Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 182
Văn bản gốc(Tây Tạng)
Trang 19 / 26 (50.000 ký tự/trang)
་པ་གཉིས་ཀྱིས་གཞན་སེལ་བའི་ཡུལ་ཅན་ཡིན་ནོ་ཞེས་བསྟན་པའི་ཕྱིར་མཉན་པ་དེ་ནི་ཞེས་འགྲེལ་པར་བྱས་ནས་དེ་མེད་མིན་ལས་ཞེས་བྱ་བ་བརྗོད་དོ། །རང་གི་རྣམ་པར་ རྟོག་པ་མ་ཡིན་པ་འབྲས་བུ་མི་བྱེད་པ་ལས་དངོས་པོའི་རང་བཞིན་དུ་ལྷག་པར་ཞེན་པའི་བདག་ཉིད་ཅན་ནོ་ཞེས་བཤད་པ་ནི་འབྲས་བུ་བྱེད་པ་དང་འདྲ་བའི་ངོ་བོར་སྣང་བ་ཅན་གྱི་བློ་སྐྱེད་པར་བྱེད་པ་ཡིན་ན་འང་མཉན་པ་དོན་ལ་མི་སླུ་བ་ཡིན་ནོ། །གཏན་ཚིགས་བཤད་པ་ནི་དེ་མི་བྱེད། ཡོངས་སྤོང་ ཡན་ལག་ངོ་བོའི་ཕྱིར་ཏེ། སྒྲོ་འདོགས་པ་རྣམ་པར་གཅོད་པའི་རྒྱུ་ཡིན་པའི་ཕྱིར་ཏེ། ཞེན་པ་ལ་ལྟོས་ནས་རིགས་མི་འདྲ་བ་དང་། འདྲེས་པ་དང་བྲལ་བ་ལས་གྱུར་པ་ཐ་དད་པའི་རང་བཞིན་གྱི་དོན་གྱི་ཡུལ་ཅན་ཡིན་པའི་ཕྱིར་རོ། །དེས་ན་དེ་རིག་པ་ཇི་ལྟ་བ་དེ་ལྟར་དོན་ཡོད་པས་སླུ་བ་ མེད་པ་ཉིད་ཡིན་པས་ན་རྣམ་པ་གཉིས་ཀྱི་གཞན་སེལ་བའི་ཡུལ་ཅན་དུ་འགྱུར་ཏེ། དོན་འབྱེད་པར་བྱེད་པ་ཉིད་ཀྱིས་གཞན་སེལ་བ་བྱེད་པ་པོ་ཡིན་པའི་ཕྱིར་དང་རང་ཉིད་ཀྱི་བྲལ་བ་མ་ཡིན་ཡང་སྒྲོ་འདོགས་ཀྱི་དབང་གིས་དོན་གཞན་དང་འདྲེས་པར་གྱུར་པ་དེ་དང་བྲལ་བ་ལས་གྱུར་པ་སྔ་ན་ མེད་པའི་བྲལ་བའི་རང་བཞིན་གྱི་དོན་རིག་པར་བྱེད་པའི་ཕྱིར་རོ། །དེ་བཤད་པ་ནི། དེའི་ཕྱིར་གཞན་སེལ་ཡུལ་ཅན་དེ། །དེ་བྱེད་སྟོན་པའི་ངོ་བོའི་ཕྱིར། །ཞེས་བྱ་བ་སྟེ། མཉན་པས་ནི་སྒྲ་དང་དོན་སེལ་བ་ན་འཇུག་པ་ཡིན་ནོ་ཞེས་བྱ་བ་དེ་བཤད་པ་ཡིན་ནོ། །འགྲེལ་པ་ནི་ངོ་བོ་ཉིད་གཅིག་ དང་བྲལ་བའི་དོན་རྣམས་ལ་ཞེས་བྱ་བ་སྟེ། འདིས་ནི་དེ་བྱེད་མིན་ལ་ཞེས་བྱ་བ་བཤད་པ་ཡིན་ནོ། །དེ་བྱེད་དང་ཞེས་བྱ་ལ་སོགས་པ་བཤད་པ་ནི། ཕྱིན་ཅི་ལོག་ཏུ་སྣང་བའི་ཕྱིར་ཞེས་བྱ་བའོ། །དོན་མེད་ཅེས་བྱ་བ་བརྗོད་པ་ནི། མཚུངས་པ་ཉིད་དུ་ལྷག་པར་ཞེན་པ་ཞེས་ བྱ་བའོ། །དེ་མི་བྱེད་ན། ཡོངས་སྤོང་ཡན་ལག་ངོ་བོའི་ཕྱིར། །ཞེས་བཤད་པ་ནི། དེ་ལས་གཞན་པ་ཡོངས་སུ་སྤོང་བ་ཞེས་བྱ་བ་ལ་སོགས་པའོ། །རྣམ་པ་དེ་ལྟ་བུའི་དངོས་པོ་ཡོད་པའི་སྒོ་ནས་མི་སླུ་བ་ཉིད་བཤད་པ་ནི། འདི་ལྟར་ཞེས་བྱ་བའོ། །དེ་ལྟ་མ་ཡིན་ན་མི་སླུ་བ་མ་ཡིན་ནོ་ཞེས་ བཤད་པ་ནི། ཐ་དད་པའམ་ཞེས་བྱ་བའོ། །དེས་ན་གཞན་སེལ་ཡུལ་ཅན་དེ། །ཞེས་བྱ་བ་བཤད་པའི་ཕྱིར། དེ་ཉིད་ཀྱི་ཕྱིར་ཞེས་བྱ་བའོ། །གཞན་ལས་ལོག་པའི་དོན་རྣམས་ལ་བྱེ་བྲག་མེད་པར་ལྡོག་པའི་ཁྱད་པར་ལ་བརྟེན་ནས་ཞེས་བྱ་བ་ནི་དེས་བརྟེན་པ་ཉིད་དུ་བརྗོད་པ་ཡིན་ལ་ཐ་སྙད་ལ་ཡང་ཞེས་བྱ་བས་ནི་ དེ་བྱེད་པ་ཉིད་དུ་བཤད་དོ། །འདིར་གཞོན་ནུ་མ་ལེན་ལ་སོགས་པ་དོན་གྱི་དེ་ཁོ་ན་མ་རྟོགས་པ་རྣམས་གཞན་སེལ་བ་སྒྲའི་དོན་དུ་བརྗོད་པ་ལ་ཕན་ཚུན་བསྟེན་པའི་སྐྱོན་འགོད་པ་ཡང་སྤང་བའི་ཕྱིར་ཤིང་མ་ཡིན་ལས་ལོག་པར་ཏེ། ཤིང་མ་ཡིན་ལས་ཐ་དད་པར་ཤིང་གི་དོན་འཛིན་ན། གང་ཞིག་ ལྡོག་པ་དང་གང་ལས་ལྡོག་པ་གཉིས་པོ་དེ་ཕན་ཚུན་བསྟེན་པ་ཡིན་པས་ན་ཤིང་ངམ། ཤིང་མ་ཡིན་པ་གཅིག་འཛིན་པའི་ཕྱིར་གཞན་སེལ་བ་ལ་བརྡར་བཏགས་པ་མི་སྲིད་དོ། །ཤིང་མ་ཡིན་པ་རྟོགས་པས་ཡུལ་དུ་མ་བྱས་པར་ནི་དེ་ལས་ལོག་པའི་ཤིང་ངེས་པར་ནུས་པ་མ་ཡིན་ནོ། །ཤིང་གི་ ཤིང་མ་ཡིན་པ་ལས་ལྡོག་པ་དང་། ཤིང་མ་ཡིན་པ་ལས་ཀྱང་ཐ་དད་པ་ནི་ཤིང་མ་ཡིན་པས་སྟོང་པ་ཉིད་ཡིན་ནོ། །དེས་ན་ཤིང་མ་ཡིན་པ་རྟོགས་པས་ཡུལ་དུ་མ་བྱས་པ་ན། གང་རྣམ་པར་གཅད་པས་ཤིང་བཟུང་བ་ཤིང་མ་ཡིན་པ་ལས་ལྡོག་པ་འཛིན་པར་འགྱུར་བ་འདི་གང་ཞིག་མེད་པ་ཡིན། ཤིང་མ་ཡིན་པ་ལས་ལྡོག་པར་ངེས་ན་ཤིང་མ་ཡིན་པ་ཡིན་པ་ཁོ་ནའོ་ཞེ་ན། བཟུང་མོད་ཀྱི་ཤིང་མ་ཡིན་པ་བཟུང་བས་དེ་ཤིང་ལས་ལྡོག་པར་འཛིན་པར་འགྱུར་རོ། །གལ་ཏེ་ཤིང་མ་ཡིན་པ་ལྡོག་པར་མི་འཛིན་ན་རྣམ་པར་རྟོག་པའི་ཡུལ་ཡིན་ཡང་གཞན་སེལ་བ་མ་ཡིན་པའི་ཕྱིར་གཞན་སེལ་བའི་ ཡུལ་ཅན་ཉིད་ཉམས་སོ། །གལ་ཏེ་དེ་ལས་ལྡོག་པ་ཁོ་ནས་འཛིན་ཏོ་ཞེ་ན། དེས་ན་ད་ནི་ཤིང་མ་ཡིན་པ་ནི་ཤིང་ལས་ལོག་པར་གཟུང་བར་བྱ་ལ། ཤིང་ཡང་ཤིང་མ་ཡིན་ལས་ལྡོག་པ་ཡིན་པའི་ཕྱིར་ཤིང་མ་ཡིན་པར་འཛིན་པ་ནི་ཤིང་འཛིན་པ་ལ་ལྟོས་པ་ཡིན་ལ་ཤིང་ཡང་ཤིང་མ་ཡིན་པ་འཛིན་པ་ལ་ལྟོས་པར་ འགྱུར་བ་དེས་ན་གཉིས་ཕན་ཚུན་བསྟེན་པར་འགྱུར་རོ། །དེས་ན་དེ་ལྟར་རང་དབང་དུ་གཅིག་ཀྱང་འཛིན་པར་མི་སྲིད་པས་ན། འཛིན་པ་ཕན་ཚུན་ལྟོས་པས་གཉི་ག་འཛིན་པར་མི་ནུས་པའི་ཕྱིར་དེ་ལ་བརྡ་མི་སྲིད་པས་ན་བརྡ་ཡང་དེ་རིག་དོན་ཅན་ཡིན་པ་ཁོ་ན་ཞེས་ཅི་སྟེ་བརྗོད། འོན་ཏེ་ཤིང་མ་ཡིན་པ་ནི་གཞན་ལ་ ལྡོག་པར་འཛིན་ལ་ཤིང་ནི་ཤིང་མ་ཡིན་པ་ལས་ཕན་ཚུན་བསྟེན་པ་མ་ཡིན་ནོ་ཞེ་ན། དེའི་ཚེ་ཐུག་པ་མེད་པར་ཐལ་ཏེ། གཞན་དེ་འཛིན་པ་ཡང་གདོན་མི་ཟ་བ་དང་། ལྡོག་པའི་ཡུལ་ཅན་ཡིན་པས་ན་གཞན་དང་གཞན་འཛིན་པར་རྟོགས་པ་ལ་མཐར་ཐུག་པ་མེད་པའི་ཕྱིར་རོ། །འདི་ཉིད་བཤད་པ་ནི། ཁ་ཅིག་ན་རེ་ཞེས་བྱ་བའོ། །ད་ནི་གང་དུ་རྣམ་པར་གཅད་པར་བྱ་བ་མེད་པས། རྣམ་པར་གཅད་ནས་རྣམ་པར་གཅོད་པའི་ཡུལ་འཛིན་པའི་ཕྱིར་རྣམ་པར་གཅད་པར་བྱ་བ་འཛིན་པར་ཐལ་བ་ན། ཇི་སྐད་བརྗོད་པའི་ཉེས་པ་དང་རྗེས་སུ་འབྲེལ་པར་འགྱུར་བ་རྣམ་པ་དེ་ལྟ་བུ་ནི་རྣམ་པར་གཅོད་པ་མ་ ཡིན་ནོ་ཞེས་གཞན་དུ་ཡང་རྣམ་པར་གཅོད་པ་ཁས་བླང་བའི་ཕྱིར་ཕ་རོལ་པོ་ལ་འདྲི་བ་ནི་དེ་དག་གི་ནི་བརྡར་འདོགས་ལ་ཞེས་བྱ་བའོ། །གང་གི་ཚེ་གཞན་སེལ་བ་སྒྲའི་དོན་མ་ཡིན་གྱི། འོན་ཀྱང་ཤིང་ཉིད་ཀྱི་མཚན་ཉིད་ཀྱི་སྤྱི་ཉིད་ལ་བརྡར་འདོགས་པ་དེའི་ཚེ་ཡང་བརྡར་འདོགས་པ་དེ་ལ་འམ་ སྒྲའི་དོན་འཆད་པ་ལ་ཤིང་མ་ཡིན་པ་རྣམ་པར་གཅོད་དམ་འོན་ཏེ་མ་ཡིན། འགྲེལ་པ་ནི་གང་དག་དེ་ལྟར་ཞེས་བྱ་བའོ། །རྣམ་པར་གཅོད་པ་ཁས་ལེན་པའི་ཕྱོགས་ལ་རང་གིས་བརྗོད་པའི་སྐྱོན་དུ་ཐལ་བར་འགྱུར་བ་དེའི་ཕྱིར་བཤད་པ་ནི། གལ་ཏེ་རྣམ་གཅོད་ཅེས་བྱའོ། །རྣམ་པར་གཅོད་པ་ཁས་ ལེན་ན་ནི་ཤིང་གི་རྣམ་པར་གཅོད་པ་ཤིང་མ་ཡིན་པ་རྟོགས་པ་སྔོན་དུ་འགྲོ་བ་ཅན་ཡིན་ལ་ཤིང་མ་ཡིན་པ་ཡང་ཤིང་རྣམ་པར་གཅད་པ་མེད་པ་ཅན་ནི་རྟོགས་པར་མི་ནུས་ཏེ། དེས་ན་གལ་ཏེ་ཤིང་མ་ཡིན་པ་རྣམ་པར་གཅད་པར་འགྱུར་ན་དེ་དག་ཤིང་འཛིན་པ་མེད་པར་གཟུང་མི་ནུས་པའི་ཕྱིར་ཕན་ཚུན་བསྟེན་པ་ཉིད་དོ། ། དེ་ཉིད་བཤད་པ་ནི་དེའི་ཚེ་ཞེས་བྱ་བ་སྟེ། རྣམ་པར་གཅད་པའི་ཚེའོ། །ཤིང་དང་ཤིང་མ་ཡིན་པ་ཤེས་པར་བྱ་བའི་ཕྱིར་ཤིང་དང་ཤིང་མ་ཡིན་པ་དོན་དུ་གཉེར་བར་ཉེ་བར་འགྲོ་བའི་ཕྱིར་རོ། །གང་ཞིག་ཤིང་ངམ་ཤིང་མ་ཡིན་པ་སོ་སོ་རང་གིས་རང་བཞིན་ལ་རྣམ་པར་རྟོག་པ་ དོན་དུ་གཉེར་བ་བྱེད་པ་དེས་དེ་དག་གི་ཐུན་མོང་མ་ཡིན་པའི་རང་བཞིན་ཤེས་པ་ནི་རྣམ་པར་གཅོད་པས་བསྒྲུབ་པར་བྱ་བ་ཡིན་པ་ཉིད་ཀྱིས་རྣམ་པར་གཅད་པ་ཁས་བླངས་པ་ཡིན་ཏེ། དེ་ནི་དེའི་ཚད་མ་ཅན་ཡིན་པའི་ཕྱིར་རོ། །དེས་ན་རྣམ་པར་གཅོད་པ་མེད་ན་འདི་གཉིས་ཀྱི་ཤེས་པ་ཡོད་པ་ཡིན་ནོ། ། རྣམ་པར་གཅོད་ན་ཡང་ཕན་ཚུན་བསྟེན་པའི་ཕྱིར་མི་ཤེས་པར་འགྱུར་རོ་ཞེས་སྟོན་པ་ནི། དེ་མི་ཤེས་པ་ནི་དེས་ཞེས་བྱ་བའོ། །དེ་ལྟར་རྣམ་པར་གཅོད་པ་ཁས་ལེན་ན་ཉེས་པ་མཚུངས་པ་ཉིད་བརྗོད་ནས་རྣམ་པར་གཅོད་པ་མ་ཡིན་པའི་ཕྱོགས་ཀྱང་སྤང་བའི་ཕྱིར་བཤད་པ། རྣམ་པར་གཅོད་པ་ མི་རྟོགས་ན་ཡང་ཤིང་དེ་ལས་གཞན་ཤིང་མ་ཡིན་པ་ལ་དགོད་པ་ནི་དེ་ལས་གཞན་དགོད་པའོ། །དེ་ལས་གཞན་པ་ལ་འགོད་པའང་དེ་ཉིད་ལ་ཡོངས་སུ་མ་སྤངས་པ་ཡང་ཡིན་པ་དེ་གང་ལ་ཡོད་པ་སྟེ། སྒྲ་དེ་ལས་ཐ་སྙད་འདོགས་པར་བྱེད་པ་རྣམས་ཤིང་མ་ཡིན་པ་ཡོངས་སུ་སྤངས་ནས་འཇུག་པར་ མི་འགྱུར་རོ། །ཤིང་མ་ཡིན་པ་ལ་དགོད་པ་ན་དེ་རྟོགས་པའི་འབྲས་བུ་ཅན་ཉིད་དུ་རྗོད་པར་བྱེད་པ་ལ་སྦྱོར་བའོ། །ཤིང་གི་སྒྲ་དེ་ནི་ཤིང་མ་ཡིན་པ་དག་ལ་མ་བཀག་པའི་ཕྱིར་དེ་ལས་ཐ་སྙད་འདོགས་པར་བྱེད་པ་རྣམས་དེ་ཡོངས་སུ་སྤངས་ནས་འཇུག་པར་མི་འགྱུར་རོ། །འདི་ལ་ཡང་རྒྱུ་ མཚན་བཤད་པ་ནི་བརྡ་ལ་ཤིང་མ་ཡིན་དེ་དག་ལ་མ་གསལ་བའི་ཕྱིར་རོ། །འདི་སྐད་བརྗོད་པ་ཡིན་ཏེ། རྣམ་པར་གཅོད་པ་མ་གཏོགས་ན་ཤིང་མ་ཡིན་པ་གསལ་བ་ཅན་གྱི་ཤིང་གི་བདག་ཉིད་ཐུན་མོང་མ་ཡིན་པ་ལ་སྒྲ་མ་བཀོད་པ་དེས་ན་ཤིང་ཁྱེར་ཤོག་ཅེས་བྱ་བས་ཤིང་མ་ཡིན་པ་སྤངས་ནས་ ཤིང་ངེས་པར་རྟོགས་པར་ཇི་ལྟར་འགྱུར། གང་ཞིག་གང་ཡོངས་སུ་སྤངས་ནས་མ་བཀོད་པ་དེ་ལས་དེ་ཡོངས་སུ་དོར་བ་མི་འཐད་དེ། དཔེར་ན་འདི་ཉིད་ལ་ཤིང་ཤ་པ་ལ་སོགས་པའི་ཁྱད་པར་བཞིན་ནོ། །དེ་བས་ན་རྣམ་པར་མི་གཅོད་པ་ནི་མི་འཐད་དོ། །འདི་ཉིད་བཤད་པ་ནི། བརྡའི་ཚེ་ཞེས་ བྱ་བའོ། །འདིར་ཕ་རོལ་པོ་དག་རྣམ་པར་གཅོད་པས་སྟོང་པའི་སྒྲུབ་པ་ཁས་ལེན་པ་ཉིད་ལ་ཉེས་པ་འདིར་འགྱུར་གྱི་གང་ལས་སྒྲུབ་པ་དང་རྣམ་པར་གཅོད་པ་ཡང་ཡོད་པ་དེ་ལ་ནི་མ་ཡིན་ཏེ། དེའི་ལྟར་ན་ནི་བསྒྲུབ་པའི་དོན་ལ་ཕྱིས་རྣམ་པར་གཅོད་པ་ཡིན་ནོ། །དེས་ན་རང་ལ་བརྟེན་པའི་སྒྲུབ་པས་ངེས་པའི་ ཤིང་དང་ཤིང་མ་ཡིན་པ་གཉིས་ཤེས་པ་འདི་ནི་ཤིང་མ་ཡིན་ཞེའམ། འདི་ནི་ཤིང་ངོ་ཞེས་ཤིང་ལ་ཤིང་མ་ཡིན་པ་རྣམ་པར་གཅོད་ལ་ཤིང་མ་ཡིན་པ་ལ་ཡང་རྣམ་པར་གཅོད་པའི་ཕྱིར་ཏེ། དེས་ན་འདིར་རྣམ་པར་གཅོད་པ་ཡིན་ཡང་ཕན་ཚུན་བསྟེན་པའི་ཉེས་པར་མི་འགྱུར་རོ་ཞེས་སྨྲ་བ་ནི། འོན་ཏེ་ཞེས་བྱ་ བའོ། །འདིར། གལ་ཏེ་མི་སྒྲུབ་གཞན་མི་དགག །ཅེས་འདོན། གནའ་རབས་དག་གིས་རྨོངས་པས་འདོར་རོ། །འདི་མི་འཐད་པ་ནི་མ་ཡིན་ཏེ། རྣམ་པར་གཅོད་པའི་བདག་ཉིད་ཀྱི་སྒྲུབ་པ་སེལ་བར་སྨྲ་བ་རྣམས་ཀྱིས་དེ་ལྟར་འདོད་པ་ཉིད་གཞན་གྱིས་སྤངས་པའི་ཕྱིར་རོ། །རྣམ་པར་ གཅོད་པ་ལ་ནི་གཉིས་རྟོགས་པ་ཡིན་ཏེ། དགག་པ་དང་སྒྲུབ་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་འབའ་ཞིག་གི་དགག་པ་སྒྲུབ་པ་ལས་གཞན་པའི་བྱེད་པ་ཅན་ནི་རྣམ་པར་གཅོད་པ་ཡིན་ནོ་ཞེས་བརྗོད་དེ་འདི་ནི་ཤིང་མ་ཡིན་པ་མ་ཡིན་ནོ་ཞེས་ཤིང་མ་ཡིན་པ་བཀག་ནས་ཤིང་སྒྲུབ་པ་ནི་རྣམ་པར་གཅོད་པའི་རང་ བཞིན་ཡིན་པའི་ཕྱིར་རོ། །དེས་ན་དགག་པ་གཉིས་ཀྱིས་རྣམ་པར་གཅོད་པ་བཀག་པར་འགྱུར་བའི་ཕྱིར། གལ་ཏེ་མི་སྒྲུབ་གཞན་མི་དགག །ཅེས་བརྗོད་པ་ཡིན་ནོ། །རྣམ་པར་གཅོད་པས་ནི། །ཅིག་ཅར་གཉིས་མེད་པ་ཡིན་ཏེ། དེས་ན་དེ་ལྟར་གྱུར་པའི་འདི་གཉིས་བཀག་པ་ཡིན་ནོ། ། དེ་ལྟར་གཉི་ག་སྒྲུབ་པ་བསལ་ནས་རང་གི་བསམ་པས་སྒྲུབ་པ་དག་པ་ཉིད་སྟོན་པ་ནི། མདུན་གནས་གཅིག་ཅིག་རབ་བསྟན་ནས། །ཞེས་པའོ། །རྣམ་པར་གཅོད་པ་མ་བྱས་ཤིང་སྒྲུབ་པ་འབའ་ཞིག་བྱས་ཏེ། བརྡར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེས་ན། བརྡ་ལ་དེ་དག་མི་སེལ་ན། །ཞེས་བྱ་བས་ རྣམ་པར་མི་གཅོད་པ་ལ་བརྗོད་པའི་སྐྱོན་གང་ཡིན་པ་དེ་མེད་དོ་ཞེས་སྨྲས་པས་ནི་གང་ཁོ་ན་ལ་བརྡར་བྱས་པ་ནི་ཐ་སྙད་འདོགས་པའི་ཚེ་ན་ཡང་དེ་ཁོ་ན་རྟོགས་པར་འགྱུར་ཏེ། དེའི་ཕྱིར་རྣམ་པར་གཅོད་པ་དང་རྣམ་པར་མི་གཅོད་པ་གཉིས་ལ་ཡོད་པའི་ཉེས་པའོ། །གང་གི་ཚེ་གལ་ཏེ་གཞན་བཀག་ མི་སྒྲུབ་པར་བྱེད་ཅེས་འདོན་པ་དེའི་ཚེ་ཡང་འདི་རྣམ་པར་གཅོད་པ་འགོག་པ་ཉིད་དོ། །དགག་པ་སྒྲུབ་པའི་རང་བཞིན་ནི་རྣམ་པར་གཅོད་པ་ཡིན་པས་དེ་སྤངས་ཏེ་ཞེས་བྱ་བའི་དོན་ཏེ། དེ་ཉིད་ཀྱི་ཕྱིར་འགྲེལ་པ་སྤྱི་དངོས་པོར་སྨྲ་བའི་ལྟར་ན་འགའ་ཞིག་རྣམ་པར་གཅད་པས་ ཅུང་ཟད་གཅིག་བརྗོད་པ་ནི་མ་ཡིན་ནོ་ཞེས་རྣམ་པར་གཅོད་པ་འགོག་པ་ནི་འདོད་པ་གཉི་གར་ཡང་རྗེས་སུ་མཐུན་ནོ། །ཐ་སྙད་འདོགས་པའི་ཚེ་ན་ཡང་དེ་རྟོགས་པར་འགྱུར་ཏེ་ཞེས་བྱ་བ་བཤད་པ་ནི། འདིས་བརྡའི་དུས་ན་དེ་ལྟར་མཐོང་བའི་ཞེས་བྱ་བའོ། །འདི་དགག་པའི་ཕྱིར་བཤད་པ་མི་ མཚུངས་པ་མ་ཡིན་ཏེ། འདི་ལྟར་སྒྲུབ་པ་ལ་འབའ་ཞིག་པ་དེ་ལ་ཡང་མདུན་དུ་ཉེ་བར་བསྟན་པ་གང་ཡིན། འདི་ཡང་ཤིང་ཡིན་ལ་གཞན་ཡང་ཡིན་པའམ། འོན་ཏེ་འདི་ཁོ་ན་ཡིན་གྱི་གཞན་མ་ཡིན་ཞེས་བྱ་བ་དེ་ལྟར་ཐལ་བ་ཡོད་པ་ཉིད་དེ་དེ་ལ་གལ་ཏེ་འདི་ཡང་ཞེས་སྒྲུབ་པར་བྱེད་ན་ཤིང་ ཙམ་ལ་གཞོལ་བས་འཇུག་པར་མི་འགྱུར་རོ། །འོན་ཏེ་འདི་ཁོ་ན་ཞེས་བྱ་བ་ཡིན་ན། དེའི་ཚེ་ཤིང་སྒྲུབ་པ་ན་ངེས་པར་གཟུང་བའི་དོན་ལ་ལྟོས་པས་འཇུག་པའི་ཕྱིར་དང་། དེ་ཡང་ཤིང་མ་ཡིན་བཟློག་པའི་རང་བཞིན་ཡིན་པའི་ཕྱིར་དང་། དེ་མ་བཟུང་བར་བཟློག་པར་མི་ནུས་པས་ནི་འཛིན་པ་ཕན་ ཚུན་ལྟོས་པར་འགྱུར་རོ། །དེས་ན་ཐལ་བ་མི་མཚུངས་པར་ཇི་ལྟར་འགྱུར། གལ་ཏེ་ཤིང་རྟོགས་པ་ནི་ཅིག་ཤོས་འཛིན་པ་ལ་ལྟོས་པ་མེད་པར་མཐར་ཕྱིན་པར་འགྱུར་བ་མ་ཡིན་ནམ། དེས་ན་འདི་ཡང་ཤིང་ཡིན་ནམ། འདི་ཁོ་ན་ཡིན་ཞེས་བྱ་བ་ལྟོས་ཀྱང་ཤིང་མ་ཡིན་པར་འཛིན་པ་ ལ་ཤིང་འཛིན་པ་ལྟོས་པ་ནི་མ་ཡིན་ཏེ། དེས་ན་ཕན་ཚུན་བསྟེན་པ་ཉིད་མ་ཡིན་ནོ། །འགའ་ཞིག་ཏུ་ནི་འདི་ཡང་ཞེས་སྒྲའི་དོན་རྟོགས་པར་འགྱུར་ཏེ། དཔེར་ན་དོན་དུ་མ་ཅན་ཨཀྵ་ལ་སོགས་པའི་སྒྲ་བཞིན་ནོ། །དོན་གཅིག་པ་ཅན་ཉིད་ཀྱི་སྒྲ་གང་ཡིན་པར་ནི་འདི་ཁོ་ན་ཞེས་བྱ་བའོ། །འོན་ ཏེ་རྣམ་པར་གཅོད་པ་ཤིང་རྟོགས་པ་ཤིང་ཡིན་ན། འོ་ན་ཇི་ལྟར་མཐོང་བ་ལས་བཟློག་པ་ནི་ཤེས་པར་བླ་བའི་ཕྱིར་ཞེས་འཆད་པར་འགྱུར་ཏེ། མཐོང་བའི་དོན་ཉིད་མཐར་ཕྱིན་པ་མེད་པའི་ཕྱིར་གཞན་ཟློག་པར་ཇི་ལྟར་འགྱུར་ཏེ། དེས་ན་ཇི་ལྟར་ཐལ་བ་འདི་མཚུངས་ཤེ་ན། བརྗོད་པ། ཇི་ ལྟར་ལྡོག་པའི་སྒྲ་ལ་དངོས་པོ་དངོས་པོ་གཞན་ལ་མེད་པའི་རྟོག་པ་དེ་ལྟ་བུ་རྣམ་པར་རྟོག་པའི་ཡུལ་ཡིན་ན་གཞན་སེལ་བར་སྨྲ་བ་ཚངས་པ་ཡིན་ཡང་ཕན་ཚུན་བསྟེན་པའི་ཉེས་པ་ལས་ལྡོག་པ་མེད་དོ། །གཞན་སེལ་བའི་ཡུལ་རྟོགས་པས་གྲུབ་པར་ཁས་མ་བླངས་ན། རྗེས་སུ་དཔག་པ་ཉིད་ལས་དེ་ལྟ་ བུའི་ངོ་བོར་གྲུབ་པར་བརྗོད་པའི་ཕྱིར་ཕན་ཚུན་བསྟེན་པའི་ཉེས་པ་མེད་དོ་ཞེ་ན། རྟོགས་པའི་ཡུལ་རྗེས་སུ་དཔག་པས་གྲུབ་པོ་ཞེས་བྱ་བ་འདི་ནི་གཟུ་ལུམས་ལྟ་བུ་ཡིན་ནོ། །གལ་ཏེ་དེ་རང་གི་རྟོགས་པས་ལྡོག་པ་ཞེས་བྱ་བ་ཙམ་དུ་རྟོགས་ན། འདི་ལ་རྗེས་སུ་དཔག་པས་ཅི་བྱ། དེ་སྟེ་རང་ བཞིན་ནི་ཞེས་བྱ་བར་ཡིན་ན་རྟོགས་པ་ལས་གཞན་རང་བཞིན་ཉིད་རྟོགས་པའི་ཡུལ་ཡིན་པས་རྗེས་སུ་དཔག་པས་ལྡོག་པའི་ཡུལ་ཅན་ཉིད་རྗེས་སུ་དཔོག་པར་ཇི་ལྟར་བྱེད། ཡང་ན་ནི་མེ་ཡང་དྲོ་བ་མ་ཡིན་པར་རྗེས་སུ་དཔག་པར་བྱ་བར་འགྱུར་རོ། །འོ་ན་ཇི་ལྟར་སྤྱི་སྨྲ་བའི་ལྟར་ན་ཡང་ཤིང་ལ་སོགས་པའི་རྟོགས་ པའི་སྤྱིའི་ཡུལ་ཅན་ཉིད་དུ་མ་རྟོགས་ཀྱང་སྤྱིའི་ཡུལ་ཅན་ཡིན་ཞེ་ན། སྤྱིའི་ཞེས་སྒྲ་ཙམ་གྱིས་མ་རྟོགས་པར་འཐད་དེ་ཤིང་གི་རྣམ་པའི་རང་བཞིན་ནི་སྤྱི་ལ་ཡང་ཡོད་པའི་ཕྱིར་རོ། །ཤིང་མ་ཡིན་པ་ལས་ལྡོག་པ་ནི་ཤིང་གི་རྣམ་པ་དང་ལྡན་པ་མ་ཡིན་ནོ། །རྟོགས་པ་གཉི་གས་ཀྱང་མ་གྲུབ་པ་ དང་། ངེས་པས་ཡུལ་དུ་མ་བྱས་པ་མ་ངེས་སོ་ཞེས་བྱ་བ་ནི་མི་འཐད་དོ། །ཤིང་ངོ་ཞེས་སྒྲོ་འདོགས་པའི་ཤིང་གི་རྣམ་པ་ཤིང་མ་ཡིན་པ་ལས་ལྡོག་པའི་ཕྱིར་ཤིང་མ་ཡིན་པས་སྟོང་པ་དེ་འདིའི་ཡུལ་ཡིན་ནོ་ཞེ་ན། མ་ཡིན་ཏེ་དངོས་པོའི་ཆོས་རྣམས་ནི་དེ་ལྟར་འགྱུར་གྱི། རྟོགས་པ་ལ་ཡོད་པ་ རྟོགས་པ་ཡུལ་ལ་ནི་མ་ཡིན་པའི་ཕྱིར་རོ། །དེས་ན་ཤིང་རྟོགས་པ་ཞེས་བྱ་བ་ཤིང་རྟོགས་པ་མ་ཡིན་པ་ལས་ཐ་དད་ཀྱི་དེའི་ཡུལ་ནི་ཤིང་མ་ཡིན་པའི་ཕྱིར་ཤིང་མ་ཡིན་པ་ལས་ལྡོག་པ་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་སྐད་ཅིག་མ་ཡང་ཡིན་པའི་ཕྱིར་སྐད་ཅིག་མ་རྟོགས་པ་ཡང་གྲུབ་པའོ། ། དེས་ན་འདི་ནི་ཤིང་ཙམ་དུ་རྟོགས་པ་ཡིན་གྱི། འདི་ལ་གཞན་ནམ་ཤིང་མ་ཡིན་པ་ལས་ལྡོག་པ་ནི་འགའ་ཡང་མེད་དོ། །དེས་ན་རྟོགས་བཞིན་པའི་ལྡོག་པ་ནི་ལྡོག་མཚམས་མ་རྟོགས་ན་རྟོགས་པར་མི་འགྱུར་བ་དེས་ན་ཕན་ཚུན་བསྟེན་པ་མེད་པར་ཇི་ལྟར་འགྱུར། ཇི་སྐད་བཤད་པའི་ ཕྱོགས་ལ་ནི་ཉེས་པ་འདི་མེད་དེ་འདི་ལྟར་ལོག་པ་ལས་ལྡོག་པ་གཞན་མ་ཡིན་དེའི་ཕྱིར་སོ་སོ་རང་གི་རང་བཞིན་ལ་རྣམ་པར་གནས་པའི་སྔོན་པོ་ཉིད་སྒྲོ་འདོགས་ཀྱི་དབང་གིས་དངོས་པོ་གཞན་དང་གཅིག་པར་གྱུར་པ་དེ་སེལ་བར་བྱེད་པས་དང་པོར་གྱུར་པ་ཐ་དད་པ་དེ་རྟོགས་པའི་ བློ་སེལ་བའི་ཡུལ་ཅན་ཡིན་གྱི་གང་ལ་ཡུལ་མེད་པའི་དགག་པ་མི་སྦྱོར་བ་གསལ་བྱ་འཛིན་པར་གདོན་མི་ཟ་བས་ན་དེར་ཡང་དག་པའི་དོན་གྱིས་རྣམ་པར་གཅད་པ་ན་ཕན་ཚུན་བསྟེན་པ་ལ་སོགས་པའི་ཉེས་པར་འགྱུར་བ་དགག་པའི་དོན་གྱིས་རྣམ་པར་གཅད་པའི་དོན་རྟོགས་པའི་རང་བཞིན་ནི་མ་ཡིན་ནོ། །འོ་ན་ ཇི་ལྟར་གཞན་རྩོད་ཅེ་ན། སྨྲས་པ། སློབ་དཔོན་གྱི་བཞེད་པའི་དེ་ཁོ་ན་ཉིད་མ་རིག་བཞིན་དུ་གཞོན་ནུ་མ་ལེན་ལ་སོགས་པ་རྣམས་སུན་འབྱིན་པ་བརྗོད་པ་ཡིན་ཏེ། དེས་ན་རྟོགས་པར་མི་ནུས་པའི་དངོས་པོ་ཉེ་བར་བསྟན་པས་སྤངས་པའི་ཕྱིར་ཇི་ལྟར་གྲགས་པའི་ལུགས་ལ་བརྟེན་ནས་སློབ་དཔོན་ གྱི་གཞུང་དགྲོལ་བས་ཀྱང་འདི་སྤངས་པ་ཡིན་མོད་ཀྱི་མ་སྤངས་པ་དང་འདྲ་བར་དེ་དག་གིས་བརྩད་པར་བྱས་པ་ཡིན་ནོ། །ད་ཇི་ལྟར་ཐལ་བ་མཚུངས་ཤེ་ན། བསམ་པ་འདི་ཡིན་ཏེ། ཤིང་སྒྲུབ་པ་མཐར་ཕྱིན་པ་ཡིན་ཡང་། དེ་མེད་ན་ཤིང་ལ་སོགས་པའི་སྒྲ་རྣམས་ཡུལ་ངེས་པ་ཉིད་ཀྱིས་འཇུག་པ་ མི་འགྲུབ་པའི་ཕྱིར་དང་། ཨཀྵ་ལ་སོགས་པའི་སྒྲའི་དོན་དུ་མ་ཅན་རྣམས་ཀྱང་ཐམས་ཅད་ཀྱི་དོན་མ་ཡིན་པའི་ཕྱིར་ངེས་པར་བཟུང་བ་དོན་ལ་བརྟེན་པར་བྱ་བ་ཉིད་ཡིན་པའི་ཕྱིར་ལ་ངེས་པར་གཟུང་བས་ཀྱང་གཞན་བཟློག་པས་ན་ཇི་ལྟར་ཕན་ཚུན་བསྟེན་པར་མི་འགྱུར། རང་གི་སྒྲུབ་པས་གཟུང་ བའི་བདག་ཉིད་ཤིང་དང་ཤིང་མ་ཡིན་པ་གཉིས་ལས་གཅིག་ལ་གཞན་བཟློག་པ་འཛིན་པ་ཕན་ཚུན་མི་ལྟོས་པའི་ཕྱིར་རོ་ཞེ་ན། ཤིང་དང་ཤིང་མ་ཡིན་པ་དག་རྣམ་པར་རྟོག་པ་ཙམ་གྱིས་ཤེས་པར་བྱ་བ་ནི་མ་ཡིན་ཏེ། དེས་ན་དེ་དག་མངོན་སུམ་གྱི་ཡུལ་ཉིད་ཡིན་པ་ན། ཇི་ལྟར་རང་སྒྲུབ་ པས་མ་བཟུང་བའི་བདག་ཉིད་ཡིན། དེས་ན་མདུན་ན་སྣང་བའི་ཤིང་གི་རང་བཞིན་ཉིད་མངོན་སུམ་གྱི་སྟོབས་ཀྱིས་ཤིང་མ་ཡིན་པ་ལས་ལྡོག་ན་ཕན་ཚུན་བསྟེན་པ་ཞེས་བྱ་བར་ཇི་ལྟར་འགྱུར། དེ་ལྟར་ཡང་འགྲེལ་པར་གསལ་བར་བྱའོ། །གཅིག་རང་དུ་བསྟན་ནས་ཞེས་བྱ་བ་ནི་ངེས་པ་ བཟུང་བ་ཁས་ལེན་པ་དང་མི་ལེན་པ་དག་རྣམ་པར་གཅོད་པ་ལ་བརྗོད་པའི་ཉེས་པར་ཐལ་བ་བཤད་པའོ། །ད་ནི་འདིར་ཕ་རོལ་པོ་དག་རྣམ་པར་གཅོད་ཀྱང་ཉེས་པ་མེད་པར་སྟོན་པས་མཐོང་བ་ལས་བཟློག་པ་ནི་ཞེས་སྨྲས་སོ། །གལ་ཏེ་རྣམ་པར་གཅད་པ་ཡིན་ན་ཇི་ལྟར་ཤེས་ཏེ། འདི་ཁོ་ན་ཤིང་ཡིན་ ནོ་ཞེས་ཤིང་ཤེས་པ་ནི་ཤིང་མ་ཡིན་ཤེས་པ་ལ་ལྟོས་པ་ཡིན་ལ་ཤིང་མ་ཡིན་ཤེས་པ་ཡང་ཤིང་ཤེས་པ་ལ་ལྟོས་པ་དེས་ན། ཇི་ལྟར་ཤིང་མ་ཡིན་རྣམ་པར་གཅད་པས་བསྒྲུབ་ཅེས་བྱ་བ་ནི་རྣམ་པར་གཅོད་པ་ལ་བརྗོད་པའི་ཉེས་པ་ཡིན་ནོ། །ཉེས་པ་འདི་ནི་ཡོད་པ་མ་ཡིན་ཏེ་གང་གི་ཕྱིར་ཤིང་ལ་བརྟེན་ པས་རྟོགས་པ་མཐར་ཕྱིན་པ་ན་དེ་ལས་བཟློག་པ་ཤེས་པར་བླ་བའི་ཕྱིར་རྣམ་པར་གཅོད་པས་ཤིང་མི་སྒྲུབ་པར་ཇི་ལྟར་འགྱུར། ཡང་ཇི་ལྟར་སྣང་བ་ལས་བཟློག་པ་ཤེས་པར་བླ་ཞེ་ན། སྨྲས་པ། འདི་ལྟར་གཅིག་འགའ་ཞིག་མཐོང་ཞིང་གཞན་ལ་དེས་གཞན་ནི་ཞེས་དེ་དག་དང་ཆོས་མི་མཐུན་ པར་ངེས་པ་དེ་ལས་འབྱེད་པ་རྣམ་པར་ཕྱེ་ནས་རྣམ་པར་འཇོག་པ་སྐྱེའོ་ཞེས་འབྲེལ་ཏོ། །སྐྱེ་བའི་རྒྱུ་སྨྲས་པ་གཞན་ལ་དེའི་རྣམ་པས་དབེན་པའི་བློ་ཉམས་སུ་མྱོང་བ་ལས་སོ། །འདི་སྐད་བརྗོད་པ་ཡིན་ཏེ་ངེས་པའི་རྣམ་པ་ཅན་གྱི་རྟོགས་པས་བཟུང་བ་འགའ་ཞིག་དམིགས་པ་ན་དེའི་རྣམ་པ་ཅན་ གྱི་བློས་བཟུང་བ་མ་ཡིན་པ་དེ་ལས་བཟློག་པ་ཡིན་པའི་ཕྱིར། གཞན་ཉིད་དུ་ཤེས་པ་རྙེད་པར་བླ་སྟེ། གཞན་ཉིད་མ་ཡིན་ན་དེའི་རྣམ་པ་ཅན་གྱི་ཤེས་པས་གཟུང་བར་ཐལ་བའི་ཕྱིར་རོ། །དེ་ལྟར་མཐོང་བ་ལས་བཟློག་པ་ཤེས་པར་བླ་བར་བསྒྲུབས་ནས། དེ་ནི་ཉེས་པ་མེད་པ་ཉིད་བསྒྲུབ་ པའི་ཕྱིར་སྨྲས་པ། གང་གི་ཕྱིར་འདི་ཁོ་ན་ཤིང་ཡིན་ཞེས་བྱེ་བྲག་ཏུ་ཤེས་པ་དེ་དེ་ལས་བཟློག་པ་སྤངས་ནས་འདི་ནི་ཤིང་ངོ་ཞེས་རྟོགས་པ་ན་དེ་ལས་བཟློག་པ་ན་ཤིང་དུ་རྟོགས་པ་སྤངས་ནས་དེའི་རྣམ་པ་དང་ལྡན་པ་དང་མི་ལྡན་པ་ཁོ་ན་འཇུག་པར་བྱེད་དོ། །དེ་ལ་དེ་ལྟར་ཤིང་ལ་རང་གི་རྟོགས་པའི་ ཡུལ་དང་། ཤིང་མ་ཡིན་པ་ལ་དེས་བཟློག་པར་ཤེས་པ་དེས་ན་འདི་ཁོ་ནའམ། འདི་ཡང་རྟོགས་ཀྱང་རུང་ཏེ་སྔར་བཤད་པ་ཉེས་པ་མེད་དོ། །རྣམ་པར་གཅོད་པའི་ཡུལ་ཅན་དུ་སྨྲས་པ་ལ་ནི་རྣམ་པ་འདི་མི་སྲིད་དོ་ཞེས་སྨྲས་པ་ནི་རྣམ་པར་གཅོད་པ་སྨྲས་པ་ལ་ནི་ཞེས་བྱ་བའོ། །འདིར་ནི་འབའ་ཞིག་ཏུ་ ཤིང་མ་ཡིན་པ་དག་སྒྲུབ་པས་ཀྱང་རྟོགས་པས་ན་ཤིང་དང་ཤིང་མ་ཡིན་པ་རང་གིས་རྟོགས་པ་དང་། དེ་ལས་བཟློག་པས་ཡུལ་དུ་བྱེད་པའི་ཤིང་དང་ཤིང་མ་ཡིན་པའི་རྣམ་པར་དབྱེ་བ་ཤེས་པ་གཅིག་ལ་གཞན་རྣམ་པར་གཅོད་པ་ཞེས་བྱ་བར་སྲིད་པ་ཡིན་ཏེ་རང་གི་ངོ་བོ་རྟོགས་ན་རྣམ་པར་ གཅོད་པ་སྲིད་པའི་ཕྱིར་རོ། །གཞན་སེལ་བར་སྨྲ་བ་ལ་ནི་འབའ་ཞིག་པའི་ཤིང་དང་ཤིང་མ་ཡིན་པ་རྟོགས་པའི་རྣམ་པར་རྟོག་པ་ཡོད་པ་མ་ཡིན་ནོ། །འོན་ཏེ་མཐོང་བས་ཤིང་རྟོགས་ནས་དེ་ཉིད་རྣམ་པར་རྟོག་པས་རང་ལས་བཟློག་པ་རྣམ་པར་གཅོད་པས་རྟོགས་པར་བྱེད་དོ་ཞེ་ན། དེ་མ་ཡིན་ནོ་ ཞེས་སྨྲས་པ་ནི་མཐོང་བས་ཤིང་རྟོགས་པའི་གསལ་བ་གཞན་ལ་ཡང་རྟོགས་པར་མི་འགྱུར་བའི་ཕྱིར། གཏན་ཚིགས་སྨྲས་པ་ནི། གཅིག་ལ་མཐོང་བའི་ཞེས་བྱ་བའོ། །དེ་ལྟར་རྣམ་པར་གཅོད་པ་ཡོད་ཀྱང་སྒྲུབ་པ་སྨྲས་པས་ཕན་ཚུན་བསྟེན་པ་མེད་པར་བསྟན་པ་ན་སློབ་དཔོན་རང་གི་ ལུགས་ལ་ཡང་སྤངས་པའི་ཕྱིར་དེ་འོ་ན་ཞེས་གསུངས་སོ། །ཤིང་གི་རྣམ་པ་གཅིག་རྟོགས་པ་ལ་རྣམ་པར་གནས་པའི་རྟོགས་པར་མི་རྟོགས་པ་དེའི་རྒྱུ་དང་རྒྱུ་མ་ཡིན་པ་རྟོགས་པ་དེའི་ཡུལ་དང་ཡུལ་མ་ཡིན་པར་གྱུར་པ་ཤིང་དང་ཤིང་མ་ཡིན་པར་གྱུར་པ་བདག་ཉིད་རྣམ་པར་དབྱེ་བ་བྱེད་དོ། ། འདི་སྐད་བརྗོད་པ་ཡིན་ཏེ། འདི་མཐོང་བས་རྟོགས་པ་ནི་མ་ཡིན་ནོ། །འོན་ཀྱང་རྣམ་པར་རྟོག་པའི་ཤེས་པ་ལ་སྣང་བ་ཉིད་ཀྱི་ཤིང་དང་། དེ་ལས་བཟློག་པའི་རང་བཞིན་ཤིང་མ་ཡིན། རང་ཉིད་ཁོ་ནས་རྟོགས་སོ་ཞེས་བྱ་བ་འདི་ནི་ངེད་ཀྱིས་ཀྱང་སྨྲ་བར་མི་བཟོད་པ་མ་ཡིན་ནོ། །ཇི་ལྟར་ བཟོད་དེ་གང་གི་ཕྱིར་མངོན་སུམ་གྱི་ཡུལ་དུ་བྱས་པའི་ཤིང་དང་ཤིང་མ་ཡིན་པ་ཙམ་གྱི་བདག་ཉིད། གལ་ཏེ་རྣམ་པར་རྟོག་པས་ཀྱང་དེ་ཙམ་གྱིས་རང་བཞིན་དུ་རྟོགས་པར་ནུས་པ་ཡིན་ན་ནི། འོ་ན་ནི་སྒྲུབ་པའི་ཡུལ་ཅན་དུ་འགྱུར་རོ་ཞེ་ན། ལྟ་ངན་འདི་ནི་བསླབ་པར་དཀའ་སྟེ། གང་གི་ཕྱིར་ ཤིང་ཞེས་བྱ་བ་རྟོགས་པ་ཤིང་མ་ཡིན་པ་རྣམ་པར་གཅད་པའི་སྒོ་ནས་རང་གི་རྟེན་ལུས་པས་མཐར་ཕྱིན་པ་ཡིན་ན། ཉེས་པ་འདིར་འགྱུར་བ་ཞིག་ན། རྣམ་པར་གཅོད་པ་ཁོ་ན་རྟོགས་བཞིན་པའི་ཆ་ཤས་སུ་གྱུར་པ། ཤིང་མ་ཡིན་པ་ཞེས་བྱ་བས་རྣམ་པར་གཅད་པ་རྟོགས་པ་ཉིད་ནི་མ་ཡིན་ཏེ། དེ་ལྟ་མ་ཡིན་ན། ཁར་བ་ཅན་ཞེས་བྱ་བ་ཁྱད་པར་གྱིས་རྟོགས་པར་མི་འགྱུར་ཏེ། དེར་ཡང་ཁར་བ་ནི་འབའ་ཞིག་པའི་རང་བཞིན་ཡིན་པའི་ཕྱིར་རོ། །འོན་ཏེ་འདི་དང་ལྡན་པའི་མཐར་ཐུག་པར་འགྱུར་བས་འབའ་ཞིག་པ་མ་ཡིན་ནོ་ཞེ་ན། ཤིང་ཡང་ཤིང་མ་ཡིན་པ་རྣམ་པར་གཅད་པ་ཡིན་ པས་འབའ་ཞིག་པ་མ་ཡིན་པའི་ཕྱིར་ཇི་ལྟར་སྒྲུབ་པའི་ཡུལ་ཅན་ཉིད་ཡིན། འདི་ལྟར་འདི་ནི་ཤིང་མ་ཡིན་ནོ་ཞེས་བྱ་བ་འདི་ནི་ཕ་རོལ་པོས་ཀྱང་རྣམ་པར་གཅོད་པ་རྟོགས་པར་འདོད་པས་བྱ་བ་ཡིན་ན། དེ་ལ་ཤིང་གི་དོན་རྟོགས་པ་མེད་པ་ནི་མ་ཡིན་ནོ། །དེའི་ཕྱིར་ཤིང་དང་ཤིང་མ་ཡིན་པའི་རྣམ་ པར་དབྱེ་བ་རྟོགས་པ་ཤིང་མ་ཡིན་རྣམ་པར་གཅད་པས་ཤིང་རྟོགས་པ་ཡིན་ནོ། །འོ་ན་ཤིང་མ་ཡིན་རྣམ་པར་གཅད་པ་མ་ཡིན་པར་འགྱུར་རོ་ཞེ་ན། ཇི་ལྟར་རྣམ་པར་མ་བཅད་དེ། གང་གི་ཕྱིར་དེ་ལས་བཟློག་པ་ཁོ་ནར་རྟོགས་པ་ཁོ་ནའོ། །ཡང་ན་འདིར་ཤིང་མ་ཡིན་པའི་རྣམ་པར་གཅད་པ་ མ་རྟོགས་མོད། ཇི་འདི་ཙམ་གྱིས་རྣམ་པར་གཅོད་པ་མ་རྟོགས་པར་འགྱུར་རམ། གལ་ཏེ་དེ་ལྟར་ན་ནི་འདི་ཤིང་མ་ཡིན་ནོ་ཞེས་བྱ་བ་ཡང་རྣམ་པར་གཅོད་པར་རྟོགས་པར་མི་འགྱུར་ཏེ། ཤིང་མ་ཡིན་པའི་རྣམ་པར་གཅོད་པ་མེད་པའི་ཕྱིར་རོ། །རྣམ་པར་གཅོད་པའི་རྟོགས་པ་ན་ཐམས་ ཅད་རྣམ་པར་གཅད་པར་བྱ་བ་ནི་མ་ཡིན་ཏེ། ཁྱད་པར་རྟོགས་པ་ན་ཁྱད་པར་གྱི་ཁྱད་པར་བཞིན་ནོ། །དེ་ལྟ་ན་འོ་ན་ཤིང་ཞེས་བྱ་བ་རྟོགས་པར་འགྱུར་ཏེ། ཐམས་ཅད་དུ་འདི་ནི་ཤིང་མ་ཡིན་པ་མ་ཡིན་ནོ་ཞེས་རྟོགས་པར་ཐལ་བའི་ཕྱིར་རོ་ཞེ་ན། འདི་རྣམ་པར་གཅོད་པ་ལ་ཇི་ལྟར་འགལ་བ་ བཤད་ཟིན་ཏེ་ཁས་བླངས་ནས་ཀྱང་དེ་ལྟར་རྟོགས་པ་ལ་ཕན་ཚུན་བསྟན་པ་མེད་པར་བརྗོད་ཀྱི། འདི་ནི་རྣམ་པར་གཅོད་པའི་རྟོགས་པ་མ་ཡིན་གྱི་དེ་ནི་རྣམ་པ་གཞན་དུ་བསྟན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གཅིག་རྟོགས་ཞེས་བྱ་བའི་ཤེས་པ་ནི་ཞེས་བྱ་བས་ཤིང་དང་ཤིང་མ་ཡིན་བསྒྲུབས་ནས་དེའི་ ཞེས་བྱ་བ་ལ་སོགས་པས་ཐ་དད་པའི་ཡུལ་ཅན་དུ་བཤད་པ་ནི། དེ་དང་དེ་མ་ཡིན་པའི་གྱུར་པའི་དོན་རྣམས་རྣམ་པར་འབྱེད་པར་བྱེད་པའི་རྟོགས་པ་པོ་གང་ཡིན་པ་དེ་ནི་བློ་དོན་གཅིག་ཏུ་འཛིན་པ་ཞེས་བྱ་བ་གང་ལ་གནས་ཏེ་རྣམ་པར་འབྱེད་པར་བྱེད་པ་དེ་ལ་ཡོད་པའི་དངོས་པོ་ལྡོག་པའི་མཚན་ ཉིད་ཀྱི་ཁྱད་པར་གྱིས་ཐ་དད་པར་ཤེས་པར་འགྱུར་བར་བྱ་བའི་ཕྱིར་ཐ་དད་པ་ལ་སྐད་སྦྱོར་ཏེ། ཤིང་དང་ཤིང་མ་ཡིན་གྱི་རྣམ་པར་དབྱེ་བ་རྟོགས་པ་དེ་ལ་སྣང་བ་ཤིང་མ་ཡིན་ལས་ལྡོག་པའི་ཤིང་ལ་སྒྲ་དགོད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་བཤད་པ་བློའི་རྒྱུ་ཉིད་ དུ་སྣང་བ་དང་། དེའི་རྒྱུ་རྣམ་པར་འབྱེད་པའི་མཐུ་ལས་དང་དེའི་རྒྱུ་མ་ཡིན་པའི་རྣམ་པར་འབྱེད་པའི་དབང་གིས་རྒྱུ་མ་ཡིན་པའི་ངོ་བོ་དང་བྲལ་བ་དང་། གཅིག་ཏུ་རྟོགས་པ་ཞེས་བྱ་བའི་ཤེས་པ་ལ་གནས་པའི་སྣང་བའི་དབང་གིས་རང་ཉིད་ཀྱིས་ངོ་བོ་གཅིག་པ་འདྲ་བར་རོ། །དངོས་སུ་ན་ནི་སྒྲ་ལས་ བློ་ལ་ཡོད་པའི་ཐ་སྙད་རྟོགས་པར་འགྱུར་བ་ཡིན་ཡང་རྟོགས་པ་འཁྲུལ་པའི་དབང་གིས་དངོས་པོ་ལྟར་རྟོགས་སོ། །འགྲེལ་པ་ནི་དེ་རྣམས་ནི་ཞེས་བྱ་བ་ཡིན་ནོ། །དེ་ལ་འགྲེལ་པ་ནི་འདི་ལྟར་ཡིན་ཏེ། རྣམ་པར་རྟོག་པའི་ཤེས་པ་ལ་རྣམ་པར་གནས་པ། རྣམ་པར་ཤེས་པ་དེའི་ཡུལ་དུ་ གྱུར་པ་ཐ་དད་པར་འགྱུར་སྙམ་པ་དེའི་རྒྱུ་མ་ཡིན་པ་དག་ལས་ཐ་དད་པ་ལ་སྒྲ་སྦྱོར་རོ། །སྦྱོར་བའི་རང་གི་ངོ་བོ་ཉིད་བཤད་པ་ནི། འདི་དག་ནི་ཤིང་ཡིན་ནོ་ཞེས་ཀུན་དུ་བསྟན་ནས་ཞེས་བྱ་བ་སྟེ། ཇི་ལྟར་ཉེ་བར་བསྟན་པ་ནི་དེར་སྦྱར་བ་ཡིན་པར་འགྱུར་རོ། །རྟོགས་པར་བྱ་བ་དང་རྟོགས་པར་ བྱེད་པ་དག་གིས་རྟོགས་པའི་དོན་ཁོ་ན་ལས་སྒྲ་སྦྱོར་གྱི་གཞན་དུ་ནི་མ་ཡིན་ནོ། །དེས་ན་རྟོགས་བྱེད་པའི་རྟོགས་པའི་ཡུལ་ཉིད་དུ་བསྟན་པ་ནི། རང་གི་རྟོགས་པའི་རྗེས་འབྲངས་ཏེ། །ཞེས་བྱ་བའོ། །གཞན་གྱི་རྟོགས་པའི་རྗེས་སུ་འབྲངས་པ་ནི་བློ་དེ་ལ་ཡོད་པའི་དངོས་ཞེས་མདོ་ཉིད་དུ་བཤད་པ་ཡིན་ནོ། ། དེ་ཉིད་ཀྱི་ཕྱིར་ཁྱད་པར་རང་དང་གཞན་གྱི་རྣམ་པར་རྟོག་པ་ལ་གཅིག་ཏུ་སྣང་བ་ཞེས་བྱ་བའོ། །གལ་ཏེ་རྣམ་པར་རྟོག་པ་ལ་རྣམ་པར་གནས་པ་ཞེས་བཤད་ཟིན་པ་ལ་ཡང་རང་གི་རྟོགས་པའི་རྗེས་སུ་འབྲངས་ཏེ་ཞེས་བྱ་བ་འདིས་ཅི་བྱ་ཞེ་ན། བརྗོད་པ་གང་ཞིག་རང་དང་གཞན་གྱི་རྣམ་པར་རྟོག་ པའི་རྗེས་སུ་འབྲངས་པས་རྣམ་པར་ཤེས་པ་ལ་རྣམ་པར་གནས་པར་འགྱུར་བ་དེ་འདི་ལྟར་བརྗོད་པ་ཡིན་ཏེ། ཇི་ལྟར་འདི་དག་རང་བཞིན་གྱི་རྣམ་པར་རྟོག་པ་གཅིག་ཏུ་སྣང་བ་དེ་ནི་སྔར་བཤད་པ་ཉིད་རྗེས་སུ་བརྗོད་པ་ཡིན་ནོ། །ཤིང་དེ་རྣམས་ནི་གཅིག་ཏུ་རྟོགས་པའི་དབང་གིས་རྗེས་སུ་འགྲོ་བའི་ ཕྱིར་རང་བཞིན་ཁོ་ནས་དེ་ལྟ་བུའི་རྣམ་པར་རྟོག་པའི་རྒྱུ་ཡིན་ཏེ། དེ་དག་ནི་རང་གི་ངོ་བོས་རྣམ་པ་དེ་ལྟ་བུའི་རྣམ་པར་རྟོག་པའི་རྒྱུ་ཡིན་ནོ། །དེ་ཡང་རྗེས་སུ་སོང་བར་སྣང་བ་ཡིན་པའི་ཕྱིར་གཅིག་ཏུ་སྣང་བ་ཡིན་ནོ། །ད་ནི་དེ་ཇི་ལྟར་རང་དང་གཞན་གྱི་རྣམ་པར་རྟོག་པ་ལ་སྣང་བ་དེ་སྟོན་པ་ནི། དེའི་ མཐོང་བའི་ཞེས་བྱ་བའོ། །གང་གིས་ཤིང་དེ་དག་མཐོང་བ་དེའི་རྣམ་པར་རྟོག་པའི་བློ་ལ་དེ་དག་གནས་པ་དེས་ན་རང་དང་གཞན་གྱི་ལུས་ཡིན་པའི་ཕྱིར་རོ། །ཤིང་དེ་དག་ཀྱང་ཕྱི་དང་ཤེས་པའི་རང་བཞིན་གྱི་གང་ཡིན་པ་དང་དག་པ་ཁྱད་པར་རྣམ་པར་མ་ཕྱེ་བ་སྟེ། དེ་དག་ནི་ཕྱི་དང་ནང་གི་དབྱེ་བ་ རྟོགས་པ་མེད་པའི་ཕྱིར་རོ། །དེ་ཇི་ལྟར་ཞེ་ན། དེ་ལྟ་བུ་མ་ཡིན་ཡང་ཞེས་སྨོས་ཏེ། ཕྱི་རོལ་མ་ཡིན་ཡང་ཕྱི་རོལ་དུ་ཞེན་པ་བྱས་པའོ། །དེ་ལ་ཡང་རྒྱུ་མཚན་བཤད་པ་ནི། ཤེས་པ་དེ་ཡི་རྒྱུ་ཉིད་དང་། དེ་ལས་གཞན་པ་ལས་ལྡོག་པ། །ཞེས་བྱ་བའོ། །འདི་སྐད་བརྗོད་པ་ཡིན་ཏེ། གང་གི་ཕྱིར་དེ་ཉིད་ ཉམས་སུ་མྱོང་བའི་སྒོ་ནས་བག་ཆགས་སྐྱེས་པས་ན་སྣང་བར་འགྱུར་བ་དང་། དེ་དག་ཉིད་ལ་ལྡོག་པའི་འབྲས་བུ་ཅན་གྱི་བློ་འཇུག་པ་དེའི་ཕྱིར་སྤྱི་སྣང་བ་ཡིན་ཡང་ཕྱི་ནང་གི་བདག་ཉིད་དབྱེ་བ་བསྒྲིབས་པར་འགྱུར་བ་ཡིན་ནོ། །ཇི་ལྟ་བུར་གྱུར་པའི་སྣང་བ་དེ་དག་ལ་སྦྱོར་བའི་སྒྲས་ནི་དེ་ཁོ་ན་ ལྟར་རྟོགས་པར་བྱེད་དོ་ཞེས་སྟོན་པས་དེ་ལས་དེ་རྟོགས་པར་འགྱུར་བའི་བློ་ཞེས་བྱ་བ་འཆད་པ་ནི། དེ་ལས་དེ་རྟོགས་བློ་ཞེས་བྱ་བ་ཡིན་ནོ། །དེ་ནི་འཁྲུལ་པའི་དབང་གིས་དངོས་པོ་གཅིག་ཏུ་སྣང་བ་ཡིན་གྱི། དངོས་པོ་ནི་མ་ཡིན་ནོ་ཞེས་ཇི་སྐད་བཤད་པ་སྟོན་པ་ནི། དེ་ལ་ཐ་དད་པ་མཐོང་ཡང་། ། ཞེས་བྱ་བའོ། །དངོས་པོ་ཐ་དད་པ་ཞེས་བྱ་བ་ནི་མཐོང་བ་ལས་གཞན་པའི་གསལ་བའོ། །སྤྱི་གང་ཞིག་མཐོང་བ་དང་མ་མཐོང་བ་ལས་ནི་ཤིང་ཉིད་ཡིན་ལ། མ་མཐོང་བས་ནི་ཤིང་མ་ཡིན་པའོ་ཞེས་ཤིང་མ་ཡིན་པ་རྣམ་པར་འབྱེད་པར་བྱེད་པའོ། །ཇི་ལྟར་མེད་ཅེ་ན། དེ་ནི་ཞེས་བྱ་བ་ལ་སོགས་ པ་སྨོས་སོ། །རྣམ་པར་ཕྱེ་བར་མ་མཐོང་བ་ནི་ཤིང་དང་ཤིང་མ་ཡིན་པའི་རྣམ་པར་དབྱེ་བར་ཉེ་བར་མཚོན་པར་བྱེད་པར་མི་རུང་ངོ་ཞེས་བཤད་པ་ནི། གཞན་ལས་ཐ་དད་པར་མ་བཟུང་ཡང་ཞེས་བྱ་བའོ། །སྤྱི་ཐ་མི་དད་པ་དང་དེ་དང་ལྡན་པས་གསལ་བ་ཉིད་ཡིན་ན་ཡང་གསལ་བ་གཅིག་ཁོ་ན་ཡིན་ པར་འགྱུར་རོ་ཞེས་བཤད་པ་ནི། རྣམ་པ་གཅིག་པ་མཐོང་བ་གང་ཡིན་པ་དེ་གཞན་ལས་ལྟ་བར་མི་ནུས་པའི་ཕྱིར་ཞེས་སྨོས་སོ། །དེ་དང་དེ་མ་ཡིན་པ་དང་ལྡན་པ་དག་ཅེས་བྱ་བ་ནི་རྣམ་པ་དང་རྣམ་པ་མེད་པ་དང་ལྡན་པ་དག་གོ། །གཞན་སེལ་བའི་ཕྱོགས་ལ་གཞན་གྱིས་ བརྗོད་པའི་རྩོད་པ་གཞན་ཡང་གསལ་བའི་ཕྱིར་སྟོན་པར་བྱེད་པ་ནི། བུམ་པ་ལ་སོགས་པའི་ཞེས་བྱ་བའོ། །བུམ་པ་དང་བུམ་པ་མ་ཡིན་པ་དག་ཕན་ཚུན་འགལ་བའི་ཕྱིར་བུམ་པའི་སྒྲ་བུམ་པ་མ་ཡིན་པ་རྣམ་པར་གཅད་པ་ལས་རང་གི་དོན་སྟོན་པས་ན། རྣམ་པར་གཅོད་པའི་དོན་ཅན་དུ་སྲིད་ན། ཤེས་བྱ་དང་གཞལ་བྱ་ལ་སོགས་པའི་ཚིག་དག་གིས་ནི་རྣམ་པར་གཅོད་པ་བརྗོད་པ་མི་སྲིད་དོ། །གང་གིས་དེ་ལྟ་བུ་ར་བ་ཉིད་དུ་བརྗོད་པར་འགྱུར་བ་དེ་ཤེས་བྱ་མ་ཡིན་པ་ལས་ལྡོག་པའི་ཤེས་བྱ་ཞེས་བྱ་བ་ནི་འགའ་ཡང་འཐད་པ་མ་ཡིན་ཏེ། ཐམས་ཅད་མཁྱེན་པའི་ཤེས་བྱ་ཉིད་ཀྱིས་ཤེས་ བྱ་མ་ཡིན་པ་མི་སྲིད་པའི་ཕྱིར་རོ། །གང་གིས་དོན་མཐའ་དག་ཁྱབ་པར་བྱེད་པ་ཡིན་ཡང་མེད་པ་ལ་ཡོད་པ་མི་སྲིད་པས་ན། ཡོད་པ་ཉིད་བཞིན་དུ་རྣམ་པར་གཅོད་པ་ཉིད་ཀྱིས་བརྗོད་པར་འགྱུར་བ་ཤེས་བྱ་ཞེས་བྱ་བ་དངོས་པོའི་ཆོས་ནི་མ་ཡིན་གྱི། འོན་ཀྱང་ཐ་སྙད་དུ་བྱ་བའི་རང་བཞིན་ཤེས་ པའི་ཡུལ་ཉིད་ཡིན་ནོ། །དེས་ན་གལ་ཏེ་ཞེས་བྱ་བ་ཡིན་པ་སྲིད་པ་དང་། ཤེས་བྱ་ཡང་དེ་ལས་ཐ་དད་པ་ཡིན་པས་ན་དེ་དེ་ལས་ཐ་དད་པ་ཉིད་དུ་ཡུལ་དུ་བྱེད་པ་ཡིན་ན། རྣམ་པར་ཤེས་པའི་ཡུལ་གྱི་ངོ་བོ་ཐོབ་པ་ཤེས་བྱར་འགྱུར་བའི་ཕྱིར་དེ་དེ་ལས་ཐ་དད་པར་མི་འགྱུར་རོ། །དེ་སྨྲས་པ་ནི་དེ་ ལས་ཐ་དད་པ་ཡུལ་དུ་བྱེད་པ་ཉིད་ཀྱིས་ཞེས་བྱ་བའོ། །འདི་བཟློག་པའི་ཕྱིར་བཤད་པ་ནི། དེ་ནི་ཉེས་པ་མེད་དེ་ཞེས་བྱ་བའོ། །ཅིའི་ཕྱིར་ཞེ་ན་འདིར་བློ་དོན་འགའ་ལས་རྣམ་པ་ཟློག་ནས། དོན་འགའ་ཞིག་ལ་འཇུག་བྱའི་ཕྱིར། །སྒྲ་ནི་རབ་ཏུ་སྦྱོར་བྱེད་དོ། །ཡང་ཇི་ལྟར་འགའ་ཞིག་ལ་ འཇུག་པར་བྱེད་ཅེ་ན། བཤད་པ་དེའི་དོན་ངེས་པར་གཟུང་ཕྱིར་རོ། །བརྡའི་དབང་གིས་སྒྲ་དེའི་དོན་དུ་འགྱུར་བ་གང་ཡིན་པ་དེ་དེས་བློ་ལ་འཛིན་པའི་ཕྱིར་ཏེ། དེས་ན་སྒྲ་བློ་དེ་ལ་གཞག་པ་དེའི་ངེས་པར་བཟུང་བས་ན་འགའ་ཞིག་ལས་ལྡོག་ཏེ། དཔེར་ན་འདི་ཁོ་ན་ཤིང་ཡིན་ནོ་ཞེས་བྱ་བས་ ཤིང་གི་བློ་གཞན་ལས་ལྡོག་པ་བཞིན་ནོ། །འདི་ཁོ་ན་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་རྟོགས་པའི་ཕྱིར་རོ། །དེ་བཞིན་དུ་འདི་ཤིང་ཁོ་ན་ཞེས་བྱ་བས་འདི་ནི་ཤིང་ཁོ་ན་ཡིན་གྱི་ཤིང་མ་ཡིན་པ་ནི་མ་ཡིན་ནོ་ཞེས་རང་གི་ཡུལ་ལ་རབ་ཏུ་གྲུབ་པ་དེ་ཤིང་མ་ཡིན་པ་ལས་ལྡོག་པའི་ཕྱིར་དེ་ལས་ཤིང་མ་ཡིན་ པའི་བློ་བཟློག་པས་གཞན་ལ་འཇུག་པ་ཡིན་ནོ། །འདི་ལ་དོན་གཞན་ལས་ལྡོག་པ་ལ་འཁྲུལ་པ་མེད་པ་ནི་དངོས་པོའི་རྣམ་པ་དངོས་པོའི་ཆོས་ཡིན་ཏེ། རིགས་མི་འདྲ་བ་དག་བཞིན་དུ་རིགས་འདྲ་བ་དག་ལས་ཀྱང་ཐ་དད་པའི་ཕྱིར་ན་ཤེས་བྱ་མ་ཡིན་པ་མེད་ཀྱང་ཤེས་བྱ་རྣམ་པ་ཉིད་ཐ་ དད་པས་ན། བུམ་པའི་ཤེས་བྱ་ཞེས་བྱ་བས་སྣམ་བུའི་ཤེས་བྱ་ལས་ཐ་དད་པར་རྟོགས་པའི་ཕྱིར་རོ། །འོན་ཀྱང་གཞན་གྱི་རྩོད་པ་འདི་ནི་ཤེས་པ་ཙམ་དྲེགས་པས་བྱས་པ་དངོས་པོའི་ངོ་བོར་གྱུར་པ་མ་ཡིན་པའི་ཤེས་བྱ་ཉིད་དངོས་པོ་མེད་པ་ལ་ཡང་སྲིད་པ་ལ་བརྟེན་པ་ཡིན་པའི་ཕྱིར་སློབ་ དཔོན་གྱིས་དངོས་པོ་རྣམས་ཀྱི་ལྡོག་པ་མེད་ན་མི་འབྱུང་བ་སྒྲུབ་པའི་རིགས་པ། གང་ཕྱིར་དངོས་ཀུན་རང་བཞིན་ཞེས་བྱ་བ་གཞག་ནས་སྒྲ་སྦྱོར་བ་ནི་ངེས་པར་གཟུང་བ་མེད་ན་མེད་པ་ཡིན་ནོ་ཞེས་འདིར་རིགས་པ་གཞན་དངོས་པོ་མེད་པ་ཁྱད་པར་བྱེད་པ་ཡང་བསྟན་པ་ཡིན་ན་དངོས་ པོ་མེད་པ་ཡང་སྒྲའི་བརྗོད་པར་བྱ་བ་ལས་མ་འདས་པའི་ཕྱིར། ཐ་དད་པ་མེད་ཀྱང་ཐ་དད་པར་བརྗོད་པར་བྱ་བས་འདའ་བ་ནི་མ་ཡིན་ནོ། །སྒྲ་སྦྱོར་བ་ནི་ངེས་པར་གཟུང་བ་མེད་ན་མེད་པ་ཞེས་བྱ་བ་གང་ཡིན་པ་འདི་ཉིད་གང་ལས་ཤེ་ན། བཤད་པ། གཞན་དུ་སྦྱོར་བ་དོན་མེད་འགྱུར། །ཞེས་ བྱ་བའོ། །དོན་དེའི་དོན་ངེས་པར་གཟུང་བ་མེད་ན་སྒྲ་སྦྱོར་བ་འབྲས་བུ་མེད་པར་འགྱུར་རོ། །རང་གི་ཚུལ་ཙམ་སྣང་བའི་རང་བཞིན་གྱི་ཚད་མ་ནི་དེ་ཇི་ལྟར་ཡོད་པ་དེ་ལྟར་རྟོགས་པ་ན་རང་གི་ཡུལ་རྟོགས་རང་གི་ཡུལ་གྱི་ངེས་པར་གཟུང་བའམ་རྣམ་པར་གཅོད་པ་ལ་ལྟོས་པ་མ་ཡིན་ ཏེ། དཔེར་ན་མངོན་སུམ་བཞིན་ནོ། །གང་གིས་ན་དེ་བསྒྲུབས་པ་ཁོ་ནས་སྦྱོར་བའི་དགོས་པ་གྲུབ་པ་འདི་མིག་ལ་སོགས་པ་ཡང་དག་པར་ལྡན་བཞིན་དུ་འབྲས་བུ་གཞན་ཚོལ་བ་འཕེན་པར་མི་འགྱུར་བ་སྒྲས་ནི་དེ་ལྟར་རང་གི་ཡུལ་རྟོགས་པར་བྱ་བ་མ་ཡིན་ནོ། །འདི་ལྟར་གལ་ཏེ་སྒྲས་ ཤིང་རྟོགས་པ་སྔོན་མ་བྱུང་བ་བྱེད་ན་དེ་ཙམ་གྱིས་དགོས་པ་མཐར་ཕྱིན་པའི་སྒྲ་ལ་ལྟོས་པ་གཞན་སྐྱེས་ན་ངེས་པར་གཟུང་བ་ཚོལ་བ་ཡིན་ཡང་དེ་མེད་པས་སྦྱོར་བ་དོན་མེད་པར་འགྱུར་བ་ནི་ཅུང་ཟད་ཀྱང་མེད་དེ། དཔེར་ན་ཤིང་གི་རྣམ་པ་རྟོགས་པར་བྱེད་པའི་མངོན་སུམ་ལ་ ཚད་མ་གཞན་གྱི་བྱེད་པ་འདི་ཁོ་ནས་ཤིང་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་བྱ་བའམ། འདི་ཤིང་ཡིན་པ་ཁོ་ནའོ་ཞེས་བྱ་བ་སྣང་བ་ངེས་པས་བྱེད་ལ་ཉམས་སུ་མྱོང་བའི་དགོས་པ་ནི་ཤིང་གི་རྣམ་པར་རྟོག་པ་ཁོ་ན་ཡིན་པ་བཞིན་ནོ། །དེས་ན། གཞན་དུ་སྦྱོར་བ་དོན་མེད་འགྱུར། །ཞེས་ཇི་ལྟར་བརྗོད། འདི་ནི་ཤིང་ཡིན་ནོ་ཞེས་ཤིང་གི་སྒྲས་ཤིང་རྟོགས་པར་བྱེད་པ་ན་ངེས་པར་གཟུང་བས་ནི་ཅིར་ཡང་བྱར་མེད་དེ། བློ་འགའ་ཞིག་ལས་མ་བཟློག་ཀྱང་འགའ་ཞིག་ལས་འཇུག་པ་ཉིད་ཀྱི་འབྲས་བུ་དང་བཅས་པའི་ཕྱིར་ཇི་ལྟ་བ་བཞིན་དུ་སྣང་བར་མ་གྲུབ་པས་ན་འབྲས་བུ་མེད་པ་མ་ཡིན་པའི་ཕྱིར་རོ། ། དེའི་ཕྱིར་རྣམ་པར་རྟོག་པ་ནི་འདོད་པ་ཙམ་ལ་རག་ལས་པས་འཇུག་པ་ཡིན་ལ། དེ་ཡང་ལྕགས་ཀྱུ་མེད་པའི་ཕྱིར་ཐམས་ཅད་ལ་ཡོད་པ་ཡིན་ནོ། །འགགས་ཀྱང་མ་བྱས་པ་བྱར་ཡོད་པ་ནི་མ་ཡིན་ཏེ། རྙེད་པར་སླ་བའི་རྒྱུ་མཚན་གྱིས་ན་མ་བྱས་ཀྱང་བྱས་པ་དང་བྱེ་བྲག་མེད་པའི་ཕྱིར་རོ། །དེས་ ན་འདི་འདོད་པས་བྱས་པའི་འཇུག་པ་དང་བྲལ་བས་འགའ་ཞིག་ལས་བཟློག་ནས་འགའ་ཞིག་ལ་འཇུག་པ་ན་སྔ་ན་མེད་པའི་རྒྱུས་བསྒྲུབ་པར་འགྱུར་རོ། །དེ་ལྟ་མ་ཡིན་ན་ནི་ཇི་ལྟ་བ་བཞིན་སྣང་བར་འགྱུར་ཏེ། འདོད་པ་ཇི་ལྟ་བ་བཞིན་དུ་གྱུར་པ་དེ་ལྟ་བུ་ཁོ་ནར་འགྲུབ་པའི་ཕྱིར་རོ། །དེ་ངེས་ པར་གཟུང་བ་མེད་ན་ནི་དེ་ལྟར་མི་སྲིད་པའི་ཕྱིར་སྒྲའི་དོན་ངེས་པར་གཟུང་བར་བྱ་བ་ཁོ་ནའོ། །གལ་ཏེ་འདོད་པས་བྱས་ཀྱང་འདི་ཁོ་ན་ཤིང་ཡིན་ནོ་ཞེས་རྟོགས་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ་འདོད་པ་ཉིད་ནི་རང་དང་འགལ་བར་སྒྲུབ་མི་སྲིད་པའི་ཕྱིར་དང་། གཞན་ལ་ཡང་ཤིང་ཞེས་བྱ་བའི་ འདོད་པ་ཡོད་ན་འདི་ཁོ་ནར་ཞེས་བྱ་བ་མི་གྲུབ་པའི་ཕྱིར་དང་། མེད་ན་ཡང་དེ་རྒྱུ་ཉིད་དུ་འགལ་བའི་ཕྱིར་རོ། །དེ་ལ་ཡང་ཤིང་ཤིང་མ་ཡིན་པ་ལས་ཐ་དད་ན་ཤིང་མ་ཡིན་ཡང་ཤིང་ལས་ཐ་དད་པར་གྱུར་པ་ཡིན་ནོ། །དེས་ན་ཤིང་ཞེས་བྱ་བ་ཐ་དད་པ་རྣམ་པ་གཅིག་ཏུ་གྱུར་པ་ནི་ཤིང་གི་སྒྲའི་དོན་ ཡིན་ལ། ངེས་པར་གཟུང་བས་ནི་འདི་ཁོ་ན་ཤིང་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་དེ་ལས་གཞན་དེས་སྟོང་པར་སྟོན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་ཤིང་ཁོ་ན་ཞེས་བྱ་བ་ནི་ལོག་པ་ལས་ལྡོག་པ་ལོགས་སུ་བྱས་ནས་བརྗོད་པ་ཡིན་ནོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེས་ན། ཤེས་བྱ་ལ་སོགས་པའི་ཚིག་དག་ ཀྱང་ཐ་སྙད་དུ་འགྱུར་དགོས་སོ། །འགྲེལ་པ་ནི་སྒྲ་རབ་ཏུ་སྦྱོར་བར་བྱེད་པ་ཞེས་བྱ་བའོ། །རྗེས་སུ་འགྲོ་བ་དང་ལྡོག་པ་དག་ཅེས་བྱ་བ་ནི་འཇུག་པ་དང་ལྡོག་པའོ། །དེ་བསྟན་པ་ནི། དེ་ནི་ཞེས་བྱ་བའོ། །བྱེད་པ་གཉིས་པོ་ཉིད་གཞུང་འཛུགས་པ་ནི་གལ་ཏེ་འདིས་ཞེས་བྱ་བའོ། །དེ་མེད་ན་ནི་སྒྲ་ མེད་པ་ལ་བློའི་རང་བཞིན་ཇི་ལྟར་གྱུར་པ་དེ་ཁོ་ན་ལྟར་སྒྲས་བྱས་པ་ཡང་ཡིན་པས་ཇི་ལྟ་བ་བཞིན་སྣང་བར་འགྱུར་རོ། །ངེས་པར་གཟུང་བ་མེད་ན་མེད་པ་ཉིད་བཤད་པ་ནི། དཔེར་ན་ཞེས་བྱ་བའོ། །འདིར་བུམ་པས་ཆུ་འོན་ཅིག་ཅེས་བྱ་བའི་ཚིག་གསུམ་ངེས་པར་གཟུང་བ་མེད་ན་མེད་པར་གཞུང་ འཛུགས་ཏེ། གལ་ཏེ་བུམ་པ་དང་སྙིམ་པས་ཀྱང་རུང་སྟེ་ཆུ་བླང་བར་བརྗོད་པར་འདོད་ན་ནི་བུམ་པས་ཞེས་བྱ་བ་དོན་མེད་པར་འགྱུར་རོ། །དེ་བཞིན་དུ་ལས་དང་བྱ་བ་ལ་ཡང་རྟོགས་པར་བྱའོ། །གང་དུ་བུམ་པ་ཞེས་བྱ་བ་ཉེ་བར་མཚོན་པའི་དོན་དུ་བླངས་པ་དེར་ནི་ཉེ་བར་མཚོན་པས་མཚོན་པར་བྱ་ བ་མཐའ་དག་བདག་ཉིད་ཀྱི་ནང་དུ་བསྡུས་ཏེ། ངེས་པར་གཟུང་བའི་དོན་དུ་འགྱུར་བ་ཡིན་ཏེ། དཔེར་ན་གཞི་བྱ་རོག་ལས་སྲུངས་ཤིག་ཅེས་བྱ་བར་ཉེ་བར་གནོད་པ་ལས་ཡིན་པ་བཞིན་ནོ། །སྦྱོར་བ་རྒྱས་པ་ལ་བྱ་རོག་ཁོ་ན་ལས་སྲུངས་ཤིག་ཅེས་ངེས་པར་གཟུང་ཡང་དབྱུག་པ་བརྡེགས་པ་ལས་ ཀྱང་མི་རུང་བར་བརྗོད་པ་ནི་མ་ཡིན་ནོ། །དེ་བཞིན་དུ་གཞན་དུ་ཡང་རྟོགས་པར་བྱའོ། །གལ་ཏེ་བྱེད་པ་པོ་ཁྱད་པར་ཅན་གྱིས་བསྒྲུབ་པར་བྱ་བའི་ཁྱད་པར་མི་ཤེས་པ་ལ་དེ་བརྟན་པ་ཉིད་ཀྱི་ངག་འབྲས་བུ་དང་བཅས་པར་འགྱུར་བ་མ་ཡིན་ནམ། དེ་ལ་ངེས་པར་གཟུང་བ་མེད་པས་དོན་མེད་པ་འགའ་ཡང་ མེད་དོ། །གལ་ཏེ་ཇི་ལྟར་སྙིམ་པས་ཀྱང་ཁྱེར་ཏེ་མི་འོང་ལ་གཞན་ནམ་བྱ་བ་མེད་པ་ལ་མི་བརྟན་ཞེ་ན་མ་བརྗོད་པ་ཉིད་ཀྱི་ཕྱིར་རོ། །ཇི་ལྟར་བརྗོད་པའི་རྗེས་སུ་སྒྲུབ་པ་ནི་གཞན་གྱིས་གཞན་དུ་བྱེད་པ་མི་སྲིད་པའི་ཕྱིར་དེ་ལ་ངེས་པར་གཟུང་བར་བྱ་བ་དོན་ཅི་ཡོད་སྒྲུབ་པ་ཉིད་ཀྱི་སྦྱོར་བ་དོན་དང་ལྡན་པ་སྒྲུབ་པས་ན་ ངེས་པ་དོན་མེད་པའི་ཕྱིར་རོ། །སྒྲུབ་བྱེད་ཉིད་ཀྱི་ཁྱད་པར་གྱིས་བསྒྲུབ་པར་བྱ་བའི་ཁྱད་པར་ཤེས་པ་ལ་ནི་ངག་ངེས་པའི་དོན་ཅན་ཡིན་པར་འགྱུར་ཏེ་དཔེར་ན་ལྟོར་ཀུན་དུ་སྤྱོད་པས་བས་ཉེ་བར་སྤྱོད་ཅིག་ཅེས་བྱ་བ་ལྟ་བུའོ་ཞེ་ན། འདི་ལ་བཤད་ཟིན་ཏེ་སྒྲ་ཉེ་བར་བཀོད་པ་ཉིད་ནི་ངེས་པར་གཟུང་ བའི་སྙིང་པོར་མ་བྱས་པར་ཉེ་བར་དགོད་པར་མི་ནུས་ཏེ། སྒྲའི་བྱ་བ་གཞན་རྟོགས་པ་ལ་གྲུབ་པ་མེད་པའི་ཕྱིར་དང་། ཇི་ལྟར་ཡང་ཉེ་བར་སྦྱོར་འདོད་པ་སྲིད་པའི་ཕྱིར་རོ། །དེས་ན་འདོད་པས་བྱས་པའི་རང་བཞིན་དང་བྲལ་བ་ནི་ངེས་པ་མེད་ན་མི་སྲིད་པའི་ཕྱིར་ངེས་པ་གཅིག་པུ་ཉིད་སྒྲའི་དོན་ཡིན་གྱི་སྒྲུབ་པ་ནི་མ་ ཡིན་ནོ། །ངེས་པ་དང་ལྡན་པ་ཉིད་དོན་དེ་ལྟ་བུ་ཡོད་པའི་རྒྱུ་མཚན་དུ་ཉེ་བར་འཇོག་པ་ན་རྗེས་སུ་དཔག་པ་རྗེས་སུ་ཞུགས་ནས་དོན་ལ་ཚད་མར་སྲིད་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་སྙམ་དུ་སེམས་པ་ཡང་ཚད་མར་འགྱུར་རོ། །འདོད་པ་ཙམ་གྱིས་བསྐྱེད་པའི་དོན་རྟོགས་པ་རྒྱུ་མཚན་གཞན་གྱིས་བྱས་པའི་ དོན་གྲུབ་པ་ཅན་ནི་ཚད་མ་ཡིན་པས་སྒྲའི་དོན་རྟོགས་པའི་ཚད་མ་ཉིད་ཁྱད་པར་མེད་པའི་ཕྱིར་རོ། །དེས་ན་དོན་འདི་ཡིན་ཏེ། གལ་ཏེ་ངེས་པར་གཟུང་བ་སྙིང་པོར་མ་བྱས་པ་ཁོ་ནར་བུམ་པའི་ཚིག་གིས་རང་གི་དོན་རྟོགས་པར་བྱེད་པར་འགྱུར་ཞེས་སྙིམ་པ་ལ་སོགས་པ་ཉེ་བར་བླངས་པས་ངེས་པ་ཉེ་བར་བསྟན་ནས་ བུམ་པའི་ཚིག་སྦྱོར་བར་བཤད་པ་ཡིན་ནོ། །དེ་བཞིན་དུ་ཕྱག་དར་རམ་ཞེས་བྱ་བ་ལ་སོགས་པ་དག་ལ་ཡང་དེ་བཞིན་དུ་རྟོགས་པར་བྱའོ། །དེ་ལྟར་གདོན་མི་ཟ་བར་ངེས་པར་གཟུང་བ་ལ་བརྟེན་པར་བྱ་བ་ན། བརྗོད་པར་འདོད་པ་ལས་ངག་ལ་ངེས་པར་གཟུང་བ་ངེས་པ་ཡིན་གྱི། ཚིག་སོ་སོ་ལ་ངེས་པར་ གཟུང་བ་དགོད་པ་ནི་མ་ཡིན་ཏེ། དེ་ལྟ་མ་ཡིན་ན་ཕྱོགས་ཆོས་ཞེས་བྱ་བ་ལ་ཕྱོགས་ཁོ་ནའི་ཆོས་ཁོ་ན་ཞེས་བྱ་བར་འགྱུར་རོ། །དེས་ན་ཤེས་བྱ་ལ་སོགས་ཚིག །ཅེས་བྱ་བ་རྣམ་པར་དགྲོལ་བའི་ཕྱིར་བཤད་པ་ནི། དེ་བཞིན་དུ་ཞེས་བྱ་བའོ། །ཐ་སྙད་དུ་གཏོགས་པ་རྣམས་ཞེས་བྱ་བ་ནི་གཞན་རྟོགས་པའི་དོན་ དུ་སྦྱར་བ་སྟེ། སྒྲ་ཐ་དད་དུ་བཏགས་པ་ནི་གཞན་རྟོགས་པར་བྱ་བའི་དོན་ཁོ་ན་ཡིན་པའི་ཕྱིར་རོ། །འདིས་ནི་རྣམ་པར་གཅོད་པར་བྱ་བ་མེད་པའི་ཉེས་པ་སྤོང་བ་ཡིན་ནོ། །འདི་ལྟར་གལ་ཏེ་གཞན་གྱིས་ཀྱང་འགའ་ཞིག་ལ་ཤེས་བྱ་ཉིད་རྟོགས་པ་ཁོ་ན་ཡིན་ན་དར་དེ་རྟོགས་པའི་དོན་དུ་སྦྱར་བ་ནི་དོན་མེད་པ་ཁོ་ནའོ། །འོན་ ཏེ་མ་རྟོགས་ན་དེའི་ཚེ་ཐེ་ཚོམ་གྱི་ཡུལ་གྱི་དངོས་པོར་གྱུར་པ་ནི་གཞན་དུ་རྟོགས་པ་ཁོ་ན་ཡིན་པའི་ཕྱིར་ཏེ། དེས་སྒྲོ་བཏགས་པའི་ཤེས་བྱ་མ་ཡིན་པ་དེ་ཉིད་རྣམ་པར་གཅད་པར་བྱ་བ་ཡིན་ནོ། །ཇི་ལྟར་ཆོས་འདི་སྒྲ་ལས་བྱུང་བ་ཡིན་པ་དེ་བཞིན་དུ་རྣམ་པར་གཅད་པར་བྱ་བ་ཡང་དེའི་བློས་བྱས་པ་ཉིད་ཡིན་གྱི་ཕྱི་རོལ་ན་ནི་མེད་དོ། ། དེ་བཤད་པ་ནི་གཞན་དུ་དོགས་པ་མེད་ན་ཞེས་བྱ་བ་ལ་སོགས་པ་བརྡར་བྱས་པའི་ཕྱི་རོལ་ཞེས་བྱ་བའི་མཐར་ཐུག་པའོ། །འོ་ན་གཞན་རྟོགས་པའི་དོན་མ་ཡིན་པའི་ཤེས་བྱའི་སྒྲ་གང་ཡིན་པ་དེའི་རྣམ་པར་གཅད་པར་བྱ་བ་ཅི་ཡིན་ཏེ། གཞན་སྒྲོ་བཏགས་པའི་ཤེས་བྱ་མ་ཡིན་པ་མེད་པའི་ཕྱིར་རོ་ཞེ་ན། དེ་ནི་མ་ཡིན་ ནོ་ཞེས་བཤད་པ་ནི་ཤེས་བྱ་ལ་སོགས་པའི་ངག་ཅེས་བྱ་བའོ། །ངག་སྦྱར་བ་ནི་གཞན་རྟོགས་པའི་དོན་ཉིད་དུ་ཡིན་པ་དེ་ལ་གནས་པའི་ཤེས་བྱའི་སྒྲའི་དོན་བརྗོད་པ་ཡིན་ནོ། །དེས་ན་ཐ་སྙད་ལས་ཕྱི་རོལ་དུ་གྱུར་པ་ཤེས་བྱའི་སྒྲ་ནི་མེད་དོ། །གཞན་ཉིད་རྟོགས་པར་བྱེད་པ་ན། སྒྲས་སྤྱི་སྟོན་པར་བྱེད་ཅེས་བྱ་བ་ལ་ གཞན་སེལ་བ་སྦྱོར་བའི་ཡུལ་དུ་བརྗོད་དོ། །སྟོན་པར་འདོད་པ་མེད་ན་ནི། སྒྲ་དོན་མེད་པ་ཁོ་ན་སྟེ། ངོ་བོ་ཉིད་ཀྱིས་དོན་དང་ལྡན་པ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི། སྒྲ་སྦྱོར་བ་ཞེས་བྱ་བའི་མཐར་ཐུག་པས་བཤད་པ་ཡིན་ནོ། །གལ་ཏེ་འདོད་པ་མེད་ཀྱང་ཚིག་ཙམ་ལས་དོན་རྟོགས་པ་ཡོད་པ་མ་ཡིན་ནམ། དེས་ན་ བརྗོད་པར་འདོད་པ་ཡོད་ན་དོན་དང་ལྡན་པའི་ཕྱིར་དེ་མེད་ན་དོན་མེད་པ་ཡིན་ནོ་ཞེས་ཇི་སྟེ་བརྗོད་ཅེ་ན་སྨྲས་པ། བརྗོད་པར་འདོད་པ་ཡོད་པ་ན་དོན་གོམས་པ་ལས་དེ་ལྟ་མ་ཡིན་པར་ཡང་རྟོགས་པ་ནི་ཉེ་བར་བསླད་པ་ཁོ་ནའོ། །དེ་བཤད་པ་ནི་ཡོད་པ་ཉིད་དོ་ཞེས་བྱ་བའི་མཐར་ཐུག་པའོ། །དེའི་ཕྱིར་ཞེས་བྱ་བ་ནི་མཇུག་ སྡུད་པའོ། །དེ་ནི་ངེས་པར་གཟུང་བ་ལ་གདོན་མི་ཟ་བར་བརྟན་པ་ཉིད་གཞུང་འཛུགས་པའི་ལམ་གྱིས་ཇི་ལྟར་ཉེ་བར་བསྟན་པའི་སྒྲའི་དོན་གཞན་སེལ་བའི་ཕྱོགས་ལ་མི་འགྲིག་པའི་སློབ་དཔོན་གྱི་གཞུང་གི་ཆ་གང་ཡིན་པ་དེ་དག་བཤད་པའི་ཕྱིར་གང་ཞིག་གང་ལས་ཞེས་སྨོས་སོ། །ནིའི་སྒྲ་ནི་གང་ཕྱིར་ ཞེས་བྱ་བའི་དོན་འདིར་འགྱུར་ཏེ་གང་གི་ཕྱིར་གང་ཞིང་གང་ལས་ཐ་དད་པ་དེ་བཟློག་ནས་དེའི་ཐ་དད་པ་ལ་འགོད་པ་ཡིན་ནོ། །ཐ་དད་པ་དེ་ཡང་ཤིང་གི་ཁྱད་པར་རྣམས་ཀྱི་མཚུངས་པའི་ངོ་བོ་ཡིན་ནོ་ཞེས་སྟོན་པ་ནི་ཤིང་མ་ཡིན་པ་ལས་ཁྱད་པར་དུ་གྱུར་པ་ཤ་པ་ལ་སོགས་པ་རྣམས་ཀྱི་རྣམ་པ་མཚུངས་པར་སྣང་བ་ ཅན་ཏེ། ཐ་དད་པ་ཞེས་བྱ་བར་འབྲེལ་ཏོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་ཐ་དད་པ་དེ་ཉིད་སློབ་དཔོན་ཕྱོགས་ཀྱི་གླང་པོས་ཟློག་པ་གཞན་གྱིས་ནི་དངོས་པོ་དེའི་ཆ་འགའ་ཞིག་རྟོགས་འགྱུར་ཞེས་ཀྱང་རབ་ཏུ་བཤད་པ་ཡིན་ནོ། །ཀྱང་གི་སྒྲ་མ་བཤད་པའི་དོན་བསྡུ་བའི་ཕྱིར་ཏེ། དེ་ཡང་འགྲེལ་པར་སྟོན་པར་འགྱུར་རོ། །འདིར་ལྡོག་པ་གཞན་དངོས་པོའི་ཆ་འགའ་ཞིག་རྟོགས་སོ་ཞེས་བྱ་བས་ནི་དངོས་པོ་ལས་གཞན་ལྡོག་པ་ཐ་དད་པར་རྟོགས་པ་ཡིན་ལ། དེས་ཀྱང་དངོས་པོའི་ཆ་རྟོགས་པའི་ཕྱིར་ལྡོག་པའི་ཁྱད་པར་གྱི་ཁྱད་པར་དང་ལྡན་པའི་རྫས་ལ་སྒྲ་འཇུག་གོ་ཞེས་བརྗོད་པར་ འགྱུར་ཏེ། དེས་ན་ཇི་ལྟར་སྤྱིའི་ཁྱད་པར་དང་ལྡན་པའི་དོན་ལ་སྒྲ་འཇུག་པ་དེ་བཞིན་དུ་ལྡོག་པའི་ཁྱད་པར་ཅན་ལ་ཡིན་པས་ཁྱད་པར་འགའ་ཡང་མེད་དོ། །སྒྲས་ནི་ལྡོག་པ་དོན་གཞན་གྱིས་ཁྱད་པར་དུ་བྱས་པའི་དངོས་པོ་དག་ཁོ་ན་བརྗོད་དོ་ཞེས་བྱ་བ་ལ་སོགས་པར་ཡང་དོན་དེ་བཞིན་དུ་འགྱུར་རོ། །དེ་ཡང་ རྣམ་འགྲེལ་བྱེད་རྟོགས་པའི་རྗེས་སུ་འགྲོ་བ་ལྡོག་པ་གཞན་མ་ཡིན་པར་སྨྲ་བ་སྒྲོ་འདོགས་རྣམ་པར་གཅད་པའི་གཞན་སེལ་བ་ལ་འགལ་བའི་ཕྱིར་དེ་སློབ་དཔོན་གྱིས་དེ་ལྟར་བཤད་པ་མཛད་དོ། །གང་གི་ཕྱིར་སྒྲས་ཐ་དད་པ་ལ་བློ་སྦྱར་བ་དེའི་ཕྱིར་ཐ་དད་པ་དེ་ཉིད་དངོས་པོའི་ཆ་འགའ་ཞིག་རྟོགས་སོ་ཞེས་ བཤད་པར་ཟད་ཀྱི་ཐ་དད་པ་ལས་དངོས་པོའི་རང་བཞིན་གཞན་པ་ནི་མེད་དོ། །ལྡོག་པ་གཞན་གྱིས་རྟོགས་པར་འགྱུར་རོ་ཞེས་བཤད་པ་གང་ཡིན་པ་དེ་ལ་དེ་ཡང་གང་ལ་སྒྲ་འཇུག་པ་དེར་ལྡོག་པ་གཞན་འགའ་ཞིག་ཁྱད་པར་དུ་གྱུར་པ་ནི་མ་ཡིན་ཏེ། འོན་ཀྱང་གང་གི་ཕྱིར་འདི་ཁོ་ན་ཤིང་ཡིན་གྱི་གཞན་ནི་མ་ ཡིན་ནོ་ཞེས་ངེས་པར་གཟུང་བའི་དོན་ལ་བརྟེན་པའི་ཕྱིར་སྒྲས་བློ་འགའ་ཞིག་ལས་བཟློག་ནས་འགའ་ཞིག་ལ་འཇུག་པར་བྱེད་ལ། དེ་ལྟར་ན་ཡང་ཤིང་མ་ཡིན་ལས་ལོག་པ་ངེས་པ་ནི་མ་ཡིན་གྱི་འོན་ཀྱང་གཞན་གྱི་ཤིང་ལོག་པ་ཉིད་ཡིན་པ་དེའི་ཕྱིར་ཤིང་མ་ཡིན་པ་ལས་ཐ་དད་པའི་ཤིང་ངེས་པ་ན། སྒྲ་སྦྱོར་ བའི་ཤུགས་ཀྱིས་ངེས་པར་འགྱུར་བ་ངེས་པར་བཟུང་བའི་སྟོབས་ཀྱིས་ཤིང་མ་ཡིན་པ་ཤིང་ལྡོག་པར་ངེས་པ་གང་ཡིན་པ་དེ་ནི་ཤིང་གི་སྒྲའི་ཤིང་མ་ཡིན་པ་ལས་ལྡོག་པ་ཙམ་ཉིད་སྟོན་པ་ན། བླ་ལྷག་ཏུ་གྱུར་པའི་ལྡོག་པ་ཡིན་ནོ། །དེས་ན་སྒྲ་ནི་ལྡོག་པ་ཙམ་གྱི་མཐར་ཐུག་པ་རྗོད་པར་བྱེད་པ་ཅན་གྱི། ལྡོག་པའི་ ཁྱད་པར་ཅན་གྱི་རྫས་ནི་འགའ་ཡང་བརྗོད་པ་མེད་དེ་ལྡོག་པ་ནི་དེ་དང་ལྡན་པ་ལས་གཞན་མ་ཡིན་པའི་ཕྱིར་རོ། །དེ་ལྟ་ཡིན་ན་ཡང་གཞན་ལྡོག་པས་དངོས་པོ་དེའི་ཆ་འགའ་ཞིག་རྟོགས་སོ་ཞེས་གསུངས་པ་གང་ཡིན་པ་དེར་ཆ་ནི་ལྡོག་པ་དེ་ཉིད་ཡིན་ནོ། །གང་ཡང་ལྡོག་པ་གཞན་གྱིས་རྟོགས། །ཞེས་ལྡོག་པ་ གཞན་ཞིག་བརྗོད་པ་དེ་ནི་ཤིང་མ་ཡིན་ལས་ལྡོག་པ་ཤིང་གི་བདག་ཉིད་བརྗོད་པར་བྱ་བ་ནི་ངེས་པར་གཟུང་བས་བྱས་པ་ཤིང་མ་ཡིན་ལ་ཤིང་ལྡོག་པ་ཡིན་ནོ། །ལོག་པ་ལས་གཞན་མ་ཡིན་ལྡོག་པ་ནི་ཤིང་གི་དོན་ལ་ངེས་པར་གཟུང་བ་ན་ཤིང་མ་ཡིན་པ་ངེས་པར་གཟུང་བའི་དོན་དུ་ཐལ་བར་འགྱུར་རོ་ཞེ་ན། དེ་ལྟར་ནི་ མི་ནུས་ཏེ། ཤིང་ཉིད་ཤིང་མ་ཡིན་པ་ལས་ལྡོག་གོ་ཞེས་བྱ་བ་ནི་དངོས་པོ་ལ་དེ་དེ་ལྟར་སྒྲོ་འདོགས་རྣམ་པར་གཅོད་པ་ངེས་པས་བརྟགས་པས་བརྗོད་པར་བྱ་བ་ཡིན་ལ་ངེས་པར་གཟུང་བ་ལས་ཤིང་མ་ཡིན་ལ་ཤིང་ལྡོག་པ་ནི་རྟོགས་པ་ལས་གྱུར་པ་ཉིད་ཡིན་ཏེ། དེས་ན། ཤིང་མ་ཡིན་པ་ཁོ་ན་ལ་ཤིང་ལྡོག་པ་ནི་མ་ཡིན་ནོ། ། དེས་ན་ལྡོག་པ་གཞན་གྱིས་དངོས་པོ་དེའི་ཆ་འགའ་ཞིག་རྟོགས་སོ་ཞེས་བྱ་བས་ནི་ངེས་པར་གཟུང་བས་བྱས་པ་ཤིང་མ་ཡིན་ལ་ཤིང་ལྡོག་པས་ཤིང་མ་ཡིན་ལས་ལྡོག་པ་རྟོགས་སོ་ཞེས་བཤད་པ་ཡིན་ནོ། །དེས་ན་གཞུང་འདི་རྣམ་པ་དེ་ལྟ་བུའི་དོན་ལ་དེ་ལྟར་རྗོད་པར་བྱེད་པར་བསྒྲུབས་པ་ཡིན་ནོ། །གང་ཞིག་གང་ལས་ཐ་ དད་པས་ཏེ། དཔེར་ན་ཤིང་ཤིང་མ་ཡིན་ལས་ཐ་དད་པ་བཞིན་ནོ། །ཐ་དད་པར་གྱུར་པའི་ཤིང་དེ་ངེས་པར་གཟུང་བས་བཟློག་ནས་ཞེས་ཐ་དད་པར་གྱུར་པ་སྐབས་ཡིན་པས་ན་དེ་ཉིད་དེའི་སྒྲས་གཟུང་བ་ཡིན་ནོ། །དེ་བཟློག་ན་གང་ལ་འགོད་ཅེ་ན་བཤད་པ་ཐ་དད་པར་གྱུར་པའི་ཁྱད་པར་རྣམས་ཀྱི་དེ་ལས་ཐ་དད་པ་རྣམ་པ་ མཚུངས་པར་སྣང་བ་ལ་འགོད་དོ། །ཐ་དད་པར་གྱུར་པས་ནི་གཟུང་བ་ཡིན་ཏེ། གང་ཞིག་གང་ལས་ཐ་དད་པ་ཞེས་བྱ་བའོ། །འོན་ཀྱང་དེ་མང་པོའི་ཚིག་གིས་བསྟན་པ་ནི་དེ་ལ་ཐ་དད་པ་མཚུངས་པ་ཉིད་དུ་རྟོགས་པར་བྱ་བའི་ཕྱིར་རོ། །ཐ་དད་པར་གྱུར་པ་དེ་གང་ལས་ཐ་དད་དེ་ཉིད་ནི་དེ་ལས་ཐ་དད་ཅེས་དེའི་སྒྲས་གཟུང་ བ་ཡིན་ནོ། །དེས་ན་དོན་འདི་ཡིན་ཏེ་གང་ལས་ཐ་དད་པར་གྱུར་པ་ཐ་དད་པ་དེ་ལས་ཐ་དད་པ་ལ་འགོད་པ་ཡིན་ནོ་ཞེས་བྱ་བའོ། །འདི་སྐད་བརྗོད་པ་ཡིན་ཏེ། ཤིང་མ་ཡིན་པ་ལས་ཐ་དད་པའི་ཤིང་ཤིང་མ་ཡིན་པ་ལས་བཟློག་ནས་དེའི་ཤིང་མ་ཡིན་པ་ལས་ཐ་དད་པ་ལ་ཤིང་གི་སྒྲ་དགོད་དོ་ཞེས་པ་ཡིན་ནོ། །འདིར་སྔོན་གྱི་འགྲེལ་ པ་བྱེད་པ་དགོད་པ་མི་ཤེས་པ་ཁོ་ནར་དྲང་པོ་མང་པོར་རློམ་པ་དག་ལྡོག་པ་ཉིད་དངོས་པོའི་ཆ་འགའ་ཞིག་རྟོགས་པ་ལ་བྱེད་པ་ཅི་སྟེ་མ་ཡིན་ན་གང་གིས་འདི་ལྟར་འཆད་པར་བྱེད་ཅེས་བྱ་བར་སེམས་པ་ལ། འདི་ལའང་ངོ་བོ་ཅུང་ཟད་མེད་ཅེས་སྨོས་སོ། །ཤིང་ལ་ཤིང་མ་ཡིན་མེད་པར་ཟད་ཀྱི་འགའ་ཞིག་ ཡོད་པ་ནི་མ་ཡིན་ནོ། །དེས་ན་གང་ཞིག་ཤིང་རྟོགས་པའི་ཁྱད་པར་དུ་འགྱུར་བའི་ཐ་དད་པ་དེ་ཅི་ཞིག་ཡིན། གལ་ཏེ་གང་ཐ་དད་པ་དེ་ཐ་དད་པའི་མཚམས་ལས་མ་བཟློག་པ་ཁོ་ནས་དེ་ལས་ཐ་དད་པ་ལ་སྒྲ་ཅི་སྟེ་མི་འགོད་ཅེ་ན། བཤད་པ། སྒྲ་རྣམས་ལས་དེ་རྟོགས་ཉིད་ན། །གཞན་བཟློག་རྟོགས་འགྱུར་ཞེས་བྱ་བ་སྟེ། སྒྲ་རྣམས་ཀྱིས་ཐ་དད་པ་རྟོགས་པ་ཉིད་ན་ཐ་དད་པར་གྱུར་པ་གཞན་ལས་ལྡོག་པ་རྟོགས་པར་འགྱུར་རོ། །དེ་ནི་གཉི་ག་ལ་བརྟེན་པའི་ཕྱིར་ཏེ། དེ་འདི་ལ་མེད་དོ་ཞེས་བྱ་བའི་དོན་ཉིད་ནི་འདི་དེ་ལ་མེད་དོ་ཞེས་མ་གྲུབ་པར་མི་རྟོགས་པའི་ཕྱིར་རོ། །འོ་ན་གཞན་བཟློག་པའི་ཤུགས་ཀྱིས་རྟོགས་པ་དེ་ཡང་ཁྱད་པར་དུ་འགྱུར་མོད་གང་གི་ ཕྱིར་ལྡོག་པའི་དོན་གཞན་གྱིས་ཁྱད་པར་དུ་བྱས་པ་ཞེས་བྱ་བ་ནི་སྒྲ་ཇི་ལྟ་བ་བཞིན་ནོ་ཞེ་ན། བཤད་པ་ཕན་ཚུན་མེད་པ་དེ་ལ་ནི་དངོས་པོ་མེད་པ་འགའ་ཞིག་ཁྱད་པར་དུ་བྱས་པ་ཤེས་པར་འགྱུར་བ་གཞན་ཞེས་བྱ་བ་ཐ་དད་པར་གྱུར་པ་འགའ་ཡང་མེད་དེ། རང་གི་བདག་ཉིད་ལ་ཤིང་མ་ཡིན་མེད་པ་དང་། གཞན་གྱིས་ བདག་ཉིད་ལ་ཤིང་མེད་པས་ཤིང་དང་ཤིང་མ་ཡིན་པ་དག་ཕན་ཚུན་མེད་པ་ན་ཤིང་ཁྱད་པར་དུ་བྱས་པ་རྟོགས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བདག་ཉིད་མེད་པ་ཉིད་བདག་ཉིད་ཀྱི་ཁྱད་པར་དུ་མ་གྲུབ་པའི་ཕྱིར་དང་། གཞན་མེད་པ་ཡང་བདག་ལ་ཡོད་པར་མ་གྲུབ་པའི་ཕྱིར་དང་། དགག་པ་བཀག་པའི་འགོག་པ་ སྒྲུབ་པ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་ཐ་དད་པར་རྟོགས་པ་ཉིད་ན་གཞན་ལ་ལྡོག་པ་རྟོགས་པའི་ཕྱིར་དེ་འདིར་ལྡོག་པ་ལ་འདི་ཡང་དེར་ལྡོག་གོ་ཞེས་སྒྲས་ལྡོག་པ་གཉི་ག་བརྗོད་པར་འགྱུར་རོ་ཞེ་ན། མ་ཡིན་ནོ་ཞེས་བཤད་པ་ནི། སྒྲ་གཉིས་བྱེད་པའང་མ་ཡིན་ཏེ། །ཞེས་བྱ་བའོ། །ཤིང་མ་ཡིན་པར་སྒྲོ་འདོགས་པ་ བསལ་བས་ཤིང་མ་ཡིན་པ་ལས་ཐ་དད་པར་འགྱུར་བའི་ཤིང་བརྗོད་པ་ཙམ་གྱི་སྒྲ་ལ་ནི་འདི་ཤུགས་ཀྱིས་ངེས་པར་བྱ་བ་ཡིན་ལ། དེ་གསལ་བར་བྱེད་པའི་ངེས་པར་གཟུང་བར་སྦྱར་བ་ལ་ནི་སྒྲ་ལས་བྱུང་བར་འགྱུར་རོ། །དེ་ལྟར་གང་ཞིག་གང་ལས་ཞེས་བྱ་བ་ནས་བརྩམས་ཏེ་འདིའི་མཐར་ཐུག་པར་ཅི་ལྟར་ཉེ་བར་ བཀོད་པའི་རང་བཞིན་གྱི་ཐ་དད་པ་དེ་ནི་དངོས་པོ་མེད་པ་ཡིན་ལ། ངོ་བོ་དང་ལྡན་པ་ཉིད་དུ་རྟོགས་པ་ནི་འཁྲུལ་པ་ཡིན་ནོ། །གལ་ཏེ་ཐ་དད་པའི་ངོ་བོ་དང་ལྡན་པར་མ་རྟོགས་པ་མ་ཡིན་ནམ། དེ་ལྟར་ཡང་། འདི་ལའང་ངོ་བོ་ཅུང་ཟད་མེད། །ཅེས་བཤད་པ་ཡིན་ནོ་ཞེ་ན། སྨྲས་པ་ཐ་དད་པར་གྱུར་པ་རྣམས་ཀྱི་མཚུངས་པར་སྣང་བའི་ རྣམ་པ་ནི་ཐ་དད་པ་ཡིན་པར་བརྗོད་དོ། །མཚུངས་པའི་རྣམ་པ་ཡང་ངོ་བོ་ཉིད་ཡིན་པའི་ཕྱིར་ཐ་དད་པར་གྱུར་པ་དེ་ཐ་དད་པར་གྱུར་པ་རྣམས་ལས་གཞན་མ་ཡིན་པར་བཤད་དོ། །དེ་ལ་ནི་ངོ་བོ་ཉིད་དུ་རྟོགས་པ་ཡོད་པ་དེས་ན་ངོ་བོ་མེད་པར་བཤད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དེ་ལྟར་ཞེས་བྱ་བས་ཇི་ལྟར་ཉེ་བར་བཀོད་པ་ཉེ་བར་ བསྟན་ནས་དངོས་པོ་མེད་པར་བཤད་དོ། །འདི་ལའང་ངོ་བོ་ཅུང་ཟད་མེད། །ཅེས་བྱ་བས་ནི་དངོས་པོ་གཞན་མེད་པ་ཙམ་གྱི་རང་བཞིན་ཉིད་ཀྱིས་ན་ལྡོག་པའི་ངོ་བོ་ཐ་དད་པ་ངོ་བོ་མེད་པར་བཤད་དོ། །གང་ཞིག་གང་ལ་ཞེས་བྱ་བ་ཚིག་ལེའུར་བྱས་པ་དང་པོའི་དོན་བཤད་པ་ནི་དགོད་པར་བྱ་བའི་སྒྲ་ཞེས་བྱ་བ་སྟེ་སྡེབ་སྦྱོར་ ཡང་དེ་ཉིད་ཡིན་ནོ། །གཞན་ཉིད་དུ་གྱུར་པ་བཟློག་པའི་ཕྱིར་སྒྲ་རྣམས་ལས་དེ་ཞེས་བྱ་བའི་ཚིགས་སུ་བཅད་པ་ཕྱེད་བཤད་པ་ནི་ལྡོག་པ་གཞན་འཕེན་པ་ཞེས་བྱ་བའོ། །དེ་ཉིད་ལྡོག་པ་གཞན་གྱིས་ནི། །ཞེས་བྱ་བ་བཤད་པ་ནི་དེ་ཉིད་ཅེས་བྱ་བའོ། །ཀྱང་གི་སྒྲས་བསྡུས་པ་སྟོན་པ་ནི་སྒྲས་ནི་ལྡོག་པ་གཞན་གྱི་ཞེས་བྱ་བའོ། །ཇི་ལྟར་ལྡོག་པ་ ཉིད་དོན་ཡིན་པ་ན་འདི་གཞན་ལ་ལྡོག་པར་བརྗོད་ཅེས་བྱ་བ་གཞུང་གཟུགས་པས་བཤད་པ་ནི་དེ་ནི་ཐ་དད་པ་དེ་ཞེས་བྱ་བ་སྟེ། བརྗོད་བྱར་གྱུར་པའི་ཐ་དད་པར་བརྗོད་པ་ན། བརྗོད་པར་བྱ་བ་ལས་གཞན་པའི་དོན་ལ་བརྗོད་པར་བྱ་བ་རྣམ་པར་གཅོད་པ་འཕེན་པ་ལྟ་བུར་འཇུག་གོ། །གཏན་ཚིགས་བཤད་པ། གཅིག་ལ་ ཡོད་པའི་ཞེས་བྱ་བ་ལ་སོགས་པའོ། །བརྗོད་པར་བྱ་བ་ཐ་དད་པ་དེ་ཉིད་ནི། ལྡོག་པ་དེས་ཞེས་བྱ་བ་བླ་ལྷག་ཏུ་གྱུར་པའི་ལྡོག་པ་དེས་རྟོགས་སོ་ཞེས་བརྗོད་པ་ཡིན་ནོ། །ཁྱད་པར་ཅན་མ་ཡིན་པ་དེ་ཁྱད་པར་དུ་བྱས་པར་ཇི་ལྟར་འགྱུར་ཞེ་ན། དེ་རྟོགས་པ་ནི་ཞེས་སྨོས་ཏེ་ཁྱད་པར་དང་འདྲ་བར་ངེས་པ་རྟོགས་པ་ཉིད་ རྟོགས་པར་བྱ་བའི་ཕྱིར་རོ། །འདི་ལ་ཁྱད་པར་དང་ཁྱད་པར་ཅན་ནི་མེད་དོ་ཞེས་སྟོན་པས་དེ་ལ་ནི་འགའ་ཡིས་ཁྱད་པར་དུ་བྱས་ཞེས་བྱ་བ་འཆད་པ་ནི། དོན་འགའ་ཞིག་ལ་ཞེས་བྱ་བའོ། །འདི་ལྟར་འདིར་ལྡོག་པ་ཁོང་དུ་ཆུད་པ་ནི་རྟོགས་པ་ཙམ་ཡིན་གྱི་ཁྱད་པར་གྱི་དངོས་པོ་ནི་མ་ཡིན་ནོ། །དེ་བརྗོད་པ་ནི་དབྱེ་བ་བྱ་ བ་གཉིས་ཀྱི་ཞེས་བྱ་བའོ། །སློབ་དཔོན་གྱིས་དེ་ལྟར་གསུངས་པ་ནི་དོན་འགའ་ཞིག་ལ་འཇུག་པའི་ཕྱིར་ཞེས་བྱ་བས་ཇི་ལྟར་སྦྱོར་བ་འབྲས་བུ་དང་བཅས་པར་བཤད་པ་དེ་ལྟར་བསྟན་པའི་དོན་དུ་ཡིན་ནོ་ཞེས་བརྗོད་པ་ནི། ཐ་དད་པ་གཅིག་བརྗོད་ན་ཡང་ཞེས་བྱ་བ་ལ་སོགས་པའོ། ། སྒྲ་གཉིས་བྱེད་པའང་མ་ཡིན་ཏེ། །ཞེས་བྱ་བ་བཤད་པ་ནི། དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་སྟེ། མེད་ན་མེད་པ་ཉིད་ཀྱིས་ན་རྟོགས་པ་ཡིན་པའི་ཕྱིར་རོ། །ཐ་དད་པ་གཉི་ག་ལ་ཡོད་པ་ཙམ་འབའ་ཞིག་གི་ཕྱིར་འདི་ལྟར་ཡིན་པར་ནི་མ་ཟད་ཀྱི། སྔར་བཤད་པའི་རྣམ་པས་ཀྱང་ཡིན་ནོ་ཞེས་བཤད་པ་ནི། ལྡོག་པ་མེད་པ་ཅན་གྱི་ཞེས་བྱ་བའོ། །ལྡོག་པ་མེད་པ་ཅན་གྱི་རྗེས་སུ་འགྲོ་བ་ཡང་མེད་ལ་ཞེས་བྱ་བ་ནི། བློ་འགའ་ཞིག་ལ་འཇུག་པ་ན། ཇི་ལྟར་ཉེ་བར་བསྟན་པ་གཞན་ལས་ལྡོག་པའི་ལྡོག་པས་སྟོང་པའོ། །རྗེས་སུ་འགྲོ་བ་མེད་པ་ཅན་གྱི་ལྡོག་པ་ཞེས་བྱ་བ་ནི་འགའ་ཞིག་ལས་ལྡོག་པ་ཡང་ འགའ་ཞིག་ལ་འཇུག་པ་སྟོང་པའོ། །གཏན་ཚིགས་བཤད་པ་ནི། གཅིག་ནི་རྗེས་སུ་འགྲོ་བ་ལ། །ཞེས་བྱ་བ་སྟེ་རྟོགས་པ་སྐྱེ་བ་ཙམ་ནི་སྒྲ་སྦྱོར་བ་དངོས་པོ་མ་ཡིན་པའི་ཕྱིར་རོ། །འགའ་ཞིག་ཏུ་འཇུག་པས་སྟོང་པའི་བློ་ལྡོག་པ་ཙམ་ཡང་མེད་པར་བཤད་པ་ནི་དེ་བཞིན་དུ་ཞེས་བྱ་བ་སྟེ། གཅིག་ཡོངས་སུ་སྤང་ བ་ལ་འགའ་ཞིག་ལ་གནས་པ་སྲིད་པ་ཉིད་མེད་པའི་རྒྱུ་མཚན་གྱིས་ན་རྗེས་སུ་འགྲོ་བ་མེད་པའི་ལྡོག་པ་མེད་དོ། །འདི་སྐད་དུ་འགའ་ཞིག་ལ་འཇུག་པ་མེད་པར་ནི་བློ་འགའ་ལས་ཀྱང་ལྡོག་པར་འགྱུར་བ་མ་ཡིན་པ་དེ་ལས་ལྡོག་པ་རྗེས་སུ་འགྲོ་བས་སྟོང་པར་ག་ལ་འགྱུར་ཞེས་བརྗོད་པ་ཡིན་ནོ། །དེས་ན་ གཞུང་འདི་ནི་དེ་ལྟར་བཤད་པར་བྱ་བ་ཡིན་ཏེ། འདི་ལ་ཚིག་གི་དོན་ཙམ་འཆད་པར་བྱེད་པ་རྣམས་ཀྱིས་ཡང་དག་པ་མ་ཡིན་པ་ནི་རྣམ་འགྲེལ་ཤེས་པ་རྣམས་ཀྱིས་ཤེས་པར་ཟད་དོ། །གང་ཡང་མ་ཡིན་པར་འཇུག་པས་ཤིང་གི་སྒྲའི་བརྗོད་པར་བྱ་བ་ཤིང་གི་དོན་ནི་ཐ་དད་པ་གཅིག་ཡིན་ལ། དེ་རྟོགས་པས་ཤུགས་ ཀྱིས་ངེས་པར་བྱ་བ་ཤིང་ལ་མེད་པར་བཀག་པའི་དངོས་མེད་ནི་ཐ་དད་པ་གཞན་ཡིན་ནོ་ཞེས་བརྗོད་པར་བྱ་བ་ཡིན། འཕང་བར་བྱ་བའི་ཐ་དད་པའི་རྣམ་པར་དབྱེ་བ་གཉིས་སྟོན་པ་གང་ཡིན་པ་དེ་ནི་མུ་སྟེགས་པའི་ལུགས་ཀྱི་རྗེས་སུ་འཇུག་པ་འདྲ་བས་སྙིང་པོ་མེད་དོ། །དེ་དག་གིས་ཀྱང་སྒྲུབ་པའི་ཤུགས་ཀྱིས་ འཕངས་པའི་ལྡོག་པ་ཁས་ལེན་པའི་ཕྱིར་རོ། །ཤིང་གི་ཚིག་གི་དོན་ནི་མ་ཡིན་པ་མ་ཡིན་ཏེ། བྲམ་ཟེ་མ་ཡིན་པ་ཞེས་བྱ་བ་ལྟར་དགག་པའི་དོན་གྱིས་རྣམ་པར་གཅད་པ་མ་རྟོགས་པའི་ཕྱིར་རོ། །ལྡོག་པ་ཞེས་བྱ་བ་ཙམ་ཉིད་ནི་མ་ཡིན་པར་མི་འགྱུར་ཏེ། མངོན་སུམ་ཡང་ཐ་དད་པའི་ཡུལ་ཅན་དུ་ཐལ་བའི་ཕྱིར་རོ། །ཤིང་རྟོགས་ པ་ཡིན་ཡང་མེད་པར་དགག་པ་གོ་བ་ཡིན་ན་དེ་ཉིད་སྒྲའི་དོན་དུ་འགྱུར་ལ་རག་མོད། སྒྲུབ་པ་དང་ཁྱད་པར་མེད་པ་གཞན་གྱིས་ཅི་བྱ། ངེས་པར་གཟུང་བ་ལས་བློ་འགའ་ཞིག་ལ་འཇུག་པ་དང་འགའ་ཞིག་ལས་ལྡོག་པ་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་ཡིན་ལ། དེ་ཇི་ལྟར་ཤིང་ལ་ཤིང་མ་ཡིན་ཙམ་གྱི་བདག་ཉིད་རྗེས་སུ་འགྲོ་ བ་དང་ལྡོག་པ་དག་ཏུ་འགྱུར། འདི་ཁོ་ན་ཤིང་ངོ་ཞེས་བྱ་བས་ནི་ཤིང་མ་ཡིན་ལས་ལྡོག་པ་ངེས་པ་མ་ཡིན་གྱི། འོན་ཀྱང་གཞན་མ་ཡིན་ནོ་ཞེས་བྱ་བར་རོ། །དེས་ན་གལ་ཏེ་འདིར་འདི་ལྟ་བུ་བརྗོད་པར་མི་འདོད་ན། གཅིག་ལ་ཡོད་པའི་ཐ་དད་པ་བརྗོད་ན་ཡང་ཞེས་ཅི་སྟེ་གསུངས། ཐ་དད་པ་གཅིག་བརྗོད་ན་ཡང་ཞེས་བརྗོད་པར་ བྱ་བར་འགྱུར་རོ། །དེ་བཞིན་དུ་དབྱེ་བར་བྱ་བ་གཉིས་ཀྱི་ཞེས་དབྱེ་བར་བྱ་བ་གཞན་བརྗོད་པ་གང་དུ་ཉེ་བར་མཁོ། ཡང་གང་དག་ཤིང་ཞེས་བྱ་རིགས་པ་ལས་ལྡོག་པའི་རང་བཞིན་ལ་གནས་པ་ཡིན་ཡང་ངེས་པར་གཟུང་བས་ལྡོག་པ་གཞན་སྒྲུབ་པའི་ཕྱིར་དང་ཤིང་གི་དོན་གྱི་ལྡོག་པའི་རང་བཞིན་ནི་ཐ་སྙད་བྱེད་པ་ པོ་དག་གིས་མ་རྟོགས་པས་ན་གཅིག་ཏུ་རྗེས་སུ་དཔག་པར་བྱ་བའི་རང་བཞིན་ཡིན་པའི་ཕྱིར་རྟོགས་བཞིན་པའི་ངེས་པར་གཟུང་བས་གོ་བའི་ལྡོག་པ་ནི་གཞན་ཁོ་ན་ཡིན་པ་དེས་ན་སེལ་བ་ཡང་བསལ་བ་གཞན་དང་ལྡན་པ་ཡིན་ནོ། །དེ་ལྟ་ན་ཤིང་ཞེས་བྱ་བས་རིགས་པ་དེ་ལྟར་གྲུབ་པ་མེད་པར་དགག་པ་ཁོ་ན་བརྗོད་ནས་སྒྲས་ ངེས་པར་བརྗོད་པར་བྱ་བ་ཡིན་པའི་ཕྱིར་ངེས་པར་གཟུང་བ་ལ་བརྟེན་པ་ན་གཞན་སེལ་བ་གཞན་དང་བྲལ་བ་ལ་སྒྲ་འཇུག་པར་སྨྲ་བ་དེའི་ངེས་པར་གཟུང་བའི་དོན་རྟོགས་པ་ཆད་པར་འགྱུར་ཏེ། དེ་ལ་ལྡོག་པ་རྟོགས་པ་མེད་པའི་ཕྱིར་སྔར་ཇི་སྐད་བཤད་པ་བཞིན་ནོ། །བརྡ་འགོད་པའི་དུས་ན་འདི་ཁོ་ན་ཤིང་ཡིན་ནོ་ཞེས་ངེས་པར་མ་ བྱས་པར་ནི་ངེས་པའི་དོན་ལ་སྒྲ་བཀོད་པར་མི་འགྱུར་རོ། །འདི་ཤིང་ཁོ་ནའོ་ཞེས་ངེས་པར་བྱེད་ན་གཞན་ལ་འཇུག་པ་མ་བཀག་པའི་ཕྱིར་ཏེ། འདི་ཡང་ཤིང་ཡིན་འདི་ཁོ་ན་ཞེས་བྱ་བ་ལ་སོགས་པ་གང་བཤད་པ་ཡིན་ནོ། །དེ་ལྟར་ལུང་གི་རྗེས་སུ་འབྲང་བར་རློམ་པ་དང་མཁས་པའི་ང་རྒྱལ་གྱིས་དོན་མེད་པའི་འཛིན་པ་ལ་འཆེལ་བས་ ཆོག་གོ། །དེ་ནི་དེ་ལྟར་དེ་ཞེས་བྱ་བ་བཤད་པ་ནི། ཐ་དད་པ་དེ་ཡང་ཞེས་བྱ་བའོ། །ཧ་ཅང་སྤྲོས་པར་ཐལ་བའི་ཕྱིར་འདིར་དེ་དང་དེར་ཚིག་གི་དོན་དགྲོལ་བ་ལ་ནི་མ་བསྒྲིབས་ཏེ། དོན་མ་ཉམས་པ་ཉིད་མཆོག་ཡིན་པའི་ཕྱིར་རོ། །འབད་པ་ཆེན་པོར་ཐོབ་པར་བྱ་བའི་ཚིག་གི་དོན་རྣམ་པར་དགྲོལ་བ་དག་གི་ཕྱོགས་ ཕྱེ་བ་ནི་དང་པོ་ཁོ་ནར་ཡིན་ནོ། །ཡང་ཅིའི་ཕྱིར་འདི་ལྟར་འཆད་ཀྱི། གང་གིས་འདི་ཇི་ལྟར་ཐོས་པ་བཞིན་འཆད་པར་འགྱུར་བ་ལྡོག་པ་ཐ་དད་པ་ཉིད་མ་ཡིན་པ་ཇི་ལྟར་ཞེ་ན། བཤད་པ། དེ་ལ་འང་ངོ་བོ་ཅུང་ཟད་མེད། །ཅེས་བྱ་བའི་གཏན་ཚིགས་དེའི་ཕྱིར་རོ། །དེ་ཉིད་ཕྱིར་འགྲེལ་པ་ནས་དོན་དམ་པ་ནི་ངོ་བོ་ཡིན་ནོ་ ཞེས་ངོ་བོ་ཉིད་ཀྱིས་དོན་དམ་པར་འཆད་པར་འགྱུར་གྱི། ངོ་བོ་ཉིད་དུ་མཐོང་བའི་བློས་བསླད་པ་ཉིད་ཀྱིས་ནི་མ་ཡིན་ནོ། །གང་གི་ཕྱིར་ཐ་དད་པ་ལ་ངོ་བོ་ཅུང་ཟད་མེད་པ་དེ་ཉིད་ཀྱི་ཕྱིར་དོན་དམ་མིན་ཏེ། དེས་ན་ཇི་ལྟར་འདི་ཁྱད་པར་དུ་འགྱུར། གང་ལ་ངོ་བོ་མེད་པ་དེ་ནི་ཡོད་དོ་ཞེས་བརྗོད་པར་མི་ནུས་ཏེ། ཅི་ཡང་མ་ཡིན་པའི་ ཕྱིར་རོ། །གང་ཞིག་ཅི་ཡང་མ་ཡིན་པའི་ཕྱིར་ཡོད་པ་མ་ཡིན་པ་དེ་གོ་ཇི་ལྟར་དངོས་པོའི་ཆ་རྟོགས་པ་ལ་རྣམ་པ་འགའ་ཞིག་ལྟར་ཐབས་སུ་འགྱུར། དངོས་པོ་མེད་དོ་ཞེས་བྱ་བར་ནི་འཐད་ཀྱི་དངོས་པོ་མེད་པ་ཡོད་དོ་ཞེས་བྱ་བར་ནི་མ་ཡིན་ནོ། །དེས་ན་འདི་དོན་དམ་པ་མ་ཡིན་ཏེ། དངོས་པོ་མེད་པ་ཞེས་བྱ་བའི་ཐ་དད་པ་ ནི་འགའ་ཡང་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་ཐ་དད་པ་མེད་ན་ཐམས་ཅད་གཅིག་ཉིད་དུ་འགྱུར་བ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ་ཁས་བླངས་པ་ཉིད་རྟོགས་པ་མ་ཡིན་པའི་ཕྱིར་རོ། །ཤིང་མ་ཡིན་ལ་ཤིང་མེད་དོ། །ཞེས་བྱ་བ་ནི་ཐ་དད་པ་ཡིན་པས་དེ་དེ་ལྟར་ཁས་ལེན་པ་ན་ཇི་ལྟར་དངོས་པོ་རྣམས་ཐ་མི་དད་པར་འགྱུར། དེ་ ཡོད་དོ་ཞེས་བྱ་བར་ནི་མི་ནུས་ཏེ། ཤིང་མ་ཡིན་ལ་ཤིང་མེད་དོ། །ཞེས་ཁས་བླངས་པ་ན། མེད་པ་ཞེས་བྱ་བ་ཅུང་ཞིག་ཁས་བླངས་པ་ནི་མ་ཡིན་ནོ། །འོན་ཏེ་རང་རང་གི་ངོ་བོ་ལ་གནས་པའི་དངོས་པོ་རྣམས་ཉིད་ཐ་དད་པ་ཡིན་ན། དེའི་ཚེ་དེ་དག་ཡོད་པ་ཁོ་ན་ཡིན་ན། རྣམ་པ་དེ་ལྟ་བུ་དེ་དག་ཡོད་པས་ན། གང་ཞིག་ཁྱད་པར་དུ་འགྱུར་ བའི་ལྡོག་པ་གཞན་ནི་མི་འགྲུབ་པོ། །དེས་ན་ཐ་དད་པའི་དངོས་པོ་མ་ཡིན་ནོ། །དོན་དམ་པ་ཡིན་ན་སྐྱོན་ཅི་ཡོད་ཅེ་ན། གཞན་དུ་ཞེས་སྨོས་ཏེ། གང་གི་ཕྱིར་ཐ་དད་པ་དོན་དམ་པ་ཡིན་ན། དངོས་པོ་ལས་ལྡོག་པ་དངོས་པོར་འགྱུར་ན། དེ་ལྟར་ཡང་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདི་འདི་ལ་ཞེས་སྨོས་སོ། །བསམ་པ་ནི་འདི་ ཡིན་ཏེ། གང་གིས་ན་དངོས་པོ་རྣམ་པ་སྣ་ཚོགས་ལ་བསྙོན་དུ་མེད་པའི་ཕྱིར་བུམ་པ་ལ་སོགས་པ་བཞིན། འདི་ཡང་འགྱུར་བ་ཐ་དད་པ་ཞེས་པ་རང་རྒྱུད་ཅན་ནི་འགའ་ཡང་ཡོད་པ་མ་ཡིན་ནོ། །ཐ་དད་པ་དང་ལྡན་པ་ལས་ནི་དངོས་པོ་དངོས་པོ་གཞན་ལས་ཐ་དད་པར་གྱུར་པར་བརྗོད་པར་བྱ་བ་ཡིན་ཏེ། དེས་ན་འདི་ཅུང་ཟད་ཀྱང་དངོས་པོར་ཡོད་པ་མ་ ཡིན་ནོ་ཞེས་སྨྲའོ། །དངོས་པོར་ཡོད་པ་ཡིན་ན། དངོས་པོ་གཞན་ལ་བསྙད་པར་བྱ་བ་འདི་ཐ་དད་པ་དང་ཐ་མི་དད་པ་ལས་མི་འདའ་བའི་ཕྱིར་འདི་འདི་ལས་ཐ་དད་ཅེས་བྱ་བར་མི་འགྱུར་རོ། །ཐ་མི་དད་པ་ཡིན་ན་ནི། དེ་གཅིག་གི་བདག་ཏུ་གྱུར་པའི་ཕྱིར་འདི་འདི་ལས་ཞེས་བྱ་བར་འཐད་པ་མ་ཡིན་ནོ། །གལ་ཏེ་འདི་གཉིས་ཀྱིས་ཐ་ དད་པ་ཡིན་ན། དེ་ལྟ་ན་འདི་འདི་ལས་ཞེས་བྱ་བར་འགྱུར་གྱི། གཅིག་གི་བདག་ཉིད་ཡིན་ན་ནི་དེ་གཞན་གྱི་མ་ཡིན་པའི་ཕྱིར་འདི་འདི་ལས་ཞེས་བྱ་བར་མི་རུང་ངོ་། །ཐ་དད་པ་ཡིན་ན་ཡང་དངོས་པོ་དེ་ལས་ལྡོག་པའི་ཕྱིར་ཐ་དད་པ་མེད་པས་ན་འདི་འདི་ལ་ཞེས་བྱ་བ་དེ་ཉིད་དུ་མི་འགྱུར་རོ། །གཉིས་ཀ་ལྟར་ཡང་དེ་དེ་ལྟར་འགྲེལ་ པ་ཉིད་དུ་གསལ་བར་འགྱུར་རོ། །བཤད་པའི་ཕྱིར། དོན་དམ་པ་ཞེས་སྨོས་ཏེ། དེ་ཉིད་ཕྱིར་ཞེས་བྱ་བས་ངོ་བོ་ཉིད་མེད་པ་ཉིད་དོན་དམ་པ་མ་ཡིན་པ་ཉིད་ཀྱི་གཏན་ཚིགས་སུ་བཤད་པ་དེ་འདི་ལྟར་སྒྲུབ་པ་ཡིན་ནོ། །དོན་དམ་པ་གང་ཡིན་པ་ནི་བདག་ཉིད་འགའ་ཞིག་དང་ལྡན་པ་ཡིན་ཏེ། དངོས་པོ་ཉིད་ཀྱི་ནི་ངོ་བོ་འགའ་ ཞིག་ཏུ་གྱུར་པ་ཁོ་ན་ཡིན་ནོ། །འོན་ཀྱང་དེ་ནི། དོན་དམ་དོན་བྱེད་ནུས་པ་གང་། །ཞེས་དོན་བྱེད་པ་ཉིད་ཀྱིས་ཉེ་བར་མཚོན་པར་ཟད་དེ། དེ་ཉིད་ནི་དེར་མི་འཁྲུལ་པའི་ཕྱིར་རོ། །དོན་དམ་པ་ཉིད་ནི་ངོ་བོ་ཉིད་ཡིན་ན་ཡིན་ལ། དེ་ལ་ཡང་ཐ་དད་པ་དང་ཐ་མི་དད་པ་ཉིད་ངེས་པ་ཡིན་ཞིང་དེ་དག་ཀྱང་མི་འཐད་པ་དེས་ན་ངོ་བོ་མེད་པའི་ ཕྱིར་དོན་དམ་པ་མ་ཡིན་ནོ་ཞེས་གཞན་དུ་ཞེས་བྱ་བས་བསྒྲུབས་ནས་དོན་དམ་པ་མ་ཡིན་པ་ཉིད་དུ་ཉེ་བར་སྡུད་པར་འགྱུར་རོ། །དེ་རྣམ་པ་གཞན་མི་སྲིད་པའི་ཕྱིར་རོ་ཞེས་བྱ་བ་ནི། དེ་ཞེས་བྱ་བའོ། །དོན་དམ་པར་ཡོད་པ་ནི། ཐ་དད་པར་གྱུར་པ་ཁོ་ན་ཡིན་ཏེ། ཐ་དད་པ་ནི་རང་རྒྱུད་དུ་དངོས་པོར་ཁས་མ་བླངས་ པའི་ཕྱིར་རོ། །དེས་ན་དོན་འདི་ཡིན་ཏེ། གལ་ཏེ་ཐ་དད་པ་རང་གི་བདག་ཉིད་ཀྱིས་ངོ་བོ་འགའ་ཞིག་ཡོད་པ་ཡིན་ན་ཐ་དད་པར་གྱུར་པ་ལས་དེ་ཉིད་དང་། གཞན་ཉིད་ལས་མི་འདའོ་ཞེས་བྱ་བའོ། །དེ་ཉིད་སེལ་བར་བྱེད་པ་ནི་དེའི་ངོ་བོ་ཡིན་ནོ་ཞེས་བྱ་བའོ། །གང་གི་ཚེ་དོན་དམ་པར་ཡོད་པའི་ཐ་དད་པར་གྱུར་པའི་ངོ་བོ་ཐ་དད་པ་ཡིན་ ན། དེའི་ཚེ་དེ་ཉིད་ཐ་དད་པ་ཡིན་པས་ཐ་དད་པ་དེ་ལས་གཞན་ཐ་དད་པར་མི་འགྱུར་རོ། །ཐ་དད་པ་ནི་གཉི་ག་ལ་བརྟེན་པ་ཡིན་ཏེ་ཕན་ཚུན་ལྟོས་པས་རྣམ་པར་གཞག་པའི་ཕྱིར་དེ་ལས་ཤིང་དང་ཤིང་མ་ཡིན་པ་དག་ཕན་ཚུན་ཐ་དད་པ་ཡིན་པའི་ཕྱིར་རོ། །གང་གི་ཚེ་ཐ་དད་པ་དེ་ཤིང་གི་བདག་ཉིད་ཡིན་པ་དེའི་ཚེ་ ཤིང་མ་ཡིན་པའི་ཅི་ཡང་མ་ཡིན་པའི་ཕྱིར་ཇི་ལྟར་དེ་གཉིས་ཐ་དད་པ་མེད་པ་ནི་དངོས་པོ་རྣམས་ཀྱི་ཐ་དད་པ་ཡིན་ནོ། །གང་གི་ཚེ་དེ་གཅིག་གི་ཡིན་ན། དེའི་ཚེ་ཟླ་བོ་མ་ཡིན་པས་ཇི་ལྟར་དེ་ཉིད་ཐ་དད་སྔོན་པོ་མ་ཡིན་པ་མེད་པ་ནི་སྔོན་པོའི་རང་བཞིན་ཡིན་ལ། སྔོན་པོ་མེད་པ་ནི་སྔོན་པོ་མ་ཡིན་པའི་རང་བཞིན་ཡིན་ནོ་ཞེ་ན། མ་ཡིན་ ཏེ་སྔོན་པོ་མ་ཡིན་པ་མེད་པ་སྔོན་པོའི་ངོ་བོ་ཡིན་ན། དེ་སྔོན་པོ་མ་ཡིན་པ་ལ་ལྟོས་ནས་ཐ་དད་པར་འཇོག་པ་མི་སྲིད་པའི་ཕྱིར་རོ། །དེ་ནི་སྔོན་པོའི་རང་བཞིན་ཡིན་པའི་ཕྱིར་སྔོན་པོ་མ་ཡིན་པ་དང་ཅིར་འོང་ན་གང་གིས་འདི་དེ་ལ་ལྟོས་ནས་ཐ་དད་པར་འགྱུར། སྔོན་པོ་མ་ཡིན་པ་མེད་དོ་ཞེ་ན། སྔོན་པོ་མ་ཡིན་པ་ནི་སྔོན་པོ་མ་ཡིན་ པ་ཁོ་ནར་ཟད་ལ། མེད་པ་ནི་དེ་ལས་གཞན་ཡིན་པའི་ཕྱིར་དེ་མེད་ཅེས་བྱ་བར་མི་འཐད་དོ། །དེ་བཞིན་དུ་སྔོན་པོ་མ་ཡིན་པ་ལ་སྔོན་པོ་མེད་པར་ཡང་རྟོགས་པར་བྱའོ། །དེ་ལྟ་ན་ཡང་གལ་ཏེ་མེད་པ་གཉིས་ཐ་དད་པར་འདོད་ན་དེ་ཕན་ཚུན་མེད་པ་ཡིན་པར་མི་འགྱུར་ཏེ། གཉིས་ཀྱི་མེད་པ་གཅིག་ཡིན་ན་ནི་ཕན་ཚུན་མེད་ པར་འགྱུར་རོ། །སྔོན་པོ་དང་སྔོན་པོ་མ་ཡིན་པ་དག་གི་མེད་པ་གཉིས་ནི་མ་ཡིན་ཏེ། རང་གི་ངོ་བོ་ལ་ཁྱད་པར་མེད་པའི་ཕྱིར་རོ། །དེའི་ཕྱིར་ཕན་ཚུན་ལྟོས་པའི་ཐ་དད་པ་གལ་ཏེ་གཅིག་གི་བདག་ཉིད་ཡིན་ན་གཞན་གྱིར་མི་འགྱུར་རོ། །གཅིག་གི་རང་གི་ངོ་བོ་གང་ཡིན་པ་དེ་ནི་གཞན་གྱི་མ་ཡིན་པའི་ཕྱིར་དེ་ལ་ལྟོས་ ནས་དེ་དེའི་མེད་པ་ཞེས་བྱ་བར་མི་འཐད་དེ། གལ་ཏེ་གཞན་གྱི་ངོ་བོ་ཡིན་པའི་ཕྱིར་འདི་དེའི་མ་ཡིན་ན་དེ་ལ་ལྟོས་ནས་ཞེས་བྱ་བར་བརྗོད་པ་འདིའི་དོན་ཅི་ཡིན་པར་འགྱུར། འདི་ལྟར་དེ་ནི་ཐ་དད་པར་བྱ་བ་ཉིད་ཀྱི་ངོ་བོ་ཡིན་གྱི་ཟླ་བོ་ནི་མ་ཡིན་ཏེ། དེ་ནི་དེ་ལས་གཞན་ཡིན་པའི་ཕྱིར་དང་། དེའི་རང་གི་ངོ་བོ་གཞན་གྱི་དངོས་པོ་ ཡིན་པར་མི་སྲིད་པའི་ཕྱིར་རོ། །དེ་བཤད་པ་ནི། དེའི་ཞེས་བྱ་བ་སྟེ། སྔོན་པོ་དེའི་ངོ་བོ་སྔོན་པོ་མ་ཡིན་པ་ལས་ཐ་དད་པ་ནི་གཞན་སྔོན་པོ་མ་ཡིན་པའི་ཡིན་པར་མི་འགྱུར་རོ། །འོ་ན་ནི་གཅིག་ལ་གཅིག་མེད་པ་ཐ་དད་པར་གྱུར་པ་ཁོ་ན་ཐ་དད་པར་གྱུར་པ་གཉིས་ཀྱི་ཐ་དད་པ་ཡིན་ནོ་ཞེ་ན། ཐ་དད་པའི་ངོ་བོ་ཉིད་མ་ཡིན་ལ་ཞེས་ སྨོས་ཏེ། ཐ་དད་པར་གྱུར་པ་དེ་ཉིད་ནི་ཐ་དད་པའི་ངོ་བོ་མ་ཡིན་ལ། ཐ་དད་པའི་ངོ་བོ་ཡང་ཡིན་ཏེ། དེ་བས་ན་ཐ་དད་པ་ངོ་བོ་གཞན་ཉིད་དུ་འགྱུར་རོ། །ཐ་དད་པར་གྱུར་པ་དག་ལས་ཐ་དད་པར་གྱུར་པ་ཁོ་ནར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་གྱུར་ན་སྐྱོན་ཅི་ཡོད་ཅེ་ན། དེས་ན་ཞེས་སྨོས་ཏེ་དངོས་པོ་ཐ་དད་ པ་དེ་ལས་ལྡོག་པར་འགྱུར་རོ། །གལ་ཏེ་ཤིང་ཤིང་མ་ཡིན་ལས་ལྡོག་པ་ལས་མ་ལོག་ན་ནི། དེ་ལས་ཐ་དད་པར་གྱུར་པ་ཉིད་མ་ཡིན་པར་འགྱུར་རོ། །དེ་ལ་ཡང་སྐྱོན་ཅི་ཡོད་ཅེ་ན། དེའི་ཕྱིར་ཞེས་སྨོས་ཏེ། འདི་ལས་ཞེས་བྱ་བ་ཤིང་མ་ཡིན་ལས་ཤིང་འདི་ཐ་དད་དོ་ཞེས་བྱ་བར་མི་འགྱུར་ཏེ། ཤིང་མ་ཡིན་ཉིད་དུ་ཐལ་ བའི་ཕྱིར་རོ། །དེ་བསྟན་པ་ནི། གང་ཞིག་ཅེས་བྱ་བ་སྟེ། གང་ཞིག་གང་ལས་ཐ་དད་པ་ལས་ལྡོག་པ་སྟེ། གང་མེད་པ་ལས་ལོག་པ་དེ་ལ་མེད་པའི་ཕྱིར་དེ་ནི་དེ་ཉིད་དུ་འགྱུར་རོ། །ཤིང་ནི་ཤིང་མ་ཡིན་མེད་པས་སྟོང་པའི་ཕྱིར་ཤིང་མ་ཡིན་པ་ཁོ་ནར་འགྱུར་རོ། །ཤིང་མ་ཡིན་མེད་པ་མེད་པ་ནི། དེ་མེད་པས་སྟོང་པ་ཡིན་པའི་ཕྱིར་ ཤིང་ནི་ཤིང་མ་ཡིན་པ་ཁོ་ནར་འགྱུར་བ་དེས་ན་ཇི་ལྟར་ཤིང་མ་ཡིན་ཉིད་ཤིང་མ་ཡིན་ལས་ཐ་དད་པར་འགྱུར་རོ། །རྣམ་པ་གཞན་གྱི་སྒོ་ནས་ཀྱང་འདི་འདི་ལས་ཐ་དད་ཅེས་བྱ་བ་ཐ་དད་པའི་ཕྱོགས་ལ་སྦྱོར་བ་ནི་ལྡོག་པ་དངོས་པོ་ཡིན་ན། འདི་འདི་ལས་ཐ་དད་དོ་ཞེས་བྱ་བར་མི་འཐད་དེ། འབྲེལ་པ་མེད་པའི་ཕྱིར་ རོ། །ཤིང་གི་ཤིང་མ་ཡིན་པ་ལས་ཐ་དད་པ་ཞེས་བྱ་བར་ཐ་དད་པ་རྟོགས་པ་ཡིན་ན། ཐ་དད་པ་དེ་ནི་དེ་ལྟར་ཤིང་གི་ཡིན་པར་མི་འགྱུར་རོ། །འབྲེལ་པ་ཡིན་ན་ཡང་གཞན་མི་སྲིད་པའི་ཕྱིར་རྒྱུ་དང་འབྲས་བུའི་དངོས་པོ་ཉིད་ཡིན་ནོ། །དེ་ལྟ་ན་ཡང་འབྲས་བུ་ཉིད་ཁོ་ནར་འགྱུར་གྱི་ཐ་དད་པར་ནི་མ་ཡིན་ཏེ། ཧ་ཅང་ཐལ་བའི་ ཕྱིར་རོ་ཞེས་བཤད་པ་ནི། འབྲེལ་པ་ཡོད་པ་ཡིན་ན་ཡང་ཞེས་བྱ་བའོ། །ཐ་དད་པ་ཐ་དད་དུ་གྱུར་པ་དེ་ཉིད་ལ་ཉེས་པ་གཞན་ཡང་སྟོན་པས་འདི་ཉིད་ལས། ཐ་དད་ཅེ་ན་བརྗོད་ཕྱིར་རོ། །ཞེས་བྱ་བ་སྦྱོར་བར་བྱེད་པ་ནི་ཐ་དད་པ་ཞེས་བྱ་བའོ། །ཐ་དད་པ་ཐ་དད་པར་གྱུར་པ་ལས་གཞན་ཉིད་ཡིན་ན། ཐ་དད་པ་འདི་གང་ལ་ལྟོས་ ནས་འདི་རང་བཞིན་གཞན་ཉིད་ཡིན་པ་དེ་ལས་ཀྱང་ངོ་། །དེ་ཡང་ཐ་དད་པར་གྱུར་པ་ཁོ་ན་ཡིན་པས་ཐ་དད་པར་གྱུར་པ་ལས་ཐ་དད་དོ། །དེས་ན་ཐ་དད་པ་དེ་ཐ་དད་པར་མི་འགྱུར་རོ། །གང་གི་ཚེ་ཐ་དད་པར་གྱུར་པ་ལས་ཐ་དད་པ་ཐ་དད་པར་གྱུར་ན། དེའི་ཚེ་ཐ་དད་པར་གྱུར་པ་ལ་ཡང་ཐ་དད་པ་ལས་ཐ་དད་པ་ཡོད་པ་ཁོ་ན་སྟེ། དེས་ན་ཐ་དད་པའི་ཐ་དད་པ་ཉིད་ཉམས་སོ། །ཅིའི་ཕྱིར་ཞེ་ན། ཐ་དད་པའི་ཁྱད་པར་ཡིན་པའི་ཕྱིར་ཟླ་བོའི་གཞན་བཞིན་ནོ། །འདི་ལྟར་ཤིང་ཤིང་མ་ཡིན་ལས་ཐ་དད་པ་ཞེས་བྱ་བ་འདི་ལ་ཐ་དད་པའི་ཁྱད་པར་ཉིད་དུ་གྱུར་པའི་ཤིང་མ་ཡིན་ནི་ཤིང་གི་ཐ་དད་པ་མ་ཡིན་པ་དེ་བཞིན་དུ་ཤིང་མ་ཡིན་ལས་ཐ་དད་པ་ཡང་ དེའི་ཐ་དད་པ་ཡིན་པར་མི་འགྱུར་ཏེ། ཤིང་མ་ཡིན་པ་ལས་བཞིན་དུ་དེ་ལས་ཀྱང་འདི་ཐ་དད་པའི་ཕྱིར་རོ། །ཐ་དད་པ་ལས་ཐ་དད་པ་ལ་ཐ་དད་པ་ཡང་ཁྱད་པར་ཡིན་པ་དེས་ན་ཐ་དད་པ་མ་ཡིན་པ་ཉིད་དོ། །དེ་བཤད་པ་ནི་འདི་འདི་ལས་ཞེས་བྱ་བའོ། །ཐ་དད་པར་གྱུར་པ་འདི་ཐ་དད་པ་འདི་ལས་ཐ་དད་པ་ཡིན་ནོ་ཞེས་བསྟན་པར་ བྱ་བ་ཡིན་ན་ཁྱད་པར་དུ་བྱེད་པ་མ་ཡིན་པ་ཉིད་ཀྱང་ཁྱད་པར་མ་ཡིན་པའི་ཕྱིར་ཁྱད་པར་བསྟན་པ་འདི་ལ་ཁྱད་པར་ཉིད་དུ་ཁྱད་པར་དུ་བྱེད་པ་ཡིན་ཏེ། དཔེར་ན་ཤིང་མ་ཡིན་ལས་ཐ་དད་པར་བསྟན་པ་ལ་ཤིང་མ་ཡིན་པ་བཞིན་ནོ། །གལ་ཏེ་ཡང་ཐ་དད་པ་ཐ་དད་པའི་ཁྱད་པར་དེ་ཐ་དད་པའི་འབྱེད་མཚམས་མ་ཡིན་ན། དེའི་ཚེ་ འགའ་ཞིག་གང་ལས