Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 182
Văn bản gốc(Tây Tạng)
Trang 23 / 26 (50.000 ký tự/trang)
ས་ལ་སོགས་པའི་དངོས་པོ་དེ་རྣམས་ལས་ཐ་དད་པར་དབང་པོ་ལས་སྐྱེས་པའམ། རྟོགས་པ་དང་ བཅས་པའི་བློ་ལ་གནས་ཡན་ལག་ཅན་ལ་སོགས་པའི་ངོ་བོ་ཉིད་སྣང་བར་མི་འགྱུར་བའམ། རྫས་ལ་སོགས་པ་རྗོད་པར་བྱེད་པ་ལས་ཐ་དད་པར་རྟོགས་པའི་བློ་ལ་མི་སྣང་སྟེ། འདི་ལྟར་ཡན་ལག་ཅན་ལ་སོགས་པ་མ་ལུས་པ་ཡོན་ཏན་སོགས་པས་སྟོང་པར་འདོད་ཅིང་། མིག་གི་ཤེས་པས་ ཀྱང་ལྡན་པ་ཅན་གཟུགས་ལ་སོགས་པ་རྟོགས་པར་འགྱུར་གྱི་རྫས་ལ་སོགས་པ་ཐ་དད་པ་ནི་མ་ཡིན་ནོ། །རྟོགས་པའི་ཤེས་པ་ལ་ཡང་གསལ་བའི་རང་བཞིན་ཉིད་སྣང་བ་འམ། བརྗོད་པའི་རང་བཞིན་ནང་གི་ཤེས་པས་བརྗོད་པར་འགྱུར་བ་ཉིད་ཡིན་གྱི་རིགས་ལ་སོགས་པ་རྣམས་ཀྱི་ངོ་བོ་ཉིད་ ཀྱིས་སྣང་བ་ནི་མ་ཡིན་ནོ། །འདི་དག་གིས་ནི་མི་དམིགས་པ་བསྟན་པ་ཡིན་ནོ། །གལ་ཏེ་རིགས་ལ་སོགས་པ་མངོན་སུམ་གྱིས་མི་ཤེས་པ་དེ་ལྟ་ན་ཡང་བརྗོད་པ་དང་ཤེས་པ་གཅིག་གི་རྣམ་པ་ཅན་མཐོང་བའི་ཕྱིར་རིགས་ལ་སོགས་པ་ངེས་པར་བྱེད་པ་སྟེ། རང་གི་མཚན་ཉིད་ཀྱི་རྒྱུ་མཚན་ལས་རིགས་ལ་སོགས་པ་ མི་རྟོགས་པ་མ་ཡིན་ནམ་ཞེ་ན། དེ་མི་རིགས་ཏེ་གང་གི་ཕྱིར། །དངོས་པོ་ཐ་དད་རྗེས་འབྲང་བའི། །རྣམ་པར་རྟོག་པས་སྒྲ་དང་ཤེས། །བརྟགས་དོན་ཅན་དེ་དཔེར་ཡོན་ཏན། །སོགས་པའམ་ཞིག་དང་མ་སྐྱེས་བཞིན། ཞེས་བྱ་བ་ལ། ཤེས་པ་དང་བརྗོད་པའི་བྱེ་བྲག་མི་འདྲ་བ་ཉིད་ཀྱིས་དངོས་པོ་ ཐ་དད་པ་ནི་མ་ཡིན་གྱི། འོན་ཀྱང་མངོན་སུམ་གྱི་སྣང་བ་ཐ་དད་པས་ཏེ། རྟོགས་པའི་བག་ཆགས་ཀྱི་སྟོབས་ལས་བྱུང་བའི་རྟོགས་པའི་བློ་ནི་རིགས་ལ་སོགས་པ་ཉིད་དུ་སྣང་གི་དངོས་པོའི་རྒྱུ་ཅན་ནི་མ་ཡིན་པའི་ཕྱིར་རོ། །དེས་ན་རྗེས་སུ་འགྲོ་བ་དང་། ལྡོག་པས་ཀུན་དུ་བརྟགས་པའི་ཐ་དད་པ་ལ་ བརྟེན་ནས་རིགས་ལ་སོགས་པའི་བློ་སྐྱེ་སྟེ། འདི་ལྟར་བ་ལང་གི་གོང་བུ་ལ་གཞན་དུ་དཀར་པོ་ཉིད་མཐོང་ཞིང་། དཀར་པོ་ཉིད་ལ་གཞན་དུ་བ་ལང་ནག་པོ་མཐོང་བའི་ཕྱིར་རྗེས་སུ་འགྲོ་བ་དང་། ལྡོག་པ་དེས་རིགས་མི་མཐུན་པ་རྣམ་པར་གཅོད་པའི་དངོས་པོ་ཐ་དད་པའི་རྗེས་སུ་འབྲང་བའི་རྣམ་པར་ རྟོག་པས་བརྟགས་པའི་དོན་ཅན་ཏེ། སྒྲོ་བཏགས་པའི་ཡུལ་ལ་སྒྲ་དང་ཤེས་པ་ཐ་དད་པ་དག་གིས་རིགས་དང་ཡོན་ཏན་ལ་སོགས་པ་ཐ་དད་པར་ཇི་ལྟར་སྒྲུབ་པར་བྱེད་དེ། དཔེར་ན་ཡོན་ཏན་ལ་སོགས་པ་རང་བཞིན་གཅིག་ལ། ཡོན་ཏན་ཉི་ཤུ་རྩ་བཞི་དང་། ལས་ལྔ་ཡོད་ཀྱང་ཡོན་ཏན་ལ་ སོགས་པའི་གྲངས་ཡོད་པ་ལ། གྲངས་ཡོད་པ་ནི་མ་ཡིན་ཏེ། དེ་རྫས་ལ་བརྟེན་པའི་ཕྱིར་རོ། །རྟེན་གྱི་གྲངས་ལ་བརྟགས་ནས་དེ་ལྟར་ཐ་སྙད་གདགས་པར་མི་རུང་སྟེ་རྟེན་ཐ་དད་ཀྱང་གཅིག་པུ་ཉིད་དོ།། །།ཚད་མ་རྣམ་འགྲེལ་གྱི་འགྲེལ་པ་ལས། བམ་པོ་དྲུག་པ། ཞིག་དང་མ་ སྐྱེས་རྣམས་ལ་ཡང་། །ཇི་ལྟར་གཅིག་པུ་ཉིད་དུ་ཤེས། །ཉེ་བར་བཏགས་ལས་འདིར་འདོད་ན། །དེ་རྒྱུ་ཅན་འདོད་གང་ཡིན་པ། །དེ་ཉིད་དངོས་རྣམས་ཐམས་ཅད་ལ། །དེ་དག་གིས་རྒྱུ་ཅིས་མི་འདོད། །ཅེས་བྱ་བ་ལ། གལ་ཏེ་ཞིག་པ་དང་མ་བྱུང་བ་དག་ལ་གཅིག་པ་ཉིད་ཉེ་བར་བཏགས་ ནས་ཐ་སྙད་འདོགས་པ་དང་། རྟོགས་པ་ནི་འདས་པ་ལ་སོགས་པ་ལ་ཉེ་བར་བཏགས་པ་འདི་ནི་རྟོགས་པའི་ཤེས་པའི་རྒྱུ་ཅན་ཏེ། ཐོག་མ་མེད་པའི་རྟོགས་པས་ལྷག་པར་གཞག་པ་དེ་ཉིད་དངོས་པོ་རྣམས་ཐམས་ཅད་ལ་སྒྲ་དང་ཤེས་པ་དག་གི་རྒྱུར་འགྱུར་གྱི། དངོས་པོ་རེག་པ་མ་ཡིན་ ནོ། །ཉེ་བར་འདོགས་པའང་ཀུན་དུ་མིན། །གལ་ཏེ་ཐ་དད་ཁྱད་པར་ཅན། །དངོས་ཞེས་བྱ་ནི་འདིས་ཅི་ཤེས། །གལ་ཏེ་ཐ་དད་མེད་པ་དག །ཐ་དད་མེད་དོན་ཅན་ཞེ་ན། །དོན་གཞན་མིན་རྒྱུ་ཅན་ཡིན་ཡང་། །དཀར་པོ་སོགས་ལ་གྲངས་ལ་སོགས། །ལྡན་པ་ཅན་སྒྲ་རྣམ་གྲངས་མིན། །གལ་ཏེ་དེ་ལའང་དོན་ གཞན་ན། །ཡོན་ཏན་དང་རྫས་ཁྱད་མེད་འགྱུར། །ཞེས་བྱ་བ་ལ། དེ་ལྟར་ནི་འགྱུར་མོད་ཀྱི་ཉེ་བར་བཏགས་པ་ཞེས་བྱ་བ་དངོས་ཀྱི་རྒྱུ་ཅན་ཏེ། དེ་ཇི་ལྟར་དངོས་མེད་ན་གདགས་པར་རུང་། དངོས་ནི་ཐ་དད་པར་འཇིག་རྟེན་པ་ལ་གྲགས་པའི་དབྱུག་པ་ཅན་ལ་སོགས་པའི་ཁྱད་པར་ཅན་བཞིན་ལ་ཐ་མི་དད་པའི་ཁྱད་ པར་ཅེས་ནི་བཏགས་པའོ། །སངས་རྒྱས་པ་ནི་སྔ་མ་སྔ་མས་རྟོགས་པས་གཞག་པ་ཙམ་སྟེ། ཁྱད་པར་ཅན་མི་སྲིད་པས། །ཐ་དད་པར་གྱུར་པའི་ཁྱད་པར་ཅན་ཉིད་མེད་ན། དངོས་པོ་མེད་པས་ཀུན་དུ་བཏགས་པར་མེད་པར་འགྱུར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། གང་གི་ཕྱི་ཐ་དད་པའི་ཁྱད་པར་ཅན་གང་ཡིན་པ་དེ་ནི་ དངོས་ཞེས་བྱ་ན། དེ་ཡང་ཅིས་ཤེས་ཏེ། ཐ་དད་པའི་ཁྱད་པར་ཅན་དང་བྲལ་བ་ཡང་། རྟོགས་པས་མཐོང་བའི་ཐ་དད་པའི་ཁྱད་པར་ཅན་གྲགས་ཚོད་ཙམ་ནི་དངོས་པོ་ཁོ་ན་སྟེ། མ་བཀྱོགས་པར་རྟོགས་པའི་བློའི་ཡུལ་ནི་དངོས་ཡིན་ལ། བཀྱོགས་པ་ནི་རྟོགས་པ་ཅན་གྱི་ཤེས་པའི་ཡུལ་ནི་བཏགས་པའོ་ཞེ་ན་ འཇིག་རྟེན་པ་ལ་གྲགས་པའོ། །གཞན་ཡང་ཡུལ་ཐ་དད་པ་ཅན་ཉིད་དངོས་ཡིན་ལ། ཅིག་ཤོས་བཏགས་པའོ་ཞེ་ན། དེ་ལྟ་བུ་ཐམས་ཅད་བཏགས་པ་ཉིད་ཡིན་མོད་ཀྱི། ཐ་དད་པའི་ཁྱད་པར་ཅན་མེད་པའི་ཕྱིར་རོ། །འདས་པ་ལ་སོགས་པ་ལ་ནི་ཁྱད་པར་ཡང་མེད་པའི་ཕྱིར་ཉེ་བར་བཏགས་པར་འགྱུར་ རོ། །གལ་ཏེ་ཐ་དད་པའི་ཁྱད་པར་ཅན་མེད་ན། དེའི་ཚེ་ཐ་མི་དད་པའི་བརྗོད་པར་བྱ་བ་ནི་ཐ་དད་མེད་པའི་དོན་ཅན་ཏེ་རྣམ་གྲངས་པའི་རང་བཞིན་ཉིད་དུ་འགྱུར་ཞིང་། བུམ་པ་གཅིག་ཅེས་བྱ་བ་གཞི་མཐུན་པར་ཡང་མི་འགྱུར་ཏེ། རྣམ་པར་དབྱེ་བའི་རྒྱུ་མཚན་ཡོད་ན་དེར་འགྱུར་བའི་ཕྱིར་མ་ཡིན་ནམ་ ཞེ་ན་དེ་ནི་མི་བདེན་ཏེ། གང་གི་ཕྱིར་འདི་ལ་དོན་གཞན་པའི་རྒྱུ་མེད་པ་ཅན་དེའི་དངོས་པོ་འདི་ནི་དོན་གཞན་མིན་པའི་རྒྱུ་ཅན་ཏེ། དཀར་པོ་ལ་སོགས་པའི་ཡོན་ཏན་རྣམས་ལ་གྲངས་ལ་སོགས་པའི་ལྡན་པ་ཅན་གཟུགས་གཅིག་ཅེས་བྱ་བ་ལ་སོགས་པའི་སྒྲ་རྣམ་གྲངས་མ་ཡིན་པར་མཐོང་བ་དེ་བཞིན་དུ་རྫས་ལ་ སོགས་པ་རྣམས་ཀྱང་རྣམ་གྲངས་མ་ཡིན་པའོ། །དཀར་པོ་ལ་སོགས་པ་དེ་ལ་ཡང་གྲངས་ལ་སོགས་པ་དོན་གཞན་མ་ཡིན་ནམ་ཞེ་ན། དེ་ལྟ་ན་ནི་རྫས་དང་། ཡོན་ཏན་དག་ལ་ཁྱད་པར་མེད་པར་འགྱུར་ཏེ། འདི་ལྟར་བྱ་བ་དང་ལྡན་པ་དང་། ཡོན་ཏན་དང་ལྡན་པ་དང་། འདུ་བའི་རྒྱུ་ཅན་ནི་རྫས་ཡིན་ ནོ། །གལ་ཏེ་ཡང་ཡོན་ཏན་ལ་སོགས་པ་ལ་ཡང་གྲངས་ལ་སོགས་པ་ལ་ཡོད་ན། དེ་ལྟ་ན་ནི་ཡོན་ཏན་དང་ལྡན་པའི་ཕྱིར་རྫས་ཉིད་དང་གཅིག་ཏུ་འགྱུར་གྱི། ཡོན་ཏན་ལ་སོགས་པ་ཐ་དད་པ་ནི་ཡོད་པ་ནི་མ་ཡིན་ནོ། །གལ་ཏེ་གཞན་གྱི་གཞུང་ལ་དཀར་པོ་ལ་སོགས་པ་ལ་གྲངས་ལ་སོགས་པའི་སྒྲ་མི་ རིགས་པ་དེ་ལྟ་ན་ཡང་ཁྱེད་ཀྱི་ལུགས་ཀྱིས་དོན་ཐ་དད་པར་ཇི་ལྟར་འགྱུར་ཏེ། མི་འགྱུར་བ་མ་ཡིན་ནམ་ཞེ་ན། འདིར་སྨྲས་པ། ལྡོག་པ་ཐ་དད་ཕྱིར་ཐ་དད། །འགྱུར་ཏེ་དོན་གཞན་མིན་དོན་ཅན། །ཡིན་ཡང་ལས་རྫས་མིན་སྒྲ་བཞིན། །ཞེས་བྱ་བ་ལ། སངས་རྒྱས་པའི་ལུགས་ཀྱིས་གྲངས་ལ་ སོགས་པའི་སྒྲ་ཐ་དད་པ་ཡིན་ནོ། །ཇི་ལྟར་ཞེ་ན། ལྡོག་པས་བྱས་པའི་ཐ་དད་པས་ཀུན་དུ་བཏགས་པའི་ཐ་དད་པ་ཅན་གྱི་བརྗོད་པར་བྱ་བ་ཐ་དད་པའི་ཕྱིར། དཔེར་ན་རྫས་ནི་ལས་མ་ཡིན་ལ། ལས་ནི་རྫས་མ་ཡིན་གྱི། འདི་ན་དོན་གཞན་ཡོད་པ་མ་ཡིན་ནོ། །དེ་ལྟར་ན་ཡང་ལས་མ་ཡིན་པ་དང་ རྫས་མ་ཡིན་པའི་སྒྲ་ལ་སོགས་པ་རྣམས། རྣམ་གྲངས་པ་མ་ཡིན་པ་དེ་བས་ན་ལྡོག་པ་ཐ་དད་པ་ཉིད་སྒྲ་དང་ཤེས་པའི་རྒྱུ་ཡིན་གྱི་རིགས་ལ་སོགས་པ་ནི་མ་ཡིན་ནོ། །གལ་ཏེ་རིགས་ལ་སོགས་པ་མེད་ན། འོ་ན་ནི་བ་ལང་དཀར་པོ་དང་བ་ལང་གི་དཀར་པོ་ཉིད་ཅེས་བྱ་བའི་གཞི་མཐུན་པ་དང་། ཐ་ དད་པའི་རྟེན་ཅན་དུ་ཇི་ལྟར་འགྱུར་ཞེ་ན། འདིར་སྨྲས་པ། དངོས་པོ་བརྗོད་པའི་སྒྲ་རྣམས་ཀྱིས། །དེ་དང་ལྡན་ལས་ཐ་དད་བཞིན། །གྲངས་སོགས་བརྗོད་པ་གང་དེ་ཡང་། །ཆོས་གཞན་གཅོད་པར་བྱེད་པ་ཡིན། །དེ་ཙམ་ཤེས་པར་འདོད་པ་ལ། །མ་ལུས་གཞན་ནི་སྤོང་ཅན་སྒྲ། །ཐ་དད་ཆོས་བཞིན་ རྗོད་བྱེད་དེ། །ལ་ལར་སོར་མོ་གཤིབས་པ་བཞིན། །དོན་གཅིག་བརྗོད་ཀྱང་ཐམས་ཅད་ནི། །སྤོང་མིན་ཕྱིར་ཆོས་ཅན་བརྗོད་ཅན། །གྲགས་ཏེ་སོར་མོ་གཤིབས་པ་བཞིན། །དེ་ལྟའི་བརྡར་ནི་གནས་པ་ཅན། །ཞེས་བྱ་བ་ལ། གང་ཡང་ཞེས་བྱ་བ་ནི་གྲངས་ལ་སོགས་པའོ། །སོགས་པའི་ སྒྲས་ནི་ལྡན་པ་ལ་སོགས་པ་བཟུང་ངོ་། །གྲངས་ལ་སོགས་པ་གང་ལ་ཡོད་པ་དེ་དང་ལྡན་པའི་ཆོས་ཅན་དེ་ལས་ཐ་དད་པ་བཞིན་དུ་བརྗོད་དོ། །གང་གིས་ཤེ་ན། སྒྲ་རྣམས་ཀྱིས་ཏེ། དངོས་པོ་བརྗོད་པ་ནི་ཆོས་བརྗོད་པ་རྣམས་ཀྱིས་གྲངས་ལ་སོགས་པ་དེ་ཆོས་གཞན་གཅོད་པར་བྱེད་པ་སྟེ་ཐ་དད་པས་གནས་པའོ། །དེ་ ཉིད་ཀྱི་ཕྱིར་ཆོས་གཞན་སྤོང་བའི་ཆོས་དེ་ཙམ་ཞིག་ཤེས་པར་འདོད་པ་སྟེ། བསྟན་པར་བྱ་བ་ལ་སྒྲས་ཐ་དད་པའི་ཆོས་བཞིན་སྟོན་པའོ། །སྒྲ་ཇི་ལྟ་བུ་ཞེ་ན། མ་ལུས་གཞན་སྤོང་བ་ཅན་ཏེ། གཞན་དག་མ་ལུས་པའི་ཆོས་དེའི་བདག་ཉིད་ཀྱིས་སྤོང་བར་བྱེད་པ་གང་ཡིན་པའི་སྒྲ་དེའོ། །འདིར་ཡང་དཔེར་བརྗོད་པ་ ནི་ལ་ལ་ཞིག་ཏུ་སོར་མོ་གཤིབས་པ་བཞིན་ཞེས་བསྟན་པ་ཡིན་ཏེ། ཆོས་བརྗོད་པ་ཅན་དུ་གྲགས་པའི་སྒྲའོ། །སོར་མོ་གཤིབས་པ་བཞིན་ཞེས་བྱ་བ་ནི་ཆོས་ཅན་སྟོན་པའི་སྒྲ་སྟེ། ཇི་ལྟར་ཞེ་ན། ཆོས་རྣམས་ཐམས་ཅད་སྤངས་པས་དེའི་བདག་ཉིད་དུ་སྟོན་པའི་ཕྱིར། དོན་དམ་པར་ན་སོར་མོ་མ་གཤིབས་ པ་རྣམ་པར་བཤད་ནས་དོན་གཅིག་ཏུ་བརྗོད་ཅིང་སྟོན་གྱི། འདིར་ནི་རྣམ་པར་དབྱེ་བར་རྟོགས་པ་མ་ཡིན་པའི་ཕྱིར་རོ། །འོ་ན་དོན་གཞན་སྤོང་བ་དང་། མི་སྤོང་བ་ཉིད་དུ་སྤྱི་མེད་པར་ཇི་ལྟར་ཤེས་ཤེ་ན་དེའི་ཕྱིར། དེ་ཡི་བརྡར་ནི་གནས་པ་ཅན། །ཞེས་བྱ་བ་སྨོས་ཏེ། དེ་ལྟར་ཆོས་གཞན་སྤོང་བ་དང་། མི་སྤོང་བ་ དག་གིས་བྱས་པའི་བརྡར་གནས་པ་གང་ཡིན་པའི་སྒྲ་དེ་དེ་ལྟར་སྣང་བ་ཡིན་ནོ། །འདིར་འདི་དག་གིས་བསྡུས་པའི་དོན་ནི་ཇི་ལྟར་ཤེས་པའི་བརྗོད་བྱ་ཐ་དད་པས་རྣམ་གྲངས་པར་མི་འགྱུར་བ་དེ་བཞིན་དུ་བརྗོད་དོ། །བརྗོད་པར་བྱ་བ་དོན་དམ་པར་ཐ་མི་དད་ཀྱང་ལྡོག་པའི་ཆས་བརྟགས་པ་ཐ་དད་པར་མཐོང་བ་སྟེ། དཔེར་ན་གཏུན་བུའི་ལུས་དང་། སྐྲ་ཅན་གྱི་མགོ་བོ་ལྟ་བུའོ། །དེ་བཞིན་དུ་བ་ལང་གི་དཀར་པོ་ཉིད་ཀྱང་ཡིན་པའི་ཕྱིར་བ་ལང་གི་རྣམ་པ་གཅིག་ཏུ་རྟོགས་པ་སྐྱེ་བ་ནི་བ་ལང་ཐམས་ཅད་ལ་ཡིན་པར་བརྗོད་ལ། དཀར་པོ་ཞེས་བྱ་བ་ནི་བ་ལང་གི་ཕྱོགས་གཅིག་ཡིན་ཡང་། དཀར་པོར་རྟོགས་པ་སྐྱེད་པ་ནི་ དོན་གཞན་ཡང་སྟོན་པ་ནི་མ་ཡིན་ནོ། །དེ་བས་ན་བ་ལང་ཉིད་དང་དཀར་པོ་ཉིད་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གིས་ཐ་དད་པར་བརྟགས་པ་ཡིན་པའི་ཕྱིར། བ་ལང་གི་དཀར་པོ་ཡོན་ཏན་ཡིན་ནོ་ཞེས་ཐ་དད་པའི་རྣམ་པར་དབྱེ་བར་བྱེད་པ་བརྗོད་དེ། གང་གི་ཚེ་བ་ལང་གི་རྣམ་པ་ལ་ཞེན་པ་མེད་པར་ འབྲེལ་པ་ཅན་གྱི་ཁྱད་པར་ཅན་དང་བྲལ་བ་དཀར་པོ་འབའ་ཞིག་ངེས་པར་བྱེད་པ་དེའི་ཚེ་དཀར་པོ་འདི་སུའི་ཡིན་ཞེས་དྲིས་ན། བ་ལང་གི་རྫས་ངེས་པ་ཅན་གྱིས་སྟོན་པར་བྱེད་པས་ཀྱང་བ་ལང་གི་དཀར་པོ་ཞེས་སྟོན་པར་བྱེད་དོ། །དེར་ཡང་དེའི་བདག་ཉིད་ཁོ་ནར་འདོད་པ་ལྡོག་པ་སྟོན་པ་ནི་དང་པོ་དཀར་ པོ་འབའ་ཞིག་ངེས་ཤིང་བ་ལང་གི་གོང་བུ་མ་ངེས་པའི་ཕྱིར་ལྡོག་པ་བསྟན་ཏོ། །གང་གི་ཚེ་ཡང་དཀར་པོ་ཉིད་འབའ་ཞིག་འདོད་པར་མི་འགྱུར་བའི་ཕྱིར་བ་ལང་དཀར་པོའམ། གཞན་གྱི་དཀར་པོ་ཡིན་སྙམ་དུ་འབྲེལ་པ་ཅན་གྱི་ཁྱད་པར་ཤེས་པར་བྱ་བ་ལ། བློ་དམན་པ་ཉིད་ཅན་གྱི་ཉན་པ་པོས་དཀར་ པོ་འདི་བ་ལང་ཡིན་ནམ། གཞན་ཅི་ཞིག་ཡིན་ཞེས་འདྲི་བར་བྱེད་ཅིང་སྨྲ་བ་པོས་ཀྱང་བ་ལང་ཡིན་ཞེས་གཞི་མཐུན་པས་ལན་འདེབས་པར་བྱེད་དེ། ཆོས་ཁོངས་སུ་ཆུད་པ་ཉིད་ཀྱིས་འདྲི་བའི་ཕྱིར་དྲིས་པ་དང་མཐུན་པར་ལན་ཡང་གདབ་པར་རིགས་སོ། །དེའི་ཕྱིར་བ་ལང་དང་། དཀར་པོ་ཉིད་དག་ རྗེས་སུ་འགྲོ་བ་དང་ལྡོག་པ་ངེས་པ་ལས་ཐ་དད་པར་ངེས་པ་སྟེ། རྗེས་སུ་འགྲོ་བ་དང་ལྡོག་པ་དེ་དག་ཀྱང་ཐོག་མ་མེད་པར་གནས་པའོ། །དེ་དག་གིས་ནི་རིགས་དང་ཡོན་ཏན་གྱི་རྗོད་བྱེད་དག་ཐ་དད་པར་བསྟན་པ་ཡིན་ནོ། །གལ་ཏེ་གཟུགས་ལ་སོགས་པ་ལས་ཐ་དད་པའི་ཡན་ལག་ཅན་མེད་ན། དེའི་ ཚེ་བུམ་པ་དང་གཟུགས་ལ་འདི་དོན་གཅིག་པ་ཉིད་དུ་འགྱུར་བ་མ་ཡིན་ནམ་ཞེ་ན། འདིར་སྨྲས་པ། གཟུགས་སོགས་ནུས་པའི་ཁྱད་པར་རྣམས། །སྤོང་བས་དེ་འབྲས་མཚུངས་པ་ཡི། །རྒྱུ་མིན་པ་ནི་རྣམ་གཅོད་ན། །བུམ་པའི་སྒྲ་ནི་འཇུག་པར་འགྱུར། །དེའི་ཕྱིར་བུམ་པ་གཟུགས་ཞེས་པ། །གཞི་ མཐུན་པ་ཅན་སྒྲ་མ་ཡིན། །ཞེས་བྱ་བ་ལ། གང་གི་ཕྱིར་བུམ་པ་ལ་གནས་པའི་གཟུགས་ལ་སོགས་པའི་ནུས་པ་ནི་གཉིས་ཏེ། ཆུ་ལེན་པར་བྱེད་པ་དང་སོ་སོར་ངེས་པའི་མིག་ལ་སོགས་པའི་རྣམ་པར་ཤེས་པ་སྐྱེད་པར་བྱེད་པའོ། །དེ་ལ་གང་གཟུགས་ལ་སོགས་པ་ལ་སོ་སོར་ངེས་པའི་ནུས་པའི་ཁྱད་ པར་དེ་རྣམས་སྤོང་བ་སྟེ། དེ་མ་བསྟན་པར་བུམ་པའི་སྒྲས་འཇུག་པར་འགྱུར་རོ། །གང་དུ་ཞེ་ན། བུམ་པ་ལ་སོགས་པ་དེ་རྣམས་ཀྱིས་ཆུ་ལེན་པ་ལ་སོགས་པ་འབྲས་བུ་གཅིག་པ་གང་ཡིན་པ་དེའི་རྒྱུ་མ་ཡིན་པ་ཤིང་ལ་སོགས་པ་གང་ཡིན་པ་དེ་ལ་རྣམ་པར་གཅོད་པ་ན་འཇུག་པར་ འགྱུར་ཏེ། རྫས་དུ་མ་ཡོད་ན་ཡང་། ཆུ་ལེན་པའི་ནུས་པ་བསྟན་པའི་ཕྱིར་བརྡར་བྱས་པའི་ཕྱིར་རོ། །གཟུགས་ལ་སོགས་པ་དེ་རྣམས་ལ་ཡང་བུམ་པ་ཞེས་བྱ་བ་ནུས་པ་གཅིག་ལ་ཚིག་གཅིག་རིགས་པ་ཡིན་གྱི། གང་གི་ཕྱིར་དེ་ལྟར་ཐ་དད་པ་དེའི་ཕྱིར་བུམ་པའི་གཟུགས་ཞེས་བྱ་བ་དོན་གཅིག་པ་ ཅན་གྱི་སྒྲ་མ་ཡིན་ཞིང་། གཞི་མཐུན་པ་ཅན་ཡང་མ་ཡིན་ཏེ། གཞི་མཐུན་པ་ནི་རིགས་བརྗོད་པ་དང་། ཁྱད་པར་བརྗོད་པ་ཡོད་ན་ཡིན་ཏེ། གཞི་མཐུན་པས་ཁྱད་པར་འཕེན་པ་ཡིན་ནོ། །ཉེ་བར་བསྡུ་བའི་ཕྱིར། རིགས་དང་ཚོགས་ཀྱི་རྗོད་བྱེད་ཀྱི། །ཁྱད་པར་འདི་ཡང་འདོད་པ་ཡིན། །ཞེས་བྱ་བ་ སྨོས་ཏེ། དེའི་ཕྱིར་ཚོགས་པ་རྗོད་པར་བྱེད་པ་བུམ་པ་ཞེས་བྱ་བ་གཟུགས་ལ་སོགས་པའི་ཚོགས་ལ་ལྟོས་པའི་ཕྱིར་རོ། །རིགས་རྗོད་པར་བྱེད་པ་ནི་གཟུགས་ཞེས་བྱ་བ་སྟེ། དེ་དག་གི་ཁྱད་པར་ནི་སྤོང་བ་དང་མི་སྤོང་བའི་མཚན་ཉིད་འདི་ཉིད་ཡིན་ནོ། །ཚོགས་པ་གཞན་ལ་ལྟོས་ན་བུམ་པའི་སྒྲ་ ཡང་རིགས་བརྗོད་པ་ཉིད་དེ། ཚོགས་པའི་སྒྲ་ཁ་ཅིག་ཚོགས་པའི་རྗོད་བྱེད་ཡིན་ཏེ། དཔེར་ན་འབིགས་བྱེད་ཀྱི་སྒྲ་བཞིན་ནོ། །ཁ་ཅིག་གཉི་གའི་རྗོད་བྱེད་ཡིན་ཏེ། དཔེར་ན་བུམ་པའི་སྒྲ་བཞིན་ནོ། །གལ་ཏེ་དེ་ལྟར་གཟུགས་ལ་སོགས་པ་འབའ་ཞིག་བུམ་པའི་སྒྲའི་བརྗོད་བྱ་ཡིན་གྱི། རྫས་མ་ཡིན་ ན་ནི་དེའི་ཚེ་བུམ་པའི་གཟུགས་ལ་སོགས་པ་ཞེས་བྱ་བ་ཇི་ལྟར་ཐ་དད་པ་ཡིན་ཞེ་ན། འདིར་སྨྲས་པ། བུམ་པའི་གཟུགས་ལ་སོགས་རྣམས་ཞེས། །སྤྱི་དེ་དམིགས་ཀྱིས་དགར་བ་ཅན། །དེ་ཡི་ནུས་པའི་ཁྱད་པར་སྟོན། །ཕྱོགས་འདིས་གཞན་ལ་འང་བརྗོད་པ་ཡིན། །ཞེས་བྱ་བ་ལ། བུམ་པའི་གཟུགས་ལ་སོགས་པ་ཞེས་བརྡར་བཏགས་པ་འདིས་ནི་བུམ་པའི་སྤྱི་དེ་ཁྱད་པར་དུ་དམིགས་ཀྱིས་འགེར་བ་གང་ཡིན་པའི་གཟུགས་ལ་སོགས་པ་དེ་རྣམས་ཀྱི་ནུས་པ་སོ་སོར་ངེས་པའི་བྱེ་བྲག་མིག་གི་རྣམ་པར་ཤེས་པ་སྐྱེད་པར་བྱེད་པར་སྟོན་ཏེ། གཟུགས་ལ་སོགས་པ་ཆུ་ལེན་ པ་ལ་སོགས་པའི་དགོས་པ་ཅན་ཞེས་བྱ་བའི་ཐ་ཚིག་གོ། །ཕྱོགས་འདིས་ནི་ཚོགས་པའི་སྒྲ་གཞན་ལ་ཡང་བརྗོད་པར་བྱ་སྟེ། དཔེར་ན་མེ་ཏོག་གི་དྲི་ཞེས་བྱ་བ་ལྟ་བུའོ། །དེ་ལ་ཡང་མེ་ཏོག་ལས་དྲི་ཞེས་བྱ་བ་གཞན་པའི་རྫས་མེད་དོ། །འོ་ན་ཅི་ཞེ་ན་དྲི་གཞན་དུ་མ་རྣམ་པར་གཅད་པའི་ཕྱིར་མེ་ཏོག་ གི་ངོ་བོ་ཉིད་ཀྱི་དྲིར་བརྗོད་དོ། །ཚིགས་སུ་བཅད་པ་འདི་གསུམ་གྱིས་ནི་ཚོགས་པའི་སྒྲ་རྣམས་ལ་གཞི་མཐུན་པ་མེད་པ་དང་། གཟུགས་ལ་སོགས་པའི་སྒྲ་ཐ་དད་པར་བསྟན་པ་ཡིན་ནོ། །དེའི་ཕྱིར་ཡན་ལག་ཁོ་ན་སྟེ། ཡན་ལག་མ་ཡིན་པ་ནི་མེད་དོ། །གལ་ཏེ་ཡན་ལག་ཅན་མེད་ན་ཡང་དེའི་ ཚེ་ཡན་ལག་རྣམ་པར་ཤེས་པའི་རྒྱུ་ཉིད་ཡིན་མོད་ཅེ་ན། འདིར་སྨྲས་པ། མ་ལུས་རྒྱུ་ཉིད་ཡིན་ན་ཡང་། །ཡན་ལག་གཅིག་དང་བྲལ་ནའང་མིན། །རེ་རེའང་ནུས་པ་ཉིད་ཡིན་ན། །ཅིག་ཅར་མང་པོ་འབྱུང་བར་འགྱུར། །ཞེས་བྱ་བ་ལ། རེ་ཞིག་ལུས་ལས་ཐ་མི་དད་པའི་སེམས་ཡོད་པ་མ་ཡིན་ ཏེ། རྡུལ་ཕྲ་རབ་ཐམས་ཅད་རིགས་པར་ཐལ་བར་འགྱུར་རོ་ཞེས་བསྟན་ཏོ། །འོན་ཏེ་ལུས་ཀྱི་ཡན་ལག་ལས་ཐ་དད་པར་གྱུར་པའི་ཤེས་པ་སྐྱེ་སྟེ། དེས་ན་རྡུལ་ཕྲ་རབ་རྣམས་རྒྱུ་ཉིད་ཡིན་གྱི། རིགས་པ་ནི་མ་ཡིན་ཏེ། དཔེར་ན་མིག་ལ་སོགས་པ་བཞིན་ནོ་ཞེ་ན། དེ་ལ་སྨྲས་པ། ལུས་ཀྱི་ཡན་ལག་ རྣམས་ཚོགས་པའི་མིག་ལ་སོགས་པ་ཉིད་དུ་མྱུ་གུའི་ཡིན་པ་བཞིན་ཡིན་ནམ། དཔེར་ན་མེ་འབར་བ་ལ་རྩྭ་རྣམས་བཞིན་ཡན་ལག་སོ་སོ་བ་ཤེས་པའི་རྒྱུ་ཡིན་གྲང་ན། དེ་ལ་ཡན་ལག་རྣམས་མ་ལུས་པ་ཉིད་ཤེས་པའི་རྒྱུ་ཡིན་ན་ནི་ལག་པ་ལ་སོགས་པའི་ཡན་ལག་གཅིག་མ་ཚང་ན་ཡང་ཡིད་ཀྱི་ཤེས་ པ་མེད་པར་འགྱུར་ཏེ། གང་དུ་ཕན་ཚུན་གྲོགས་བྱེད་པས་དེ་དག་གི་བྱ་བ་འབྲས་བུ་གཅིག་བྱེད་པ་ནི་དེར་གཅིག་མེད་ན་མི་འབྱུང་བའི་ཕྱིར་རོ། །དེ་མེད་པར་འབྲས་བུ་སྐྱེ་ན་ནི་འདི་རྒྱུ་མེད་པར་འགྱུར་རོ། །འོན་ཏེ་ཡན་ལག་ཕན་ཚུན་ལྟོས་པ་མེད་པ་ཉིད་དུ་འབྲས་བུ་སྐྱེད་པས་དེའི་ཕྱིར་ལག་པ་ལ་ སོགས་པ་བཅད་ཀྱང་ཡིད་ཀྱི་རྣམ་པར་ཤེས་པ་འབྱུང་བར་འགྱུར་རོ་ཞེ་ན། དེ་ལྟ་ན་ནི་རེ་རེ་བས་ནུས་པར་འགྱུར་ལ། རེ་རེ་བས་ནུས་པ་དེ་ལ་ནི་ཤེས་པ་མང་པོ་སྐྱེ་བར་ཐལ་བར་འགྱུར་ཏེ། དཔེར་ན་རེ་རེ་བའི་ས་བོན་ནུས་པ་ཅན་མང་པོ་ཡོད་ན་མྱུ་གུ་དུ་མ་འབྱུང་བ་བཞིན་ནོ། །འོན་ཏེ་འབྱུང་བ་དང་རྔུབ་པ་ དག་སྐྱེད་པར་བྱེད་པ་ཡིན་གྱི་ཡན་ལག་རྣམས་ནི་གྲོགས་བྱེད་པ་ཉིད་དེ་འབྱུང་བ་དང་རྔུབ་པ་གཅིག་ཡིན་པའི་ཕྱིར། ཡན་ལག་དུ་མ་ཡིན་ཡང་ཤེས་པ་གཅིག་པ་ཉིད་དོ། །ཕན་འདོགས་པའི་རྒྱུ་ཐ་དད་པས་འབྲས་བུ་ཐ་དད་པ་ནི་མ་ཡིན་ཏེ། དཔེར་ན་ཐག་ཤ་གཞན་དང་གཞན་ཡོད་ ཀྱང་སྣམ་བུ་ལ་སོགས་པ་ཐ་དད་པ་མ་ཡིན་པ་ལྟ་བུའོ་ཞེ་ན། དེ་ལ་སྨྲས་པ། དུ་མ་ཉིད་དུ་མཚུངས་པའི་ཕྱིར། །འབྱུང་རྔུབ་དག་ནི་ངེས་བྱེད་མིན། །ཞེས་བྱ་བ་ལ། འབྱུང་བ་དང་རྔུབ་པ་དག་ཀྱང་དུ་མ་ཡིན་པའི་ཕྱིར་ངེས་པར་བྱེད་པ་མ་ཡིན་ནོ། །འོན་ཏེ་ཡན་ལག་ཐམས་ཅད་རྒྱུ་ཉིད་ཡིན་ན། དེའི་ཚེ་ཡན་ ལག་གཅིག་མེད་ན་ཤེས་པ་མི་འབྱུང་ཞིང་། རེ་རེས་ནུས་པ་ནི་ཅིག་ཅར་མང་པོ་འབྱུང་སྟེ། འདི་ལྟར་འབྱུང་རྔུབ་ཀྱང་དུ་མ་ཡིན་པའི་ཕྱིར་ལུས་བཞིན་ནོ། །འོན་ཏེ་འབྱུང་རྔུབ་དག་གཅིག་པ་ཡིན་པ་དེ་བས་ན་ཉེ་བར་ལེན་པ་གཅིག་ལས་ཤེས་པ་གཅིག་ཁོ་ན་སྐྱེའོ་ཞེ་ན། འདིར་སྨྲས་པ། གཅིག་ཉིད་ ཡིན་ནའང་རྟག་གསལ་འགྱུར། །དེ་རྒྱུ་རྟག་ཏུ་ཉེ་ཕྱིར་རོ། །དུ་མ་རྒྱུ་མིན་ཞེ་ན་ནི། །རིམ་པས་ཀྱང་མིན་ཁྱད་མེད་ཕྱིར། །ཞེས་བྱ་བ་ལ། འབྱུང་བ་དང་རྔུབ་པ་དག་གཅིག་པ་ཉིད་ཡིན་ན་ཡང་ཤེས་པ་རྟག་ཏུ་གསལ་བ་སྟེ་སྐྱེ་བར་འགྱུར་བ་དེ་བས་ན་འདོད་ཆགས་ལ་སོགས་པ་རྟག་ཏུ་སྐྱེ་བར་འགྱུར་ཏེ། འདོད་ཆགས་ལ་སོགས་པ་དེའི་འབྱུང་རྔུབ་དེ་རྟག་ཏུ་ཁོ་ནར་ཉེ་བའི་ཕྱིར་རོ། །གལ་ཏེ་རྒྱུ་ཡོད་ཀྱང་འདོད་ཆགས་ལ་སོགས་པ་མི་འབྱུང་ན། དེ་རྒྱུ་དང་བཅས་པར་མི་འགྱུར་རོ། །འབྱུང་རྔུབ་ཤེས་པ་དུ་མའི་རྒྱུར་མི་འགྱུར་བ་ཉིད་ཡིན་ན་ནི། རྒྱུ་དང་འབྲས་བུར་གྱུར་པ་ནི་ངེས་པ་ཡིན་པའི་ཕྱིར། རྒྱུ་དང་འབྲས་ བུའི་དངོས་པོར་ངེས་པ་ལ་བརྩད་པར་མི་རུང་བའི་ཕྱིར། དཔེར་ན་མེ་ལས་དུ་བ་གཅིག་ཏུ་འབྱུང་བ་བཞིན་ནོ་ཞེ་ན། འདིར་སྨྲས་པ། དེ་ལྟར་ན་ཤེས་པ་དུ་མའི་རྒྱུ་འབྱུང་རྔུབ་མ་ཡིན་ཞིང་། རིམ་པས་ཀྱང་ཤེས་པ་དུ་མའི་རྒྱུ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འབྱུང་རྔུབ་དག་ལ་ཁྱད་པར་མེད་པའི་ཕྱིར་ རོ། །མེས་ནི་སྔོན་གྱི་ངོ་བོ་ཁོ་ན་ལས་དུ་བ་གཞན་དང་གཞན་སྐྱེད་པ་མ་ཡིན་ལ། འབྱུང་རྔུབ་ལས་ནི་སྔར་གྱི་ངོ་བོ་ཉིད་ཁོ་ན་ལས་འབྱུང་བའི་ཕྱིར། རྐྱེན་གཞན་དང་ལྡན་ཡང་ཁྲོ་བ་ལ་སོགས་པའི་སེམས་མི་འབྱུང་ངོ་། །དེ་ལྟ་ན་འོ་ན་ནི་འབྱུང་རྔུབ་གཅིག་པ་ཡིན་ཡང་ཕྱི་རོལ་གྱིས་སད་པར་བྱེད་ པ་ངེས་པ་ལས། འདོད་ཆགས་ལ་སོགས་པ་ངེས་པར་འགྱུར་རོ་ཞེ་ན། སད་པར་བྱེད་པའི་རྐྱེན་ཡང་ངེས་པར་བྱེད་པ་མ་ཡིན་ཏེ། སྔར་གོམས་པའི་སྟོབས་རྒྱུ་ཡིན་པའི་ཕྱིར་རོ། །དེ་བས་ན་གལ་ཏེ་འབྱུང་རྔུབ་དེ་ཉིད་སེམས་དེའི་ཅིག་ཅར་བའི་རྒྱུ་མ་ཡིན་ན་ནི་འབྱུང་རྔུབ་ལས་དུས་ཕྱིས་ཀྱང་ཤེས་པ་འབྱུང་ བ་མ་ཡིན་ནོ། །སྔར་གྱི་ལུས་ཤེས་པའི་རྒྱུ་ཉིད་དུ་ཁས་བླངས་ནས་འབྱུང་རྔུབ་ངེས་པར་མི་འགྱུར་བའི་སྐྱོན་བརྗོད་ནས་ད་ནི་ངེས་པ་ཉིད་མེད་དོ་ཞེས་བསྟན་པའི་ཕྱིར། འབྱུང་བ་གཅིག་ལ་དོན་དུ་མ། །འཛིན་བྱེད་དེ་ལས་ངེས་པ་མིན། །བློ་གཅིག་གིས་དུ་མ་ཤེས་པ། །ཉིད་ནའང་དེ་ཉིད་ཅིག་ཅར་ འགྱུར། །འགལ་བ་མེད་ཕྱིར་རིམ་གྱིས་ཀྱང་། །མི་འགྱུར་དེ་ཁྱད་མེད་པའི་ཕྱིར། །ཞེས་བྱ་བ་ལ། དབུགས་དལ་བར་རྒྱུ་བ་ལ་སོགས་པར་འབྱུང་བ་གཅིག་གི་དུས་སུ་ཡང་དོན་དུ་མ་འཛིན་པར་བྱེད་པ་ལས་བློ་དུ་མ་སྐྱེ་བའི་ཕྱིར། འབྱུང་རྔུབ་དེ་ལས་སེམས་སུ་ངེས་པ་མ་ཡིན་ནོ། །འོ་ན་ཇི་ལྟར་ ངེས་ཤེ་ན། ཤེས་པ་ཉིད་སྔ་མ་སྔ་མ་ལས་སེམས་ཕྱི་མ་ཕྱི་མ་ངེས་པའི་རྒྱུ་ཡིན་པའི་ཕྱིར་རོ། །ཤེས་པ་གཅིག་ཁོ་ན་རིམ་པ་དུ་མར་ཞེན་པའི་རང་བཞིན་ཏེ། དེས་ན་བློ་དུ་མར་མི་འགྱུར་བ་མ་ཡིན་ནམ་ཞེ་ན། དེ་ལྟ་ན་ཡང་བློ་གཅིག་གིས་དོན་དུ་མ་རིམ་གྱིས་འཛིན་པར་ཁས་བླངས་ན་ཡིད་ཀྱི་བློས་དོན་དུ་མ་ དུས་གཅིག་ཏུ་འཛིན་པར་འགྱུར་རོ། །འོན་ཏེ་བློ་གཅིག་གིས་ཀྱང་དུས་གཅིག་ཏུ་དོན་དུ་མ་འཛིན་པ་མ་ཡིན་ན། དེའི་ཚེ་རིམ་གྱིས་ཀྱང་དོན་དུ་མ་འཛིན་པར་མི་འགྱུར་ཏེ། ཡིད་ཀྱི་བློ་དེ་ལ་ཁྱད་པར་མེད་པའི་ཕྱིར་རོ། །འདིའི་དགོངས་པ་ནི་གཟུགས་ལ་སོགས་པའི་རྣམ་པ་ལས་མ་གཏོགས་པའི་ ཡིད་གཞན་མེད་དེ། མེ་ལོང་དྲི་མ་མེད་པ་ལྟར་ཡིད་གཅིག་ཉིད་ཡིན་ནོ། །དེ་ཡང་དོན་གྱི་གཟུགས་བརྙན་དང་སྦྱོར་བའོ་ཞེ་ན། གལ་ཏེ་དེ་ལྟ་ན་ནི་དེ་ལ་མ་གཏོགས་པ་ཤེས་པ་ཉིད་སྣང་བ་ཐོབ་ནས་དོན་གྱི་གཟུགས་བརྙན་འབྱུང་སྟེ། དོན་རྣམས་ལ་ཉེ་བ་དང་ཤིན་ཏུ་སྐལ་བ་མེད་པའི་ཕྱིར་ཐམས་ཅད་ཅིག་ ཅར་རིག་པར་འགྱུར་རོ། །འོན་ཏེ་གོམས་པའི་ཁྱད་པར་ཤིན་ཏུ་ལྷག་པ་ལས་ཡིད་རིམ་གྱིས་དོན་རིག་པའོ་ཞེ་ན། དེ་ལྟ་ན་ནི་གོམས་པ་ཉིད་དོན་གྱི་རྣམ་པ་འཛིན་པའི་རྒྱུར་འགྱུར་གྱི་སྲོག་ལ་སོགས་པ་ནི་མ་ཡིན་ནོ། །ཤེས་པ་མེ་ལོང་བཞིན་གནས་པ་ལ་འགལ་བ་མེད་པས་ཅིག་ཅར་དོན་དུ་མ་འཛིན་ པར་འགྱུར་རོ། །འོན་ཏེ་དེ་ལ་ཅིག་ཅར་དོན་འཛིན་པའི་ནུས་པ་མེད་ན་ནི་དེ་ལྟ་ན་རིམ་གྱིས་ཀྱང་དོན་དུ་མ་འཛིན་པར་མི་འགྱུར་ཏེ་ཁྱད་པར་མེད་པའི་ཕྱིར་རོ། །གལ་ཏེ་སྲོག་ནི་མང་སྐད་ཅིག །རང་རིགས་མིན་པའི་དུས་ཅན་དག །སེམས་ནི་དེ་འདྲ་བ་དག་གི། །རྒྱུ་ཉིད་ཡིན་པར་རྟོགས་པ་ ན། །ཞེས་བྱ་བ་ལ། འོན་ཏེ་ཡང་སྲོག་ནི་གཅིག་མ་ཡིན་ཏེ། འོན་ཀྱང་མང་པོ་དང་རིམ་གྱིས་འབྱུང་བའོ། །རང་གི་རིགས་ཀྱི་དུས་གཅིག་ལ་ཡོད་པ་མ་ཡིན་པ་དེ་དེ་ལྟར་འགྱུར་ཏེ། རིམ་པ་ཅན་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །སྲོག་དེ་དག་དེ་འདྲ་བ་འཇིག་པ་ཅན་ཏེ། རིམ་པ་དང་ལྡན་པ་རྣམས་སེམས་ ཀྱི་རྒྱུར་རྟོགས་པ་སྟེ། དེས་ནི་རིམ་པ་དང་ལྡན་པའི་དོན་དུ་འཛིན་ཏོ་ཞེ་ན། ལན་སྨྲས་པ། གོ་རིམས་ལྡན་པའི་རྒྱུ་མེད་ན། །དེ་དག་རིམ་ལྡན་ཇི་ལྟར་འགྱུར། །རང་རིགས་སྔ་མ་རྒྱུ་ཉིད་ན། །དང་པོ་སྲོག་འབྱུང་མི་འགྱུར་ཏེ། །དེ་རྒྱུ་དེ་འདྲ་ཡོད་མ་ཡིན། །ཡོད་ནའང་དུ་མ་ཉིད་དུ་ངེས། །སྲོག་ནི་ཐ་དད་ ཡུལ་ཅན་ཕྱིར། །དེ་ཕྱིར་བློ་ནི་ཅིག་ཅར་སྐྱེ། །ཞེས་བྱ་བ་ལ། སྲོག་ནི་མང་པོ་དང་འཇིག་པ་ཅན་དུ་ངེས་པ་ཡིན་ན། དེ་དག་ཁྱོད་ཀྱི་གཞུང་ལ་གྲུབ་པ་མ་ཡིན་ནོ། །ཚད་མས་ཁོང་དུ་ཆུད་པའི་ཕྱིར་ཁོ་བོ་ལ་ནི་དེ་དག་གྲུབ་པ་སྟེ། རྟག་པའི་དོན་གཅིག་ལ་རིམ་པ་མི་རིགས་པའི་ཕྱིར་རོ། །དེ་བས་ན་རྒྱུ་ ལ་རིམ་པ་ཡོད་པས་འབྲས་བུ་ལ་ཡང་རིམ་པ་ཡོད་པའི་ཕྱིར། སེམས་རིམ་པ་ཅན་ཉིད་ཡིན་ན་ནི་དེ་ལྟ་ན་ཡང་རིམ་པ་དང་ལྡན་པའི་རྒྱུ་མེད་པས་དེ་ཉིད་ཇི་ལྟར་རིམ་གྱིས་འབྱུང་བ་ཡིན། འོན་ཏེ་སྔར་གྱི་སྲོག་ལ་སོགས་པའི་རྒྱུའི་རིམ་པས་སྲོག་ལ་སོགས་པའི་རིམ་པ་དང་ལྡན་པར་འདོད་ན། དེ་ལྟ་ན་ ཡང་རང་གི་རིགས་སྔ་མའི་རྒྱུ་ཅན་ཡིན་ན། དང་པོའི་སྲོག་ལ་སོགས་པ་འབྱུང་བར་མི་འགྱུར་ཏེ། དེའི་རིགས་ཅན་གྱི་སྲོག་སྔར་མེད་པའི་ཕྱིར་རོ། །སྐྱེ་བ་གཞན་ཁས་བླངས་ན་ནི་མངལ་དུ་འབྱུང་བའི་རྒྱུ་འཇིག་རྟེན་གཞན་གྱི་སྲོག་ཡིན་ནོ། །མ་ལ་སོགས་པའི་འབྱུང་རྔུབ་རྒྱུ་ཡིན་ནོ་ཞེ་ན། འདི་ ནི་མི་རུང་སྟེ། ཕ་མའི་འབྱུང་རྔུབ་ཀྱི་རང་བཞིན་ལས་བུའི་འབྱུང་རྔུབ་སྐྱེ་བར་ཐལ་བའི་ཕྱིར་རོ། །གཞན་ཡང་བློ་ཡང་ཕ་མའི་རྗེས་སུ་བྱེད་པར་འགྱུར་བ་དེ་བས་ན། སྐྱེ་བ་དང་པོའི་སྲོག་གི་རྒྱུ་དེ་ལྟ་བུའི་སྲོག་མེད་པར་འགྱུར་རོ། །ཁས་བླངས་ནས་ཀྱང་བརྗོད་པ་གང་གི་རྒྱུ་ཡོད་ན་ཡང་སྲོག་ཆགས་ཀྱི་ འབྱུང་རྔུབ་རྣམས་དུ་མ་ཉིད་དུ་འགྱུར་ཏེ། ཡུལ་ཅན་ཐ་དད་པའི་ཕྱིར་རོ། །ཡུལ་ཐ་དད་པ་དང་ལྡན་པས། འགལ་བའི་ཆོས་རྟེན་པ་སྟེ། དེ་ཡང་ཐ་དད་པའི་སྒྲུབ་བྱེད་དོ། །དེའི་ཕྱིར་ཏེ་སྲོག་རྣམས་དུ་མ་ཡིན་པའི་ཕྱིར་ཡིད་ཀྱི་བློ་ཅིག་ཅར་སྐྱེ་བར་འགྱུར་བ་ལས་སེམས་ནི་རིམ་གྱིས་སྐྱེ་བར་མཐོང་བ་དེ་བས་ནི་ ཤེས་པ་ཁོ་ན་རྒྱུ་ཡིན་ནོ། །འོན་ཏེ་སྲོག་དུ་མས་སེམས་གཅིག་སྐྱེད་པ་ཚོགས་པས་སྐྱེད་པའི་ཕྱིར་རོ་ཞེ་ན། འདིར་སྨྲས་པ། གལ་ཏེ་དུ་མའང་གཅིག་དུས་ཅན། །ཡིན་ལ་སེམས་གཅིག་རྒྱུ་ཡིན་ན། །དལ་བར་རྒྱུ་བ་ལ་སོགས་ན། །གཅིག་མ་ཚང་ནའང་སྐྱེ་བ་མིན། །འོན་ཏེ་ཇི་ལྟའི་དངོས་ རྒྱུ་ན། །ཤེས་པའང་ཁྱད་པར་ཉིད་དུ་འགྱུར། །གང་དང་གང་གི་ཁྱད་པར་ལས། །ཁྱད་པར་མེད་དེ་དེ་འབྲས་མིན། །ཞེས་བྱ་བ་ལ། སྲོག་དུ་མ་ཡིན་ཡང་སེམས་གཅིག་གི་རྒྱུ་ཡིན་ཏེ། དུས་གཅིག་པ་ཅན་ཡིན་པའི་ཕྱིར། དཔེར་ན་ས་ལ་སོགས་པ་མྱུ་གུ་གཅིག་སྐྱེད་པ་བཞིན་ནོ་ཞེ་ན། གལ་ཏེ་དེ་ལྟར་སྲོག་ དུ་མ་ཡིན་ཡང་། ཚོགས་པའི་ངོ་བོ་ཉིད་ཀྱིས་འབྲས་བུ་གཅིག་ཁོ་ན་སྐྱེད་ན་ནི་དེའི་ཚེ་དལ་བར་རྒྱུ་བ་དང་མི་རྒྱུ་བ་ལ་སོགས་པ་ན་སྲོག་གཅིག་མ་ཚང་བས་ཤེས་པ་མི་སྐྱེ་བར་འགྱུར་ཏེ། ཚོགས་པ་དང་བྲལ་བའི་ཕྱིར་རོ། །ཚོགས་པས་བསྐྱེད་པའི་འབྲས་བུའི་ཆོས་ནི་འདི་ཡིན་ཏེ། གང་ཚོགས་པའི་རྒྱུ་མ་ ཚང་ན་མེད་པའོ། །དེ་མེད་ཀྱང་ཡོད་ན་དེའི་འབྲས་བུར་མི་འགྱུར་རོ། །སྲོག་ལ་སོགས་པའི་རྒྱུ་ཉེ་བར་གྱུར་པ་ཇི་ལྟ་བ་ཡིན་གྱི། ཚོགས་པ་ཁོ་ན་མ་ཡིན་པ་མ་ཡིན་ནམ། དེས་ན་ཇི་ལྟ་བའི་དངོས་པོ་སྟེ། ཇི་ལྟར་ཉེ་བར་གྱུར་པའི་སྲོག་ནི་སེམས་ཀྱི་རྒྱུ་ཡིན་ནོ་ཞེ་ན། དེ་ལྟ་ན་འོ་ན་ནི་སྲོག་རྣམས་ཚོགས་པ་ དང་མ་ཚོགས་པའི་དུས་སུ་ཤེས་པ་ཡང་ཁྱད་པར་ཅན་དུ་འགྱུར་རོ། །གང་གི་ཕྱིར་དེའི་འབྲས་བུ་ཤེས་པ་ལ་སོགས་པ་སྲོག་ལ་སོགས་པའི་ཤེས་པ་གང་ཞིག་སྲོག་ལ་སོགས་པ་གང་གི་ཁྱད་པར་ཐ་དད་པའི་ཁྱད་པར་ཅན་དུ་མི་འགྱུར་བ་དེ་བས་ན་སྲོག་ཚོགས་པའི་འབྲས་བུ་ཤེས་པ་སྐྱེ་ཞིང་། མ་ ཚོགས་པའི་ལས་ནི་མ་ཚོགས་པར་འགྱུར་ལ། མེད་པ་ལས་ན་མེད་པར་འགྱུར་ཏེ། དེ་ལྟ་མ་ཡིན་ན་སྲོག་ལ་སོགས་པའི་འབྲས་བུ་གྲུབ་པར་མི་འགྱུར་རོ། །ཁྱད་པར་ཅན་དུ་བྱེད་པས་སྲོག་ལ་སོགས་པ་ཤེས་པའི་རྒྱུ་ཉིད་ནི་མ་ཡིན་ཏེ། འོན་ཀྱང་དེ་ཡོད་ན་ཡོད་པའི་ཕྱིར་རོ་ཞེ་ན། དེ་ལྟ་ན་འོ་ན་ནི་ སེམས་ཀྱི་འདོད་ཆགས་ལ་སོགས་པའི་མཚན་ཉིད་ཅན་གྱི་ཁྱད་པར་གང་ཡིན་པ་དེ་རྒྱུ་མེད་པ་ཉིད་དུ་འགྱུར་རོ། །འདོད་ཆགས་ལ་སོགས་པའི་འགྱུར་བ་རྒྱུ་མེད་པ་ཅན་དུ་འགྱུར་ན་ཤེས་པ་གཞན་གང་ཞིག་རྒྱུ་དང་བཅས་པར་འགྱུར། འོན་ཏེ་སྲོག་ལ་སོགས་པ་ལས་འདོད་ཆགས་ལ་སོགས་ པ་འགྱུར་བ་ཉིད་ཡིན་ནོ་ཞེ་ན། འོ་ན་ནི་སྔ་མ་ཉིད་དུ་འདོད་ཆགས་ལ་སོགས་པ་ཁྱད་པར་ཅན་དུ་འགྱུར་ཏེ། རྒྱུ་སྲོག་ཡོད་ན་འབྲས་བུ་མི་སྐྱེ་བ་མི་སྲིད་པའི་ཕྱིར་རོ། །དེ་བས་ན་ཇི་ལྟར་ན་ཁྱད་པར་རྒྱུ་མེད་པ་ཅན་ཡིན་པ་དེ་བཞིན་དུ་ཤེས་པ་ཡང་ཡིན་པའི་ཕྱིར་ཤེས་པ་སྲོག་གི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་འབྲང་བ་ ཅན་དུ་ཇི་ལྟར་འགྱུར། གང་ཡང་རིམ་གྱིས་འགྱུར་བ་ལ་ལྟོས་པའི་ལུས་ལས་ཤེས་པ་རིམ་གྱིས་སྐྱེ་བར་འགྱུར་རོ་ཞེས་ཟེར་བ་དེ་གསལ་བ་ཡིན་ཏེ། འདི་ལྟར་གྱུར་པའི་རིམ་པ་ཡང་ལུས་ཙམ་ལས་འབྱུང་བ་མ་ཡིན་ཏེ། ལུས་ལས་ཁྱད་པར་མེད་ན་གྱུར་པའི་ཁྱད་པར་དུ་ཇི་ལྟར་འགྱུར། དཔེར་ན་ ལུས་དང་སྲོག་ལ་སོགས་པ་ལ་ཁྱད་པར་མེད་ན་ཤེས་པ་ལ་ཁྱད་པར་མེད་པ་དེ་བཞིན་དུ། ལུས་ལ་ཁྱད་པར་མེད་ན་གྱུར་པ་ལ་ཡང་ཁྱད་པར་མེད་དོ། །འོ་མ་ལ་སོགས་པ་ལ་ཁྱད་པར་མེད་ན་ཡང་། འོ་མ་གྱུར་པའི་ཞོ་དུས་ཀྱི་དབང་ཁོ་ནས་ཁྱད་པར་ཅན་དུ་འགྱུར་བ་མ་ཡིན་ནམ། དེ་བཞིན་དུ་ ལུས་ཀྱང་ཡུན་ལོན་ནས་རྣམ་པར་ཤེས་པ་ཁྱད་པར་ཅན་དུ་འགྱུར་རོ་ཞེ་ན། དེ་ནི་མི་བདེན་ཏེ། མཉམ་པའི་འོ་མ་ལ་སོགས་པ་ཉེ་བར་གྱུར་པ་དང་། དྲོད་ལ་སོགས་པ་མཚུངས་པར་ཡོད་ན། མཚུངས་པ་ཉིད་དུ་ཞོ་ལ་སོགས་པར་འགྱུར་བ་ཡིན་གྱི་མཚུངས་པའི་གནས་སྐབས་དང་། མི་མཚུངས་པའི་ གནས་སྐབས་ན་སྔོན་མངོན་པར་འདུས་བྱས་པ་རྗེས་སུ་མཐུན་པའི་རྣམ་པར་རྟོག་པའི་ཤེས་པའི་ཐ་དད་པ་དང་ཐ་དད་པ་མ་ཡིན་པའི་རྒྱུ་ཡིན་པ་དེ་བས་ན། གྱུར་པའི་རིམ་པས་ཤེས་པ་རིམ་པར་འགྱུར་བ་ནི་མ་ཡིན་ནོ། །འོ་ན་ནི་སེམས་ཁོ་ན་ལས་སེམས་སྐྱེ་བར་འདོད་པ་གང་ཡིན་པ་དེའི་ཤེས་པ་ ཅིག་ཅར་སྐྱེ་བར་ཇི་སྟེ་མི་འགྱུར་ཏེ། རིམ་པས་ཀྱང་སེམས་དེ་ལས་ཤེས་པ་སྐྱེ་བར་འགྱུར་བའི་ཕྱིར་ཡིན་གྱི། སྐད་ཅིག་མ་ཐ་དད་པས་འབྲས་བུ་ཐ་དད་པའི་ཤེས་པ་དུ་མ་ཡིན་ནམ་ཞེ་ན། འདིར་སྨྲས་པ། རྣམ་ཤེས་ནུས་པ་ངེས་པའི་ཕྱིར། །གཅིག་ནི་གཅིག་གི་རྒྱུ་ཡིན་ནོ། །དོན་གཞན་ཆགས་ བྲལ་ཤེས་པ་ནི། །དོན་གཞན་འཛིན་པ་མེད་ཕྱིར་རོ། །ཞེས་བྱ་བ་ལ། མཚུངས་པ་དེ་མ་ཐག་པའི་རྐྱེན་གྱི་ངོ་བོ་ཉིད་གཅིག་ནི་སེམས་གཅིག་ཁོ་ནའི་རྒྱུ་ཡིན་ཏེ། སྔར་གོམས་པས་སྦྱངས་པས་མཐུན་པའི་འདུ་བྱེད་དམ། ཡུལ་ཁ་ཅིག་ལ་ཆགས་པའི་ཁྱད་པར་གྱི་ནུས་པ་ངེས་པའི་ཕྱིར་རོ། །དེ་བས་ ན་སྔར་གོམས་པའི་བག་ཆགས་ཀྱི་རྗེས་སུ་མཐུན་པར་ཤེས་པ་སྐྱེ་བའམ། ཆགས་པའི་བྱེ་བྲག་ལས་ཁ་ཅིག་ཁོ་ནར་ཤེས་པ་སྐྱེ་སྟེ། དེ་ལ་མཚུངས་པ་དེ་མ་ཐག་པའི་རྐྱེན་གྱིས་ཤེས་པ་སེམས་ཕྱི་མའི་རྒྱུ་ཡིན་ཞིང་། གོམས་པའི་ཤེས་པ་ནི་སེམས་ཀྱི་བག་ཆགས་བཞག་པ་ལ་གཡེར་བག་ ཅན་ལ་སོགས་པའི་རྒྱུ་ཡིན་ནོ། །དེ་དག་ཇི་ལྟར་ཤེས་ཤེ་ན། མངོན་པར་འདོད་པའི་དོན་གཞན་ལ་ཆགས་པ་དེ་དང་བྲལ་བའི་སེམས་ནི་ཡུལ་གཞན་ཉེ་བར་གྱུར་ཀྱང་འཛིན་པ་མེད་པའི་ཕྱིར་རོ། །རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་འབྲང་བས་ཀྱང་རྒྱུ་ཉིད་དུ་ངེས་པ་ཡིན་ནོ། །འདིར་ནི་སྔར་ གོམས་པའི་རྗེས་སུ་མཐུན་པའི་ཡིད་ཀྱི་རྣམ་པར་ཤེས་པ་གཡེར་བག་ཅན་དུ་སྣང་བ་དང་། ཡུལ་གཞན་ལ་ཆགས་པ་དང་བྲལ་བར་བྱེད་པའི་སེམས་ནི་ཡུལ་གཞན་ལ་ཤེས་པ་སྐྱེ་བ་མ་ཡིན་པའི་ཕྱིར། སེམས་ཐམས་ཅད་ནི་སེམས་ཁོ་ན་སྔོན་དུ་འགྲོ་བ་ཡིན་ནོ། །དེ་ལྟར་ནི་འགྱུར་མོད་ཀྱི་ དང་པོའི་ལུས་ཉིད་ལས་ཤེས་པ་སྐྱེ་ཞིང་། དུས་ཕྱིས་ནི་ཤེས་པ་ཉིད་ལས་ཤེས་པ་སྐྱེ་སྟེ། དཔེར་ན་དང་པོ་མེ་ལས་དུ་བ་འབྱུང་ལ། དེ་ནས་དུ་བ་ཉིད་ལས་དུ་བའི་རྒྱུན་འབྱུང་བ་ཡིན་ནོ། །ཇི་ལྟར་དུས་གཞན་དུ་དུ་བའི་རྒྱུན་འགགས་པ་དེ་བཞིན་དུ་དུས་གཞན་གྱི་ཚེ་སེམས་ཀྱི་རྒྱུན་འགག་པར་ འགྱུར་རོ། །ཇི་ལྟར་ཡང་དང་པོའི་ཤེས་པ་ཡུལ་དུ་མ་ལས་སྐྱེ་བ་ཡང་ཆགས་པ་ལས་ཁ་ཅིག་ཏུ་ཤེས་པ་གཅིག་སྐྱེ་བ་དེ་བཞིན་དུ། དང་པོ་སྐྱེས་པའི་ཚེ་ལུས་ལས་ཤེས་པ་དུ་མ་སྐྱེ་ན་ཡང་དུས་གཞན་དུ་ཤེས་པ་ཁོ་ན་ལས་ཤེས་པ་སྐྱེ་སྟེ། དེས་ན་ལུས་དང་སྲོག་ལ་སོགས་པ་རྒྱུ་ཉིད་ཡིན་ཡང་ ཤེས་པ་དུ་མ་སྐྱེ་བ་ནི་མ་ཡིན་ནོ་ཞེ་ན། འདིར་སྨྲས་པ། གལ་ཏེ་ལུས་ལས་ལན་ཅིག་བློ། །སྐྱེ་ཞིང་ཕྱིས་ནི་རང་རིག་ལས། །ངེས་ན་ལུས་ཀྱི་ནུས་པ་ནི། །ཅི་ཡི་ཕྱིར་ན་ལྡོག་པ་ཡིན། །ཞེས་བྱ་བ་ལ། གལ་ཏེ་ལུས་ལས་སྐྱེས་པའི་ཤེས་པ་དུས་ཕྱིས་རང་གི་རིགས་ཁོ་ནའི་སེམས་ལས་ངེས་པ་ ཡིན་པ་དེ་ལྟ་ན་ལུས་ཀྱི་ནུས་པས་རྣམ་པར་ཤེས་པ་སྐྱེད་པ་ཅིའི་ཕྱིར་ལྡོག་པ་ཡིན་ཏེ། འདི་ལྟར་གལ་ཏེ་ལུས་ལས་ཤེས་པ་གཅིག་གི་རྒྱུ་ཡིན་ན། ལུས་ཀྱང་ནུས་པ་ཉིད་དུ་གནས་པ་དེ་བས་ན་སེམས་གཞན་དང་གཞན་སྐྱེད་པར་འགྱུར་བའི་ཕྱིར་ཅིག་ཅར་མང་པོ་འབྱུང་བ་འདི་གནས་ པ་ཡིན་ནོ། །འོན་ཏེ་ལུས་ལས་སྐྱེས་པའི་ཤེས་པས་ལུས་ལས་ཤེས་པ་དུ་མ་སྐྱེ་བའི་གགས་བྱེད་པ་དེའི་ཕྱིར་ལུས་ལས་ཤེས་པ་གཞན་དང་གཞན་འབྱུང་བ་མ་ཡིན་ནོ་ཞེ་ན། དེ་ནི་མི་བདེན་ཏེ། གང་གི་ཕྱིར་དེ་ལས་བྱུང་བའི་འབྲས་བུས་དེ་ཉིད་ཀྱི་རྒྱུན་གྱི་ནུས་པ་ལས་གེགས་བྱེད་པ་མ་ཡིན་ཏེ། མེས་ བསྐྱེད་པའི་དུ་བ་སྐྱེད་པར་ནུས་པའི་མེ་ལ་གེགས་མི་བྱེད་པ་དེའི་ཕྱིར་རོ། །དེ་བས་ན་གལ་ཏེ་ཤེས་པ་ལུས་ལས་སྐྱེ་བ་དེའི་ཚེ་ཤེས་པ་སྐྱེས་པས་ཀྱང་ཤེས་པ་སྐྱེད་པ་ལ་གེགས་མི་བྱེད་པའི་ཕྱིར་ཅིག་ཅར་མང་པོ་འབྱུང་བར་འགྱུར་རོ། །དབང་པོའི་ཤེས་པ་དུ་མ་འབྱུང་ཡང་ཆགས་པའི་ཡུལ་ལས་ ཤེས་པ་གཅིག་སྐྱེ་བར་སྨྲས་པ་མ་ཡིན་ནམ་ཞེ་ན། སྨྲས་པ་དེ་ནི་མི་བདེན་ཏེ། གང་གི་ཕྱིར་གོམས་པ་མེད་པའི་སེམས་ཀྱིས་ཤེས་པ་གཞན་སྐྱེད་པར་བྱེད་པ་མ་ཡིན་ཏེ། སྔར་གོམས་པ་མེད་ན་ཡུལ་གཞན་ལ་ཆགས་པ་མེད་པའི་ཕྱིར་རོ། །ཇི་ལྟར་སྔར་སེམས་ལ་གོམས་པ་སྐྱེ་བ་དེ་ཉིད་ལ་སླར་ཡང་ཆགས་ པར་འགྱུར་བ་དེའི་ཕྱིར་སེམས་གཞན་སྐྱེ་བ་ནི་སྔར་གོམས་པ་ཁོ་ན་ལས་ཡིན་གྱི། འཇིག་རྟེན་ཕ་རོལ་མེད་པར་སྨྲ་བ་དེ་ལ་ནི་སྐྱེ་བ་གཞན་དུ་གོམས་པ་མེད་པའི་ཕྱིར་ལས་སྐྱེ་བའི་ཤེས་པ་རྣམས་ལ་སླར་ཡང་འཁོར་ལོ་བཞིན་དུ་སྐྱོན་སྔ་མ་ཉིད་དུ་འགྱུར་རོ། །འོན་ཏེ་ཤེས་པའི་རྒྱུ་ལུས་ཀྱི་སྐད་ཅིག་ མ་དང་པོ་ཡིན་གྱི་དུས་ཕྱི་མའི་ལུས་ཀྱི་སྐད་ཅིག་ནི་རྒྱུ་མ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟར་ལུས་དང་པོ་ཁོ་ན་ཤེས་པ་སྐྱེད་ན། འོ་ན་ནི་ལུས་ཕྱི་མ་སེམས་ཀྱི་རྟེན་མེད་པར་འགྱུར་ཏེ། སེམས་ཡན་གར་བར་འགྱུར་རོ། །འོན་ཏེ་ལུས་ཕྱི་མའི་གྲོགས་ཅན་གྱི་ཤེས་པས་ཤེས་པ་གཞན་བསྐྱེད་པའི་ཕྱིར། སེམས་ཡན་གར་བར་མི་འགྱུར་རོ་ཞེ་ན། དེ་ལྟ་ན་ནི་སེམས་ཁོ་ནས་སེམས་བསྐྱེད་པར་འགྱུར་གྱི། ལུས་ནི་གྲོགས་ཡིན་པའི་ཕྱིར་སངས་རྒྱས་པའི་ལུགས་ཉིད་བསྒྲུབ་པར་འགྱུར་རོ། །དང་པོའི་ལུས་ཁོ་ན་ཉེ་བར་ལེན་པའི་རྒྱུ་མ་ཡིན་ནམ། དཔེར་ན་ལྕི་བ་ལས་སཱ་ལུ་སྐྱེ་བ་བཞིན་ནོ། །སཱ་ལུ་ཕྱི་ མ་ནི་སཱ་ལུ་ཉིད་ལས་སྐྱེས་པ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་བ་ལང་གི་ལྕི་བ་མེད་པར་དུས་ཕྱིས་སཱ་ལུ་ཉིད་ལས་སཱ་ལུ་སྐྱེ་བ་དེ་བཞིན་དུ། སེམས་ཉིད་ལས་སེམས་སྐྱེ་བའི་ཕྱིར་སེམས་ཡན་གར་བ་སེམས་ཀྱི་གནས་སུ་འགྱུར་རོ། །ལུས་ཀྱང་སེམས་ཀྱི་རྒྱུ་མ་ཡིན་ནམ། དེ་བས་ན་ལུས་དང་སེམས་དག་ལྷན་ ཅིག་གནས་པ་ཡིན་ནོ་ཞེ་ན། བདེན་ཏེ། ལུས་ནི་སེམས་ལ་ཕན་འདོགས་པའི་རྒྱུ་ཡིན་གྱི། ཉེ་བར་ལེན་པ་ནི་མ་ཡིན་ནོ། །འདིར་ལུས་དང་པོ་ནི་ཉེ་བར་ལེན་པ་ཡིན་ལ། ཕྱི་མ་གྲོགས་བྱེད་པ་ཞེས་མ་སྨྲས་སམ་ཞེ་ན། སྔ་མ་ནི་ཉེ་བར་ལེན་པ་ཡིན་ལ། ཕྱི་མ་གྲོགས་བྱེད་པ་མ་ཡིན་ནོ། །འོན་ཏེ་སྔར་ལུས་སམ་ ཉེ་བར་ལེན་པ་ཅན་གྱི་སེམས་ཡིན་ལ། ཕྱིས་ནི་སེམས་སྔོན་དུ་འགྲོ་བའི་སེམས་སུ་སྣང་ངོ་ཞེ་ན། དེ་ནི་མི་བདེན་ཏེ་གཡེར་བག་ཅན་ལ་སོགས་པ་དང་ལྡན་པའི་ཤེས་པ། ཤེས་པ་སྔོན་དུ་འགྲོ་བ་ཅན་ཇི་ལྟ་བ་བཞིན་དུ་མཐོང་བ་དེ་ཁོ་ན་ལྟར་སེམས་དང་པོ་ལ་གཡེར་བག་ཅན་དུ་མྱོང་བར་འགྱུར་བའི་ཕྱིར་ རྟག་ཏུ་ཤེས་པ་ཁོ་ན་ལས་ཤེས་པ་སྐྱེའོ་ཞེས་བྱ་བར་གནས་སོ། །འདི་དག་གིས་ནི་དུ་བའི་རྒྱུན་འགགས་པ་བཞིན་རྣམ་པར་ཤེས་པ་འགག་གོ་ཞེས་ཟེར་བ་དེ་བསལ་བ་ཡིན་ཏེ། དེ་ལ་མེ་ལ་སོགས་པའི་ཚོགས་པ་ཉེ་ན་དུ་བའི་རྒྱུན་འཕེལ་བ་ཅན་དུ་འགྱུར་གྱི། དུ་བས་སྐྱེད་པའི་དུ་བའི་རྒྱུན་ནི་འཛད་པ་ ཅན་ཡིན་པའི་ཕྱིར་རོ། །འདིར་ནི་གོམས་པ་སྔོན་དུ་འགྲོ་བའི་ཡིད་གཡེར་བག་ཅན་གྱི་ཤེས་པ་སྣང་ངོ་། །གལ་ཏེ་ཡང་དང་པོའི་ལུས་ཉིད་ལས་སྐྱེ་ན་གོམས་པ་ཕུལ་དུ་བྱུང་བ་ལས་དེ་བོགས་འབྱུང་བར་སྣང་བར་མི་འགྱུར་ཏེ་དུ་བ་ལས་སྐྱེས་པའི་དུ་བ་འཕེལ་བར་མི་སྣང་བ་ལྟ་བུའོ། །གལ་ཏེ་སངས་ རྒྱས་པའི་ཡང་ཤེས་པ་ལུས་ལ་མི་བརྟེན་ན་ལུས་འགགས་ཀྱང་ཤེས་པ་གནས་པར་འགྱུར་ཏེ། རྒྱུ་མཚན་མེད་པར་ལྷན་ཅིག་པའི་དངོས་པོར་ངེས་པ་སྟེ། གལ་ཏེ་རྟེན་མིན་པ་ཡི་ལུས། །ལོག་པར་གྱུར་ཀྱང་སེམས་འབའ་ཞིག །གནས་འགྱུར་ཞེ་ན་དེ་ཡི་ནི། །རྒྱུ་འཇུག་ཐོབ་ཕྱིར་སེམས་རྒྱུད་གནས། ། རྒྱུ་ནི་ཡན་ལག་མིན་གྱུར་ན། །ཚེ་འདི་ཉིད་ཀྱི་སྐྱེ་མཆེད་ལྔ། །ལུས་གཞན་སྐྱེ་བའི་རྒྱུ་ཡིན་ནོ། །ཞེས་བྱ་བ་སྨྲས་ཏེ། ལུས་ལོག་པར་གྱུར་ན་ཡང་སེམས་འབའ་ཞིག་གནས་པར་འགྱུར་ཏེ། ལུས་དང་སེམས་ལ་རྟེན་དང་བརྟེན་པའི་དངོས་པོ་ངེས་པ་མེད་པའི་ཕྱིར་རོ་ཞེ་ན། ལས་ཞེས་བྱ་བ་དང་། སྲེད་པ་དང་མ་རིག་པ་ནི་སེམས་གནས་པའི་རྒྱུ་ཡིན་ཏེ་སྐྱེ་བ་གཞན་དུ་གྱུར་པའི་ལུས་དེའི་རྒྱུ་ལུས་གཞན་པ་ཡིན་ལ། དེ་ལས་ལུས་གཞན་སྐྱེད་པའི་འཇུག་པ་ཐོབ་པའི་ཕྱིར་རོ། །གལ་ཏེ་ཡན་ལག་སྟེ་རྒྱུ་ཉིད་དུ་མ་གྱུར་ན་ནི་དེའི་ཚེ་སེམས་ཡན་གར་བ་གནས་པར་འགྱུར་རོ་ཞེས་ བྱ་བ་ཚིག་ལྷག་མའོ། །དཔེར་ན་གཟུགས་མེད་པར་སྐྱེས་པའི་སྲོག་ཆགས་ཀྱི་ཤེས་པ་ཡན་གར་བ་ཉིད་དུ་གནས་པ་བཞིན་ནོ། །གང་གི་ཚེ་ཡང་འཇིག་རྟེན་ཕ་རོལ་གྱི་ལུས་གཞན་སྐྱེ་བའི་རྒྱུ་ཚེ་འདི་ཉིད་ཀྱི་སྐྱེ་མཆེད་ལྔ་ཡིན་པ་དེའི་ཚེ་ཅིའི་ཕྱིར་སེམས་ཡན་གར་བ་གནས་པ་ཡིན། གཟུགས་མེད་པའི་ ཁམས་ནས་ཤི་འཕོས་པའི་ལུས་ཅན་རྣམས་ཀྱི་ལུས་སྐྱེ་བ་ཡང་དེ་ཉིད་ཀྱི་ལུས་སྐྱེ་མཆེད་ལྔས་འདུས་བྱས་པའི་བག་ཆགས་རྒྱུར་འགྱུར་རོ། །དེ་ལྟར་ནི་འགྱུར་མོད་ཀྱི། སེམས་ལུས་གཞན་གྱི་རྒྱུར་འགྱུར་བར་མི་དམིགས་ཏེ། ཤི་བའི་འོག་ཏུ་ལུས་གཞན་སྐྱེ་བ་མཐོང་བའི་ཕྱིར་རོ། །གཟུགས་མེད་པའི་ཁམས་ལ་ ནི་ཤིན་ཏུ་ཡང་མ་མཐོང་བའི་ཕྱིར་མེད་དོ་ཞེ་ན། འདིར་སྨྲས་པ། དེ་ཡི་ཡན་ལག་རྒྱུ་ཉིད་ནི། །འགེགས་པ་ཡིས་ནི་མི་དམིགས་པ། །ངེས་བྱེད་མིན་པར་རབ་ཏུ་བཤད། །དབང་སོགས་ཀྱང་ནི་ལྷག་ལྡན་ཡིན། །ཞེས་བྱ་བ་ལ་གལ་ཏེ་འཆི་བའི་སེམས་ཀྱིས་ལུས་གཞན་སྐྱེད་པའི་ཡན་ལག་གི་དངོས་ པོ་རྒྱུ་ཉིད་དེ། གྲོགས་བྱེད་པའི་རྒྱུ་མི་དམིགས་པ་དེ་ལྟ་ན་ཡང་། སེམས་ལ་ལུས་གཞན་སྐྱེད་པའི་ནུས་པ་མེད་པ་ནི་མ་ཡིན་ཏེ། གནོད་པ་བྱེད་པ་མེད་པའི་ཕྱིར་རོ། །འོན་ཏེ་མི་དམིགས་པ་ཉིད་གནོད་པ་བྱེད་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། གང་གི་ཕྱིར་ལུས་གཞན་གྱི་ལྷན་ཅིག་བྱེད་པའི་རྒྱུ་སེམས་ ཡིན་པ་འགེགས་པ་ནི་མི་དམིགས་པ་ངེས་པར་བྱེད་པ་མ་ཡིན་ནོ་ཞེས་བསྟན་ཟིན་ཏོ། །འདིར་མ་མཐོང་བ་ཙམ་གྱིས་སྨྲ་བ་མ་ཡིན་གྱི། འོན་ཀྱང་འབྲེལ་པ་སྔོན་དུ་སོང་བའི་རྗེས་སུ་དཔག་པས་གནོད་པ་ཡོད་པ་མ་ཡིན་ནམ། དབང་པོ་གང་ཡིན་པ་དེ་ལུས་གཞན་གྱི་དབང་པོ་དང་མཚམས་སྦྱོར་བ་ནི་ མ་ཡིན་ཏེ། དཔེར་ན་ལྷ་སྦྱིན་གྱི་མིག་ལ་སོགས་པ་མཆོད་སྦྱིན་གྱི་མིག་ལ་སོགས་པས་བསྐྱེད་པ་མ་ཡིན་པ་དེ་བཞིན་དུ། དབང་པོ་ཡང་སྐྱེ་བ་འདིའི་ལུས་ལ་གནས་པ་ཡིན་ནོ་ཞེ་ན། འདིར་སྨྲས་པ། དབང་པོ་ལ་སོགས་པ་སྒྲུབ་བྱེད་དུ་བཀོད་པ་གང་ཡིན་པ་དེ་ཡང་། ལྷག་མ་དང་ལྡན་པ་ སྟེ་ངེས་པར་བྱེད་པ་མ་ཡིན་ཏེ། འདི་ལྟར་དབང་པོ་ཡང་ཡིན་ལ། འཇིག་རྟེན་གཞན་གྱི་དབང་པོ་དང་། ཉིང་མཚམས་སྦྱོར་བ་ལ་འགལ་བ་ཅི་ཞིག་ཡོད། མ་མཐོང་བ་ཙམ་གྱིས་མི་མཐུན་པའི་ཕྱོགས་ལས་ལྡོག་པར་ངེས་པ་ནི་མ་ཡིན་ནོ། །འོན་ཏེ་ཚེ་འདིའི་ལུས་ལ་ཡོད་པའི་དབང་པོ་དང་མཚམས་ སྦྱོར་བའི་མིག་ལ་སོགས་པ་ནི་རྒྱུ་གཞན་ལ་ཡོད་པའི་མིག་ལ་སོགས་པ་སྐྱེད་པར་བྱེད་པ་ནི་མ་ཡིན་ནོ་ཞེ་ན། འདི་ནི་གྲུབ་པ་ལ་སྒྲུབ་པ་སྟེ། དེའི་ཚེ་ལུས་གཞན་ཡང་རྒྱུད་དེ་ཉིད་ཡིན་པའི་ཕྱིར་རོ། །འོ་ན་ཁྲག་དང་ཁུ་བ་ལ་སོགས་པ་ལས་བྱུང་བའི་འཇིག་རྟེན་གཞན་གྱི་ལུས་དེ་ཇི་ལྟར་རྒྱུད་དེ་ཉིད་དུ་ འགྱུར་ཞེ་ན། ཁྲག་དང་ཁུ་བ་གཞན་དུ་གྱུར་པ་ཉིད་ཀྱིས་རྒྱུད་ཁྱད་པར་དུ་འགྱུར་བ་མ་ཡིན་ཏེ། དཔེར་ན་མེའི་ཁྱད་པར་ཅན་གྱི་དུ་བ་དང་བུམ་པའི་ཁྱད་པར་ཅན་གྱི་བྱས་པའི་སྒྲ་དང་དུ་བ་ཡིན་པར་ཅི་ཡང་བྱེད་པ་མ་ཡིན་ནོ། །འོན་ཏེ་མེ་མེད་ན་མི་འབྱུང་བའི་དུ་བ་སྤྱིར་ངེས་པ་ཡིན་གྱི། མིག་ལ་སོགས་པ་ལ་ནི་དེ་མ་ ཐག་པ་མཐོང་སྟེ། དབང་པོ་ལས་འདས་པའི་ཕྱིར་རོ་ཞེ་ན། འདིར་སྨྲས་པ། དབང་པོ་སྔ་མའི་རང་རིགས་ལ། །ནུས་པ་དག་ནི་མཐོང་བ་སྟེ། །འགྱུར་བ་མཐོང་ཕྱིར་གཞན་གཞན་གྱི། །སྐྱེ་བ་དག་ཀྱང་གྲུབ་པ་ཡིན། །ཞེས་བྱ་བ་ཡིན་ཏེ། སྔར་བྱུང་བའི་མིག་ལ་སོགས་པ་རྣམས་ཀྱི་རང་གི་རིགས་དབང་པོ་ ལ་སོགས་པ་ལ་ནུས་པ་མཐོང་སྟེ། འདི་ལྟར་སྔར་གྱི་དབང་པོ་ལ་བརྟེན་པར་དབང་པོ་གཞན་དག་མཐོང་བ་ཡིན་ནོ། །མ་ཤི་བའི་བར་དུ་དབང་པོ་ཚུལ་གཅིག་པ་ཉིད་མ་ཡིན་ནམ་ཞེ་ན་དེ་ནི་མ་ཡིན་ཏེ། ཤེས་པའམ། མིག་ལ་སོགས་པ་རབ་རིབ་ལ་སོགས་པའི་དྲི་མ་དང་བཅས་པའམ། དྲི་མ་མེད་པ་ལ་ སོགས་པའི་འགྱུར་བ་མཐོང་བའི་ཕྱིར་དབང་པོ་རྣམས་གཞན་དང་གཞན་དུ་སྐྱེ་བ་གྲུབ་པ་ཡིན་ནོ། །འདིས་ནི་གསལ་བའི་ཁྱད་པར་ལ་མ་ལྟོས་པ་ཉིད་དུ་འབྲེལ་པ་བཟུང་བར་བསྟན་པ་ཡིན་ནོ། །གཞན་དུ་ན་སུས་ཀྱང་གང་དུ་ཡང་ཐ་སྙད་འདོགས་པར་མི་འགྱུར་ཏེ། ཐ་སྙད་འདོགས་པ་ནི་དོན་བྱེད་པར་རུང་བ་སྔོན་ དུ་འགྲོ་བ་ཅན་ཡིན་པའི་ཕྱིར་དང་། རུང་བར་ངེས་པ་ནི་སྤྱི་ལས་ཡིན་པའི་ཕྱིར་དང་། མིག་ལ་སོགས་པ་མིག་ལ་སོགས་པས་བསྐྱེད་པར་རུང་བར་ངེས་པ་སྟེ། སྒྲིན་པ་ཉིད་ལ་སོགས་པ་མཐོང་བའི་ཕྱིར་ཞེས་བསྟན་ཟིན་ཏོ། །མིག་ལ་སོགས་པ་དང་པོ་སྐྱེ་བ་ནི་ལུས་ལས་སྐྱེ་ལ། དུས་ཕྱིས་ནི་མིག་ལ་ སོགས་པ་ཉིད་ལས་མིག་ལ་སོགས་པ་སྐྱེ་བ་མ་ཡིན་ནམ་ཞེ་ན། འདིར་སྨྲས་པ། གལ་ཏེ་ལུས་ལས་དེ་སྐྱེ་ན། །སྔ་མ་བཞིན་དུ་ཐལ་བར་འགྱུར། །སེམས་ལས་ཡིན་ན་དེ་ཉིད་ལས། །ལུས་གཞན་དག་ཀྱང་སྐྱེ་བར་འགྱུར། ཞེས་བྱ་བ་ཡིན་ཏེ། གལ་ཏེ་དང་པོའི་མིག་ལ་སོགས་པ་ལུས་ ལས་སྐྱེ་ན། དེའི་ཚེ་དབང་པོ་དང་བཅས་པ་ལས་ཡིན་ནམ། དབང་པོ་མེད་པ་ལས་ཡིན་གྲང་ན། དེ་ལ་དབང་པོ་དང་བཅས་པ་ལས་སྐྱེ་ན་ནི། སྐྱེ་བ་སྔ་མར་ཡང་མིག་ལ་སོགས་པ་དབང་པོ་དང་བཅས་པ་ཉིད་ལས་སྐྱེས་པའི་ཕྱིར། འཇིག་རྟེན་ཕ་རོལ་གྲུབ་པར་འགྱུར་རོ། །དབང་པོ་མེད་པ་ལས་སྐྱེ་ན་ནི། རོའི་ལུས་ལས་ཀྱང་སེན་མོ་ལ་སོགས་པ་སྐྱེ་བར་འགྱུར་བའི་ཕྱིར་སྔ་མ་བཞིན་དུ་ཐལ་བར་འགྱུར་བའམ་ཡང་ན་ལུས་ཀྱི་ནུས་པ་ལྡོག་པར་ཇི་ལྟར་འགྱུར་ཞེས་པའི་ཐལ་བ་བསྟན་པ་ཡིན་ནོ། །འོན་ཏེ་རོའི་ལུས་ལ་སེམས་མེད་པས་སེན་མོ་ལ་སོགས་པ་མི་སྐྱེའོ་ཞེ་ན། འོ་ན་ནི་སེམས་ལས་སྐྱེ་བར་འགྱུར་ བ་དེ་བས་ན་སེམས་དེ་ཉིད་ལས་འཇིག་རྟེན་ཕ་རོལ་དུ་གྱུར་པའི་སེམས་དང་ལུས་གཞན་སྐྱེ་བར་འགྱུར་བ་དེ་བས་ན་སེམས་དེ་ཉིད་ལས་འཇིག་རྟེན་ཕ་རོལ་དུ་གྱུར་པའི་སེམས་དང་ལུས་གཞན་སྐྱེ་བར་འགྱུར་རོ། །ཉེ་བར་བསྡུ་བ་སྨྲས་པ། །དེ་ཕྱིར་རྒྱུ་དང་བྲལ་བའི་ཕྱིར། །ཐ་མའི་སེམས་ཉིད་ཐམས་ཅད་ ཀྱི། །མཚམས་སྦྱོར་མིན་མིན་དེ་འདྲ་ཡི། །སྒྲུབ་བྱེད་ལྷ་ལྡན་ཡིན་པར་འདོད། །ཅེས་བྱ་བ་ལ། སྲེད་པ་དང་། མ་རིག་པ་དང་ལྡན་པའི་ལས་ཀྱིས་མངོན་པར་འདུས་བྱས་པའི་སེམས་འདི་ནི་འཇིག་རྟེན་ཕ་རོལ་གྱི་རྒྱུ་ཡིན་ཏེ་དེ་དང་བྲལ་ན་འཆི་ཀའི་སེམས་ཐམས་ཅད་སྐྱེ་བ་གཞན་དང་ཉིང་མཚམས་ སྦྱོར་བའི་མཚམས་སྦྱོར་མེད་པ་སྟེ། རྒྱུད་ཉིད་མ་གྲུབ་པའི་ཕྱིར་རོ། །དེ་བས་ན་འཆི་ཀ་མའི་སེམས་ཡིན་པའི་ཕྱིར་ཞེས་བྱ་བ་འདི་རྟགས་དམ་པའོ་ཟེར་བ་དེ་འདྲ་བ་ནི་ལྷག་མ་དང་ལྡན་པ་ཡིན་པར་འདོད་དེ། མི་དམིགས་པ་ཙམ་གྱིས་ལྡོག་པ་ངེས་པ་མེད་པའི་ཕྱིར་ཞེས་བསྟན་ཟིན་ཏོ།། །། ཚད་མ་རྣམ་འགྲེལ་གྱི་འགྲེལ་པ་ལས། བམ་པོ་བདུན་པ། གལ་ཏེ་ཡང་འཇིག་རྟེན་འདིའི་སེམས་ནི་འཇིག་རྟེན་གཞན་གྱི་སེམས་སྐྱེད་པ་ཡིན་ཏེ། ལུས་ཐ་དད་པ་ལ་བརྟེན་པ་ཅན་ཡིན་པའི་ཕྱིར། ལྷ་སྦྱིན་གྱི་སེམས་བཞིན་ནོ་ཞེས་ཟེར་བ་དེ་ཡང་མི་བདེན་ཏེ། འདི་ལྟར་ཤེས་པ་ནི་ལུས་ལ་བརྟེན་པ་མ་ ཡིན་ནོ་ཞེས་བསྟན་ཟིན་ཏོ། །གཞན་ཡང་རྣམ་པར་ཤེས་པ་ནི་ལུས་གནས་པ་མ་ཡིན་ཏེ། གང་དུ་ཡང་འཇུག་པ་དང་ལྡན་པ་མ་ཡིན་ནོ། །དེས་ན་ལུས་ནི་ཕྱི་འམ་ནང་ཡང་རུང་སྟེ། ཤེས་པའི་ཡུལ་ཡིན་པའི་ཕྱིར། དེ་འདིའི་ལུས་མེད་ཀྱང་སེམས་གཞན་ལ་འཕོ་བ་དང་ལྡན་པ་ཡིན་ཏེ། དཔེར་ན་འགའ་ཞིག་ གི་ཚེ། གཟུགས་ལ་དམིགས་པའི་སེམས་ནི་དེ་མེད་ཀྱང་རང་གི་ལུས་སམ། གཞན་གྱི་ལུས་ལ་དམིགས་པའི་ཕྱིར་ཕན་ཚུན་དུ་དམིགས་པ་བཞིན་དུ་སེམས་ནི་ལུས་གཞན་ལ་འཕོ་བ་དང་ལྡན་པ་ཡིན་ནོ། །ཡང་ན་ཇི་ལྟར་བྱིས་པའི་ལུས་ལ་གོམས་པའི་སེམས་ནི། རྒན་པོའི་ལུས་ལས་སེམས་ གཡེར་བག་ཅན་དུ་འགྱུར། དེ་ལ་ཉེ་བར་ལེན་པ་གཅིག་ཡོད་ལ་སྐྱེ་བ་གཞན་གྱི་ལུས་ལ་ནི་ཁུ་བ་དང་ཁྲག་གཞན་ཉེ་བར་ལེན་པ་ཡིན་ནོ་ཞེ་ན་མ་ཡིན་ཏེ་བྱིས་པ་དང་རྒན་པོའི་ལུས་དག་ཐ་དད་པ་ཙམ་དུ་སྒྲུབ་པའི་ཕྱིར་ལུས་ཐ་དད་པ་ལ་འཇུག་པའི་འདུ་བྱེད་དེ་ཙམ་ཞིག་དཔེར་ན་བྱེད་པ་ཡིན་ནོ། །ཡང་ན་ཇི་ལྟར་ སད་པའི་དུས་ཀྱི་འདུ་བྱེད་ནི་རྨི་ལམ་གྱི་ལུས་རྗེས་སུ་མཐུན་པའི་ཤེས་པའི་རྒྱུ་ཡིན་པ་དང་། རྨི་ལམ་གྱི་ཁྱད་པར་མཐོང་བའི་ལུས་སྐྲག་པ་ལ་སོགས་པའི་འདུ་བྱེད་ནི་སད་པའི་ཚེ་སེམས་སྔང་བ་ལ་སོགས་པའི་རྒྱུ་ཡིན་པ་དེ་བཞིན་དུ། ཚེ་འདི་ལ་དགེ་བ་ལ་སོགས་པའི་འདུ་བྱེད་དང་ལྡན་པའི་སེམས་ ཀྱང་འཇིག་རྟེན་ཕ་རོལ་གྱི་ལུས་ལ་གནས་པའི་སེམས་དེ་དང་རྗེས་སུ་མཐུན་པའི་འདོད་ཆགས་ལ་སོགས་པའི་རྒྱུ་ཡིན་པའི་ཕྱིར་སྐྱེ་བ་སྔ་མ་གོམས་པའི་སྟོབས་ཀྱིས་འཇིག་རྟེན་འདིའི་འདོད་ཆགས་ལ་སོགས་པ་འབྱུང་བ་ཡིན་ནོ། །དེ་བས་ན་ཐོག་མ་མེད་པའི་སེམས་ཀྱི་རྒྱུན་ལ་སྐྱེ་བ་དང་འཆི་བ་ལ་ སོགས་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་གྲུབ་པའི་ཕྱིར་གོམས་པ་གྲུབ་པས་ཤེས་རབ་དང་ཡིད་གཞུངས་པ་ལ་སོགས་པའི་ཡོན་ཏན་ཐམས་ཅད་གོམས་པ་ལས་ཡིན་ནོ། །དེའི་ཕྱིར་ཐམས་ཅད་མཁྱེན་པ་འབྱུང་དུ་རུང་བ་ཡིན་ནོ། །འདིར་རྩོད་པར་བྱེད་པས། གལ་ཏེ་གོམས་པས་ཁྱད་ཡིན་ཡང་། ། མཆོངས་དང་ཆུ་ཡི་དྲོད་བཞིན་དུ། །རང་བཞིན་ལས་འདས་མིན་ཞེ་ན། །ཞེས་བྱ་བ་སྨྲས་ཏེ། དེ་ལྟར་ནི་འགྱུར་མོད་ཀྱི་སྐྱེ་ཞིང་སྐྱེ་བར་གོམས་པ་ཡིན་མོད་ཀྱི་དེ་ལྟ་ན་ཡང་ཤེས་རབ་ལ་སོགས་པ་རབ་ཀྱི་མཐར་ཕྱིན་པ་ཕུལ་དུ་བྱུང་བར་མི་འགྱུར་ཏེ། སོ་སོར་ངེས་པའི་ཁྱད་པར་མཐོང་བའི་ཕྱིར་ མཆོངས་པ་དང་ཆུ་ཚན་བཞིན་ནོ། །དེ་བས་ན་གོམས་པས་སོ་སོར་ངེས་པའི་ཁྱད་པར་ཡོད་ཀྱང་རང་བཞིན་ལས་འདས་པ་ཐམས་ཅད་མྱོང་བར་མི་འགྱུར་རོ་ཞེ་ན་འདིར་ལན་བཏབ་པ། དེ་བྱས་གྱུར་ན་ཡང་གལ་ཏེ། །འབད་རྩོལ་ལ་ནི་ལྟོས་པ་དང་། །བརྟེན་མིན་རྟེན་ཅན་དུ་གྱུར་ ན། །ཁྱད་པར་ཉིད་ནི་མི་འཕེལ་ཏེ། །རང་བཞིན་དག་ནི་དེ་ལྟ་མིན། །གང་ཕྱིར་ནུས་ཅན་སྒྲུབ་བྱེད་རྣམས། །ཁྱད་པར་ཕྱི་མ་དག་ལ་ནི། །ནུས་པ་མེད་པ་ཉིད་ཕྱིར་དང་། །རྟག་ཏུ་རྟེན་གནས་མེད་ཕྱིར་རོ། །ཞེས་བྱ་བ་ལ། ཁྱད་པར་ཞེས་བྱ་བ་རབ་ཀྱི་མཐར་ཕྱིན་མེད་པར་གནས་པའི་ཆར་གྱུར་པ་ནི་མ་ཡིན་ ཏེ། འདི་ལྟར་དེའི་ཁྱད་པར་མཆོངས་པ་བཞིན་གོམས་པར་བྱས་པ་ནི། གལ་ཏེ་སླར་ཡང་དུས་ཕྱིས་རང་གནས་པ་འབད་པ་ལ་ལྟོས་པར་བྱེད་པ་མ་ཡིན་ཏེ། འདི་ལྟར་འབད་པས་བོགས་ཕྱུང་བའི་མཆོངས་པ་ནི་སླར་འབད་པ་ལ་ལྟོས་པ་དང་། གཞན་ནི་བརྟན་པ་མ་ཡིན་པའི་རྟེན་ཅན་དུ་གྱུར་པ་ཆུ་ཚན་ བཞིན་ནོ་ཞེ་ན། དེ་ལྟ་ན་ནི་ཤེས་རབ་ཀྱི་ཁྱད་པར་ཡང་རབ་ཀྱི་མཐར་ཕྱིན་པར་མི་འགྱུར་བ་ནི། འདི་ལྟར་རབ་ཀྱི་མཐར་མ་ཕྱིན་པར་གནས་པའི་ཆ་ཉིད་སླར་འབད་པ་ལ་ལྟོས་པ་དང་། མི་བརྟེན་པ་ལ་བརྟེན་པས་ཁྱབ་ཀྱི། ཐུགས་རྗེ་ལ་སོགས་པ་ཡིད་ཀྱི་ཡོན་ཏན་རྣམས་བརྟན་པ་ལ་བརྟེན་པ་ཉིད་དང་། སླར་ འབད་པ་ལ་ལྟོས་པ་མེད་པའི་ཕྱིར་མཐར་ཕྱིན་པ་ཉིད་དུ་འགྱུར་རོ། །སླར་ཡང་འབད་པ་ལ་ལྟོས་པ་ཅན་གང་ཡིན་པ་དེ་ནི་ངོ་བོ་ཉིད་དུ་མི་འགྱུར་བ་དེ་བས་ན་གཏན་ཚིགས་འདི་ནི་ཁྱད་པར་དང་བཅས་པ་སྟེ། གང་བརྟན་པ་ལ་བརྟེན་པ་དང་། ངོ་བོ་ཉིད་ཡིན་པ་དེ་ནི་མཐར་ཕྱིན་པ་ཅན་ཏེ། དཔེར་ན་ གཙང་སྦྲ་ཅན་དང་། ཐོད་པ་ཅན་ལ་མི་གཙང་བ་བཞིན་ནོ། །སླར་འབད་པ་ཡོད་ཀྱང་མཆོངས་པ་ཅིའི་ཕྱིར་མཐར་ཕྱིན་པར་མི་འགྱུར་ཞེ་ན། མཆོངས་པ་ལ་སོགས་པ་སྔར་བོགས་ཕྱུང་བ་དེ་ཉིད་ལ་ཕན་འདོགས་པར་ནུས་པ་གང་ཡིན་པ་དེ་དག་སྒྲུབ་པར་བྱེད་པ་རྣམས་ཏེ། ཁྱད་པར་ཕྱི་ མ་དག་ལ་ནི་མཆོངས་པ་རབ་ཀྱི་མཐར་ཕྱིན་པར་མི་འགྱུར་ཏེ་ནུས་པ་མེད་པ་ཉིད་ཀྱི་ཕྱིར་རོ། །ཆུའི་རྟེན་ཡང་རྟག་ཏུ་མི་གནས་པའི་ཕྱིར་རོ། །འབད་པ་ལས་ཀྱང་ཆུའི་ཚ་བའི་ངོ་བོ་ཉིད་དང་། མཆོངས་པ་སོ་སོར་ངེས་པ་འཕེལ་བར་མི་འགྱུར་རམ་ཞེ་ན། དེའི་ཕྱིར། ཁྱད་པར་འཕེལ་བ་ ཡིན་ན་ཡང་། །རང་བཞིན་མིན་ཕྱིར་གང་གི་ཚེ། །བོགས་ཕྱུང་སླར་འབད་ལ་མི་ལྟོས། །རྩོལ་གཞན་ཁྱད་པར་བྱེད་པར་འགྱུར། །ཞེས་བྱ་བ་ལ། སླར་འབད་པ་ལ་ལྟོས་པའི་ཁྱད་པར་གང་ཡིན་པ་དེ། གལ་ཏེ་འཕེལ་བར་འགྱུར་བ་དེ་ལྟ་ན་ཡང་མཆོངས་པ་ལ་སོགས་པ་དེའི་ངོ་བོ་ཉིད་དུ་མི་འགྱུར་ཏེ། རྒྱུ་ གཞན་ལ་ལྟོས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར། རང་གི་ངོ་བོ་ཉིད་ནི་རང་གི་ངང་གིས་འཇུག་པ་ལ་ཐ་སྙད་འདོགས་པའི་ཕྱིར་རོ། །དེ་བས་ན་མཆོངས་པ་ལ་སོགས་པའི་ཁྱད་པར་ངོ་བོ་ཉིད་མ་ཡིན་པའི་ཕྱིར་འཕེལ་བར་འགྱུར་ཡང་ཕུལ་དུ་བྱུང་བའི་འཕེལ་བ་མ་ཡིན་ནོ་ཞེས་བྱ་བ་ལྷག་མའོ། །གང་ གི་ཚེ་ཡང་ལན་ཅིག་བོགས་ཕྱུང་བའི་ཡིད་ཀྱི་ཡོན་ཏན་ནི་བརྩེ་བ་ལ་སོགས་པའི་འབད་པ་ལ་མི་ལྟོས་པར་རང་ཉིད་གནས་པ་དེའི་ཚེ་རྩོལ་བ་གཞན་ཐུགས་རྗེ་ལ་སོགས་པ་ལ་གནས་པའི་ཁྱད་པར་གྱི་བྱེད་པ་པོར་མི་འགྱུར་རོ། །དེ་ལྟར་འགྱུར་མོད་ཀྱི་སྙིང་རྗེ་ལ་སོགས་པ་ནི་སླར་ཡང་འབད་པ་ལ་ལྟོས་ པས་ཡིན་གྱི། ངང་གིས་འཇུག་པ་མ་ཡིན་ཏེ། དཔེར་ན་མཆོངས་པ་སླར་འབད་པ་ལ་ལྟོས་པ་བཞིན་ནོ་ཞེ་ན། འདིར་སྨྲས་པ། སེམས་ལ་བརྩེ་སོགས་གོམས་སྐྱེས་པ། །རང་གི་ངང་གིས་འཇུག་འགྱུར་ཏེ། །མེ་ལ་སོགས་ལ་ཤིང་དག་དང་། །དངུལ་ཆུ་གསེར་ལ་སོགས་པ་བཞིན། །ཞེས་བྱ་བ་ ལ། དཔེར་ན་མེ་ཡིས་བྱས་པའི་ཤིང་གི་བྱེ་བྲག་ཚིག་པ་ལ་སོགས་པའི་མཚན་ཉིད་ནི་སླར་ཡང་རྩོལ་བ་ལ་མི་ལྟོས་པར་རང་གི་ངང་གིས་འཇུག་པ་དང་། དངུལ་ཆུ་སྦྱངས་པ་དང་། གཟུང་བ་ལ་སོགས་པའི་མཚན་ཉིད་དང་། གསེར་སྲེག་པ་ལ་སོགས་པར་བྱས་པ་ནི། སླར་རྩོལ་བ་ལ་ལྟོས་པ་དེ་ བཞིན་དུ་སེམས་སྔ་མ་སྔ་མར་གོམས་པ་ལས་སྐྱེས་པའི་སྙིང་རྗེ་ལ་སོགས་པ་ཡང་རང་གི་ངང་ཁོ་ནས་འཇུག་གི་ལྡོག་པའི་ཆ་ཅན་ནི་མ་ཡིན་ནོ། །དེ་དག་གིས་ནི་བརྩེ་བ་རང་གི་ངང་གིས་འཇུག་པར་བརྗོད་དོ། །འོན་ཏེ་བརྩེ་བ་ལ་སོགས་པ་ཆུ་ཚན་བཞིན་རང་གི་ངོ་བོ་ཉིད་མ་ཡིན་པའི་ཕྱིར་རབ་ཀྱི་མཐར་ འབྱུང་བ་མ་ཡིན་ནོ་ཞེ་ན། སྨྲས་པ། དེའི་ཕྱིར་དེ་རྣམས་སྐྱེས་ཡོན་ཏན། །དེ་ནི་ངོ་བོ་ཉིད་སྐྱེར་འགྱུར། །དེ་ལས་འབད་རྩོལ་ཕྱི་མ་རྣམས། །ཁྱད་པར་བོགས་འབྱིན་བྱེད་པ་ཡིན། །ཞེས་བྱ་བ་ལ། དེའི་ཕྱིར་ཏེ་རང་གི་ངང་གིས་འཇུག་པའི་ཕྱིར་བརྩེ་བ་ལ་སོགས་པ་དེ་རྣམས་སྐྱེས་པའི་ཡོན་ཏན་གཡེར་ བག་ཅན་ལ་སོགས་པ་ནི་ངོ་བོ་ཉིད་ཁོ་ནར་འགྱུར་ཏེ། སྔར་གྱི་རྩོལ་བས་བརྩེ་བ་བསྐྱེད་པ་དེ་ལས་འབད་རྩོལ་ཕྱི་མའི་ཕྱི་མ་གོམས་པ་ཁྱད་པར་དུ་བོགས་འབྱིན་པའི་བྱེད་པ་པོར་འགྱུར་བ་དེ་བས་ན། བརྩེ་བ་ལ་སོགས་པ་ནི་མཐར་ཕྱིན་པ་མེད་པའི་བདག་ཉིད་མ་ཡིན་ནོ། །བརྩེ་བ་ལ་ སོགས་པ་ནི། ལན་དུ་ཕན་འདོགས་པ་ལ་ལྟོས་པ་དང་བཅས་པ་མ་ཡིན་ནམ། གོམས་པ་སྔོན་དུ་འགྲོ་བ་ཅན་ཙམ་ནི་མ་ཡིན་པའི་ཕྱིར། གནོད་པ་བྱེད་པའི་ཞེ་སྡང་ལ་སོགས་པ་བཟློག་པའི་ཆེད་ཡིན་ཏེ། སྔར་གོམས་པར་བྱས་པའི་སྙིང་རྗེ་འབད་རྩོལ་གཞན་གྱིས་བསྟན་པའི་ཕྱིར་རོ་ཞེ་ན། གང་ཕྱིར་ བརྩེ་བ་ལ་སོགས་བློ། །རིགས་མཚུངས་ས་བོན་སྔ་མ་ལས། །འཕེལ་བ་ཅན་གྱུར་དེ་དག་གི། །གོམས་པ་ཡོད་ན་ཅི་ཕྱིར་གནས། །ཞེས་བྱ་བ་ལ། གང་གི་ཕྱིར་རིགས་མཚུངས་པ་ལ་སོགས་པས་བོགས་ཕྱུང་བའི་ས་བོན་སྔ་མ་བརྩེ་བ་ལ་སོགས་པ་གོམས་པ་དེ་ལས། འཕེལ་བ་སྟེ་རབ་ཀྱི་མཐར་ ཕྱིན་པ་གང་ལ་ཡོད་པ་དེ་ནི་བརྩེ་བ་ལ་སོགས་པའི་བློ་ཡིན་པ་དེའི་ཕྱིར་དེ་དག་གི་གོམས་པ་ཡོད་ན་ཅིའི་ཕྱིར་གནས་ཏེ་མི་གནས་ཞེས་བྱ་བའི་ཐ་ཚིག་གོ། །འདིའི་དགོངས་པ་ནི་འདི་ཡིན་ཏེ། བརྩེ་བ་ལ་སོགས་པ་ཉིད་ནི་བརྩེ་བ་ལ་སོགས་པ་གོམས་པ་ལས་སྐྱེས་པ་ཡིན་གྱི། ལན་དུ་ཕན་འདོགས་པ་ལ་ སོགས་པ་ལ་ལྟོས་པ་ནི་མ་ཡིན་ནོ། །དེ་ལྟ་ན་ཡང་དྲན་པ་དང་ཐོས་པས་ཀྱང་བརྩེ་བ་ལ་སོགས་པ་འཇུག་སྟེ། བརྩེ་བ་ལ་སོགས་པས་ཞིང་དུ་བྱས་པའི་རྒྱུད་རྣམས་མི་གསར་དུ་གནོད་པ་བྱེད་པའི་སྲོག་ཆགས་ལ་བརྩེ་བ་ཆུང་བར་མི་འགྱུར་རོ། །དེའི་ཕྱིར་གོམས་པ་དང་ལྡན་པ་སེམས་ལ་ཅིའི་ཕྱིར་ བརྩེ་བ་ལ་སོགས་པ་དམན་པར་ཅི་སྟེ་འགྱུར། མཆོངས་པའི་ཡང་གོམས་པ་རབ་ཀྱི་མཐར་ཕྱིན་པའི་རྒྱུ་ཡོད་པ་མ་ཡིན་ནམ། དེས་ན་དེ་ཡང་རབ་ཀྱི་མཐར་ཕྱིན་པར་ཤེས་རབ་ལ་སོགས་པ་བཞིན་དུ་འགྱུར་རོ་ཞེ་ན། སྨས་པ། དེ་ལྟར་མཆོངས་ཉིད་ལས་མཆོངས་མིན། །དེ་རྒྱུ་སྟོབས་དང་འབད་ རྩོལ་གྱི། །ནུས་པ་ངེས་པ་ཉིད་ཀྱི་ཕྱིར། །མཆོངས་པ་ངེས་པའི་བདག་ཉིད་ཡིན། །ཞེས་བྱ་བ་ལ། སྙིང་རྗེ་ལ་སོགས་པ་རིགས་པ་མཚུངས་པ་ལས་བརྩེ་བ་ལ་སོགས་པ་སྐྱེ་བ་བཞིན། མཆོངས་པ་ཉིད་ལས་མཆོངས་པ་འབྱུང་བ་མ་ཡིན་གྱི། འོན་ཀྱང་སྟོབས་དང་རྩོལ་བ་དག་ལས་མཆོངས་པ་འབྱུང་སྟེ། འདི་ལྟར་མཆོངས་པ་ལེགས་པར་བྱང་ཡང་སྟོབས་དང་རྩོལ་བ་མེད་པར་མཆོངས་ནུས་པ་མ་ཡིན་ནོ། །དེས་མཆོངས་པའི་རྒྱུ་སྟོབས་དང་། རྩོལ་བ་དག་ནི་ནུས་པ་ངེས་པའི་ཕྱིར་མཆོངས་པ་ཡང་གནས་པ་ངེས་པའི་རང་བཞིན་ཉིད་ཡིན་ནོ། །མཆོངས་པའི་ཡུལ་ཅན་གྱི་གོམས་པ་ཉིད་ལས་མཆོངས་ པ་འབྱུང་བ་མ་ཡིན་ནམ་གཞན་དུ་ན་སྟོབས་དང་རྩོལ་བ་ནི་སྔར་ཡོད་པའི་ཕྱིར་དང་པོ་ཉིད་དུ་མཆོངས་པར་འགྱུར་རོ། །འོན་ཏེ་སྟོབས་ཉིད་སྔར་མེད་ལ། གོམས་པ་ཉིད་ལས་སྟོབས་འགྲུབ་པའི་ཕྱིར། སྔར་མཆོངས་པ་མ་ཡིན་ན་ནི་དེ་ལྟ་ན། རང་གི་རིགས་ཀྱི་མཆོངས་པ་བསྐྱེད་ཀྱང་མཆོངས་པ་རབ་ ཀྱི་མཐར་ཕྱིན་པར་མི་འགྱུར་བ་བཞིན་དུ། སྙིང་རྗེ་ལ་སོགས་པ་ཡང་མཐར་ཕྱིན་པར་མི་འགྱུར་རོ་ཞེ་ན། འདིར་སྨྲས་པ། ཕྱི་ནས་བཞིན་དུ་དེ་དང་པོར། །མཆོངས་མིན་ལུས་ནི་ནུས་མེད་ཕྱིར། །རྩོལ་བས་རིམ་གྱིས་མི་ནུས་པ། །བསལ་ན་རང་སྟོབས་ངེས་པ་ཡིན། །ཞེས་བྱ་བ་ལ། འདིའི་དོན་ ནི་འདི་ཡིན་ཏེ། གོམས་པ་ལས་སྟོབས་སྐྱེ་བ་མ་ཡིན་གྱི། འོན་ཀྱང་སྟོབས་ཡོད་པར་གྱུར་ཀྱང་བད་ཀན་ལ་སོགས་པས་བཅོམ་ནས་མཆོངས་པ་མི་ནུས་པ་ཡིན་ནོ་ཞེ་ན། དེ་བས་ན་སྐྱེས་བུ་དེ་བད་ཀན་ལ་སོགས་པས་ལུས་ནུས་པ་མེད་པར་བསྐྱེད་པའི་ཕྱིར་མཆོངས་པར་མི་འགྱུར་ལ་ཕྱིས་གོམས་པ་ ཇི་ལྟ་བ་བཞིན་དུ་མཆོངས་པར་འགྱུར་རོ། །འོན་ཏེ་བཅུད་ཀྱིས་ལེན་དང་ཉེ་བར་སྦྱོར་བས་སྟོབས་དང་ལྡན་པར་འགྱུར་བ་དེ་ལྟ་ན་ཡང་འོན་ཏེ་བཅུད་ཀྱིས་ལེན་མི་ནུས་པ་ངེས་པ་ལས་སྟོབས་ངེས་པར་གདོན་མི་ཟ་བར་འགྱུར་ཏེ། འདི་ལྟར་མི་དང་སྤྲེའུ་དག་མཚུངས་པར་མཆོངས་པ་ཡང་ མཆོངས་པ་མཚུངས་པ་ནི་མ་ཡིན་ནོ། །དེའི་ཕྱིར་གོམས་པ་ཡོད་ཀྱང་མངལ་དང་རིགས་ཀྱི་སྟོབས་ལ་ལྟོས་པ་ཁོ་ན་ལས་མཆོངས་པ་འབྱུང་གི །གོམས་པ་ཙམ་ལ་ལྟོས་པ་ནི་མ་ཡིན་ནོ། །སྙིང་རྗེ་ལ་སོགས་པ་རྣམས་ནི་རང་གི་རིགས་གོམས་པ་ཁོ་ན་ལ་ལྟོས་པ་ཉིད་དོ། །གལ་ཏེ་དེ་ལྟར་ སྔར་རང་གི་རིགས་ཀྱི་བག་ཆགས་ཙམ་ལ་ལྟོས་ནས་བརྩེ་བ་ལ་སོགས་པ་འབྱུང་བ་དེ་ལྟ་ན་ནི་འཁོར་བ་ཡང་ཐོག་མ་མེད་པའི་ཕྱིར་བརྩེ་བ་ལ་སོགས་པའི་རང་བཞིན་ཕུལ་དུ་བྱུང་བར་འགྱུར་ན། ཐམས་ཅད་སྙིང་རྗེ་དང་ལྡན་པ་མ་ཡིན་པའི་ཕྱིར། སྙིང་རྗེ་རང་གི་རིགས་ཀྱི་ས་བོན་ལས་བྱུང་ བ་མ་ཡིན་ནོ་ཞེ་ན། འདིར་སྨྲས་པ། བརྩེ་བ་རང་ས་བོན་ལས་བྱུང་། །གལ་ཏེ་རང་ས་བོན་འབྱུང་ཅན། །མི་མཐུན་ཕྱོགས་ཀྱིས་གནོད་མེད་ན། སེམས་ལ་དེ་དག་ཉིད་ཐོབ་འགྱུར། །ཞེས་བྱ་བ་ལ། གལ་ཏེ་བརྩེ་བ་རང་གི་ས་བོན་སྙིང་རྗེ་གོམས་པ་བོགས་བྱུང་བ་ལས་བྱུང་བ་གང་ལ་ ཡོད་པའི་བརྩེ་བ་དེ་དུས་ཐོག་མ་མེད་པ་ཡིན་པ་དེ་ལྟ་ན་བརྩེ་བའི་བདག་ཉིད་དུ་མི་འགྱུར་ཏེ། རང་གི་རྒྱུད་ལ་སྐྱེས་པའི་སྡང་བ་ལ་སོགས་པས་གནོད་པའི་ཕྱིར་རོ། །གལ་ཏེ་ཡང་རང་གི་ས་བོན་ལས་བྱུང་བའི་མི་མཐུན་ཕྱོགས་སྡང་བ་ལ་སོགས་པས་གནོད་པ་མེད་ཅིང་རྒྱུན་མི་འཆད་པར་སྙིང་རྗེ་གོམས་ པ་དེའི་ཚེ། བསྟན་པར་འགྱུར་བའི་སེམས་ལ་རྒྱུན་མི་འཆད་པར་གོམས་པས་ཞེ་སྡང་ལ་སོགས་པ་བཀག་པར་གྱུར་ན། དེའི་བདག་ཉིད་ཕུལ་དུ་བྱུང་བར་འགྱུར་རོ་ཞེས་ཁས་བླངས་པ་འདི་དག་རིགས་པ་ཡིན་ཏེ། འདི་ལྟར་གོམས་པ་སྔ་མ་རྣམས། །བརྩེ་བ་དང་ཆགས་བྲལ་ལ་སོགས། །སེམས་ཀྱི་ ཆོས་ཉིད་གཞན་དག་ནི། །གཡེར་བག་ཅན་གྱི་རྩ་བ་ཡིན། །ཞེས་བྱ་བ་ལ། བརྩེ་བ་ལ་གོམས་པ་སྔ་མ་སྔ་མ་ནི་བརྩེ་བ་ལ་སོགས་པ་ཕྱི་མ་ཕྱི་མའི་སེམས་ཀྱི་ཆོས་གསལ་བར་བྱེད་པའི་རྒྱུའི་རྩ་བ་ཡིན་གྱི། སྐྱེད་པར་བྱེད་པའི་རྒྱུ་ནི་མ་ཡིན་ཏེ། བརྩེ་བ་ལ་སོགས་པ་གྲུབ་པ་ལ་ནི་གཡེར་བག་ཅན་ ཁོ་ནར་གོམས་པས་བྱེད་པ་ཡིན་གྱི། སྐྱེད་པར་བྱེད་པ་མ་ཡིན་ཏེ། སྔ་ནས་ཡོད་པའི་ཕྱིར་རོ། །དེ་བས་ན་རང་གི་དོན་འདོད་པ་མེད་ཅིང་། གཞན་གྱི་དོན་ཁས་བླངས་པའི་བརྩེ་བའི་བདག་ཉིད་གོམས་པ་ཁོ་ན་ལས་ཡིན་ནོ་ཞེས་བསྟན་པའི་ཕྱིར། གོམས་ནས་བརྩེ་བའི་བདག་ཉིད་ཅན། །མི་གཙང་ ཆགས་དང་ཆགས་བྲལ་བཞིན། །ཞེས་བྱ་བ་སྨོས་ཏེ། རྟག་པ་བརྩེ་བ་ལ་གོམས་པར་འདོད་པས་གོམས་པ་ཕུལ་དུ་བྱུང་བ་ལས་བརྩེ་བའི་བདག་ཉིད་ཅན་སྐྱེ་སྟེ། དཔེར་ན་སྐྱེས་བུ་ལ་ལ་སྐྱེ་བའི་ལས་གོམས་པ་ལས་མི་གཙང་བ་བསྐྱེད་པ་བཞིན་དང་། མི་མཐུན་པའི་ཕྱོགས་ཀྱིས་གནོད་པར་མ་གྱུར་ པའི་མི་གཙང་བ་དེའི་བདག་ཉིད་དུ་འགྱུར་ཏེ། འདི་ལྟར་མི་གཙང་བ་མེད་པ་ཉིད་ཡོད་པར་གྱུར་ན། ཉེ་བར་བླང་བར་བྱ་བ་མ་ཡིན་པ་ཅུང་ཟད་ཀྱང་མི་སྣང་བ་བཞིན་དང་། དེ་བཞིན་དུ་ཆགས་པ་དང་བྲལ་བ་དང་། ཆགས་པ་ཉིད་ཀྱང་གོམས་པ་ཉིད་ལས་དེའི་བདག་ཉིད་དུ་འགྱུར་བ་བཞིན་ནོ། །བརྩེ་བ་ དང་ལྡན་པ་གཞན་གྱི་སྡུག་བསྔལ་དབྲལ་བར་འདོད་པས། རང་གི་སྡུག་བསྔལ་སྤང་བར་བྱ་བའི་དོན་དུ་བརྩོན་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར། བརྩེ་ལྡན་སྡུག་བསྔལ་གཞོམ་པའི་ཕྱིར། །ཐབས་རྣམས་ལ་ནི་མངོན་སྦྱོར་མཛད། །ཅེས་བྱ་བ་སྨོས་ཏེ། བརྩེ་བ་དང་ལྡན་པས་བདག་དང་གཞན་གྱི་ སྡུག་བསྔལ་དབྲལ་བར་བྱ་བའི་ཕྱིར་འབད་པར་བྱ་བར་འོས་ཏེ། བརྩེ་བ་དང་ལྡན་པ་རང་གི་སྡུག་བསྔལ་བྲལ་བ་མེད་པར་གཞན་གྱི་སྡུག་བསྔལ་བཟློག་པར་མི་ནུས་པའི་ཕྱིར་རོ། །དེའི་ཕྱིར་རང་གི་སྡུག་བསྔལ་བྲལ་བར་མངོན་དུ་བྱེད་པ་དང་། ཤེས་བྱ་ཐམས་ཅད་མངོན་དུ་བྱེད་པས་བརྩེ་བ་དང་ལྡན་ པས་ཐབས་ལ་མངོན་པར་སྦྱོར་བར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རང་དང་གཞན་གྱི་སྡུག་བསྔལ་གཞོམ་པའི་ཕྱིར་རོ། །གང་གི་ཕྱིར། ཐབས་བྱུང་ལྐོག་གྱུར་དེའི་རྒྱུ་ཅན། །དེ་བཤད་པར་ནི་དཀའ་བའི་ཕྱིར། །ཞེས་བྱ་བ་ལ་ལྐོག་ཏུ་གྱུར་པའི་ཐབས་ལས་བྱུང་བ་ནི་མཐོ་རིས་དང་ཐར་པའི་མཚན་ ཉིད་དོ། །དེ་དག་རྒྱུ་ནི་སྦྱིན་པ་ལ་སོགས་པ་དང་བདག་མེད་པར་མཐོང་བ་གང་ཡིན་པའི་སྐྱེས་བུ་དེའི་མཐོ་རིས་དང་ཐར་པ་གཞན་ལ་བསྟན་པར་དཀའ་བ་སྟེ། དེ་ལ་དེའི་ནུས་པ་མེད་པའི་ཕྱིར་རོ། །འཕགས་པའི་བདེན་པ་བཞི་ཚད་མས་འཐད་པ་ཉིད་ལས་འཇུག་པར་འགྱུར་བ་མ་ཡིན་ནམ། མངོན་སུམ་དུ་བྱེད་པས་ཅི་ཞིག་བྱ་ཞེ་ན། གལ་ཏེ་འཕགས་པའི་བདེན་པ་བཞི་རྗེས་སུ་དཔག་པས་ངེས་པ་དེ་ལྟ་ན་ཡང་དམྱལ་བ་ལ་སོགས་པ་སྐྱེད་པའི་ལས་ཀྱི་འབྲས་བུ་འཇིག་རྟེན་གྱི་ཁམས་གཞན་སྟོན་པར་མི་ནུས་པ་ཉིད་དེ། དེའི་ཕྱིར་ཐམས་ཅད་རིག་པ་མངོན་སུམ་དུ་བྱའོ། །རང་དང་ གཞན་གྱི་སྡུག་བསྔལ་བྲལ་བར་བྱེད་པ་དེས་སྡུག་བསྔལ་གྱི་རྒྱུ་བརྟག་པར་བྱ་སྟེ། དེ་བསྟན་པའི་ཕྱིར། ལུང་དང་རིགས་པས་རྣམ་དཔྱོད་པ། །སྡུག་བསྔལ་ཉིད་ཀྱི་ཁྱད་པར་གྱིས། །མི་རྟག་ལ་སོགས་སྡུག་བསྔལ་རྒྱུའི། །ངོ་བོ་དེ་ཡང་བརྟག་པ་མཛད། །ཅེས་བྱ་བ་སྨོས་ཏེ། རིགས་པས་ ནི་རྗེས་སུ་དཔག་པའོ། །ལུང་ནི་རྗེས་སུ་དཔག་པའི་སྤྱོད་ཡུལ་མ་ཡིན་པ་སྟེ། དབང་པོ་ལས་འདས་པའི་དོན་ཅན་གྱི་ཤེས་པའི་རྒྱུ་ཡིན་ནོ། །ཡང་ན་ལུང་ནི་ཤེས་པ་དང་པོའི་རྒྱུ་སྟེ། དེ་ནས་དོན་ངེས་པར་བྱ་བའི་དོན་དུ་རིགས་པ་འཇུག་པ་ཡིན་གྱི། ལུང་ཙམ་ལས་ངེས་པ་ནི་མ་ཡིན་ནོ། །དེས་ ན་དང་པོར་ལུང་གིས་དོན་མཐོང་བར་འགྱུར་ལ། དེ་ནས་རིགས་པས་དོན་དེ་བསྟན་པར་བྱེད་ཅིང་། བསྟན་པར་བྱས་པའི་དོན་ལ་བསྒོམས་པས་མངོན་སུམ་དུ་བྱེད་དོ། །དེ་ལ་ལུང་དང་རིགས་པ་དག་གིས་དཔྱོད་པ་ནི་རྒྱུ་དང་ལྡན་པའི་སྡུག་བསྔལ་བྲལ་བར་བྱ་བའི་དོན་ དུ་དང་པོ་རེ་ཞིག་སྡུག་བསྔལ་གྱི་རྒྱུ་ཉིད་རྟོག་པར་བྱེད་དོ། །སྡུག་བསྔལ་གྱི་རྒྱུ་དཔྱད་ནས་ཡང་ཟློག་པར་ནུས་པ་ཉིད་དཔྱད་པའི་དོན་དུ། སྡུག་བསྔལ་གྱི་རྒྱུ་དེ་ཉིད་མི་རྟག་པ་ལ་སོགས་པར་དཔྱད་པར་བྱའོ། །མི་རྟག་པ་ལ་སོགས་པའི་རང་བཞིན་གྱིས་རྒྱུ་མ་དཔྱད་ན་སྡུག་བསྔལ་སྤང་བའི་ཕྱིར་འབད་པ་ཉིད་ དུ་མི་འགྱུར་ཏེ་རྒྱུ་མེད་པའམ། རྒྱུ་རྟག་པ་ཅན་དུ་གྱུར་པ་ནི་སྡུག་བསྔལ་གྱི་རྒྱུ་ཟློག་པའི་དོན་དུ་འབད་པ་འབྲས་བུ་མེད་པར་འགྱུར་ཏེ། འདི་ལྟར་སྡུག་བསྔལ་དང་། སྡུག་བསྔལ་གྱི་རྒྱུ་དག་རྒྱུ་མེད་ལ་ཟད་པར་མི་འགྱུར་ལ། རྟག་ན་ཡང་ཇི་ལྟར་ཟད་པར་འགྱུར། རྒྱུ་མ་ཟད་པར་སྡུག་བསྔལ་ཟད་ པར་མི་ནུས་པའི་ཕྱིར། སྡུག་བསྔལ་གྱི་རྒྱུ་མི་རྟག་པ་ལ་སོགས་པའི་རྣམ་པས་བརྟག་པར་བྱའོ། །ཇི་སྟེ་སྡུག་བསྔལ་གྱི་རྒྱུ་མི་རྟག་པའོ་ཞེས་ཇི་ལྟར་ངེས་པར་བྱེད་ཅེ་ན། འདིར་སྨྲས་པ། སྡུག་བསྔལ་ཉིད་ཀྱི་ཁྱད་པར་གྱིས་ཏེ། མི་རྟག་པ་ལ་སོགས་པ་རྣམས་ཀྱིས་སྡུག་བསྔལ་གྱི་རྒྱུ་མི་ རྟག་པར་བྱ་སྟེ། ཇི་ལྟར་སྡུག་བསྔལ་མི་རྟག་པ་ཡིན་པ་དེ་ལྟར་ཕྱིས་བཤད་པར་བྱའོ། །དེ་ལྟར་ནི་འགྱུར་མོད་ཀྱི་གལ་ཏེ་སྡུག་བསྔལ་མི་རྟག་པ་ཡིན་ན། མི་རྟག་པ་སྡུག་བསྔལ་གྱི་རྒྱུར་ཇི་ལྟར་འགྱུར་ཏེ། འདི་ལྟར་རྟག་པའི་རྒྱུ་ཅན་ཉིད་ཀྱི་སྡུག་བསྔལ་མི་རྟག་པར་འགྱུར་རོ་ཞེ་ན། འདིར་སྨྲས་ པ། གང་ཕྱིར་དེ་ལྟར་རྒྱུ་གནས་པ། །འབྲས་ལྡོག་མཐོང་བ་མེད་པ་སྟེ། །དེ་རྒྱུ་གཞོམ་ཕྱིར་དེ་ཡི་ནི། །མི་མཐུན་ཕྱོགས་ལ་བརྟག་པར་བྱེད། །ཅེས་བྱ་བ་ལ། གལ་ཏེ་དབང་ཕྱུག་ལ་སོགས་པ་རྟག་པ་ཉིད་སྡུག་བསྔལ་གྱིས་སྐྱེད་པར་བྱེད་པར་འགྱུར་བ་དེ་ལྟ་ན་ནི། རྒྱུ་དབང་ཕྱུག་ལ་སོགས་པ་ དེ་ལྟར་གནས་པ་སྟེ་སྡུག་བསྔལ་སྐྱེད་པར་བྱེད་པ་ཉིད་དུ་གནས་པ་ནི། འབྲས་བུ་སྡུག་བསྔལ་འཇིག་པར་མི་འགྱུར་བའི་ཕྱིར་མི་འཇིག་པའི་ངེས་པ་ཡིན་ནོ། །དེའི་ཕྱིར་སྡུག་བསྔལ་མི་རྟག་པ་ཉིད་ཡིན་ནོ། །རྒྱུ་ཡང་མི་རྟག་པ་ཉིད་དུ་ངེས་སོ། །དེ་ལྟར་འདོད་ན་གལ་ཏེ་རྒྱུ་ཟད་པ་ཉིད་ཀྱིས་ སྡུག་བསྔལ་འཛད་ན། འོ་ན་ནི་རྒྱུ་ཇི་ལྟར་ཟད་པར་འགྱུར་ཏེ། རང་གི་རྒྱུ་ཟད་པས་རྒྱུ་འཛད་པར་འགྱུར་ན་ནི་དེ་ལྟ་ན་རང་གི་རྒྱུ་ཟད་པ་ཉིད་ཀྱིས་སྡུག་བསྔལ་འཛད་པའི་ཕྱིར་སྡུག་བསྔལ་འཛད་པའི་ཐབས་ལ་འཇུག་པར་བྱ་བ་མ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། སྡུག་བསྔལ་གྱི་རྒྱུ་ གཞོམ་པའི་ཕྱིར་སྡུག་བསྔལ་གྱི་རྒྱུ་དེའི་གཉེན་པོ་གང་ཡིན་པ་དེ་བརྟག་པར་བྱ་བའི་ཕྱིར་རོ། །རྒྱུ་མི་མཐུན་པའི་ཕྱོགས་ཉེ་བ་མེད་པར་ལྡོག་པ་མ་ཡིན་པས་དེ་བརྟག་པར་བྱའོ། །རྒྱུ་མེད་པ་ཉིད་ཀྱིས་ལྡོག་པར་འགྱུར་རོ་ཞེ་ན་རྒྱུ་གང་ཞིག་ཡིན། ལས་ཡིན་ནོ་ཞེ་ན་མ་རིག་པ་ལས་གཞན་དང་ གཞན་པའི་ལས་འབྱུང་བའི་ཕྱིར། ལས་ཟད་པ་ལས་གྲོལ་བར་མི་འགྱུར་བ་མ་ཡིན་ནམ། མ་རིག་པ་ནི་ལས་དང་། སྡུག་བསྔལ་བའི་རྒྱུ་མ་ཡིན་ནོ་ཞེས་བཤད་པར་བྱའོ། །དེའི་ཕྱིར་མ་རིག་པའི་གཉེན་པོ་བདག་མེད་པ་ལ་འབད་པར་བྱའོ། །དེ་ལྟར་ནི་འགྱུར་མོད་ཀྱི། སྡུག་བསྔལ་ལ་ སོ་སོར་ངེས་པའི་རྒྱུ་ཡོད་པ་མ་ཡིན་ཏེ། སྡུག་པ་དང་བྲལ་བ་ལ་སོགས་པའི་རང་བཞིན་དུ་མ་རྒྱུར་འགྱུར་བའི་ཕྱིར་རོ། །དེ་བས་ན་རྒྱུ་བཟློག་པར་མི་ནུས་སོ་ཞེ་ན། འདིར་ལན་སྨྲས་པ། བདག་དང་བདག་གིར་འཛིན་བྱས་པའི། །འདུས་བྱས་སྤྱོད་ཡུལ་ཅན་ཆགས་པ། །རྒྱུ་དེ་གནོད་པ་ཅན་ ཉིད་ནི། བདག་མེད་མཐོང་ན་འགལ་བ་ཡིན། ཞེས་བྱ་བ་སྟེ། བདག་དང་བདག་གིར་འཛིན་པ་ནི། ང་དང་ང་ཡིར་མངོན་པར་ཞེན་པས་བྱས་པའི་ཆགས་པ་སྡུག་བསྔལ་གྱི་རྒྱུ་སྟེ། ཆགས་པ་ལོག་ན། བདག་དང་བདག་གི་བ་ཡང་སྤང་བར་འགྱུར་བས་སྡུག་བསྔལ་མེད་པར་འགྱུར་རོ། །དེ་ལྟར་ནི་འགྱུར་མོད་ ཀྱི། གལ་ཏེ་བདག་དང་བདག་གི་བཅོམ་ནས་ཆགས་པ་མེད་པར་གྱུར་པ་ན། ཡིད་ལ་སྡུག་བསྔལ་མི་འབྱུང་ཡང་ལུས་ཀྱི་སྡུག་བསྔལ་བདག་ཉིད་ལ་ཡོད་པ་ཉིད་དོ་ཞེ་ན། འདིར་སྨྲས་པ། གཞན་ལ་ཕན་པར་བརྩོན་པ་དང་ལྡན་པ་ནི་བདག་ཉིད་སྡུག་བསྔལ་བར་མི་འགྱུར་ཏེ། བདག་དང་བདག་ གིར་མངོན་པར་ཞེན་པའི་ཕྱིར། བུ་ལ་ཆགས་པ་དང་། ལྷག་པར་རང་ལ་ཞེན་པ་ལས་ལུས་ལ་རལ་གྲི་ལ་སོགས་པས་བསྣུན་པའི་སྡུག་བསྔལ་དམིགས་པར་འགྱུར་རོ། །བདག་དང་བདག་གིར་མངོན་པར་ཞེན་པ་ཡང་འཇིག་ཚོགས་ལ་ལྟ་བ་ཡིན་པ་དེ་བས་ན། སྡུག་བསྔལ་གྱི་རྒྱུད་ནི་ འཇིག་ཚོགས་ལ་ལྟ་བ་ཡིན་ནོ། །འདུས་བྱས་ནི་ཟག་པ་དང་བཅས་པའི་དངོས་པོ་སྟེ། དེའི་སྤྱོད་ཡུལ་ཅན་འཇིག་ཚོགས་ལ་ལྟ་བའོ། །སྡུག་བསྔལ་གྱི་རྒྱུར་གྱུར་པའི་འཇིག་ཚོགས་ལ་ལྟ་བ་ལ་གནོད་པ་ཅན་བདག་མེད་པ་མཐོང་བ་ནི། དེ་དང་འགལ་བ་ཡིན་ཏེ། བདག་མེད་ པའི་རྣམ་པ་ནི་ཆགས་པའི་རྣམ་པ་དང་འགལ་བ་ཅན་ཡིན་པའི་ཕྱིར། དེའི་གནོད་པ་ཅན་ཡིན་ཏེ། དཔེར་ན། སྣུམ་ལ་སོགས་པ་ནི་རླུང་དང་འགལ་བ་ཡིན་ནོ། །དེ་བས་ན་བདག་མེད་པ་མངོན་དུ་བྱས་པ་ལས་མི་རྟག་པའི་རྒྱུ་འཇིག་ཚོགས་ལ་ལྟ་བ་ལྡོག་པར་འགྱུར་ཏེ། བདག་དང་བདག་གིར་ མངོན་པར་ཞེན་པ་ལོག་ན་སྡུག་བསྔལ་ཐམས་ཅད་ལྡོག་པར་འགྱུར་བ་ཡིན་ནོ། །ཅི་སྟེ་ལུས་བཅད་པ་དང་། བསྲེགས་པ་ལ་སོགས་པས་ཉེན་ན། ཇི་ལྟར་འཆི་བ་ལ་སོགས་པའི་སྡུག་བསྔལ་མེད་པར་མི་འགྱུར་ཞེ་ན། དེ་ནི་བདེན་པ་མ་ཡིན་ཏེ། འཆི་བ་ཞེས་བྱ་བ་ནི། ལུས་གཅིག་དང་བྲལ་ བ་ཡིན་ཞིང་། ལུས་གཞན་དུ་འབྱུང་བ་ནི་སྐྱེ་བ་ཡིན་ཏེ། སྔ་ཕྱིའི་གནས་སྐབས་དག་གོམས་པས་བསྐྱེད་པའི་བློ་གཡེར་བག་ཅན་དྲན་པ་ཡོད་པའི་ཕྱིར་རོ། །དེའི་ཚེ་བྱིས་པ་དང་ལང་ཚོའི་དུས་སྤོང་བ་དང་། ལེན་པ་བཞིན་དང་། གོས་འདོར་བ་དང་སྤྱོད་པ་བཞིན་དེའི་ལུས་ཀྱི་སྐྱེ་བ་ཡང་ཡིན་ནོ། ། ཇི་ལྟར་གོམས་པ་དེ་བཞིན་དུ་འདོད་པའི་རྒྱུ་ཡིན་པ་དང་། བཏང་སྙོམས་པ་ལ་གོམས་ན་ཡང་སྡུག་བསྔལ་དང་། བདེ་བ་གོམས་པར་མི་འགྱུར་བ་བཞིན་ཏེ། དེ་བས་ན་བདག་མེད་པ་གོམས་ན་འཁྲུལ་པའི་རྒྱུ་ཐམས་ཅད་ཀྱིས་འཁྲུག་པ་མ་ཡིན་ནོ། །རྒྱུ་འདོད་ཆགས་ལ་སོགས་པ་ལས་ལོག་ པ་དང་། ཤེས་རབ་རྒྱས་པར་གྱུར་ན་རྣམ་པ་དུ་མ་དང་ལྡན་པའི་ཐབས་མང་པོ་མཐོང་བ་ལས་སྐྱོན་དང་ཡོན་ཏན་རྣམས་གསལ་བར་འགྱུར་བ་ཡིན་པའི་ཕྱིར། ཐམས་ཅད་རིག་པ་སྲིད་པ་ཡིན་ནོ། །གལ་ཏེ་བདག་མེད་པ་མཐོང་བ་ལས་སྡུག་བསྔལ་ཞི་བར་འགྱུར་བ་དེ་ལྟ་ན་ཡང་ཐམས་ཅད་ མཁྱེན་པ་ཡོད་པ་མ་ཡིན་ཏེ། གལ་ཏེ་བདག་མེད་པ་མཐོང་བ་ལས་ཐམས་ཅད་མཁྱེན་པར་འགྱུར་ན། འདོད་ཆགས་དང་བྲལ་བ་དང་རང་སངས་རྒྱས་ཀྱང་ཐམས་ཅད་མཁྱེན་པར་འགྱུར་བ་མ་ཡིན་ནམ་ཞེ་ན། འདིར་སྨྲས་པ། དུས་རིང་པོར་ཡང་རྣམ་མང་པོས། །རྣམ་པ་དུ་མར་ཐབས་ གོམས་པ། །དེ་ལྟ་སྐྱོན་དང་ཡོན་ཏན་རྣམས། །རབ་ཏུ་གསལ་བ་ཉིད་འགྱུར་ཏེ། །ཐུགས་ཀྱང་གསལ་བ་དེ་ཡི་ཕྱིར། །རྒྱུ་ཡི་བག་ཆགས་སྤངས་པ་ནི། །ཐུབ་ཆེན་གཞན་དོན་འཇུག་ཅན་གྱི། །བསེ་རུ་སོགས་ལས་ཁྱད་འདི་ཡིན། །ཞེས་བྱ་བ་ལ། གང་འདི་བློ་གསལ་བའི་སྐྱེས་བུ་ཡང་དང་ ཡང་དུ་ཐབས་མང་པོ་ལ་དུས་ཡུན་རིང་པོར་གོམས་པར་བྱས་ན། དེ་ནི་ལམ་དེ་དང་དེའི་མི་མཐུན་པའི་ཕྱོགས་སྐྱོན་དང་ཡོན་ཏན་བསལ་བར་འགྱུར་རོ། །དེ་ལྟར་གོམས་པར་བྱེད་པའི་སྐྱེས་བུ་གོམས་པ་ལས། བློ་གསལ་བ་ལས་རྒྱུ་སྟེ། སྡུག་བསྔལ་གྱི་རྒྱུའི་བག་ཆགས་ཉོན་མོངས་པས་ བྱས་པའི་ལུས་དང་ངག་དང་བློའི་ནུས་པ་ཉམས་པའི་མཚན་ཉིད་ཅན་གྱི་སྤངས་པ་ནི། བཅོམ་ལྡན་འདས་གཞན་གྱི་དོན་དུ་འཇུག་པ་ཅན་བསེ་རུ་ལ་སོགས་པ་ལས་ཁྱད་པར་འདི་ཉིད་ཡིན་ཏེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་པའི་མཚན་ཉིད་ཅན་ནོ། །ཉན་ཐོས་ལ་སོགས་པ་ རྣམས་ལ་ནི་ཉོན་མོངས་པའི་བག་ཆགས་ཡོད་པ་ཡིན་ནོ། །ཐབས་ནི་སྤྲོས་ན་རྣམ་པ་མང་པོ་ཡོད་ལ། དེ་ལ་དུས་ཡུན་རིང་པོར་གོམས་པ་ལས་འཁོར་བའི་སྐྱོན་དང་ཡོན་ཏན་མ་ལུས་པ་བསལ་བ་ཡིན་ནོ། །ཕྱོགས་སྔ་མ་སྐྱེ་བ་གཞན་དྲན་པ་མ་མཐོང་བ་མ་ཡིན་ནམ། དེ་མེད་པར་ལས་དང་ འབྲས་བུར་འབྲེལ་པར་ཇི་ལྟར་ཤེས་པ་ཡིན། གོམས་པ་ཡང་མཐོང་བ་དང་དྲན་པའི་དངོས་པོ་ལ་འཇུག་གི །ལས་དང་འབྲས་བུ་ནི་མངོན་སུམ་པ་ཡིན་ཏེ། དུས་ཡུན་རིང་པོས་ཆོད་པའི་ཕྱིར་རོ། །མངོན་སུམ་མེད་ན་རྗེས་སུ་དཔག་པས་ཀྱང་ལས་དང་འབྲས་བུ་སོ་སོར་ངེས་པ་མ་ཡིན་པ་དེ་ བས་ན། དེ་ལ་གོམས་པར་ཇི་ལྟར་འགྱུར། དེ་མེད་པར་ཡང་ལས་དང་འབྲས་བུ་སྤྲོས་པ་མངོན་སུམ་དུ་བྱེད་པ་ཡིན་ནོ། །འཕགས་པའི་བདེན་པ་བཞི་ནི་ཚད་མས་ཡོངས་སུ་བཅད་པའི་ཕྱིར་བསྒོམས་པས་མངོན་སུམ་དུ་བྱ་བར་ནུས་མོད་ཀྱི། འོན་ཀྱང་ཐམས་ཅད་རིག་པ་ནི་མ་ཡིན་ཏེ། འདོད་ཆགས་ དང་བྲལ་བ་ལ་ཡང་བདེན་པ་བཞི་རིག་པ་ཡོད་ཀྱང་ཐམས་ཅད་མཁྱེན་པ་མ་ཡིན་པའི་ཕྱིར་རོ། །དེ་ལྟར་འགྱུར་མོད་ཀྱི་ཤེས་པ་ལ་གེགས་བྱེད་པའི་ཉོན་མོངས་པ་དེ་རྣམས་དང་བྲལ་ན་གེགས་བྱེད་པ་མེད་པའི་ཕྱིར་ཤེས་བྱ་ཐམས་ཅད་མངོན་དུ་བྱེད་པར་གྲུབ་པར་འདོད་ན། དེ་ནི་མི་བདེན་ཏེ། གལ་ཏེ་སོ་སོར་ ངེས་པའི་དངོས་པོ་རྣམས་ལ་ཕྱིན་ཅི་ལོག་ཏུ་རྟོག་པའི་རྒྱུ་འདོད་ཆགས་ལ་སོགས་པ་རྣམས་དང་བྲལ་བ་ལས། རུས་པའི་ལུ་གུ་རྒྱུད་ལྟ་བུ་དེ་ལ་ཡང་དག་པའི་ཤེས་པ་སྐྱེ་བར་འགྱུར་ན་ཤེས་བྱ་ཐམས་ཅད་དུ་ཇི་ལྟར་མཐོང་བར་འགྱུར། འོན་ཀྱང་སོ་སོར་ངེས་པའི་དངོས་པོ་བདག་ མེད་པར་མཐོང་བ་ན་བདག་མེད་པར་ཁྱད་པར་མེད་པས་ཐམས་ཅད་མཐོང་བར་འགྲུབ་པ་ཡིན་ན་ནི། དེ་ལྟ་ན་འོ་ན་ནི་བདག་ལ་སོགས་པས་སྔོན་པོ་མཐོང་བ་ན་དངོས་པོ་ཡིན་པའི་ཕྱིར། ཤེས་བྱ་ཐམས་ཅད་མངོན་སུམ་དུ་འགྱུར་རོ། །དེ་བས་ན་གང་དུ་མཐོང་བའི་རྐྱེན་འཇུག་པ་དེ་ཉིད་མཐོང་བར་ནུས་ ཀྱི། འདིར་ནི་བདག་མེད་པ་གང་དུ་གོམས་པ་དེ་ཡིས་ཕུང་པོ་ལྔ་རྣམས་ཀྱི་ཕྱོགས་འགའ་ལ་བདག་མེད་པ་མཐོང་བར་འགྱུར་ཏེ། ལས་དང་འབྲས་བུའི་སྤྲོས་པ་ཤེས་པ་ནི་མ་ཡིན་ནོ། །དེ་ནི་མཐའ་ཡས་པས་གོམས་པ་ཉིད་མི་འཇུག་པའི་ཕྱིར་རོ། །དེ་བས་ན་ལས་དང་འབྲས་བུ་འབྲེལ་པ་དེ་ལ་ རིག་བྱེད་ཉིད་ཚད་མར་འགྱུར་རོ་སྙམ་དུ་སེམས་ན། དེ་ནི་བདེན་པ་མ་ཡིན་ཏེ། གང་གི་ཕྱིར་རེ་ཞིག་བར་མ་དོའི་འཇིག་རྟེན་གྲུབ་པས་སོ། །ཇི་སྟེ་བར་མ་དོའི་འཇིག་རྟེན་ཡོད་ཀྱང་སྐྱེ་བ་གཞན་དྲན་པ་མེད་པའོ་ཞེས་སྨྲས་སོ་ཞེ་ན། སྨྲས་པ་དེ་མི་འཐད་དེ། འདི་ལྟར་གལ་ཏེ་སྐྱེ་བ་གཞན་ཡོད་ལ་སྦྱིན་ པ་ལ་སོགས་པ་སྔར་ཉམས་སུ་མྱོང་བ་དྲན་པ་གོམས་པ་ཉི་མ་རེ་རེར་འཕེལ་བར་གྱུར་པ་དེའི་ཚེ་ཇི་ལྟ