་ལས་གཞན་ཅི་ཞིག་ཡིན་ཞེ་ན། སྨྲས་པ། ལུས་དང་ངག་དང་སེམས་ཀྱི་གནས་
ངན་ལེན་ནི་ལུས་པའོ། །ལུས་ལ་སོགས་པའི་གནས་ངན་ལེན་ཇི་ལྟ་བུ་ཞེ་ན། ཡོད་པ་མ་ཡིན་པའི་ཉོན་མོངས་པ་ཅན་ཏེ། དེ་ཉིད་ཀྱི་ཕྱིར་ནད་མེད་ཅིང་སྐྱོན་མེད་པ་སྟེ། འཁོར་བའི་སྡུག་བསྔལ་སྤངས་པའི་ཕྱིར་རོ། །དེ་ལ་ཉོན་མོངས་པ་མེད་པའི་ལུས་ཀྱི་གནས་ངན་ལེན་ནི་དགྲ་བཅོམ་པར་གྱུར་ཀྱང་
གོམས་པའི་དབང་གིས་མཆོངས་ཤིང་འགྲོ་བ་ལ་སོགས་པ་འབྱུང་བ་ཡིན་ནོ། །ངག་གི་གནས་ངན་ལེན་ནི། ང་རྒྱལ་མེད་ཀྱང་བརྙས་པར་སྨྲ་བ་ལ་སོགས་པ་བརྗོད་པའོ། །ཡིད་ཀྱི་གནས་ངན་ལེན་ནི་ཐམས་ཅད་དུ་མི་ཤེས་པ་སྟེ། འདི་གསུམ་ནི་ལུས་པའོ། །ལམ་བཤད་པ་ལ་མི་གསལ་བ་ཡང་
ལུས་པ་སྟེ། ཡུན་རིང་པོར་གོམས་པར་མ་བྱས་པའི་ཕྱིར་བློ་གསལ་བ་མེད་ན་ཚིག་ལ་མཁས་པར་མི་འགྱུར་རོ། །གལ་ཏེ་བདག་མེད་པ་མཐོང་བས་མ་ལུས་པ་སྤོང་བ་མ་ཡིན་ན། འོ་ན་ལུས་པ་དེ་ཅི་ཡིས་སྤོང་བར་འགྱུར་ཏེ། བདག་མེད་པ་མཐོང་བ་ལས་སྤོང་བའི་རྒྱུ་གཞན་མེད་པའི་ཕྱིར་རོ། །ཡང་
ཇི་སྲིད་བརྗོད་པ་དེ་སྲིད་སྐྱོན་སྤངས་པ་མ་ཡིན་ཏེ། སྨྲ་བ་ནི་དཔྱོད་པ་སྔོན་དུ་འགྲོ་བའི་ཕྱིར་དང་། དཔྱོད་པ་ཡང་འཁྲུལ་པའོ་སྙམ་དུ་སེམས་ན་སྨྲས་པ། གོམས་ལས་མ་ལུས་སྤངས་པར་འགྱུར། །ཁ་ཅིག་སྒྲ་སོགས་ཕྱིར་ན་སྐྱོན། །ཟད་མིན་ཞེ་ན་འདི་ལྡོག་པར། །ཐེ་ཚོམ་ཟ་བ་དེ་ཕྱིར་འཁྲུལ། །ཞེས་བྱ་
བ་ལ། བློ་གསལ་བར་བོགས་ཕྱུང་བ་ལ་སོགས་པ་གོམས་པའི་ཕྱིར་བག་ཆགས་ལྡོག་པར་འགྱུར་བའོ་ཞེས་བཤད་པར་བྱའོ། །དེ་བས་ན་གོམས་པ་ལས་མ་ལུས་པ་སྤོང་བར་འགྱུར་རོ། །དེ་ལྟར་ནི་འགྱུར་མོད་ཀྱི། སྨྲ་བ་ལ་སོགས་པའི་ཕྱིར་འདོད་ཆགས་ལ་སོགས་པ་ལུས་ཀྱི་སྐྱོན་རྣམས་
ཟད་པར་མི་འགྱུར་ཏེ། སོགས་པའི་སྒྲས་ནི་ལུས་ལ་སོགས་པ་གཟུང་ངོ་ཞེ་ན། དེ་ནི་མ་ཡིན་ཏེ། གང་གི་ཕྱིར་སྨྲས་པ་ལ་སོགས་པ་དེའི་ལྡོག་པ་ལ་ཐེ་ཚོམ་ཟ་བའི་ཕྱིར་ཏེ། འདིར་སྨྲས་པ་ལ་སོགས་པ་ཡང་ཡོད་ལ་སྐྱོན་ཡང་ཟད་པར་འགྱུར་བ་འདི་ལ་འགལ་བ་ཅི་ཡོད། དེ་ཉིད་ཀྱི་ཕྱིར་ལྡོག་

པ་ལ་ཐེ་ཚོམ་ཟ་བའི་ཕྱིར། གཏན་ཚིགས་མ་ངེས་པའོ་ཞེས་ལེའུ་དང་པོར་བསྟན་ཏོ། །སྐྱོན་རྣམས་ཤིན་ཏུ་ཟད་པ་མེད་པ་མ་ཡིན་ནམ། དེའི་ཕྱིར་ཇི་ལྟར་སྐྱོན་མེད་པ་ཡིན་ཏེ། སྐྱོན་ཟད་པ་མེད་པའི་རྒྱུ་མ་མཐོང་བའི་ཕྱིར་སྐྱོན་ཟད་པར་བྱེད་པ་མེད་པ་ཉིད་མ་ཡིན་པའི་ཕྱིར་རོ། །འདིར་སྨས་པ། རྟག་
ཉིད་ཕྱིར་རམ་ཐབས་མེད་ཕྱིར། །ཐབས་མི་ཤེས་པའི་ཕྱིར་ན་ཡང་། །སྐྱོན་རྣམས་མི་ཟད་པ་ཉིད་དུ། །རྟོག་པར་བྱེད་པ་ཡིན་ན་ཡང་། །ཞེས་བྱ་བ་ལ། སྐྱོན་ཟད་པ་མེད་པར་རྟག་པའི་ནི་རྒྱུ་མཚན་མེད་པར་མི་འཇུག་སྟེ། འོན་ཀྱང་གལ་ཏེ་སྐྱོན་དེ་དག་རྟག་པར་གྱུར་ན་དེའི་ཚེ་སྐྱོན་རྣམས་ཟད་པར་
མི་སྲིད་དེ། རྟག་པའི་ཕྱིར་རྟག་པ་ལ་བོགས་དབྱུང་བར་མི་ནུས་སོ། །འོན་ཏེ་ཟད་པའི་ཐབས་མེད་པའམ། མི་ཤེས་པ་དེ་ལྟ་ན་ཡང་མི་ཟད་དོ། །གསུམ་ཆར་མི་སྲིད་ཅེས་བསྟན་པའི་ཕྱིར། རྒྱུ་ལྡན་ཉིད་ཕྱིར་མི་མཐུན་ཕྱོགས། །གོམས་པས་རྒྱུ་ནི་ཟད་པའི་ཕྱིར། །རྒྱུ་ཡི་རང་བཞིན་ཤེས་པ་ཡིས། །
དེ་ཤེས་པ་ཡང་སྒྲུབ་པ་ཡིན། །ཞེས་བྱ་བ་ལ། དེ་ལ་སྐྱོན་རྣམས་རྟག་པ་ཉིད་མ་ཡིན་ཏེ་རྒྱུ་དང་ལྡན་པ་ཅན་ཡིན་པའི་ཕྱིར། རྒྱུ་དང་ལྡན་པ་ནི་སྔ་ན་མེད་པས་རྟག་པ་ཉིད་མ་ཡིན་ནོ། །སྐྱོན་ཟད་པའི་ཐབས་མེད་པ་ཡང་མ་ཡིན་ཏེ། སྐྱོན་གྱི་རྒྱུ་བདག་ཏུ་ལྟ་བའི་གཉེན་པོ་བདག་མེད་པར་མཐོང་བ་གང་
ཡིན་པ་དེ་གོམས་པས་སྐྱོན་རྣམས་ཟད་པར་འགྱུར་བའི་ཕྱིར་བདག་མེད་པར་མཐོང་བ་ནི་ཟད་པའི་ཐབས་ཉིད་དོ། །རྒྱུའི་རང་བཞིན་བདག་དང་། བདག་གི་རྣམ་པ་ཅན་གྱི་ཤེས་པ་ཡོད་ན་དེའི་གཉེན་པོའི་ཤེས་པ་ཡང་སྒྲུབ་པ་ཡིན་ཏེ། གང་གང་ལས་ཕྱིན་ཅི་ལོག་ཏུ་གྱུར་པ་དེའི་གཉེན་པོ་སྟེ།
དཔེར་ན་རླུང་ལ་ཏིལ་མར་བཞིན་དུ་བདག་ཏུ་འཛིན་པ་ལས་བཟློག་པ་ནི་བདག་མེད་པ་མཐོང་བ་ཡིན་ནོ།། །།ཚད་མ་རྣམ་འགྲེལ་གྱི་འགྲེལ་པ་ལས། བམ་པོ་བརྒྱད་པ། གལ་ཏེ་བཅོམ་ལྡན་འདས་བདེ་བར་གཤེགས་པ་ཉིད་ཡིན་པ་དེ་ལྟར་ན་ཡང་རང་གི་དོན་ཕུན་སུམ་ཚོགས་པ་
ཙམ་ལས་གཞན་ལ་ཇི་ལྟར་ཚད་མར་འགྱུར་ཏེ། འདི་ལྟར་བདེན་པའི་དངོས་པོ་སྟོན་པས་ཚད་མ་ཡིན་གྱི། ཕྱིན་ཅི་ལོག་དག་མི་སྟོན་པས་ནི་མ་ཡིན་ནོ་ཞེ་ན། དེ་ནི་མི་བདེན་ཏེ། བརྩེ་བ་ལ་གོམས་པ་དང་། ཐབས་ལ་གོམས་པས་སྐྱོབ་པ་ཉིད་བཅོམ་ལྡན་འདས་ཡིན་ནོ། །ཡང་ཇི་ལྟར་སྐྱོབ་

པ་ཡིན་ཞེ་ན། སྨྲས་པ། སྐྱོབ་པ་ཉིད་གཟིགས་ལམ་གསུངས་པ། །འབྲས་བུ་མེད་ཕྱིར་བརྫུན་མི་གསུང་། །ཐུགས་རྗེ་ལྡན་ཕྱིར་གཞན་དོན་ཡང་། །བརྩོན་པ་ཀུན་ལ་གོམས་ཕྱིར་རོ། །ཞེས་བྱ་བ་ལ། མཐོ་རིས་དང་ཐར་པའི་ལམ་ཉིད་ཀྱིས་གཟིགས་ནས་གཞན་ལ་
གསུངས་པ་ནི་སྐྱོབ་པ་སྟེ། གང་ལ་བདེ་བར་གཤེགས་པ་ཉིད་ཡོད་པ་དེ་ལ་འདོད་པ་ཅི་ཡང་མེད་པའི་ཕྱིར་རོ། །འདི་ནི་བརྫུན་མི་གསུང་སྟེ། འབྲས་བུ་མེད་པའི་ཕྱིར་འབྲས་བུ་མ་མཐོང་བར་སུ་ཡང་ཕྱིན་ཅི་ལོག་ཏུ་སྨྲ་བ་མ་ཡིན་ནོ། །ཐུགས་རྗེ་དང་ལྡན་པའི་ཕྱིར་ཐབས་ལ་གོམས་པས་གཞན་གྱི་དོན་བྱེད་པ་དེ་
བས་ན་བཅོམ་ལྡན་འདས་ཕྱིན་ཅི་ལོག་ཏུ་གསུང་བ་མ་ཡིན་ནོ། །དེ་བས་ན་དགོས་པ་མེད་པ་དང་རྒྱུ་མེད་པའི་ཕྱིར་ཕྱིན་ཅི་ལོག་ཏུ་གསུང་བ་མ་ཡིན་ལ། བརྩེ་བ་དང་ལྡན་པ་དང་། འཕེན་པ་ལས་མི་གསུང་བ་ཡང་མ་ཡིན་ནོ། །དེའི་ཕྱིར་བདེ་བར་གཤེགས་པ་སྐྱོབ་པ་ཉིད་ཚད་མ་ཡིན་ནོ། །འོ་ན་མུ་
སྟེགས་བྱེད་པ་ཡང་རང་གི་ལམ་སྟོན་པར་བྱེད་པ་ཡོད་པ་མ་ཡིན་ནམ། དེ་ཡོད་ཚད་མར་འགྱུར་རོ། །འོན་ཏེ་དེ་དག་ལམ་སྟོན་པ་ཉིད་མེད་དེ། དེ་ལམ་མ་ཡིན་པའི་ཕྱིར་ཟེར་ན། ལམ་འདི་ལ་ཡང་ཡིད་རྟོན་པར་བྱེད་ཅེ་ན། འདི་དག་ནི་བདག་མེད་པར་མཐོང་བའམ། དེའི་རིགས་པ་ནི་རིགས་པས་
འཐད་པའི་ལམ་ཡིན་པའི་ཕྱིར་བཅོམ་ལྡན་འདས་ཉིད་ཚད་མ་ཡིན་གྱི། མུ་སྟེགས་བྱེད་རྣམས་ནི་བདག་མེད་པ་མ་མཐོང་ཞིང་རིགས་པ་མེད་པ་ཡིན་པའི་ཕྱིར་དེ་དག་ཚད་མ་མ་ཡིན་ནོ་ཞེས་བསྟན་ཏོ། །བཅོམ་ལྡན་འདས་ནི་དེ་ལས་བཟློག་པའི་ཕྱིར་ཚད་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དེ་ཕྱིར་
བཅོམ་ལྡན་འདས་ཚད་མ་ཡིན་ཞེས་བསྟན་ཏོ། །སྐྱོབ་པ་ཡང་། བདེན་པ་བཞི་ནི་སྟོན་མཛད་ཡིན། །ཞེས་བྱ་བ་ལ། ཡང་ན་བདེན་པ་བཞི་སྟོན་པ་ནི་སྐྱོབ་པ་ཡིན་གྱི། གཞན་ནི་མ་ཡིན་ནོ། །གལ་ཏེ་སྟོང་པ་དེ་ཉིད་རིག་བྱེད་ལ་སོགས་པ་རྣམས་ལ་སྟོན་པ་ཡོད་པ་དེ་ལྟ་ན་ཡང་བདག་ལ་སོགས་པ་ཡོད་པས་དེ་
དག་གི་ལམ་མ་ཡིན་པ་ཉིད་ཀྱི་ཕྱིར་བདེན་པ་བཞི་སྟོན་པ་ཉིད་སྐྱོབ་པ་ཡིན་ནོ། །དེ་བས་ན་ཐུན་མོང་མ་ཡིན་པའི་དོན་སྟོན་པའི་ཚིག་ཅན་བཅོམ་ལྡན་འདས་ཡིན་ཏེ་བདེན་པ་ཉིད་ཡོད་པའི་ཕྱིར་རོ། །འཕགས་པའི་བདེན་པ་བཞི་གང་ཞེ་ན། སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་དང་ལམ་མོ། །ལས་

དང་འབྲས་བུ་འབྲེལ་བའི་འཕགས་པའི་བདེན་པ་བཞི་སྟོན་པ་ཉིད་ཀྱིས་བཅོམ་ལྡན་འདས་སླུ་བ་མེད་པར་ངེས་པ་ཉིད་ཡིན་ནོ། །དེ་བས་ན་བདེན་པ་བཞི་སྟོན་པ་ནི་གཙོར་སྐྱོབ་པ་ཡིན་ནོ། །འདོད་ཆགས་ལ་སོགས་པ་བུད་མེད་ལ་འཁྱུད་པའི་རྒྱུ་ཡིས་བདེ་བའི་རྒྱུ་ཡིན་པའི་ཕྱིར་བདེ་བ་ཉིད་ཡིན་ལ། ཞེ་སྡང་
ཡང་དགྲ་བཅོམ་པའི་རྒྱུ་ཡིན་པས་བདེ་བའི་རྒྱུ་ཡིན་ནོ། །གཏི་མུག་ཀྱང་འཇིག་ཚོགས་ལ་ལྟ་བའི་མཚན་ཉིད་ཅན་བདག་ཏུ་འཛིན་པ་དང་། བདག་ཏུ་ང་རྒྱལ་བ་དང་། དྲེགས་པ་དང་། རྒྱགས་པའི་རྒྱུ་ཡིན་པའི་ཕྱིར་བདེ་བའི་རྒྱུ་ཡིན་པས་ན་བདེ་བ་ཡིན་ནོ། །འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་གཞིར་གྱུར་པའི་ཕྱིར་
ལུས་ལ་སོགས་པ་ཡང་བདེ་བ་ཉིད་ཡིན་ཏེ། བདེ་བའི་རྟེན་ཡིན་པའི་ཕྱིར། སྡུག་བསྔལ་ཞེས་བྱ་བ་མེད་ཀྱི་བདེ་བ་ཉིད་དོ། །གལ་ཏེ་སྐོམ་པ་ལ་སོགས་པ་སྡུག་བསྔལ་ཡིན་ན་ཡང་རབ་ཏུ་ཚིམ་པར་བྱེད་པའི་རྒྱུར་ཆེ་བའི་ཕྱིར་སྡུག་བསྔལ་གྱི་བདེན་པ་ཞེས་བྱ་བ་ཡོད་པ་མ་ཡིན་ནོ། །དེ་བས་ན་བཅོམ་ལྡན་
འདས་ཀྱིས་བསྟན་པ་མི་བདེན་པ་ཉིད་པས་སྐྱོབ་པ་མ་ཡིན་ནོ་ཞེ་ན། འདིར་སྨྲས་པ། སྡུག་བསྔལ་འཁོར་བ་ཅན་ཕུང་པོ། །གོམས་ལས་འདོད་ཆགས་སོགས་བསལ་བ། །མཐོང་ཕྱིར་འདོད་རྒྱལ་ཉིད་མ་ཡིན། །རྒྱུ་མེད་སྐྱེ་བ་འགལ་ཕྱིར་རོ། །ཞེས་བྱ་བ་ལ། འཁོར་བའི་ཆོས་དང་
འདྲེས་པ་ལས་དབུགས་མ་ཕྱིན་པའི་སྡུག་བསྔལ་གྱིས་བྱས་པའི་ཕུང་པོ་རྣམས་ཉིད་ནི་སྡུག་བསྔལ་ལ་མི་ཤེས་པས་བདེ་བའི་རང་བཞིན་དུ་མཐོང་ནས། འདོད་ཆགས་སོགས་པ་བདེ་བའི་ཚུལ་ཅན་གྱི་བདེ་བའོ་ཞེས་སྨྲ་བ་དེ་ལ་གོམས་པ་ལས་སྐྱེ་བའི་འདོད་ཆགས་ལ་སོགས་པའི་རྗེས་ཐོགས་
སུ་བདེ་བ་འབྱུང་ངོ་ཞེས་བཤད་དོ། །དེ་ནི་གོམས་པ་ལ་མ་ལྟོས་པའི་དངོས་པོའི་ངོ་བོ་ཉིད་ལས་འདོད་ཆགས་ལ་སོགས་པ་འབྱུང་བས་འདོད་ཆགས་ལ་སོགས་པ་དེ་ཡང་འདོད་རྒྱལ་བ་ཉིད་དུ་སྐྱེ་ན་ནི་རྟག་པར་ཡང་འགྱུར་ན། དེ་ནི་རིགས་པ་མ་ཡིན་ནོ། །གང་གི་ཚེ་འདོད་ཆགས་གོམས་
པ་ཉིད་ལས་དེ་གསལ་བ་མཐོང་བ་ཡིན་པ་དེའི་ཚེ་འདོད་ཆགས་ལ་སོགས་པ་ནི་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པ་ཙམ་ཡིན་པའི་ཕྱིར་འདོད་ཆགས་ལ་སོགས་པ་གོམས་པ་སྤང་བར་རིགས་ཏེ། བྱིས་པའི་རྩེད་མོ་ལ་གོམས་པ་བཞིན་ནོ། །དེ་བས་ན་དངོས་པོ་བདེ་བ་མེད་ཀྱི། སེམས་ཀྱི་མངོན་པར་འདོད་

པའི་མཚན་ཉིད་ལ་བདེ་བར་ཞེན་པ་ནི་དེ་ཁོ་ན་ཉིད་ལ་གོམས་པས་སེམས་ལྡོག་པར་འགྱུར་བའི་ཕྱིར་དེ་ཁོ་ན་ཉིད་ལ་གོམས་པ་ཉིད་དུ་རུང་གི་བདེ་བ་ལ་སོགས་པ་གོམས་པ་ལས་སྐྱེ་བས་སྡུག་བསྔལ་གྱི་གདུང་བ་ཐམས་ཅད་བདེ་བར་སྣང་བར་འགྱུར་རོ། །དེ་བས་ན་འདོད་
ཆགས་ལ་སོགས་པ་སྤང་བར་འོས་ཀྱི། འདོད་ཆགས་ལ་སོགས་པ་ནི་རང་བཞིན་གྱི་ཆོས་བུད་མེད་ལ་འཁྱུད་པར་བྱ་བ་ནི་མ་ཡིན་ནོ། །དེ་བས་ན་དེ་ཁོ་ན་ཉིད་ལ་མངོན་པར་དགའ་བའི་བློར་བྱ་བ་འདི་ནི་རིགས་པ་ཡིན་ཏེ། དེ་ཁོ་ན་ཉིད་གང་གིས་ཀྱང་འགྱུར་བ་མེད་པའི་ཕྱིར་རོ། །གང་ཡང་འདོད་ཆགས་
ལ་སོགས་པ་བདེ་བའི་རྒྱུ་ཡིན་པའི་ཕྱིར་བདེ་བའོ་ཞེས་ཟེར་བ་དེ་ལ་སྨྲས་པ། གལ་ཏེ་འདོད་ཆགས་བདེ་བའི་རྒྱུ་ཉིད་ཀྱིས་བདེ་བར་འདོད་ན། དེ་བཞིན་དུ་བདེ་བ་ཡང་སྡུག་བསྔལ་གྱི་རྒྱུ་ཡིན་པའི་ཕྱིར། སྡུག་བསྔལ་དུ་འགྱུར་ཏེ། འདི་ལྟར་བདེ་བ་ཡོངས་སུ་གྱུར་ནས་སྡུག་བསྔལ་ཕུལ་དུ་བྱུང་བའི་རྒྱུར་འགྱུར་
བའི་ཕྱིར། བདེ་བ་ནི་སྡུག་བསྔལ་ཉིད་པས་སྡུག་བསྔལ་འཁོར་བ་ཅན་ཕུང་པོ་ཞེས་བྱ་བ་འདི་གྲུབ་པ་ཡིན་ནོ། །འདོད་ཆགས་ལ་སོགས་པ་གསལ་བར་གོམས་པ་ལས་འདོད་ཆགས་ལ་སོགས་པ་གསལ་བ་དང་ལྡན་པར་འགྱུར་བའི་ཕྱིར་སྣ་ཚོགས་པ་འདི་ནི་རང་གི་རིགས་སྔ་མའི་རྒྱུ་ཅན་ཡིན་པས་འཁོར་
བ་ཅན་ཉིད་དུ་གྲུབ་པོ། །དེ་ལྟར་ནི་འགྱུར་མོད་ཀྱི། འདོད་ཆགས་ལ་སོགས་པ་ནི་གོམས་པ་ཁོ་ན་ལས་ནི་མ་ཡིན་གྱི། ཇི་ཞིག་ལྟར་རམ། རྒྱུ་གཞན་དག་ལས་འདོད་ཆགས་ལ་སོགས་པ་སྐྱེ་བ་དེ་བས་ན་བདེ་བ་ལ་སོགས་པ་དོན་དམ་པ་ཉིད་ཡིན་ནོ། །ཡང་ན་ཇི་ལྟར་བདེ་བ་ལ་སོགས་པ་གོམས་པ་དེ་
ལྟར་སྡུག་བསྔལ་ལ་སོགས་པ་ཡང་གོམས་པ་ལས་འབྱུང་བ་མ་ཡིན་པའི་ཕྱིར། བདེ་བ་ཉིད་འཁོར་བ་ཅན་གྱི་ཕུང་པོར་འགྱུར་རོ་ཞེ་ན། འདིར་སྨྲས་པ། འདོད་རྒྱལ་བའི་ཕྱིར་རྒྱུ་མེད་པའི་སྐྱེ་བར་མི་རུང་སྟེ། དུས་ལ་སོགས་པའི་ཞིང་འདོད་ཆགས་ལ་སོགས་པ་རྒྱུ་གཞན་ལས་ཀྱང་མ་ཡིན་ཏེ་
གོམས་པ་ལས་འདོད་ཆགས་ལ་སོགས་པ་གསལ་བར་མཐོང་བའི་ཕྱིར་རོ། །གང་གིས་སྡུག་བསྔལ་བསྒོམ་པར་འགྱུར་བ་སུ་ཡང་སྡུག་བསྔལ་གོམས་པར་བྱེད་པ་ནི་མེད་དེ། འོན་ཀྱང་གང་གི་ཚེ་བདེ་བ་ལ་སོགས་པས་གསལ་བར་རུང་གི །བདེ་བ་དེ་རྣམས་མེད་ན་སྡུག་བསྔལ་ནི་སུ་ཡང་

གོམས་པར་མི་བྱེད་དེ། བདེ་བ་འདོད་ན་ཐམས་ཅད་འཇུག་པའི་ཕྱིར་རོ། །དེ་བས་ན་འབད་པས་བདེ་བ་བསྒྲུབ་པར་བྱ་བའི་སྡུག་བསྔལ་ནི་བདེ་བ་མེད་ཀྱང་ངོ་བོ་ཉིད་ཀྱིས་ཡོད་པའི་ཕྱིར་དངོས་པོ་ལ་ནི་སྡུག་བསྔལ་མེད་པ་ཁོ་ན་སྟེ། སྡུག་བསྔལ་དེ་ཡང་འཇིག་པ་གོམས་པ་ཉིད་ལས་ཡིན་ནོ། །དེ་བས་ན་སྡུག་
བསྔལ་འཇིག་པ་གོམས་པ་ལས་འབྱུང་གི །སྡུག་བསྔལ་ཐམས་ཅད་ལ་བདེ་བར་བརྗོད་པ་མ་ཡིན་ནོ། །ཡང་ན་འདིར་སྡུག་བསྔལ་ནི་འདུ་བྱེད་ཀྱི་སྡུག་བསྔལ་གྱི་མཚན་ཉིད་ཅན་ཡིན་ལ། བདེ་བ་ནི་དོན་དམ་པར་མེད་ཀྱི། འོན་ཀྱང་གོམས་པ་ལ་སོགས་པ་ལས་སྡུག་བསྔལ་ཉིད་འབྱུང་ངོ་། །འདོད་ཆགས་ལ་
སོགས་པ་གོམས་པ་ལས་སྐྱེས་པ་མ་ཡིན་གྱི། འོན་ཀྱང་བད་ཀན་ལ་སོགས་པའི་ཆོས་མ་ཡིན་ནམ། འདི་ལྟར་འདོད་ཆགས་ནི་བད་ཀན་གྱི་ངོ་བོ་ཉིད་ཡིན་ལ། གཏི་མུག་ནི་རླུང་གི་ངོ་བོ་ཉིད་ཡིན་ཞིང་། ཞེ་སྡང་མཁྲིས་པའི་ངོ་བོ་ཉིད་ཅན་ཡིན་པའི་ཕྱིར་རོ། །འདོད་ཆགས་ལ་སོགས་པའི་སྐྱོན་བཞིན་
དུ། སེར་སྣ་ལ་སོགས་པའི་སྐྱོན་གཞན་ཡང་མཁྲིས་པ་ལ་སོགས་པའི་ཆོས་ཉིད་དོ། །མཁྲིས་པ་ལ་སོགས་པའི་ངོ་བོ་ཉིད་ཀྱིས་ཡོད་པས་རྒྱུ་དེ་ལས་སྐྱེས་པའི་ཕྱིར་འདོད་ཆགས་ལ་སོགས་པ་དོན་དམ་པ་ཡིན་པའི་ཕྱིར་རོ་ཞེ་ན། འདིར་སྨྲས་པ། འཁྲུལ་ཕྱིར་རླུང་སོགས་ཆོས་མ་ཡིན། །གལ་ཏེ་
རང་བཞིན་འདྲེས་པའི་ཕྱིར། །སྐྱོན་མེད་ཅེ་ན་དེ་ལས་གཞན། །ཆོས་ཀྱང་ཅི་ཕྱིར་དེ་མི་མཐོང་། །ཞེས་བྱ་བ་ལ། གང་ཞིག་གང་གི་ཆོས་ཡིན་པ་དེ་ནི་དེ་ལ་མི་འཁྲུལ་བ་ཡིན་ཏེ། དཔེར་ན་མར་མེའི་གསལ་བ་བཞིན་ནོ། །གལ་ཏེ་རླུང་ལ་སོགས་པའི་ཆོས་གཏི་མུག་ལ་སོགས་པ་ཡིན་ན་དེ་ལ་འཁྲུལ་
པར་མི་འགྱུར་བ་ལས། འཁྲུལ་པར་ཡང་མཐོང་སྟེ། འདི་ལྟར་རླུང་གི་ངོ་བོ་ཉིད་ཅན་གྱི་འདོད་ཆགས་ཅན་དང་། བད་ཀན་གྱི་ངོ་བོ་ཉིད་ཅན་གྱི་གཏི་མུག་ཅན་མཐོང་བའི་ཕྱིར་རོ། །འོན་ཏེ་བད་ཀན་གྱི་ངོ་བོ་ཉིད་ཡིན་ཡང་གཞན་གཏི་མུག་གི་ངོ་བོ་ཉིད་ཅན་ཡིན་ཏེ། དེ་བས་ན་རྨོངས་ཤིང་སྡང་བར་
འགྱུར་བ་དེ་ལྟ་ན་ཡང་ངོ་བོ་ཉིད་ཕན་ཚུན་འདྲེས་པའི་ཕྱིར་འཁྲུལ་པའི་སྐྱོན་མེད་དོ་ཞེ་ན། དེ་ལྟར་ན་ནི་ཇི་ལྟར་རླུང་གི་ངོ་བོ་ཉིད་ཅན་ལ་མཁྲིས་པ་ཡོད་པའི་ཕྱིར། ཞེ་སྡང་ཡོད་པས་ཁས་བླངས་པ་དེ་བཞིན་དུ། བད་ཀན་གྱི་རང་བཞིན་ཅན་ལ་ཞེ་སྡང་ལས་གཞན་པའི་མཁྲིས་པ་ལས་སྐྱེས་པའི་རྡུལ་

ལ་སོགས་པའི་ཆོས་ཅིའི་ཕྱིར་དམིགས་པར་མ་གྱུར། འོན་ཏེ་ཞེ་སྡང་ཉིད་མཁྲིས་པའི་ཆོས་ཡིན་གྱི། རྡུལ་ལ་སོགས་པ་ནི་མ་ཡིན་ནོ་ཞེ་ན། འོ་ན་ནི་གྲོགས་དག་མཁྲིས་པ་ཅན་གྱི་རྡུལ་ཅི་ལས་སྐྱེ་བར་འགྱུར། མཁྲིས་པ་ཉིད་ལས་སྐྱེས་སོ་ཞེ་ན། རླུང་གི་ངོ་བོ་ཉིད་ཅན་ལ་ཡང་
ཞེ་སྡང་བཞིན། མཁྲིས་པ་ཉིད་ལས་རྡུལ་ལ་སོགས་པ་འབྱུང་བར་འགྱུར་རོ། །དེ་ལྟར་ནི་འགྱུར་མོད་ཀྱི། གང་ཇི་ལྟར་མཐོང་བ་དེ་འདོད་ཆགས་ཀྱི་ཆོས་ཡིན་ནོ། །མཁྲིས་པ་ལ་སོགས་པ་ཐམས་ཅད་ལ་འདོད་ཆགས་མཐོང་བ་མ་ཡིན་ནམ། དེ་ཇི་ལྟར་ཐམས་ཅད་ཀྱི་ཆོས་མ་ཡིན་ཟེར་ན།
དེ་ནི་དེ་བཞིན་ཏེ། ཆོས་ཐམས་ཅད་ལ་མཐོང་བའི་ཕྱིར་འདོད་ཆགས་ལ་སོགས་པ་ཐམས་ཅད་ཀྱི་ཆོས་ཡིན་ནོ་ཞེ་ན། འདིར་སྨྲས་པ། ཐམས་ཅད་ཀྱི་ཆོས་ཐམས་ཅད་མིན། །འདོད་ཆགས་མཚུངས་པར་ཐལ་ཕྱིར་རོ། །གཟུགས་ལ་སོགས་བཞིན་སྐྱོན་མེད་ན། །དེ་ལའང་བརྩད་པ་མཚུངས་པ་
ཡིན། །གལ་ཏེ་དེ་ལ་ཁྱད་པར་ཅན། །ལས་རྣམས་བདག་པོ་མིན་ནའོ། །ཞེས་བྱ་བ་ལ། རླུང་ལ་སོགས་པ་ཐམས་ཅད་ཀྱི་ཆོས་སུ་འདོད་ཆགས་ལ་སོགས་པ་མི་འགྱུར་ཏེ། ཐམས་ཅད་ཀྱི་ཆོས་ཉིད་དུ་འདོད་ཆགས་ལ་སོགས་པ་འགྱུར་ན། སྲོག་ཆགས་ཐམས་ཅད་འདོད་ཆགས་མཚུངས་པར་
ཐལ་བར་འགྱུར་ཏེ། འདི་ལྟར་སྲོག་ཆགས་གང་དག་རླུང་ལ་སོགས་པ་གང་ཅུང་ཟད་ཡོད་པ་དེ་ཉིད་སྲོག་ཆགས་ཀྱི་འདོད་ཆགས་ལ་སོགས་པའི་རྟེན་ཡིན་པའི་ཕྱིར་འདོད་ཆགས་ལ་སོགས་པ་མཚུངས་པར་འགྱུར་རོ། །དེ་ལྟར་འདོད་མོད་གཟུགས་ལ་སོགས་པ་འབྱུང་བའི་ཆོས་སུ་ཁས་བླངས་
ན་ཡང་འབྱུང་བའི་ཁྱད་པར་གྱིས་ཁྱད་པར་དུ་འགྱུར་རོ། །དེ་བཞིན་དུ་འདོད་ཆགས་ལ་སོགས་པ་རླུང་ལ་སོགས་པའི་ཆོས་ཡིན་ཡང་དེའི་ཁྱད་པར་གྱིས་ཁྱད་པར་དུ་བྱེད་དོ་ཞེ་ན། ཅི་སྟེ་ཁྱེད་ལ་ཡང་གཟུགས་ལ་སོགས་པ་དེ་ལ་བརྩད་པ་མཚུངས་པ་ཉིད་དེ། གལ་ཏེ་ཁྱད་པར་ཅན་གྱི་ལས་རྣམས་བདག་
པོ་མེད་པ་དེ་བས་ན། འབྱུང་བའི་ཆོས་ཉིད་ལ་གཟུགས་ལ་སོགས་པ་ཁྱད་པར་ཡོད་པར་མི་འགྱུར་རོ་ཞེས་པའི་བརྩད་པ་འདི་ཁྱེད་ལ་ཡོད་པ་ཁོ་ན་ཡིན་གྱི། སངས་རྒྱས་པ་ལ་ནི་བརྩད་པ་ཡོད་པ་མ་ཡིན་ཏེ། ལས་ལ་སོགས་པའི་ཁྱད་པར་ནི། གཟུགས་ལ་སོགས་པའི་ཁྱད་པར་གྱི་རྒྱུ་ཡིན་པའི་ཕྱིར་རོ། །

འདོད་ཆགས་ལ་སོགས་པ་བད་ཀན་ལ་སོགས་པ་ཁོ་ནའི་ཆོས་མ་ཡིན་ཏེ། འོན་ཀྱང་རླུང་ལ་སོགས་པའི་རྒྱུ་ཅན་མ་ཡིན་ནམ་ཞེ་ན། འདིར་སྨྲས་པ། སྐྱོན་རྣམས་ཁྱད་པར་ཡོད་ན་ཡང་། །ཁྱད་པར་མེད་ཕྱིར་མ་གྲུབ་པ། །ཉིད་མིན་ཐམས་ཅད་འགྱུར་བ་ཡིས། །འགྱུར་བའི་ཕྱིར་ཀུན་ལ་སྐྱེའང་
མིན། །རྒྱུ་ནི་འཕེལ་བར་གྱུར་ན་ཡང་། །འབྲས་བུ་འགྲིབ་པར་མི་རུང་སྟེ། །ཚ་བ་སོགས་བཞིན་འདོད་ཆགས་སོགས། །འགྱུར་བ་ན་ཡང་བདེ་སོགས་སྐྱེ། །ཞེས་བྱ་བ་ལ། གལ་ཏེ་འདོད་ཆགས་ལ་སོགས་པ་རླུང་ལ་སོགས་པ་ལས་སྐྱེ་ན་ནི། དེའི་ཚེ་བད་ཀན་འཕེལ་ན་འདོད་ཆགས་འཕེལ་བར་
འགྱུར་ན། ཇི་སྲིད་རླུང་ལ་སོགས་པའི་སྐྱོན་རྣམས་ཁྱད་པར་དུ་འཕེལ་བ་ཡོད་ན་ཡང་གཏི་མུག་ལ་སོགས་པ་ཁྱད་པར་མེད་པ་དེའི་ཕྱིར། རླུང་ལ་སོགས་པའི་འབྲས་བུ་འདོད་ཆགས་ལ་སོགས་པ་མ་ཡིན་ནོ། །འོན་ཏེ་ཁྱད་པར་མེད་པའི་ཕྱིར་ཞེས་བྱ་བ་མ་གྲུབ་པའི་གཏན་ཚིགས་ཡིན་ཏེ། འདི་ལྟར་
མཁྲིས་པ་འཕེལ་བར་གྱུར་ན། མཁྲིས་པའི་སྡུག་བསྔལ་གྱིས་མནར་བས་ཞེ་སྡང་ཕུལ་དུ་འབྱུང་ངོ་ཞེ་ན། མ་གྲུབ་པ་ཉིད་མ་ཡིན་ཏེ། རླུང་ལ་སོགས་པ་ཐམས་ཅད་འགྱུར་བ་སྟེ། འཕེལ་བར་འགྱུར་བས་ཞེ་སྡང་ལ་སོགས་པ་འཕེལ་བ་མཐོང་བའི་ཕྱིར་རོ། །ཞེ་སྡང་ཆུང་བ་ནི་རླུང་འཕེལ་བར་
གྱུར་ཀྱང་ཞེ་སྡང་མི་སྐྱེའོ་ཞེ་ན། འདི་དག་མཁྲིས་པ་འཕེལ་བ་ལ་ཡང་བརྩད་པ་མཚུངས་པ་ཡིན་ནོ། །འདོད་ཆགས་ལ་སོགས་པ་ཐམས་ཅད་ལས་སྐྱེ་བ་མ་ཡིན་ནམ། ཐམས་ཅད་གྱུར་ན་འགྱུར་བར་སྣང་བའི་ཕྱིར་རོ་ཞེ་ན། འདོད་ཆགས་ལ་སོགས་པ་ཐམས་ཅད་ལས་སྐྱེ་བ་མ་ཡིན་ཏེ། འདོད་ཆགས་
མཚུངས་པར་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བསྟན་ཏོ། །གཞན་ཡང་རྒྱུ་བད་ཀན་ལ་སོགས་པ་འཕེལ་བར་གྱུར་ན། འབྲས་བུ་འདོད་ཆགས་ལ་སོགས་པ་འགྲིབ་པར་མི་འགྱུར་ཏེ། དཔེར་ན་ཚ་བ་ལ་སོགས་པ་འཕེལ་བར་འགྱུར་ན་མཁྲིས་པ་འཕེལ་བ་དང་ལྡན་པ་བཞིན་ནོ། །
འོན་ཏེ་འདོད་ཆགས་ཕུལ་དུ་བྱུང་བ་ནི་ཁུ་བའི་རྫས་དང་ཉེ་བར་ལྡན་པའི་བད་ཀན་ཅན་ལ་མཐོང་བ་ཉིད་དོ་ཞེ་ན། དེ་ནི་བདེན་པ་མ་ཡིན་ཏེ། གང་གི་ཕྱིར་འདོད་ཆགས་ལ་སོགས་པའི་འགྱུར་བ་བདེ་བ་ལ་སོགས་པ་ལས་སྐྱེས་པ་ཡིན་གྱི། བད་ཀན་ལ་སོགས་པ་ལས་སྐྱེས་པ་ནི་མ་ཡིན་ནོ། །བདེ་

བ་ཡང་ལ་ལ་ལ་ཅི་ཞིག་ལྟར་སྣང་སྟེ། ནང་གི་བག་ཆགས་སད་པ་ལས་སྐྱེ་བའི་ཕྱིར་རོ། །དེ་བས་ན་འདོད་ཆགས་ལ་སོགས་པ་སྐྱོན་ལས་སྐྱེས་པ་ནི་མ་ཡིན་ནོ་ཞེས་བྱ་བར་གནས་སོ། །འོ་ན་གལ་ཏེ་ཡང་བད་ཀན་འཕེལ་བ་ལས་འདོད་ཆགས་མི་སྐྱེ་བ་དེ་ལྟ་ན་ཡང་དེ་
ཙམ་གྱིས་བད་ཀན་རྒྱུ་མ་ཡིན་པ་མ་ཡིན་ཏེ། ཆ་མ་སྙོམས་པ་ལས་སྐྱེས་པའི་སྡུག་བསྔལ་གྱིས་གེགས་བྱས་པའི་ནུས་པ་ཅན་ཡིན་པའི་ཕྱིར་རོ། །གེགས་བྱེད་པས་མི་སྐྱེ་བ་གང་ཡིན་པ་དེ་རྒྱུ་མ་ཡིན་པ་ནི་མ་ཡིན་ཏེ། ཐམས་ཅད་རྒྱུ་མེད་པ་ཅན་དུ་ཐལ་བར་འགྱུར་བའི་ཕྱིར་རོ་ཞེ་ན། འདིར་སྨྲས་
པ། མ་སྙོམས་ལས་སྐྱེས་སྡུག་བསྔལ་གྱིས། །གལ་ཏེ་འདོད་ཆགས་མི་སྐྱེད་ན། །ཅི་སྐྱེད་སྨྲོས་ཤིག་ཆ་མཉམ་ལས། །མྱོས་འཕེལ་དེ་ལས་འདོད་པ་ན། །སྐྱོན་མི་མཉམ་ལའང་ཆགས་ཅན་དང་། །ཆ་མཉམ་ལ་ཡང་གཞན་དུ་སྣང་། །གཞན་དག་ཟད་ནས་ཁྲག་འཛག་ཅིང་། །བུད་མེད་གཅིག་ལ་
ཁུ་ངེས་མེད། །དེས་གཅིག་ལ་ཆགས་བདོ་མི་འགྱུར། །གལ་ཏེ་གཟུགས་སོགས་ཡན་ལག་ནི། །མིན་ཏེ་ཀུན་མ་ངེས་ཕྱིར་རོ། །ངེས་པ་མེད་པར་ཡང་མི་འགྱུར། །ཡོན་ཏན་མི་འཛིན་ཅན་གྱིའང་འགྱུར། །གལ་ཏེ་ཡོན་ཏན་འཛིན་དེ་ཡང་། །ཡན་ལག་ཡིན་ན་ཐམས་ཅད་དག །ཡོན་ཏན་
འཛིན་པ་ཅན་འགྱུར་ཏེ། །རྒྱུ་ལ་ཁྱད་པར་མེད་ཕྱིར་རོ། །གནས་སྐབས་ཅན་གང་ཆགས་ཅན་འདོད། །དེ་འདྲ་འང་ཞེ་སྡང་ཅན་མི་འགྱུར། །དེ་ཡི་ངོ་བོ་མཚུངས་མེད་ཕྱིར། །འདི་ལ་ངེས་པ་མཐོང་མི་འགྱུར། །ཞེས་བྱ་བ་ལ། གལ་ཏེ་བད་ཀན་ལ་སོགས་པ་ཆ་མ་སྙོམས་པ་ལས་སྐྱེས་པའི་སྡུག་
བསྔལ་གྱིས་བད་ཀན་འཕེལ་བའི་དུས་སུ་འདོད་ཆགས་མི་སྐྱེ་ན་ནི་འོ་ན་འདོད་ཆགས་རྒྱུ་གང་ལས་སྐྱེ་བ་ཡང་སྨྲོས་ཤིག །འོན་ཏེ་བད་ཀན་ལ་སོགས་པ་མཉམ་པ་ལས་ནད་མེད་པ་ན་རྒྱས་པ་དེ་ཁུ་བ་འཕེལ་བ་དེ་ལས་འདོད་པ་ཞེས་བྱ་བའི་འདོད་ཆགས་སྐྱེ་བ་ཡིན་ནོ་ཞེ་ན། དེ་ཡང་མ་ཡིན་ཏེ། གང་གི་
ཕྱིར་བད་ཀན་ལ་སོགས་པའི་སྐྱོན་མ་སྙོམས་པ་ལས་ཀྱང་ཁ་ཅིག་འདོད་ཆགས་ཅན་དུ་སྣང་ལ། བད་ཀན་ལ་སོགས་པ་ཆ་མཉམ་པ་གཞན་ལ་ཡང་འདོད་ཆགས་ཆུང་བར་སྣང་བའི་ཕྱིར་སྐྱོན་མཉམ་པར་གྱུར་པའི་ཚེ་འདོད་ཆགས་དང་མི་མཉམ་པའི་ཚེ་ཞེ་སྡང་ཡིན་ནོ་ཞེས་བྱ་བའི་ངེས་པ་ཡོད་པ་

མ་ཡིན་ནོ། །གཞན་ཡང་བུད་མེད་ལ་མཆོག་ཏུ་བརྟེན་པའི་ཁུ་བ་ཟད་ནས་ཁྲག་ཀྱང་འབབ་པ་དང་གཞན་དག་ཤིན་ཏུ་འདོད་པ་ཆེ་བ་དེ་དག་ཀྱང་ཁུ་བ་ཟད་ནས་འདོད་པ་མེད་པར་ཐལ་བར་འགྱུར་རོ། །ཁུ་བ་ཡང་བུད་མེད་ཐམས་ཅད་ལ་ཐུན་མོང་པ་ཅན་ཡིན་པའི་ཕྱིར་བུད་མེད་མཛེས་མ་ཅིག་ལ་ཆགས་པར་
འགྱུར་བའི་ངེས་པ་མེད་པ་དེ་བས་ན་ཁུ་བ་མཚུངས་པར་ཡོད་པའི་ཕྱིར་བཙུན་མོ་ཅིག་ལ་ཆགས་པ་བདོ་བར་མི་འགྱུར་རོ། །ཁྱད་པར་ཅན་གྱི་བུད་མེད་ཀྱང་རྒྱུ་མ་ཡིན་ནམ། བུད་མེད་ཀྱི་གཟུགས་ལ་སོགས་པའི་ཁྱད་པར་ལས་ཀྱང་འདོད་ཆགས་ལ་སོགས་པ་ཁྱད་པར་ཅན་དུ་འགྱུར་ཏེ། གཟུགས་
ལ་སོགས་པ་ཡང་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །འདི་ལྟར་གཟུགས་མཚར་བ་དང་། ལང་ཚོ་ཕུལ་དུ་བྱུང་བས་ཡིད་དབང་དུ་གྱུར་པ་ཅན་གྱི་འདོད་པ་ཅན་ནི་རང་གི་ཆུང་མ་བོར་ནས་བུད་མེད་གཞན་གྱི་དྲུང་དུ་འགྲོའོ། །རེས་འགར་ཆགས་པ་ཅན་གྱི་རྗེས་སུ་མཐུན་པར་འཇུག་པའི་རྒྱུ་ལས་ཀྱང་ཡིན་གྱི་ཁུ་
བ་འབའ་ཞིག་ནི་འདོད་ཆགས་ཀྱི་རྒྱུ་མ་ཡིན་པས་གྲོགས་བྱེད་པ་ཡོད་པའི་ཕྱིར་གཅིག་ལ་བདེ་བར་འགྱུར་ཞིང་། གཞན་ལ་དམན་པར་འགྱུར་བ་འདི་ལ་སྐྱོན་ཡོད་པ་མ་ཡིན་ནོ་ཞེ་ན་དེ་སྨྲས་པ་མ་ཡིན་ཏེ། གཟུགས་ལ་སོགས་པ་རྣམས་ཐམས་ཅད་ལ་འཁྲུལ་བར་མཐོང་བའི་ཕྱིར་ཏེ། འདི་ལྟར་གཟུགས་
ངན་པ་ལ་ཡང་འདོད་ཆགས་འཇུག་པ་ཡིན་ནོ། །ཉེ་བར་སྤྱོད་པའི་ཆ་ལ་མཁས་པས་དེ་ལ་ཆགས་པར་འགྱུར་རོ་ཞེ་ན། འོ་ན་གཟུགས་རྒྱུ་མ་ཡིན་པར་འགྱུར་རོ། །གཞན་ཡང་ཉེ་བར་སྤྱོད་པ་མི་ཤེས་པའི་གཟུགས་ལས་ཀྱང་འདོད་ཆགས་སྐྱེ་བ་དེ་བས་ན་ཉེ་བའི་སྤྱོད་པ་ཡང་འདོད་པའི་རྒྱུར་མི་རུང་ངོ་། །
གཟུགས་དང་རྗེས་སུ་སྤྱོད་པ་དང་མི་ལྡན་པ་ལ་ཡང་ཁ་ཅིག་འདོད་པ་སྐྱེ་བར་སྣང་བའི་ཕྱིར། གཉི་ག་ཡང་རྒྱུ་མ་ཡིན་ནོ། །འོན་ཏེ་གཟུགས་མ་ངེས་པའི་རྒྱུ་ཅན་དུ་འདོད་ཆགས་འདོད་ན་ནི་གཟུགས་ལ་སོགས་པ་ངེས་པ་མེད་པ་ལས་དེ་མི་སྐྱེ་བར་བསྟན་ཟིན་ཏོ། །གཟུགས་མཛེས་པར་ངེས་པའི་
བཙུན་མོ་གཅིག་ཡོད་ན། མ་བརྟགས་པར་གློ་བུར་དུ་འོངས་པའི་གཟུགས་ངན་པ་ལ་འདོད་པ་མི་འཇུག་པར་འགྱུར་རོ། །གཞན་ཡང་ཡོན་ཏན་མ་ཡིན་པར་འཛིན་པ་མི་སྡུག་པའི་འདུ་ཤེས་ཅན་སོ་སོར་རྟོགས་པ་ལ་སོགས་པ་ལྡན་པ་ཡང་ཆགས་པར་འགྱུར་རོ། །འོན་ཏེ་འདོད་ཆགས་ཀྱི་

རྒྱུ་ཡོན་ཏན་འཛིན་པ་ཡིན་ན། དེ་ལྟ་ན་ཡང་ཐམས་ཅད་ཡོན་ཏན་འཛིན་པར་འགྱུར་ཏེ། ཐམས་ཅད་ལ་ཡོན་ཏན་འཛིན་པའི་རྒྱུར་བྱེ་བྲག་མེད་པའི་ཕྱིར་རོ། །འདི་ལྟར་ཕྱི་རོལ་གྱི་གཟུགས་ལ་སོགས་པའི་ཡོན་ཏན་འཛིན་པའི་རྒྱུ་དེ་ཡང་ཐམས་ཅད་ལ་ཁྱད་པར་མེད་པའི་ཕྱིར་ཐམས་
ཅད་ལ་ཡོན་ཏན་འཛིན་པར་ཐལ་བར་འགྱུར་རོ། །འོན་ཏེ་གཟུགས་ལ་སོགས་པའི་ཡོད་པ་ལས་ཡོན་ཏན་འཛིན་པ་མ་ཡིན་ན། འོ་ན་ཡོན་ཏན་ཅི་ཡིས་འཛིན་ཅེ་ན། གལ་ཏེ་ཐོག་མ་མེད་པའི་བག་ཆགས་ལས་དམིགས་པ་མེད་པར་ཡོན་ཏན་རིག་ན་ནི་འདོད་ཆགས་ལ་སོགས་པ་ཡང་གོམས་པ་ཉིད་
ལས་འཐོབ་པར་འགྱུར་རོ། །གཞན་ཡང་གནས་སྐབས་གང་ལ་གནས་པའི་ཆགས་པ་དེའི་གནས་སྐབས་ལ་སྡང་བར་མི་འགྱུར་ཏེ། འདོད་ཆགས་དང་ཞེ་སྡང་དེ་དག་ལ་མཚུངས་པ་མེད་པ་ཡིན་ཏེ། འགལ་བའི་ཕྱིར་རོ། །འགལ་བ་ལ་གནས་པའི་ཚེ་འགལ་བ་གཞན་མི་འབྱུང་ངོ་། །འོན་ཏེ་གནས་
སྐབས་མཚུངས་པའི་འདོད་ཆགས་ལ་སོགས་པ་འགལ་བར་མི་འགྱུར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། འདིར་ངེས་པ་མཐོང་བར་མི་འགྱུར་ཏེ། འདི་ལྟར་གང་གི་ཚེ་ཞེ་སྡང་སྐྱེ་བ་དེའི་ཚེ་རེས་འགའ་ཡང་འདོད་ཆགས་སྐྱེ་བ་མ་ཡིན་ནོ། །ཡང་ན་གལ་ཏེ་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་གཉི་ག་
ཡང་ངོ་བོ་ཉིད་འགལ་བ་མེད་པ་དང་། དེའི་ཚེ་གཉི་ག་དུས་མཚུངས་པ་ཉིད་དུ་ཐལ་བར་འགྱུར་རོ། །དེ་ནི་དེ་བཞིན་ནོ་ཞེ་ན། མ་ཡིན་ཏེ་ངེས་པ་མ་མཐོང་བའི་ཕྱིར་རོ། །འདིར་དུས་མཚུངས་པ་ཉིད་དུ་ངེས་པར་མ་མཐོང་བའོ། །འདོད་ཆགས་ལ་སོགས་པ་གོམས་པའི་ཁྱད་པར་ལས་སྐྱེ་བ་གང་
ཡིན་པ་དེའི་ཡང་བག་ཆགས་ཡོད་པའི་ཕྱིར་འདོད་ཆགས་དང་ཞེ་སྡང་དུས་མཚུངས་པ་ཉིད་དུ་ཇི་ལྟར་མི་འགྱུར་ཏེ། ཡོན་ཏན་འཛིན་པ་ཉིད་ཀྱི་སྐྱོན་ནི་ཐམས་ཅད་ལ་ཡོད་པ་མ་ཡིན་ནམ་ཞེ་ན་སྨྲས་པ། རིགས་མཐུན་བག་ཆགས་ཁྱད་པར་ནི། །འབྲེལ་པ་ངེས་པར་འཇུག་པ་ཅན། །འདོད་ཆགས་
ལ་སོགས་གང་ཡིན་དེ། །སྐྱོན་དེ་དག་ཏུ་ཐལ་བ་མེད། །ཅེས་བྱ་བ་ལ་སྔར་རིགས་མཐུན་པའི་འདོད་ཆགས་ལ་སོགས་པ་གོམས་པས་བཞག་པའི་བག་ཆགས་དེ་ལས་ཁྱད་པར་དེ། བྱེ་བྲག་དེ་དང་འབྲེལ་པ་ངེས་པར་འཇུག་པ་ཅན་གང་ཡིན་པའི་འདོད་ཆགས་ལ་སོགས་པ་དེ་འདོད་པ་གང་ཡིན་པའི་

རྒོལ་བ་དེ་ལ་སྐྱོན་དག་ཏུ་ཐལ་བར་འགྱུར་བ་མེད་དེ། འདི་ལྟར་འདོད་ཆགས་ལ་སོགས་པ་བག་ཆགས་ཀྱི་སྟོབས་ཉིད་ལས་སྐྱེ་བ་སྟེ། གང་ཞིག་གང་དུ་འཇིག་རྟེན་གཞན་དུ་གོམས་པ་དེ་ཉིད་དེར་སད་པར་འགྱུར་བའི་ཕྱིར་གོམས་པ་ངེས་པའི་འདོད་ཆགས་ལ་སོགས་པ་རྣམས་ཡུལ་གཟུགས་ལ་སོགས་པ་ལ་རག་
ལས་པ་མེད་པའི་ཕྱིར་སྔར་གྱི་སྐྱོན་གྱི་གླགས་ཡོད་པ་མ་ཡིན་ནོ། །རླུང་ལ་སོགས་པའི་ཆོས་འདོད་ཆགས་ལ་སོགས་པ་མ་ཡིན་ཡང་འབྱུང་བའི་ཆོས་སུ་ནི་འགྱུར་བ་མ་ཡིན་ནམ་ཞེ་ན། སྨྲས་པ། དེས་ནི་འབྱུང་བའི་ཆོས་ཉིད་དང་། །རྟེན་ཡང་བཀག་པ་ཉིད་ཀྱི་ཕྱིར། །དཀར་པོ་ལ་སོགས་ས་སོགས་
ལ། །བརྟེན་པ་དག་ནི་མ་ཡིན་ནོ། །ཞེས་བྱ་བ་ལ། གང་དག་འདོད་ཆགས་ལ་སོགས་པ་རྣམས་ས་ལ་སོགས་པའི་ཆོས་ཡིན་པར་སྨྲ་སྟེ། འདི་ལྟར་ས་དང་ཆུ་ལྷག་པར་གྱུར་ན་ཆགས་པར་འགྱུར་ལ། མེ་དང་རླུང་ལྷག་པར་གྱུར་ན་སྡང་བར་འགྱུར་ཞིང་། ཆུ་དང་རླུང་ལྷག་ན་རྨོངས་པར་འགྱུར་རོ་ཞེས་
ཟེར་བ་དེ་དག་གི་གཞུང་གིས་འདོད་ཆགས་ལ་སོགས་པ་འབྱུང་བའི་ཆོས་ཉིད་དུ་འདོད་པ་དེ་ཡང་བཀག་པ་ཡིན་ཏེ། ཐམས་ཅད་དུ་མ་ངེས་པ་དེས་ནི། གནས་སྐབས་གང་ལ་ཆགས་ཅན་འདོད། །ཅེས་བྱ་བ་ལ་སོགས་པ་ཉིད་ཀྱིས་བསྟན་ཏོ། །རྟེན་དང་བརྟེན་པའི་དངོས་པོ་ཡང་། །ཡོད་མེད་དག་ལ་རྟེན་
མེད་ཕྱིར། །ཞེས་བྱ་བ་ལ་སོགས་པས་སུན་ཕྱུང་བ་ཡིན་ནོ། །འོན་ཏེ་ཇི་ལྟར་དཀར་པོ་ལ་སོགས་པ་འབྱུང་བ་ཆེན་པོ་ལ་བརྟེན་པ་དེ་བཞིན་དུ། འདོད་ཆགས་ལ་སོགས་པ་ཡང་ཡིན་ནོ་ཞེ་ན་དེ་ནི་མ་ཡིན་ཏེ། དཀར་པོ་ལ་སོགས་པ་ས་ལ་སོགས་པ་ལ་བརྟེན་པ་མེད་པའི་ཕྱིར་རོ། །གལ་ཏེ་དཀར་པོ་ལ་
སོགས་པ་ས་ལ་སོགས་པ་ལ་བརྟེན་ན་ནི་འབྱུང་བ་བཞིར་ཁས་བླངས་པ་ལ་གནོད་པར་འགྱུར་ཏེ། འབྱུང་བ་ལ་སོགས་པའི་གཟུགས་ཁས་བླངས་པའི་ཕྱིར་དེ་དག་ལ་རྟེན་དང་བརྟེན་པའི་དངོས་པོ་མེད་དོ། །འོན་ཏེ་འབྱུང་བ་རྒྱུར་བྱས་ནས་གཟུགས་ལ་སོགས་པ་གནས་སོ་ཞེས་བརྗོད་པའི་ཕྱིར་རྟེན་དང་བརྟེན་
པའི་དངོས་པོ་ཁས་བླངས་པ་ཉིད་དུ་གྲུབ་པའི་མཐའ་ཡིན་ན། དེ་ཇི་ལྟར་འགལ་བར་མི་འགྱུར་ཞེ་ན། འདིར་སྨྲས་པ། དེ་རྒྱུར་བྱས་པའི་སྒྲ་དག་ཀྱང་། །རྒྱུ་ཡི་དོན་ཡིན་རང་རྟེན་དང་། །གཟུགས་སོགས་ཐ་དད་མེད་པར་ནི། །གནས་ཅན་ཕྱིར་རོ་རྟེན་ཉིད་ཀྱང་། །ཞེས་བྱ་བ་ལ། རྒྱུར་བྱས་པའི་དོན་རྟེན་གྱི་

དོན་ནི་མ་ཡིན་ནོ། །འོན་ཀྱང་རྒྱུའི་རང་བཞིན་ཁོ་ན་ལ་རྒྱུར་བྱས་པའི་སྒྲར་བརྗོད་པ་དེ་བས་ན་འབྱུང་བ་དང་གཟུགས་ནི་བརྟེན་པའི་དངོས་པོ་མ་ཡིན་ནོ། །དུས་མཚུངས་པར་རྟེན་དང་བརྟེན་པའི་དངོས་པོ་ཡོད་དུ་ཆུག་ན་ཡང་། དེ་ལྟ་ན་ཡང་རང་གི་རྟེན་དང་ཐ་དད་པ་མེད་པར་འཇུག་པའི་ཕྱིར་
གཟུགས་ལ་སོགས་པའི་རྟེན་འབྱུང་བ་ཡིན་པ་བཞིན་འདོད་ཆགས་ལ་སོགས་པ་འབྱུང་བ་དང་ཐ་མི་དད་པར་འཇུག་པ་ཡིན་ན་ནི་དེའི་ཚེ་འབྱུང་བ་ལ་བརྟེན་པར་འགྱུར་བ་ཡིན་ན། གཟུགས་ལ་སོགས་པ་བཞིན་ལུས་ཀྱི་འབྱུང་བ་ཆེན་པོ་དང་ཐ་མི་དད་པར་འཇུག་པ་མ་ཡིན་པའི་ཕྱིར་འདོད་ཆགས་ལ་སོགས་
པ་ནི་ལུས་ལ་བརྟེན་པ་མ་ཡིན་ཏེ། རེས་འགའ་མི་འབྱུང་བའི་ཕྱིར་རོ། །གལ་ཏེ་མྱོས་སོགས་ནུས་པ་བཞིན། །ཐ་དད་ཡིན་ན་དངོས་པོ་ལས། །ནུས་པ་དོན་གཞན་དག་མ་ཡིན། །དངོས་འཇིག་འགྱུར་གྱི་རྟེན་ཚང་བར། །གནས་ན་བརྟེན་པ་འཇིག་མི་འགྱུར། །གལ་ཏེ་དེ་མཚུངས་ཞེ་ན་མིན། །འབྱུང་
སེམས་ཐ་དད་ཉིད་ཡིན་ཏེ། །སྣང་བ་ཐ་དད་ཅན་རྟོགས་ཕྱིར། །ཞེས་བྱ་བ་ལ། ཆང་ལ་སོགས་པའི་རྫས་ལ་བརྟེན་པའི་མྱོས་པའི་ནུས་པ་ཐ་དད་པར་གནས་པ་སྟེ་རྫས་གནས་ཀྱང་ཕྱིར་ལྡོག་པ་དང་ཕྱིས་མི་སྐྱེ་བའི་ཕྱིར་རོ། །སོགས་པའི་སྒྲས་ནི་དུག་ལ་སོགས་པའི་འཆི་བར་བྱེད་པའི་ནུས་པ་བཟུང་ངོ་། །
འདི་ལྟར་བུ་རམ་ལ་སོགས་པའི་རྫས་ཡོད་ན། ནུས་པ་གསལ་བར་འགྱུར་ཞིང་ཡང་འཇིག་པར་འགྱུར་བའི་ཕྱིར། མྱོས་པ་ལ་སོགས་པའི་ནུས་པ་བཞིན། འདོད་ཆགས་ལ་སོགས་པ་རྣམས་རྟེན་དང་ཐ་དད་པ་ཡིན་མོད་ཀྱི། འོན་ཀྱང་འདོད་ཆགས་ལ་སོགས་པ་ལུས་ལ་བརྟེན་པའོ་ཞེ་ན། དེ་
ནི་མི་བདེན་ཏེ་ནུས་པ་དོན་གཞན་དུ་གྱུར་པ་མེད་པའི་ཕྱིར་རོ། །བུ་རམ་ལ་སོགས་པའི་དངོས་པོ་ལས་ནུས་པ་དོན་གཞན་དུ་གྱུར་པར་ཁས་མི་ལེན་ཀྱང་བརྡར་བཏགས་པ་བཞིན་དངོས་པོ་ལས་དངོས་པོའི་ནུས་པ་བཞིན་ཏེ་གང་ཞེས་ཐ་དད་པའི་རྣམ་པར་དབྱེ་སྟེ། དཔེར་ན་མཆི་གུའི་ལུས་བཞིན་ནོ། །
འོ་ན་གལ་ཏེ་མེ་ལ་སོགས་པ་ལ་ནུས་པ་ཐ་དད་མེད་པ་དེའི་ཚེ་སྔགས་ལ་སོགས་པས་ཅི་ཞིག་འཇོམས་པར་བྱེད། རེ་ཞིག་མེ་ནི་མ་ཡིན་ཏེ། གཞན་དུ་མཐོང་བའི་ཕྱིར་རོ། །ནུས་པ་བཀག་ཀྱང་མེ་མ་བཀག་པའི་ཕྱིར་ཐ་དད་པར་རིགས་སོ་ཞེ་ན་དེ་ནི་མ་ཡིན་ཏེ། དངོས་པོ་ཉིད་དེར་འཇིག་པར་འགྱུར་

བའི་ཕྱིར་རོ། །རྟེན་མེ་ལ་སོགས་པ་མ་ཚང་བ་མེད་པར་གནས་ན་བརྟེན་པ་མེའི་ནུས་པ་འགག་པར་མི་འགྱུར་ཏེ། རྟེན་ཞིག་པ་ཉིད་ན་བརྟེན་པ་འཇིག་པར་རིག་པའི་ཕྱིར་རོ། །གཞན་དུ་ན་རྟེན་དང་བརྟེན་པའི་དངོས་པོར་མི་རུང་བའི་ཕྱིར་རོ། །འོན་ཏེ་འདིར་ཡང་འབྱུང་བ་དང་སེམས་དག་ཐ་མི་དད་
པར་མྱོས་པ་ལ་སོགས་པའི་ནུས་པ་བཞིན་དུ་ཁས་ལེན་ནོ་ཞེ་ན་མ་ཡིན་ཏེ། འབྱུང་བ་དང་སེམས་དག་ཐ་དད་པའི་ཕྱིར་སེམས་ནི་ནུས་པ་བཞིན་འབྱུང་བ་ལས་ཐ་མི་དད་པ་མ་ཡིན་ནོ། །དེ་ཉིད་ཀྱང་ཅིས་ཤེས་ཤེ་ན། སྣང་བ་ཐ་དད་པ་ཅན་རྟོགས་པའི་ཕྱིར་ཏེ། ཐམས་ཅད་ཐ་དད་པར་སྒྲུབ་པར་བྱེད་པ་ནི་
སྣང་བ་ཐ་དད་པ་ཡིན་པའི་ཕྱིར་དང་། གཞན་ཐ་དད་པའི་རྒྱུ་མེད་པའི་ཕྱིར་རོ། །གལ་ཏེ་དབང་པོ་ཐ་དད་པའི་ཡུལ་ཉིད་ཀྱིས་སོ་ཞེ་ན། སྣང་བ་ཐ་དད་པ་མ་ཡིན་ན་དེ་གཅིག་པ་ཉིད་དེ། ཐ་དད་པར་བྱེད་པ་ནི་ཐ་དད་པར་སྣང་བའི་ཤེས་པ་ཡིན་པའི་ཕྱིར་ཏེ། ཤེས་པའི་རྒྱུད་ཐ་དད་པ་ཡིས་ཐ་དད་པ་ནི་མ་ཡིན་ནོ། །མིག་ལ་
སོགས་པ་རྒྱུད་ཐ་དད་པས་སྣང་བ་ཐ་དད་པ་མ་ཡིན་ནམ་ཞེ་ན། དེ་ལྟ་ན་ནི་དེ་ཉིད་སྣང་བ་ཐ་དད་པས་ཐ་དད་པར་བྱེད་པས་ན་གཞན་དོན་མེད་དོ། །འདིར་ཡང་ཐ་དད་པ་སྣང་བ་ན་ནང་གི་བདེ་བ་ལ་སོགས་པའི་ངོ་བོ་ཉིད་ཤེས་པའི་རིག་པ་ཡིན་ལ་སེམས་པ་ལ་སོགས་པའི་ངོ་བོ་ཉིད་དུ་གཟུང་བར་བྱ་བ་ནི་དོན་རིག་
པའོ། །ནང་གི་རེག་བྱའི་ཁྱད་པར་གྱི་ངོ་བོ་ཉིད་བདེ་ལ་སོགས་པ་མ་ཡིན་ནམ། དེས་ན་རང་རིག་པའི་རང་བཞིན་ཏེ་གང་ཞིག་གང་ན་གནས་པའི་དངོས་པོ་ད་ནི་དེ་ཉིད་དུ་ཉམས་སུ་མྱོང་བར་འགྱུར་བ་སྟེ། དཔེར་ན་ལྗོན་ཤིང་ལ་སོགས་པ་རིང་པོ་དང་ཉེ་བ་ནས་རིག་པ་དེ་བཞིན་དུ་ནང་གི་རེག་བྱའི་ཁྱད་
པར་གྱི་ངོ་བོ་ཉིད་ཀྱང་ནང་གི་ལུས་ལ་གནས་པས་ནང་དུ་མྱོང་བ་ཡིན་ནོ་ཞེ་ན། འདིར་སྨྲས་པ། གལ་ཏེ་འདི་རེག་བྱ་ཉིད་ཡིན་ན་དེའི་ཚེ་རེག་བྱ་དེ་གང་གིས་རིག་པ་ཡིན་གཞན་གྱིས་རིག་ན་ནི་ཐ་དད་པར་འཛིན་པར་གྲུབ་པོ། །འོན་ཏེ་རེག་བྱའི་ཁྱད་པར་དེ་དང་རིག་པ་ཡིན་ན། དེའི་ཚེ་ཉམས་སུ་མྱོང་བའི་རང་
བཞིན་ཏེ། ཤེས་པ་ཉིད་རང་རིག་པ་ཡིན་པའི་ཕྱིར་རོ། །གལ་ཏེ་ཡང་རང་གིས་རིག་པའི་ངོ་བོ་ཉིད་ཡིན་ན་གཞན་དག་གིས་ཀྱང་དེ་བཞིན་དུ་ཅིའི་ཕྱིར་མི་རིག །སྙིང་གའི་ནང་དུ་སོན་པའི་ཕྱིར་མི་རིག་གོ་ཞེ་ན། ནང་གི་རེག་པས་རིག་པར་འགྱུར་ཏེ། ནང་གི་ཡན་ལག་ལ་རེག་པ་ཅན་དེས་གཟུང་བར་

འགྱུར་བའི་ཕྱིར་རོ། །ཕྱི་རོལ་ལ་འཁྱུད་པའི་རེག་པ་ཡང་བདེ་བ་ལ་སོགས་པ་ཉིད་དུ་འགྱུར་ཏེ་གཉི་ག་ཕན་ཚུན་རེག་པས་གཉི་གས་ཀྱང་བདེ་བ་མྱོང་བར་འགྱུར་རོ། །ལུས་ཀྱང་རྡུལ་ཕྲ་རབ་ཀྱི་ངོ་བོ་ཉིད་ཀྱིས་ཐ་དད་པར་བྱེད་པ་ཡིན་པའི་ཕྱིར་བདེ་བ་དུ་མ་རིག་པར་འགྱུར་རོ་ཞེས་
བཤད་དོ། །གལ་ཏེ་ཡང་རེག་པར་གྱུར་པ་ཉིད་བདེ་བ་ཡིན་ནོ་ཞེ་ན། ཅིའི་ཕྱིར་མཛའ་བོ་ཡིད་དུ་འོང་བས་རེག་པར་གྱུར་ན་བདེའི་གཞན་གྱིས་མ་ཡིན། མཛའ་བོ་ཡིན་པའི་ཕྱིར་དེ་ཁོ་ན་བདེ་བའི་རྒྱུར་འགྱུར་རོ་ཞེ་ན། མཛའ་བོ་གཅུགས་པ་ཉིད་དུ་ཇི་ལྟར་གྱུར་པ་ཡིན་ཏེ། རང་གི་སྐལ་བ་ཉིད་ལས་ཁ་ཅིག་ལ་
ལའི་སྙིང་དུ་སྡུག་པར་འགྱུར་ལ། དེ་ཡང་སྔོན་གྱི་ལས་ཉིད་ལ་རང་གི་སྐལ་བ་ཞེས་བརྗོད་ཀྱི། ཚེ་འདི་ལ་ནི་དེས་ཕན་བཏགས་པའི་ཁྱད་པར་མ་མཐོང་ངོ་། །དེ་ལྟ་བུས་ཀྱང་སེམས་དང་ལུས་དག་ཐ་དད་པ་མེད་ན་ཡང་འཇིག་རྟེན་ཕ་རོལ་གནས་སོ། །གལ་ཏེ་ཡང་དེའི་མཛའ་བོ་ཉིད་དུ་གཞན་གྱིས་
ཀྱང་ཤེས་པར་འགྱུར་བ་ལས། མཛའ་བོར་དེ་དག་གིས་མི་ཤེས་པའི་ཕྱིར་མཛའ་བོ་ཉིད་མེད་པ་ཡིན་ནོ། །མཛའ་བོ་ནི་ལུས་ཀྱི་ནང་དུ་ཆུད་པ་ཡིན་པས་གཞན་གྱིས་ཇི་ལྟར་ཤེས་པར་འགྱུར་ཞེ་ན། ཕྱི་རོལ་དུ་རྟོགས་པར་འགྱུར་བ་ཇི་ལྟར་ལུས་ཀྱི་ནང་དུ་ཆུད་པར་འགྱུར་ཏེ། གཟུགས་ལ་སོགས་
པའི་སྣང་བ་གཞན་གྱིས་རྟོགས་པའི་ཕྱིར་དང་། རང་རིག་པའི་ངོ་བོ་ཉིད་ནི་ཕྱི་རོལ་ལས་ཐ་དད་པའི་ཕྱིར་རོ། །འོན་ཏེ་གཟུགས་ལ་སོགས་པ་ཡིན་ཡང་གཞན་གྱི་ལུས་ཡིན་པའི་ཕྱིར་རིག་པར་ནི་སྣང་ངོ་ཞེ་ན། འོ་ན་གཞན་གྱི་ལུས་ཀྱང་མི་རིག་པར་འགྱུར་རོ། །ལུས་གཞན་དང་ལྷན་ཅིག་པར་
ངེས་ན་ཤེས་པ་ཡན་གར་བ་ཇི་ལྟར་རྟོགས་པར་འགྱུར་ཏེ། འདི་ལྟར་མུན་ཁུང་ན་གནས་པའི་ལུས་མ་ཤེས་ཀྱང་མཛའ་བོ་དྲན་ཞིང་ལུས་གཞན་མི་རྟོགས་པ་ན་ཡང་། ལུས་ཡན་གར་བ་མྱོང་བ་ཡིན་པའི་ཕྱིར་ལུས་དང་སེམས་དག་ལྷན་ཅིག་དམིགས་པར་ངེས་པ་ནི་མེད་དོ། །ལུས་ལས་སེམས་ཐ་དད་པ་
ཡིན་དུ་ཆུག་ན་ཡང་ལུས་ཉིད་དེའི་རྒྱུའི་ཡིན་ནམ། དེ་བས་ན་བདེ་བ་ལ་སོགས་པ་གོམས་པ་ལས་སྐྱེས་པ་མ་ཡིན་པའི་ཕྱིར་དོན་དམ་པའི་ལུས་ཁུ་བ་དང་ཁྲག་ལ་སོགས་པ་ལས་བྱུང་བའི་ཕྱིར། འཇིག་རྟེན་ཕ་རོལ་མེད་དེ། འཇིག་རྟེན་འདི་བརྒྱུད་པ་ཁོ་ནས་རྫོགས་ཤིང་འཁོར་བ་ཉིད་མ་ཡིན་ནོ་

ཞེ་ན། སྨྲས་པ། ལུས་འགྱུར་བ་ཡི་བར་དུ་ཡང་། །གཟུགས་སོགས་བཞིན་དུ་ཡིད་ངོ་བོ། །མཚུངས་འགྱུར་རྣམ་པར་རྟོག་པ་ནི། །དོན་གྱི་གཞན་དབང་ཅན་ཉིད་གང་། །ཞེས་བྱ་བ་ལ། གང་གི་ཚེ་འདོད་ཆགས་ལ་སོགས་པའི་རྒྱུ་ལུས་ཡིན་པའམ། རང་བཞིན་ཡིན་པ་དེའི་ཚེ་ལུས་ཀྱི་འགྱུར་བའི་
སྔོན་དུ་ཡིད་ཚུལ་གཅིག་པ་ཅན་དུ་འགྱུར་ཏེ། རྒྱུ་དང་ངོ་བོ་ཉིད་ཀྱིས་རྟེན་དུ་འགྱུར་བའི་ལུས་མཚུངས་པའི་ཕྱིར་རོ། །གཞན་དུ་ནི་མ་ཡིན་ཏེ། རྟེན་དང་བརྟེན་པའི་དངོས་པོ་འམ་རྒྱུ་དང་འབྲས་བུའི་དངོས་པོ་དེའི་བདག་ཉིད་མེད་པའི་ཕྱིར་རོ། །ལུས་ཀྱི་ངོ་བོ་ཉིད་གཅིག་ཡིན་པའི་ཕྱིར་གཟུགས་ལ་
སོགས་པ་ཐ་དད་པར་སྣང་བ་མ་ཡིན་ནོ། །ཡུལ་གཞན་དང་གཞན་ཉེ་བ་ལས་འདོད་ཆགས་ལ་སོགས་པའི་དངོས་པོ་གཞན་དང་གཞན་དུ་འགྱུར་བ་མ་ཡིན་ནམ་ཞེ་ན། འདིར་སྨྲས་པ། རྣམ་པར་རྟོག་པའི་ཤེས་པ་དང་བདེ་བ་ལ་སོགས་པ་གང་གི་དོན་གྱི་གཞན་དབང་ཅན་དུ་འགྱུར་ཏེ། གོམས་པའི་བག་
ཆགས་སད་པ་ཙམ་དང་འབྲེལ་པའི་ཕྱིར་རོ་ཞེས་བསྟན་ཏོ། །འདོད་ཆགས་ལ་སོགས་པ་རྣམ་པར་ཤེས་པ་དང་འབྲེལ་པ་ཡིན་ཡང་ཇི་ལྟར་མཚུངས་པ་ཉིད་དུ་མི་འགྱུར་ཞེ་ན། འདིར་སྨྲས་པ། གང་ཚེ་ལུས་ལ་ལྟོས་མེད་པར། །ཅུང་ཟད་ལ་ལར་རེས་འགའ་ཞིག །བག་ཆགས་སད་པའི་རྒྱུ་ཅན་གྱིས། །
ཤེས་པ་འགའ་སྐྱེ་དེ་ཕྱིར་རོ། །ཞེས་བྱ་བ་ལ། གང་གི་ཕྱིར་ལུས་རྒྱུ་ཉིད་དུ་གྱུར་ན་སྐྱོན་སྔ་མ་ཡོད་ཀྱི། གང་གི་ཚེ་ལུས་ལ་ལྟོས་པ་མེད་པར་བག་ཆགས་སད་པའི་རྒྱུ་གང་ལ་ཡོད་པའི་ཤེས་པ་དེ་དེའི་ཕྱིར་ལ་ལར་རེས་འགའི་ཚེ་ཡིད་ཀྱི་རྣམ་ཤེས་འགའ་ཞིག་བག་ཆགས་སད་པ་ལས་སྐྱེ་བར་ཁས་
ལེན་པར་བྱེད་ན་ལུས་ངོ་བོ་ཉིད་གཅིག་པ་ཅན་ཡིན་ཡང་འདོད་ཆགས་ལ་སོགས་པ་བག་ཆགས་སད་པའི་རྒྱུ་ཅན་ཡིན་པའི་ཕྱིར་རོ། །གཏན་ཚིགས་གཞན་ཡང་སྨྲས་པ། རྣམ་ཤེས་མིན་པའང་རྣམ་ཤེས་ཀྱི། །ཉེར་ལེན་མིན་ཕྱིར་གྲུབ་པ་ཡིན། །གལ་ཏེ་དངོས་པོ་ཐམས་ཅད་ནི། །རྣམ་ཤེས་ནུས་ལྡན་ཕྱིར་
འདོད་ན། །རྩྭ་མཆོག་རྩེ་ན་གླང་ཆེན་བརྒྱ། །སྔོན་ཆད་མ་མཐོང་ཡོད་དོ་ཞེས། །དེ་སྐད་གྲངས་ཅན་ཕྱུགས་ལས་གཞན། །ངོ་ཚ་ཅན་སུ་སྨྲ་བར་རྩོལ། །རང་བཞིན་གང་ཞིག་སྣང་གྱུར་པ། །རང་བཞིན་དེ་ནི་སྔར་མི་སྣང་། །རྒྱུ་ནི་ལན་བརྒྱར་རྣམ་ཕྱེ་ཡང་། །ཇི་ལྟར་དེ་ནི་ཡོད་པར་འགྱུར། །

ཞེས་བྱ་བ་ལ། སེམས་འགྱུར་བ་ཅན་དང་། འགྱུར་བ་མེད་པ་དག་གིས་ཕྱི་མའི་ཡིད་འགྱུར་བ་དང་མི་འགྱུར་བར་མཐོང་བའི་ཕྱིར། གདོན་མི་ཟ་བར་སེམས་སྔ་མ་གྱུར་པའི་རྗེས་སུ་འཇུག་པས་ཤེས་པ་དང་བྲལ་བའི་ལུས་ལ་ཤེས་པ་ཉེ་བར་མི་ལེན་པའི་ཕྱིར་དང་། འདོད་ཆགས་ལ་
སོགས་པ་ཅིག་ཅར་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་ཡང་འཇིག་རྟེན་ཕ་རོལ་གྲུབ་པ་ཡིན་ནོ། །གལ་ཏེ་ཤེས་པ་ཉིད་ལས་ཤེས་པ་འབྱུང་བ་དེ་ལྟ་ན་ཡང་འཇིག་རྟེན་ཕ་རོལ་མི་འགྲུབ་སྟེ། དངོས་པོ་ཐམས་ཅད་ཤེས་པའི་ནུས་པ་དང་ལྡན་པའི་ཕྱིར་ཤེས་པ་སྐྱེད་པར་བྱེད་པའི་ཤེས་པ་འདོད་པ་མ་ཡིན་
ནམ། འཇིག་རྟེན་ཕ་རོལ་གྱི་འབྲས་བུ་རྩོམ་པ་ཅན་མི་ཤེས་པའི་ནུས་པ་མ་ཡིན་ནོ་ཞེ་ན། གྲངས་ཅན་པའི་ལུགས་འདི་ཁྱེད་ལ་གང་ནས་འོངས་ཏེ། གྲངས་ཅན་ཕྱུགས་ཉིད་བསྟན་བཅོས་གཅིག་པུ་ལ་བརྟེན་པ་ཁྲེལ་མེད་པ་གང་ཡིན་པ་འདི་སྐད་སྨྲ་བར་རྩོལ་བ་ལས་ངོ་ཚ་དང་བཅས་པ་ནི་དེ་སྐད་མི་
སྨྲའོ། །ཅི་ཞིག་ཅེ་ན། སྔོན་ཆད་མ་མཐོང་བ་སྟེ། མཐོང་བ་ལས་འདས་པའི་གླང་པོ་ཆེ་བརྒྱ་རྩྭའི་རྩེ་མོ་ན་ཡོད་ཅེས་སྨྲ་བ་ནི། ཁྲེལ་མེད་པའི་གྲངས་ཅན་ལས་ངོ་ཚ་དང་བཅས་པ་སུ་ཞིག་སྨྲ་བར་བྱེད་དོ། །གང་གི་ཕྱིར་ཞོ་ལ་སོགས་པའི་རང་བཞིན་གང་ཞིག་སྣང་དུ་རུང་བ་དེ་སྔར་སྣང་དུ་རུང་བ་ལས་
དམིགས་པས་ཡོད་པ་མ་ཡིན་ཏེ། ལན་བརྒྱར་གཡེངས་ཏེ་བཙལ་ཡང་རྒྱུ་ལ་མ་མཐོང་བའི་ཕྱིར། དེ་ལ་ཞོ་ལ་སོགས་པའི་རང་བཞིན་ཡོད་པར་ཅི་ལྟར་འགྱུར། གལ་ཏེ་རང་བཞིན་གྱིས་ཡོད་ན་ནི་དེ་ཉིད་ཡོད་དོ་ཞེས་བརྗོད་པར་བྱ་བའོ། །ཤེས་པ་ལས་གཞན་པའི་རང་བཞིན་དུ་ཡོད་ན་སེམས་དེ་
འབྱུང་བ་དེ་རྣམས་ལ་ཇི་ལྟར་ཡོད་པ་ཡིན། འོན་ཏེ་མ་ལ་སོགས་པའི་ཤེས་པ་ལས་སྐྱེ་བར་འདོད་ན་མ་ཡིན་ཏེ། མ་ལ་སོགས་པའི་འདུ་བྱེད་པ་བཞིན་འཇུག་པར་ཐལ་ལོ་ཞེས་བསྟན་ཏོ། །དེ་བས་ན་སེམས་ལས་རང་གི་རྒྱུད་ལ་གནས་པའི་སེམས་སྐྱེ་བའི་ཕྱིར་འཇིག་རྟེན་ཕ་རོལ་གཞན་གྲུབ་པ་
ཡིན་ནོ། །གཞན་ཡང་སྔ་ན་མེད་པ་འབྱུང་བ་ན། ཆགས་སོགས་ངེས་མེད་ཐལ་བར་འགྱུར། །འབྱུང་བའི་བདག་ཉིད་མ་འདས་ཕྱིར། །ཐམས་ཅད་ཆགས་སོགས་དང་ལྡན་ན། །ཐམས་ཅད་འདོད་ཆགས་མཚུངས་ཅན་འགྱུར། །འབྱུང་བ་ཕུལ་དུ་འབྱུང་ཕྱིར་མིན། །འབྱུང་རྣམས་སྲོག་

ཆགས་ཁྱད་མེད་ནའང་། །ཁྱད་པར་འདི་ཡི་རྟེན་ཅན་གང་། །དེ་ནི་ཕུལ་བྱུང་འགྲིབ་པར་ལྡན། །དེ་ཡོད་པ་ལས་དེ་ཉམས་འགྱུར། །ཞེས་བྱ་བ་ལ། གལ་ཏེ་ཡང་འཇིག་རྟེན་གཞན་མེད་ན་དེའི་ཚེ་སྔ་ན་མེད་པའི་སེམས་ཅན་འབྱུང་བར་འགྱུར་ན། དེ་ལྟ་ན་ཡང་འདོད་ཆགས་ལ་སོགས་པ་ནི་ངེས་པ་མེད་པར་
འགྱུར་ཏེ། ཐམས་ཅད་འདོད་ཆགས་ཅན་དུ་མི་འགྱུར་ཞིང་། ལ་ལ་འདོད་ཆགས་བྲལ་བར་ངང་གིས་འགྱུར་རོ། །གང་གི་ཚེ་འཇིག་རྟེན་ཕ་རོལ་དུ་འགྲོ་བ་དེའི་ཚེ་སྲེད་པ་ཉིད་སྲོག་ཆགས་རྣམས་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར་སྐྱེ་བ་དང་ལྡན་པ་ནི་འདོད་ཆགས་དང་བྲལ་བ་མ་ཡིན་ཏེ། འདོད་ཆགས་ལ་སོགས་པ་
མེད་ན་སྐྱེ་བ་མེད་པའི་ཕྱིར་རོ། །འོན་ཏེ་འབྱུང་བའི་བདག་ཉིད་འདོད་ཆགས་ལ་སོགས་པའི་རྒྱུ་ཡིན་ཏེ། དེ་ཐམས་ཅད་ཀྱིས་མི་འདོར་བའི་ཕྱིར་སྐྱེ་བ་དང་ལྡན་པ་ཐམས་ཅད་འདོད་ཆགས་དང་ལྡན་པར་གྲུབ་པོ་ཞེ་ན། གལ་ཏེ་དེ་ལྟར་འབྱུང་བའི་བདག་ཉིད་ལས་མི་འདའ་བ་དེ་ཉིད་ཀྱི་ཕྱིར་ན་འཇིག་རྟེན་པ་ཐམས་
ཅད་འདོད་ཆགས་མཚུངས་པར་འགྱུར་རོ། །གལ་ཏེ་འབྱུང་བ་རྣམས་ཐམས་ཅད་ཕན་ཚུན་ཕུལ་དུ་བྱུང་བ་མེད་ན། ཐམས་ཅད་འདོད་ཆགས་མཚུངས་པར་སྲིད་པ་མ་ཡིན་ནམ། འབྱུང་བ་ལས་ཕུལ་དུ་བྱུང་བ་རྟོགས་པའི་ཕྱིར་ཐམས་ཅད་འདོད་ཆགས་མཚུངས་པ་མ་ཡིན་ནོ། །འདོད་ཆགས་ལ་
སོགས་པ་མ་ངེས་པར་ཐལ་ལོ་ཞེས་གང་སྨྲས་པ་ནི་འདིར་གྲུབ་པ་ལ་སྒྲུབ་པ་ཉིད་དེ། ས་ལ་སོགས་པ་ཁ་ཅིག་འདོད་ཆགས་དང་བྲལ་བར་འགྱུར་བ་ཉིད་དོ། །སྲོག་ཆགས་རྣམས་འདོད་ཆགས་དང་བྲལ་བར་བརྗོད་པ་མ་ཡིན་ནམ། གང་ཡང་རུང་བ་ལ་སྨྲས་པ་མ་ཡིན་ནོ་ཟེར་ན། སྲོག་ཆགས་
སྲོག་ཆགས་མ་ཡིན་པར་མི་འགྱུར་བ་དེ་བཞིན་དུ་འདོད་ཆགས་དང་བྲལ་བ་ཡང་ཡིན་པའི་ཕྱིར་རྩོད་པ་མེད་དོ། །དེ་ལྟ་ན་འོ་ན་ནི་ཇི་ལྟར་སྲོག་ཆགས་ཉིད་དུ་ཁྱད་པར་མེད་པ་དེ་བཞིན་དུ། འདོད་ཆགས་ཅན་ཉིད་ཀྱང་ཡིན་པའི་ཕྱིར། ཐམས་ཅད་འདོད་ཆགས་མཚུངས་པར་འགྱུར་ཏེ་སྲོག་ཆགས་བཞིན་
ནོ། །ཡང་ན་ཁ་ཅིག་སྲོག་ཆགས་ཡིན་ལ། ཁ་ཅིག་སྲོག་ཆགས་མ་ཡིན་པ་ཇི་ལྟ་བ་དེ་བཞིན་དུ་ཆགས་པ་ཅན་དང་། ཆགས་པ་དང་བྲལ་བར་ཡང་འགྱུར་རོ་ཟེར་ན་ལེགས་སོ། །སྲོག་ཆགས་ཉིད་དུ་ཐ་མི་དད་ལ་འདོད་ཆགས་ཅན་དུ་བྱེ་བྲག་ཡོད་པ་མ་ཡིན་ནམ། དེའི་ཚེ་ས་ལ་སོགས་པའི་འབྱུང་

བ་རྣམས་སྲོག་ཆགས་ཉིད་དུ་བྱེ་བྲག་མེད་ཀྱང་འདོད་ཆགས་འཕེལ་བ་དང་། འགྲིབ་པའི་མཚན་ཉིད་ཀྱི་ཁྱད་པར་འདི་ཡང་འབྱུང་བ་ཕུལ་དུ་བྱུང་བས་བྱས་པ་སྔ་མའོ་ཞེ་ན། དེ་ལྟ་ན་འཕེལ་བ་དང་འགྲིབ་པ་དང་ལྡན་པ་ལས་འབྱུང་བ་དེ་ཉམས་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན་འདོད་
ཆགས་ལ་སོགས་པ་རྒྱུ་ལ་ཉམས་པ་ཡོད་པའི་ཕྱིར་རོ། །གལ་ཏེ་ཡང་འདོད་ཆགས་ལ་འཕེལ་བ་དང་འགྲིབ་པ་ཡིན་པ་དེ་ལྟ་ན་ཡང་འདོད་ཆགས་ལ་སོགས་པའི་རྒྱུ་མཚུངས་པ་ཉིད་ཉམས་པར་མི་འགྱུར་བ་མ་ཡིན་ནམ་ཞེ་ན། འདིར་སྨྲས་པ། གལ་ཏེ་ཐ་དད་ཀྱང་ཆགས་སོགས། །རྒྱུ་མཚུངས་
བདག་ཉིད་མི་ཟད་ན། །རྒྱུ་མཚུངས་པ་ཡི་བདག་ཉིད་ཅན། །ཀུན་ལ་འདོད་ཆགས་མཚུངས་པར་འགྱུར། །ཞེས་བྱ་བ་ལ། གལ་ཏེ་རྒྱུ་ཕུལ་དུ་བྱུང་བར་གྱུར་ཀྱང་འདོད་ཆགས་ལ་སོགས་པའི་རྒྱུ་མཚུངས་པ་ཉིད་གང་ཡིན་པ་དེའི་ཕྱིར་འདོད་ཆགས་ལ་སོགས་པའི་རྒྱུ་མཚུངས་པ་ཡིན་ནོ། །དེ་ལྟར་
མཚུངས་པའི་རྒྱུ་ཅན་ཡིན་ན། སྲོག་ཆགས་ཐམས་ཅད་ལ་འདོད་ཆགས་མཚུངས་པར་འགྱུར་ཏེ། རྒྱུ་མཚུངས་པའི་ཕྱིར་རོ། །གལ་ཏེ་རྒྱུ་མཚུངས་ཀྱང་འདོད་ཆགས་མཚུངས་པ་མ་ཡིན་ན། དེའི་ཚེ་འབྱུང་བའི་འབྲས་བུ་ཉིད་དུ་ཡང་མི་འགྱུར་ཏེ། རྗེས་སུ་འགྲོ་བ་དང་ལྡོག་པ་ངེས་པ་མེད་པའི་
ཕྱིར་རོ། །དེ་བས་ན་གང་ལ་ཆེས་ཤིན་ཏུ་བ་ཡོད་པ་དེ་ལ་གཏན་ནས་བྲལ་བ་ཡང་ཡོད་དེ་བྲལ་བ་གོང་ནས་གོང་དུ་བོགས་འབྱུང་བའི་ཕྱིར། དཀར་པོ་ལ་སོགས་པའི་ཡོན་ཏན་བཞིན་ནོ། །རྒྱུ་མཚུངས་པས་ཀྱང་འདོད་ཆགས་མཚུངས་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། ལ་ལར་བདག་ཉིད་
མཚུངས་པ་ལས། །འབྱུང་ཅན་བ་ལང་ཤེས་པ་ཆེས། །ཤིན་ཏུ་བ་མིན་འདི་ལ་ཡང་། །ས་སོགས་སྲོག་ཆགས་སོགས་ཀྱང་ངོ་། །ཞེས་བྱ་བ་ལ། གང་གི་ཕྱིར་བ་ལང་གི་ཤེས་པ་མཚུངས་པའི་བདག་ཉིད་ལས་འབྱུང་བའི་ཕྱིར་རིགས་མི་མཐུན་པ་ལས་ལོག་པའི་བ་ལང་ཡིན་པའི་ཕྱིར། ཆེས་
ཤིན་ཏུ་བ་དང་ལྡན་པ་ནི་མ་ཡིན་ཏེ། བ་ལང་དང་ལྷག་པའི་བ་ལང་དང་། ཆེས་ཤིན་ཏུ་ལྷག་པ་ཞེས་བྱ་བ་མེད་པའི་ཕྱིར་རོ། །འཇིག་རྟེན་རྒྱང་ཕན་པའི་ལྟ་བ་འདི་ཡང་ས་ལ་སོགས་པ་ལ་སྲོག་ཆགས་དང་། སྲོག་ཆགས་ཤིན་ཏུ་བ་དང་། ཆེས་ཤིན་ཏུ་བའི་སྲོག་ཆགས་ཀྱང་ཡོད་པ་མ་ཡིན་

ནོ། །དེ་བས་ན་རྒྱུ་མཚུངས་ན་འདོད་ཆགས་མཚུངས་ལ་འགྲིབ་པས་རྩད་ནས་མེད་པར་ཡང་འགྱུར་རོ།། །།ཚད་མ་རྣམ་འགྲེལ་གྱི་འགྲེལ་པ་ལས། །བམ་པོ་དགུ་པ། །དྲོ་བའི་ཆེས་ཤིན་ཏུ་བ་ཡང་། །ནམ་ཡང་མེ་དྲོ་མ་ཡིན་མིན། །དེ་ལྟར་འདི་ཡིན་ན་མིན་དེ། །མེ་ལས་དྲོ་གཞན་
བཀག་ཕྱིར་རོ། །ཞེས་བྱ་བ་ལ། དྲོ་བ་ལས་ཆེས་ཤིན་ཏུ་བ་ཡོད་པ་མ་ཡིན་ནམ། དྲོ་བ་གཏན་མེད་པ་ནི་མ་ཡིན་ཏེ། དེ་བས་ན་ཇི་ལྟར་དྲོ་བའི་ཆེས་ཤིན་ཏུ་བ་ཡོད་ཀྱང་མེ་དྲོ་བ་དང་བྲལ་བ་ནི་མ་ཡིན་པ་དེ་བཞིན་དུ་འདོད་ཆགས་ལ་སོགས་པ་ལ་ཆེས་ཤིན་ཏུ་བ་ཡོད་ཀྱང་ཤིན་ཏུ་ཆད་པར་གྱུར་པ་ནི་མ་ཡིན་ནོ་
ཞེ་ན། དེ་ནི་མ་ཡིན་ཏེ། འདོད་ཆགས་ལ་སོགས་པ་ལུས་ལས་ཐ་དད་པའི་ཕྱིར་རོ། །མེ་ནི་དྲོ་བ་ལས་ཐ་དད་པ་མ་ཡིན་ཏེ། དྲོ་བ་ཉིད་ལ་མེ་ཞེས་འདོགས་པའི་ཕྱིར་རོ། །དྲོ་བར་མ་གྱུར་པ་གང་ཡིན་པ་དེ་ནི་མེ་རུ་ཡང་མི་འགྱུར་གྱི། འདོད་ཆགས་ལ་སོགས་པ་མེད་ཀྱང་འབྱུང་བ་ཉིད་དུ་མི་
འགྱུར་བ་ཡིན་ནོ། །གལ་ཏེ་ཡང་ཆོས་ཅན་མེ་ཡང་གཞན་ཡིན་ལ། དེའི་ཆོས་དྲོ་བ་ཡང་གཞན་ཡིན་ན་དེའི་ཚེ་དེའི་དྲོ་བ་འཆད་པར་འགྱུར་བ་ཁོ་ནའོ། །གསལ་བ་ལ་མེ་རུ་བཏགས་ཤིང་། དྲོ་བ་ལ་ཆོས་སུ་བཏགས་པ་མ་ཡིན་ནམ། དེ་ལ་ཆེས་ཤིན་ཏུ་བ་ཡོད་ཀྱང་མེ་གཏན་མེད་པར་འགྱུར་བ་ནི་མ་
ཡིན་ནོ་ཞེ་ན། དེ་ནི་རིགས་པ་མ་ཡིན་ཏེ། གང་གི་ཕྱིར་སྔགས་ལ་སོགས་པའི་སྟོབས་ཀྱིས་གསལ་བ་ཡོད་ཀྱང་དྲོ་བ་ཉིད་དུ་མི་འགྱུར་བ་དང་། ནོར་བུ་ལ་གསལ་བ་ཡོད་ཀྱང་དྲོ་བ་མེད་པའི་ཕྱིར། གསལ་བའི་ཆོས་ཉིད་མ་ཡིན་ཞིང་། མེ་མེད་ན་ཡང་དྲོ་བ་མི་སྣང་ལ། དྲོ་བ་དང་བྲལ་བའི་མེ་ཡང་
མ་མཐོང་བའི་ཕྱིར་དང་། གསལ་དང་དྲོ་བ་དག་ལ་མེད་ན་མི་འབྱུང་བ་ངེས་པ་ཡོད་པ་མ་ཡིན་པའི་ཕྱིར། ཆོས་དང་ཆོས་ཅན་གྱི་དངོས་པོ་མེད་དོ། །དེ་བས་ན་རྟགས་ཁྱད་པར་དང་བཅས་པ་སྟེ། གཞན་གང་ལ་ཡོད་ཡོན་ཏན་རྣམས། །ཤིན་ཏུ་བ་མྱོང་ལྡན་པ་ཅན། །དེ་དག་དེ་ལས་ཐ་དད་
དང་། །ལ་ལར་ཆད་འགྱུར་དཀར་སོགས་བཞིན། །ཞེས་བྱ་བ་ལ། གང་ལ་ཡོན་ཏན་གཞན་ཡོད་པ་ཆེས་ཤིན་ཏུ་བ་ཉམས་སུ་མྱོང་བ་དང་ལྡན་པ་དེ་དག་འབྱུང་བའི་ཁྱད་པར་གྱི་ཆོས་ཅན་ལ་ལར་ལྡོག་པར་འགྱུར་ཏེ། དཔེར་ན་སྣམ་བུ་ལ་སོགས་པ་རྣམས་ལ་དཀར་པོ་ལ་སོགས་པ་

བཞིན་ནོ། །འོན་ཏེ་དཀར་པོ་ལས་ཐ་དད་པའི་སྣམ་བུ་ལ་སོགས་པ་ཡང་ཡིན་ཏེ། སྣམ་བུ་ལས་དཀར་པོ་ལ་སོགས་པ་ཐ་དད་པར་གང་གིས་འགྱུར་ཞེ་ན། དེ་ནི་དེ་བཞིན་ཏེ། སྣམ་བུ་ལ་སོགས་པ་ནི་རེག་བྱའི་ངོ་བོ་ཉིད་ཡིན་གྱི། དཀར་པོ་ལ་སོགས་པ་ཡོན་ཏན་གྱི་ངོ་བོ་ཉིད་
ནི་མ་ཡིན་ཏེ། དཀར་པོ་ལ་སོགས་པ་མེད་ཀྱང་སྣམ་བུ་ཡོད་པའི་ཕྱིར་རོ། །འདིའི་དོན་ནི་འདི་ཡིན་ཏེ། རྒྱུད་གཞན་ལ་གནས་པས་འགག་པའི་ཆོས་ཅན་དང་། སྐྱེ་བའི་ཆོས་ཅན་རྣམས་དེ་དག་ནི་ཤིན་ཏུ་ཆད་པའི་ཆོས་ཅན་ཏེ། དཔེར་ན་དཀར་པོ་ལ་སོགས་པ་བཞིན་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །འོ་ན་ཇི་
ལྟར་གཟུགས་ལ་སོགས་པ་དང་བྲལ་བའི་ས་ལ་སོགས་པ་མ་ཡིན་པ་དེ་བཞིན་དུ་དཀར་པོ་ལ་སོགས་པ་རྣམས་ཀྱི་ཆེས་ཤིན་ཏུ་བ་ཡང་ཡིན་པ་དེ་ལྟར་འདོད་ཆགས་ལ་སོགས་པ་ཆེས་ཤིན་ཏུ་བ་ཡོད་ཀྱང་། སྲོག་ཆགས་རྣམས་འདོད་ཆགས་ལ་སོགས་པ་དང་བྲལ་བ་ནི་མ་ཡིན་ནོ་ཞེ་ན་
སྨྲས་པ། དེ་དག་འབྱུང་བ་ལས་ཐ་དད། །མེད་ཕྱིར་གཟུགས་སོགས་བཞིན་ངེས་མེད། །གལ་ཏེ་དེ་མཚུངས་ཞེ་ན་མིན། །ཆགས་སོགས་ཅིག་ཅར་སྐྱེ་ཐལ་ཕྱིར། །ཞེས་བྱ་བ་ལ། གཟུགས་དང་རོ་ལ་སོགས་པ་བཞིན་འདོད་ཆགས་ལ་སོགས་པ་དེ་དག་འབྱུང་བ་མེད་ན་མི་འབྱུང་བ་མ་ཡིན་
ཏེ་ཅིའི་ཕྱིར་ཞེ་ན་འབྱུང་བ་རྣམས་ལས་ཐ་དད་པར་སྣང་བའི་ཕྱིར་རོ། །འདི་ལྟར་འདོད་ཆགས་ལ་སོགས་པ་མེད་ཀྱང་འབྱུང་བ་རྣམས་མཐོང་བར་འགྱུར་གྱི། གཟུགས་ལ་སོགས་པ་མེད་ན་མ་ཡིན་ནོ། །འདོད་ཆགས་ལ་སོགས་པ་ལ་ཡང་ལུས་ཀྱི་འབྱུང་བ་ཆེན་པོ་དང་ཐ་དད་པ་མེད་པ་ཉིད་མཚུངས་
ཏེ། གཟུགས་ལ་སོགས་པ་བཞིན་ཉིད་མ་ཡིན་ནམ་ཞེ་ན། དེ་ནི་མ་ཡིན་ཏེ། འདོད་ཆགས་ལ་སོགས་པ་དང་ལུས་ལྷན་ཅིག་དམིགས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །རྟག་ཏུ་ལུས་དང་འདོད་ཆགས་ལྷན་ཅིག་པ་ནི་མ་ཡིན་ནོ། །གཞན་ཡང་འབྱུང་བ་ཆེན་པོར་སྨྲ་བའི་གཟུགས་ལ་སོགས་
པ་འབྱུང་བ་རྣམས་ལས་ཐ་དད་པར་མི་རུང་སྟེ། དེ་ཁོ་ན་ཉིད་མང་པོར་ཐལ་བར་འགྱུར་བའི་ཕྱིར་རོ། །འདོད་ཆགས་ལ་སོགས་པ་ཡུལ་ལས་སྐྱེ་བ་མ་ཡིན་ནམ། དེས་ན་ཡུལ་མེད་ན། ལུས་ཡོད་ཀྱང་རེས་འགའ་འདོད་ཆགས་མེད་པར་འགྱུར་རོ་ཞེ་ན་དེ་ནི་བདེན་པ་མ་ཡིན་ཏེ། རྣམ་རྟོག་

ཡུལ་ཉིད་ཡིན་པའི་ཕྱིར། །ཡུལ་ནི་ངེས་བྱེད་མ་ཡིན་ནོ། །སྐལ་བ་མཉམ་རྒྱུ་མེད་པའི་ཕྱིར། །ཆགས་སོགས་ངེས་པ་མེད་པའམ། །རྒྱུ་ཉེ་ཕྱིར་ན་བློ་རྣམས་ཀུན། །ཐམས་ཅད་དུ་ནི་སྐྱེ་བར་འགྱུར། །ཞེས་བྱ་བ་ལ། འདོད་ཆགས་ལ་སོགས་པ་ཡུལ་གྱི་རྗེས་སུ་འགྲོ་བ་དང་། ལྡོག་པར་འགྱུར་བ་
མ་ཡིན་ཏེ། དེ་མེད་ཀྱང་བག་ཆགས་ལས་ཡོད་པའི་ཕྱིར་རོ། །དེས་ན་གཟུགས་ལ་སོགས་པ་ཡུལ་ནི་ངེས་པར་བྱེད་པ་མ་ཡིན་ཏེ། བདག་དང་བདག་གིར་རྟོག་པས་བསྟན་པའི་ཡུལ་ཅན་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་བདག་དང་བདག་གི་བ་ཡོད་ན་འདོད་ཆགས་འཕེལ་བར་འགྱུར་རོ། །
འཇིག་རྟེན་རྒྱང་པན་པ་ལ་ནི་སྐལ་བ་མཉམ་པའི་རྒྱུ་ཡོད་པ་མ་ཡིན་པའི་ཕྱིར། རིགས་མཐུན་པའི་རྒྱུ་མེད་པར་འདོད་ཆགས་ལ་སོགས་པ་ནམ་ཡང་སྐྱེ་བ་མ་ཡིན་ནོ། །དེའི་ཕྱིར་གདོན་མི་ཟ་བར་འདོད་ཆགས་ལ་སོགས་པའི་གྲོགས་ཙམ་བྱེད་པར་འགྱུར་རོ། །ཡང་ན་འདོད་ཆགས་ལ་
སོགས་པའི་བློ་ཐམས་ཅད་ཅིག་ཅར་སྐྱེ་བར་འགྱུར་ཏེ། འདོད་ཆགས་ལ་སོགས་པ་རྣམས་ཀྱི་རྒྱུ་ལུས་ཉེ་བར་མཚུངས་པའི་ཕྱིར་རོ། །འོ་ན་གལ་ཏེ་ད་ལྟར་བའི་ཚེ་འདོད་ཆགས་ལ་སོགས་པ་གོམས་པ་ལས་སྐྱེ་བ་ཡིན་ན། དེ་ལྟ་ན་ཡང་དང་པོ་སྐྱེས་པའི་སེམས་མའི་མངལ་དུ་གོམས་པ་
ལས་སྐྱེས་པར་ཅིས་ཤེས་ཤེ་ན། དེ་ལྟ་ན་འོ་ན་ནི་དུ་བ་ཐམས་ཅད་ཀྱང་མེ་ལས་སྐྱེས་པར་གང་དུ་མཐོང་། འོན་ཏེ་དུ་བ་དེ་ལ་ཡང་མེ་མེད་ན་མི་འབྱུང་བར་ངེས་པ་མེད་དེ། མེའི་རྗེས་ཐོགས་སུ་མཐོང་བའི་དུ་བ་གང་ཡིན་པ་དེ་ཉིད་དེ་ལྟར་ཡིན་ནོ་ཞེ་ན། དེ་ལྟ་ན་ཡང་འཇིག་རྟེན་པའི་ཐ་སྙད་ཐམས་
ཅད་ཆད་པར་ཐལ་བར་འགྱུར་ཏེ། རྒྱུ་དང་འབྲས་བུ་འབྲེལ་པ་ཁས་བླངས་ནས་སུ་ཡང་ཐ་སྙད་འདོགས་པ་མེད་པའི་ཕྱིར་དང་། མངོན་སུམ་ནི་ཐ་སྙད་ཅི་ཡང་བྱེད་པ་མེད་པའི་ཕྱིར་རོ། །མངོན་སུམ་གྱིས་ན་རྩྭ་མཆོག་ལ་གླང་པོ་ཆེ་ཡོད་པར་རྟོགས་པར་མི་ནུས་པ་དེ་བས་ན་ཐ་མི་དད་པར་མཐོང་བ་
ཉིད་རྒྱུ་དང་འབྲས་བུའི་ཐ་སྙད་ཉམས་པར་འགྱུར་རོ། །འོན་ཏེ་བརྡར་བཏགས་པ་སྤོང་བར་མི་ནུས་པའི་ཕྱིར་དེའི་རིགས་དཔགས་པ་ལས་བཏགས་སོ་ཞེ་ན། དེ་ལྟ་ན་ཡང་འཇིག་རྟེན་ཕ་རོལ་ཡང་དེའི་རིགས་དཔགས་པ་ལས་ཐ་སྙད་དུ་འཇིག་རྟེན་ཕ་རོལ་ཡོད་པར་འགྱུར་ཏེ། འཇིག་རྟེན་འདི་

བཞིན་ནོ། །དེ་བས་ན་འདོད་ཆགས་ལ་སོགས་པའི་འབྲས་བུ་འདོད་ཆགས་ལ་སོགས་པ་གོམས་པ་ལས་འབྱུང་ཞིང་། གོམས་པ་དེ་ཡང་འདོད་ཆགས་གཞན་གོམས་པ་ལས་སྐྱེས་པའི་ཕྱིར། བདེ་བ་ལ་སོགས་པ་ཐོག་མ་མེད་པའི་བག་ཆགས་ལས་སྐྱེས་པ་སྟེ། དོན་དམ་
པར་མ་ཡིན་ནོ། །དེའི་ཕྱིར་དངོས་སུ་ནི་ཐམས་ཅད་སྡུག་བསྔལ་ཁོ་ན་ཡིན་ཏེ། རེས་འགའ་ཞིག་ནི་དམིགས་ཕྱིར་ཏེ། །མི་བརྟན་ཉེས་ལ་བརྟེན་ཕྱིར་དང་། །རྒྱུ་ཡི་དབང་ཉིད་ཕྱིར་སྡུག་བསྔལ། །བདག་མིན་བྱིན་གྱིས་བརླབས་པའང་མིན། །རྒྱུ་མིན་བྱིན་གྱིས་རློབ་པ་མིན། །རྟག་ནའང་ཇི་ལྟར་རྒྱུ་རུ་
འགྱུར། །དེ་ཕྱིར་དུ་མ་དེ་གཅིག་ལ། །དུས་ཐ་དད་པར་སྐྱེ་མི་འགྱུར། །ཞེས་བྱ་བ་ལ། དེ་ལ་སྡུག་བསྔལ་གྱི་བདེན་པ་ནི། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པ་ལས་རྣམ་པ་བཞིར་བསྟན་ཏོ། །དེ་ལ་སྡུག་བསྔལ་ཏེ་དུས་རེས་འགའ་དམིགས་པའི་ཕྱིར་མི་རྟག་
པ་སྟེ། རྟག་པ་ནི་གཏན་དུ་བ་བལྟར་རུང་བའི་ངོ་བོ་ཡིན་པས་རེས་འགའ་དམིགས་པར་རིགས་པ་མ་ཡིན་ཏེ། བལྟར་རུང་བ་དང་། མི་རུང་བའི་ངོ་བོ་དག་ཕན་ཚུན་སྤངས་ཏེ་གནས་པའི་ཕྱིར་འགལ་བར་འགྱུར་བའི་ཕྱིར་རོ། །རྒྱུའི་དབང་ཉིད་ཀྱི་ཕྱིར་ཡང་སྡུག་བསྔལ་བ་སྟེ། གཞན་གྱི་
དབང་དུ་གྱུར་པ་ཐམས་ཅད་སྡུག་བསྔལ་བའོ་ཞེས་བྱ་བའི་རིགས་པས་སོ། །དང་གི་སྒྲས་ནི་གོམས་པའི་དབང་དུ་གྱུར་པ་ཉིད་ཀྱང་བརྗོད་པར་བྱའོ། །བདག་གི་ངོ་བོ་ཉིད་ཀྱང་མ་ཡིན་ལ། བདག་གིས་བྱིན་གྱིས་བརླབས་པ་ཡང་མ་ཡིན་པའི་ཕྱིར་བདག་ནི་རྒྱུ་མ་ཡིན་ཞིང་བྱིན་གྱིས་རློབ་པ་
ཡང་མ་ཡིན་ཏེ། བྱིན་གྱིས་རློབ་པས་ནི་བྱེད་པ་དང་བཅས་པར་འགྱུར་བའོ། །བྱེད་པ་དང་བཅས་ན་ནི་རྒྱུ་ཡིན་ནོ། །འོ་ན་ཡང་བདག་ནི་རྒྱུ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། གང་གི་ཕྱིར་བདག་ལ་སོགས་པ་རྟག་པ་སྐྱེད་བྱེད་དུ་མི་རུང་ལ། མི་སྐྱེད་ན་ནི་རི་བོང་གི་རྭ་བཞིན་མེད་པར་འགྱུར་
རོ། །དེ་བས་ན་འབྲས་བུ་དུ་མ་དུས་ཐ་དད་པར་བདག་ལ་སོགས་པ་རྟག་པ་ལས་སྐྱེ་བར་མི་འགྱུར་རོ། །འོ་ན་བདག་གིས་བྱིན་གྱིས་མ་བརླབས་པའི་མིག་ལ་སོགས་པས་ཇི་ལྟར་ཤེས་པ་སྐྱེད་པར་བྱེད། དེས་ན་འབྲས་བུ་ཤེས་པ་གཞན་དུ་མི་འཐད་པའི་ཕྱིར། བདག་བྱེད་པ་

པོར་དཔག་གོ་ཞེ་ན། འདིར་སྨྲས་པ། རྒྱུ་གཞན་དག་ནི་ཉེ་བ་ནའང་། །འབྲས་བུ་དག་ནི་མི་སྐྱེད་ཕྱིར། །རྒྱུ་གཞན་རྗེས་སུ་དཔོག་འགྱུར་ན། །དེ་ནི་རྟག་རྣམས་ལ་ཡོད་མིན། །ཞེས་བྱ་བ་ལ། གལ་ཏེ་མིག་ལས་གཞན་རྣམས་ཚོགས་ཀྱང་མིག་གི་རྣམ་པར་ཤེས་པ་མི་སྐྱེད་ཅིང་།
མིག་གི་རྣམ་པར་ཤེས་པ་བསྐྱེད་པ་ཡང་ཡིན་པའི་ཕྱིར་རོ། །རྒྱུ་གཞན་པ་རྗེས་སུ་དཔག་པར་བྱ་སྟེ། གང་ཞིག་མེད་པར་འབྲས་བུ་མི་སྐྱེད་པས། མཚུངས་པ་དེ་མ་ཐག་པའི་རྐྱེན་གྱིས་བྱིན་གྱིས་བརླབས་པའི་མིག་ལ་སོགས་པ་ཙམ་ལས་ཤེས་པ་སྐྱེ་བའི་ཕྱིར་རོ། །གང་གིས་བདག་མེད་
ན་ཤེས་པ་མེད་པར་འགྱུར་བའི་བདག་རྟག་པ་དང་། ཁྱབ་པ་ལ་ནི། ནམ་ཡང་གང་དུ་ཡང་བྲལ་བ་མེད་པའི་ཕྱིར་རོ། །འོན་ཏེ་ལྡོག་པ་མེད་པར་ཡང་བདག་ཡོད་པ་ཙམ་གྱིས་བདག་གིས་སྐྱེད་དོ་ཞེ་ན། འོ་ན་ནམ་མཁའ་ལ་སོགས་པ་དག་ཀྱང་མིག་ལ་སོགས་པ་བྱིན་གྱིས་རློབ་པར་བྱེད་པར་
འགྱུར་ཏེ། དེ་དག་ཀྱང་རྟག་པ་དང་ཁྱབ་པས་ཤེས་པ་སྐྱེ་བའི་ཚེ་ཡོད་པའི་ཕྱིར་རོ། །དེ་བས་ན་ཡོད་པ་ཙམ་གྱིས་བདག་རྒྱུར་འགྱུར་བ་མ་ཡིན་ནོ། །རེས་འགའ་འབྱུང་བ་དག་གིས་ནི། །སྡུག་བསྔལ་འདི་རྒྱུ་ཅན་ཉིད་གྲུབ། །རྒྱུ་མེད་གཞན་ལ་མི་ལྟོས་ཕྱིར། །རྟག་ཏུ་ཡོད་པའམ་མེད་པར་
འགྱུར། །ཞེས་བྱ་བ་ལ། ཀུན་འབྱུང་གི་བདེན་པ་ཡང་རྣམ་པ་བཞི་སྟེ། རྒྱུ་དང་། ཀུན་འབྱུང་བ་དང་། རབ་ཏུ་སྐྱེ་བ་དང་། རྐྱེན་གྱི་རྣམ་པ་ལས་ཡིན་ཏེ། དེ་ལ་རྒྱུ་ནི་རྒྱུ་མ་ཡིན་པ་དགག་པའི་ཕྱིར་རོ། །རབ་ཏུ་སྐྱེ་བ་ནི་ནུས་པ་མེད་པ་དགག་པའི་ཕྱིར་ཏེ། དེ་ལས་སྐྱེས་པའི་ཕྱིར་རབ་ཏུ་སྐྱེ་བ་
ཡིན་ནོ། །རྐྱེན་ནི་གཙོ་བོ་དགག་པའི་ཕྱིར་རོ། །དེ་ལ་རེ་ཞིག་སྡུག་བསྔལ་གྱི་རྒྱུ་ཡོད་དོ་ཞེས་བསྟན་པར་བྱ་སྟེ། དུས་ངེས་པ་ཅན་ཡིན་པའི་ཕྱིར། སྡུག་བསྔལ་འདི་ནི་རྒྱུ་དང་བཅས་པར་ངེས་ཏེ། རྒྱུ་དང་བཅས་པ་ཉིད་དུ་འཇུག་པའི་ཕྱིར་རོ། །དེའི་དངོས་པོ་ནི་རྒྱུ་དང་བཅས་པ་ཉིད་དོ། །འོ་ན་
གལ་ཏེ་སྡུག་བསྔལ་ནི་རེས་འགའ་བ་ནི་ཡིན་པ་དེ་ལྟ་ན་ཡང་རྒྱུ་དང་བཅས་པར་ཇི་ལྟར་འགྱུར་ཞེ་ན། གང་གི་ཕྱིར་རྒྱུ་མེད་ན་དངོས་པོ་ནི་རྟག་ཏུ་ཡོད་པའམ་མེད་པར་འགྱུར་ཏེ། རྒྱུ་གཞན་ལ་མི་ལྟོས་པའི་ཕྱིར་རོ། །ལྟོས་པ་མེད་ན་རྒྱུ་དང་བཅས་པ་ཉིད་དུ་བསྟན་པར་འགྱུར་རོ། །ཇི་ལྟར་ཚད་མ་ལ་

སོགས་ཀྱི། །རྣོ་བ་ལ་སོགས་རྒྱུ་མེད་པ། །དེ་ལྟར་དེ་དག་རྒྱུ་མེད་འགྱུར། །ཞེས་ནི་ཁ་ཅིག་སྨྲ་བར་བྱེད། །ཅེས་བྱ་བ་ལ། རྒྱུ་མེད་པར་སྨྲ་བ་རྣམས་ནི་ངོ་བོ་ཉིད་ཀྱིས་འབྱུང་བ་ཆེན་པོའི་རང་བཞིན་ཡོད་དེ། འབྱུང་བའི་ཁྱད་པར་ཉིད་དུས་དང་ཡུལ་དང་། གནས་སྐབས་དང་ལྡན་པར་
སྐྱེའོ། །དེ་ལ་ཁྱད་པར་རྣམས་ཀྱང་རྒྱུ་མེད་པ་ཉིད་དུ་སྣང་སྟེ། མདུང་དང་། ལྕགས་མདུང་དང་། ཁབ་ལ་སོགས་པ་རྣམས་མགར་བས་ལྕགས་ཀྱི་ངོ་བོ་ཉིད་དུ་བྱེད་པ་ནི་མ་ཡིན་གྱི། རྣོ་བ་ཉིད་དུ་ཁྱད་པར་དུ་བྱེད་ལ། ལྕགས་བྱེད་ན་ཡང་ས་ལ་སོགས་པ་ནི་བྱེད་པ་ནི་མ་ཡིན་པའི་ཕྱིར་
ལྕགས་ལ་སོགས་པའི་ངོ་བོ་ཉིད་བྱེད་པའི་མགར་བ་མེད་ཀྱང་ཚེར་མ་ལ་སོགས་པ་ལ་རྣོ་བ་ཡོད་པའི་ཕྱིར་རྣོ་བ་ཉིད་མགར་བས་བྱས་པ་ནི་མ་ཡིན་ནོ། །དེ་བཞིན་དུ་སྐྱེར་པ་མེད་ཀྱང་། ལུགས་མདུང་ལ་སོགས་པ་ལ་རྣོ་བ་མཐོང་བའི་ཕྱིར། རྣོ་བའི་རྒྱུ་སྐྱེར་པ་ནི་མ་ཡིན་ནོ། །རྒྱུ་མ་ངེས་པ་ནི་རྒྱུ་མེད་
པ་ཉིད་དོ། །དེ་བཞིན་དུ་འགྲོ་བ་འདི་དག་རྒྱུ་ངེས་པ་མེད་པའི་ཕྱིར། རྒྱུ་མེད་པ་ཅན་ཡིན་ནོ་ཞེ་ན། དེ་ནི་བདེན་པ་མ་ཡིན་ཏེ། གང་ཡོད་ན་ནི་གང་སྐྱེ་བའམ། །འགྱུར་བ་ཡོད་ནའང་འགྱུར་བ་ནི། །དེ་ནི་དེའི་རྒྱུར་རབ་ཏུ་བསྟན། །དེ་དག་དེ་རྣམས་ལ་ཡང་ཡོད། །ཅེས་བྱ་བ་
ལ། འདིའི་དགོངས་པ་ནི་འདི་ཡིན་ཏེ། གལ་ཏེ་ཁྱད་པར་གྱི་ངོ་བོ་ཉིད་བསྐྱེད་པར་བྱ་བ་ཡིན་པ་དེའི་ཚེ་རྒྱུ་མེད་པ་མ་ཡིན་ནོ། །སྐྱེར་པའི་ཚེར་མ་ལ་སོགས་པ་ཡང་། སྐྱེར་པའི་ས་བོན་མེད་པར་མང་པོ་དང་རྣོན་པོ་ཉིད་དུ་འགྱུར་ན་མ་ཡིན་ཏེ། སྐྱེར་པའི་ས་བོན་ཡོད་ན་ཡོད་ལ་དེ་མེད་ན་མེད་པའི་
ཕྱིར། རྒྱུ་མེད་པ་ཉིད་དུ་འཐད་པ་མ་ཡིན་ནོ། །འདི་ལྟར་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་དང་། དེ་གྱུར་ན་འགྱུར་བ་ནི་རྒྱུ་དང་ལྡན་པའི་མཚན་ཉིད་དུ་བསྟན་ཏོ། །དེ་ཡང་ཡོད་པ་དང་མེད་པའི་རྗེས་སུ་བྱེད་པ་དང་། དེ་གྱུར་ན་འགྱུར་བའི་རྣོ་བ་ལ་སོགས་པ་ལ་ཡོད་པའི་ཕྱིར་འབྲས་བུ་ཉིད་
དུ་རིགས་སོ། །མགར་བ་ལ་སོགས་པས་ཀྱང་རྣོན་པོ་ལ་བསྐྱེད་པ་མ་ཡིན་ནམ། དེ་ལས་སྐྱེར་ཚེར་མེ་སྐྱེའོ་ཞེ་ན། དེ་ཡང་མ་ཡིན་ཏེ། གང་གི་ཕྱིར་ཇི་ལྟར་སྐྱེར་ཚེར་གྱི་རྣོ་བ་སྐྱེས་པ་དེ་བཞིན་དུ་ངོ་བོ་ཉིད་མགར་བས་བསྐྱེད་པ་ནི་མ་ཡིན་ཏེ། ཁྱད་པར་གཞན་དུ་མཐོང་བའི་ཕྱིར་རོ། །འོན་ཏེ་གང་

ནས་གང་ཡོད་པ་དེ་ནི་དེའི་རྒྱུར་འགྱུར་བ་ཉིད་ཡིན་ན། རེག་བྱ་ཡང་མཐོང་བའི་རྒྱུ་ཉིད་དུ་ཐལ་བར་འགྱུར་ཏེ། རེག་བྱ་མེད་ན་མཐོང་བ་ཡང་མེད་པའི་ཕྱིར་རོ་ཞེ་ན། གཟུགས་རྒྱུ་ཉིད་ཕྱིར་རེག་བྱ་ནི། །མཐོང་བ་ཡི་ཡང་རྒྱུ་མཚན་ཉིད། །ཅེས་བྱ་བ་ལ། འདིའི་དགོངས་པ་ནི་འདི་ཡིན་ཏེ། ཚོགས་པ་
གཅིག་ལ་རག་ལས་པའི་ཕྱིར་གཟུགས་དང་རེག་བྱ་ཉིད་མེད་ན་མི་འབྱུང་བ་ཉིད་ཡིན་ནོ། །དེ་བས་ན་རེག་བྱ་མེད་ན་མཐོང་བ་མི་འབྱུང་སྟེ། རེག་བྱ་མེད་ན་གཟུགས་མི་འབྱུང་བའི་ཕྱིར་དང་། གལ་ཏེ་གཟུགས་ཡོད་ན་ནི་མཐོང་བར་ཡང་འགྱུར་བ་ཉིད་དོ། །ཡང་ན་ཕན་ཚུན་མེད་ན་མི་འབྱུང་བར་
འགྱུར་ན་དུས་མཚུངས་པའི་རེག་བྱ་ནི་གཟུགས་ཀྱི་རྒྱུ་ཉིད་ཡིན་པའི་ཕྱིར། གང་གི་ཚེ་རེག་བྱ་གཟུགས་ཀྱི་རྒྱུ་ཡིན་པ་དེའི་ཚེ་བརྒྱུད་ནས་གཟུགས་ཀྱང་རེག་བྱའི་རྒྱུ་ཉིད་ཡིན་པར་འགྱུར་རོ། །དེ་ལྟར་རྒྱུ་མ་ཡིན་པ་བཀག་ནས་རྒྱུ་ཉིད་དོ་ཞེས་བྱ་བ་གཅིག་པུ་རྣམ་པར་གནས་པ་ཡིན་ནོ། །ཀུན་
འབྱུང་ཞེས་བྱ་བ་རྣམ་པ་གཉིས་པ་བསྟན་པའི་ཕྱིར། རྟག་པ་རྣམས་ནི་བཀག་པའི་ཕྱིར། །དབང་ཕྱུག་སོགས་ལས་འབྱུང་བ་མིན། །ཞེས་བྱ་བ་ལ། སྡུག་བསྔལ་རྒྱུ་དང་བཅས་པ་ཡིན་ན་ཡང་། རྒྱུ་རྟག་པ་གཅིག་པུ་བཀག་པས་ཀུན་འབྱུང་བའི་རྣམ་པ་ཉིད་རྒྱུར་ངེས་པར་བྱེད་དོ། །གལ་
ཏེ་རྟག་པ་གཅིག་པུ་རྒྱུ་ཡིན་པ་དེའི་ཚེ་འབྲས་བུ་དུ་མ་ཅིག་ཅར་སྐྱེ་བར་འགྱུར་རོ། །རྟག་པ་དང་གཙོ་བོ་དེ་དག་ནི་སྔར་བཀག་པར་བྱས་པ་ཉིད་ཡིན་ནོ། །དེ་བས་ན་རྟག་པའི་ཕྱིར་དབང་ཕྱུག་ལ་སོགས་པ་ལས་སྡུག་བསྔལ་འབྱུང་བ་ནི་མ་ཡིན་ཏེ། དབང་ཕྱུག་ནི་རིམ་དང་ཅིག་ཅར་དག་
གིས་དོན་བྱེད་པ་དང་བྲལ་བའི་ཕྱིར་རོ། །རབ་ཏུ་སྐྱེ་བ་ནི་རྣམ་པ་གསུམ་པ་སྟེ། དེ་ཡང་སྲེད་པ་ཡིན་གྱི་ལས་ལ་སོགས་པ་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ནུས་པ་མེད་ཕྱིར་དེ་ཡི་རྒྱུ། །སྲིད་ལ་འདོད་པ་འཛིན་པ་ཡིན། །གང་ཕྱིར་ཡུལ་གྱི་ཁྱད་པར་ལེན། །མི་རྣམས་དེ་
ཐོབ་བསམ་པས་བྱས། །ཞེས་བྱ་བ་ལ། རྒྱུ་གཞན་ལས་སམ་མ་རིག་པ་ལ་ནུས་པ་མེད་པའི་ཕྱིར། ལས་དང་ལུས་དང་མ་རིག་པ་ལས་གཞན་ལ་རབ་ཏུ་སྐྱེ་བའི་ནུས་པ་ཡོད་པར་བརྗོད་པར་བྱ་བ་མ་ཡིན་ཏེ། སྲེད་པ་མེད་ན་སྐྱེ་བར་མི་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་ལས་ལ་སོགས་

པ་གཞན་ལ་ནུས་པ་མེད་པའི་ཕྱིར། སྲིད་པ་ལ་འདོད་པ་ཉིད་སྐྱེ་བའི་རྒྱུ་ཡིན་ཏེ། འདོད་པ་ལ་ལས་རབ་ཏུ་སྐྱེ་བ་མཐོང་བའི་ཕྱིར་རོ། །ཇི་ལྟར་མཐོང་ཞེ་ན་ལེན་པའི་ཕྱིར་ཏེ། ལེན་པ་ནི་ཡུལ་གྱི་ཁྱད་པར་འདོད་པ་སྟེ། བརྗོད་པར་འདོད་པའི་ཡུལ་ཐོབ་པར་སྲེད་པས་བྱེད་པའི་ཕྱིར་
རོ། །ལེན་པ་ནི་སྐྱེ་བ་ལ་སྦྱོར་བ་ཡིན་པ་དེ་བས་ན། སྐྱེ་བ་ལ་སྲེད་པ་ནི་རབ་ཏུ་སྐྱེ་བའོ། །སྲིད་པ་འདོད་པ་ནི་མ་འོངས་པའི་སྐྱེ་བ་ལ་འདུན་པར་བྱེད་པའི་རྣམ་པའོ། །འོན་ཏེ་ཀུན་འབྱུང་གི་བདེན་པ་ནི་བཅོམ་ལྡན་འདས་ཀྱིས་ཡུལ་གྱི་ཁྱད་པར་ལ་འདུན་པར་གསུངས་པ་མ་ཡིན་ཏེ། དེ་ལ་ཀུན་འབྱུང་
གི་བདེན་པ་གང་ཞེ་ན། ཡང་སྲིད་པ་ལ་སྲིད་པ་གང་ཡིན་པ་སྟེ། དགའ་བའི་འདོད་ཆགས་དང་བཅས་པ་དེ་དང་དེ་ལ་མངོན་པར་དགའ་བའོ། །གང་འདི་འདོད་པའི་སྲེད་པ་དང་སྲིད་པའི་སྲེད་པ་དང་བྲལ་བའི་སྲེད་པ་ཞེས་བྱའོ་ཞེས་གསུངས་སོ་ཞེ་ན། །འགལ་བ་མེད་དེ་གང་གི་ཕྱིར། །དེ་ནི་སྲེད་
འདོད་གང་ཡིན་ཡང་། །སྲོག་ཆགས་བདེ་སྡུག་ཐོབ་པ་དང་། །འདོར་འདོད་འཇུག་པ་དེ་དག་ནི། །འདོད་དང་བྲལ་བ་ལ་སྲེད་འདོད། །ཅེས་བྱ་བ་ལ། གང་འདི་ཡང་སྲེད་པ་ལ་དགའ་བའི་འདོད་ཆགས་དང་བཅས་པའི་སྲོག་ཆགས་རྣམས་ནི་དེ་དང་དེ་ལ་མངོན་པར་དགའ་བ་ཅན་གྱི་སྲེད་པ་སྟེ། དེ་
དག་ཐམས་ཅད་ནི་རྣམ་པ་གསུམ་སྟེ། འདོད་པའི་སྲེད་པ་དང་སྲིད་པའི་སྲེད་པ་དང་བྲལ་བའི་སྲེད་པ་ཞེས་བྱའོ། །དེ་ལ་གང་གནས་དང་ཡོ་བྱད་ལ་སོགས་པ་འདོད་པ་ཡོད་པ་དེ་ནི་སྲིད་པའི་སྲེད་པའོ། །གང་བདེ་བ་ལ་སྦྱོར་བ་དེ་ནི་འདོད་པའི་སྲེད་པའོ། །གང་སྡུག་བསྔལ་དང་བྲལ་བར་འདོད་
པ་དེ་ནི་བྲལ་བའི་སྲེད་པའོ། །གང་ལས་སྲོག་ཆགས་རྣམས་འཇུག་པ་སྟེ་ཇི་ལྟ་བུ་ཞེ་ན། ཐོབ་པ་དང་འདོར་བར་འདོད་པའོ། །ཅི་ཞེ་ན་བདེ་བ་དང་། སྡུག་བསྔལ་དག་སྟེ། བདེ་བ་ཐོབ་པ་དང་། སྡུག་བསྔལ་དོར་བ་དོན་དུ་གཉེར་བ་ཞེས་བྱ་བའི་ཐ་ཚིག་གོ། །བདེ་བ་བླང་བ་དང་། སྡུག་
བསྔལ་དོར་བར་འདོད་པ་དེ་དག་ནི་འདོད་པ་དང་བྲལ་བ་དང་། སྲེད་པའི་འདོད་པ་ཡིན་པར་འདོད་པའི་ཕྱིར་ཀུན་འབྱུང་བར་བསྟན་པ་ལ་འགལ་བ་ཅི་ཡང་མེད་དོ། །རྐྱེན་གྱི་རྣམ་པ་བཞི་པ་བསྟན་པའི་ཕྱིར། བདེ་མིན་ལ་བདེར་འདུ་ཤེས་པའི། །ཀུན་ལ་རབ་ཏུ་འཇུག་པ་ལ། །བདག་

ལ་ཆགས་པ་རྒྱུ་ཉིད་ཕྱིར། །དེ་ཕྱིར་སྲེད་པ་སྲིད་རྟེན་ཡིན། །ཞེས་བྱ་བ་ལ། བདག་ཏུ་འཛིན་པ་དང་ལྡན་པ་གཅིག་ཏུ་སྒྲོ་འདོགས་པ་ཉིད་ཀྱི་སེམས་ནི་བདག་ཏུ་ཞ