Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 178
Văn bản gốc(Tây Tạng)
Trang 16 / 21 (50.000 ký tự/trang)
བྱ་བ་ཡིན་ན་ནི་དབང་པོའི་ཚོགས་དོན་མེད་པར་འགྱུར་རོ། །འོན་ཏེ་ལྐོག་ཏུ་གྱུར་པའི་དོན་ཅན་གྱིས་ཡིན་ན་ནི། དེའི་ཚེ་དབང་པོའི་ཡུལ་གྱི་དོན་འབྲེལ་པ་མ་ཡིན་ཏེ། དེའི་ ཚེ་དབང་པོའི་ཡུལ་གྱི་དོན་མེད་པའི་ཕྱིར་རོ། །ཡང་ན་དོན་དང་སྒྲ་མེད་ཀྱང་འདིའི་རྗོད་པར་བྱེད་པ་འདིའི་ཡིན་ནོ་ཞེས་འབྲེལ་བར་བྱེད་པའི་ཕྱིར་རོ། །འདི་ལྟར། དེ་ཚེ་གསལ་བར་སྣང་བ་ཡིན། །དོན་སྣང་བ་ནི་མེད་ཕྱིར་རོ། །ཤེས་སྣང་ཐ་དད་པ་ཡིས་ནི། །དོན་རྣམས་ཁྱད་པར་བྱེད་པ་ཡིན། །དབང་པོའི་ཡུལ་གྱི་དོན་ནི་གསལ་ བར་སྣང་བ་ཡིན་ལ། ལྐོག་ཏུ་གྱུར་པའི་དོན་ལ་ནི་མི་གསལ་བར་སྣང་བ་ཡིན་ནོ། །སྣང་བ་ཐ་དད་པ་ཡིན་ཡང་གཅིག་པ་ཉིད་ནི་མ་ཡིན་ནོ། །གལ་ཏེ་ཉེ་བ་དང་རིང་བར་གནས་པས་ཤེས་པའི་སྣང་བ་གསལ་བ་དང་མི་གསལ་བར་ཐ་དད་ཀྱང་ཡུལ་གཅིག་པ་ཉིད་ཡིན་པའི་ཕྱིར་སྣང་བ་ཐ་དད་པ་ཐ་དད་པར་ཇི་ལྟར་ འགྱུར་ཏེ། ཐ་དད་པའི་དོན་བྱེད་པ་ཐ་དད་པ་ལས་ཡིན་པའི་ཕྱིར་རོ་ཞེ་ན། དོན་བྱེད་པ་ཐ་དད་པ་ཡང་སྣང་བ་ཐ་དད་པ་ཁོ་ན་མ་ཡིན་ནམ། གཞན་དུ་གྱུར་པའི་འབྲས་བུ་ཐ་དད་པས་ནི་ཐ་དད་པའི་མཚན་ཉིད་མ་ཡིན་ནོ། །སྣང་བ་ཐ་དད་པ་མེད་པར་འབྲས་བུ་ཐ་དད་པས་ནི་རྒྱུ་ཐ་དད་པར་འགྱུར་བ་མ་ཡིན་ནོ། །སྣང་བ་ཐ་དད་པ་ཡང་ཡོད་ པ་ཁོ་ནའོ་ཞེ་ན། འོ་ན་ནི་དེ་ཉིད་ལས་ཐ་དད་པར་འགྱུར་བས་འབྲས་བུ་ཐ་དད་པས་ཅི་བྱ། གལ་ཏེ་འབྲས་བུ་ཐ་དད་པས་རྒྱུ་ཐ་དད་པ་ཡིན་ན་འབྲས་བུ་ཐ་དད་པ་གང་ལས་ཡིན། འབྲས་བུ་གཞན་ཐ་དད་པ་ལས་སོ་ཞེ་ན་ཐུག་པ་མེད་པར་འགྱུར་རོ། །སྣང་བ་ཐ་དད་པ་ལས་ཡིན་ནོ་ཞེ་ན་ནི་རྒྱུ་ཡང་དེ་ཉིད་ལས་ཐ་དད་པར་འགྱུར་བས་ འབྲས་བུ་ཐ་དད་པ་ཅི་ཞིག་བྱ། དོན་བྱེད་པས་ཐ་དད་པས་ཐ་དད་པ་ལ་ཡང་སྣང་བ་ཐ་དད་པ་དེ་ཉིད་ཐ་དད་པར་བྱེད་པ་ཡིན་ཏེ། གསལ་བར་སྣང་བ་ཉིད་དོན་བྱེད་པ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ཡུལ་ཐག་རིང་པོ་ན་གནས་པའི་མི་གསལ་བར་སྣང་བ་ནི་དངོས་པོའི་ཡུལ་ཅན་མ་ཡིན་ནོ། །མི་སླུ་བའི་ཕྱིར་ཡུལ་གཅིག་ཉིད་ཡིན་ནོ་ཞེ་ ན། དེ་ནི་རྗེས་སུ་དཔག་པ་ལ་ཡང་ཡོད་པ་ཡིན་པས་དེར་ཡང་སྣང་བ་ཐ་དད་པ་འབའ་ཞིག་གིས་ཐ་དད་པར་འགྱུར་རོ། །འོ་ན་ནི་གང་གི་ཚེ་མིག་མངོན་དུ་ཕྱེ་བས་དེ་ལྟ་བུ་ལ་བརྡ་བྱེད་པ་དེའི་ཚེ་སྒྲ་དངོས་པོ་ཡུལ་ཅན་དུ་འགྱུར་བ་ཡིན་ནོ་ཞེ་ན། འདིར་གཏན་ལ་དབབ་པ་ནི། མིག་ལ་དོན་སྣང་བ་ན་ཡང་། །འདི་ཞེས་གཞན་གྱིས་ བསྟན་པ་གང་། །དེ་ཉིད་སྒྲ་ཡིས་སྦྱོར་བྱེད་ཀྱི། །དབང་པོའི་སྤྱོད་ཡུལ་མ་ཡིན་ནོ། །གལ་ཏེ་མིག་དང་རྣ་བ་དག་ལ་སྒྲ་དང་བུམ་པ་ལ་སོགས་པ་སྣང་བ་དེ་ལྟར་ཡང་རང་གི་ངོ་བོར་སྣང་བ་ཙམ་གྱིས་ནི་འབྲེལ་པ་མ་ཡིན་གྱི་འདིའི་རྗོད་པར་བྱེད་པ་ནི་འདི་ཡིན་ནོ་ཞེས་ཐ་དད་པའི་རྣམ་པར་དབྱེ་བས་བསྟན་པ་གང་ཡིན་པ་དེ་ཉིད་སྦྱོར་ བ་ཡིན་ན་མངོན་སུམ་ལ་ནི་རྣམ་པར་དབྱེ་བའི་དོན་སྣང་བ་མ་ཡིན་ཏེ། དོན་རྐྱང་པ་ཙམ་ཞིག་སྣང་བའི་ཕྱིར་རོ། །རྣམ་པར་དབྱེ་བའི་དོན་ནི་རྣམ་པར་རྟོག་པའི་སྣང་བའི་ཡུལ་ཉིད་དེ། འདི་ལྟར། འདིའི་ཞེས་འབྲེལ་པ་ནི་ཕན་གདགས་བྱ་འདོགས་བྱེད་མེད་པར་མི་འགྱུར་རོ། །དེས་ན་རེས་འགའ་ནི་ བློའི་ཡུལ་གྱི་དོན་ལས་སྒྲ་འབྱུང་ལ། རེས་འགའ་ནི་སྒྲ་ལས་བློ་ལ་གནས་པའི་དོན་ཡིན་པའི་ཕྱིར། བློའི་རང་བཞིན་དང་རྣམ་པར་རིག་བྱེད་རྒྱུ་དང་འབྲས་བུའི་མཚན་ཉིད་ཀྱིས་འབྲེལ་པ་ལ་བརྟེན་ནས་རྣམ་པར་དབྱེ་བ་འབྱུང་བ་ཡིན་ནོ། །མངོན་སུམ་ལ་སྣང་བ་ཙམ་ནི་འབྲེལ་པའི་རྒྱུ་མཚན་མ་ཡིན་ཏེ། དེ་མེད་པར་ཡོད་པའི་ ཕྱིར་རོ། །གལ་ཏེ་མིག་ལ་སོགས་པས་བསྐྱེད་པ་ལ་སྣང་བའི་རང་གི་མཚན་ཉིད་ལ་བརྡ་བྱེད་པ་ཡིན་ན་ནི་དེའི་ཚེ་དེ་ཉིད་ཀྱིས་སྣང་བར་འགྱུར་བ་ཞིག་ན་དེ་ལྟར་ནི་མ་ཡིན་ཏེ། དབང་པོའི་བྱ་བ་མེད་པ་ལ། །གཞན་དག་ཙམ་གྱིས་སྣང་མེད་ཕྱིར། །ཅི་སྟེ་ཡང་གལ་ཏེ་རང་གི་མཚན་ཉིད་ལ་བརྡ་མེད་མོད། དེ་ལྟ་ན་ཡང་དེ་ཉིད་ བརྗོད་བྱ་ཡིན་པའི་ཕྱིར་འགལ་བ་ཅི་ཡོད་ཅེ་ན། འབྲེལ་པ་མ་བྱས་ཅན་མིན་ཏེ། །རང་ཉིད་ཤེས་པར་ཐལ་ཕྱིར་རོ། །ཡང་ན་གལ་ཏེ་རང་གི་མཚན་ཉིད་ལ་བརྡ་བྱེད་ན་ཅི་ལྟར་སྤྱི་རྟོགས་པར་འགྱུར། དེ་ལྟ་བུ་ཉིད་དོ་ཞེ་ན། དེ་ལ་བཤད་པ་ནི། འབྲེལ་པར་མ་བྱས་ཅན་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དེའི་ཕྱིར་ དབང་པོའི་ཤེས་པ་ནི་འབྲེལ་པ་མེད་པར་བརྗོད་བྱ་མ་ཡིན་པ་ཁོ་ན་ཤེས་པ་ཡིན་པའི་ཕྱིར་རྣམ་པར་མི་རྟོག་པ་ཡིན་ནོ། །འོ་ན་ཇི་ལྟར་འདི་བ་ལང་ཞེས་བྱ་བ་དང་། སྤུ་ལ་སྦྲུལ་སྙམ་པའི་རྣམ་པར་རྟོག་པའི་ཤེས་པ་གསལ་བར་སྣང་བར་རྟོགས་འདིར་རྣམ་པར་རྟོག་པའི་གཞན་ཉིད་དོ་ཞེས་བྱ་བར་ནི་ནུས་པ་མ་ཡིན་ཏེ། འཛིན་ པར་བྱེད་པ་གཞན་རྟོགས་པ་མེད་པའི་ཕྱིར་རོ། །འདི་ལ་རྣམ་པར་རྟོག་པའི་གཟུང་བ་ལྐོག་ཏུ་གྱུར་པ་ཡང་མེད་དེ་གསལ་བ་དང་ཅིག་ཤོས་ཀྱིས་སྣང་བ་གཉིས་རྟོགས་པར་ཐལ་བའི་ཕྱིར་རོ། །འོན་ཏེ་སྔར་རྣམ་པར་མི་རྟོག་པ་ཡང་དེ་སྣང་བ་ཡིན་ནོ། །རྣམ་པར་རྟོག་པའི་དུས་སུ་གཟུང་བར་བྱ་བ་ཁྱད་པར་དུ་ཡང་གྱུར་པ་ ཡང་ཡོད་པ་མ་ཡིན་ཞིང་། གཟུང་བ་ཁྱད་པར་དུ་གྱུར་པ་མ་ཡིན་ན་ནི་འཛིན་པར་ཡང་ཇི་ལྟར་འགྱུར་སྙམ་ན། དེ་ཡང་མི་བདེན་ཏེ། ངེས་པ་དང་ནི་མ་ངེས་པ། །ཉིད་ཀྱིས་ཁྱད་པར་དམིགས་པའི་ཕྱིར། །ཇི་ལྟར་འདིར་ཁྱད་མེད་འགྱུར་ཏེ། །མཐོང་བ་ཉིད་ནི་མི་འཐད་མིན། །ཤེས་པར་འགྱུར་བ་ཉིད་ནི་དགག་པའི་ ཡུལ་མ་ཡིན་ནོ། །རྣམ་པར་རྟོག་པས་ཤེས་པར་འགྱུར་བ་ནི་མི་བདེན་པའི་ཕྱིར་རོ་ཞེ་ན། དེ་ནི་མི་བདེན་ཏེ། བདེན་མིན་ཉིད་ནི་ག་ལས་གྲུབ། །རྣམ་རྟོག་ཕྱིར་ན་འདིར་ཚད་གང་། །རྣམ་རྟོག་མེད་པའི་བློ་ལ་ཡང་། །མི་བདེན་ཉིད་ནི་བརྗོད་པར་བྱ། །རྣམ་པར་རྟོག་པ་དང་བཅས་པ་ཞེས་བྱ་བ་དེ་ཙམ་ཉིད་ཀྱིས་ནི་མི་ བདེན་པ་མ་ཡིན་ཏེ། རྣམ་པར་རྟོག་པ་མེད་པ་ཡང་མི་བདེན་པར་ཐལ་བའི་ཕྱིར་རོ། །རྣམ་པར་རྟོག་པ་མེད་པ་ཉིད་ཡིན་པའི་ཕྱིར་དེ་ལྟར་མ་ཡིན་ནོ་ཞེ་ན། དེ་ནི་རྣམ་པར་རྟོག་པ་དང་བཅས་པ་ལ་ཡང་མཚུངས་པའི་ཕྱིར་ཁྱད་པར་མེད་དོ། །གཞན་ཡང་། མངོན་སུམ་དུ་བྱེད་པ་ཇི་ལྟར་མི་བདེན་པ་ཡིན། རྣམ་ པར་རྟོག་པ་མེད་པ་ནི་ངེས་པ་མེད་པ་ཡིན་པས་མི་བདེན་པ་ཉིད་དུ་སྲིད་ཀྱང་། །ངེས་པའི་རང་བཞིན་མངོན་དུ་བྱེད་པ་གོ་མི་བདེན་པ་ཉིད་དུ་ཇི་ལྟར་དོགས། འོན་ཏེ་ངེས་པ་འདི་ནི་རྗེས་སུ་དཔག་པ་ཡིན་ནོ་ཞེ་ན། དེ་ཡང་མི་བདེན་ཏེ། ཡུལ་ནི་ལྐོག་ཏུ་མ་གྱུར་པས། །རྗེས་དཔག་སྲིད་པ་མིན་ཕྱིར་རོ། །ཡུལ་གྱི་དབྱེ་བ་ ཉིད་ལས་ནི། །ཚད་མའི་དབྱེ་བ་སྒྲུབ་ཕྱིར་ཏེ། །ཚད་མ་ངེས་པ་མེད་པ་ཉིད། །མིན་པར་སྒྲུབ་པར་བྱེད་ཕྱིར་རོ། །ཞེ་ན། དེ་ཐམས་ཅད་ནི་བདེན་པ་མ་ཡིན་ཏེ། འདི་ལྟར། རྟོག་བཅས་རྟོག་པ་མེད་པའི་ཡིད། །ཅིག་ཅར་དུ་ནི་འཇུག་ཕྱིར་རམ། །འཇུག་པ་མྱུར་ཕྱིར་བླུན་པོ་དག །དེ་དག་ལ་ནི་གཅིག་ཏུ་ཞེན། །འདིའི་དོན་ནི་ འདི་ཡིན་ཏེ། གལ་ཏེ་བ་ལང་སྙམ་པའི་རྣམ་པར་རྟོག་པ་བ་ལ་སོགས་པའི་ཡི་གེར་ངེས་པ་ཅན་རང་གི་མཚན་ཉིད་འཛིན་པར་ནུས་པ་ཡིན་ན་ནི་མངོན་སུམ་གྱིས་ཤེས་པ་འདི་ནི་གཅིག་ཏུ་རྣམ་པར་རྟོག་པ་དང་བཅས་པ་ཉིད་དོ་ཞེས་བྱ་བར་རིག་པར་འགྱུར་བ་ཞིག་ན། གང་གི་ཕྱིར་ཡི་གེའི་རྣམ་པར་འཛིན་པ་ཐམས་ཅད་ནི་སྔོན་མཐོང་བའི་ སྟོབས་ལས་བྱུང་བའི་བག་ཆགས་ཀྱི་ས་བོན་སད་པ་ལས་ཡི་གེ་མི་གསལ་བར་སྣང་བར་རྟོགས་པ་ཡིན་ཏེ། དེའི་ཕྱིར་གཞན་ཁོ་ན་ཡིན་ལ་མདུན་ན་འདུག་པའི་ཀ་བ་གསལ་བར་སྣང་བའི་ཤེས་པ་ནི་མངོན་སུམ་ཡིན་ནོ། །དེ་ལ་ནི་རྣམ་པར་རྟོག་པ་ཡོད་པའི་ཕྱིར་འདི་ཉིད་མངོན་སུམ་གྱི་ཤེས་པ་ཡིན་ནོ། །འོ་ན་གཅིག་ཏུ་ཞེན་པར་ ཇི་ལྟར་འགྱུར་ཞེ་ན། མེད་པ་ཁོ་ནའོ། །རེ་ཞིག་འདི་ནི་བ་ལང་ངོ་སྙམ་པའི་ཤེས་པ་ནི་ཁྲ་བོ་དང་བ་ལང་ལ་སོགས་པའི་ཡི་གེ་རྣམ་པ་གཅིག་ཏུ་ཞེན་པ་མ་ཡིན་ཏེ། སྣང་བ་ཐ་དད་པ་ཉིད་དུ་རྟོགས་པའི་ཕྱིར་རོ། །ཡི་གེ་བ་ལ་སོགས་པའི་རྣམ་པར་རྟོག་པ་རིམ་གྱིས་སྐྱེ་བར་འགྱུར་བ་རྣམས་ཀྱང་གཅིག་གི་ངོ་བོ་ཉིད་མ་ཡིན་ནོ། ། ཡི་གེ་སྣང་བའི་ཤེས་པ་ཉིད་ནི་ཁྲ་བོ་ལ་དམིགས་པ་མ་ཡིན་ཏེ་དེ་མེད་ཀྱང་ཁྲ་བོར་སྣང་བའི་ཕྱིར་དང་། ཡི་གེར་སྣང་བ་དེ་ཡང་མིག་བཙུམས་པ་ལ་ཡང་སྣང་བའི་ཕྱིར་རོ། །དེ་མེད་ཀྱང་སྣང་བ་ནི་མ་ངེས་པའི་བདག་ཉིད་ཡིན་ལ་ངེས་པ་ནི་དེ་ལས་ཁྱད་པར་དུ་གྱུར་པ་ཡིན་ནོ་ཞེ་ན། ངེས་པ་ཞེས་བྱ་བ་འདི་ཅི་ ཡིན། རང་བཞིན་གསལ་བར་སྣང་བའོ་ཞེ་ན། མ་ཡིན་ཏེ་སྔོན་ཉིད་སྣང་བའི་ཕྱིར་རོ། །སྔོན་གྱི་རང་བཞིན་ཉིད་དུ་སྣང་བ་ན་རྣམ་པ་གཞན་དེ་ཉིད་མི་གསལ་བ་ཡིན་ནོ། །དེའི་ཕྱིར་ཇི་ལྟར་རྣམ་པ་གཞན་སྣང་བ་ན་གཞན་ངེས་པ་ཞེས་བྱ། དེ་དང་གཅིག་ཏུ་ངེས་པར་བྱས་པའི་ཕྱིར་ངེས་པ་ཡིན་ནོ་ཞེ་ན། ཐ་དད་པར་སྣང་ བ་དག་ལ་གཅིག་ཏུ་ངེས་པ་བདེན་པར་ཇི་ལྟར་འགྱུར། འོ་ན་གཅིག་ཉིད་ཀྱི་ཐ་སྙད་ཇི་ལྟར་ཞེ་ན། འབྲས་བུ་འཇུག་པ་གཅིག་ཡིན་པའི་ཕྱིར་ཏེ་འབྲས་བུ་གཅིག་པ་ཉིད་ཀྱིས་ནི་དེ་གཅིག་ཏུ་ཞེན་པ་ཡིན་ནོ། །འོ་ན་རིམ་གྱིས་འཛིན་པར་ཇི་ལྟར་མི་འགྱུར་ཞེ་ན། ཡུལ་ཅིག་ཅར་ཉེ་བར་གནས་པ་ཉིད་ཀྱི་ཕྱིར་རོ། །ཡི་གེར་རྣམ་པར་ རྟོག་པའི་དུས་སུ་མངོན་སུམ་གྱི་ཤེས་པའི་དོན་ཉེ་བར་མི་གནས་པ་ནི་མ་ཡིན་ནོ། །ཡང་ན་ཁྱེད་ཀྱི་ཡུལ་ཉེ་བ་ན་མྱུར་དུ་འཇུག་པའི་ཕྱིར་རིམ་གྱིས་འཛིན་པར་ངེས་པ་མ་ཡིན་པ་དེ་བཞིན་དུ་ཁོ་བོ་ཅག་གིས་འཛིན་པ་ཡང་ཡིན་པས་ཁྱད་པར་མེད་དོ། །གལ་ཏེ་རྣམ་པར་རྟོག་པ་གཞན་ཉིད་ཡིན་ན་ཇི་ལྟར་དེའི་ཡུལ་བརྗོད་པར་བྱ་བའི་ རང་བཞིན་མི་གསལ་བ་ཉིད་དུ་སྣང་བར་མ་གྱུར། དེ་ལ་ཡུལ་གཞན་མེད་པའི་ཕྱིར་རོ་ཞེ་ན། འོ་ན་ནི་དེར་ཡུལ་མེད་པ་ཞུགས་པས་དེ་བར་དུ་བཅད་པ་ན། མཐོང་བ་རྒྱུན་ཆད་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ། བར་དུ་བཅད་པ་མེད་པའི་ཕྱིར་ཏེ། དུས་མཉམ་པས་ནི་བར་དུ་གཅོད་པ་མི་སྲིད་དོ། །གཞན་ཡང་། གལ་ ཏེ་རྣམ་རྟོག་གིས་བཅད་པས། །མཐོང་བ་རྒྱུན་ཆད་འགྱུར་ཞེ་ན། །གཞན་གྱིའང་རིགས་ནི་ཐ་དད་པའི། །རྣམ་པར་རྟོག་ཚེ་ཇི་ལྟར་མིན། །མངོན་སུམ་གཅིག་ཏུ་རྣམ་པར་རྟོག་པ་དང་བཅས་པ་གང་ཡིན་པ་དེ་ལ་ནི་རྒྱུན་ཆད་པ་མེད་དེ། དེ་ཉིད་ཀྱི་བར་དུ་གཅོད་པ་ནི་མ་ཡིན་ནོ། །རྣམ་པར་རྟོག་པ་མེད་པར་སྨྲ་བ་ལ་ནི་ རྣམ་པར་རྟོག་པ་གཞན་ཁོ་ན་ཡིན་ཏེ། དེས་ན་བར་དུ་གཅོད་དོ་ཞེ་ན། རིགས་མི་གཅིག་པའི་རྣམ་པར་རྟོག་པ་བྱུང་བའི་ཚེ་དོན་གཞན་མཐོང་བའི་རྒྱུན་མི་འཆད་པར་ཇི་ལྟར་འགྱུར། རིགས་མི་གཅིག་པའི་རྟོགས་པ་ནི་གཞན་གྱི་མངོན་སུམ་གྱི་ཤེས་པའི་རང་བཞིན་ཉིད་མ་ཡིན་ཏེ། གཞན་ལ་སྣང་བའི་རང་བཞིན་དུ་རྣམ་པར་ རྟོག་པ་མེད་པའི་ཕྱིར་རོ། །ཅི་སྟེ་དེ་ལ་རྒྱུན་ཆད་པ་ནི་ཡོད་པ་ཁོ་ནའོ། །འོན་ཀྱང་མཐོང་བའི་དངོས་པོ་སྟོབས་དང་ལྡན་པས་རབ་ཏུ་ཞུགས་པའི་མཐོང་བ་མ་ཡིན་པས་བསྒྲིབས་པ་ནི་རང་གི་ཐ་སྙད་མི་མཐོང་བ་ཡིན་ཏེ། དེས་ན་རྒྱུན་ཆད་པ་མེད་པར་ཞེན་པ་ཡིན་ནོ་ཞེ་ན། དེ་མི་རིགས་ཏེ། འདི་ལྟར། གལ་ཏེ་མགལ་མེ་མཐོང་ བ་བཞིན། །དངོས་ཕྱོགས་སྟོབས་དང་ལྡན་འདོད་ན། །དེ་ནི་གཞན་ལའང་མཚུངས་པ་ཡིན། །ཡི་གེའང་ཅིག་ཅར་ཐོས་པར་འགྱུར། །གལ་ཏེ་རྣམ་པར་རྟོག་པ་རིགས་མཚུངས་ཀྱང་དངོས་པོའི་ཕྱོགས་སྟོབས་དང་ལྡན་པ་ཡིན་ན། རྣམ་པར་རྟོག་པ་མེད་པར་སྨྲ་བ་ལ་ཡང་མཚུངས་པའི་ཕྱིར་བར་དུ་ཆོད་པ་མ་ཡིན་པས་སྐྱོན་མེད་དོ། ། འདི་ནི་ཁས་བླངས་ནས་བརྗོད་པར་ཟད་དོ། །བར་དུ་གཅོད་པ་ནི་མི་སྲིད་དོ། །མྱུར་བའི་ཕྱིར་ན་བར་དུ་ཆོད་པ་ལ་ཡང་བར་མ་ཆོད་པར་ཤེས་པ་ནི་མ་ཡིན་ཏེ། གང་གི་ཕྱིར་མྱུར་བའི་ཕྱིར་ན་མྱུར་བར་བརྗོད་པའི་ཡི་གེ་དག་ཀྱང་དུས་གཅིག་ཏུ་ཐོས་པར་ཐལ་བར་འགྱུར་ན་དེ་ལྟར་ཡང་མ་ཡིན་ཏེ། དེའི་ཕྱིར་མྱུར་བ་ནི་འདིར་རིམ་པ་དང་ལྡན་ པ་ལ་ཡང་བར་དུ་མ་ཆོད་པར་སྣང་བའི་རྒྱུ་མ་ཡིན་ནོ། །ཅི་སྟེ་དེ་ལ་ནི་མྱུར་བ་ཉིད་མེད་པ་ཡིན་ཏེ། དེས་ན་དུས་གཅིག་ཏུ་ཐོས་པ་མ་ཡིན་ནོ་ཞེ་ན། འདིར་མྱུར་བ་མེད་པ་ཡིན་ནོ་ཞེས་བྱ་བ་ག་ལས་ཡིད་དག་ཏུ་གཅིག་ཏུ་འཇུག་པ་མེད་པའི་ཕྱིར་རོ་ཞེ་ན། འདི་ནི་འོག་ནས་བཤད་པར་བྱའོ། །དེ་ལྟ་མ་ཡིན་ན་ཅིག་ཅར་དུ་རྟོགས་པ་ཉིད་མེད་པར་འགྱུར་རོ་ཞེ་ན། མ་ ཡིན་ཏེ། ཅིག་ཅར་བ་ཡིན་པའི་ཕྱིར་རོ། །འོ་ན་ཨུཏྤ་ལའི་འདབ་མ་བརྒྱ་ཕིགས་པ་ཡང་ཅིག་ཅར་ཉིད་དུ་འགྱུར་བས་རིམ་པར་བརྟགས་པ་ཅི་བྱ་ཞེ་ན། མ་ཡིན་ཏེ། དེ་ལ་ནི་རིམ་གྱིས་ཡུལ་དུ་ཕྱིན་པའི་ཕྱིར་རྗེས་སུ་དཔག་པས་རྟོགས་པ་ཡིན་ནོ། །འདི་ནི་དེ་ལྟར་རྗེས་སུ་དཔག་པ་མེད་པའི་ཕྱིར་རིམ་པར་རྟོགས་པར་ཇི་ལྟར་འགྱུར། རིམ་ཡང་མེད་པར་རྟོག་པ་ལ་རྒྱུ་ཅི་ཡོད་ཅེ་ན། མངོན་སུམ་གྱི་བདག་ཉིད་ཀྱི་སྣང་བ་ཉིད་དོ། །མངོན་སུམ་དུ་སྣང་བ་ལས་གཞན་པའི་སྒྲུབ་པར་བྱེད་པ་ཡང་རྟོགས་པ་ནི་མ་ཡིན་ནོ། །སྔར་བརྗོད་པའི་ཡི་གེ་ཅིག་ཅར་ཐོས་པའི་རྒྱུ་མགྱོགས་པ་གང་ཡིན་པ་དེ་ཉིད་མེད་པ་དེ་ལ་བརྗོད་པ། འདིར་དོན་ཀུན་དང་ཅིག་ཅར་དུ། ། འདུས་ཅན་དབང་རྣམས་ཡོད་པ་ན། །ལྔ་པོ་རྣམས་ཀྱིས་ཆོད་ན་ཡང་། །ཆོད་མེད་བཞིན་དུ་སྣང་བའི་བློ། །གང་དེ་མིང་གི་མཐར་ཐུག་པའི། །ཤེས་པའི་སྐད་ཅིག་དང་འདྲེས་ཕྱིར། །ཆོད་པར་སྣང་བ་དེ་ངོ་མཚར། །དེ་ཕྱིར་བློ་ནི་ཅིག་ཅར་འགྱུར། །གང་ཞིག་བློ་ཅིག་ཅར་སྐྱེ་བ་ནི་མེད་དོ། །གང་དུ་ཅིག་ཅར་འབྱུང་བར་ ཞེན་པ་དེར་ནི་མྱུར་དུ་འཇུག་པ་ལས་རྒྱུ་གཞན་མེད་དེ། དེ་ལྟར་ལྷག་པར་ཞེན་པ་ནི་མགྱོགས་པར་འཇུག་པ་ལས་ཡིན་ནོ་ཞེས་འདོད་པ་དེ་ལ་འདི་སྐད་བརྗོད་དོ། །ཡི་གེ་སྐྱེན་པར་བརྗོད་པ་ལ་ཡང་ཇི་ལྟར་མི་འགྱུར། གལ་ཏེ་དེ་ལྟ་བུའི་མགྱོགས་པ་ཉིད་མེད་པའི་ཕྱིར་གཞན་མ་ཡིན་ནམ་ཞེ་ན། འོ་ན་འདིར་ཡང་དེ་བས་ཀྱང་མགྱོགས་པ་ཆེས་ཤས་ཆུང་བ་ཡིན་ཏེ། གང་དུ་ཡུལ་ལྔ་ཉེ་བར་གནས་པ་དང་། རྣམ་པར་རྟོག་པ་ནུས་པ་དང་ལྡན་པར་གྱུར་པ། དཔེར་ན་དྲི་ཞིམ་ཞིང་བལྟ་ན་སྡུག་པའི་ན་ཆུང་གི་ཁའི་རོ་མྱོང་བ་གླུ་སྙན་པ་ལ་རྣ་གཏོད་པ་ལྟ་བུའོ། །དེར་ནི་སེམས་རེ་རེ་ཡང་ལྔས་བར་དུ་ཆོད་པ་ཡིན་ནོ། །འདིར་ ཆེས་མགྱོགས་པ་ཤས་ཆུང་བ་དེ་འདྲ་བ་ཡིན་མོད་ཀྱི་དེ་ལྟ་ན་ཡང་ཅིག་ཅར་འཛིན་པར་སྣང་བ་དེ་བཞིན་དུ་ཡི་གེ་རྣམས་ལ་ཡང་འགྱུར་རོ། །གང་དུ་ལྔས་བར་དུ་ཆོད་ཀྱང་ཅིག་ཅར་དུ་ཞེན་པ་སྒྲུབ་པར་ནུས་པའི་མགྱོགས་པས། ཡི་གེའི་ཡུལ་ཅན་སྐད་ཅིག་ཤེས་པས་བར་མ་ཆོད་པ་དེར་ཇི་ལྟར་ནུས་པར་མི་འགྱུར། དེའི་ཕྱིར་བློ་ ནི་ཅིག་ཅར་ཁོ་ན་སྐྱེ་བར་རིགས་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་འགལ་བ་བསྒྲུབ་པར་མི་ནུས་པ་ཁོ་ནའོ། །དེས་ན། རྟོག་བཅས་རྟོག་པ་མེད་པའི་ཡིད། །ཅིག་ཅར་དུ་ནི་འཇུག་ཕྱིར་རོ། །ཞེས་བྱ་བ་འདི་ནི་འཐད་པ་ཡིན་ནོ། །གཞན་ཡང་། སྣང་བ་ལ་ཡང་ཁྱད་མེད་ན། །བར་བཅས་པར་མེད་ཅི་ལྟར་ཡིན། །ཡིད་ཀྱི་ རྟོག་པ་འབའ་ཞིག་ལ། །རིམ་དུ་འཛིན་པར་མི་འགྱུར་རོ། །ལ་ལར་ནི་བར་དང་བཅས་པ་ཡིན་ཏེ། གང་དུ་རིགས་མི་མཐུན་པས་བར་དུ་བཅས་པའོ། །ལ་ལར་ནི་བར་ཆད་མེད་པ་ཡིན་ཏེ། རིགས་མི་མཐུན་པའི་རྣམ་པར་རྟོག་པས་བར་དུ་མ་བཅས་པས་སོ་ཞེས་བྱ་བའོ། །བར་ཆད་དང་བཅས་པ་དང་བར་ཆད་མེད་པ་དེ་དག་གལ་ ཏེ་སྣང་བ་ཁྱད་པར་མེད་ན་ཇི་ལྟར་འགྱུར། ཡིད་ཀྱི་རྣམ་པར་རྟོག་པ་འབའ་ཞིག་རྒྱུན་དུ་འབྱུང་བ་གང་ཡིན་པ་དེའི་ཡང་རིམ་པ་དང་ལྡན་པར་སྣང་བར་མི་འགྱུར་ཏེ། མགྱོགས་པར་འབྱུང་བའི་ཕྱིར་རོ། །གལ་ཏེ་རྣམ་པར་ཤེས་པ་ཅིག་ཅར་འབྱུང་ན་རེས་འགའ་དོན་ཚོགས་ཀྱང་འཛིན་པ་མེད་པར་ཇི་ལྟར་འགྱུར་ཞེ་ན། འདི་ལ་ ལན་དུ། ལ་ལར་ཀུན་ཏུ་ཆགས་སེམས་ཅན། །དོན་ཉེ་བ་ལའང་འཛིན་མེད་གང་། །ཆགས་པས་གཞན་སྐྱེད་ནུས་ཉམས་ཕྱིར། །གཉི་ག་ལ་ཡང་རྩོད་འདི་ཡོད། །གཞན་ལ་ཆགས་པས་ནུས་པ་ཉམས་པར་འགྱུར་བ་ཡིན་ན་ནི་ཤེས་པ་དེ་ཉེ་བར་གནས་པ་ཐམས་ཅད་ཀྱི་རྣམ་པར་ཤེས་པ་སྐྱེད་པའི་དེ་མ་ཐག་རྐྱེན་དུ་མི་ འགྱུར་རོ། །གཉི་ག་ལ་བརྒལ་ཞིང་བརྟག་པ་མཚུངས་པ་ཡང་ཡིན་ནོ། །མཚུངས་པ་མ་ཡིན་ཏེ། གཅིག་ཁོ་ན་ལ་ཡིད་ཀྱི་ནུས་པ་ཡོད་པའི་ཕྱིར་ཞེ་ན། དེ་ལྟ་ན་ཡང་ཅིག་ཅར་འཛིན་པར་སྣང་བར་འགྱུར་རོ། །གང་ལ་ཆེར་ཆགས་པ་མེད་པ་དེ་ལ་འགྱུར་བ་ཁོ་ནའོ་ཞེ་ན། ཁོ་བོ་ཅག་ཀྱང་དེ་སྐད་སྨྲ་སྟེ། གང་དུ་ཆགས་ པ་དེར་རིམ་གྱིས་འཛིན་ལ། གཞན་དུ་ནི་ཅིག་ཅར་རོ། །ཐམས་ཅད་དུ་རིམ་གྱིས་འཛིན་པ་ཡིན་ནོ་ཞེས་བྱ་བ་འདི་ལ་ནི་ཚད་མ་མེད་དོ། །རྣམ་པར་ཤེས་པ་སྔ་མ་ལས་མ་གཏོགས་པ་ཡིད་གཞན་ནི་ཚད་མའི་ཡུལ་དུ་འགྱུར་བ་མེད་དོ། །གལ་ཏེ་མགལ་མེ་རིམ་གྱིས་འཛིན་པ་ཡིན་ཡང་ཅིག་ཅར་དུ་སྣང་བ་མ་ཡིན་ནམ་ཞེ་ན། དེ་ ཡང་མི་བདེན་ཏེ། དེར་རིམ་གྱིས་སྣང་བ་མཚམས་སྦྱར་བས་བློ་དེར་འགྱུར་བ་ནི་མ་ཡིན་གྱི་འོན་ཀྱང་དེར་ནི་ཅིག་ཅར་ཁོ་ན་སྣང་བ་ཡིན་ནོ། །འདི་ལྟར། མགལ་མེ་ལ་སོགས་མྱུར་འཇུག་པའི། །རྗེས་སུ་འགྲོ་བས་གནོད་པ་ཅན། །མིག་ལས་འཁོར་ལོར་འཁྲུལ་སྐྱེའོ། །དེ་མཐོང་མཚམས་སྦྱོར་བས་མ་ཡིན། །མྱུར་དུ་ བསྐོར་བའི་མགལ་མེའི་སྐད་ཅིག་རྣམས་ཀྱི་རྗེས་སུ་འགྲོ་བས་ཉམས་པར་བྱས་པའི་མིག་ཉིད་ཀྱིས་འཁོར་ལོར་སྣང་བ་བློ་སྐྱེད་པར་བྱེད་ཀྱི། དངོས་པོའི་ཕྱོགས་སྟོབས་དང་ལྡན་པ་ནི་ཡིད་ཀྱི་ཤེས་པ་དེ་ལྟར་གྱུར་པ་ནི་མ་ཡིན་ནོ། །ཅི་སྟེ་ན་ཡང་ཡུལ་ལྔ་ཉེ་བར་གནས་པ་ནི་ཅིག་ཅར་སྣང་བ་ནི་འཁྲུལ་པ་ཁོ་ན་ཡིན་ནོ་ཞེ་ན། འོ་ན་ནི་ ཐམས་ཅད་དུ་ནི་ཅིག་ཅར་སྣང་བ་འཁྲུལ་པ་ཁོ་ནར་འགྱུར་རོ། །འདོད་པ་ཁོ་ནའོ་ཞེ་ན། མ་ཡིན་ཏེ། འཁྲུལ་པ་ཉིད་ལ་ཚད་མ་མེད་པའི་ཕྱིར་རོ། །ཅིག་ཅར་སྣང་བ་ཉིད་ནི་འཁྲུལ་པ་མེད་པའི་མངོན་སུམ་གྱི་རྟོགས་པ་ཡིན་ནོ། །གནོད་པར་བྱེད་པ་མེད་ཀྱང་དེ་ལྟར་སྣང་བ་དེ་འཁྲུལ་པ་ཡིན་ན་ནི་ཤེས་པ་ཐམས་ཅད་དེ་ལྟར་ཐལ་བར་ འགྱུར་རོ། །དེས་ན་གནོད་པར་བྱེད་པ་མེད་པའི་ཕྱིར་ཅིག་ཅར་དམིགས་པའི་ཤེས་པ་ལྔ་པོ་ཅིག་ཅར་ཉིད་ཡིན་ནོ་ཞེས་འགྲུབ་པ་ཡིན་ནོ། །དེས་ན་མངོན་སུམ་ནི་རྣམ་པར་རྟོག་པ་མེད་པ་ཁོ་ནའོ། །ད་ནི་གཞན་གྱི་འདོད་པ་ཉེ་བར་བཀོད་དེ་འགོག་པར་བྱེད་དོ། །ལ་ལ་དབང་སྐྱེས་ལ་སོགས་ཕྱིར། །བྱིས་པའི་བློ་བཞིན་རྟོག་མེད་ དང་། །བྱིས་པའི་རྟོག་མེད་ཉིད་ཀྱི་རྒྱུ། །བརྡ་ཉམས་པ་ཉིད་ཡིན་སྨྲ་བ། །གཞན་དག་མངོན་སུམ་ནི་རྟོག་པ་མེད་པ་ཡིན་ཏེ། དབང་པོ་ལས་སྐྱེས་པ་ཡིན་པའི་ཕྱིར་དང་། ཉམས་སུ་མྱོང་བའི་རྣམ་པས་འཇུག་པའི་ཕྱིར་དང་། ཡིད་མ་ཡིན་པའི་ཕྱིར་བྱིས་པའི་རྣམ་པར་ཤེས་པ་བཞིན་ནོ། །བྱིས་པའི་དབང་པོའི་རྣམ་ པར་ཤེས་པ་རྟོག་པ་མེད་པ་ཉིད་ནི་བརྡ་འཛིན་པར་མི་ནུས་པའི་ཕྱིར་རོ་ཞེས་སྨྲ་བ། དེ་དག་གི་ནི་རྟོག་མེད་ཕྱིར། །བྱིས་པའི་མངོན་སུམ་ཉིད་དུ་འགྱུར། །བརྡ་ཡི་རྒྱུ་དང་བྲལ་བའི་ཕྱིར། །དེ་ནི་ཕྱིས་ཀྱང་མི་འགྱུར་རོ། །དེ་སྐད་སྨྲས་པ་དེ་དག་གི་ལྟར་ན་བྱིས་པ་དག་ནི་མངོན་སུམ་ཁོ་ནར་འགྱུར་མོད། བྱིས་ པ་ལ་ནི་ཐམས་ཅད་རྟོག་པ་མེད་པར་འདོད་པ་ཁོ་ནའོ་ཞེ་ན། མ་ཡིན་ཏེ། བྱིས་པ་ལ་ཡང་རང་གི་དོན་བྱ་བ་ལ་སྔ་མ་དང་ཕྱི་མར་རྟོགས་པ་ཁོ་ནའོ། །ཅི་སྟེ་དེའི་ཚེ་མེད་ན་ནི་ཕྱིས་ཀྱང་རྣམ་པར་རྟོག་པར་མི་འགྱུར་ཏེ། བརྡ་འཛིན་པའི་ཐབས་མེད་པའི་ཕྱིར་རོ། །བརྡ་འཛིན་པའི་ཐབས་ནི་རྣམ་པར་རྟོག་པ་ཡིན་པ་དེ་ནི་བྱིས་པ་ལ་མེད་དོ། །འོན་ ཏེ་གལ་ཏེ་བརྡ་ལ་མ་བྱང་བའི། །ཡིད་ཡོད་དེས་ན་དེ་འདོད་ན། །དེ་བཞིན་དབང་སྐྱེས་ལ་ཡང་འགྱུར། །འདི་འདྲ་འདི་ཡང་ལྷག་ལྡན་ཡིན། །གལ་ཏེ་བྱིས་པ་རྣམས་ཀྱི་ཡིད་ཀྱི་ཐ་སྙད་བྱེད་པ་དེའི་ཕྱིར་བྱིས་པ་རྣམས་ལ་རྣམ་པར་དཔྱོད་པ་ཡོད་པ་ཡིན་ནོ། །དེས་ན་བརྡ་འཛིན་པའི་ཕྱིར་ཕྱིས་ཡིད་རྣམ་པར་རྟོག་པ་དང་བཅས་པར་ འགྱུར་བ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟར་ན་ནི་དབང་པོ་ལས་སྐྱེས་པ་ལ་ཡང་འགྱུར་རོ། །དབང་པོ་ལས་སྐྱེས་པ་ཡང་ཕྱིས་རྣམ་པར་རྟོག་པ་དང་བཅས་པར་འགྱུར་བ་ཅིས་ཟློག་པར་བྱེད། བྱིས་པའི་དབང་པོའི་རྣམ་པར་ཤེས་པ་དེ་ཡང་བརྡ་འཛིན་པར་ནུས་པ་མེད་པ་ག་ལས་ཡིན། དབང་པོ་ལས་སྐྱེས་པ་ཉིད་ཀྱི་ཕྱིར་རོ་ཞེ་ན་མ་ཡིན་ཏེ། འབྲེལ་པ་མེད་པའི་ཕྱིར་རོ། །གཞན་ཡང་གལ་ཏེ་བྱིས་པའི་དབང་པོ་ལས་སྐྱེས་པ་རྣམ་པར་རྟོག་པ་མེད་པ་ཡིན་དུ་ཆུག་ཀྱང་། ཐམས་ཅད་དུ་དེ་ལྟར་འགྱུར་དགོས་སོ་ཞེས་བྱ་བ་འདི་ག་ལས་ཡིན། གནོད་པར་བྱེད་པའི་ཚད་མས་འབྲེལ་བ་གྲུབ་པ་མེད་པར་དཔེ་ཙམ་གྱིས་ནི་གཏན་ཚིགས་གོ་བར་བྱེད་པ་མ་ཡིན་ནོ། །ཅི་སྟེ་གང་ ཞིག་དབང་པོ་ལས་སྐྱེས་པ་དེ་ནི་ཉེ་བ་ཙམ་འཛིན་པར་བྱེད་པ་ཡིན་པས་སྔ་ཕྱི་འཛིན་པས་སྟོང་པའི་ཕྱིར་རྣམ་པར་རྟོག་པ་མེད་པ་ཡིན་ནོ་ཞེ་ན། འདི་སྔ་ཕྱི་འཛིན་པས་སྟོང་པ་ཉིད་དུ་ཇི་ལྟར་འགྲུབ། མངོན་སུམ་དུ་བྱེད་པ་ནི་སྔ་མ་དང་ཕྱི་མ་དེ་དག་ལ་མེད་པའི་ཕྱིར་དང་། མངོན་སུམ་དུ་བྱེད་པ་མ་ཡིན་པ་ནི། མངོན་སུམ་ཉིད་ མ་ཡིན་པའི་ཕྱིར་རོ་ཞེ་ན། དེ་ལྟ་ན་ནི་འོ་ན་དབང་པོའི་ཤེས་པ་ཡིན་པའི་ཕྱིར། བྱིས་པའི་རྣམ་པར་ཤེས་བཞིན་ནོ། །ཞེས་བྱ་བ་དོན་མེད་པ་ཡིན་ནོ། །རྟོག་པ་མེད་པ་ཉིད་ནི་མངོན་སུམ་གྱིས་གྲུབ་པར་འགྱུར་ཏེ་མངོན་སུམ་དུ་བྱེད་པར་སོ་སོར་ངེས་པ་ཉིད་ནི། མངོན་སུམ་གྱིས་ཉམས་སུ་མྱོང་བའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་གལ་ཏེ་ གང་དུ་ཡང་མངོན་སུམ་རྟོག་པ་མེད་པ་ཉིད་ཀྱི་སྒྲུབ་པར་བྱེད་པ་མ་ཡིན་ན་ཇི་ལྟར་དེའི་རྗེས་སུ་འབྲངས་ནས་རྗེས་སུ་དཔག་པ་འཇུག །ཅི་སྟེ་བྱིས་པའི་རྣམ་པར་ཤེས་པ་མངོན་སུམ་དུ་བྱེད་པའི་རྣམ་པ་ཅན་ཡིན་པ་དེའི་ཕྱིར་དབང་པོའི་ཤེས་པ་གཞན་ཡང་ད་ལྟ་བུ་ཉིད་དོ་ཞེ་ན། དེ་ལྟ་ན་ནི་འོ་ན། བྱིས་པ་ལ་སྒྲུབ་གང་ཡིན་པ། །དེ་ ཉིད་འདིར་ཡང་བརྗོད་བྱ་སྟེ། །དབང་པོའི་བློ་ནི་མཚུངས་ཕྱིར་རོ། །འདིས་ནི་མྱོང་སོགས་བཤད་པ་ཡིན། །བསྐལ་པ་ལ་མངོན་དུ་བྱེད་པ་མ་མཐོང་བའི་ཕྱིར་དང་། གཞན་ལ་མཐོང་བའི་ཕྱིར་ལྐོག་ཏུ་མ་གྱུར་པའི་ཡུལ་ཅན་ཡིན་པའི་ཕྱིར་མངོན་སུམ་རྟོག་པ་མེད་པ་ཡིན་ནོ་ཞེས་སྤྱིར་བསྒྲུབ་པར་བྱ་བ་ཡིན་གྱི། དབང་ པོ་ལས་སྐྱེས་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ཀྱིས་ཅི་ཞིག་བྱ། མངོན་སུམ་དུ་བྱེད་པ་ནི་དེ་ནི་རྣམ་པར་རྟོག་པ་མེད་པ་ཉིད་དུ་བརྗོད་དོ། །རྣམ་པར་རྟོག་པ་ཉིད་ནི་རྟོག་པ་དང་བཅས་པ་འགལ་བའི་ཕྱིར་མངོན་སུམ་དུ་བྱེད་པ་ཡིན་པ་དེ་ནི་རྣམ་པར་རྟོག་པ་མེད་པ་ཉིད་ཀྱིས་ཁྱབ་པ་ཡིན་པ་དེའི་ཕྱིར་འདི་ནི་འགལ་བས་ཁྱབ་པའི་ དམིགས་པ་ཡིན་ནོ། །ཡང་ན་རྣམ་པར་རྟོག་པ་མེད་པ་ཉིད་ཀྱིས་ནི་རྟོག་པ་དང་བཅས་པ་འགལ་བའི་ཕྱིར་མངོན་སུམ་དུ་བྱེད་པ་སྒྲུབ་ཅིང་དེ་ལས་ཀྱང་མངོན་སུམ་ཉིད་དོ། །གལ་ཏེ་རྣམ་པར་རྟོག་པ་མེད་པ་ཉིད་ཀྱིས་ནི་མངོན་སུམ་དུ་བྱེད་པ་སྒྲུབ་པ་ཡིན་ལ། དེས་མངོན་སུམ་ཉིད་ཡིན་ན་ཟླ་བ་གཉིས་ལ་སོགས་པ་ རིག་པ་རྣམས་ཀྱང་འགྱུར་རོ་ཞེ་ན། མ་འཁྲུལ་པ་ཉིད་ཡིན་ན་ཞེས་རྗོད་པར་བྱེད་པ་ཡིན་ན། །གལ་ཏེ་མ་འཁྲུལ་པ་ཉིད་ཀྱིས་ཆོག་མོད་རྣམ་པར་རྟོག་པ་མེད་པས་ཅི་བྱ་ཞེ་ན། ཁྱད་པར་ནི་གཞན་ལ་ལྟོས་པ་ཡིན་པའི་ཕྱིར་རོ། །དེ་སྐད་དུ་ཡང་མཚན་ཉིད་ལ་གཞན་གྱི་ལུགས་ལ་ལྟོས་ནས་ཁྱད་པར་དུ་བྱས་སོ་ཞེས་བཤད་ དོ། །ཐམས་ཅད་དུ་ཡང་རྟོག་པ་ནི་མེད་པ་ཉིད་དོ། །འཁྲུལ་པ་མེད་པའི་ཤེས་པ་ཐམས་ཅད་ནི་རྟོག་པ་མེད་པ་ཁོ་ནའོ། །འཁྲུལ་པ་མེད་པ་ཉིད་ཀྱང་སློབ་དཔོན་གྱི་དམིགས་ཀྱིས་བསལ་བའི་སྒོ་ནས་བསྟན་པ་ཡིན་ནོ། །ཡང་ན་དབང་པོ་ལ་བརྟེན་པས་ནི་མངོན་སུམ་སྟེ། དེས་ནི་མངོན་སུམ་དུ་བྱེད་པ་ཉིད་མཚོན་པ་ཡིན་ཏེ། དེའི་ཕྱིར་མངོན་སུམ་དུ་བྱེད་པའི་རྣམ་པས་འཇུག་པའི་ཤེས་པ་ཐམས་ཅད་ནི་རྣམ་པར་རྟོག་པ་མེད་པ་ཉིད་དོ། །ཡང་ན་འཇུག་པར་བྱེད་ཅིང་ཁྱད་པར་བྱེད་པར་ཕྱིར་མངོན་སུམ་ཡིན་ལ་ཡུལ་གྱི་རང་བཞིན་ལ་ཁྱད་པར་བྱེད་པ་ཡང་མངོན་དུ་བྱེད་པ་ཁོ་ན་ཡིན་ནོ། །དེས་དབང་པོ་ལས་སྐྱེས་པ་ཐམས་ཅད་ནི་རྟོག་པ་མེད་པ་ཁོ་ནའོ། ། ཡང་ན་སློབ་དཔོན་གྱིས་མ་འཁྲུལ་པ་སྨོས་པ་མེད་པ་ཁོ་ན་སྟེ། རྟོག་པ་དང་བྲལ་བའི་ཞེས་བྱ་བ་ཁོ་ན་མཚན་ཉིད་ཡིན་ནོ། །འོ་ན་ཇི་ལྟར་འཁྲུལ་པའི་ཤེས་པ་རྣམ་པར་བཅད་ཅེ་ན། མངོན་སུམ་དུ་བྱེད་པ་ཐམས་ཅད་ནི་མངོན་སུམ་ཡིན་པའི་ཕྱིར་རོ། །ཟླ་བ་གཉིས་ཀྱི་ཤེས་པ་ལ་སོགས་པ་ཡང་ གཉིས་ཉིད་དུ་སྣང་བ་ལ་མངོན་སུམ་ཁོ་ནའོ། །དེས་ན་གང་ཞིག་གང་ལ་མངོན་སུམ་དུ་བྱེད་པ་དེ་ནི་དེ་ལ་མངོན་སུམ་ཡིན་ནོ། །དེ་ནི་ཕྱི་རོལ་ལ་འཁྲུལ་པ་ཡིན་ན་དེ་ལ་ནི་མངོན་སུམ་དུ་བྱེད་པ་ཉིད་མ་ཡིན་ནོ། །སྣང་བའི་རང་བཞིན་ལས་ཐ་དད་པ་གཞན་ཡོད་དོ་ཞེས་བྱ་བ་འདི་ནི་རྟོག་པ་ཙམ་ཡིན་ནོ། །དེ་སྐད་དུ་ཡང་འཁྲུལ་པར་འགྱུར་ བ་ནི་ཡིད་ཀྱིས་འཁྲུལ་པའི་ཡུལ་ཡིན་པའི་ཕྱིར་རོ་ཞེས་བཤད་དོ། །ཕྱི་རོལ་ལ་མ་འཁྲུལ་པ་ཡང་རྟོག་པའི་ཤེས་པ་ཉིད་དུ་འགྱུར་རོ་ཞེ་ན། དེ་ནི་བདེན་ཏེ། འདི་ལྟར། ཅི་ལྟ་ཅི་ལྟར་དོན་བསམས་པ། །དེ་ལྟ་དེ་ལྟར་རྣམ་པར་བྲལ། །མཁས་པ་རྣམས་ཀྱིས་གང་གསུངས་པ། །དེ་ནི་དངོས་སྟོབས་འོངས་པ་ཡིན། ། ཞེས་འཆད་པར་འགྱུར་རོ། །གཞན་ཡང་། ཁྱད་པར་དང་ནི་ཁྱད་པར་གཞི། །འབྲེལ་དང་འཇིག་རྟེན་གཞུང་ལུགས་ནི། །བཟུང་ནས་དེ་དག་བསྡམས་བྱས་ཏེ། དེ་ལྟར་རྟོགས་ཀྱི་གཞན་དུ་མིན། །དཔེར་དབྱུག་ཅན་བཞིན་རིགས་སོགས་ཀྱི། །བྱེ་བྲག་རྟོགས་པ་མེད་པའི་ཕྱིར། །དེ་ལྡན་སྦྱོར་བ་ཡོད་མིན་པ། །དེས་ ན་འདི་ལ་རྟོགས་པ་མེད། །རྟོགས་པ་ནི་སྦྱོར་བ་འཛིན་པ་ཡིན་ནོ། །སྦྱོར་བར་བྱེད་པ་ཡང་ཁྱད་པར་ལ་སོགས་པ་སོ་སོར་འཛིན་པ་མེད་པ་མ་ཡིན་ཏེ། དཔེར་ན་དབྱིག་པ་ཅན་དུ་རྟོགས་པ་བཞིན་ནོ། །རིགས་ལ་སོགས་པ་ནི་སོ་སོར་ངེས་པར་བཟུང་བ་མེད་པའི་ཕྱིར་དེ་དང་ལྡན་པ་དང་སྦྱོར་བ་མེད་པའི་ཕྱིར་ཇི་ལྟར་དབང་པོའི་རྣམ་པར་ ཤེས་པ་རྟོག་པ་དང་བཅས་པ་ཡིན། འདི་ལྟར། ཐ་དད་མེད་པར་སྣང་བ་ནི། །གང་ཞིག་གང་དང་སྦྱོར་བར་བྱེད། །ཐ་དད་པར་ནི་སྣང་བ་དག །སྦྱོར་བ་དང་ནི་རྟོགས་པ་མེད། །ཐ་མི་དད་པར་སྣང་བ་དེ་ནི་གཅིག་ཁོ་ན་ཡིན་ཏེ། དེ་ལ་སྦྱོར་བའི་དོན་སྤྱི་ཞིག་ཡིན་ཏེ། སྦྱོར་བ་ནི་གཉིས་ལ་ལྟོས་པ་ཡིན་པའི་ཕྱིར་རོ། །ཅི་ སྟེ་ཐ་དད་པར་སྣང་ན་ནི། དེའི་ཚེ་གཉིས་ཕན་ཚུན་དབེན་པར་སྣང་བའི་ཕྱིར་སྦྱོར་བ་ཤིན་ཏུ་ཡང་མེད་པས་ན་སྦྱོར་བ་ནི་སྲིད་པ་མ་ཡིན་ནོ། །དེའི་ཕྱིར་དོན་དམ་པར་ན་སྦྱོར་བ་མེད་དོ། །གལ་ཏེ་ཁྱད་པར་ལ་སོགས་པ་སོ་སོར་སྣང་བ་དག་ལ་འགྱུར་དུ་ཆུག་ཀྱང་རིགས་དང་ལྡན་པ་ལ་སོགས་པ་ལ་ནི་འདི་སྲིད་པ་མ་ཡིན་ནོ། །རིགས་པ་ དང་ཡོན་ཏན་དང་བྱ་བ་དག་ནི་དེ་དང་ལྡན་པ་ལས་ཐ་དད་པར་སྣང་བ་མེད་དོ། །དེ་ཉིད་ཀྱི་ཕྱིར་འདྲེས་པར་སྣང་བ་ནི་སྦྱོར་བ་ཡིན་ནོ་ཞེ་ན། མ་ཡིན་ཏེ། ཐ་དད་པ་དག་ནི་འདྲེས་པར་སྣང་བ་མི་འཐད་པའི་ཕྱིར་རོ། །དེ་ལྟར་སྣང་བ་ཡུལ་དང་དུས་མཚུངས་པའི་ཕྱིར་དེ་ལྟར་འགྱུར་རོ་ཞེ་ན། མ་ཡིན་ཏེ། ཡུལ་དང་དུས་མཚུངས་པ་ དག་ཀྱང་རང་བཞིན་ཐ་དད་པ་ཡིན་པའི་ཕྱིར་རོ། །ཡུལ་དང་དུས་ཐ་དད་པ་དག་ཀྱང་རང་བཞིན་ཐ་དད་པ་ཁོ་ནའི་ཕྱིར་དེ་ལྟར་སྣང་བ་ཡིན་གྱི་ཡུལ་དང་དུས་ཐ་དད་པས་ནི་མ་ཡིན་ནོ། །གལ་ཏེ་དེ་ལ་རང་བཞིན་ཐ་དད་པ་མེད་ན་ནི་ཡུལ་ལ་སོགས་པ་ཐ་དད་ཀྱང་ཐ་དད་པར་སྣང་བར་མི་འགྱུར་རོ། །ཡུལ་ཐ་མི་དད་ཀྱང་གཞན་དག་ནི་ཁ་དོག་ དང་དབྱིབས་དག་དང་། རླུང་དང་ཉི་མ་དག་ཐ་དད་པར་སྣང་བ་ཉིད་དོ། །ཡུལ་ལ་སོགས་པ་ཐ་མི་དད་པས་ནི་སྣང་བ་ཐ་དད་པར་ཉམས་པར་མི་འགྱུར་རོ། །ཅི་སྟེ་འཕྲོད་པ་འདུ་བའི་འབྲེལ་པའི་སྟོབས་ཀྱིས་གཅིག་ཏུ་འདྲེས་པའི་ངོ་བོར་སྣང་བ་ཡིན་ནོ་ཞེ་ན། དེ་ལྟར་ཡིན་ན་ནི་ཐམས་ཅད་དུ་དེ་ལྟར་རྟོགས་པར་ཐལ་བར་འགྱུར་བས། ཐ་ དད་པ་མེད་པར་སྣང་བ་ཐམས་ཅད་ཐ་དད་པ་མེད་པའི་སྒྲུབ་བྱེད་དུ་མི་འགྱུར་རོ། །གལ་ཏེ་བ་ལང་ཞེས་ཁྱད་པར་ཅན་གྱི་ཤེས་པ་ཉིད་ལས་བློ་འདི་སྦྱོར་བའི་རང་བཞིན་དུ་འགྱུར་བ་མ་ཡིན་ནམ། ཁྱད་པར་ཅན་གྱི་ཤེས་པ་ནི་གང་དུ་ཡང་ཁྱད་པར་མེད་པར་དམིགས་པ་མ་ཡིན་ཏེ་དབྱུག་པ་ཅན་ཞེས་རྟོགས་པ་ཡིན་ནོ། །དེ་ནི་འདི་ ཡིན་ནོ་ཞེས་བསྟན་པར་བྱ་བ་ནི་མ་ཡིན་ཏེ་སོ་སོར་སྣང་བ་མེད་པའི་ཕྱིར་རོ། །དབྱིག་པ་ཅན་ནོ་ཞེས་བྱ་བར་ཤེས་པ་ལ་ཡང་དབྱུག་པ་ཐ་དད་པར་སྣང་བ་ནི་ཡོད་པ་མ་ཡིན་ཏེ། དེར་ནི་སྐྱེས་བུ་ཙམ་ཞིག་སྣང་བའི་ཕྱིར་རོ། །དབྱུག་པ་དང་འབྲེལ་པའི་སྔ་རོལ་ཉིད་དུ་ཅིའི་ཕྱིར་མི་འགྱུར་ཞེ་ན། མ་ཡིན་ཏེ། ཚོགས་པ་མེད་པས་ཁྱད་ པར་ཅན་ཉིད་གཞན་མེད་པའི་ཕྱིར་རོ། །སྐྱེས་བུ་ལ་ཁྱད་པར་ཅན་ཉིད་གཞན་ཡོད་པ་ནི་མ་ཡིན་ཏེ། དེ་རྟོགས་པ་མེད་པའི་ཕྱིར་རོ། །ཁྱད་པར་ཅན་ནི་དབྱུག་པ་ཅན་ཉིད་ཡིན་ཏེ། དཔེར་ན་ཆུ་ལ་སོགས་པའི་ནུས་པ་ནི་ས་བོན་གྱི་ལྷན་ཅིག་བྱེད་པ་ཉིད་ཡིན་པ་བཞིན་ནོ། །གལ་ཏེ་དབྱིག་པ་ཡང་སྣང་བ་ཡིན་ན་ནི་དབྱུག་པ་ དང་སྐྱེས་བུ་དག་གོ་ཞེས་རྟོགས་པར་ཐལ་ལོ་ཞེ་ན། དེ་ཐམས་ཅད་ནི་མི་འཐད་དེ། གལ་ཏེ་འབའ་ཞིག་སྣང་ན་ནི། །མི་རྟོགས་ཁྱད་པར་ཉིད་མི་འགྱུར། །དེ་སྟེ་སྣང་བ་ཡིན་ན་ནི། །དབྱུག་དང་སྐྱེས་བུ་དག་ཅེས་འགྱུར། །དཔེར་ན་སྐྱེས་བུའི་ཞེས་བྱ་བར་སྣང་བ་འབའ་ཞིག་ལ་ཁྱད་པར་ཅན་ཉིད་ཡོད་པ་མ་ཡིན་པ་དེ་ བཞིན་དུ་དབྱིག་པ་ཅན་ཞེས་བྱ་བ་ལ་ཡང་འགྱུར་རོ། །གལ་ཏེ་ཁྱད་པར་ཅན་ཉིད་དོ་ཞེ་ན། འདི་ལ་ཡང་བརྗོད་པ། རང་ལ་བརྟེན་པའི་ཁྱད་པར་གྱིས། །ཁྱད་པར་ཅན་གྱི་ཤེས་ཡིན་ནམ། །གཞལ་བྱའི་ཁྱད་པར་ལས་ཀྱང་རུང་། །གཉི་གའང་བདེན་པ་ཉིད་མ་ཡིན། །གལ་ཏེ་རེ་ཞིག་ རང་ལ་བརྟེན་པའི་ཁྱད་པར་གྱི་རྟོགས་པ་ཡིན་ན་ནི་དེའི་ཚེ་དོན་སྦྱོར་བའི་རང་བཞིན་རྟོགས་པ་ཡིན་པར་མི་འགྱུར་རོ། །བདེ་བ་ལ་སོགས་པ་རང་ལ་བརྟེན་པའི་ཁྱད་པར་གྱིས་ནི་དབང་པོའི་རྟོག་པ་དང་བཅས་པར་འགྱུར་བ་མ་ཡིན་ནོ། །ཡུལ་མེད་པར་ཤེས་པའི་ཁྱད་པར་གྱི་དེ་ཉིད་མི་འགྱུར་རོ་ཞེ་ན། མ་ཡིན་ཏེ། དེ་མ་ཐག་པའི་ རྐྱེན་ལས་ཀྱང་ཁྱད་པར་བསྒྲུབ་པ་ཡིན་ནོ་ཞེས་བཤད་པར་བྱའོ། །ཁྱད་པར་ཡུལ་ལ་བརྟེན་པ་ཡིན་ན་ནི་དབྱུག་པ་དང་སྐྱེས་བུ་གཉི་ག་རྟོགས་པའི་ཕྱིར་དབྱིག་པ་ཅན་གྱི་ཤེས་པ་བསྐྱེད་པ་ཙམ་གྱིས་ཡུལ་ཅན་དུ་ཇི་ལྟར་འགྱུར་གཉི་ག་རྟོགས་སོ་ཞེས་བྱ་བ་འདི་ནི་ཐ་སྙད་ཙམ་དུ་བརྗོད་པར་ཟད་ཀྱི་དོན་དམ་པར་ནི་མ་ཡིན་ཏེ་རྣམ་པར་ རྟོག་པ་ནི་ཡུལ་མེད་པ་ཅན་ཡིན་ན་ཇི་ལྟར་གཉིས་ཀྱི་ཚིག་ཏུ་མི་འགྱུར་ཞེ་ན། འདི་ནི་ཐ་སྙད་ཙམ་དུ་ཟད་དེ། བག་ཆགས་ཀྱི་ཁྱད་པར་སྔ་མ་སྔ་མ་ལས་འབྱུང་བ་ཡིན་པའི་ཕྱིར་སྐྱོན་མེད་དོ། །གཙོ་བོ་མ་ཡིན་པའི་ཕྱིར་ཁྱད་པར་ནི་རྟོགས་ཀྱང་དེ་བརྗོད་པར་མི་འདོད་པས་སྐྱེས་བུ་ཙམ་ཞིག་བརྩིས་ནས་གཅིག་ཏུ་འགྱུར་བ་ཡིན་ནོ་ཞེ་ན། གལ་ཏེ་ཚུལ་འདིས་སྐྱེས་བུ་ཙམ་ཡུལ་ཡིན་པར་བརྗོད་ན་བརྗོད་ལ་རག་མོད། སྣང་བ་མེད་པར་ནི་མི་འགྱུར་རོ། །ཅི་སྟེ་ཡུལ་དང་དུས་ལ་སོགས་པའི་ཁྱད་པར་ཅན་རྣམས་འབའ་ཞིག་སྣང་བ་ཡིན་ཡང་དེ་ལ་ཁྱད་པར་ཅན་ཉིད་ཤེས་པ་ལ་སྣང་བ་མེད་པ་ནི་མ་ཡིན་ནོ་ཞེ་ན། འདི་ལ་ཡང་ལན་དུ། དོན་གཞན་དང་ནི་འབྲེལ་པའམ། ། རང་བཞིན་མི་མཐུན་པ་ཉིད་ནི། །ཁྱད་པར་ཅན་ཉིད་དེ་ཡི་ཚེ། །གཞན་ཕྱོགས་ཐམས་ཅད་ཉམས་པར་འགྱུར། །གལ་ཏེ་རེ་ཞིག་དོན་གཞན་དང་བཅས་པ་ཉིད་ཁྱད་པར་ཅན་ཡིན་ཏེ། དཔེར་ན་རྒྱན་གྱི་ཁྱད་པར་ཅན་བཞིན་ནོ་ཞེ་ན། སྔ་མ་དང་ཕྱི་མ་ལ་སོགས་པ་དེ་ནི་ཤེས་པ་ལ་སྣང་བ་ཡོད་པ་མ་ཡིན་ནོ། །དེ་ལ་ཕྱོགས་ གཞན་སྣང་བ་ནི་མེད་དོ། །ཅི་སྟེ་མི་འདྲ་བ་ཉིད་ཡིན་པ་དེའི་ཚེ་ནི་སྔ་མ་དང་ཕྱི་མའི་བུམ་པ་དག་མི་འདྲ་བ་ཉིད་དུ་སྣང་བ་ཡོད་པ་མ་ཡིན་ནོ། །མི་འདྲ་བ་ནི་དོན་གྱི་རང་བཞིན་ཉིད་ཡིན་ཏེ། དེ་སྣང་ན་ནི་རྟོག་པ་མེད་པ་ཉིད་དུ་འགྱུར་རོ། །ཁྱད་པར་ཅན་གྱི་ཤེས་པའི་ཡུལ་ཉིད་ཀྱང་སྤངས་ཟིན་ཏོ། །དེའི་ཕྱིར་གལ་ཏེ་གཉིས་སུ་སྣང་ བ་ཡིན་ན་ནི་སྦྱོར་བ་ཡིན་ཞིང་དེ་ལས་ནི་རྟོག་པར་འགྱུར་བ་ཡིན་ནོ་ཞེས་བྱ་བ་འདི་ནི་རིགས་ཡིན་ནོ། །དེ་ལ་གཉིས་སུ་སྣང་བ་ཙམ་ནི་རྟོག་པ་མ་ཡིན་གྱི་འོན་ཀྱང་སྔར་སོ་སོར་མཐོང་བ་སྔོན་དུ་འགྲོ་བ་ཅན་གྱི་སྦྱོར་བར་བྱེད་པ་ཡིན་ནོ། །གལ་ཏེ་རྗེས་སུ་འགྲོ་བ་ཅན་གྱི་ཤེས་པ་དམིགས་པའི་ཕྱིར་རིགས་ལ་སོགས་པ་སྣང་བ་ཉིད་ མ་ཡིན་ནམ་ཞེ་ན། དེ་ལ་བཤད་པ། རྗེས་འགྲོ་ཅན་གྱི་རྣམ་ཤེས་གང་། །དེ་ཡང་སྒྲ་དང་གསལ་བར་སྣང་། །ཁ་དོག་དབྱིབས་ཡིག་རྣམ་པ་ཡིས། །སྟོང་པ་བ་ལང་ཉིད་དུ་བརྗོད། །དེ་ཉིད་མཚུངས་པ་ཉིད་ཡིན་ཡང་། །མིག་གི་ཡུལ་ལ་མཐོང་མེད་དེ། །སྣང་བ་གཉིས་ནི་མེད་ཕྱིར་རོ། །བློ་ཐ་དད་པའང་ རྙེད་པར་དཀའ། །རྗེས་སུ་འགྲོ་བ་ཅན་གྱི་རྣམ་པར་ཤེས་པ་གང་ཡིན་པ་དེ་ལ་ནི་སྤྱི་གཞན་སྣང་བ་མེད་དོ། །རྗེས་སུ་འགྲོ་བའི་རང་བཞིན་སྣང་ངོ་ཞེ་ན། མ་ཡིན་ཏེ། སྒྲ་དང་གསལ་བ་ལས་མ་གཏོགས་པ་གཞན་མི་སྣང་བའི་ཕྱིར་རོ། །སྒྲ་ལས་སྤྱིའི་རྣམ་པར་ཤེས་པ་སྣང་བར་འགྱུར་བ་ཡིན་ནོ་ཞེ་ན། མ་ཡིན་ཏེ། མཐོང་བའི་མདོག་དང་དབྱིབས་ཅི་ལྟ་བ་བཞིན་དུ་དྲན་པའི་ཕྱིར་རོ། །འདིར་རྗེས་སུ་འགྲོ་བ་གཞན་སྣང་བ་ནི་ཡོད་པ་མ་ཡིན་ཏེ། ཁ་དོག་དང་དབྱིབས་ཙམ་ཞིག་སྣང་བའི་ཕྱིར་རོ། །རྗེས་སུ་འགྲོ་བ་ཅན་ཐམས་ཅད་ནི་མིང་ཙམ་དང་འབྲེལ་པ་ཡིན་ནོ། །འདི་ཡང་བ་ལང་འདི་ཡང་བ་ལང་ཞེས་མིང་དང་། དོན་བྱེད་པ་མཚུངས་ པ་ཡིན་ནོ། །ཡང་ན་རྟོགས་པར་བྱེད་པའི་ཤེས་པ་ཉིད་ཀྱི་མཚུངས་པ་ཡིན་གྱི། དོན་ནི་འགའ་ཞིག་གི་ཡང་མ་ཡིན་ནོ། །འོན་ཏེ་སྒྲ་ལས་སྐྱེ་བ་ན་དེ་ཉིད་མི་གསལ་བའི་རྣམ་པར་གྱུར་པ་ནི་སྤྱི་ཡིན་ཏེ། ཐམས་ཅད་ལ་མཚུངས་པའི་ཕྱིར་རོ་ཞེ་ན་མ་ཡིན་ཏེ་བ་ལང་ཞེས་བརྗོད་པ་ན་རེས་འགའ་ནི། ཁྲ་བོ་དང་རེས་ འགའ་ནི་སེར་སྐྱ་ཞེས་བྱ་བ་ལ་སོགས་པར་རྟོགས་པའི་ཕྱིར་དེ་ཡང་སོ་སོར་ངེས་པའི་རྣམ་པར་རྟོག་པའི་རང་བཞིན་ཡིན་པས་སྤྱིའི་རྣམ་པར་རྟོག་པ་ནི་མ་ཡིན་ཏེ། ཉམས་སུ་མྱོང་བ་ཇི་ལྟ་བ་བཞིན་དྲན་པའི་ཕྱིར་རོ། །སྒྲ་འདི་ནི་སྔར་ཐམས་ཅད་དང་འབྲེལ་པར་མཐོང་བ་ཡིན་ཏེ། གོ་སྒྲ་དོན་དགུ་ལ་འཇུག་པ་བཞིན་ནོ། །གལ་ ཏེ་བ་ལང་ལ་སོགས་པ་དོན་དགུ་པོ་དག་ནི་སོ་སོར་ངེས་པ་ཡིན་པའི་ཕྱིར་དེ་ཉེ་བར་སྟོན་པར་བྱེད་པ་དང་སྟོན་པའི་ཡུལ་ཅན་གྱི་བརྡ་སྲིད་པ་ཡིན་གྱི། སོ་སོར་ངེས་པ་མེད་པའི་གསལ་བ་རྣམས་ལ་ཇི་ལྟར་བརྡ་བྱེད་པའམ་འཛིན་པར་ནུས་ཤེ་ན། འདི་ནི་འོག་ནས་བཤད་པར་བྱའོ། །དེ་ཉིད་མཚུངས་པ་ཉིད་ཡིན་དུ་ཟིན་ཀྱང་། མིག་གི་ཡུལ་གྱི་དོན་ལ་ནི་མཐོང་བ་མེད་དོ། །གསལ་བར་སྣང་བའི་མིག་གི་རྣམ་པར་ཤེས་པ་ལ་ནི་མི་གསལ་བར་སྣང་བ་ཡོད་པ་མ་ཡིན་ནོ། །དེ་ཉིད་འདིའོ་སྙམ་པའི་རྟོག་པ་འབྱུང་བ་ཁོ་ནའོ་ཞེ་ན། མ་ཡིན་ཏེ། གསལ་བ་དང་མི་གསལ་བར་སྣང་བ་དག་ནི་གཅིག་ཉིད་དུ་མི་རིགས་པའི་ཕྱིར་ རོ། །རྒྱུ་ཐ་དད་པའི་ཡང་ཕྱིར་ཏེ། མིག་ལ་སོགས་པ་དང་། བག་ཆགས་རྒྱུ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ན་མིག་ལ་སོགས་པས་བསྐྱེད་པའི་བློ་ལ་ནི་སྣང་བ་གཉིས་ཡོད་པ་མ་ཡིན་ནོ། །ཅི་སྟེ་གལ་ཏེ་རྣམ་པའི་རྒྱུ་ཐ་དད་པ་ཡིན་དུ་ཆུག་ཀྱང་གསལ་བ་དང་མི་གསལ་བར་སྣང་བའི་ཕྱིར་བློ་དེ་ནི་གཅིག་ཉིད་དོ་ཞེ་ན། དེ་ལ་ མི་བརྗོད་དེ། གལ་ཏེ་སྣང་བའི་རྒྱུ་ཐ་དད་ཀྱང་བློ་རྣམས་ཐ་མི་དད་པ་ཡིན་ན་གཞན་དུ་ཡང་ཐ་དད་པ་རྙེད་པར་དཀའ་བར་འགྱུར་ཏེ་ཐམས་ཅད་དུ་དུས་མཉམ་པར་འབྱུང་བའི་མངོན་སུམ་དང་རྗེས་སུ་དཔག་པ་དག་གི་བློ་གཅིག་ཁོ་ནར་འགྱུར་རོ། །གལ་ཏེ་འཕྲོད་པ་འདུ་བའི་འབྲེལ་པ་ཇི་ལྟར་མི་འཛིན་ཏེ། རིགས་ལ་སོགས་ པ་ཐ་དད་པར་ངེས་པ་མེད་པ་ནི་འཕྲོད་པའི་འདུ་བ་ཡོད་པ་ཉིད་ལས་ཡིན་ནོ་ཞེ་ན། འདི་ནི་བཟང་པོ་མ་ཡིན་ཏེ། འདི་ལྟར། དབང་པོས་འཕྲོད་འདུ་འཛིན་མེད་ཕྱིར། །འབྲེལ་པ་མཐོང་བ་མེད་པར་གནས། །འཕྲོད་པ་འདུ་བ་དབང་པོ་ལས་འདས་པ་ཡིན་པའི་ཕྱིར་མིག་ལ་སོགས་པས་རིག་པར་སྲིད་པ་མ་ཡིན་ནོ་ཞེས་བྱ་བ་འདི་ ནི་ཁྱེད་ཉིད་ཀྱི་རྣམ་པར་གཞག་པ་ཡིན་ནོ། །ཅི་སྟེ་སྣལ་མ་འདི་དག་ལ་སྣམ་བུའོ་ཞེས་བྱ་བའི་ཐ་སྙད་ལས་འཕྲོད་པ་འདུ་བ་འགྲུབ་པ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། འདི་ལྟར། སྣལ་མ་འདི་ལ་སྣམ་བུ་ཞེས། །སྒྲ་འདི་དག་ཀྱང་རང་གིས་བྱས། །སྣལ་མ་རྣམས་ལ་སྣམ་བུ། རྭ་ལ་སོགས་པ་རྣམས་ལ་བ་ལང་ཞེས་བྱ་ བའི་བློ་ནི་འགར་ཡང་ཡོད་པ་མ་ཡིན་ལ། དེ་མེད་པས་འཕྲོད་པའི་འདུ་བ་ཇི་ལྟར་རྟོགས་པ་ཡིན། གང་གི་ཕྱིར། བ་ལང་རྭ་ཞེས་འཇིག་རྟེན་ན། །རྭ་ལ་བ་ལང་འཇིག་རྟེན་མིན། །བ་ལང་རྭ་ཡོད་དོ་ཞེས་བྱ་བའི་བློ་ནི་འཇུག་པ་ཡིན་ན། ལྐོག་ཤལ་ལ་སོགས་པ་དེ་དག་ནི་དེ་ལ་འཕྲོད་པས་འདུས་པ་མ་ཡིན་ནོ། །གང་ཞིག་ དེ་དག་ལ་འདུ་བར་འདོད་པ་དེ་ནི་བརྟེན་པ་ཉིད་དུ་རྟོགས་པ་མ་ཡིན་ནོ། །དེས་ན་བློ་འདི་ནི་འཕྲོད་པ་འདུ་བ་ལས་ནི་མ་ཡིན་གྱི། འོན་ཀྱང་། བ་ལང་ཞེས་བྱ་ཡན་ལག་ནི། །ལྷག་མ་རྣམས་ཆད་དམིགས་མེད་ཕྱིར། །འདི་ལས་སྙམ་པའི་བློ་ནི་འདུ་བ་མེད་པ་ལ་དམིགས་པ་ཉིད་དེ། དཔེར་ན་ཉི་མ་ནུབ་ཀའི་དུས་ན་ཤིང་འདི་ལ་ཉི་མའོ་ ཞེས་བྱ་བར་འགྱུར་བ་ཡིན་ནོ། །ཡན་ལག་ལྷག་མ་དག་ལ་བ་ལང་ངོ་ཞེས་རྟོགས་ན་རྭའི་རྟེན་ཉིད་དུ་བརྟགས་པའི་ཕྱིར་བ་ལང་ལ་རྭའོ་སྙམ་དུ་ཤེས་པ་ཡིན་ནོ། །འདི་ལྟར་གང་ཞིག་རྟེན་དང་བརྟེན་པར་འགྱུར་བ་ལ་རྭ་ལ་སོགས་པའི་ཚོགས་ལས་ཐ་དད་པའི་བ་ལང་ནི་མེད་དེ་འདི་ནི་རྟོག་པ་ཙམ་དུ་ཟད་དོ། །ཅི་སྟེ་ཡང་སྣལ་མ་འདི་དག་ལ་ སྣམ་བུའོ་སྙམ་པའི་ཤེས་པ་ནི་འབྱུང་བ་ཁོ་ན་ཞེ་ན། དེ་ནི་མ་ཡིན་ཏེ། སྣལ་མ་འདི་རྣམས་ཀྱིས་སྣམ་བུ། །འདི་ཞེས་སྣལ་མ་འདུས་བྱས་ལས། །ཕྱིས་བྱུང་འབྲས་བུར་བརྗོད་ཡིན་གྱི། །ཇི་ལྟ་བུར་ཡང་དུས་གཅིག་མིན། །སྣལ་མའི་སྒྲ་ནི་སྔར་སྣམ་བུ་མེད་པའི་གནས་སྐབས་ཀྱི་ཁྱད་པར་ལ་འཇུག་པར་འགྱུར་ལ་ དེའི་ཕྱིས་འབྱུང་བའི་གནས་སྐབས་ཀྱི་ཁྱད་པར་ནི་སྣམ་བུ་ཡིན་ནོ། །དེའི་སྣལ་མ་དེ་དག་གི་སྣམ་བུ་འདི་བྱས་སོ་ཞེས་དེའི་ཕྱིས་འབྱུང་བ་ལ་འབྲས་བུར་བསྙད་པ་ཡིན་གྱི་སྣལ་མ་དང་དུས་མཚུངས་པ་ནི་མ་ཡིན་ནོ། །དེས་ན་གང་ལས་རྟེན་དང་བརྟེན་པའི་དངོས་པོ་ཡིན། དུས་ཐ་དད་པ་དག་ནི་རྟེན་དང་བརྟེན་པའི་དངོས་པོ་མ་ཡིན་ གྱི། རྒྱུ་དང་འབྲས་བུ་ཉིད་དམ་འབྲེལ་པ་མེད་པར་འགྱུར་བ་འབའ་ཞིག་ཏུ་ཟད་དོ། །དེའི་ཕྱིར་རྟེན་དང་བརྟེན་པའི་དངོས་པོ་ཡང་ཚོགས་པ་གཅིག་ལ་རག་ལས་པ་ཉིད་ཀྱིས་ན་རྒྱུ་དང་འབྲས་བུའི་དངོས་པོའི་ཁྱད་པར་ཉིད། ཚོགས་པ་གཅིག་ལ་རག་ལས་པའི་ཁར་གཞོང་དང་དེ་ལ་བརྟེན་པར་འདོད་པ་དག་ཁོ་ན་ལ་དེ་ལྟར་ཐ་ སྙད་བྱེད་པའི་ཕྱིར་རོ། །གནས་པ་ནི་དེའི་རང་བཞིན་ཁྱད་པར་ལས་གཞན་མ་ཡིན་ནོ། །སྣལ་མ་དང་སྣམ་བུ་དག་ལ་རྟོགས་པ་འདི་ཡང་ཡོད་པ་མ་ཡིན་ནོ། །དེས་ན་རྣམ་པ་ཅི་ཞིག་ལྟར་རྣམ་པར་བརྟགས་པ་འབའ་ཞིག་ཏུ་ཟད་ཀྱི་རྟེན་དང་བརྟེན་པའི་དངོས་པོ་ནི་མ་ཡིན་ཏེ་ཐ་དད་པ་མེད་པའི་ཕྱིར་རོ། །སྣམ་བུའི་གནས་ སྐབས་ན་ནི་སྣལ་མ་ཡོད་པ་མ་ཡིན་ནོ། །གལ་ཏེ་ཐ་དད་པ་མེད་ན་སྣམ་བུའི་གནས་སྐབས་ན་སྣལ་མ་མེད་པའི་ཕྱིར་སྣལ་མ་དེ་དག་ནི་འདི་ཡིན་ནོ་ཞེས་ཤེས་པའམ་སྣམ་བུ་འདི་ཞེས་བྱ་བར་ཇི་ལྟར་འགྱུར་ཞེ་ན། དེ་ནི་མ་ཡིན་ཏེ། དོན་དམ་པར་ནི་དེ་ལ་གཉིས་ཡོད་པ་མ་ཡིན་ནོ། །འདི་ལྟར། འགའ་ཡིས་རྒྱུ་སྒྲོ་ བཏགས་པ་འམ། །སྒྲ་ཡི་རྟེན་ནི་སྟོན་པ་ན། །སྣལ་མ་གཅིག་ནི་བཀར་བྱས་པས། །འབྲས་ལ་སྣལ་མ་ཞེས་འཇུག་འགྱུར། །སྣམ་བུ་ནི་སྣལ་མ་དག་གི་འབྲས་བུ་ཡིན་པས་དེའི་ཚེ་སྣལ་མ་ཡོད་པ་མ་ཡིན་ནོ། །སྣལ་མར་ཤེས་པ་ནི་རྒྱུའི་རང་བཞིན་སྒྲོ་བཏགས་པ་ལས་ཡིན་གྱི་དོན་དམ་པར་ནི་མ་ཡིན་ནོ། །འདི་ ལྟར་འདི་སྣལ་མ་ཡིན་ནོ་སྙམ་པའི་ཤེས་པ་ནི་སྔ་མ་དྲན་པ་ཡོད་ན་འགྱུར་རོ། །ཡང་ན་གཅིག་བཀར་བ་ལས་ཡིན་ཏེ། སྣལ་མ་རེ་རེར་བཀར་ན་སྣམ་བུ་ཞེས་བྱ་བ་ཡོད་པ་མ་ཡིན་ཏེ། དམག་དང་ནགས་ལ་སོགས་པ་ལྟར་དེ་དག་ནི་ཚོགས་པ་ཉིད་སྣམ་བུའི་ཐ་སྙད་རྟེན་ཡིན་ནོ། །སྣམ་བུ་ནི་ ཀུན་རྫོབ་ཏུ་ཡོད་པ་ཉིད་དོ། དེས་ན་རྟེན་དང་བརྟེན་པའི་དངོས་པོ་ནི་བརྟགས་པ་ཡིན་ནོ། །གལ་ཏེ་སྣམ་བུ་ཞེས་བྱ་བ་མེད་པ་ཡིན་ན་ཇི་ལྟར་སྣམ་བུའི་སྒྲ་འཇུག་པ་སྟེ་རྒྱུ་མཚན་མེད་པར་སྒྲ་འཇུག་པ་ནི་མེད་དོ་ཞེ་ན། འདི་ལ་ལན་དུ། ཕན་གདགས་ཕན་འདོགས་བྱེད་ཉིད་དམ། །རྣམ་པར་ཆད་མེད་སྣང་བ་ཉིད། །སྣམ་བུའི་ ཐ་སྙད་ཀྱི་རྒྱུ་མཚན་ཡིན་ནོ་ཞེས་ཁ་བསྐང་ངོ་། །དེ་ལ་ཕན་གདགས་བྱ་དང་འདོགས་བྱེད་ཉིད་དེ། སྣལ་མ་དེ་དག་ཉིད་ཕན་ཚུན་ཕན་པར་བྱ་བ་དང་ཕན་པར་བྱེད་པའི་དངོས་པོར་རྣམ་པར་གནས་པའམ། ལྡན་པའི་ཁྱད་པར་ལས། བགོ་བ་ལ་སོགས་པ་འདོད་པའི་དོན་བྱ་བ་ཉེ་བར་བསྐྱེད་པ་ནི་སྣམ་བུ་ལ་སོགས་པའི་ཐ་སྙད་ བརྟེན་པ་ཡིན་པའི་ཕྱིར་རོ། །དེ་དག་གི་ཕན་པར་བྱ་བ་དང་ཕན་པར་བྱེད་པའི་དངོས་པོ་དེ་ནི་སྣམ་བུ་ཞེས་བསྟན་པར་བྱ་བ་ཡིན་ནོ། །ཇི་ལྟར་ཐག་བཟངས་དང་སྣས་ལ་སོགས་པས་ཕན་བཏགས་པ་དང་འབྲལ་བ་རྣམ་པར་ཆད་པའི་སྣལ་མ་དག་བརྩལ་བ་མེད་པར་ཕན་ཚུན་དགྱེས་པ་དེ་བཞིན་དུ་སྣམ་བུའི་གནས་སྐབས་ན་ནི་མ་ ཡིན་ཏེ། དེའི་ཕྱིར་རྣམ་པར་ཆད་པ་མ་མཐོང་བ་ནི་འདིའི་རྒྱུ་མཚན་ཡིན་པའི་ཕྱིར་ཐ་སྙད་ཉིད་ལས་དོན་གཞན་བརྟག་པར་བྱ་བ་མ་ཡིན་ནོ། །དོན་རྟོགས་པའི་རྒྱུ་མཚན་ནི་ཚད་མ་ཡིན་ཏེ། ཐ་སྙད་ནི་ཕལ་ཆེར་གཞན་དུ་ཡང་འཇུག་པ་ཡིན་ནོ། །གལ་ཏེ་ཐ་སྙད་ཀྱི་རྒྱུ་མཚན་གཞན་མེད་ན་དེ་ལྟར་གྱུར་ན་ནི་འོ་ན་སྣམ་བུའི་ ཐ་སྙད་དངོས་མ་ཡིན་པར་འགྱུར་ཏེ། ཁུར་བུ་བ་ལ་བ་ལང་དུ་བསྙད་བ་བཞིན་ནོ། །ཁུར་བུ་བ་ལ་གཙང་སྦྲ་ཆུང་བ་ལ་སོགས་པ་རྒྱུ་མཚན་ཡོད་ཀྱང་དེ་ལས་ཐ་སྙད་པའི་བ་ལང་ཉིད་ཀྱི་སྤྱི་མེད་པའི་ཕྱིར་བ་ལང་ཉིད་ཀྱི་ཐ་སྙད་ཀྱི་དངོས་པོ་མ་ཡིན་པ་དེ་བཞིན་དུ། ཕན་གདགས་བྱ་འདོགས་བྱེད་ལ་སོགས་པའི་རྒྱུ་མཚན་ཅན་གྱི་སྣམ་བུའི་ ཐ་སྙད་ཀྱང་འགྱུར་རོ་ཞེ་ན། འདི་ལ་ལན་གློན་པ་ནི། འཁྲུལ་མེད་ཅན་ཤེས་དང་པོ་ཡི། །བརྡ་ཡི་སྤྱོད་ཡུལ་གང་ཡིན་དངོས། །དང་པོའི་བརྡའི་ཡུལ་གང་ཡིན་པ་དེ་ནི་དངོས་པོ་ཡིན་ཏེ། དང་པོའི་བརྡའི་ཡུལ་ཡིན་པ་ཉིད་ཀྱིས་འཁྲུལ་པ་མེད་པར་ཤེས་པའི་ཕྱིར་རོ། །གང་ཞིག་བརྡའི་ཡུལ་གྱི་དངོས་པོ་དང་ཆོས་ མཚུངས་པ་ན་དེ་ཉིད་དུ་ལྷག་པར་ཞེན་ནས་ཞུགས་པ་དེ་ནི་དེའི་དངོས་པོ་མ་ཡིན་ཏེ་འཁྲུལ་པའི་བློའི་ཡུལ་ཡིན་པའི་ཕྱིར་རོ། །སྣལ་མའི་ཚུལ་མེད་ན་འདྲ་བ་ལས་གཞན་པའི་ཆོས་ཀྱི་རྗེས་སུ་འབྲངས་བས་ཤེས་པ་འཁྲུལ་པ་ཡིན་པ་དེ། དེའི་རྗེས་སུ་མ་འབྲངས་པར་ནི་དེ་དང་འདྲ་བར་འགྱུར་བ་མ་ཡིན་ནོ། །དེའི་ཕྱིར་དངོས་ དང་བཏགས་པའི་དབྱེ་བ་ལས་ནི་སྣམ་བུ་ལ་སོགས་པའི་སྒྲ་རྣམས་ཀྱི་རྒྱུ་མཚན་གཞན་ཡིན་པར་མི་འགྲུབ་པོ། །ཅི་སྟེ་རིགས་ལ་སོགས་པའི་རྗེས་སུ་དཔག་པས་སྒྲུབ་པ་ཡིན་ཏེ། འདི་ལྟར། དེ་ཡི་ངོ་བོར་གཞན་ཤེས་པ། །དེ་མཚུངས་རྒྱུ་མཚན་ལས་ཡིན་ཏེ། །དཔེར་ན་དབྱིག་ཅན་སྙམ་ཤེས་པ། །མཚུངས་པའི་དབྱིག་ པ་ལས་ཡིན་བཞིན། །མཚན་ཉིད་མི་མཐུན་སྐྱེས་བུ་ལ་སོགས་པ་ལ་ཡང་དབྱིག་པ་ཅན་ནོ་སྙམ་པའི་མཚུངས་པར་རྟོགས་པ་ནི་མཚུངས་པའི་རྒྱུ་མཚན་ཅན་ཡིན་ནོ། །ཁྲ་བོ་ལ་སོགས་པ་མཚན་ཉིད་མི་མཐུན་པ་དག་ལ་བ་ལང་ངོ་སྙམ་པའི་བློ་དེ་ལ་ཡང་བ་ལང་ཉིད་རྒྱུ་མཚན་ཡིན་ཏེ། དབྱིག་པ་བཞིན་ནོ་ཞེ་ན་འདི་ནི་ལན་ དུ་མི་རུང་སྟེ། འདི་ལྟར། དངོས་པོ་ལས་ནི་ཐ་དད་ཅན། རིགས་སོགས་ལ་ནི་རྗེས་དཔག་མེད། །དབྱིག་པ་ཅན་སོགས་ཐམས་ཅད་ལ། །ཀུན་རྫོབ་པ་ལས་ཐ་སྙད་འདོགས། །གལ་ཏེ་ཀུན་རྫོབ་པའི་མཚུངས་པའི་རྒྱུ་མཚན་ལ་བརྟེན་ནས་ཁྲ་བོ་ལ་སོགས་པ་ལ་བ་ལང་ལ་སོགས་པའི་ཤེས་པ་འཇུག་པ་ཡིན་ན་ནི་ དེའི་ཚེ་གྲུབ་པ་ཉིད་དོ། །འདི་ལྟར་དབྱིག་པ་ཅན་ནོ་ཞེས་བྱ་བའི་ཤེས་པ་ལ་ཡང་དབྱིག་པ་ནི་རྒྱུ་མཚན་མ་ཡིན་ཏེ། དེ་ལྟ་མ་ཡིན་ན་ཐམས་ཅད་དབྱུག་པ་ཅན་དུ་ཐལ་བའི་ཕྱིར་རོ། །འོན་ཏེ་འབྲེལ་པ་ལས་འགྱུར་བ་ཡིན་ནོ་ཞེ་ན། འབྲེལ་པ་ཡང་འབྲེལ་པ་ཅན་ནོ་སྙམ་དུ་ཤེས་པ་ལས་རྟོགས་པ་ཡིན་ནོ། །དེ་ལ་ཡང་འབྲེལ་ པ་གཞན་རྟོགས་ན་ནི་ཐུག་པ་མེད་པར་འགྱུར་རོ། །ཅི་སྟེ་འབྲེལ་པ་གཞན་མེད་པར་འབྲེལ་པ་ཅན་ནོ་ཞེས་ཤེས་ན་དེ་ལྟ་ཡིན་ན་ནི་འབྲེལ་པ་ཡང་བརྟགས་པ་ཉིད་དོ། །དེས་ན་དབྱིག་པ་ཅན་ནོ་སྙམ་པའི་ཤེས་པ་ནི་ཀུན་རྫོབ་པའི་རྒྱུ་མཚན་ཁོ་ན་ལས་ཡིན་ནོ། །དེ་ཉིད་འབྲེལ་པ་ཡིན་པའི་ཕྱིར་ཐམས་ཅད་མཚུངས་སོ། ། ཅི་སྟེ་དབྱིག་པ་དང་འབྱོར་པ་ཉིད་ནི་བདེན་པ་ཁོ་ན་ཡིན་གྱི་ཀུན་རྫོབ་པ་ནི་མ་ཡིན་ནོ་ཞེ་ན། དེ་ཡང་མི་བདེན་ཏེ། དེ་ལས་ཐ་དད་པའི་འབྱོར་པ་མེད་པའི་ཕྱིར་རོ། །གཉིས་པོ་ཙམ་ཉིད་འབྱོར་པ་ཡིན་ན་ནི། ཇི་ལྟར་སྐྱེས་བུ་དབྱིག་པ་ཅན་ཞེས་བྱ་བ་དེ་བཞིན་དུ་དབྱིག་པ་སྐྱེས་བུ་ཅན་ཞེས་བྱ་བར་ཡང་འགྱུར་རོ། །ཡང་ན་གཉིས་པོ་ཙམ་ ཞིག་སྣང་བ་ཡིན་ན། འདི་དག་ཕན་ཚུན་འབྱོར་པ་ཡིན་ནོ་ཞེས་བྱ་བའི་རྟོགས་པར་འགྱུར་གྱི། དེ་དག་ཁྱད་པར་དང་ཁྱད་པར་ཅན་གྱི་དངོས་པོར་ནི་མི་འགྱུར་རོ། །ཅི་སྟེ་དབྱིག་པ་ནི་ཕན་འདོགས་པར་བྱེད་པ་ཡིན་པས་གཙོ་བོ་མ་ཡིན་ནོ་ཞེ་ན། དེ་ལྟ་ཡིན་ན་ཀུན་རྫོབ་པའི་ཕན་འདོགས་པར་བྱེད་པ་དེ་ ཉིད་དེ་ལ་རྒྱུ་མཚན་ཡིན་ནོ། །དེ་ཡང་མངོན་སུམ་ལ་སྣང་བ་ནི་མ་ཡིན་ཏེ། དེའི་ཕྱིར་དེའི་ཁྱད་པར་ཅན་གྱི་རྟོགས་པ་ནི་དབང་པོ་ལས་བྱུང་བ་མ་ཡིན་ནོ། །ཅི་སྟེ་ཡང་ཁྱད་པར་གྱི་ངོ་བོ་ནི་ཀུན་རྫོབ་པ་ཡིན་གྱི། ཁྱད་པར་དབྱིག་པ་ཉིད་ནི་དོན་དམ་པ་ཁོ་ན་ཡིན་པ་དེ་བཞིན་དུ་བ་ལང་ཉིད་ལ་སོགས་པ་ཡང་ཡིན་ནོ་ཞེ་ན་མ་ཡིན་ ཏེ། ཐ་དད་པར་མངོན་སུམ་གྱིས་གཟུང་བའི་ཕྱིར་དབྱིག་པ་ནི་དོན་དམ་པར་འགྱུར་གྱི། རིགས་ལ་སོགས་པ་ནི་དོན་དམ་པར་འགྱུར་བ་མ་ཡིན་ནོ། །འཕྲོད་པ་འདུ་བས་ཐ་དད་པར་འཛིན་པར་མི་འགྱུར་རོ་ཞེ་ན། འཕྲོད་པ་འདུ་བ་ཉིད་ཅིའི་ཕྱིར་ཐ་དད་པར་མི་སྣང་། འཕྲོད་པ་འདུ་བ་གཞན་དག་ལས་སོ་ཞེ་ན། ཐུག་པ་མེད་ པར་འགྱུར་རོ། །གཞན་ཡང་། དེར་ཡང་དོན་དམ་པ་ཡི་ནི། །དོན་གྱི་འབྲེལ་པ་ཡོད་པ་ཉིད། །བཞོ་དགལ་ལ་སོགས་འབྲས་བུ་ནི། །དོན་དམ་ཉིད་ཀྱིས་དེར་འགྱུར་རོ། །ཇི་ལྟར་དོན་དམ་པའི་དབྱིག་པ་ཉིད་དབྱིག་པ་ཅན་ནི་སྙམ་དུ་མཚུངས་པར་རྟོགས་པའི་རྒྱུ་མཚན་ཡིན་པ། དེ་ཁོ་ན་ལྟར་དགལ་བ་ལ་སོགས་ པའམ་རྭ་ལ་སོགས་པ་ནི་བ་ལང་ཉིད་ལ་སོགས་པའི་རྒྱུ་མཚན་ཡིན་ནོ། །རྭ་ལ་སོགས་པ་ནི་ཐ་དད་པ་ཡིན་ནོ་ཞེ་ན། དབྱིག་པ་ལ་སོགས་པ་ཡང་ཐ་དད་པར་མཚུངས་པའི་ཕྱིར། མཚུངས་པ་ཡང་ཐ་དད་པ་ཡིན་པའི་ཕྱིར་ཇི་ལྟར་དབྱིག་པ་ཅན་ཞེས་བྱ་བ་དཔེར་འགྱུར། དེའི་ཕྱིར་ཐ་དད་པ་ཉིད་ལ་ཐ་མི་དད་པར་རྟོགས་པ་ཡིན་ནོ། ། དགལ་སོགས་འབྲེལ་པ་ལས་གཞན་པའི། །རིགས་ནི་འགར་ཡང་མཐོང་བ་མེད། །དེ་དག་རྣམས་ལ་བ་ལང་ཉིད། །ཅི་ཞེས་པ་འདི་རྭ་སོགས་སྟོན། །ཇི་ལྟར་བྲམ་ཟེ་ལ་སོགས་པའི་རིགས་འདྲི་ན། རུས་དང་འདོན་པ་ལ་སོགས་པ་སྟོན་གྱི་རིགས་ནི་མ་ཡིན་པ་དེ་བཞིན་དུ་བ་ལང་ཉིད་ལ་ཡང་བཞོ་བ་དང་དགལ་བ་ལ་ སོགས་པ་སྟོན་གྱི་ཚད་མའི་ཡུལ་དུ་གྱུར་པའི་རིགས་གཞན་ཡོད་པ་ནི་མ་ཡིན་ནོ། །དེས་ན་དངོས་སུ་ཐ་སྙད་ཀྱི་ཡུལ་དུ་གྱུར་པ་དོན་དམ་པའི་རྒྱུ་མཚན་ནི་གང་དུ་ཡང་ཡོད་པ་མ་ཡིན་པའི་ཕྱིར་རིགས་དོན་དམ་པ་མ་ཡིན་ནོ། །རིགས་ནི་ཐ་སྙད་ཀྱི་ཡུལ་ཉིད་དུ་འདོད་པ་ཡིན་ནོ། །དེ་ནི་ཀུན་རྫོབ་པ་ཁོ་ནས་འགྲུབ་པའི་ཕྱིར་རིགས་ནི་ དོན་མེད་དོ། །གཞན་ཡང་གལ་ཏེ་ཐམས་ཅད་དུ་ཐ་སྙད་དོན་དམ་པའི་རྒྱུ་མཚན་ལ་བརྟེན་ནས་འཇུག་པ་ཡིན་ན། དེའི་ཚེ་དེ་ལ་ལྟོས་པ་མེད་པའི་སྒྲ་མེད་པར་འགྱུར་ན། མཐོང་བ་ཡང་ཡིན་ཏེ། གང་གི་ཕྱིར། དངོས་པོ་ཁང་བཟངས་ཕྲེང་སོགས་ཀྱི། །སྒྲ་ཡང་གཞན་ལ་ལྟོས་པ་མིན། །ཚིག་གི་དོན་དྲུག་པོ་ དག་ལ་དངོས་པོར་ཐ་སྙད་འདོགས་པ་ཡིན་པ་དང་། ཁང་བཟངས་རྣམས་ལ་ཁང་བཟངས་ཀྱི་ཕྲེང་བ་ལ་སོགས་པའི་ཐ་སྙད་གང་ཡིན་པ་དེ་ནི་རྒྱུ་མཚན་གཞན་ལ་ལྟོས་པ་མ་ཡིན་ནོ། །རྫས་ལ་སོགས་པའི་ཚིག་གི་དོན་རྣམས་ལ་ནི་དངོས་པོ་ཉིད་ཅེས་བྱ་བ་གཞན་ཡོད་པ་མ་ཡིན་ནོ། །རེ་ཞིག་དངོས་པོ་ཉིད་རྫས་ནི་མ་ཡིན་ཏེ་ རྫས་ནི་ཡོན་ཏན་ལ་སོགས་པ་རྣམས་ལ་འདུ་བའམ་ལྡན་པར་འགྱུར་བ་མ་ཡིན་ནོ། །ཁང་བཟངས་ཀྱང་རྫས་ཉིད་ནི་མ་ཡིན་ཏེ། རིགས་མི་མཐུན་པས་མི་རྩོམ་པའི་ཕྱིར་རོ། །ལྡན་པ་ཉིད་དུ་འགྱུར་གྲང་ན། དེ་ལ་བཤད་པ་ནི། གལ་ཏེ་ཁང་པ་ལྡན་པ་ཡིན་དུ་ཆུག་ན་འདིར་ཕྲེང་བ་ཅི་ཞིག་ཡིན། དེ་སྨྲས་པ་ནི། གལ་ཏེ་ཁང་པ་ལྡན་ཡིན་ཡང་། །དེ་ཕྲེང་དེ་ནི་ཅི་ཞིག་ཡིན། །རྫས་མ་ཡིན་ལ་ཡོན་ཏན་དང་ལས་ཀྱང་མ་ཡིན་ཏེ། རྫས་ནི་ཡོན་ཏན་ལ་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཡོན་ཏན་ཡང་མ་ཡིན་ནོ། །ལས་ཀྱང་མ་ཡིན་ཏེ་ལས་ནི་རྫས་ལ་བརྟེན་པ་ཡིན་པའི་ཕྱིར་རོ། །འདུ་བ་དང་ཁྱད་པར་ཡང་མ་ཡིན་ཏེ། དེའི་ འབྲས་བུ་མེད་པའི་ཕྱིར་རོ། །གལ་ཏེ་རིགས་ནི་ཡོན་ཏན་ལ་ཡང་ཡོད་པའི་ཕྱིར་རིགས་ཡིན་པར་འགྱུར་རོ་ཞེ་ན། དེའི་ཕྱིར་བཤད་པ། རིགས་ནི་རིགས་ལ་མཚུངས་པ་ཡི། །ཐ་སྙད་དོན་དུ་བརྟགས་པ་ཉིད། །དེར་ཡང་འདི་ཡི་ཐ་སྙད་ཀྱི། །རྒྱུ་མཚན་རིགས་གཞན་ཡིན་པར་འགྱུར། །དེ་ཡང་རིགས་གཞན་དག་ཉིད་ ལས། །རིགས་སུ་བསྙད་པའི་ཡུལ་དུ་འགྱུར། །དེ་ཕྱིར་རྟོགས་པ་མཐའ་མེད་པས། །རྟོགས་པ་འཐད་པ་མ་ཡིན་ནོ། །དེའི་ཕྱིར་ཕྲེང་བ་ལ་སོགས་པའི་སྒྲ་འཇུག་པ་ནི་དེའི་རྒྱུ་མཚན་ཅན་མ་ཡིན་ནོ། །གཞན་ཡང་། གལ་ཏེ་རིགས་ཡིན་ཁ་ཅིག་ཀྱང་། །ཤིང་བཞིན་ཕྲེང་ཞེས་བརྗོད་པར་འགྱུར། །ཇི་ལྟར་ དལ་བ་ལ་སོགས་པ་གཅིག་ཀྱང་ཤིང་གི་རིགས་དང་ལྡན་པས་ཤིང་དུ་བརྗོད་པ་དེ་བཞིན་ཁྱིམ་གཅིག་ལ་ཡང་ཕྲེང་བར་བརྗོད་པར་འགྱུར་ཏེ། རིགས་ནི་རེ་རེ་ལ་ཡང་ཐ་སྙད་བྱེད་པའི་རྒྱུ་མཚན་ཡིན་པའི་ཕྱིར་རོ། །ཅི་སྟེ་ཕྲེང་བ་ནི་དབྱིབས་ཀྱི་ཁྱད་པར་ཡིན་ཏེ། ཕྱོགས་གཅིག་ཏུ་མངོན་དུ་ཕྱིན་པར་གནས་པའི་དངོས་པོ་ནི་ཕྲེང་བའི་ ཐ་སྙད་བརྟེན་པ་ཡིན་ནོ་ཞེ་ན། དབྱིབས་དེ་ཡང་རྫས་ལ་སོགས་པ་ལས་ཐ་དད་པ་ནི་མ་ཡིན་ཏེ། དེ་ལྟར་ཁས་ལེན་ན་ཚིག་གི་དོན་བདུན་པ་གཞན་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ནང་དུ་འདུས་པ་ལ་ནི་ཉེས་པ་བརྗོད་ཟིན་ཏོ། །གལ་ཏེ་ཕྲེང་བ་རིགས་ཡིན་ནོ་ཞེ་ན། དེའི་ཚེ་ཕྲེང་བ་མང་ པོ་ལ། འདི་དག་ནི། ཕྲེང་བའོ་ཞེས་དེ་ཡི་སྒྲ། །ཇི་ལྟར་རིགས་ལ་རིགས་མེད་ཕྱིར། །རིགས་ལ་ནི་རིགས་ཁས་ལེན་པ་མ་ཡིན་ནོ། །ཁས་ལེན་ན་ཡང་དེ་ལ་ཡང་རིགས་སོ་ཞེས་ཉེ་བར་བསྙད་པའི་རྒྱུ་མཚན་དུ་འགྱུར་དགོས་སོ། །རིགས་རྒྱུ་མཚན་ཡིན་ན་ནི། དེ་ལ་ཡང་རིགས་གཞན་ཡོད་པར་འགྱུར་བར་མི་འཐད་ དོ། །འདི་ལྟར་ཕྲེང་བ་ལ་སོགས་པ་ལ་ཕྲེང་བ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ཆེན་པོ་ཉིད་ཀྱི་ཐ་སྙད་གང་ཡིན་པ་དེ་ཇི་ལྟར་འགྱུར་བ་ཡིན། ཡོན་ཏན་ཆེན་པོ་ཉིད་ནི་རྫས་ལ་འདུ་བའི་ཕྱིར་རོ། །ཕྲེང་བ་ལ་སོགས་པ་ནི་རྫས་མ་ཡིན་ནོ། །ཉེ་བར་བཏགས་པའི་ཕྱིར་རོ་ཞེ་ན། དེ་ནི་མི་བདེན་ཏེ། འདི་ལྟར། ཕྲེང་སོགས་ལ་ནི་ ཆེན་པོ་སོགས། །ཉེར་བཏགས་ལས་འདོད་གང་ཡིན་པ། །དངོས་དང་ཁྱད་མེད་རྣམས་ཤེས་ཀྱི། །གཟུང་བྱ་ཡིན་ཕྱིར་ཉེར་བཏགས་མིན། །ཕྲེང་བ་ལ་སོགས་པ་དག་ལ་ཆེན་པོ་ཉིད་ཉེ་བར་བཏགས་པ་ཡིན་ནོ་ཞེས་བྱ་བ་འདི་ག་ལས་ཡིན། འདི་ཉེ་བར་བཏགས་པ་ཉིད་དུ་རྟོགས་པ་ནི་མེད་དོ། །དེ་ལྟར་རྟོགས་པ་མ་ཡིན་ པ་ལ་ནི་དེ་ལྟར་ཁས་བླང་བར་ནུས་པ་མ་ཡིན་ཏེ། ཁས་ལེན་པ་ནི་རྟོགས་པའི་རྒྱུ་མཚན་ཅན་ཡིན་པའི་ཕྱིར་རོ། །ཆེན་པོ་ཉིད་དོན་གཞན་དུ་གྱུར་པ་མེད་པའི་ཕྱིར་རོ་ཞེ་ན། དེ་མེད་པ་ཉིད་ག་ལས་མེད་པར་གྲུབ་ན་དེའི་ཕྱིར་ཉེ་བར་བཏགས་པ་ཡིན་ལ་ཉེ་བར་བཏགས་པ་ཡིན་པ་ན་ཡང་མེད་པ་ཡིན་པའི་ཕྱིར། འདི་ནི་ཕན་ཚུན་ རྟེན་པའི་སྐྱོན་ཡིན་ནོ། །རྫས་མ་ཡིན་པའི་ཕྱིར་ཆེན་པོ་ཉིད་རྫས་ཀྱི་ཆོས་ནི་ཕྲེང་བའི་མ་ཡིན་ནོ་ཞེ་ན་མ་ཡིན་ཏེ། རྫས་མ་ཡིན་པ་ཉིད་དུ་མ་གྲུབ་པའི་ཕྱིར་རོ། །བྱ་བ་དང་ཡོན་ཏན་ཅན་འདུ་བ་ཅན་གྱི་རྒྱུ་ནི་རྫས་ཡིན་པའི་ཕྱིར་རྫས་ཀྱི་མཚན་ཉིད་ཡོད་པ་ཡིན་ནོ། །བྱ་བ་ཅན་ཉིད་མ་ཡིན་པའི་ཕྱིར་རོ་ཞེ་ན་མ་ཡིན་ཏེ། བསྡུས་པ་ནི་མཚན་ཉིད་ མ་ཡིན་པའི་ཕྱིར་རོ། །ནམ་མཁའ་ལ་སོགས་པ་ནི་བྱ་བ་དང་ལྡན་པ་ཉིད་མ་ཡིན་ནོ། །ལ་ལར་ནི་བྱ་བ་ཅན་ལ་སོགས་པ་བསྡུས་པ་མཚན་ཉིད་ཡིན་ལ། ལ་ལར་ནི་འགའ་ཞིག་ཡིན་པའི་ཕྱིར་རོ། །གལ་ཏེ་རྣམ་པར་དཔྱད་ན་ཆེན་པོ་ཉིད་དོན་དམ་པར་མེད་པའི་ཕྱིར་རྫས་མ་ཡིན་ནོ་ཞེ་ན། རྟོགས་པ་ཡོད་པའི་ཕྱིར་མེད་དོ་ ཞེས་བྱ་བ་འདི་ག་ལས་ཡིན། རྟོགས་པ་ནི་གཙོ་བོར་འགྱུར་བ་མ་ཡིན་པའི་ཕྱིར་རོ་ཞེ་ན། གཙོ་བོ་མ་ཡིན་པ་མ་གྲུབ་པའི་ཕྱིར་རོ། །གལ་ཏེ་གཙོ་བོ་དང་ཁྱད་པར་མེད་པ་ཅན་ཡང་གཙོ་བོ་མ་ཡིན་པ་ཉིད་ཡིན་ན་ནི་གཙོ་བོ་དང་གཙོ་བོ་མ་ཡིན་པའི་རྣམ་པར་དབྱེ་བ་མེད་པར་འགྱུར་རོ། །དེས་ན་ཁྱད་པར་མེད་པའི་ཕྱིར་ ཐམས་ཅད་ནི་གཙོ་བོ་ཡིན་པའམ། ཡང་ན་འགའ་ཡང་མ་ཡིན་པར་འགྱུར་རོ་ཞེས་བྱ་བ་འདི་ནི་རིགས་པ་ཡིན་ནོ། །དེའི་ཕྱིར་ཕྲེང་བ་ལ་སོགས་གཞན་གྱི་རྫས་ལ་སོགས་པ་རྣམ་པར་གཞག་པ་བྱས་པ་འདི་ནི་ལེགས་པ་མ་ཡིན་ནོ། །ཕྲེང་བ་ཞེས་པ་ཤིང་ལ་སོགས་པ་ལས་ཐ་དད་པ་ནི་ཅུང་ཟད་ཀྱང་དམིགས་པ་མེད་དེ། འདི་ནི་གནས་པའི་ཁྱད་པར་ལས་རྟོགས་པ་ཙམ་ཡིན་ནོ། །དེའི་ཕྱིར་ཕྲེང་བ་ལ་སོགས་པ་ལ་ཆེན་པོ་ལ་སོགས་པའི་སྒྲ་ནི་ཉེ་བར་བཏགས་པ་མ་ཡིན་ཞིང་གཙོ་བོ་ཉིད་ཀྱང་མ་ཡིན་ནོ། །རེ་ཞིག་གཙོ་བོ་ཉིད་ནི་མ་ཡིན་ཏེ། རྒྱུ་མཚན་དོན་གཞན་མེད་པའི་ཕྱིར་རོ། །ཉེ་བར་བཏགས་པ་ཡང་མ་ཡིན་ཏེ། ཉེ་བར་བཏགས་ པའི་རྒྱུ་མཚན་མེད་པའི་ཕྱིར་རོ། །དཔེར་ན་མེ་ཏོག་རྒྱས་པའི་ནགས་ཞེས་དོན་གཅིག་ལ་འདུ་བ་ལས་ནགས་ལ་མེ་ཏོག་རྒྱས་པར་ཉེ་བར་བཏགས་པ་ཡིན་ཏེ། ནགས་དང་མེ་ཏོག་རྒྱས་པ་དག་ནི་ཤིང་རྣམས་ལ་འདུས་པ་ཡིན་པའི་ཕྱིར་རོ། །དངོས་སུ་མངོན་པར་འདོད་པ་ལའང་། །རྒྱུ་གཞན་མིན་པ་ཉིད་དེ་མཚུངས། ། དྲུག་རྣམས་ལ་ནི་ཚིག་དོན་སྒྲ། །རྒྱུ་གཞན་གང་ལ་ལྟོས་པར་མཐོང་། །རྒྱུ་གཞན་དང་ལྡན་པ་ནི་གཙོ་བོ་ཡིན་ལ་རྒྱུ་གཞན་མེད་པ་ནི་ཕལ་པ་ཡིན་ནོ་ཞེས་གང་བཤད་པ་དེ་ནི་སྲིད་པ་མ་ཡིན་ཏེ། གང་གི་ཕྱིར་དབྱིག་པ་ཅན་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་གཙོ་བོར་མངོན་པར་འདོད་པ་གང་ཡིན་པ་དེ་དག་ལ་ཡང་རྒྱུ་གཞན་ ཡོད་པ་མ་ཡིན་ཏེ། དབྱིག་པ་ཅན་ལ་སོགས་པ་ཡང་ཀུན་རྫོབ་པ་ཉིད་དོ་ཞེས་ད་ལྟར་ཁོ་ན་བཤད་པ་ཡིན་ནོ། །དྲུག་པོ་རྣམས་ལ་ཚིག་གི་དོན་གྱི་སྒྲ་འཇུག་པ་ཡང་རྒྱུ་གཞན་གང་ཞིག་ལ་ལྟོས་པ་ཡིན། རྫས་ལ་སོགས་པ་འཇུག་པ་ན་རང་གི་ངོ་བོ་ཉིད་འཇུག་པའི་མཚན་ཉིད་ནི་རྒྱུ་མཚན་གཞན་མེད་པ་ཉིད་དབང་མེད་དུ་འོངས་ པ་ཡིན་ནོ། །ཅི་སྟེ་རྒྱུ་མཚན་མེད་པར་འཇུག་པའི་ཚིག་གི་དོན་གྱི་སྒྲ་དེ་ནི་དེ་གཙོ་བོར་ཞེས་བྱ་བར་རིགས་པ་ཡིན་གྱི། །ཆེན་པོ་ལ་སོགས་པའི་སྒྲ་གང་ཡིན་པ་དེ་ནི་ཡོན་ཏན་རྒྱུ་མཚན་ཅན་ཡིན་པས། གང་ལ་རྒྱུ་མཚན་མེད་པར་འཇུག་པ་དེ་ལ་གདོན་མི་ཟ་བར་ཕལ་པ་ཡིན་ནོ། །དེའི་ཕྱིར་དོན་ཡོད་པ་ནི་གཙོ་བོ་ཡིན་ལ། གཞན་ནི་ ཕལ་པ་ཡིན་ནོ་ཞེ་ན། དེ་ཡང་མི་བདེན་ཏེ། འདི་ལྟར། ཇི་ལྟར་གྲགས་ལས་གྲུབ་གང་ཡིན། །དངོས་དང་དེ་དང་མཚུངས་པའི་ཕྱིར། །གང་ལ་དེ་སྐད་བརྗོད་ཕལ་པ། །དངོས་ལའང་དངོས་མེད་བཏགས་ཕྱིར་རོ། །རྒྱུ་མཚན་ཡོད་དམ་གཞན་དུ་ཡང་རུང་སྟེ་གྲགས་པ་ལས་གཞན་དུའང་ འཇུག་པ་ནི་གཙོ་བོ་ཉིད་ཡིན་ལ། དེ་དང་མཚུངས་པ་ལ་ལྟོས་ནས་གང་དུ་དེ་ལྟར་འཇུག་པ་དེ་ལ་ནི་གཙོ་བོ་མ་ཡིན་པ་ཡིན་ཏེ། བུ་ལ་སོགས་པའི་དངོས་པོ་ལ་ཡང་མེད་པ་ཉེ་བར་བཏགས་པ་མཐོང་བའི་ཕྱིར་རོ། །དོན་ཡོད་པ་ཉིད་དམ། གཞན་དུ་ཡང་རུང་སྟེ། གཙོ་བོ་ཉིད་ཀྱི་རྒྱུ་ནི་གྲགས་པ་ཁོ་ན་ཡིན་ནོ། །དེ་ལྟ་མ་ཡིན་ ན་ཕྱིན་ཅི་ལོག་ཏུ་མཐོང་ངོ་། །རྒྱུ་མཚན་མེད་པ་ནི་གཞན་དུ་འགྱུར་བ་ན་ཉེ་བར་བཏགས་པའི་རྒྱུ་མཚན་ཡིན་ནོ། །ཚིག་གི་དོན་གྱི་སྒྲ་རྒྱུ་མཚན་མེད་པ་ཉིད་དེ་ནི་དེ་ཁོ་ན་ལྟར་གཙོ་བོར་གྱུར་པ་ཡིན་པ་དེ་ལྟ་ན་ནི། འོ་ན་རྒྱུ་མཚན་དང་ལྡན་པ་ཉིད་དངོས་ཀྱི་རྒྱུར་མི་འགྱུར་ཏེ། དེ་མེད་ཀྱང་ཡོད་པའི་ཕྱིར་རོ། །གང་ཞིག་གང་མེད་ཀྱང་ འབྱུང་བ་དེ་ནི་དེའི་རྒྱུ་མཚན་ཅན་མ་ཡིན་ཏེ། རྒྱུ་དང་འབྲས་བུས་ནི་རྗེས་སུ་འགྲོ་ལྡོག་གི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །རྒྱུ་མཚན་ནི་རྒྱུ་ཡིན་ལ་རྒྱུ་མཚན་ཅན་ནི་འབྲས་བུ་ཡིན་ནོ། །གལ་ཏེ་གྲགས་པ་དེ་ཉིད་སྒྲ་འཇུག་པའི་རྒྱུ་མཚན་མེད་པར་ཇི་ལྟ་ཞེ་ན། དེ་ཡང་མི་བདེན་ཏེ། འདི་ལྟར། གྲགས་པ་བརྡ་ཡི་རྗེས་འགྲོ་ ཅན། །དེ་ཡང་བརྗོད་འདོད་རྗེས་འགྲོ་ཅན། །ཐ་སྙད་དོན་དུ་བྱས་པའང་སྟེ། །སྡེབ་སྦྱོར་མིང་དང་སྒྲ་ཆ་བཞིན། །གང་ལ་བརྡ་ཞུགས་པ་དེ་ནི་གྲགས་པའི་དོན་ཡིན་ལ། བརྡ་ཡང་སྨྲ་བ་པོའི་འདོད་པ་དང་འབྲེལ་པ་ཡིན་ནོ། །སྒྲ་འཇུག་པའི་རྒྱུ་མཚན་ཡོད་དོ་ཞེ་ན། སྨྲ་བའི་འདོད་པ་མེད་པར་སྒྲ་འཇུག་པ་ནི་མ་ཡིན་ནོ། ། འཇུག་པའི་རྒྱུ་མཚན་མེད་ཀྱང་འདོད་པས་འཇུག་པ་ནི་མཐོང་བ་ཁོ་ན་སྟེ། དཔེར་ན་སྐྱེས་བུ་ལ་སེང་གེ་ལ་སོགས་པ་མིང་འཇུག་པ་བཞིན་ནོ། །དེས་ན་འདོད་པ་ལ་རང་དབང་དུ་གྱུར་པའི་ཕྱིར། དེ་ཉིད་འཇུག་པའི་རྒྱུ་མཚན་ནོ་ཞེས་བྱ་བར་རིགས་སོ། །དེ་ཉིད་རྒྱུ་མཚན་མེད་པར་ཅིའི་ཕྱིར་བརྡའི་སྒོ་ནས་སྒྲ་འཇུག་པར་བྱེད་ཅེ་ན། རྒྱུ་མཚན་ལ་ཡང་ཅིའི་ཕྱིར་འཇུག །ཐ་སྙད་ཀྱི་དོན་དུའོ་ཞེ་ན་ཐ་སྙད་དེ་ནི་འཇུག་པའི་རྒྱུ་མཚན་མེད་ཀྱང་མཚུངས་པ་ཡིན་ནོ། །ཐ་སྙད་ཀྱང་དོན་བྱེད་པའི་ཡུལ་ཅན་ཡིན་ལ། རྒྱུ་མཚན་མེད་པ་དོན་བྱེད་པ་མེད་པར་གྱུར་པ་ནི་མ་ཡིན་ནོ། །རྒྱུ་མཚན་མེད་ན་མི་འགྱུར་ཏེ། བྲམ་ཟེ་ལ་སོགས་པའི་རིགས་མེད་པར་དོན་བྱེད་པར་ ནུས་པ་ནི་མ་ཡིན་ནོ་ཞེ་ན་མ་ཡིན་ཏེ། དེ་ལ་ཚད་མ་མེད་པའི་ཕྱིར་རོ། །རིགས་འགའ་ཞིག་ཡོད་དོ་ཞེས་བྱ་བའི་ཚད་མ་ནི་མེད་དོ། །རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་རང་བཞིན་ཇི་སྙེད་ཅིག་ནུས་པར་མཐོང་བ་དེ་ཙམ་ཁོ་ན་ཅིག་ཉེ་བར་སྦྱོར་བ་དང་ལྡན་པ་ཞེས་བྱ་བར་རིགས་ཏེ། དེ་ལྟ་མ་ཡིན་ན་ཧ་ཅང་ཐལ་བའི་ཕྱིར་རོ། །དེའི་ ཕྱིར་རྒྱུ་མཚན་མེད་ཀྱང་ཐ་སྙད་ཀྱི་དོན་དུ་བརྡ་བྱེད་པ་ཡིན་ཏེ། དཔེར་ན་སྡེབ་སྦྱོར་དང་སྒྲ་ལ་ཕྲེང་བ་འཛིན་པ་ལ་སོགས་པའི་མིང་དང་རང་བཞིན་ལ་སོགས་པར་བརྡར་བཏགས་པ་བཞིན་ནོ། །དེ་ལ་ནི་རྒྱུ་མཚན་འགའ་ཞིག་ཡོད་པ་མ་ཡིན་ཏེ། ཕྲེང་བ་འཛིན་པ་དང་རང་བཞིན་ལ་སོགས་པ་དག་ནི་ཇི་ལྟར་འདོད་པར་རྟོགས་པའི་ ཕྱིར་རོ། །ཡི་གེའི་རིམ་པ་ལ་ནི་རྒྱུ་མཚན་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། དེ་ལྟ་མ་ཡིན་ན་བརྡ་མ་བཟུང་བས་ཀྱང་རྟོགས་པར་ཐལ་བའི་ཕྱིར་རོ། །གང་ཞིག་རྟོགས་པ་ཡོད་པ་དེ་ལ་བརྡ་ཅི་ཞིག་བྱ། བརྡ་གསལ་བར་བྱེད་དོ་ཞེ་ན་མ་ཡིན་ཏེ། རྟོགས་པ་མེད་ན་དེ་ཉིད་མེད་པའི་ཕྱིར་རོ། །མ་རྟོགས་པ་ལ་ནི་བརྡ་ཡོད་པ་ མ་ཡིན་ནོ། །བརྡ་ཉིད་ཀྱིས་རྟོགས་པར་བྱེད་དོ་ཞེ་ན། ཕན་ཚུན་བརྟེན་པའི་ཉེས་བར་ཐལ་བའི་ཕྱིར་རོ། །ཇི་སྲིད་དངོས་པོ་མཐོང་མེད་པར། །དེ་ལ་བརྡ་འཇུག་ཡོད་མ་ཡིན། །བརྡ་ཞུགས་པ་ནི་མེད་ན་ཡང་། །མཐོང་བས་སྲིད་པར་ག་ལ་འགྱུར། །རང་བཞིན་ལ་སོགས་པ་དག་ནི་རྣམ་པར་གནས་པའི་རང་བཞིན་མ་ ཡིན་ནོ། །འདི་ལྟར་ཁ་ཅིག་ནི་ཡོད་པ་ལས་ཞེས་བྱ་བ་འདི་ཁམས་སུ་བྱས་ཏེ། དེའི་འོག་ཏུ་ཨ་ཊ་གློ་བུར་དུ་འོངས་པར་བྱེད་ལ་གཞན་དག་ནི་ཡོད་པ་ལ་ཨ་ས་ཁམས་སུ་བྱས་ནས་དང་པོའི་ཨ་ཕྱིས་ཏེ། སནྟི་ཞེས་བྱ་བར་བྱེད་པ་ཡིན་ནོ། །དེའི་ཕྱིར་རྣམ་པ་འདི་ལྟ་བུའི་ཡུལ་ལ་ཐ་སྙད་ཙམ་གྱི་དགོས་པས་བརྡར་བཏགས་པ་ཡིན་གྱི་ རྒྱུ་མཚན་གཞན་ཡོད་པས་ནི་མ་ཡིན་ནོ། །འདོད་པ་དང་རྗེས་སུ་འབྲེལ་པ་ཅན་གྱི་བརྡ་ནི་རྒྱུ་མཚན་ཅན་ཡོད་པ་ཁོ་ན་ལ་འགྱུར་བ་ཡང་མ་ཡིན་ཏེ། འཁྲུལ་པ་མཐོང་བས་འཁྲུལ་པའི་ཕྱིར་རོ། །དེའི་ཕྱིར་དངོས་པོ་དང་ཁང་བཟངས་ལ་སོགས་པའི་སྒྲ་ནི་དངོས་པོར་གྱུར་པ་ཐ་དད་པའི་དོན་གྱི་རྒྱུ་མཚན་ཅན་མ་ཡིན་ཏེ། དེས་ན་ ཐ་སྙད་མཚུངས་པ་མཐོང་བ་ལས་སྤྱི་བརྟག་པར་བྱ་བ་ནི་མ་ཡིན་ནོ། །འོ་ན་ཇི་ལྟར་བློ་དང་སྒྲ་དག་རྗེས་སུ་འགྲོ་བ་ཡིན་ཞེ་ན། སྨྲས་པ། དངོས་པོ་ལ་སོགས་རྗེས་སུ་འགྲོ་བ་ཡོད་པ་ལས་ཤེས་པ་རྗེས་སུ་འགྲོ་བ་ནི་མ་ཡིན་གྱི། འོན་ཀྱང་བག་ཆགས་ཀྱི་ས་བོན་རབ་ཏུ་སད་པ་རྗེས་སུ་འགྲོ་བ་ཡིན་ཏེ། དཔེར་ན་མི་སྡུག་པའི་དངོས་པོ་ ལ་ཡང་གོམས་པ་ལས་སྡུག་པ་ཉིད་རྗེས་སུ་འགྲོ་བ་བཞིན་ནོ། །འདི་ལྟར། ཐ་སྙད་ཀྱང་གང་དངོས་ཆོས་ཀྱི། །དེ་འདྲའི་རྣམ་ཤེས་རྒྱུ་ཡི་ནི། །དོན་དེ་དག་ལ་ཤེས་པ་དེས། །དེ་ལྟར་རྟོགས་པར་འགྱུར་བ་ཡིན། །ཐ་དད་ཐ་དད་མིན་པར་ནི། །རྟོག་ལ་ཤེས་པའང་དེ་བཞིན་ནོ། །དེ་ཕྱིར་ དེ་འབྲས་མེད་བྲལ་བ། །རྗེས་འགྲོ་དངོས་གཅིག་ཡོད་མ་ཡིན། །གང་གིས་བག་ཆགས་སད་པའི་རིམ་པས། ཐམས་ཅད་ལ་རྣམ་པ་གཅིག་ཏུ་རྟོགས་པའི་ཤེས་པ་སྐྱེད་པར་བྱེད་པའི་དངོས་པོ་རྣམས་ཉིད་ཀྱིས་རྣམ་པ་དེ་ལྟ་བུའི་ཤེས་པ་སྐྱེད་པར་བྱེད་པ་ཡིན་ཏེ། བདེ་བ་ལ་སོགས་པའི་ཚོར་བ་བཞིན་ནོ། །བདེ་བ་ལ་ སོགས་པའི་རྣམ་པར་ཤེས་པ་ལ་ནི། དོན་ལ་བརྟེན་པའི་རྒྱུ་མཚན་བདེ་བ་ཞེས་བྱ་བ་ཡོད་པ་མ་ཡིན་ཏེ། དེ་ལྟ་བུ་ཉིད་ཡིན་ན་སྡུག་བསྔལ་མི་སྐྱེ་བར་ཐལ་བའི་ཕྱིར་རོ། །དེ་ལྟ་བུ་ཉིད་མ་ཡིན་པའི་ཡང་ཡོད་དོ་ཞེ་ན། དེ་ལྟ་ན་རང་བཞིན་གཉི་ག་རྟོགས་པར་ཐལ་ཏེ། ཁ་དོག་དང་དབྱིབས་རྟོགས་པ་བཞིན་ནོ། །ཅི་སྟེ་མ་ མཐོང་བས་གེགས་བྱས་པས་དེ་ལྟ་མ་ཡིན་ནོ་ཞེ་ན། དེ་ལྟར་གྱུར་ན་ནི་མ་མཐོང་བ་ཁོ་ནས་དེ་ལྟ་བུར་གྱུར་པའི་རྟོགས་པ་ཉིད་སྐྱེད་པར་ཅི་སྟེ་མི་འདོད། མ་མཐོང་བ་ནི་ངེས་པར་བྱེད་པ་ཡིན་གྱི་སྒྲུབ་པར་བྱེད་པ་ནི་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ། ཚད་མ་མེད་པའི་ཕྱིར་རོ། །སྒྲུབ་པ་དང་ངེས་པར་བྱེད་པ་དག་སྲིད་ན། སྒྲུབ་པ་ཉིད་ མཆོག་ཡིན་ཏེ། ངེས་པར་བྱེད་པ་ནི་རྟོག་པ་དུ་མའི་རྟེན་དུ་འགྱུར་བའི་ཕྱིར་རོ། །འདི་ལྟར། བདེ་བ་ལ་སོགས་པ་དང་ལྡན་པ་ཉིད་དོན་ཡིན་པར་བརྟག་གམ། འོན་ཏེ་གཞན་དུ་ཡིན་མཐོང་བ་པ་ཡིན་པར་རྟོགས་པ་ལ་ནི་མ་མཐོང་བའི་རྟོགས་པ་འབའ་ཞིག་ཏུ་ཟད། དེའི་ཕྱིར་ཐ་དད་པར་གྱུར་པ་ཉིད་འགའ་ཞིག་ལ་ཐ་ དད་པར་འཛིན་པ་ཡིན་ནོ། །དེ་རྗེས་སུ་འགྲོ་བ་ཉིད་ལས་སྤྱིའི་དོན་གྲུབ་པའི་ཕྱིར། བར་གྱི་ཤ་ལྷག་པའི་སྤྱིས་ཅི་ཞིག་བྱ། ནང་གི་རྒྱུ་ཤེས་པ་རྣམས་ཀྱི་རྒྱུ་མཚན་ཡིན་པར་ནི་གདོན་མི་ཟ་བར་ཁས་བླང་དགོས་ཏེ། དེ་ལྟ་མ་ཡིན་ན། སྤྱི་དང་དེའི་རྒྱུ་རྣམ་པ་གཉིས་སུ་རྟོགས་པར་ཐལ་བའི་ཕྱིར་རོ། །འཕྲོད་པ་འདུ་བས་ གཅིག་ཏུ་འདྲེས་པར་གྱུར་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། འཕྲོད་པ་འདུ་བ་ཡང་རྣམ་པ་གསུམ་པར་རྟོགས་པར་ཐལ་བའི་ཕྱིར་རོ། །དེའི་ཕྱིར་ན་དེར་རྟོགས་པར་འགྱུར་བའི་ནུས་པ་མེད་པ་ཉིད་ནང་གི་རྒྱུ་ལ་རག་ལས་པར་ཁས་བླང་བར་བྱ་བ་ཡིན་ནོ། །དེ་བཞིན་དུ་ཤེས་པ་ཡང་དེ་ལ་གཅིག་ཏུ་རྟོགས་པའི་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར། རྗེས་སུ་འགྲོ་བ་དང་། རིགས་ཞེས་བྱ་བ་ཡིན་གྱི། རིགས་གཞན་ཁས་བླང་བར་ནི་རིགས་པ་མ་ཡིན་ནོ། །ལྷག་མ་ནི་སྐབས་ཉིད་དུ་བཤད་ཟིན་ཏོ། །དེའི་ཕྱིར་ཐ་མི་དད་པར་ཞེན་པ་འབྲས་བུ་ཅན་ཉིད་ཀྱིས་སྤྱིའི་ཐ་སྙད་ཡིན་ནོ། །དེའི་འབྲས་བུ་ཅན་དེ་ཉིད་སྤྱིའི་ཡིན་ནོ་ཞེ་ན། མ་ཡིན་ཏེ། རང་གི་ངོ་བོ་ལས་ཐ་དད་པའི་དེའི་འབྲས་ བུ་ཅན་མེད་པའི་ཕྱིར་རོ། །ཅི་སྟེ་ཡང་། དེ་ལྟ་ན་ནི་ཆུ་དང་ས་ལ་སོགས་པ་རྣམས་ལ་ཡང་འབྲས་བུ་མྱུ་གུ་ཡོད་པའི་ཕྱིར་གཅིག་ཏུ་རྟོགས་པར་འགྱུར་ཏེ། དེའི་འབྲས་བུ་ཅན་དུ་རྟོགས་པ་ཉིད་ནི་སྤྱིའི་ཤེས་པ་ཡིན་པའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། བ་ལང་ཉིད་དུ་རྟོགས་པ་ཁོ་ན་དེ་ལྟར་འགྱུར་རོ། །དེའི་ཕྱིར་ཐ་དད་པ་མ་ འཕྲིགས་པ་ལས་སྤྱིར་རྟོགས་པ་ཡིན་གྱི། གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བ་འདི་གནས་པ་ཡིན་ནོ། །ཅི་སྟེ་དེར་སྤྱི་ཉིད་རྟོགས་སོ་ཞེས་ཅི་སྟེ་མི་འདོད། འདི་ལ་སྤྱི་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་གནོད་པར་བྱེད་པའི་ཤེས་པ་སྐྱེས་པ་ནི་མེད་དོ། །རྩོད་པའི་དུབ་པ་ལ་ནི་དགོས་པ་མེད་དོ། །ཇི་ལྟར་དུ་མར་རྟོགས་པས་དུབ་པ་ དེ་བཞིན་དུ་རྩོད་པས་དུབ་པ་ཡང་ཡིན་པས་མཚུངས་པར་ཐལ་ལོ་ཞེ་ན། དེ་ཡང་མི་བདེན་ཏེ། འདི་ལྟར། རྩོད་པ་ཙམ་ཞིག་འདྲེན་པའི་ཕྱིར། །གལ་ཏེ་སྤྱི་ནི་རྟོག་བྱེད་ན། །མ་བརྟགས་གཅིག་པུས་སྤྱོད་ཡུལ་ནི། །ཀུན་རྫོབ་ཡོད་པ་ཡིན་པར་འགྱུར། །སྤྱི་ནི་རྣམ་པར་དཔྱད་ན་ཡོད་པ་མ་ཡིན་ནོ། །རྣམ་པར་ དཔྱད་པ་མེད་པར་ཁས་ལེན་ན་ནི་གཅིག་ཏུ་མ་བརྟགས་ན་ཉམས་དགའ་བ་ཡིན་ནོ་ཞེས་བྱ་བར་འགྱུར་རོ། །འབྲས་བུ་གཅིག་པ་ཉིད་དེ་ནི། །དངོས་རྣམས་ལ་ཡོད་དེ་ཡི་ཕྱིར། །དངོས་ལ་མཉན་པ་དེ་མཐའ་ཉན། །དེའི་འབྲས་བུ་མ་ཡིན་པ་རྣམས་ལས་ལོག་པ་འབྲས་བུ་གཅིག་པའི་མཚན་ཉིད་ཅན་དེ་ཉིད་ནི་ཁྲ་བོ་ལ་སོགས་ པ་རྣམས་ལ་ཡོད་པ་ཡིན་ཏེ། དེའི་ཕྱིར་དངོས་པོ་ལ་འཇུག་པའི་མཉན་པ་ནི་འཇུག་པའི་རྒྱུ་མཚན་དེ་དང་ལྡན་པ་ཉིད་དོ། །འོ་ན་ཇི་ལྟར་སྤྱིའི་བློ་རྣམ་པ་དང་ལྡན་པར་འགྱུར་ཏེ། མ་འདྲེས་པ་ལ་ནི་རྣམ་པ་མེད་པའི་ཕྱིར་རོ་ཞེ་ན། འདིར་ལན་དུ། དེ་ལས་གཞན་དང་མ་འདྲེས་པ་ནི་ངེས་པར་རྣམ་པ་དང་ལྡན་པའི་བློ་དང་འབྲེལ་པ་ཡིན་ ལ། དེ་ཡང་བག་ཆགས་དང་འབྲེལ་བ་ལས་རྣམ་པ་དང་ལྡན་པ་ཡིན་ནོ། །འདི་ལྟར་བློ་དེ་ནི་དེ་ལྟ་བུར་གྱུར་པའི་ཤེས་པ་སྔ་མ་སྔ་མ་ལས་འོངས་པ་ཡིན་ནོ། །འདི་བ་ལང་ངོ་སྙམ་པའི་ཤེས་པ་ལ་ཁྲ་བོ་ལ་སོགས་པ་ལས་ཐ་དད་པའི་གཞལ་བྱ་གཞན་ནི་ཡོད་པ་མ་ཡིན་ནོ། །གཞལ་བྱའི་རྣམ་པར་སྣང་བའི་ཤེས་པས་གཞལ་ བྱའི་རྣམ་པ་འཇོག་པ་ཡིན་གྱི། གཞལ་བྱའི་རྣམ་པས་སྟོང་པའི་ཤེས་པ་ཙམ་གྱིས་ནི་མ་ཡིན་ནོ། །གལ་ཏེ་ཤེས་པ་དེ་ཐོག་མ་མེད་པའི་བག་ཆགས་ཀྱི་མཐུ་ལས་བྱུང་བ་ཡིན་ན། འོ་ན་ནི་དེ་དང་འབྲེལ་པ་ཡིན་པའི་ཕྱིར་དེ་ཉིད་ལ་མི་སླུ་བར་འགྱུར་བ་ཡིན་གྱི་དངོས་པོ་ལ་མི་སླུ་བར་གོ་ཇི་ལྟར་ འགྱུར། དེའི་ཕྱིར་དེའི་འབྲས་བུ་མེད་པ་ལས་ལྡོག་པ་ཡོངས་སུ་བཅད་པར་འགྱུར་དགོས་སོ། །དེའི་འབྲས་བུ་ཅན་ཉིད་དེ་ལས་དེའི་ཕྱི་རོལ་གྱི་ནུས་པ་ཉིད་དམ། ཕྱི་རོལ་གྱི་རང་བཞིན་གྱི་ལྡོག་པ་ཉིད་དོ། །དེའི་རྗེས་སུ་འགྲོ་བ་ན་དེ་ཉིད་རིགས་ཡིན་པས་རིགས་སྤངས་པ་མ་ཡིན་ལ། དེ་ཡོངས་སུ་བཅད་པ་ལ་ཡང་ ཕྱི་རོལ་ཉིད་ཡོངས་སུ་བཅད་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ། ཕྱི་རོལ་གྱི་རང་བཞིན་གྱི་རྣམ་པར་བཅད་པ་མེད་པའི་ཕྱིར་རོ། །ཕྱི་རོལ་ནུས་པ་རྣམ་གཅོད་ལ། །རེག་པ་མེད་ཀྱང་སྒྲ་དེ་ནི། །རྣམ་པར་རྟོག་པའི་གཟུགས་བརྙན་ནི། །དེ་ཡི་མཐར་ཐུག་རྣམས་དང་འབྲེལ། །དེས་ན་གཞན་སེལ་མཐར་ཐུག་ཕྱིར། །མཉན་ པ་གཞན་སེལ་བྱེད་པར་བརྗོད། །གལ་ཏེ་ཡང་སྒྲ་ལས་སྐྱེ་བ་ཅན་གྱི་རྣམ་པར་རྟོག་པ་ཕྱི་རོལ་གྱི་རང་བཞིན་ལ་རེག་པ་མེད་པ་དེ་ལྟ་ན་ཡང་། རྣམ་པར་རྟོག་པ་དེའི་གཟུགས་བརྙན་ནི་ཕྱི་རོལ་གྱི་མཐར་ཐུག་པའི་ཉིད་དེ། ཕྱི་རོལ་གྱི་སྒོ་ནས་སྐྱེ་བའི་ཕྱིར་རོ། །བརྒྱུད་པས་སྐྱེ་བའི་ཕྱིར་དོན་ལ་མ་རེག་ཀྱང་ཕྱི་རོལ་གྱི་མཐར་ཐུག་ པ་ནི་མ་ཡིན་ནོ། །གཞན་ལས་ལྡོག་པའི་དོན་གྱིས་བསྐྱེད་པ་གཟུགས་བརྙན་དེ་ཡང་གཞན་ལས་ལྡོག་པ་ཉིད་དུ་སྣང་ངོ་། །སྒྲ་ལས་ཀྱང་དེ་ཉིད་ཐ་མི་དད་པའི་ལྡོག་པ་རྟོགས་པར་འགྱུར་གྱི། ཕྱི་རོལ་དང་ཐ་མི་དད་པ་ནི་མ་ཡིན་ནོ། །དེས་ན་གཞན་ལས་ལྡོག་པའི་རྣམ་པ་ཅན་གྱི་རྣམ་པར་རྟོག་པ་སྐྱེད་པའི་ཕྱིར་མཉན་ པ་གཞན་སེལ་བ་བྱེད་པར་བརྗོད་དོ། །གཞན་ལས་ལྡོག་པ་དག་ལ་འཇུག་པར་བྱེད་པའི་ཡང་ཕྱིར་ཏེ། ཕྱི་རོལ་ལ་རེག་པ་མེད་ཀྱང་རྣམ་པར་རྟོག་པ་དེ་ལས་ཐ་སྙད་བྱེད་པ་རྣམས་གཞན་ལས་ལྡོག་པ་དག་ལ་འཇུག་པའི་ཕྱིར། གཞན་ལས་ལྡོག་པའི་ཡུལ་ཅན་དུ་བརྗོད་དོ། །རྣམ་པར་རྟོག་པའི་བཟུང་བ་བློ་ལས་ཐ་དད་པར་ སྣང་བ་མ་ཡིན་ནམ། དེ་ཇི་ལྟར་ན་བློའི་རང་བཞིན་ཉིད་ཡིན། དེ་ཉིད་ལས་ཐ་དད་པར་སྣང་བ་ནི་དེ་ཉིད་དུ་འགྱུར་བ་མ་ཡིན་ནོ། །ལས་ཐ་དད་པར་སྣང་བ་ནི་དེ་ཉིད་དུ་འགྱུར་བ་མ་ཡིན་ནོ། །ཐ་དད་པར་སྣང་བ་ནི་ཐ་དད་པའི་མཚན་ཉིད་ཡིན་ཏེ། དེ་ལས་གཞན་ཐ་དད་པའི་རྒྱུ་མཚན་མེད་པའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། ཐ་ དད་པར་སྣང་བ་ཙམ་ནི་མཚན་ཉིད་མ་ཡིན་པའི་ཕྱིར་རོ། །འཁྲུལ་པ་མེད་པའི་ཐ་དད་པར་སྣང་བ་ནི་ཐ་དད་པའི་མཚན་ཉིད་ཡིན་གྱི་གང་འགའ་ཞིག་ནི་མ་ཡིན་ནོ། །ལྡོག་པ་བཞིན་དུ་སྒྲ་དག་ལས། །ཤེས་ལ་དོན་གྱི་གཟུགས་བརྙན་སྣང་། །གང་དེའང་དོན་གྱི་བདག་ཉིད་མིན། །དེ་འཁྲུལ་བག་ཆགས་ལས་བྱུང་ ཡིན། །གལ་ཏེ་ཡང་དེ་ཁ་དོག་དང་དབྱིབས་སུ་སྣང་བ་དེ་ལྟ་ན་ཡང་དེ་དངོས་པོ་ནི་མ་ཡིན་གྱི། འོན་ཀྱང་དེའི་གཟུགས་བརྙན་ཡིན་ནོ། །འགལ་བ་ཅི་ཡོད་ཅེ་ན་གང་གི་ཕྱིར་དེ་ནི་བག་ཆགས་ཀྱི་མཚན་ཉིད་ཀྱི་རྒྱུ་ལས་བྱུང་བ་ཡིན་པའི་ཕྱིར་རོ། །དེ་ལྟ་ཡིན་མོད། ཇི་ལྟར་དངོས་པོར་མི་འགྱུར་ཞེ་ན། རང་གི་རྒྱུ་ལ་ རག་ལས་པའི་ཕྱིར། རབ་རིབ་ཅན་གྱིས་དམིགས་པའི་སྐྲ་ཤད་ལ་སོགས་པ་བཞིན་ནོ། །ཅི་སྟེ་བག་ཆགས་ཀྱི་སྟོབས་ལས་སྐྱེས་པ་ཡིན་ཡང་དངོས་པོ་ཉིད་དོ་སྙམ་ན། དངོས་པོ་ནི་དེ་ལྟར་འགྱུར་བ་མ་ཡིན་ནོ་ཞེས་བཤད་པར་བྱའོ། །འོ་ན་བློའི་མཚན་ཉིད་ཀྱི་དངོས་པོ་དེ་ཉིད་སྒྲས་བརྗོད་པ་ཡིན་ཏེ། དེ་ཉིད་དངོས་པོར་ གྱུར་བའི་གཞན་སེལ་བ་ཡིན་ནོ་ཞེས་ཁ་ཅིག་ཟེར་རོ། །དེ་ནི་མི་བདེན་ཏེ། འདི་ལྟར། དེ་ནི་མཉན་པས་བརྗོད་པ་ན། །དོན་གྱི་ཆ་གང་རྟོགས་པར་འགྱུར། །དེ་མ་རྟོགས་ན་དེ་དོན་ཅན། །བརྡ་བྱེད་པ་ནི་དོན་མེད་འགྱུར། །ཅི་ནས་ཀྱང་སྒྲ་ལས་དངོས་པོའི་ཆ་རྟོགས་པར་འགྱུར་བར་བྱ་བའི་ཕྱིར་བརྡ་བྱེད་པ་ཡིན་གྱི། བློའི་ གཟུགས་བརྙན་ཙམ་ཞིག་རྟོགས་པར་བྱ་བའི་ཕྱིར་ནི་མ་ཡིན་ནོ། །དེས་ན་བརྡ་བྱེད་པ་ནི་དོན་མེད་པར་འགྱུར་ཏེ། དེ་ནི་དངོས་པོ་རྟོགས་པར་བྱ་བའི་དོན་དུ་ཡིན་པའི་ཕྱིར་རོ། །འོ་ན་ནི་གཞན་སེལ་བ་ཡང་སྒྲའི་དོན་མ་ཡིན་པར་འགྱུར་ཏེ། དེས་ན་དེ་ལ་ཡང་བརྡ་བྱེད་པར་མི་འགྱུར་རོ་ཞེ་ན། མ་ཡིན་ཏེ། གཞན་སེལ་བ་ ནི་དོན་གྱི་ཆ་ཉིད་ཡིན་པའི་ཕྱིར་རོ། །འདི་ལྟར། སྒྲས་དོན་ཆ་ནི་ཅི་བརྗོད་ཅེས། །དེ་ལ་གཞན་སེལ་བརྗོད་པར་བྱ། །རྣམ་པ་དེ་ཡང་དོན་ལ་མེད། །དེ་བརྗོད་ཇི་ལྟར་དོན་རྟེན་ཡིན། །གལ་ཏེ་གཞན་སེལ་བ་ཉིད་དེ་ཡིན་ན་དེའི་ཚེ་དེ་རྟོགས་པ་ན་གཞན་སེལ་བ་དོན་གྱི་ཆ་ཉིད་དུ་མི་འགྱུར་རོ་ཞེ་ན། གཞན་སེལ་བ་ནི་ དོན་གྱི་ཆ་ཉིད་དེ། སྒྲས་དོན་གྱི་ཆ་ཅི་ཞིག་བརྗོད་ཅེས་འདྲ་བ་ན། གཞན་སེལ་བའོ་ཞེས་ལེན་འདེབས་པ་ཡིན་ནོ། །རྣམ་པ་དེ་ཡང་དོན་ལ་དེ་ཡོད་པ་མ་ཡིན་ཏེ། བློའི་རྣམ་པ་ཡིན་པའི་ཕྱིར་རོ། །གང་ཞིག་དོན་ལ་ཡོད་པ་མ་ཡིན་པ་དེ་རྟོགས་པས་ནི་དོན་རྟོགས་པར་མི་འགྱུར་ཏེ། རབ་རིབ་ཅན་གྱིས་རྟོགས་པའི་སྐྲ་ ཤད་ལ་སོགས་པ་བཞིན་ནོ། །གཞན་ཡང་གཞན་སེལ་བ་ནི་སྤྱི་ཡིན་ནོ་ཞེས་འདོད་པ་ཡིན་ནོ། །འདི་ལྟར། རྗེས་འགྲོ་ཅན་སྒྲ་རྗེས་འགྲོ་ཅན། །དོན་གྱི་འབྲས་ཡིན་མཐོང་གོམས་པས། །སྤྲུལ་དེའང་རྗེས་འགྲོ་མེད་པ་ཅན། །བློ་ལས་ཐ་དད་མེད་ཕྱིར་རོ། །སྒྲ་ནི་ཁྲ་བོ་ལ་སོགས་པ་དག་ ལ་རྗེས་སུ་འགྲོ་བར་མཐོང་ངོ་། །རྗེས་སུ་འགྲོ་བ་དེ་ཡང་སྦྱོར་བར་བྱེད་པ་རྗེས་སུ་འགྲོ་བའི་དོན་ཉིད་ཀྱིས་འགྱུར་བ་ཡིན་ན། རྣམ་པ་དེ་ནི་རྗེས་སུ་འགྲོ་བ་ཅན་མ་ཡིན་ཏེ། བློ་ལས་ཐ་མི་དད་པའི་ཕྱིར་རོ། །མཐོང་བས་གོམས་པས་བསྐྱེད་པ་ཡིན་པའི་ཕྱིར་ཏེ་བློ་ཉིད་བཞིན་ནོ། །རྗེས་སུ་འགྲོ་བ་ཅན་མ་ཡིན་པའི་འབྲས་བུ་ནི་རྗེས་སུ་འགྲོ་བ་ དང་ལྡན་པ་རིགས་པ་མ་ཡིན་ཏེ་རྒྱུ་ཐ་དད་པས་ཐ་དད་པར་འགྱུར་བའི་ཕྱིར་རོ། །དེའི