Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 182
Văn bản gốc(Tây Tạng)
Trang 18 / 26 (50.000 ký tự/trang)
ྤངས་ནས་སོ། །མ་རིག་པའི་མཐུ་ལས་ཞེས་བྱ་བ་ནི་ལན་ནོ། །མ་རིག་པ་ནི་རྣམ་པར་རྟོག་པའི་བག་ཆགས་ཏེ་དེའི་མཐུ་ལས་འབྱུང་བའི་ཕྱིར་རོ། །དེ་མེད་ན་རྣམ་པར་རྟོག་པ་ཉིད་དུ་མི་འགྱུར་བའི་ཕྱིར་རྣམ་པར་རྟོག་པ་མེད་པའི་ཤེས་པ་ཉིད་ཡིན་པ་ དེས་ན་སྤྱིར་ཞེན་པར་ག་ལ་འགྱུར། རྣམ་པར་རྟོག་པའི་བག་ཆགས་ལ་བརྟེན་པ་ཡིན་ན་དེ་ཇི་ལྟ་བ་བཞིན་རྣམ་པར་རྟོག་པར་འགྱུར་རོ། །གལ་ཏེ་གང་གིས་རིག་པ་ལས་རྣམ་པར་རྟོག་པར་འགྱུར་བ་དམིགས་པ་མེད་ཀྱང་རྣམ་པར་རྟོག་པ་སྔ་མ་འཇུག་པའི་རྗེས་སུ་བྱེད་པའི་རྣམ་པར་ཤེས་པ་ ཐོག་མ་མེད་པ་ནས་རྒྱུ་འཇུག་པ་ཡིན་ནོ་ཞེས་བྱ་བ་འདི་གང་དུ་རྟོགས། ཤེས་པ་ཐམས་ཅད་ནི་དམིགས་པ་ལ་བརྟེན་པ་ཁོ་ན་ཡིན་མོད་ཀྱི་འོན་ཀྱང་དེ་ལ་ཆོས་མཐུན་པ་ལ་སོགས་པས་འཁྲུལ་པར་འགྱུར་བ་ཡིན་ཏེ། ཆུ་ལ་སོགས་པར་ཤེས་པ་བཞིན་ནོ་ཞེས་དོགས་པ་ལ། ཕྱི་རོལ་ གྱི་དོན་ཁོ་ན་ལ་ཞེས་སྨོས་སོ། །དཔེར་ན་སྒྲ་ལ་སོགས་པར་བསླད་པ་རྣམས་དམིགས་པ་ལ་བརྟེན་པའི་ཁྱད་པར་མེད་ཀྱང་ནང་གི་རབ་རིབ་ལ་སྐྱེ་བ་དེ་བཞིན་དུ་འདི་དག་མི་རིག་པའི་མཚན་ཉིད་ནང་གི་ཁྱད་པར་ཁོ་ན་ལས་སྐྱེ་བར་འགྱུར་ན་ཅི་འགལ་སྒྲུབ་པར་བྱེད་པ་མེད་པ་མ་ཡིན་ནམ་ ཞེ་ན། ཇི་ལྟར་མེད་དེ་བདེན་པའི་དམིགས་པ་བཀག་པ་ན་རྣམ་པར་རྟོག་པ་སྔར་གྱི་ཤེས་པའི་རྗེས་སུ་བྱེད་པ་ཉིད་ཀྱིས་སྐྱེ་བ་འགྲུབ་པའི་ཕྱིར་རོ། །དམིགས་པ་མེད་ཀྱང་རྣམ་པར་ཤེས་པ་ཤེས་པ་སྔ་མའི་རྗེས་སུ་བྱེད་པར་སྐྱེ་བ་སྲིད་ན། མིག་ལ་སོགས་པའི་ཤེས་པ་ཡང་རྣམ་ པ་འདི་ཉིད་དུ་འགྱུར་མོད། ཡུལ་དང་དབང་པོ་དང་ཡིད་ལ་བྱེད་པ་ལས་སྐྱེས་པས་ཅི་བྱ་ཞེས་སྟོན་པ་ནི། མ་རིག་པ་ལས་བྱུང་བའི་ཕྱིར་ཞེས་བྱ་བ་ཡིན་ནོ། །དེ་སྤོང་བ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །རྣམ་པར་རྟོག་པ་རྣམས་ཀྱི་དམིགས་པ་བཀག་པ་རྣམ་པར་རྟོག་པའི་བག་ཆགས་རྒྱུ་ཉིད་ དུ་རྟོག་པའི་ཕྱིར་རྣམ་པར་རྟོག་པའི་བག་ཆགས་ཉིད་མ་རིག་པར་རྟོགས་པ་ཡིན་ནོ། །དེས་ན་དབང་པོའི་ཤེས་པ་རྣམ་པར་རྟོག་པའི་བག་ཆགས་ལས་སྐྱེ་བ་ཡིན་ན། དེ་རྣམ་པར་རྟོག་པར་འགྱུར་བ་ཁོ་ན་ཞིག་ན། རྣམ་པར་རྟོག་པ་མེད་པའི་ཕྱིར་འདི་དག་མ་རིག་པ་ལས་བྱུང་བ་མ་ ཡིན་པ་དེས་ན་བསླད་པ་ཉིད་དོ། །རྣམ་པར་རྟོག་པ་ཉིད་མ་རིག་པ་ཡིན་ཏེ་ཞེས་བྱ་བ་ནི་རྣམ་པར་རྟོག་པའི་བག་ཆགས་ཉིད་ལ་རྣམ་པར་རྟོག་པར་བརྗོད་པ་ཡིན་ནོ། །འོ་ན་ནི་དབང་པོའི་རྣམ་པར་ཤེས་པ་རྣམས་ཀྱང་རྡུལ་ཕྲ་མོ་དང་རགས་པའི་རྣམ་པར་རྟོག་པ་མི་ཟད་པས་ དམིགས་པ་མེད་པས་ན་བག་ཆགས་ལ་བརྟེན་པར་འགྱུར་རོ་ཞེས་དོགས་པ་བསུ་ནས་ཡང་ན་ཞེས་སྨོས་སོ། །གལ་ཏེ་དབང་པོའི་ཤེས་པ་རྣམས་མ་བསླད་པའི་བདག་ཉིད་ཡིན་ན་དེའི་ཚེ་དེ་དག་ལ་ཐལ་བ་འདི་སྐྱོན་དུ་འགྱུར་བ་ཞིག་ན་ཁས་བླངས་ན་ནི་འདི་ཐལ་བ་མ་ཡིན་པས་སྐྱོན་མེད་དོ། །སྐྱོན་ མེད་པ་ཉིད་བཤད་པ་ནི། གཉིས་མེད་པ་ལ་ཞེས་བྱ་བའོ། །དངོས་སུ་ན་ནི་འདི་ཤེས་པ་ཙམ་ཡིན་མོད་ཀྱི་འཁྲུལ་པའི་དབང་གིས་སྔོན་པོ་ཤེས་པའི་རང་བཞིན་དུ་སྣང་ངོ་། །སྔོན་པོ་དང་སྔོན་པོ་མ་ཡིན་པ་དག་ལ་སོགས་པ་དག་སྲིད་པ་ཡིན་ན་ནི་དངོས་པོ་ཁོ་ན་ལ་འདི་དག་སྔོན་པོ་ཤེས་པའི་ རང་བཞིན་དུ་འགྱུར་བས་གཉིས་མེད་པ་མ་ཡིན་ཏེ་སྔོན་པོའི་རྣམ་པ་ཡང་དེ་ལ་དོན་དམ་ཡིན་པའི་ཕྱིར་རོ། །དེ་མེད་ན་ནི་གཉིས་མེད་པ་ཉིད་དོ། །གལ་ཏེ་མིག་ལ་སོགས་པའི་ཤེས་པ་རྣམས་བསླད་པ་ཉིད་ནི་ཇི་ལྟར་ཚད་མའི་ནང་དུ་བགྲང་བར་བྱེད་ཅེ་ན། ཐམས་ཅད་བསླད་པ་ཉིད་ཡིན་ཡང་ ཞེས་སྨོས་སོ། །གལ་ཏེ་རྣམ་པར་ཤེས་པ་ཐམས་ཅད་རྣམ་པར་བསླད་པ་ཁོ་ན་ཡིན་པ་དེ་ལྟ་ན་ཡང་ཚད་མ་དང་དེར་སྣང་བའི་རྣམ་པར་གཞག་པ་ཡོད་པ་ཁོ་ན་སྟེ། དེས་ན་འདི་དག་ཚད་མའི་ནང་དུ་བགྲང་བར་རིགས་པ་ཡིན་ནོ། །ཇི་ལྟར་རྣམ་པར་བསླད་པ་ཉིད་ལ་ཚད་མ་དང་དེར་སྣང་ བ་རྣམ་པར་གཞག་ཅེ་ན། བཤད་པ་ཇི་སྲིད་གནས་ཏེ་བག་ཆགས་ཞེས་བྱ་བ་གཉིས་སུ་སྣང་བའི་རྒྱུར་གྱུར་པ་ལོག་པའི་མཐར་ཐུག་པར་དོན་བྱ་བར་རུང་བར་མངོན་པར་འདོད་པ་ལ་མི་སླུ་བའི་ཕྱིར་ཏེ། དོན་བྱ་བ་གནས་པའི་ཕྱིར་རོ། །འདི་ལྟར་གལ་ཏེ་རྣམ་པར་ཤེས་པ་ཐམས་ཅད་ བསླད་པ་ཉིད་ཡིན་པ་དེ་ལྟ་ན་ཡང་ཇི་སྲིད་གཉིས་ཀྱི་བག་ཆགས་ལས་མ་འདས་པ་དེ་སྲིད་དུ་རུང་བར་མངོན་པར་འདོད་པ་མེའི་དོན་བྱ་བ་བཙོ་བ་དང་། སྲེག་པ་དང་། ཟས་ཟོས་པས་སྐྱེད་པ་བྲུ་བས་གདུངས་པ་ཉེ་བར་ཞི་བ་ཡོད་པ་ཡིན་ནོ། །དེས་ན་རྣམ་པ་འདི་ལྟ་བུའི་རྣམ་པར་ཤེས་ པ་ནི་ཚད་མ་ཡིན་ནོ། །འདི་ལྟར་མེ་ལ་སོགས་པའི་ཤེས་པ་རྒྱུན་དུ་འབྱུང་བ་ན་བཀྲེས་པའི་སྡུག་བསྔལ་ལོག་པའི་བདག་ཉིད་ཀྱི་རྣམ་པར་རིག་པ་འབྱུང་བ་ཡིན་ནོ། །ཚད་མ་ལས་གཞན་ནི་ཚད་མ་ཡིན་པའི་ཕྱིར་འདི་ལྟ་བུའི་མཚན་ཉིད་ཅན་ཚད་མ་ཡིན་པ་ན། གང་དུ་མེ་ལ་སོགས་པའི་ ཤེས་པ་རྣམས་ཀྱི་རྒྱུན་རྣམ་པ་འདི་ལྟར་ཀུན་དུ་སྤྱོད་པ་མེད་པ་དེ་ལས་གཞན་ནི་བཟློག་པ་ཚད་མ་མ་ཡིན་ནོ། །དེས་ན་འདི་ན་འཇིག་རྟེན་པའི་མངོན་སུམ་དང་མངོན་སུམ་མ་ཡིན་པའི་ཐུན་མོང་གི་མཚན་ཉིད་ཡིན་ནོ། །ཡང་ཅིའི་དོན་དུ་འདི་རྣམ་པར་གཞག་ཅེ་ན། ལོག་པ་ཉིད་ཡིན་ཡང་ ཞེས་སྨོས་སོ། །ལོག་པས་བྱས་པ་ཡང་འགའ་ཞིག་ཏུ་ཡན་ལག་ཉིད་དུ་འགྱུར་བ་ཡིན་ཏེ། དཔེར་ན་བུད་མེད་ཀྱི་ཁྱད་པར་མར་འདུ་ཤེས་པའི་ཡུལ་ཅན་རབ་ཏུ་ཞི་བའི་ཡན་ལག་བཞིན་ནོ། །དེ་བཞིན་དུ་ཚད་མ་དང་དེར་སྣང་བ་རྣམ་པར་གཞག་པ་འདི་དམིགས་པ་མེད་པ་ཡིན་ཡང་ཚད་མ་ དང་ཚད་མ་མ་ཡིན་པ་བསྒྲུབ་པའི་དགོས་པའི་ཡན་ལག་ཏུ་འགྱུར་བ་ཡིན་ནོ། །མ་ལ་ངོ་བོ་ཉིད་ཀྱི་སྒྲུབ་པའི་རབ་ཏུ་ཞི་བ་གང་ཡིན་པ་དེ་ནི་དེ་ལྟར་མངོན་པར་ཞེན་པ་བྱས་པས་གཞན་ལ་ཡང་འགྲུབ་པ་དེ་ཁོ་ནའོ། །དེ་བཞིན་དུ་ཚད་མ་མ་ཡིན་ཡང་དེ་ལྟར་རྣམ་པར་གཞག་པ་ནི་ཚད་མས་བྱས་པའི་ ཡན་ལག་ཉིད་དུ་འགྱུར་བ་ཡིན་ཏེ། གཅིག་ལ་ནི་བག་ཆགས་བརྟན་པའི་ཕྱིར་དང་། གཞན་ལ་ནི་དེ་མེད་པའི་ཕྱིར་རོ། །རྣམ་པར་རིག་པར་སྨྲ་བ་ནི་འཇིག་རྟེན་པའི་ཚད་མ་དང་། ཚད་མ་མ་ཡིན་པའི་རང་བཞིན་དཔྱད་པ་ན། བག་ཆགས་བརྟན་པ་དང་མི་བརྟན་པ་ཙམ་རྒྱུ་མཚན་དུ་ ཉེ་བར་ལེན་ཏོ། །རང་ཉིད་རྣམ་པར་རིག་པ་ཙམ་དང་བདག་མེད་པ་ལ་སོགས་པའི་དངོས་པོ་རྣམ་པར་འཇོག་པ་ནི་དངོས་པོ་ཡུལ་ཅན་རྗེས་སུ་དཔག་པའི་ཚད་མས་འཇོག་ལ། ཆོས་ཅན་ནི་རང་རིག་པའི་མངོན་སུམ་གྱིས་སོ། །སྨིག་རྒྱུ་ལ་ཆུར་ཞེན་པ་འཁྲུལ་པར་ཁྱད་པར་མེད་ཀྱང་མི་ འདྲ་བར་བསྟན་པའི་ཕྱིར། སྨིག་རྒྱུ་དང་ཞེས་སྨོས་སོ། །སྨིག་རྒྱུ་ཆུ་ལས་ལོག་པ་ཡིན་ན། ཆུ་ཆུ་གཞན་ལས་ལོག་པ་ཡིན་ནོ། །དེས་སྨིག་རྒྱུ་དང་ཆུ་ལ་ཆུར་ཞེན་པ་ནི་ཆུ་ལས་ཐ་དད་པའི་དངོས་པོ་ལ་འབྱུང་བ་ཡིན་པ་དེས་ན་དངོས་པོ་ཐ་དད་པ་ལས་སྐྱེས་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ འདི་ནི་འཁྲུལ་པར་ཁྱད་པར་མེད་པ་ཡིན་ནོ། །དེ་ལྟ་མོད་ཀྱི་ཆུ་ལས་སྐྱེས་པའི་ཆུར་ཤེས་པ་ནི་མི་བསླུ་ལ་གཞན་ནི་མ་ཡིན་ནོ། །ཆུ་ཉིད་ལ་ཆུར་ཤེས་པ་སྐྱེས་པ་ན་ཇི་ལྟར་འཁྲུལ་པ་ཉིད་ཡིན་ཞེ་ན། གཞན་ཡིན་ཡང་ཆུ་ཉིད་དུ་ངེས་པའི་ཕྱིར་རོ། །གལ་ཏེ་ ཆུའི་རྣམ་པར་རྟོག་པ་ཆུའི་འབྲས་བུར་རུང་བས་བསྐྱེད་བྱ་ཡིན་ན་མི་རུང་བ་ལས་ཇི་ལྟར་འགྱུར། དེ་སྟེ་མི་རུང་བས་བསྐྱེད་པར་བྱ་བ་ཡིན་ན་རུང་བ་ལ་མི་འགྱུར་རོ། །གཅིག་ཉིད་རིགས་མཐུན་པ་དག་ལས་སྐྱེ་བ་ངེས་པར་ཁས་བླང་བ་ནི་མི་རུང་ངོ་ཞེས་བྱ་བ་དེ་སྨོས་པ་ནི། གལ་ ཏེ་མི་རུང་བ་ལས་ཞེས་བྱ་བའོ། །རུང་བ་ལས་སྐྱེ་བ་ལ་ལྟོས་ནས་མི་རུང་བ་ལས་སྐྱེ་བ་ལ་བརྩད་པ་ནི་ཉེ་བར་མཚོན་པ་སྟེ། དེ་བཞིན་དུ་མི་རུང་བ་ལ་བརྟེན་ནས་ཀྱང་རྟོགས་པར་བྱའོ། །དོགས་པ་འདི་བསུ་ནས་བཤད་པ་ནི་རྣམ་པར་རྟོག་པ་རྣམས་ནི་ཞེས་བྱ་བ་ཡིན་ནོ། །འདི་སྐད་ བརྗོད་པ་ཡིན་ཏེ། གལ་ཏེ་འདི་དག་རུང་བའམ་མི་རུང་བ་ལས་སྐྱེ་བ་ཡིན་ན་འདི་གཉི་ག་ལྟར་ངེས་པ་མ་ཡིན་ནོ་ཞེས་བྱ་བ་ནི་བདེན་པ་ཞིག་ན་འདི་དག་ནི་དོན་ལས་སྐྱེ་བ་མེད་པ་ཉིད་དོ། །ཇི་ལྟ་ཞེ་ན་རྣམ་པར་རྟོག་པ་རྣམས་ནི་དོན་ཇི་ལྟ་བ་བཞིན་ཞེས་སྨོས་ཏེ། གལ་ཏེ་འདི་དག་དོན་ དང་འབྲེལ་པ་ཡིན་ན་དོན་ཇི་ལྟ་བ་བཞིན་ཁོ་ནར་འགྱུར་ཏེ་མངོན་སུམ་བཞིན་ནོ། །དེ་ནི་དོན་གསལ་བའི་རང་བཞིན་གྱིས་ན་དོན་དང་འབྲེལ་པ་ཡིན་ནོ། །རྣམ་པར་རྟོག་པ་ནི་དེ་ལྟ་མ་ཡིན་ཏེ། དེས་ན་འདི་ནི་དོན་དང་འབྲེལ་པ་ངེས་པ་ཡོད་པ་མ་ཡིན་ནོ། །འོ་ན་ཇི་ལྟར་རུང་བ་དང་མི་ རུང་བ་ལས་སྐྱེ་ཞེས་བཤད་ཅེ་ན། ཕྱིར་བཤད་པ་ནི་སྨིག་རྒྱུ་མཐོང་བ་ཡོད་ན་ཞེས་བྱ་བའོ། །སྨིག་རྒྱུ་མཐོང་བ་ལས་ཆུར་འཁྲུལ་པའི་ཕྱིར་སྨིག་རྒྱུ་ལས་སྐྱེས་ཞེས་བྱ་བའི་དོན་དང་འབྲེལ་པའི་ཕྱིར་ནི་མ་ཡིན་ནོ་ཞེས་བཤད་པ་ནི་ཆུ་མ་ཡིན་པ་དང་བྲལ་བའི་དོན་ཅེས་བྱའོ། །དོན་དང་ འབྲེལ་པ་ཡིན་ན་དོན་གསལ་བའི་རང་བཞིན་དུ་དོན་ལས་སྐྱེ་བར་འགྱུར་བ་དེ་ལྟ་ན་ཡང་ཆུ་མ་ཡིན་པ་ལས་ལོག་པའི་དོན་གྱིས་རང་གི་རྣམ་པར་གཞག་པས་དོན་གསལ་བར་འགྱུར་བ་དོན་གྱིས་བསྐྱེད་པར་འགྱུར་ན་དེ་ནི་ཡོད་པ་མ་ཡིན་ནོ། །གལ་ཏེ་འཁྲུལ་པ་ཉིད་ཀྱིས་ཆུ་ལས་མ་ སྐྱེས་པར་གྲུབ་པ་མ་ཡིན་ནམ་ཞེ་ན། གལ་ཏེ་དེ་ལྟ་ན་དོན་གསལ་བ་ཉིད་མེད་པར་ཤིན་ཏུ་གསལ་ལོ། །འོ་ན་ནི་དབང་པོའི་ཤེས་པ་ཡང་དོན་དང་འབྲེལ་པར་མི་འགྱུར་ཏེ། ཟླ་བ་གཉིས་ཀྱི་རྣམ་པར་ཤེས་པ་ཟླ་བ་གཉིས་ཀྱི་རང་གི་རྣམ་པར་གཞག་པས་མ་སྐྱེས་པའི་ཕྱིར་རོ་ཞེ་ན། ཟླ་བ་གཉིས་ ཀྱི་ཤེས་པ་དེ་ལྟར་མ་སྐྱེས་པའི་ཕྱིར་མ་འཁྲུལ་པ་ཡང་མ་སྐྱེས་པ་ནི་མ་ཡིན་ཏེ། གཞན་ཡིན་པའི་ཕྱིར་རོ། །དུ་བ་ས་བོན་ལས་མ་སྐྱེས་པས་མྱུ་གུ་མི་སྐྱེ་བར་ཐལ་བའི་ཕྱིར་རོ། །དེ་ལྟ་ན་འོ་ན་རྣམ་པར་རྟོག་པ་ཡང་དོན་དང་འབྲེལ་པ་ནི་མ་འཁྲུལ་པ་ཁོ་ནའོ་ཞེ་ན། དེ་ལྟ་བུ་ནི་ནུས་པ་མ་ཡིན་ ཏེ། སྔོན་པོ་དང་སེར་པོ་ལ་སོགས་པའི་ཤེས་པ་ཡུལ་གྱི་ཁྱད་པར་མྱོང་བའི་རང་བཞིན་ཉིད་ཀྱི་ཁྱད་པར་དུ་བྱས་པ་རྣམས་ཤེས་པ་ཙམ་གྱི་རང་བཞིན་དུ་ཁྱད་པར་མེད་ཀྱང་རྒྱུའི་ཁྱད་པར་སོ་སོར་ངེས་པ་ཡོད་པའི་ཕྱིར་སྔོན་པོ་ཉིད་ལ་ནི་སྔོན་པོའི་རྣམ་པར་ཤེས་པ་ཡིན་ལ། དེ་ལས་གཞན་ ལས་ནི་གཞན་ཡིན་ནོ། །ཆུའི་རྣམ་པར་རྟོག་པ་ལ་ནི་འདི་ཡོད་པ་མ་ཡིན་ནོ། །འདི་ཐམས་ཅད་ནི་ཆུ་གཅིག་རིག་པ་ཉིད་ཀྱིས་སྤྱིའི་ཡུལ་ཅན་ཡིན་པས་ཕན་ཚུན་ཁྱད་པར་མ་གྲུབ་པའི་ཕྱིར་གྲུབ་པ་དང་བདེ་བ་ཐ་མི་དད་པ་ཉིད་ཀྱི་གཅིག་འབྲེལ་པ་མ་ཡིན་ན་ཐམས་ཅད་ཀྱང་མ་འབྲེལ་བ་ཡིན་ནོ། །རང་ གི་མཚན་ཉིད་ཀྱི་ཡུལ་ཅན་གྱི་རྣམ་པར་ཤེས་པ་ནི་རྨི་ལམ་ན་སྔོན་པོ་ཤེས་པ་ཡོད་པས་སད་པའི་སྔོན་པོ་ཤེས་པ་འཁྲུལ་པར་འགྱུར་བ་གང་ཡིན་པ་གཅིག་འཁྲུལ་པས་གཞན་འཁྲུལ་པར་འགྱུར་བ་མ་ཡིན་ནོ། །སྨིག་རྒྱུ་མཐོང་ན་ཤེས་པ་ཉམས་སུ་མྱོང་བས་ཡིན་གྱི་དོན་ལས་མ་ཡིན་ མོད། འཁྲུལ་པ་གོ་ཇི་ལྟར་ཞེ་ན། དེའི་ཞེས་སྨོས་ཏེ། འཁྲུལ་པ་དེ་ནི་ཆུའི་བག་ཆགས་སད་པས་སྐྱེད་པ་ཡིན་ནོ། །གལ་ཏེ་སྨིག་རྒྱུ་མཐོང་ཡང་ཆུའི་བག་ཆགས་སད་ན། ཆུའི་རྣམ་པར་རྟོག་པ་ཁོ་ནར་འགྱུར་གྱི་ནམ་ཡང་སྨིག་རྒྱུའི་རྣམ་པར་རྟོག་པར་ནི་མི་འགྱུར་རོ་ཞེ་ན། ཁྱད་པར་མཚོན་པ་ལ་མི་གསལ་བའི་ཕྱིར་ཞེས་སྨོས་ཏེ། མངོན་སུམ་གྱིས་ཆུ་དང་སྨིག་རྒྱུ་གཉིས་ཀྱི་འབྱེད་པར་བྱེད་པའི་ཁྱད་པར་འཛིན་པར་མི་ནུས་པའི་ཕྱིར་རོ། །གང་གི་མཐུས་སྨིག་རྒྱུའི་རྣམ་པར་རྟོག་པར་འགྱུར་བ་གཉི་ག་ལ་སྲིད་པའི་རྣམ་པའི་ རྗེས་སུ་བྱེད་པ་ཅན་གྱི་མངོན་སུམ་ནི་འབྱེད་པར་བྱེད་པའི་ཁྱད་པར་གསལ་བ་མ་ཡིན་ནོ། །དེ་ལྟ་ན་ཡང་ཆུ་ཁོ་ནའི་བག་ཆགས་སད་པ་ག་ལས་ཡིན་ཏེ། དེ་ཙམ་གྱི་བག་ཆགས་སད་པར་འགྱུར་བ་མ་ཡིན་ནམ་ཞེས་སྐྱོན་ལ་ལྟོས་པས་ཞེས་བཤད་ དོ། །ཆུ་དོན་དུ་གཉེར་བས་ཆུའི་རྣམ་པ་ལས་ཐ་དད་པར་བྱེད་པ་སྨིག་རྒྱུའི་ཁྱད་པར་མ་བཟུང་བ་ན། ཆུ་ལ་སྲིད་པའི་རང་བཞིན་ལ་ཆུར་ཞེན་པ་ཡིན་ནོ། །དེ་བཞིན་དུ་ཐག་པའི་ཡུལ་ལ་སྦྲུལ་དུ་རྟོགས་པ་དང་། ཐོ་ཡོར་ལ་སྐྱེས་བུར་རྟོགས་པ་ལ་སོགས་པ་ལ་ཡང་རིག་པར་བྱའོ། །དེ་ལྟ་ བས་ན་ཞེས་བྱ་བ་ནས་རྗེས་སུ་འགྲོ་བ་མེད་པའི་ཕྱིར་རོ་ཞེས་བྱ་བའི་མཐར་ཐུག་པས་ནི་སྐབས་དེས་ན་དེ་ལྟར་ངོ་ཤེས་པ་ལ་སོགས་པའི་རྣམ་པ་ཅན་སྤྱིའི་རྣམ་པར་ཤེས་པ་འཁྲུལ་པ་ན་གསལ་བ་ཁོ་ན་ལས་སྐྱེས་པ་ཡིན་ནོ་ཞེས་རང་གི་ཕྱོགས་ལ་བསྒྲུབས་ནས། གཞན་གྱིས་ཀྱང་འདི་ཁས་ བླངས་པར་འགྱུར་རོ་ཞེས་བསྒྲུབ་པའི་ཕྱིར་གཞན་ཡང་ཞེས་སྨོས་སོ། །སྤྱི་སྨྲ་བའི་ལྟར་ན་འང་མི་ངོ་ཤེས་པའི་བདག་ཉིད་ཀྱི་བློ་ནི་སྤྱི་འབའ་ཞིག་ལ་དམིགས་པ་མ་ཡིན་ནོ། །དེས་ན་དེ་སྤྱི་ཁོ་ན་ལས་འབྱུང་བ་མ་ཡིན་ནོ། །སྤྱིའི་བློ་ནི་ཁྱད་པར་སྲེ་བའི་རྣམ་པ་ཅན་ཡིན་གྱི་ཐ་དད་པ་ དག་ལ་ཐ་མི་དད་པ་མཚམས་སྦྱོར་བའི་རྣམ་པ་ནི་མ་ཡིན་ཏེ། དེ་འདི་ལའོ་སྙམ་དུ་རྟོགས་པ་མེད་པའི་ཕྱིར་རོ། །དེས་ན་སྤྱིའི་བློས་རང་གི་མཚན་ཉིད་རྣམས་ལས་སྤྱི་ལོགས་སུ་བྱས་ཏེ་མ་དམིགས་པས་གསལ་བ་ཐ་མི་དད་པར་རྟོགས་པ་ན་གསལ་བ་ཡང་རྣམ་པ་ཐ་མི་དད་པར་ འཛིན་པའི་སྤྱོད་ཡུལ་དུ་འགྱུར་བ་ཁོ་ནའི་སྤྱི་འབའ་ཞིག་ནི་མ་ཡིན་ནོ། །གཅིག་ལས་སོ་སོར་ངེས་པར་བྱེད། མི་སྣང་ལ་གཉིས་ཀྱི་ཆོས་སྣང་གང་ཡིན་པ་དེ་ནི་གཅིག་ཁོ་ན་ལ་གཞག་པར་ནུས་པ་མ་ཡིན་ནོ། །དེས་ན་བ་ལང་ངོ་ཞེས་བྱ་བ་ནི་སྤྱི་བཞིན་དུ་བསལ་བའི་བློར་འགྱུར་ཏེ་ དབྱུག་པ་ཐོགས་པ་བཞིན་དུ་རང་གི་རྟེན་མ་རྟོགས་པ་ན་སྤྱི་དང་དེ་དང་ལྡན་པ་དག་ཐ་དད་པར་མ་རྟོགས་པའི་ཕྱིར་རོ། །ཇི་ལྟར་ན་སྤྱི་ཁོ་ནར་རྗེས་སུ་སོང་བར་རྟོགས་པ་གསལ་བ་ཞེས་བྱ་བར་འགྱུར། དེས་ན་འདི་ཁྱད་པར་རྣམས་ཐ་མི་དད་པར་འཛིན་པ་དང་། དེ་ལ་རྟེན་པ་གྲུབ་པའོ། ། འགྲེལ་པ་ནི་གཞན་གྱིས་ཀྱང་ཞེས་བྱ་བའོ། །གལ་ཏེ་བ་ལང་སྙམ་པའི་ཤེས་པ་དེ་དང་ལྡན་པའི་བློ་ཡིན་ལ་ཁར་བ་ཐོགས་པ་བཞིན་རྣམ་པར་གཅད་པར་བྱ་བ་དང་། རྣམ་པར་གཅོད་པར་བྱེད་པའི་དངོས་པོ་ཡང་མེད་པ་ཡིན་ན་ནི་ཐ་མི་དད་པའི་བློ་ཁྱད་པར་ལ་དམིགས་པ་ཞིག་ན། འདི་སྤྱི་ ཙམ་ལ་བརྟེན་པ་ཉིད་ཡིན་ན་ནི་འགལ་བ་མེད་དེ་ཞེ་ན། རྟག་ཏུ་དེ་ཙམ་ཞེས་སྨོས་སོ། །རྟག་པ་ཁོ་ནར་སྒྲ་ལས་བྱུང་བའི་ཤེས་པ་དང་མངོན་སུམ་ལ་ཡང་ངོ་། །སྒྲ་ལས་བྱུང་བ་སྤྱིའི་ཡུལ་ཅན་ཡིན་ན་མངོན་སུམ་གྱིས་གསལ་བ་རྟོགས་པར་འགྱུར་རོ། །གང་གི་ཚེ་གཉི་གས་ཀྱང་སྤྱི་ ཁོ་ན་རྟོགས་པ་དེའི་ཚེ་གསལ་བ་མི་ཤེས་པ་ཁོ་ནར་ཐལ་བར་འགྱུར་རོ། །གསལ་བ་སོ་སོ་རང་གི་རང་བཞིན་ཤེས་པ་གཞན་ནི་མེད་དེ་ཁྱད་པར་དང་བྲལ་བའི་ཁྱད་པར་ཅན་གྱི་རང་བཞིན་མ་རྟོགས་པའི་ཕྱིར་རོ། །འདི་ལྟར་བ་ལང་འདི་ནི་ཁྲ་བོའོ་ཞེས་བྱ་བ་ལ་དེ་ཁོ་ན་རྟར་འགྱུར་ཏེ་དེ་ལ་ ཡང་ཁྲ་བོ་ཉིད་ཀྱི་སྤྱིའི་སྒོ་ནས་གསལ་བ་རྟོགས་པ་ཡིན་ནོ། །འདི་ཞེས་བྱ་བ་ཡང་རྟག་ཏུ་རྗེས་སུ་འགྲོ་བ་ཁོ་ནའོ། །དེས་ན་གལ་ཏེ་ཁྱད་པར་གྱི་བློ་ཁྱད་པར་གྱི་མཐར་ཐུག་པ་ཡིན་ན། འགལ་བ་མི་ཤེས་པ་ཁོ་ནའོ། །དེ་སྟེ་ཁྱད་པར་དང་ལྡན་པའི་མཐར་ཐུག་པ་ཡིན་ན། ཁྱད་པར་ རྣམས་ཐ་མི་དད་པའི་རྟེན་དུ་འགྱུར་བ་ཁོ་ན་སྟེ། བ་ལང་ངོ་ཞེས་བྱ་བ་འདི་ལ་གསལ་བའི་རྣམ་པ་གཞན་རྟོགས་པ་མེད་པའི་ཕྱིར་རོ། །མདོ་ཉིད་བཤད་པ་ནི། གལ་ཏེ་བློ་འདི་ཞེས་བྱ་བ་ཡིན་ནོ། །གལ་ཏེ་ཤེས་ན་སྐྱོན་འདིར་འགྱུར་གྱི། མ་ཤེས་ན་སྐྱོན་ཅི་ཡོད་ཅེ་ན། དེའི་ཚེ་ན་ ཞེས་སྨོས་སོ། །བ་ལང་ཞེས་བྱ་བར་ཤེས་པ་སྤྱི་ལ་དམིགས་པས་གསལ་བ་མ་ཤེས་ན་ནམ་ཡང་སྤྱི་དང་ལྡན་པ་སྐབས་ཀྱིས་སྤྱི་དང་འབྲེལ་པ་ངེས་པར་མི་འགྱུར་རོ། །འདི་རང་གི་ཕྱོགས་ལ་སྤྱི་དང་ལྡན་པའི་གསལ་བ་རྣམ་པར་འཇོག་པ་གང་ཡིན་པ་དེའི་ཚེ། ཚད་མ་ཅན་མ་ཡིན་ པར་ཐལ་ལོ་ཞེས་བྱ་བའི་ཐ་ཚིག་གོ། །གསལ་བ་ཤེས་པ་མེད་པར་ནི་གསལ་བའི་ཆོས་རྟོགས་པར་མི་འགྱུར་རོ་ཞེས་བྱ་བའི་ཐ་སྙད་མེད་པར་བརྗོད་པས་སྟོན་པར་བྱེད་དེ། གསལ་བ་མི་ཤེས་པའི་རྒྱུ་དེ་ལས་ན་ཐ་སྙད་མེད་པར་འགྱུར་རོ། །འགྲེལ་པ་ནི་གང་གི་ཚེ་ཞེས་བྱ་བ་ཡིན་ ནོ། །ཁྱད་པར་རྣམས་ཞེས་བྱ་བ་འདི་རང་གི་མཚན་ཉིད་དག་གོ། །གལ་ཏེ་སྤྱི་འཛིན་པས་ཁྱད་པར་རྣམས་སོ་སོའི་རང་གི་རང་བཞིན་དུ་དམིགས་པ་དེའི་ཚེ་ཉེས་པ་ཅི་ཡོད། སྔོན་པོ་དང་སེར་པོ་བཞིན་དུ་གཉི་ག་ཤེས་པ་གཅིག་གིས་འཛིན་པར་མི་འགལ་བའི་ཕྱིར་རོ། ། དེས་ན་གཞན་གྱི་ལྟར་ན་འང་ཞེས་བྱ་བ་ལ་སོགས་པ་བརྗོད་པར་བྱ་བ་མ་ཡིན་པར་འགྱུར་རོ། །སྤྱིའི་བློ་ལ་ནི་གསལ་བ་ཡང་སོ་སོར་རང་གི་རང་བཞིན་དུ་སྣང་བ་ལ་འགལ་བ་ཅི་ཡང་མེད་པའི་ཕྱིར་འདི་བརྗོད་པས་ཅི་ཞིག་བྱ། འོན་ཏེ་གསལ་བའི་ཡུལ་ཅན་ཏུ་འགྱུར་དོགས་ན་འཐད་པ་ཡང་མ་ཡིན་པ་ དེས་ན་མི་འཛིན་པར་བརྗོད་པ་ཡིན་ནོ་ཞེ་ན། རྩོད་པ་འདི་ནི་གཞན་དུ་མཐར་ཐུག་པར་འགྱུར་ཏེ། དེས་ན། གལ་ཏེ་དངོས་ཅིག་གྲོགས་བྱེད་པའི། །ཞེས་བྱ་བ་ལ་སོགས་པ་བརྗོད་པར་བྱ་བ་མ་ཡིན་པར་འགྱུར། དེས་ན་འདི་ནི་ཁྱད་པར་རྣམས་ཀྱང་ཐ་མི་དད་པའི་ཤེས་པའི་རྟེན་ཉིད་དུ་བསྒྲུབ་ པ་ལ་ངེས་པ་ཡིན་པས་གལ་ཏེ་དགོས་པ་སོ་སོ་རང་གི་ངོ་བོས་དམིགས་པ་ཉིད་ཡིན་ན་ཉེས་པ་མེད་དོ། །དེ་ལྟ་མ་ཡིན་ན་ནི་དམིགས་པ་དོན་ཅི་ཡིན་ཞིང་དེ་དག་འབྲེལ་པར་གཟུང་ངོ་ཞེས་བྱ་བའི་ཚིག་ཀྱང་ཇི་ལྟར་རིགས་ཏེ་རང་གི་བདག་ཉིད་ཀྱིས་མ་རྟོགས་ན་འབྲེལ་པར་མི་འགྲུབ་པའི་ཕྱིར་རོ་ཞེ་ན། འདི་ལ་ བརྗོད་པ། རེ་ཞིག་ཐ་མི་དད་པའི་རྟོགས་པ་འདི་ནི་གྲུབ་པ་ཡིན་ནོ། །འདི་ཉིད་ནི་གཞན་གྱིས་ཀྱང་ཁྱད་པར་ལ་དམིགས་པར་ཁས་བླང་དགོས་ན། འདི་ལ་ཁྱད་པར་རྣམས་རང་བཞིན་དུ་སྣང་བ་ཡང་མེད་དོ། །དེས་ན་ཁྱད་པར་རྣམས་ཁོ་ན་ཐ་མི་དད་པར་དམིགས་པ་ཡིན་ནོ་ཞེས་བསྒྲུབ་པའི་ ཕྱིར་འདི་བརྗོད་པ་ཡིན་ནོ། །འོ་ན་འཁྲུལ་པ་ཡིན་ནོ་ཞེ་ན། འབད་པ་འདིའི་དོན་འདི་ཉིད་ཡིན་ནོ། །ཚིག་ཐ་མ་བཤད་པ་ནི་དེས་ན་དེ་ལྟར་གཞན་གྱི་ཁས་བླངས་པ་ལ་ཡང་གསལ་བ་རྣམས་སྤྱིའི་ཤེས་པའི་དམིགས་པ་ཉིད་ཡོད་པ་དེས་ན་སྤྱིའི་དོན་མེད་དོ་ཞེས་གཞུང་གཟུགས་པ་ན་གཞན་ དག་སྤྱི་ཡོད་ན་དེ་དམིགས་པ་ཉིད་དུ་འགྱུར་གྱི་གཞན་དུ་ནི་མ་ཡིན་པ་དེས་ན་དེས་ཁས་ལེན་ཏོ་ཞེས་གཞུང་གཟུགས་པའི་ཕྱིར། གལ་ཏེ་དངོས་གཅིག་གྲོགས་བྱེད་པའི། །ཞེས་སྨོས་སོ། །ཁྱད་པར་རྣམས་ཁོ་ན་ཐ་མི་དད་པར་དམིགས་སོ། །དེ་ཡང་འདི་དག་ལས་སྤྱི་མེད་པར་ནི་ མི་འགྱུར་རོ། །དེས་ན་དེའི་དོན་ཉིད་དུ་སྤྱི་ཁས་ལེན་པ་ཡིན་ནོ་ཞེས་བྱ་བ་ནི་བསམ་པའོ། །འདི་ཉིད་བཤད་པ་ནི་གལ་ཏེ་འདི་སྙམ་དུ་ཞེས་བྱ་བ་ཡིན་ནོ། །གསལ་བ་རྣམས་རྒྱུ་འབའ་ཞིག་ཡིན་པར་ནི་མ་ཟད་ཀྱང་འོན་ཀྱང་དམིགས་པ་ཡིན་ནོ་ཞེས་དམིགས་པའི་དངོས་པོས་རྒྱུ་ཡིན་ལ་ཞེས་བྱ་བས་ བརྗོད་དོ། །དེ་ལྟ་ཡིན་དང་སྤྱི་རྣམ་པར་ཤེས་པ་དེ་བྱེད་པ་ལ་ལྷན་ཅིག་བྱེད་པ་ཉིད་ཡིན་ནོ། །དེས་ན་དམིགས་པ་ཡང་ལྷན་ཅིག་ཏུ་འགྱུར་བར་བརྗོད་པ་ཡིན་ནོ། །གལ་ཏེ་དངོས་གཅིག་གྲོགས་བྱེད་པའི། །ཞེས་བྱ་བའི་གང་ཡིན་པ་བསྟན་པ་ནི་གང་གི་ཚེ་ཞེས་བྱ་བ་ཡིན་ནོ། །འདི་བཟློག་པའི་ ཕྱིར་བརྗོད་པ་ནི་དངོས་པོ་ཅིག་དེས་དེ་རྣམས་ཀྱི་ཞེས་བྱ་བའོ། །འདིས་ནི་རེ་ཞིག་དམིགས་པའི་དངོས་པོ་ཉིད་གསལ་ཏོ། །གལ་ཏེ་སྤྱི་ཡོད་དུ་ཟིན་ཀྱང་གསལ་བ་རྣམས་གཅིག་ཏུ་གྱུར་པ་ཡིན་ན་སྤྱིས་ཅི་བྱ། དེ་སྟེ་མ་ཡིན་ན་དེ་ལྟ་ན་ནི་འོ་ན་རང་གི་བདག་ཉིད་གཅིག་ཏུ་གྱུར་པ་ཡིན་པའི་ཕྱིར་ གཅིག་པའི་ཡུལ་དུ་འགྱུར་གྱི། གསལ་བ་རྣམས་ནི་མ་ཡིན་ནོ། །དེ་ཉིད་དང་འཕྲོད་པ་འདུ་བ་ལས་ངོ་བོ་ཉིད་དུ་འགྱུར་བའི་ཐ་མི་དད་པས་དེ་དག་ཐ་མི་དད་པའི་རྣམ་པར་ཤེས་པའི་ཡུལ་ཉིད་དུ་འགྱུར་རོ་ཞེ་ན། འབྲེལ་པ་ཡིན་ཡང་གཞན་གཞན་གྱི་ངོ་བོར་འགྱུར་བ་ནི་མ་ཡིན་གྱི་འོན་ཀྱང་ འབྲེལ་པ་ཅན་ཉིད་དུ་འགྱུར་རོ། །རང་གི་ངོ་བོ་ཉིད་ནི་བདག་ཉིད་དུ་གྱུར་པ་ཡིན་ལ། སྤྱི་ནི་བདག་ཉིད་མ་ཡིན་ཏེ་ཐ་དད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ནི་ཐ་མི་དད་པར་ཐལ་བའི་ཕྱིར་རོ། །ཐ་དད་པར་གྱུར་པའི་ཐ་མི་དད་པ་རང་བཞིན་དུ་གྱུར་པ་མ་ཡིན་པས་ནི་ཐ་དད་པར་གྱུར་པ་རྣམས་ཐ་མི་ དད་པར་རྟོགས་པར་ནུས་པ་མ་ཡིན་ཏེ། དེ་དང་ལྡན་པ་ཙམ་དུ་རྟོགས་པར་ཐལ་བའི་ཕྱིར་རོ་ཞེས་བཤད་ཟིན་ཏོ། །རྟོགས་པ་ཇི་ལྟ་བུར་གྱུར་པ་གང་གིས་གང་གི་རང་བཞིན་དེ་ཡིན་པར་རྟོགས་པར་འཐད་པ་དེ་ཉིད་དེ་ལྟར་དེ་ལྟ་བུ་ཉིད་དུ་དེའི་རང་བཞིན་ཉིད་དུ་འགྱུར་རོ། །ཐ་དད་པར་གྱུར་པ་ དང་ནི་འབྲེལ་དུ་ཟིན་ཀྱང་གཞན་དེའི་རང་བཞིན་དུ་རྟོགས་པ་མ་ཡིན་ནོ། །དེའི་ཕྱིར་ཐ་དད་པ་འབྲེལ་པ་ལས་ནི་རང་གི་ངོ་བོར་གྱུར་པ་ཐ་མི་དད་པར་མི་འགྱུར་ཏེ། དེས་ན་ཐ་མི་དད་པར་གྱུར་པའི་རང་བཞིན་ནི་མི་སྲིད་དོ། །དེ་བས་ན་གཅིག་གིས་ཐ་དད་པ་ཉིད་མི་སེལ་བས་ན། དངོས་པོ་ གཅིག་གིས་གྲོགས་བྱེད་པའི་གསལ་བ་རྣམས་ཐ་མི་དད་པ་ལ་བརྟེན་པའི་རྣམ་པར་ཤེས་པའི་དམིགས་པ་ཉིད་མ་ཡིན་ནོ། །དེ་ཉིད་དུ་གཞུང་གཟུགས་པའི་ཕྱིར་ཐ་དད་པ་ཉིད་ལ་ནི་རྣམ་པར་ཤེས་པ་གཅིག་འགལ་ལོ་ཞེས་སྟོན་པ་ནི། ཐ་དད་ཕྱིར་ན་དེ་དག་ལ། །ཞེས་བྱ་ བའོ། །རྒྱུར་ཞེས་བྱ་བ་ནི་དམིགས་པར་རོ། །དེ་ཉིད་བཤད་པ་ནི་གཅིག་པུ་དེས་ཞེས་བྱ་བ་ལ་སོགས་པའོ། །དེ་དེ་ལྟར་འདི་དག་དམིགས་པའི་དངོས་པོས་གཅིག་གི་རྣམ་པར་ཤེས་པའི་རྒྱུ་ཡིན་པར་སྨྲ་བ་ལ། དམིགས་པ་ཉིད་བསལ་ནས་རྒྱུའི་དངོས་པོ་བསལ་བའི་ཕྱིར་ཏེ་དུ་མའང་ གཅིག་ལྟོས་ནས་ཞེས་སྨོས་སོ། །དངོས་པོ་དུ་མ་རྣམས་ཀྱང་གལ་ཏེ་གཅིག་ལ་ལྟོས་ནས་ཐ་མི་དད་པར་ཤེས་པར་བྱེད་པ་དེས་ན་དངོས་པོ་གཅིག་གྲོགས་བྱེད་པ་ཅན་གྱི་གསལ་བ་རྣམས་ཤེས་པའི་རྒྱུར་བརྗོད་དོ། །རྩོད་པ་བྱེད་པའི་དོགས་པ་འདི་ཉིད་སྟོན་པ་ནི། ཐ་དད་པའི་ཕྱིར་ཞེས་བྱ་བ་ སྨོས་སོ། །གང་གི་ཕྱིར་ཐ་དད་པ་དེའི་ཕྱིར་དུ་མས་མི་སྐྱེད་དོ་ཞེས་ནི་མི་སྨྲའོ། །ཇི་ལྟར་ཁྲ་བོ་དང་བུམ་པ་གཉིས་ཐ་དད་པའི་ཕྱིར་བ་ལང་གི་ཤེས་པའི་རྒྱུ་མ་ཡིན་པ་དེ་བཞིན་དུ་ཁྲ་བོ་དང་སེར་སྐྱ་དག་ཀྱང་འགྱུར་རོ་ཞེས་གང་གིས་བརྗོད་པར་འགྱུར་བ་ཐ་དད་པས་འབྲས་བུ་སྐྱེད་པ་ལ་འགལ་ བ་མེད་དོ། །འོན་ཀྱང་སྔ་མ་དག་ལ་ནི་རྣམ་པར་ཤེས་པ་དེ་སྐྱེད་པའི་ལྷན་ཅིག་བྱེད་པ་མེད་པ་ལ་འདི་གཉིས་ལ་ནི་ཡོད་པ་འབའ་ཞིག་ཏུ་ཟད་དོ། །དེས་ན་ལྷན་ཅིག་བྱེད་པ་དང་བྲལ་བས་འགལ་བ་ཉིད་དོ། །འདི་ལ་ནི་སྤྱི་གཅིག་ལྷན་ཅིག་བྱེད་པ་ཡོད་པ་ཡིན་ནོ་ཞེ་ན་དེ་བསལ་བའི་ཕྱིར། དེ་ལྟ་ ན་ནི་འོ་ན་ནི་ཞེས་སྨོས་སོ། །འདིས་སྤྱི་ལྷན་ཅིག་བྱེད་པ་ཡིན་ན་གསལ་བ་རྣམས་རྒྱུ་ཡིན་པར་བརྗོད་པ་རྗེས་སུ་འགྲོ་བ་དང་ལྡོག་པ་མེད་པར་བསྟན་པའི་སྒོ་ནས་སེལ་བར་བྱེད་དོ། །དེའི་འབྲས་བུ་ཉིད་དེ་གཅིག་པུའི་ཚད་མ་ཅན་ཡིན་པའི་ཕྱིར་ཏེ། དེ་མེད་ན་དེ་མི་རྟོགས་པའི་ཕྱིར་རོ། ། འགའ་ཞིག་ཡོད་པ་ན་འབྲས་བུ་སྔ་ན་མེད་པ་འབྱུང་བ་གང་ཞིག་མེད་ན་ལོག་ལ་གཞན་དག་ནི་ལོག་ཀྱང་མི་ལྡོག་པ་ནི་ལྷན་ཅིག་བྱེད་པའི་རྐྱེན་དེ་ཙམ་ཚོགས་པས་སྐྱེད་པར་རྟོགས་པ་ཡིན་ནོ། །དེ་ལ་སྤྱི་དང་རང་གི་མཚན་ཉིད་ཉེ་བར་གནས་ན་འབྱུང་བའི་འབྲས་བུ་གལ་ཏེ་གསལ་བ་ཡོད་ ཀྱང་སྤྱི་མེད་པར་མི་འབྱུང་བའམ། སྤྱི་ཡོད་ཀྱང་གསལ་བ་མེད་པར་འབྱུང་བ་ཡིན་ནོ། །དེའི་ཚེ་གཉི་གས་བསྐྱེད་པར་བྱ་བ་ཡིན་པར་རྟོགས་པར་འགྱུར་བ་ཞིག་ན། ལྡོག་པ་བསྒྲུབ་པ་དེ་ནི་འདི་ལ་མི་སྲིད་དེ། གསལ་བ་མེད་པར་སྤྱི་ཡོད་པའམ། སྤྱི་ཡོད་པ་ན་གསལ་བ་མེད་པ་བསྟན་ པར་མི་ནུས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་སྤྱི་འབའ་ཞིག་ལས་ཤེས་པ་དེ་འབྱུང་ངོ་ཞེས་བརྗོད་པར་མི་ནུས་ཏེ། གསལ་བ་མེད་པར་དེ་ཙམ་ཡོད་པར་བསྟན་པར་མི་ནུས་པའི་ཕྱིར་རོ། །དེས་ན་སློབ་དཔོན་སྤྱི་དང་ལྷན་ཅིག་པའི་གསལ་བ་རྒྱུ་ཉིད་དུ་རྟོགས་པ་ན་དེ་མེད་ཀྱང་འབྱུང་བ་ཉིད་ བཤད་པ་ནི། གསལ་བ་དེ་དག་རེ་རེ་མེད་པར་ཡང་སྤྱི་དེ་གཅིག་པུས་བསྐྱེད་པར་བྱ་བའི་བློ་ལ་གསལ་བ་དེ་རྣམས་ཀྱི་ནུས་པ་མེད་པ་ཡིན་ནོ། །རེ་ཞིག་བ་ལང་ངོ་སྙམ་པའི་རྣམ་པར་ཤེས་པ་ནི་སྤྱི་མེད་ན་མེད་པ་ཡིན་ཏེ། རྟ་ལ་མེད་པའི་ཕྱིར་རོ། །གལ་ཏེ་ཡང་སྤྱི་ཡོད་ན་གསལ་བ་ མེད་ཀྱང་འབྱུང་ངོ་ཞེས་བྱ་བར་མི་ནུས་པ་དེ་ལྟ་ན་ཡང་གསལ་བ་རེ་རེ་མེད་པར་ཅི་ཡོད་ན་འབྱུང་བ་ཁོ་ནའོ། །འདི་ལྟར་ཁྲ་བོ་མེད་པར་སེར་སྐྱའི་གསལ་བ་ལ་བ་ལང་ངོ་སྙམ་པའི་ཤེས་པ་འབྱུང་བ་ཁོ་ནའོ། །དེས་ན་གལ་ཏེ་དམིགས་པ་ཉིད་རྒྱུའི་རྩ་བ་ཅན་ཡིན་པ་དེ་ལྟ་ན་ཡང་དེ་ནི་སྤྱི་དང་ལྷན་ ཅིག་པའི་གསལ་བ་རྣམས་ལ་མེད་དོ་ཞེས་བཤད་པ་ནི་དེ་ཕྱིར། བློ་ཡིས་དེ་རྣམས་འཛིན་པ་མེད་པ་ཡིན། །ཞེས་འབྲེལ་ཏོ། །འགྲེལ་པ་ནི། ད་ནི་ཇི་ལྟར་ཞེས་བྱ་བའོ། །སྤྱི་མེད་ན་རྟ་ལ་བ་ལང་གི་ཤེས་པ་མེད་པའི་ཕྱིར་ལ། སྤྱི་ཡོད་ན་ཁྲ་བོ་ལ་སོགས་པ་ཡོད་པའི་ཕྱིར་རོ། །འདིར་ ནི་ཉེས་པ་མེད་དེ་ཞེས་སྨྲས་ཏེ། སྔོན་པོ་དང་སེར་པོ་ལ་སོགས་པའི་ཚོགས་པ་ནི་རྒྱུ་ཉིད་དེ། ཚོགས་པ་དེ་ནི་མིག་གི་རྣམ་པར་ཤེས་པའི་རྒྱུ་ཉིད་ཡིན་ནོ། །ལྷན་ཅིག་པར་གྱུར་པ་དེ་རྣམས་ལས་རེ་རེ་བསལ་ཀྱང་མིག་གི་རྣམ་པར་ཤེས་པ་མེད་པ་ནི་མ་ཡིན་ཡང་རེ་རེ་བསལ་བ་ཡང་འབྱུང་བ་དེ་ ལ་ལྟོས་ནས་ཚོགས་པ་མིག་གི་རྣམ་པར་ཤེས་པའི་རྒྱུ་མ་ཡིན་པར་ནུས་པ་མ་ཡིན་ནོ། །དེ་བཞིན་དུ་ཁྲ་བོ་ལ་སོགས་པར་བ་ལང་ཞེས་ཐ་དད་པ་མེད་པར་ཤེས་པ་སྐྱེད་པ་ལ་སྤྱིའི་ལྷན་ཅིག་བྱེད་པ་ཅན་དག་ལས་རེ་རེ་མེད་ཀྱང་རྣམ་པར་ཤེས་པ་དེ་ཡོད་པའི་ཕྱིར་ནུས་པ་ཉམས་པར་མི་འགྱུར་རོ་ ཞེས་བྱ་བ་ནི་རྩོད་པ་པོའི་བསམ་པ་ཡིན་ཏེ། དེ་ལྟར་ན་དེ་དག་གི་ཚོགས་པ་ལ་ཡང་ནུས་པ་མེད་པ་མ་ཡིན་པ་ཞེས་བྱ་བ་འདིར་ཤིན་ཏུ་འབྲེལ་པར་འགྱུར་བ་ཡིན་ནོ། །འདི་བསལ་བའི་ཕྱིར། མི་མཐུན་པ་ཉེ་བར་བཀོད་པ་སྟེ་ཞེས་སྨོས་ཏེ་སྔོན་པོ་ལ་སོགས་པ་ཉེ་བར་བཀོད་ པ་ནི་སྐབས་དང་མཐུན་པ་མ་ཡིན་ནོ། །དེ་སྟོན་པ་ནི་འདི་ལྟར་ཞེས་བྱ་བའོ། །སྔོན་པོ་ལ་སོགས་པ་ནི་སོ་སོ་རང་གི་རང་བཞིན་གྱིས་མིག་གི་རྣམ་པར་ཤེས་པ་སྐྱེད་པ་ལ་རྒྱུ་ཉིད་དུ་རྟོགས་པའི་རྒྱུ་དེ་ཉིད་ཀྱིས་དེ་དག་ཚོགས་པ་རྒྱུ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དེ་དག་ལས་གཅིག་མེད་ཀྱང་མིག་གི་རྣམ་ པར་ཤེས་པ་འབྱུང་སྟེ། སྔོན་པོ་བཞིན་དུ་སེར་པོ་ཡང་རྒྱུ་ཡིན་པའི་ཕྱིར་རོ། །སྔོན་པོ་མེད་ཀྱང་རང་གི་རྒྱུ་སེར་པོ་ལས་འབྱུང་བའི་ཕྱིར་དང་། དེ་བཞིན་དུ་སེར་པོ་མེད་ཀྱང་སྔོན་པོ་ལས་འབྱུང་བའི་ཕྱིར་རོ། །དེ་རྣམས་ཚོགས་པ་ན་ཡང་ཡིན་པའི་ཕྱིར་འགལ་བ་ཅི་ཡང་མེད་དོ། །གང་ཞིག་ མེད་ན་ཤེས་པ་མེད་པ་དངོས་སུ་བརྗོད་པར་མི་ནུས་པའི་ཕྱིར་རེ་རེ་མེད་ན་ཤེས་པ་མེད་པ་ལས་དེ་རྒྱུ་མ་ཡིན་པ་ཉིད་དུ་འགྱུར་བ་ཚོགས་པ་ཞེས་བྱ་བ་ནི་གཞན་འགའ་ཡང་ཡོད་པ་མ་ཡིན་ནོ། །དེ་ལ་ཡོད་པའི་ཕྱིར་སྤྱི་ལས་ཤེས་པ་དེ་ཉིད་ཡིན་ནམ་འོན་ཏེ་གཉི་ག་ལས་ཡིན་ཞེས་ཐེ་ཚོམ་ཟ་བའི་ཕྱིར་ གསལ་བ་རྣམས་ནི་ཚོགས་པ་ན་བ་ལང་རྣམས་སོ་ཞེས་རྟོགས་པའམ། སོ་སོར་འདི་ལ་བ་ལང་ཞེས་རྟོགས་པའི་ཤེས་པ་དེའི་རྒྱུ་ཉིད་དུ་གྲུབ་པ་མ་ཡིན་པ་དེ་བས་ན་མི་མཚུངས་སོ། །འགྲེལ་པ་ནི་སྔོན་པོ་ལ་སོགས་པ་ལ་ཞེས་བྱ་བ་ཡིན་ནོ། །སྔོན་པོ་ལ་སོགས་པ་དང་གསལ་བ་རྣམས་མི་ མཚུངས་པར་སྟོན་པ་ནི། གསལ་བ་རྣམས་ནི་ཞེས་བྱ་བ་ཡིན་ནོ། །བསམ་པ་ནི་འདི་ཡིན་ཏེ་གལ་ཏེ་སྤྱིས་སྟོང་པའི་གསལ་བ་རྣམས་རྗེས་སུ་འགྲོ་བའི་རྣམ་པར་ཤེས་པ་བྱེད་ན་ནི་དེའི་ཚེ་སྔོན་པོ་ལ་སོགས་པ་བཞིན་དུ་འདི་དག་རྣམ་པར་ཤེས་པ་དེའི་རྒྱུར་འགྱུར་བ་ཞིག་ན། གསལ་བ་རྣམས་ནི་ སྤྱི་ལ་མ་ལྟོས་པར་ཤེས་པ་སྐྱེད་པ་མ་ཡིན་གྱི་འོན་ཀྱང་སྤྱི་དང་ལྷན་ཅིག་པ་ཁོ་ནས་ཡིན་ནོ། །དེ་ལྟ་ཡིན་དང་རྣམ་པར་ཤེས་པ་འདི་སྤྱི་ལས་འབྱུང་བ་ཡིན་ནམ་ཡང་ན་སྤྱི་དང་རང་གི་མཚན་ཉིད་གཉི་ག་ལས་ཡིན་ཞེས་ཐེ་ཚོམ་ཟ་བ་ཁོ་ནའོ། །དེ་ལྟ་བས་ན་ཞེས་བྱ་བ་ནི་གང་གི་ཕྱིར་གསལ་བ་ སོ་སོར་མེད་ཀྱང་སྤྱིའི་ཤེས་པ་འབྱུང་བ་དང་སྔོན་པོ་ལ་སོགས་པ་ཚོགས་པའི་རིགས་པ་ཡང་མ་གྲུབ་པ་དེ་བས་བསལ་བ་རྣམས་ཀྱིས་མི་ནུས་པ་ཁོ་ནའོ། །ཕ་རོལ་པོ་དེ་དག་རེ་རེ་མེད་པར་རྣམ་པར་ཤེས་པ་དེ་འབྱུང་བས་དེའི་འབྲས་བུ་མ་ཡིན་པར་མི་འགྱུར་རོ་ཞེས་བསྟན་པའི་ཕྱིར། གལ་ཏེ་དེ་ དག་འགའ་ཞིག་ལ། །ཞེས་སྨོས་སོ། །གསལ་བ་ལྷན་ཅིག་བྱེད་པ་ཅན་གྱི་སྤྱི་རྗེས་སུ་འགྲོ་བའི་རྣམ་པར་ཤེས་པ་སྐྱེད་པར་བྱེད་དོ། །དེས་ན་གལ་ཏེ་དེ་དག་སོ་སོར་མེད་ཀྱང་སྐྱེད་པར་བྱེད་པ་དེ་ལྟ་ན་ཡང་གསལ་བ་ལ་མ་ལྟོས་པར་ནི་བྱེད་པ་པོ་མ་ཡིན་ཏེ། གསལ་བ་མཐའ་དག་མེད་པར་ དེ་བྱེད་ན་དེ་ལྟར་ཐལ་བའི་ཕྱིར་རོ། །གསལ་བ་གཅིག་མེད་པར་སྐྱེད་པ་ནི་ལྷན་ཅིག་བྱེད་པའི་གསལ་བ་གཞན་ཡོད་པ་ཡིན་པས་དེ་དང་ལྷན་ཅིག་བྱེད་པའི་སྐྱེད་པར་བྱེད་པ་ཡིན་ནོ། །དེས་ན་གསལ་བ་སྤྱིའི་ལྷན་ཅིག་བྱེད་པ་ཅན་ཡིན་དང་། སྤྱི་ཡང་གསལ་བའི་ལྷན་ཅིག་བྱེད་པ་ཅན་གྱི་རྣམ་ པར་ཤེས་པ་དེ་སྐྱེད་པའི་ཕྱིར་གསལ་བ་མེད་དོ། །འདི་ཉིད་བཤད་པ་ནི་འོན་ཏེ་ཞེས་བྱ་བ་ཡིན་ནོ། །ཐ་ག་པ་ཐག་ཟངས་མེད་པར་རས་ཡུག་མི་འཐག་སྟེ། འབའ་ཞིག་གིས་མི་འཐག་པའི་ཕྱིར་རོ། །དེ་ལྟ་མོད་ཀྱི་ཐག་ཟངས་གཅིག་མེད་ཀྱང་ཐག་ཟངས་གཞན་གྱིས་འཐག་ལ། དེ་མེད་ཀྱང་ གཞན་གྱིས་ཡིན་ནོ། །དེས་ན་དེ་དག་རེ་རེ་མེད་ཀྱང་འཐག་པའི་ཕྱིར་ཐག་ཟངས་རྒྱུ་མ་ཡིན་པ་ཉིད་ནི་མ་ཡིན་ཏེ་ཐག་ཟངས་གཅིག་མེད་ཀྱང་ཐག་ཟངས་གཞན་གྱིས་འཐག་པའི་ཕྱིར་རོ། །དེ་ཁོ་ན་ལས་ཞེས་བྱ་བ་ནི་ཐག་ཟངས་དང་བྲལ་བའི་ཐ་ག་པ་འབའ་ཞིག་ལས་སོ། །དེ་བཞིན་དུ་སྤྱི་འབའ་ཞིག་ནི་རྣམ་ པར་ཤེས་པ་དེའི་རྒྱུ་མ་ཡིན་ནོ། །དེ་ལྟར་ཕ་རོལ་པོས་རྗེས་སུ་འགྲོ་བ་དང་ལྡོག་པ་མེད་པ་བསྟན་པར་མི་ནུས་པར་བརྗོད་པ་ཡིན་ནོ། །དེ་ལྟ་ན་ཡང་རྗེས་སུ་འགྲོ་བ་དག་ལ་ཐེ་ཚོམ་ཟ་བ་ཡིན་ཏེ། འདིར་ཐག་ཟངས་ལ་སོགས་པའི་ཚུལ་ཡོད་ཀྱང་མ་ངེས་པའི་ཕྱིར་རོ། །ཇི་ལྟར་ཐག་ཟངས་མེད་ པར་ཐ་ག་པ་འབའ་ཞིག་ལས་མི་འབྱུང་བར་རྟོགས་པ་དེ་བཞིན་དུ་གསལ་བ་མེད་པར་སྤྱི་འབའ་ཞིག་ལས་མི་འབྱུང་བར་རྟོགས་པ་ནི་མ་ཡིན་ཏེ། གསལ་བ་ཐམས་ཅད་ལ་སོང་བར་སྨྲ་བའི་ལྟ་བ་ལ་གསལ་བས་སྟོང་པའི་ཡུལ་ན་དེ་མེད་པའི་ཕྱིར་རོ། །ཐམས་ཅད་ཀྱི་ཐམས་ཅད་མ་སོང་བ་ལ་ཡང་ གསལ་བ་མེད་ན་གསལ་བར་མ་གྱུར་པའི་ཕྱིར་རྣམ་པར་ཤེས་པ་དེ་གྲུབ་པར་བྱེད་པ་མ་ཡིན་ནམ། ཡང་ན་ལྷན་ཅིག་བྱེད་པ་མེད་པའི་ཕྱིར་ཡིན་ཞེས་ངེས་པ་མེད་དོ། །ལྷན་ཅིག་བྱེད་པ་ཉིད་ཡིན་ན་ནི་དེ་གཉི་ག་ལས་སྐྱེ་ལ། གསལ་བས་མངོན་པར་གསལ་བར་གྱུར་པ་ ལས་ཡིན་ན་ནི་སྤྱི་འབའ་ཞིག་ལས་སོ། །སྣང་བའི་དེ་མ་ཐག་པ་ཅན་གྱི་དེ་སྐྱེད་པ་ནི་མ་གྲུབ་སྟེ། ཐ་མི་དད་པའི་ཤེས་པ་ལ་གསལ་བ་ན་མ་གྲུབ་པའི་གསལ་བ་དག་ཁོ་ན་རྣམ་པ་གཅིག་ཏུ་སྣང་བ་འཁྲུལ་པ་སྤྱིའི་ཤེས་པའི་རྒྱུ་མཚན་ཡིན་ནོ་ཞེས་བསྒྲུབ་པ་ན་སྤྱི་དང་ལྷན་ཅིག་པའི་གསལ་བ་ཁོ་ན་ རྟེན་གྱི་དངོས་པོར་འཐད་པ་ཡིན་ནོ་ཞེས་གཞན་འདོད་པ་བསལ་བ་ཡིན་ནོ། །དེ་ནི་རྒྱུ་ཉིད་དུ་མ་གྲུབ་ཀྱང་ཁས་བླངས་ནས་ཉེས་པ་གཞན་བཤད་པ་ནི། དེ་ལྟ་ཡིན་ན་ཞེས་བྱ་བའོ། །ཐ་ག་པའི་ཚུལ་ཡོད་པ་ཡིན་ཡང་གསལ་བ་དག་སྤྱི་ལ་ཕན་འདོགས་ན་ཇི་ལྟ་བློ་གཅིག་ཉིད་ལ་ཕན་འདོགས་པ་མ་ཡིན་ འདི་སྐད་བརྗོད་པ་ཡིན་ཏེ། གསལ་བ་དང་ལྷན་ཅིག་བྱེད་པ་ཅན་གྱི་སྤྱི་ཤེས་པ་བྱེད་པ་ཡིན་ནོ། །གསལ་བ་དེ་དག་གིས་ཕན་བཏགས་པའི་སྤྱི་ཤེས་པ་སྐྱེད་པར་བྱེད་པ་ཡིན་པས་གསལ་བ་ཐ་དད་པ་རྣམས་ལ་ཡང་དོན་གཅིག་ལ་ཕན་འདོགས་པ་ཉིད་ཀྱི་རང་བཞིན་དེ་ཁྱད་པར་མེད་པ་ཡིན་ན། གལ་ ཏེ་འདི་དག་གིས་སྤྱི་ལ་ཕན་འདོགས་པའི་རང་བཞིན་སོ་སོ་རང་གི་རང་བཞིན་ལ་ཁྱད་པར་མེད་པ་ཡོད་ན། རྣམ་པ་དེ་ལྟ་བུའི་རང་བཞིན་དེ་ཉིད་ཀྱི་ཤེས་པ་གཅིག་སྐྱེད་པར་འགྱུར་བ་དང་། དེའི་དམིགས་པ་ཉིད་དུ་འགྲོ་ལ་རག་མོད་དོན་བྱ་བ་གཅིག་བྱེད་པ་མི་འགལ་བས་ན་རང་བཞིན་གཅིག་ལས་མི་ ཉམས་པའི་ཕྱིར་རོ། །བློ་ཉིད་ལ་ཕན་འདོགས་ལ་རག་མོད་སྤྱི་ལ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་འདི་ཉིད་ལ་གཏན་ཚིགས་གཞན་བཤད་པ་ནི། ཕན་པ་གང་ཡིན་པ་འདི་ནི་གསལ་བ་རྣམས་ཀྱི་འབྲས་བུར་འགྱུར་ཏེ། དེའི་ཕྱིར་ཡང་བློ་ལ་ཕན་འདོགས་པར་འགྱུར་གྱི་དེ་ལ་ནི་མ་ཡིན་ནོ། །གལ་ཏེ་ ཕན་པ་འབྲས་བུ་ཡིན་མོད། ཇི་ལྟར་བློ་ལ་འདོགས་ཀྱི་སྤྱི་ལ་ནི་མ་ཡིན་ཞེ་ན། གཏན་ཚིགས་གཞན་ཡང་བཤད་པ་ནི། །ཕན་འདོགས་པ་ནི་སྐྱེད་པ་ཡིན། །ཞེས་བྱ་བའོ། །འདིར་ནི་འདི་ལྟར་འབྲེལ་པ་བརྗོད་པར་འདོད་པ་ཡིན་ཏེ་དེ་ལྟ་མ་ཡིན་ན་འདིའི་ཞེས་བྱ་བ་མི་འཐད་དེ། དེའི་སྒྲ་ཡང་ སྦྱོར་བ་སྲིད་པའི་ཕྱིར་རོ། །ཆ་སྔ་མ་བཤད་པའི་ཕྱིར་སྔོན་བཞིན་དུ་ཞེས་སྨོས་སོ། །སྤྱིའི་རྣམ་པར་ཤེས་པ་དེ་སྐྱེད་པའི་ནུས་པ་གསལ་བ་ལས་མ་སྐྱེས་ན་དེའི་བདག་ཉིད་ལ་བོགས་འབྱུང་བ་མེད་པར་འགྱུར་རོ། །དེས་ན་གསལ་བ་དང་འབྲེལ་པའི་སྔ་རོལ་ན་འདི་དག་ཉིད་ཇི་ལྟ་བ་ཉིད་དུ་གྱུར་པ་དེ་ཁོ་ན་ ལྟར་གལ་ཏེ་གསལ་བ་དང་འབྲེལ་ཀྱང་ཡིན་ན་ནི། དེ་ལས་ཤེས་པ་སྐྱེད་པའི་ནུས་པ་མ་སྐྱེས་པའི་ཕྱིར་དེའི་ཚེ་ཇི་ལྟར་གསལ་བ་རྣམས་ཕན་པས་ནི་འདིའི་ལྷན་ཅིག་བྱེད་པར་འགྱུར། ཕན་པ་འབྲས་བུ་མ་ཡིན་ཡང་གལ་ཏེ་འགའ་ཞིག་ཕན་འདོགས་པར་བྱེད་པ་ཡིན་ན་ནི་ཧ་ཅང་ཐལ་བར་འགྱུར་ རོ། །གལ་ཏེ་ཕན་པ་ལྷན་ཅིག་བྱེད་པ་དག་གིས་བྱད་པའི་ཕྱིར་ཕན་པ་འབྲས་བུ་ཡིན་མོད། གང་གི་སྤྱི་རྟག་པའི་ཕྱིར་དེ་མེད་པས་ན་བློ་ཉིད་ལ་དེར་འགྱུར་བ་ཕན་འདོགས་པ་ཕན་གདགས་པར་བྱ་བའི་སྐྱེད་བྱེད་ཡིན་ནོ་ཞེས་བྱ་བ་ག་ལས་ཞེས་འདོགས་ན། བསྐྱེད་པར་བྱ་བའི་ཕན་པ་དོན་གཞན་ ཡིན་པ་ཡང་སེལ་བ་ནི་ཕན་གདགས་པར་བྱ་བ་ལ་སོགས་པ་དོན་གཞན་ཞིག་བྱེད་ན་ནི། ཕན་པས་ཕན་པ་བྱ་བ་ལ་ཅི་ཞིག་བྱེད། བོགས་གཞན་ཞིག་ཡིན་ན། དེའི་བོགས་མེད་པ་ཁོ་ནའི་བདག་ཉིད་ཡིན་པའི་ཕྱིར་དེ་ལ་ཕན་པ་དེས་ཅི་ཡང་བྱར་མེད་དོ། །གལ་ཏེ་བོགས་གཞན་ཡིན་ཡང་ བདག་ཉིད་དེ་ལ་སྐྱེས་པ་དེས་ན་བོགས་དེས་འདི་བོགས་དང་བཅས་པ་ཁོ་ནར་འགྱུར་བ་མ་ཡིན་ནམ། དེ་ཇི་ལྟར་ན་དེས་དེ་ལ་ཅི་ཞིག་བྱེད་ཅེས་བརྗོད་ཅེ་ན་ཞེས་དོགས་པ་ལ་དེ་དེའི་རྟེན་ཉིད་ཡིན་ན་ཞེས་སྨོས་ཏེ། སྤྱི་དེ་དེའི་རྟེན་ཉིད་ཡིན་ན་ཕན་པའི་རྟེན་ཉིད་ཡིན་ན་ཞེས་གཞན་གྱི་གཞུང་རྗེས་ སུ་བརྗོད་ནས་ཕན་འདོགས་པ་མེད་པ་ལ་ཞེས་བྱ་བས་སེལ་བར་བྱེད་དོ། །ཕན་འདོགས་པ་མེད་པ་གང་ཡིན་པ་དེ་ནི་རྟེན་མ་ཡིན་ལ་བརྟེན་པ་ཡང་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །བརྟེན་པས་ཀྱང་ཕན་བཏགས་ནས་རྟེན་རྟེན་ཉིད་དུ་འགྱུར་བ་ཡིན་ལ་རྟེན་གྱིས་ཀྱང་ཕན་བཏགས་པས་བརྟེན་པ་ཉིད་ ཡིན་ནོ་ཞེས་ཁར་གཞོང་དང་རྒྱ་ཤུག་རྣམ་འགྲེལ་དུ་བཤད་པར་འགྱུར་རོ། །དེས་ན་ཕན་འདོགས་པ་མ་ཡིན་པ་གང་ཡིན་པ་དེ་ནི་རྟེན་ཡང་མ་ཡིན་བརྟེན་པ་ཡང་མ་ཡིན་པའི་ཕྱིར་ན་ཕན་འདོགས་པ་མེད་པ་ལ་རྟེན་དང་བརྟེན་པའི་དངོས་པོ་ཅི་ཡང་མེད་དོ། །ཕན་འདོགས་པ་མེད་པ་ལ་རྟེན་དང་ བརྟེན་པའི་དངོས་པོ་ཇི་ལྟར་མེད་པ་ནི་མདུན་ནས་སྟོན་པར་འགྱུར་རོ། །ཕན་པ་བྱས་པའི་རང་བཞིན་གྱི་ཁྱད་པར་མེད་ཀྱང་རྟེན་དང་བརྟེན་པའི་དངོས་པོ་ཡིན་ན་ནི་ཧ་ཅང་ཐལ་བར་འགྱུར་རོ། །དེ་སྟེ་ཕན་འདོགས་པ་ཡོད་དོ་ཞེ་ན་དེའི་ཚེ་རྟེན་ལས་ཀྱང་བརྟེན་པ་སྐྱེ་བ་ཡིན་ པའི་ཕྱིར་དེ་ཉིད་ལས་ཕན་པ་འབྱུང་བའམ། གསལ་བས་དེ་བྱེད་པའི་ཕྱིར་ཕན་འདོགས་པས་ཅི་ཞིག་བྱ། འབྲེལ་པ་ནི་སྐྱེ་བའོ། །སྤྱི་འབའ་ཞིག་གིས་བདག་ཉིད་ལ་བརྟེན་པའི་ཕན་པ་སྐྱེད་པར་མི་ནུས་ཏེ། དེས་ན་གསལ་བ་ལ་ལྟོས་ནས་དེ་སྐྱེད་པའི་ཕྱིར་གསལ་བས་ཕན་འདོགས་པར་ བྱེད་པ་ཡིན་ནོ་ཞེས་འདོགས་ན། དེ་ལས་སྐྱེ་བའི་ཆོས་ཅན་ནི་ཞེས་སྨོས་སོ། །ལྟོས་པ་ཞེས་བྱ་བ་ནི་ཅི་ཞིག་ཡིན། སྤྱི་ལ་ནི་དེ་མི་འཐད་དེ་གང་གི་ཕྱིར་ལྟོས་པར་བྱ་བ་དེ་ལས་སྐྱེ་བའི་ཆོས་ཅན་ནི་ལྟོས་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན་རང་བཞིན་འབྲེལ་པའི་ཕྱིར་རོ། །དེས་ན་བསྒྲུབ་པར་བྱ་བའི་རང་ བཞིན་ནི་དེ་ཉིད་ལས་སྐྱེ་བའི་ཕྱིར་དེ་ལ་ལྟོས་པར་རིག་པའི་ཕྱིར་རོ་ཞེས་ཀྱང་སྟོན་པར་འགྱུར་རོ། །འདི་ཡང་ཇི་ལྟར་ཞེས་དོགས་ན་རྣམ་པ་གཞན་མེད་པ་འཆད་པ་ནི། བོགས་དབྱུང་དུ་མེད་པ་ཅན་གྱི་བདག་ཅན་ཞེས་སྨོས་ཏེ། དེ་ལས་དེའི་རང་བཞིན་སྐྱེས་པ་མེད་པས་ནི་དེ་ལ་ལྟོས་པར་འགལ་ བའི་ཕྱིར་རོ། །དེ་ལྟ་བས་ན་ཞེས་བྱ་བས་ནི། བསྒྲུབ་པར་བྱ་བ་མཇུག་སྡུད་པའོ། །གང་ཅུང་ཟད་ཅེས་བྱ་བ་ནི་དེ་ཉིད་ཁྱད་པར་བྱེད་པར་བྱ་བ་སྟེ། གཉུག་མ་ནི་རྟེན་དང་བརྟེན་པའི་དངོས་པོ་ལྟོས་པར་བྱ་བ་ཉིད་ཡིན་ལ། གང་ཅུང་ཟད་གསལ་བ་བྱེད་པ་ལ་སོགས་པ་གཞན་གང་ཡིན་པ་དེ་ ཐམས་ཅད་ཀྱང་བསྐྱེད་པར་བྱ་བའི་བདག་ཉིད་དོ། །གཞན་གྱི་དངོས་པོ་ཞེས་བྱ་བའི་གཏན་ཚིགས་མཇུག་སྡུད་པའོ། །དེས་ན་དེ་ལྟར་བསྒྲུབ་བྱ་དང་སྒྲུབ་བྱེད་ཀྱི་མཇུག་བསྡུས་ནས་སྐབས་ཉིད་མཇུག་སྡུད་པ་ནི། དེའི་ཕྱིར་གསལ་བས་ཞེས་བྱ་བ་ཡིན་ཏེ། འདི་དེ་རྣམས་ཀྱི་འབྲས་བུར་ འགྱུར་ཞེས་བྱ་བར་གྲུབ་པོ། །གསལ་བ་ལ་མི་ལྟོས་ན་ཡང་གསལ་བ་རྣམས་རྣམ་པར་ཤེས་པ་དེའི་གཟུང་བ་མ་ཡིན་པར་འགྱུར་རོ་ཞེས་བཤད་པ་ནི། འབའ་ཞིག་གིས་ཞེས་བྱ་བ་ཡིན་ནོ། །དེ་ལྟར་ནི་མི་འཐད་དོ་ཞེས་བྱ་བ་ནི་བསྟན་ཟིན་ཏོ། །དེ་ལྟར་རྗེས་སུ་འགྲོ་བ་དང་ལྡོག་པའི་ རྗེས་སུ་བྱེད་པའོ། །མི་འགྱུར་བའི་ཕྱིར་དང་སྤྱི་ལ་ཕན་འདོགས་པར་བྱེད་པ་ཉིད་མི་སྲིད་པའི་ཕྱིར་དང་། གསལ་བ་རྣམས་ནུས་པ་མེད་པར་བསྒྲུབས་པ་ན་ཕ་རོལ་པོ་དག་ཇི་སྐད་དུ་བརྗོད་པའི་ཚུལ་དོར་ནས་ནུས་པར་སྨྲས་པ་ནི་གལ་ཏེ་རྣམ་པར་ཤེས་པ་ལ་སྣང་བའི་ཕྱིར་ཞེས་བྱ་བའོ། །དངོས་པོ་ གཅིག་དང་ལྷན་ཅིག་པའི་གསལ་བ་རྣམས་ཐ་མི་དད་པའི་ཤེས་པའི་གཞིར་འགྱུར་བ་ཞེས་བྱ་བ་འདི་ཙམ་ཉིད། དེ་ལ་འདི་རྣམས་ཀྱི་ནུས་པ་ཡིན་གྱི་གང་གིས་ན་དེ་མི་སྲིད་པའམ། མི་སྲིད་པས་ན་ནུས་པ་མེད་པར་འགྱུར་བ་དེ་ཡོད་ན་ཡོད་པ་ལས་ནི་མ་ཡིན་ནོ། །ཡུལ་གྱི་རྣམ་པར་ཤེས་པ་ལ་ ནུས་པ་ནི་ཡུལ་དུ་འགྱུར་བ་ཁོ་ན་ཡིན་གྱི། གཞན་འགའ་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་བསམ་པའོ། །དེ་མ་ཡིན་ནོ་ཞེས་འཆད་པ་ནི། ཕན་འདོགས་པར་མ་གྲུབ་པ་ཅན་རྣམས་ཞེས་བྱ་བའོ། །གང་གིས་ཡུལ་ཉིད་ནུས་པ་ཡིན་པར་འགྱུར་བ་རྣམ་པར་ཤེས་པ་མི་སྐྱེད་པ་ནི་དོན་ཤེས་ པའི་ཡུལ་དུ་འགྱུར་བ་མ་ཡིན་ནོ། །ཇི་ལྟར་ཞེ་ན་འདི་ལྟར་ཞེས་སྨོས་ཏེ་གལ་ཏེ་དོན་སྐྱེད་པར་བྱེད་པ་མ་ཡིན་བཞིན་དུ། ཤེས་པ་ཉིད་གྲུབ་པའི་ཡུལ་འཛིན་པའི་ནུས་པས་འཛིན་པར་བྱེད་པ་ཡིན་ན་ནི། ཐམས་ཅད་འཛིན་པ་ཉིད་དུ་འགྱུར་བའི་ཕྱིར་ཐམས་ཅད་ཀྱིས་ཐམས་ཅད་ཤེས་ པར་འགྱུར་ཏེ། དེས་ན་ཧ་ཅང་ཐལ་བར་འགྱུར་རོ། །དེས་ན་ཕན་པར་བྱེད་པ་མ་ཡིན་པ་ནི་ཡུལ་མ་ཡིན་ནོ། །གལ་ཏེ་ཡུལ་མ་ཡིན་ནོ་ཞེ་ན་ནི་མི་སྣང་བས་ན་དེ་ཇི་ལྟར་སྣང་བའི་ཕྱིར་ནུས་སོ་ཞེས་ཇི་ལྟར་བརྗོད། གལ་ཏེ་ཡུལ་ནི་རིག་པར་བྱ་བ་ཡིན་ལ། དེ་ཡང་ཕན་འདོགས་པར་བྱེད་པ་ཁོ་ན་ཡིན་པའི་ཕྱིར་དྲན་པ་དང་འདས་ པ་དང་མ་འོངས་པའི་རྟོགས་པ་དང་། རི་བོང་གི་རྭ་ལ་སོགས་པའི་ཤེས་པ་རྣམས་ལ་རིག་པ་ཇི་ལྟ་བ་བཞིན་གྱི་ཡུལ་འགའ་ཡང་མེད་པར་འགྱུར་རོ་ཞེས་སྨྲས་པ་ནི། གལ་ཏེ་ཕན་པ་མེད་པ་ཞེས་བྱ་བ་ཡིན་ནོ། །དེ་ལ་ཤེས་པ་དེ་ནི་ཡུལ་མེད་པ་ཁོ་ནའོ་ཞེས་བཤད་པ་ནི། དེ་དག་གི་ ཤེས་པ་རྣམས་ཡུལ་མེད་དུ་ཟད་མོད་ཅེས་བྱ་བ་ཡིན་ནོ། །ཡུལ་གྱིས་བྱས་པའི་ཡུལ་གསལ་བ་ཉིད་དང་ལྡན་པ་ཡིན་ན་ནི། ཡུལ་གྱིས་ཕན་མ་བཏགས་པའི་རྣམ་པར་ཤེས་པ་རྣམས་ཡུལ་གསལ་བ་མ་ཡིན་པའི་ཕྱིར་རོ། །རང་ཉིད་ཀྱིས་གྲུབ་པའི་དེ་ལ་གསལ་བ་ཡོད་པའི་རྣམ་ པར་ཤེས་པ་རྣམས་ནི་དེའི་ཕན་པ་ལ་ལྟོས་པ་མེད་པ་སྟེ། དཔེར་ན་ཐམས་ཅད་མཁྱེན་པའི་མཁྱེན་པ་བཞིན་ནོ། །གལ་ཏེ་ཡུལ་མེད་པ་ཅན་ཡིན་ན་འོན་ཏེ་དེ་དག་གིས་ཅི་རིག་ཅེ་ན། ཡུལ་མེད་དུ་ཟིན་ཀྱང་ཞེས་སྨོས་སོ། །དེ་ལྟ་བུའི་རྒྱུ་མཚན་གྱིས་བསྐྱེད་པ་རང་གི་ བདག་ཉིད་དུ་གྱུར་པའི་སྣང་བ་དང་ལྡན་པ་ན་འདིར་འགའ་ཞིག་སྣང་བ་བཞིན་དུ་རྟོགས་པ་ཡིན་ནོ། །འདི་ལ་ཕྱི་རོལ་གྱི་རིག་པར་བྱ་བ་ནི་ཡོད་པ་མ་ཡིན་གྱི། འོན་ཀྱང་རང་གི་རིག་པ་རང་བཞིན་དུ་གྱུར་པ་ནའོ། །ཤེས་པའི་སྣང་བ་དེ་ནི་དེའི་དུས་ཉིད་ཡིན་མོད་ཀྱི་ལྷག་པར་ཞེན་པའི་དབང་གིས་ འདས་པ་དང་མ་འོངས་པ་དང་རི་བོང་གི་རྭ་ལ་སོགས་པ་ཡུལ་དུ་ངེས་པ་ཡིན་ནོ། །གང་གིས་ན་སྣང་བའི་ཕྱིར་གསལ་བ་རྣམས་ཀྱི་ནུས་པ་ཡིན་ནོ་ཞེས་བརྗོད་པ་སྣང་བ་ཞེས་བྱ་བ་ནུས་པའི་རྒྱུ་མཚན་མ་ཡིན་ནོ་ཞེས་བཤད་པ་ནི། ཡོད་པ་དང་མེད་པའི་ཞེས་བྱ་བའོ། །གང་ཞིག་གང་ཡོད་ན་ཡོད་པ་ དང་། གང་མེད་ན་ནི་མེད་པ་དེར་ནུས་པ་ཡིན་ནོ་ཞེས་ནུས་པའི་དེ་ཁོ་ན་ཉིད་ཡིན་གྱི། སྣང་བ་ཞེས་བྱ་བ་ནི་ནུས་པ་མ་ཡིན་ནོ། །ནུས་པ་ཉིད་རྒྱུ་ཉིད་ཡིན་པར་བརྗོད་པ་ཡིན་ནོ། །དེ་ལ་དེ་སྣང་བ་ཙམ་གྱིས་མི་ནུས་པ་ཡིན་ནོ། །གལ་ཏེ་ཡུལ་རྒྱུ་ཡིན་ན། སྣང་བ་ཡོད་པ་དང་མེད་པའི་རྗེས་སུ་བྱེད་ པ་ཁོ་ནའོ། །རྒྱུ་མ་ཡིན་པ་ཉིད་ཡིན་ན་ཡང་སྣང་བ་ཙམ་ཁོ་ནར་ཟད་ཀྱི་ནུས་པ་ནི་མ་ཡིན་ནོ། །དེ་ཉིད་གཞུང་འཛུགས་པའི་ཕྱིར། མི་སྣང་ཡང་ནུས་པ་དང་སྣང་ཡང་མི་ནུས་པ་སྟོན་པ་ནི་གསལ་བ་ལས་མ་རྟོགས་པ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །སྤྱིའི་བློ་ཁྲ་བོར་སྣང་བར་ཁས་བླངས་ པའི་ཕྱིར་སྤྱི་རང་བཞིན་གཞན་གྱིས་དབེན་པར་མི་སྣང་བ་ཁོ་ནའོ། །དེ་ལྟ་ན་ཡང་དེ་ནི་ཡོད་པ་ཁོ་ན་ཡིན་ཏེ། ཡོད་པ་ཉིད་ནི་ནུས་པའི་ཁྱད་པར་ཅན་ཡིན་པའི་ཕྱིར། ཡོད་པའི་ཕྱིར་ཞེས་འཆད་པས་ནི་དེ་ཤེས་པ་དེ་ལ་ནུས་པ་ཉིད་དོ་ཞེས་བརྗོད་པ་ཡིན་ཏེ། ཤེས་པ་འདི་ནི་དེ་ལས་འབྱུང་བའི་ཕྱིར་ རོ། །གལ་ཏེ་ཁྲ་བོའི་སྣང་བའི་ཤེས་པ་ལ་མི་སྣང་བར་མ་གྲུབ་སྟེ། ཐ་དད་པར་མི་སྣང་བ་ཙམ་དུ་ཟད་པའི་ཕྱིར་རོ་ཞེས་དོགས་པ་བསུ་ནས། སྣང་ཡང་ནུས་པ་མེད་པར་སྟོན་པར་བྱེད་པ་ནི། སྐྲ་ཤད་ལ་སོགས་པ་ཞེས་བྱ་བའོ། །སྐྲ་ཤད་ལ་སོགས་པ་ཉམས་པ་ནི་སྣང་བ་ཡིན་ན། དེ་ དག་ཡོད་པ་ནི་མ་ཡིན་ཏེ་དེས་ན་མི་ནུས་སོ། །དེས་ན་རྣམ་པར་ཤེས་པ་ལ་སྣང་བའི་ཕྱིར་གསལ་བ་རྣམས་ནུས་པ་ཡིན་ནོ་ཞེས་བྱ་བ་མི་རིགས་སོ། །ངོ་ཤེས་པ་ནི་འཁྲུལ་པ་ཁོ་ན་དོན་ལས་སྐྱེ་བ་ཡིན་ནོ་ཞེས་གཞན་གྱིས་ཀྱང་ཁས་བླང་དགོས་ཏེ་སྤྱིའི་ཤེས་པ་ཁྱད་པར་གྱི་ཡུལ་ཅན་དུ་ཡང་ཁས་ལེན་ པའི་ཕྱིར་རོ་ཞེས་རྣམ་པར་གཞག་པ་ན། དངོས་པོ་གཅིག་དང་ལྷན་ཅིག་པ་ཉིད་ཡིན་ན། གསལ་བ་རྣམས་ཤེས་པ་གཅིག་གི་ཡུལ་ཉིད་དུ་འཐད་དོ་ཞེས་བྱ་བ་གཞན་གྱི་ཕྱིར་ཟློག་པ་མི་འཐད་པས་ལན་བཏབ་པ་ཡིན་ནོ། །དེ་ནི་དེའི་སྟོབས་ཀྱིས་སྤྱི་ཀུན་དུ་རྟོགས་པའི་དོན་དུ་ངོ་ཤེས་པ་དེ་ཉིད་ཇི་ལྟ་ བུར་གྱུར་པ་གང་ཡིན་པ་དེ་བསྟན་པའི་ཕྱིར་རྩོད་པར་བྱེད་པ་སློང་བར་བྱེད་པ་ནི། གལ་ཏེ་ཐ་དད་མིན་སྣང་བློ། །ཞེས་བྱ་བས་སོ། །གསལ་བ་རྣམས་འབྲས་བུ་ཤེས་པ་ཅིག་བྱེད་དུ་ཆུག་མོད། འོན་ཀྱང་རང་བཞིན་གཅིག་པ་འདི་ལ་ཤེས་པ་འདི་ཇི་ལྟར་སྣང་བ་དེ་ལྟ་བུར་གྱུར་པ་ནི་རང་གི་མཚན་ཉིད་རྣམས་ལ་ མེད་པ་དེས་ན་ཇི་ལྟར་དེ་ཡུལ་ཡིན་ན་བློ་འདི་ཐ་དད་པ་མེད་པར་སྣང་བ་ཞེས་བྱ་བ་གལ་ཏེ་འདོད་ནའོ། །འདི་ཉིད་བཤད་པ་ནི་དུ་མས་ཞེས་བྱ་བ་ཡིན་ཏེ་འདི་ལ་ད་ལྟར་བདག་ཅག་ལོག་པར་རྟོགས་པ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །རྩོད་པའི་ཡུལ་སྨྲས་པ་ན། འོ་ན་ཅི་ཞེ་ན་ཞེས་བྱའོ། །དེ་དག་གི་ རྣམ་པར་གཞག་པ་ཅན་ཞེས་བྱ་བ་ནི་ཐ་དད་པའི་རྣམ་པར་གཞག་པ་སྟེ། དེ་ལྟ་མ་ཡིན་ན་ཡུལ་ཉིད་མི་སྲིད་པའི་ཕྱིར་རོ། །དེས་ན་ཇི་ལྟར་ཐ་མི་དད་པར་སྣང་བར་གྱུར། དེས་ནི་ཤེས་པ་འདི་གསལ་བ་རྣམས་ལས་སྐྱེ་བ་ཡིན་ཡང་དམིགས་པའི་རང་བཞིན་རྣམ་པར་དཔྱད་ན་སྤྱི་ཡུལ་ཡིན་པར་ འགྱུར་རོ་ཞེ་ན། འདི་ལ་རེ་ཞིག་བློའི་རྣམ་པ་ཐ་དད་པ་དེ་ཞེས་རྟོགས་པ་ནི་རང་གི་ངོ་བོ་རྣམ་པར་དཔྱད་པའམ་བརྩམས་པ་ཁོ་ནར་རྣམ་པར་གཞག་པའི་ལུགས་ལ་ལྟོས་ནས་རྩོད་པ་མི་འཇུག་པ་ཉིད་དུ་སྟོན་པ་ནི། སྤྱི་འཛིན་པ་རྣམས་ལ་ནི་ཞེས་བྱ་བ་སྟེ། དངོས་སུ་ཐ་དད་པ་རྣམས་ལ་ཐ་མི་ དད་པར་སྣང་བའི་བློ་མེད་དེ་དེས་ན་འདི་ནི་བརྩད་པར་མི་བྱ་བ་ཉིད་དོ། །དེ་ལྟར་ཡོད་ན་ནི་ཐལ་བ་འདི་སྤྱི་ཀུན་དུ་སྤྱོད་པའི་རྒྱུ་མཚན་དུ་འགྱུར་བ་ཁོ་ནའོ། །འདི་ལྟར་ཐ་མི་དད་པར་སྣང་བའི་བློ་ནི་རང་གི་མཚན་ཉིད་ཀྱི་ཡུལ་ཅན་མ་ཡིན་ཏེ། དེ་ལ་རང་གི་མཚན་ཉིད་རིག་པ་མེད་པའི་ཕྱིར་རོ། ། དེ་ཇི་ལྟར་ཞེ་ན་བཤད་པ་རང་གི་མཚན་ཉིད་མེད་ཀྱང་སྤྱིའི་བློ་དག་ཡོད་པའི་ཕྱིར་རོ། །དེ་དག་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་མེད་པ་ཁོ་ནར་དེ་འཛིན་པ་ཡང་མ་ཡིན་ནོ་ཞེས་འཆད་པ་ནི། རང་གི་རྣམ་པར་ཤེས་པ་ལ་ཞེས་བྱ་བའོ། །གལ་ཏེ་རྒྱུའི་ཁྱད་པར་གྱིས་ ཅིག་ལ་ཡང་སྣང་བ་ཐ་དད་པར་འགྱུར་བའི་ཕྱིར་དངོས་པོ་གཅིག་ཁོ་ན་སྒྲས་རྣམ་པ་གཞན་དུ་རྟོགས་པར་བྱེད་ལ། དབང་པོས་ཀྱང་རྣམ་པ་གཞན་དུ་སྟེ། རིང་བ་དང་ཉེ་བའི་ཡུལ་ན་གནས་པའི་འཇལ་བ་པོས་ཡུལ་དུ་བྱས་པའི་དངོས་པོ་གཅིག་བཞིན་ནོ་ཞེ་ན། འདི་ནི་བྱིས་པའི་གཏམ་སྟེ། དངོས་པོ་གཅིག་ཁོ་ན་རིག་པར་བྱ་བ་ཡིན་ན། རྒྱུ་ཐ་དད་ཀྱང་དངོས་པོ་དེ་ཐ་མི་དད་པའི་ཕྱིར་སྣང་བ་ཐ་དད་མི་སྲིད་པའི་ཕྱིར་རོ། །ཐ་དད་ན་ཡང་དངོས་པོ་དེ་སྣང་ངོ་ཞེས་བྱ་བར་མི་འགྱུར་རོ། །འོ་ན་ཇི་ལྟར་རིང་བ་དག་ལ་གསལ་བ་དང་མི་གསལ་བའི་རྣམ་པར་དབྱེ་བར་འགྱུར་ཞེ་ན། ཇི་སྐད་ བརྗོད་པའི་མྱོང་བས་རིག་པར་བྱ་བའི་རང་བཞིན་རྣམ་པར་དཔྱད་ན་འཐད་པ་ཇི་ལྟ་བ་དེ་ཁོ་ན་ལྟར་ངེས་པར་བྱའོ། །གཅིག་ཏུ་རྣམ་པར་རྟོག་པས་ཤེས་པར་བྱ་བའི་རང་བཞིན་ཡང་རང་གི་མཚན་ཉིད་ལ་ཡོད་པ་མ་ཡིན་ནོ་ཞེས་འཆད་པ་ནི་གཅིག་ལ་རྣམ་པ་དུ་མ་ལ་སོགས་པའོ། །རྣམ་པ་དུ་མ་གཅིག་ཡིན་ན་ནི་སྣ་ ཚོགས་བདག་ཉིད་གཅིག་ཏུ་འགྱུར་རོ་ཞེས་བྱ་བ་ནི་ཧ་ཅང་ཐལ་བར་འགྱུར་རོ། །དེས་ན་དངོས་སུ་ན་ཐ་མི་དད་པར་སྣང་བ་འདི་ནི་རང་གི་མཚན་ཉིད་ཀྱི་ཡུལ་ཅན་མ་ཡིན་ནོ་ཞེས་བཤད་པ་ནི་དེའི་ཕྱིར་ཞེས་བྱ་བའོ། །འོ་ན་ཇི་ལྟར་ངོ་ཤེས་པ་འདི་གསལ་བའི་ཡུལ་ཅན་ཉིད་དུ་བརྗོད་དེ། གང་གིས་ན་གཞན་གྱི་ལྟར་ན་ ཞེས་བྱ་བས། སྤྱི་སྨྲ་བ་སྒྲུབ་པར་བྱེད་པ་ན་དེ་མི་སྣང་ཡང་ལྷག་པར་ཞེན་པའི་འཁྲུལ་པས་ཞེས་སྨོས་སོ། །ཐ་མི་དད་པའི་བློ་ལ་དོན་ཐ་དད་མི་སྣང་ཡང་ངོ་། །ལྷག་པར་ཞེན་པའི་འཁྲུལ་པ་ཉིད་བསྟན་པར་བྱ་བའི་ཕྱིར་དེ་ལ་སྣང་བའི་རྣམ་པ་ནི་ཞེས་སྨོས་སོ། །ཐ་མི་དད་པའི་བློ་ལ་སྣང་བའི་རྣམ་ པ་ནི་ཐ་མི་དད་པ་ཁོ་ན་ཡིན་པའི་ཕྱིར་རོ། །དེ་ནི་དོན་རྣམས་ལ་ཡོད་པ་མ་ཡིན་ཏེ། ཐ་དད་པའི་ཐ་མི་དད་པ་ཉིད་ནི་མ་གཏོགས་སོ། །འོ་ན་ནི་ཐ་མི་དད་པའི་རང་བཞིན་དེ་དངོས་པོ་རྣམས་ལ་ཡོད་པར་འགྱུར་རོ་ཞེ་ན། བཤད་པ། ཐ་དད་པ་དེ་མེད་པའི་ངོ་བོ་ཡིན་ཏེ། དེ་སྲིད་པ་ཙམ་གྱིས་ནི་ཐ་མི་ དད་པའི་རྣམ་པ་ཁས་བླངས་པ་མ་ཡིན་ནོ། །དེ་ཁོ་ན་ཞེས་བྱ་བ་ནི་ཐ་དད་པ་ཐ་དད་པ་ཉིད་དོ། །འཛིན་པའི་ཚིག་སྦྱར་བ་ནི་རྣམ་པ་དེ་ལྟ་བུའི་རང་བཞིན་དུ་ཀུན་དུ་རྟོགས་པས་སྒྲོ་བཏགས་པས་དངོས་པོ་རྣམས་ཐ་དད་པ་ཉིད་དུ་གྱུར་པས་ལྷག་པར་ཞེན་པ་ལ་ལྟོས་ཏེ་རྣམ་པ་དེ་ལྟ་བུའི་ཡུལ་དུ་གྱུར་པའི་ ཕྱིར་ཞེས་འདི་ཐམས་ཅད་ནི་སྔར་བཤད་ཟིན་ནོ། །སྤྱི་དོན་ཀྱང་གཞན་གྱི་ལྟར་ན་འང་བློ་དེ་ནི་ཞེས་བྱ་བ་ལ་སོགས་པའི་ཚུལ་གྱིས་ཉེས་པ་འདི་མཚུངས་སོ་ཞེས་སྟོན་པ་ནི་གཞན་ཡང་ཞེས་སྨོས་ཏེ། དེའི་ལྟར་ཡང་ཐ་མི་དད་པར་སྣང་བའི་བློས་གསལ་བ་ཡུལ་དུ་བྱེད་པ་ཡིན་ནོ། །ལན་དུ་མཚུངས་ པ་མ་ཡིན་ཏེ་ཞེས་སྨོས་སོ། །དེ་ལ་ནི་ཞེས་བྱ་བ་ལ་ནི་དེ་དག་ལ་སྤྱི་ཐ་མི་དད་པ་ཡང་ཡོད་པ་ཡིན་ཏེ། དེས་ན་གསལ་བ་རྣམས་ལ་ཐ་མི་དད་པའི་བློ་མི་འཐད་པ་མ་ཡིན་ནོ་ཞེ་ན། དེ་དགག་པའི་ཕྱིར་དེ་ལ་ཡོད་ཀྱང་སྨོས་སོ། །སྔར་གྱི་གཞན་གྱི་ལྟར་ན་འང་བློ་དེ་ནི་ཞེས་བྱ་བས་ནི་ཐ་མི་དད་པར་རོ་ གཅིག་པ་ཅན་དུ་སྣང་བའི་རིག་པ་གཉིས་མཚོན་པ་མེད་པ་ཅན་ནི་གསལ་བའི་ཡུལ་ཅན་དུ་ཁས་བླང་བར་བྱ་བ་ཡིན་ནོ་ཞེས་ཉེས་པ་བཀལ་བ་ཡིན་ན་རྣམ་པ་དེ་ཡང་སྤྱིའི་རང་བཞིན་ནམ་གསལ་བའི་རང་བཞིན་ཞེས་གཏན་ལ་མ་ཕེབས་པ་ཡིན་ནོ། །དེ་འདིར་ནི་འདི་ལྟར་ངེས་པ་ཡིན་ཏེ་ཐ་མི་དད་ པར་སྣང་བའི་བློ་དེ་ལ་ནི་ཡོད་པར་ཁས་བླང་ཀྱང་སྤྱི་དེ་ལ་སྣང་བར་རྟོགས་པ་མེད་དོ། །གང་གི་ཕྱིར་ཐ་མི་དད་པར་སྣང་བའི་བློ་ནི་གཟུགས་དང་དབྱིབས་སུ་སྣང་བ་དང་ལྡན་པར་རྟོགས་པ་ཡིན་ནོ། །ཐ་དད་པར་སྣང་བ་དབང་པོའི་འམ་འོན་ཏེ་གཞན་ཡིན་པར་འགྱུར། གཉི་ག་ལ་ཡང་ གཟུགས་དང་དབྱིབས་ལས་མ་གཏོགས་པ་གཞན་ནི་སྣང་བ་མེད་དོ། །གང་དུ་ཐ་མི་དད་པར་རྟོགས་པ་དེ་ནི་གཟུགས་ལ་སོགས་པ་དེ་ཉིད་ཐ་དད་པར་སྣང་ངོ་། །སྤྱི་ནི་དེ་ལྟ་བུ་མ་ཡིན་ཏེ། །གཟུགས་ལ་སོགས་པ་དག་ནི་ཡོན་ཏན་དུ་ཁས་བླངས་པའི་ཕྱིར་རོ། །གང་ཞིག་སྤྱིར་འགྱུར་བ་ དེ་ལས་མ་གཏོགས་པའི་ཐ་མི་དད་པ་གཞན་ནི་སྣང་བ་མེད་དོ། །དེ་ལ་སྤྱིར་ཐ་མི་དད་པར་སྣང་བས་ཀྱང་སྤྱི་གཞན་མི་འགྲུབ་པོ། །འོ་ན་ནི་རྣམ་པ་སྤྱིར་ཁས་བླངས་ན་ཐ་མི་དད་པར་སྣང་བ་དེ་ལྟ་བུར་གྱུར་པ་དེ་ཉིད་སྤྱི་ཡིན་པ་ལ་རག་མོད་ཅེ་ན་རྣམ་པ་སྤྱི་ཡིན་པར་སྨྲ་བ་ལ་སོགས་པ་སྨོས་སོ། ། སྤྱི་ཁྱད་པར་ལས་ཐ་མི་དད་པའི་ཕྱིར་ཁྱད་པར་བཞིན་དུ་སྤྱི་ཡང་ཁྱད་པར་གཞན་ལ་མི་འཇུག་པས་ན་རྗེས་སུ་སོང་བའི་རང་བཞིན་གཅིག་གིས་སྟོང་པའི་གསལ་བ་རྣམས་ཐ་དད་པའི་ཕྱིར་ཐ་མི་དད་པའི་བློ་མི་སྲིད་པར་འགྱུར་རོ། །དེ་ལྟར། གལ་ཏེ་ཐ་དད་མི་སྣང་བློ། །ཞེས་རྩོད་པ་འདི་རྣམ་པར་ གཞག་པའི་གྲུབ་མཐའ་ལ་ལྟོས་ཏེ་འཇུག་པ་མེད་པ་ཉིད་དུ་བསྟན་ནས། གང་གིས་འདི་ཉེ་བར་བཀོད་པ་དེ་ཉིད་ཉེ་བར་སྟོན་པས་ཐ་མི་དད་པར་སྣང་བ་ཉིད་སྣང་བ་སྤངས་པའི་ཕྱིར་ཡང་ན་ཞེས་སྨོས་སོ། །ཐ་མི་དད་པར་སྣང་བའི་བློ་ཐ་དད་པ་རྣམས་ལ་མི་འཐད་དོ་ཞེས་སྨྲས་པ་ན་ཐ་མི་དད་པར་སྣང་བའི་བློ་ནི་ ཐ་དད་པ་རྣམས་ལ་མེད་པ་ཁོ་ན་སྟེ། དེ་ནི་རང་གི་མཚན་ཉིད་ཀྱི་ཡུལ་ཅན་མ་ཡིན་པའི་ཕྱིར་རོ་ཞེས་མདོས་མ་ཟིན་པ་ཉིད་ཀྱིས་ལན་བཏབ་པོ། །དེ་ཁས་བླངས་ཀྱང་མདོས་ལན་འདེབས་པ་ནི་བློ་དེའི་ཐ་དད་པ་རྣམས་ཡིན་དུ་ཟད་དེ་ཐ་དད་པར་སྣང་བ་ཉིད་འགའ་ཡང་མེད་དོ། །ཇི་ལྟར་སྣང་བ་ཐ་དད་ཅེ་ན། བཤད་པ། ཐ་དད་པ་དེ་དག་མཚུངས་ཞེས་འཛིན་ཕྱིར་རོ། །ཐ་མི་དད་པར་སྣང་བ་གཅིག་ཏུ་སྣང་བ་ཡིན་གཅིག་ཉིད་སྣང་བ་ནི་མཚུངས་སོ་ཞེས་བྱ་བར་སྣང་བ་མ་ཡིན་ཏེ། ཕན་ཚུན་ཐ་དད་པ་གཉིས་སྣང་བ་ན་འདིར་ནི་འདི་དང་མཚུངས་སོ་ཞེས་རྟོགས་པར་གྲུབ་པའི་ཕྱིར་རོ། །ཐ་མི་དད་པ་ལ་ནི་ དེ་ལྟར་རྟོགས་པ་མ་ཡིན་ནོ། །ནང་པར་དམིགས་པའི་བུམ་པ་དགོངས་ཀ་དམིགས་པ་ན། དེ་དང་མཚུངས་སོ་ཞེས་རྟོགས་པ་ནི་མེད་ཀྱི་འོན་ཀྱང་དེ་ཉིད་དོ་ཞེས་བྱ་བར་རོ། །དེས་ན་མཚུངས་སོ་སྙམ་པས་འཇུག་པའི་བློ་ལ་ནི་ཐ་དད་པར་སྣང་བ་ཉིད་མེད་པའི་ཕྱིར་ཐ་དད་པའི་ཡུལ་ཅན་ཉིད་དུ་མི་ འགལ་ལོ། །གལ་ཏེ་འདི་བ་ལང་ཡིན་ལ་འདི་ཡང་བ་ལང་ཡིན་ནོ་སྙམ་དུ་རྟོགས་པ་སྐྱེ་བ་ཡིན་གྱི། མཚུངས་སོ་ཞེས་བྱ་བར་ནི་མ་ཡིན་པར་མ་ཡིན་ནམ་ཞེ་ན། བདེན་ཏེ། འོན་ཀྱང་འདི་ཉིད་སྤྱིའི་རྟོགས་པར་བརྗོད་པ་ཡིན་ཏེ། ཕ་རོལ་པོས་སྤྱི་གཞན་དང་ལྡན་པ་ལས་མཚུངས་པར་བྱས་པའི་ དངོས་པོ་རྣམས་ཁོ་ན་ལ་རྣམ་པ་འདི་ལྟ་བུའི་ཤེས་པ་ཁས་བླངས་པའི་ཕྱིར་རོ། །དེར་ཡང་ཐ་མི་དད་པར་སྣང་བ་ཉིད་ཡོད་པ་མ་ཡིན་ཏེ། འདི་བ་ལང་འདི་འདྲ་བ་ལ་དེ་ཞེས་རྟོགས་པའི་ཕྱིར་རོ། །ཐ་མི་དད་པར་སྣང་ན་ནི་བ་ལང་དེ་ཉིད་འདིའོ་ཞེས་བྱ་བར་འགྱུར་རོ། །དེས་འདི་ཐ་མི་དད་པར་སྣང་བ་མ་ ཡིན་པས་ཐ་དད་པའི་ཡུལ་ཅན་ཉིད་དང་མི་འགལ་ལོ། །འདི་ཉིད་བཤད་པ་ནི་དེ་དག་ལ་ཐ་མི་དད་པར་སྣང་བ་ནི་མེད་པ་ཁོ་ན་སྟེ་ཞེས་བྱ་བའོ། །འདིར་ཕ་རོལ་པོ་དག་ཐ་མི་དད་པར་སྣང་བ་ཉིད་གཞུང་འཛུགས་པའི་དོན་དུ་ཕྱིར་ཟློག་པ་ནི། གལ་ཏེ་གཉི་ག་ཞེས་བྱ་བ་སྟེ། བསམ་པ་ནི་འདི་ཡིན་ནོ། །གང་དུ་ དངོས་པོ་གཅིག་སྣང་བ་དེར་ནི་བུམ་པ་དེ་ཉིད་འདི་ཡིན་ནོ་ཞེས་རྟོགས་པར་འགྱུར་རོ། །གང་དུ་ཐ་དད་པ་དག་ཁོ་ན་གཉི་ག་རྣམ་པ་འགའ་ཞིག་གིས་སྟོང་པར་སྣང་བ་དེར་ནི་བ་ལང་རྟ་དང་སྐྱེས་བུ་དང་གླང་པོ་ཞེས་མི་འདྲ་བ་ཉིད་དུ་རྟོགས་སོ། །གང་ཞིག་ཐ་མི་དད་ཀྱང་རང་བཞིན་གཅིག་དང་ལྡན་པ་དེར་གསལ་ བ་སོ་སོ་ལ་ཡོངས་སུ་རྫོགས་པའི་སྤྱིའི་དབང་གིས་མཚུངས་པར་གྱུར་པ་རྣམས་ལ་འདི་བ་ལང་འདི་འང་བ་ལང་ངོ་ཞེས་རྟོགས་པ་ཡིན་ཏེ། དེས་ན་མཚུངས་སོ་ཞེས་འཛིན་པའི་ཕྱིར་ཐ་དད་པར་སྣང་བ་ཡིན་ནོ་ཞེས་ཇི་ལྟར་བརྗོད་ཅེ་ན་དེ་མ་ཡིན་ནོ་ཞེས་འཆད་པ་ནི་འོན་ཀྱང་ཞེས་བྱ་བའོ། །གསལ་བ་རྣམས་ ལ་སྤྱི་ཡོད་པ་དང་། རྟོགས་པ་དེ་གཉི་ག་འཛིན་པ་ཡིན་པས་གསལ་བ་མི་འདྲ་བ་རྣམས་ནི་ཐ་དད་པའི་དངོས་པོ་གཅིག་ཡོད་ཀྱང་རང་རང་གི་ངོ་བོར་མཚུངས་པར་མི་འགྱུར་རོ། །དེ་གཉི་ག་བཟུང་ཡང་མཚུངས་སོ་ཞེས་བྱ་བར་ག་ལ་འགྱུར་ཏེ། འོན་ཀྱང་གསལ་བ་འདི་ལ་ཡོད་པ་གང་ཡིན་པ་ དེ་ནི་འདི་ལ་ཡང་ཡོད་དོ་ཞེས་རྟོགས་པར་འགྱུར་རོ། །འདི་བ་ལང་འདིའང་བ་ལང་སྙམ་དུ་རྟོགས་པ་ནི་གཉི་ག་འཛིན་པ་ལ་སྲིད་པ་མ་ཡིན་ཏེ། འོན་ཀྱང་འདི་ལ་བ་ལང་ཉིད་འདི་ལ་ཡང་བ་ལང་ཉིད་ཅེས་བྱ་བར་འགྱུར་རོ། །བ་ལང་ངོ་ཞེས་རང་གི་རྟེན་ལས་ཐ་མི་དད་པར་རྟོགས་པ་ནི་སྤྱི་དེ་དང་ལྡན་པ་ གཉིས་རྟོགས་པར་མི་འཐད་དེ། སྔར་ཇི་སྐད་བཤད་པ་བཞིན་ནོ། །གལ་ཏེ་མཚུངས་པའི་རང་བཞིན་ཉིད་ཀྱི་དངོས་པོ་མཚུངས་པར་འགྱུར་བ་མ་ཡིན་ནམ། མཚུངས་པའི་རང་བཞིན་ཡང་ཇི་ལྟར་ཐ་མི་དད་པ་ཡིན་པ་དེ་བཞིན་ནོ། །ཐ་དད་པ་ཡང་འབྲེལ་པ་ལས་གྱུར་པ་ཡིན་ནོ། །གལ་ཏེ་ འདིར་མཚུངས་པར་ཐ་མི་དད་པའི་རང་བཞིན་ཡིན་ན་ནི་རྫས་གཅིག་ཏུ་ཐལ་བའི་ཕྱིར་གསལ་བའི་དབྱེ་བ་མེད་པར་འགྱུར་ན། དེ་ནི་ཚད་མས་རྟོགས་པ་ཡིན་ནོ། །ཐ་དད་ཡིན་ན་ཡང་འདི་དག་ལ་མཚུངས་པ་ནི་ཡོད། དེའི་ཕྱིར་གསལ་བ་རྣམས་ཀྱི་མཚུངས་པའི་རང་བཞིན་དེ་ནི་ཐ་དད་པ་ཁོ་ན་ཡིན་ ལ། དེ་ཡང་སྤྱི་ཡིན་ནོ། །དེ་ལྟར་དོགས་པ་དེ་གལ་ཏེ་དེ་ཉིད་ཅེས་བྱ་བ་ལ་སོགས་པས་བསུ་ནས་ཇི་ལྟར་ཞེས་གསུངས་སོ། །དོན་གཞན་ནི་མཚུངས་པ་ཞེས་བྱ་བར་མི་འཐད་དོ། །གཅིག་ཅན་གཞན་ལ་ཡོད་ཀྱང་དེ་ནི་དེ་དག་གི་མཚུངས་པ་མ་ཡིན་ནོ། །རང་གི་ངོ་བོས་ མི་འདྲ་བ་གང་ཡིན་པ་དེ་ནི་ཐ་དད་པ་གཞན་དུ་ལྡན་ཡང་མཚུངས་པར་འགྱུར་བ་མ་ཡིན་ཏེ་རང་གི་ངོ་བོ་མི་འདྲ་བ་དག་ཐ་དད་པ་གཅིག་དང་ལྡན་པས་ཀྱང་མཚུངས་ན་ནི་གཅིག་པོ་དེ་ཉིད་མཚུངས་པ་དང་མི་མཚུངས་པ་གཉིས་སུ་ཐལ་བའི་ཕྱིར་རོ། །དེས་ན་ཐ་དད་པའི་བ་ལང་ཉིད་གཅིག་ཡོད་ཀྱང་གཅིག་བ་ལང་ཡིན་ པ་ན་གཞན་ཡང་བ་ལང་དུ་འགྱུར་བ་ནི་མ་ཡིན་ཏེ། རང་གི་བདག་ཉིད་བ་ལང་མ་ཡིན་ན་གཞན་ཡོད་ཀྱང་བ་ལང་མ་ཡིན་པའི་ཕྱིར་རོ། །བ་ལང་ཉིད་ཡིན་ན་ཡང་གཞན་དོན་མེད་པའི་ཕྱིར་རོ། །དེས་ན་བ་ལང་ཉིད་གཞན་ཡོད་ཀྱང་བ་ལང་མ་ཡིན་པ་ལ་བ་ལང་ངོ་སྙམ་དུ་ཤེས་པ་མ་ཡིན་གྱི། བ་ ལང་ཉིད་དང་ལྡན་པ་ཞེས་བྱ་བར་ནི་འགྱུར་རོ། །འབྲེལ་པ་བྱས་པས་གཞན་མཚུངས་པའི་རང་བཞིན་ཡིན་པ་གསལ་བའི་ཕྱིར་གལ་ཏེ་དེ་དང་མཚུངས་པའི་ཕྱིར་རོ་ཞེ་ན་ཞེས་བྱ་བ་དོགས་པ་དེ་ཉིད་བསུ་ནས་བཟློག་པའི་ཕྱིར་མ་ཡིན་ཏེ་ཞེས་གསུངས་སོ། །རག་ལས་པས་ཉིད་ནི་འཐད་ཀྱི། འབྲེལ་ པ་ནི་མ་ཡིན་ནོ། །ཧ་ཅང་ཐལ་བ་ཡང་གྲངས་ལ་སོགས་པ་དང་ཞེས་བྱ་བ་ལ་སོགས་པ་བསྟན་ཟིན་ཏོ། །མཚུངས་སོ་ཞེས་བྱ་བར་རྟོགས་པའི་ཕྱིར་གསལ་བ་རྣམས་ལས་བློ་ཐ་མི་དད་པ་ནི་མེད་པའི་ཕྱིར་རོ་ཞེས་བཤད་པ་ནི་ཕ་རོལ་པོ་དག་ཕྱིན་ཅི་ལོག་ཏུ་སྒྲུབ་པར་བསམས་ནས་སླར་ཟློག་ པ་ནི། གལ་ཏེ་དེ་དག་མཚུངས་ན་ནི། །ཞེས་བྱ་བ་ཡིན་ནོ། །གལ་ཏེ་གསལ་བ་རྣམས་མཚུངས་ན་ཇི་ལྟར་ཐ་དད་པའི་བློས་གཟུང་བ་ཡིན་ཏེ་གསལ་བ་དག་ནི་མཚུངས་པ་དང་། ཐ་དད་པའི་བློས་གཟུང་བར་བརྗོད་དེ། དེས་ན་མཚུངས་པའི་བློ་ཉིད་འདི་དག་ནི་ཐ་མི་དད་པའི་བློ་ཡིན་ནོ་ཞེས་སྨྲས་པར་ འགྱུར་རོ། །དེའི་དོན་ནི་འདི་ཡིན་ཏེ། གལ་ཏེ་གསལ་བ་རྣམས་མཚུངས་པའི་བློས་གཟུང་བ་ཡིན་ན་ཇི་ལྟར་འདི་དག་ཐ་མི་དད་པའི་བློས་གཟུང་བ་ཡིན་ནོ། །དེ་ཉིད་སྨྲས་པ་ནི་མཚུངས་པའོ་ཞེས་བྱ་བ་ནི་འདི་ཁོ་ན་སྟེ། འདི་ལྟ་སྟེ་མཚུངས་པ་ཉིད་དུ་རྣམ་པར་ཤེས་པ་གལ་ཏེ་དེ་ཐ་དད་པའི་ཤེས་པ་ཡིན་ན་ ནི་བ་ལང་དང་རྟ་དག་ལ་ཡང་འགྱུར་རོ། །དེས་ན་འདི་ཐ་དད་དག་ཉིད་ལས་ལྡོག་པ་ན་ཐ་མི་དད་པར་ཤེས་པ་ཡིན་ནོ། །འདི་ཐ་མི་དད་པའི་ཤེས་པ་ཉིད་བཟློག་པའི་ཕྱིར་འཆད་པ་ནི། དེ་མཐོང་བ་ལ་ཞེས་བྱ་བའོ། །གལ་ཏེ་ཐ་དད་ལ་བརྟེན་པ་ནི་ཐ་མི་དད་པའི་རང་བཞིན་སྣང་བ་ན་མཚུངས་སོ་ཞེས་བྱ་བར་ རྟོགས་པ་ཡིན་ན་ནི་འདི་ཐ་དད་པ་རྣམས་ལ་ཐ་མི་དད་པར་ཤེས་པར་འགྱུར་བ་ཞིག་ན་དེ་ནི་ཡོད་པ་མ་ཡིན་ནོ་ཞེས་བསྟན་ཟིན་ཏོ། །ཐ་དད་པ་རྣམས་ལ་ཐ་མི་དད་པ་ཡོད་ཀྱང་མཚུངས་པ་མེད་པས་དེ་ལྟར་རྟོགས་པ་མ་ཡིན་པའི་ཕྱིར་རོ། །ད་ནི་གང་རྟོགས་ན་མཚུངས་པ་ཉིད་དུ་རྟོགས་པའི་མཚུངས་པ་ཉིད་གང་ཡིན་པ་དེ་ བསྟན་པའི་ཕྱིར། འོ་ན་ཅི་ཞེ་ན་ཞེས་སྨོས་སོ། །དེ་དེ་ལྟར་འགྲེལ་པ་ཉིད་དུ་བྱས་ནས་མདོས་འབྲས་བུ་གཅིག་འདྲ་ཞེས་བྱ་བའོ། །འདི་སྐད་བརྗོད་པ་ཡིན་ཏེ་ཐ་དད་པ་རྣམས་ཀྱིས་མཚུངས་པ་ཉིད་མ་ཡིན་གྱི་འོན་ཀྱང་དེ་དག་གི་རང་གི་ངོ་བོ་ཁོ་ནས་མཚུངས་པ་ཡིན་ནོ། །འདི་ལྟར་ཁྲ་བོ་ཡང་བཞོ་ བ་དང་དགལ་བར་ནུས་པ་ཡིན་པ་དེ་བཞིན་དུ། སེར་སྐྱ་ཡང་ཡིན་ནོ། །འབྲས་བུ་གཅིག་པ་ཉིད་ནི་ཉེ་བར་མཚོན་པ་སྟེ་ཁྲ་བོ་ཡང་བ་ལང་ཡིན་ལ། སེར་སྐྱ་ཡང་བ་ལང་ཡིན་ནོ། །གལ་ཏེ་དེ་ལྟ་ན་ནི་སྤྱི་ཐ་མི་དད་པར་ཁས་བླང་བར་འགྱུར་བ་མ་ཡིན་ནམ་ཞེ་ན། འདིའི་འདི་ལྟར་བརྩད་པ་འདི་ནི་བྱིས་ པའི་ཡིན་གྱི། གང་གི་སྤྱི་ཐ་མི་དད་པར་འགྱུར་བ་ཁྲ་བོའི་བཞོ་བ་དང་དགལ་བ་ནུས་པ་གང་ཡིན་པ་དེ་ཉིད་སེར་སྐྱ་ལ་ཡང་ཡོད་པ་ནི་མ་ཡིན་ནོ། །རང་བཞིན་གཅིག་ཉིད་ཡིན་ན་ནི་མཚུངས་པ་ཉིད་དུ་མི་འཐད་ལ། ཐ་དད་པ་གཞན་དང་ལྡན་པས་ནི་མ་ཡིན་གྱི་འོན་ཀྱང་རང་གི་ངོ་བོ་ཁོ་ནས་ འགའ་ཞིག་བ་ལང་ཡིན་ལ། དེ་ལས་ཐ་དད་པ་ཡིན་ཡང་གཞན་བ་ལང་ཉིད་ཡིན་པའི་ཕྱིར་རང་གི་ངོ་བོ་ཉིད་ཀྱིས་མཚུངས་པ་ཡིན་གྱི། གཞན་གྱི་ངོ་བོས་ནི་མ་ཡིན་ལ། ཐ་དད་པ་ཁོ་ན་ཡིན་གྱི་ཐ་མི་དད་པ་ནི་མ་ཡིན་ནོ། །དེས་ན་སྤྱི་མེད་པ་བཞིན་དུ་མཚུངས་པ་ཉིད་དང་བ་ལང་བ་ལང་ཞེས་བྱ་བར་ རྟོགས་པ་འཐད་པ་མ་ཡིན་ནོ། །དེས་ན་བ་ལང་ཞེས་རྟོགས་པས་ཐ་དད་པའམ་ཐ་མི་དད་པར་དཔག་པ་ནི་མ་ཡིན་གྱི། འོན་ཀྱང་ཐ་དད་དུ་ཟིན་ཀྱང་འདི་ཡང་བ་ལང་ཡིན་འདི་ཡང་ཡིན་ནོ་ཞེས་བྱ་བའི་རྟོགས་པ་དེའི་དམིགས་པ་ནི་སོ་སོ་རང་གི་རང་བཞིན་གྱི་མཐར་ཐུག་པ་དེ་ཙམ་ཞིག་ཡིན་ནོ། །དེས་ན་འདི་ བ་ལང་ཞེས་བྱ་བར་རྟོགས་པའི་རང་བཞིན་གྱིས་ནི་ཁྲ་བོ་ལ་སོགས་པ་ལ་རྟོགས་པ་འཁྲུལ་པ་མ་ཡིན་གྱི། འོན་ཀྱང་དེ་མཐོང་བ་ལ་ལྟོས་པ་ལ་སྒྲ་ལ་སོགས་པ་རྟོགས་པ་ན་གཅིག་ལ་དེ་ལྟར་གྱུར་པས་མཐོང་བ་བཞིན་དུ་རྟོགས་པ་ན་ཐ་དད་པ་འཁྲུལ་པར་གྱུར་པའི་རྒྱུ་བརྗོད་དུ་མེད་པའི་ རྟོགས་པ་འགའ་ཞིག་རྗེས་སུ་དཔོག་པར་བྱེད་པ་ནི་དེས་ན་འདིར་སྤྱི་སྨྲ་བའམ་དེ་མེད་པར་མངོན་པར་ཞེན་པ་གང་རྟོགས་པ་ལ་མཁས་པ་ཡིན་ཞེས་ལྟོས། རྟོགས་པའི་རྗེས་སུ་རྟོག་གེ་འབྲང་བ་དང་། རྟོག་གེའི་རྗེས་སུ་ཡང་རྟོགས་པ་འབྲང་བ་ཡིན་ནོ་ཞེས་བྱ་བ་འདི་ཁྱེད་ཀྱིས་མ་བརྗོད་ཅིག །འབྲེལ་ པ་ནི་ཁོ་བོས་ནི་ཞེས་བྱ་བའོ། །དོན་གྱི་ཤེས་པ་ལ་ཞེས་བྱ་བ་ནི་སྤྱིའི་ཤེས་པ་ལའོ། །འདིས་འཁྲུལ་པས་དེ་ལྟར་སྲེ་བར་བྱེད་དོ་ཞེས་བྱ་བ་ནི་ཇི་སྐད་བཤད་པའི་རྟོགས་པ་ཐ་མི་དད་པའི་དབང་གིས་བརྗོད་པ་ཡིན་གྱི་བ་ལང་ངོ་བ་ལང་ངོ་སྙམ་པ་འདི་ལ་ནི་འདྲེས་པར་འགྱུར་བ་ཅི་ཡང་མེད་དེ། ཕྱི་ལ་དེ་ཡོད་ ན་དེ་ལྟར་རྟོགས་པ་མི་རུང་ངོ་ཞེས་བཤད་ཟིན་ཏོ། །འབྲས་བུ་གཅིག་འབྲས་ཞེས་བརྗོད་པ་ལ། གཞན་དག་དེ་ཉིད་ཀྱིས་མི་སྲིད་པར་བསམས་ནས་ཕྱིར་བཟློག་པ་ནི། དེ་དག་གི་འབྲས་བློ་ཞེས་བྱ་བའོ། །བློ་ཞེས་བྱ་བ་ནི་འབྲས་བུ་ཙམ་ཉེ་བར་མཚོན་པའོ། །དེ་ཉིད་ཀྱི་ཕྱིར་བུམ་པ་ལ་སོགས་ པའོ་ཞེས་འཆད་པར་འགྱུར་རོ། །འགའ་ཞིག་ལ་ཐ་མི་དད་པ་ཡང་འགའ་ཞིག་ལས་ཐ་དད་པར་ཕ་རོལ་པོ་དག་གིས་ཁས་བླངས་པ་ཉིད་དེ། བ་ལང་ཉིད་ཁྲ་བོ་ལ་སོགས་པ་དང་རྟ་ལས་བཞིན་ནོ། །དེ་བཞིན་དུ་ཐ་དད་པའི་བློ་ཁྲ་བོ་ལ་སོགས་པ་ལ་ཐ་མི་དད་པར་འགྱུར་ཞེས་དོགས་པ་བསུ་ནས་དངོས་ པོ་རེ་རེ་ལ་ཞེས་གོང་ནས་བྱུང་བ་དང་བཅས་པའི་མདོ་སྦྱོར་རོ། །བློ་གང་ཞིག་གང་ལས་སྐྱེ་བ་དེ་ནི་དངོས་པོ་གཞན་ལས་ཐ་དད་པ་དང་འདྲ་བར་དེ་འཛིན་པའི་བློ་ལས་ཐ་དད་པའི་ཕྱིར་ཁྲ་བོ་ལ་སོགས་པ་དག་བློ་གཅིག་གི་འབྲས་བུ་ཅན་མ་ཡིན་ནོ། །ཚོགས་པ་ལ་ནི་དེ་དག་འཛིན་པ་གཅིག་པར་འགྱུར་ རོ། །ཤེས་པ་གང་ལ་སྣང་བ་དེ་ནི་དེ་ལ་སྣང་བ་གང་ཡིན་པ་དེ་དང་འདྲ་བར་ཐ་དད་པའི་ཕྱིར་ཇི་ལྟར་དེ་དག་འབྲས་བུ་གཅིག་པ་ཅན་ཡིན། སྣང་བཞིན་པ་ལྟར་དེ་ཡང་སྡང་བའི་ཤེས་པ་ཡང་ཐ་དད་པའི་ཕྱིར་ཇི་ལྟར་ཤེས་པ་དོན་རྣམས་ཀྱིས་ཐ་མི་དད་པ་ཡིན་གྱི། ཅིའི་ཕྱིར་ཞེ་ན། དེ་དག་གི་ འབྲས་བུ་ནི་དེ་ཡིན་ན་ཞེས་སྨྲས་སོ། །གང་གི་ཕྱིར་དེ་དག་གི་འབྲས་བུ་ནི་ཤེས་པ་ཡིན་ལ་འབྲས་བུ་ཡང་རྒྱུ་ཐ་དད་ན་ཐ་དད་པ་ཞེས་ངེས་པར་བྱ་བ་དང་། ཤེས་པ་བཞིན་དུ་འབྲས་བུ་ཆུ་འཆུ་བ་ལ་སོགས་པ་ཡང་ཐ་དད་པ་དེའི་ཕྱིར་ཐ་དད་རྣམས་ལ་འབྲས་བུའི་གཅིག་པ་མེད་དོ་ཞེ་ན་དེ་གསལ་བའི་ཕྱིར་དེ་ནི་ཉེས་ པ་མེད་ཅེས་སྨོས་སོ། །དོན་གཅིག་ཏུ་རྟོགས་པ་སྤྱི་ལ་དམིགས་པའི་རྣམ་པར་རྟོགས་དེའི་རྒྱུ་ཡིན་པའི་ཕྱིར་བློ་ཐ་དད་པ་མེད་པ་ཡིན་ནོ། །འདི་སྐད་བརྗོད་པ་ཡིན་ཏེ། གང་ལ་ལྟོས་ནས་འབྲས་བུ་གཅིག་པ་ཉིད་ཀྱིས་འདྲ་བར་བརྗོད་པ་དོན་དམ་པར་བློ་ཞེས་བྱ་བའི་དངོས་པོ་གཅིག་གསལ་བ་ཐ་དད་པ་ རྣམས་ལ་ཡོད་པ་ནི་མ་ཡིན་ལ། འདི་སྲིད་པ་ཡང་མ་ཡིན་ཏེ། མིག་ལ་སོགས་པ་རྣམས་འབྲས་བུ་གཅིག་པ་ཉིད་ཡིན་ཡང་ཐ་དད་པའི་ཕྱིར་རོ། །འོན་ཀྱང་ཁྲ་བོ་ལ་སོགས་པ་དེ་དག་ལ་ཉམས་སུ་མྱོང་བློས་གཅིག་ཏུ་རྟོགས་པ་སྐྱེད་ན། བདག་ལ་ནི་བ་ལང་མཐོང་བ་སྐྱེས་སོ་ཞེས་ཐ་མི་དད་པར་ སྣང་བར་ཞེན་པ་ལ་ལྟོས་ནས་དེ་ཐ་མི་དད་པར་བརྗོད་དོ། །དེ་ཉིད་ཀྱི་ཕྱིར་གཅིག་ཏུ་རྟོགས་པ་ཐ་མི་དད་པར་ངེས་པའི་རྒྱུར་གྱུར་པ་ན་ཐ་མི་དད་པར་སྣང་ངོ་ཞེས་འཆད་པར་འགྱུར་རོ། །ཉམས་སུ་མྱོང་བ་རྣམས་འབྲས་བུ་རྣམ་པར་རྟོག་པ་གཅིག་དང་བའི་ཕྱིར་ཐ་མི་དད་པ་ཡིན་ནོ་ཞེས་བྱ་བ་འདི་ནི་འདིར་དོན་ མ་ཡིན་ཏེ་རྟོགས་པ་ལ་ཡང་གཅིག་ཉིད་མེད་པའི་ཕྱིར་ཏེ། ཉམས་སུ་མྱོང་བ་ཐ་མི་དད་པའི་རྒྱུ་ཅན་གྱི་རྣམ་པར་རྟོག་པ་རྣམས་ཐ་མི་དད་པའི་ཕྱིར་རོ། །དེ་དག་ཀྱང་ཡུལ་ཐ་མི་དད་པའི་ཕྱིར་ཐ་མི་དད་པ་ཡིན་ནོ་ཞེ་ན། གལ་ཏེ་རྟག་ཏུ་ཐ་མི་དད་པའི་ཡུལ་དེ་ཡོད་པ་ཡིན་ན་སྤྱི་ཉིད་དུ་འགྱུར། འོན་ ཏེ་མེད་པ་ཁོ་ན་ཡིན་ན། ད་ནི་ཇི་ལྟར་དེ་ལ་དོན་གྱི་ཆོས་ཐ་དད་པ་དང་ཐ་མི་དད་པ་སྲིད་པར་འགྱུར། སློབ་དཔོན་རྟོགས་པ་ཐ་མི་དད་པའི་རྒྱུ་མི་སྟོན་པར་ཡང་ཇི་ལྟར་འགྱུར། དེས་ན་ཐ་མི་དད་པ་འདི་ནི་བསམས་པ་ལས་གྱུར་པ་ཡིན་གྱི་དངོས་པོ་ནི་མ་ཡིན་ནོ། །དེས་ན་དེ་ལྟར་ལྷག་པར་ཞེན་ པས། གཅིག་པ་ཉིད་ཀྱི་བློ་གཅིག་ལ་ལྟོས་ནས་འབྲས་བུ་གཅིག་པོ་དེ་དང་ལྡན་པའི་གསལ་བ་རྣམས་གཅིག་ཉིད་དུ་རྣམ་པར་གཞག་པ་ཡིན་ནོ། །དེ་བཤད་པ་ནི། བློ་གཅིག་རྒྱུ་ཡི་དངོས་པོ་ཡིས། །ཞེས་བྱ་བའོ། །དེས་ནི་གང་གི་འབྲས་བུ་གཅིག་པ་ཉིད་ཀྱི་འདྲ་བར་འགྱུར་བ་བློ་ཐ་དད་ པ་འབྲས་བུ་གཅིག་ཇི་ལྟར་ཡིན་ཞེས་གང་སྨྲས་པའི་རྩོད་པ་སྤངས་པ་ཡིན་ཏེ། གཅིག་ཏུ་ལྷག་པར་ཞེན་པ་ལ་ལྟོས་ནས་བློ་གཅིག་ཏུ་བརྗོད་པ། དེ་ལས་ནི་གསལ་བ་རྣམས་ཐ་མི་དད་པ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ཆུ་འཆུ་བ་ལ་སོགས་པ་ལ་ཡང་ཞེན་པར་བྱས་པའི་ གཅིག་ཉིད་ཁས་བླངས་པ་ན་འདྲ་བའི་རྒྱུ་མཚན་དུ་འགྱུར་བ་ཡིན་ནོ། །ད་ནི་གང་གིས་གཅིག་ཏུ་ཞེན་པར་འགྱུར་བ་བློའི་འདྲ་བ་གང་གིས་བྱས། འབྲས་བུ་གཞན་གྱིས་བྱས་སོ་ཞེ་ན། དེ་ལྟ་ན་ནི་ཐུག་པ་མེད་པར་འགྱུར་བའམ། མཐར་དེ་འདི་ན་ཡང་འབྲས་བུ་གཅིག་པས་བྱས་པའི་འབྲས་ བུ་ཅིས་ཤེ་ན། འདི་ལ་བཤད་ཟིན་ཏེ། འབྲས་བུ་གཅིག་པ་ཉིད་ནི་འདྲ་བ་མ་ཡིན་གྱི། འོན་ཀྱང་རང་གི་བདག་ཉིད་ཙམ་གྱི་མཐར་ཐུག་པའི་རང་བཞིན་ལས་ཐ་མི་དད་པ་གསལ་བ་གཞན་ལ་རྗེས་སུ་འགྲོ་བ་དང་བྲལ་བའི་བ་ལང་ཉིད་ཁྲ་བོ་ལ་སོགས་པ་ཕན་ཚུན་ཐ་དད་པ་རྣམས་ཀྱི་འདྲ་བ་ཡིན་ ནོ་ཞེས་སོ། །དེ་ཡང་འབྲས་བུ་གཅིག་བྱེད་པ་ཉིད་ཀྱིས་ཉེ་བར་མཚོན་པ་ཡིན་ཏེ། དེ་རྣམ་པ་འདི་ལྟ་བུའི་ཆོས་དང་ལྡན་པའི་ཕྱིར་རོ། །འདི་ལྟར་ཆུ་འཛིན་པའི་ནུས་པ་ནི་བུམ་པའི་རང་བཞིན་ཉིད་ཡིན་ལ། གཅིག་གི་གང་ཡིན་པ་དེ་ཉིད་ནི་གཞན་གྱི་ཡང་ནི་མ་ཡིན་ནོ། །གཅིག་ཚུལ་ འཛིན་པར་ནུས་པ་ན། དེའི་ཚུལ་འཛིན་པའི་ནུས་པས་སྟོང་པའི་ནུས་པ་གཞན་ཆུ་འཛིན་པར་མི་ནུས་པ་ཡང་མ་ཡིན་ནོ། །དེས་ན་འབྲས་བུ་གཅིག་འདྲ་ཞེས་བྱ་བའི་དོན་ནི་འདི་ཡིན་ཏེ་དོན་རྣམས་ཀྱི་རྣམ་པ་འདི་ལྟ་བུའི་རང་བཞིན་འདྲ་བ་གང་ཡིན་པ་དེ་ནི་དེས་བྱས་པ་ཡིན་ནོ་ཞེས་བྱ་བའོ། ། དེ་ལ་རྟགས་ནི་འདི་ཡིན་ཏེ། བློ་གཅིག་པ་ཉིད་ལ་བརྒལ་ཞིང་བརྟགས་པས་འབྲས་བུ་ཐ་མི་དད་པ་གཞན་མ་བརྗོད་པ་གང་ཡིན་པའོ། །འོན་ཏེ་དེ་ལ་ཡང་རྣམ་པར་རྟོག་པ་འབྲས་བུ་ཉིད་དུ་མངོན་པར་འདོད་པ་ཡིན་ན། དེའི་ཚེ་འདི་ལ་ཡང་འབྲས་བུ་གཞན་ཅི་སྟེ་མ་བསྟན། མེད་པ་ཡིན་ ཡང་མངོན་པར་ཞེན་པའི་ཡུལ་མ་ཡིན་པར་ངེས་པར་བྱའོ། །དེ་ཉིད་གཞུང་འཛུགས་པའི་ཕྱིར་བཤད་པ་ནི། ཇི་ལྟར་དངོས་པོ་རྣམས་ཞེས་བྱ་བ་ལ་སོགས་པའོ། །འདི་སྐད་བརྗོད་པ་ཡིན་ཏེ། གང་གི་བློ་ཡང་གཅིག་ཏུ་འགྱུར་བ་ངོ་བོ་ཉིད་དུ་ན་གཅིག་པ་འགའ་ཡང་མེད་དོ་ཞེས་བྱ་བའོ། ། དེ་ནི་འཁྲུལ་པའི་རྒྱུ་མཚན་རྟེན་དུ་གྱུར་པའི་དོན་རིམ་གྱིས་ཞེས་བྱ་བ་སྔར་ཉམས་སུ་མྱོང་བ་བྱས་ནས་རྣམ་པར་རྟོག་པའི་རྒྱུར་གྱུར་པ་རྣམས་ཀྱིས་སྐྱེད་པར་བྱེད་པའོ། །རང་བཞིན་གྱིས་ནི་འབྲེལ་པ་མེད་ཀྱི་འོན་ཀྱང་སྲེ་བའི་རྣམ་པ་ཅན་གྱི་བློ་འཁྲུལ་པ་ཉིད་དོ་ཞེས་བརྗོད་པ། དེ་བྱེད་པའི་སྒྲུབ་པ་ཅན་ གཞན་སེལ་བ་གང་ཡིན་པ་དེ་ནི་དེ་དག་གི་ཐ་མི་དད་པ་བརྗོད་དོ་ཞེས་བཤད་པ་ནི། འདི་དག་གི་ཞེས་བྱ་བ་ཡིན་ནོ། །དེས་ནི་ཐམས་ཅད་དུ་ཐ་མི་དད་པའི་རྣམ་པ་འདི་ལྟ་བུ་ཡིན་ནོ་ཞེས་གཞུང་བཙུགས་ནས། ཚུལ་འདི་ཉིད་ཀྱིས་འབྲས་བུ་ཐ་མི་དད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་བཤད་པ་ནི་ཤེས་པ་ལ་ སོགས་པ་དེ་ཡང་གཅིག་ཏུ་རྟོགས་པའི་རྒྱུར་གྱུར་པ་ན་ཐ་མི་དད་པར་སྣང་ངོ་། །དེ་ལྟ་བུར་གྱུར་པའི་ལྷག་པ་ཞེས་བྱ་བའི་དབང་ཁོ་ནས་ཤེས་པ་ལ་སོགས་པ་ཐ་མི་དད་པར་རྗོད་པའོ་ཞེས་བྱ་བའི་ཐ་ཚིག་གོ། །ཐ་མི་དད་པར་སྙེམས་པ་ནི་ཐ་མི་དད་པའི་ཡུལ་ཅན་ཡིན་པའི་ཕྱིར་གཅིག་ཏུ་རྟོགས་པའི་དོན་ བརྗོད་པ་ཡིན་ནོ། །གཅིག་ཏུ་རྟོགས་པ་ཡིན་གྱི་རྟོགས་པ་ཡང་ཡིན་ལ། གཅིག་ཀྱང་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེས་ནི་འདི་ལྟར་གཅིག་ཇི་ལྟར་བློ་གཅིག་ཉིད་ཡིན་པ་དེ་ལྟར་ཕྱེད་སྔ་མ་རྣམ་པར་བཀྲོལ་ནས། བློ་གཅིག་རྒྱུ་ཡི་དངོས་པོ་ཡིས། །ཞེས་བྱ་བ་འགྲེལ་པས་རྟོགས་པ་དེ་ལྟ་ བུའི་རྒྱུ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཅིག་ཏུ་སྙེམས་པའི་རྟོགས་པའི་ཐ་མི་དད་པར་སྣང་བའི་ཤེས་པ་ལ་སོགས་པའི་ཞེས་བྱ་བ་འདི་ནི། །བློ་གཅིག་རྒྱུ་ཡི་དངོས་པོ་ཡིས། །ཞེས་བྱ་བ་དེ་ལྟར་གཅིག་པ་དེ་བཤད་པ་ཡིན་ཏེ། གཅིག་པ་ཉིད་ནི་ལྷག་པར་ཞེན་པ་ཙམ་གྱིས་བྱས་པའི་ ཕྱིར་རོ། །གསལ་བ་རྣམས་ཀྱང་ཇི་ལྟར་ཐ་མི་དད་པ་དེ་གསུངས་པ་ནི། གསལ་བ་རྣམས་ཀྱིས་ཀྱང་ཞེས་བྱ་བ་གསུངས་པ་ཡིན་ནོ། །རྣམ་པ་འདི་ལྟ་བུ་གཅིག་གི་རྒྱུའི་དངོས་པོས་རྣམ་པ་འདི་ལྟ་བུའི་གསལ་བ་རྣམས་ཀྱི་ཐ་མི་དད་པ་ཉིད་ནི་དེ་ལྟ་བུར་གྱུར་པའི་ཤེས་པའི་ཡུལ་ཉིད་དོ། །འདི་ འང་འབྲས་བུ་གཅིག་པ་ཉིད་མི་སྲིད་པར་རྟོགས་པས་སྔར་བཤད་པ་ཉིད་བརྗོད་པ་ཡིན་ནོ་ཞེས་གསུངས་པ་ནི་ལན་གཅིག་མ་ཡིན་པར་འདི་ཐམས་ཅད་བཤད་ཟིན་ཏོ་ཞེས་བྱ་བའོ། །ད་ནི་མཉན་པ་ནི་སྒྲ་དང་དོན་གཞན་སེལ་བ་ན། རང་གི་དོན་རྗོད་པར་བྱེད་དོ་ཞེས་བྱ་བས་བྱེད་པ་དང་བརྗོད་པ་ རྟོགས་པའི་ཕྱིར་དངོས་སུ་ན་དེ་སྒྲོ་འདོགས་རྣམ་པར་གཅོད་པར་ལྷག་པར་ཞེན་པ་ལ་ལྟོས་ཏེ་གཞན་ལྡོག་པའི་ཡུལ་ཅན་ཉིད་དང་རྗོད་པར་བྱེད་པ་ཉིད་དུ་བཤད་ཀྱང་བྱེད་པ་གཉི་ག་སྟོན་པའི་ཚུལ་གྱིས་གསལ་བར་མ་བཤད་པ་དེས་ན། དེ་ལྟར་བརྗོད་པའི་ཕྱིར་རབ་ཏུ་བྱེད་པ་ ཟློས་པར་བྱེད་པ་ནི་དེ་དེའི་འབྲས་བུ་ཅན་མི་བལ་བ་ཞེས་བྱ་བ་ཡིན་ནོ། །འདི་དག་གི་ཐ་དད་པ་དེ་བྱེད་པ་མ་ཡིན་པའི་ངོ་བོ་ཉིད་པས་ཞེས་བྱ་བ་ལ་སོགས་པས་དེའི་འབྲས་བུ་ཅན་ཡང་སེལ་བ་ཡིན་ནོ་ཞེས་བཤད་ཟིན་པ་ཉིད་ངེས་པར་བྱའི། དོན་དུ་མདོ་སྟོན་པ་ཡིན་ནོ་ཞེས་ཁོང་ནས་དབྱུང་བའི་ངེས་པ་བརྗོད་ པ་ཡིན་ནོ། །ངེས་པར་གཟུང་བའི་དོན་ཉིད་སྒྲུབ་པ་ནི། འདིར་ཕྱི་མའི་ཆ་དེ་དག་ལས་གཞན་རྗེས་སུ་འགྲོ་བའི་ཞེས་བྱ་བ་ཡིན་ནོ། །དངོས་མ་མཐོང་ཕྱིར་ཞེས་བྱ་བས་ནི་སྤྱི་རྟོགས་པར་བྱེད་པའི་ཚད་མ་མེད་པ་ཉིད་བརྗོད་པ་ཡིན་ནོ། །བཀག་པའི་ཕྱིར་ཞེས་བྱ་བས་ནི། ཇི་ལྟར་ཀུན་བརྟགས་ པ་ལ་གནོད་པ་ཉིད་བསྟན་ཏོ། །སྣང་བ་མི་དམིགས་པས་དགག་པ་ནི་བཤད་ཟིན་ལ། དངོས་པོའི་ངོ་བོ་གཅིག་ཉིད་ཕྱིར་ཞེས་བྱ་བ་ལ་སོགས་པའི་ཉེས་པས་འཆད་པར་ཡང་འགྱུར་རོ། །དེ་ལྟ་ན་དེའི་འབྲས་བུ་ཅན་ཉིད་ནི་དེའི་འབྲས་བུ་ཅན་མ་ཡིན་པ་དང་བྲལ་བ་ཉིད་ཡིན་ལ་དེ་ཡང་བློའི་ཡུལ་ ཡིན་ནོ་ཞེས་བཤད་པ་ཡིན་ནོ། །སྒྲའི་ཡུལ་ཡང་དེ་ཉིད་ཡིན་ནོ་ཞེས་བཤད་པ་ནི་གཞན་མེད་པའི་ཕྱིར་དེའི་འབྲས་བུ་ཅན་མ་ཡིན་པ་དང་བྲལ་བར་རིག་པ་ཡང་དེ་ཡིན་ཏེ་དགོས་པ་ཡིན་པའི་ཕྱིར་རོ། །དེ་རིག་དོན་གང་ལ་ཡོད་པ་ནི་དེ་རིག་དོན་ཅན་དེ། བརྡ་ནི་དེ་ལྟ་བུར་གྱུར་པར་རིགས་སོ། །འདི་ཡང་བཤད་ཟིན་པ་ཉིད་ངེས་པར་གཟུང་ བའི་དོན་དུ་བརྗོད་པ་ཡིན་ནོ་ཞེས་ངེས་པར་གཟུང་བས་བསྟན་ཏོ། །བརྡ་དེ་རིག་དོན་ཅན་ཡིན་པ་ཉིད་ཀྱང་ལྷག་པར་ཞེན་པ་ལ་ལྟོས་པ་ཡིན་ནོ། །འགྲེལ་པ་ནི་བརྡ་ཞིག་ཏུ་བྱས་ནས་ཡང་དངོས་པོ་རྣམས་ཀྱི་ཕན་ཚུན་ཐ་དད་པ་གང་ཡིན་པ་དེ་ཁོ་ན་ཤེས་པར་བྱ་བའི་ཕྱིར་བྱེད་ན་མཛེས་ཏེ་ཞེས་བྱ་བའོ། །དེ་ ཉིད་ཀྱི་ཕྱིར་གཏན་ཚིགས་བཤད་པ་དེ་མི་བྱེད་པ་ལས་ཐ་དད་པར་འཇུག་པའི་དོན་ཅན་ཉིད་ཀྱིས་སོ་ཞེས་བྱ་བའོ། །དེ་བྱེད་པའི་དོན་ལ་བྱེད་པ་མ་ཡིན་པའི་སྒྲོ་འདོགས་རྒྱབ་ཏུ་བཏགས་པས་ཐ་དད་པ་ནི། དེ་སེལ་བར་བྱེད་པས་བསལ་བ་སྟེ། དེས་འཇུག་པའི་དོན་རྒྱུར་གྱུར་པས་རྣམ་པར་གཅོད་ པའི་འབྲས་བུ་ཅན་ཉིད་ཀྱིས་གཞན་སེལ་བའི་ཡུལ་ཅན་དུ་འཐད་པ་ཁོ་ནའོ། །དེ་ཉིད་བཤད་པ་ནི་གལ་ཏེ་ཞེས་བྱ་བ་སྟེ། འདིས་ནི་ཇི་སྐད་བཤད་པའི་དོན་ལ་གཏན་ཚིགས་ཉིད་དུ་བསྒྲུབ་པ་ཡིན་ནོ། །བརྡ་དེའི་འབྲས་བུ་ཅན་མ་ཡིན་པ་དང་བྲལ་བའི་དོན་ཅན་མ་ཡིན་ན་ནི། ཐ་སྙད་ལ་དེའི་འབྲས་བུ་ཅན་ མ་ཡིན་པ་དང་མ་བྲལ་བ་ཁོ་ན་ལ་འཇུག་པར་འགྱུར་རོ། །དེ་ལྟ་ཡིན་དང་ཉ་ཕྱིས་དོན་དུ་གཉེར་བ་དངུལ་ལོ་ཞེས་རྟོགས་པ་ན། ཉ་ཕྱིས་ལ་འཇུག་པར་འགྱུར་རོ། །དེའི་ཕྱིར་སྒྲོ་འདོགས་སེལ་བས་འཇུག་པའི་ཕྱིར་དེ་ལས་ཐ་དད་པ་ཉིད་སྒྲས་བརྗོད་པ་ཡིན་ནོ། །གང་གི་ཕྱིར་བརྡ་དེ་རིག་དོན་ཅན་ ཉིད་ཡིན་པ་དེ་བས་ན། དེ་ལྟར་བརྡར་བཏགས་པའི་སྒྲའི་དོན་རྟོགས་པ་འཁྲུལ་པ་མེད་པ་ཡིན་ཡང་དོན་ལ་མི་སླུ་བ་དང་བྱེད