Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 178

Văn bản gốc(Tây Tạng)

Trang 15 / 21 (50.000 ký tự/trang)
་རང་བཞིན་དམིགས་པ་ལས་བཟློག་པའི་མེ་ལས་ནི་གྲང་བ་མེད་པའི་ཐ་སྙད་ཡིན་པའི་ཕྱིར་ཏེ། དེས་ན་སྦྱོར་བ་དགོད་
པའི་ཚུལ་འབའ་ཞིག་ཐ་དད་དོ། །འགལ་དང་དེ་ནི་ཐབས་བཅས་པ། །བསྒྲུབས་དང་བཀག་པ་མེད་པར་ནི། །དགག་ལ་ཚད་སྨྲ་གང་ཡིན་དེ། །རིགས་པའི་རྗེས་འབྲང་ཅན་མིན་ཏེ། །སྨྲ་ལ་སོགས་པས་ཀུན་མཁྱེན་དང་། །འཇིག་རྟེན་གཞན་སོགས་མེད་བསྒྲུབ་བཞིན། །དབང་པོ་ལས་འདས་དོན་རྣམས་དང་།

འགལ་བ་གྲུབ་པ་མེད་ཕྱིར་རོ། །སྨྲ་བ་ནི་ཐམས་ཅད་ཤེས་པ་དང་འགལ་བ་མ་ཡིན་ཏེ། དབང་པོ་ལས་འདས་པ་དང་ནི་ལྷན་ཅིག་འགལ་བ་མི་འགྲུབ་བོ། །ཚིག་ནི་ཤེས་པ་ཉིད་ལས་འཇུག་པ་ཡིན་ན་དེ་མེད་པར་སྒྲུབ་པར་ཅི་ལྟར་བྱེད། ཐམས་ཅད་ཤེས་པ་ཉིད་དང་ནི་འགལ་ལོ་ཞེ་ན། གང་གིས་
འགལ་བར་འཛིན། གལ་ཏེ་ཤེས་པ་ཁྱད་པར་དང་འཕེལ་བའི་རྗེས་སུ་འགྲོ་བ་སྨྲ་བ་ཉིད་འགྲིབ་པར་མཐོང་ན་ཐམས་ཅད་ལེགས་པར་འགྱུར་ཏེ་ཐམས་ཅད་ཤེས་པ་ལ་སྨྲ་བ་ཉིད་ཐམས་ཅད་མེད་པ་ཁོ་ནར་འགྱུར་ན་དེ་ལྟར་ནི་མ་ཡིན་ནོ། །གལ་ཏེ་སྨྲ་བ་པོ་ནི་ཐམས་ཅད་མཁྱེན་པ་མ་ཡིན་པར་དམིགས་སོ་ཞེ་ན། སྨྲ་བ་པོ་རྨོངས་
པར་མཐོང་བའི་ཕྱིར། ཐམས་ཅད་རྨོངས་པར་ཅི་སྟེ་མི་འགྱུར། སྨྲ་བ་པོ་མཁས་པས་མཐོང་བའི་ཕྱིར་རོ་ཞེ་ན། དེ་ཡང་དམིགས་པར་མི་འགྱུར་རོ་ཞེས་བྱ་བ་ག་ལས། འདི་ལྟར། གལ་ཏེ་སྨྲ་པོ་རིག་ཡིན་ན། །གནོད་བྱ་གནོད་བྱེད་ངོ་བོ་གང་། །དེ་འདྲ་མི་དམིགས་ཕྱིར་ཞེ་ན། །དེ་ཉིད་སྒྲུབ་བྱེད་ཡིན་པར་འདོད། །
དཔེར་ན་རྨོངས་པ་སྨྲ་བ་ནི། །མཁས་པའི་དུས་སུ་དེ་མེད་ཀྱང་། ཁྱད་པར་དང་བཅས་ཏེ་སྨྲ་བ་དེ་བཞིན་དུ། གལ་ཏེ་ཐམས་ཅད་མཁྱེན་པའི་གནས་སྐབས་སུ་ཡང་འགྱུར་ན་ཅི་འགལ། ཚིག་ནི་ཤེས་པ་ཕུལ་དུ་བྱུང་བ་དང་འགལ་བ་མ་ཡིན་ནོ། །ཤིན་ཏུ་ཕུལ་དུ་བྱུང་བར་འདོགས་པ་དང་འགལ་ལོ་ཞེ་ན། མ་ཡིན་ཏེ།
འགལ་བ་འཛིན་པ་མེད་པའི་ཕྱིར་རོ། །དེ་ལྟ་བུའི་སྨྲ་བ་པོ་ལ་དམིགས་པ་ཁོ་ནའོ་ཞེས་བྱ་བ་ནི་ལན་དུ་མི་རུང་སྟེ། མི་དམིགས་པ་ནི་སྣང་བའི་ཡུལ་ཙམ་ཉིད་ཀྱིས་གོ་བར་བྱེད་པ་ཡིན་ནོ། །མི་དམིགས་པ་ནི་དེ་ལྟ་བུ། །ངེས་འབྱེད་མིན་པར་རབ་ཏུ་བརྗོད། །དེ་ཕྱིར་ཤིན་ཏུ་ལྐོག་གྱུར་ལ། །ཡོད་མེད་ངེས་པ་ཡོད་མ་ཡིན། །
ཐམས་ཅད་མཁྱེན་པ་དང་འཇིག་རྟེན་ཕ་རོལ་མེད་པ་ལ་སོགས་པ་ལྐོག་ཏུ་གྱུར་པ་ནི་མི་དམིགས་པ་ཙམ་གྱིས་མེད་པར་ངེས་པའི་ཕྱིར་རོ། །འོན་ཏེ་ཡང་ཐམས་ཅད་མཁྱེན་པ་འཁྲུལ་པ་དང་བྲལ་བ་ཚིག་ག་ལས་འབྱུང་སྟེ། སྔ་མ་དང་ཕྱི་མ་སྟེ་བརྗོད་པར་འདོད་པའི་འཁྲུལ་པ་སྐྱེས་ན་ནི་ཚིག་ལ་འཇུག་པར་བྱེད་པ་ཡིན་ནོ་སྙམ་ན། དེ་
ཡང་ཡང་དག་པ་མ་ཡིན་ཏེ། དོན་ཀུན་གསལ་བ་ཉིད་དུ་ནི། །ཤེས་ཀྱང་བརྗོད་འདོད་འཇུག་འགྱུར་ཏེ། །གོམས་ཕྱིར་དེ་ལ་བརྗོད་པ་ནི། །གང་ལས་མེད་པར་འགྱུར་བ་ཡིན། །བསྒོམས་པ་ལ་བརྟེན་ནས་དོན་དཔག་ཏུ་མེད་པར་ཤིན་ཏུ་གསལ་བར་མཐོང་བ་དང་དུས་མཉམ་པར་གོམས་པ་ལས་བརྗོད་པར་འདོད་པ་མི་འབྱུང་

བ་ནི་མ་ཡིན་ནོ། །བརྗོད་པར་འདོད་པ་མེད་ཀྱང་སྔོན་གྱི་འཕེན་པ་ལས་ཚིག་འབྱུང་ངོ་། །ཉེ་བར་གནས་པའི་བརྗོད་པར་འདོད་པ་ཉིད་ནི་ཚིག་གི་རྒྱུ་མ་ཡིན་ཏེ་ཡིད་གཞན་དུ་ཡེངས་ཀྱང་སྔོན་གྱི་འཕེན་པ་ལས་ཚིག་དང་ངག་མ་འདྲེས་པར་འདོན་པར་མཐོང་བའི་ཕྱིར་དང་། སྔར་གོམས་པར་བྱ་བ་དུ་མ་རྩོམ་པ་ཡང་མཐོང་བའི་
ཕྱིར་རོ། །འདིས་ནི་སྔ་མ་དང་ཕྱི་མར་འཛིན་པ་མེད་ཀྱང་རྟོགས་པ་པོ་ཉེ་བར་གནས་པ་ལ་ཇི་ལྟར་བརྗོད་པར་འགྱུར་ཞེས་བྱ་བ་དེ་ཡང་གསལ་བ་ཡིན་ཏེ། དགྲ་ནི་ཉེ་བ་རྩོམ་ཉིད་ལས། །རྟོགས་པ་མེད་པར་དང་པོ་ཉིད། །ཁྲོ་བ་ཡིས་ནི་ཀུན་བསླང་བ། །དེ་བཟློག་པ་ལ་འཇུག་པར་རྩོམ། །དཔེར་ན་སྔར་གོམས་པ་ལས། གཉིད་
སད་མ་ཐག་ཏུ་མཚོན་འབྱིན་པ་ལ་སོགས་པ་དག་ལ་བརྡེག་པ་ལ་སོགས་པ་དང་རྗེས་སུ་མཐུན་པ་ཉིད་རྩོམ་པ། དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཡང་ཐམས་ཅད་མཛད་པས་མི་འགལ་ལོ། །དེའི་ཕྱིར་འགལ་བ་ཉིད་ལས་འགལ་བ་མེད་པར་ངེས་པ་ཡིན་ནོ། །འགལ་ཏེ་ཆོས་ནི་ཐ་དད་དམ། །ཐ་དད་མེད་ལ་རབ་སྦྱོར་ཏེ། །
ཁ་བ་མེད་པར་བསྒྲུབ་པ་ལ། །མེ་དང་སྐྱེ་ལ་ཡོད་གནོད་བཞིན། །གྲང་བ་དང་དྲོ་བ་དག་ནི་ཕན་ཚུན་ཐ་དད་པའི་ཕྱིར་ལྷན་ཅིག་མི་གནས་པའི་མཚན་ཉིད་ཀྱི་འགལ་བ་ཡིན་ནོ། །ཡོད་པ་དང་སྐྱེ་བ་དག་ནི་ཕན་ཚུན་སྤངས་པའི་མཚན་ཉིད་ཀྱིས་ཐ་དད་པ་མེད་པ་ཡིན་ནོ། །སྐྱེ་བ་ནི་ཡོད་པ་ལས་ཐ་དད་པ་མ་ཡིན་པ་ལ་ཡང་ཡིན་ནོ། །ཡོད་
པ་ཉིད་ནི་སྐྱེ་བ་མ་ཡིན་ཏེ། ཆ་མེད་པར་ཐམས་ཅད་ཡོད་པ་ནི་སྐྱེ་བ་དོན་མེད་དོ། །ཐ་དད་པ་མེད་པ་དག་ཕན་ཚུན་འགལ་བར་ཇི་ལྟར་འགྱུར་ཞེ་ན། གཞན་གྱིས་ཐ་མི་དད་པར་ཁས་བླངས་པའི་ཕྱིར་དེ་སྐད་བརྗོད་པ་ཡིན་ནོ། །གལ་ཏེ་འགལ་བ་ཞེས་བྱ་བ་འདི་ཅི་ཡིན་ཞེ་ན་ཟློག་པར་བྱེད་པ་དང་བཟློག་པར་བྱ་བའི་ངོ་བོའོ། །འདི་ལྟར།
མ་ཚང་མེད་རྒྱུ་ཅན་གཅིག་དེ་ལས་གཞན། །ཡོད་ན་གང་ཚེ་འབྱུང་བ་མེད་འགྱུར་བ། །དེ་གཉིས་འགལ་བ་ཉིད་ནི་ཡིན་པ་དེ། །མེ་དང་གྲང་བའི་བདག་ཉིད་མ་མཐོང་ངོ་། །གལ་ཏེ་གཞན་གྱིས་གཞན་མེད་པར་བྱེད་པ་དེ་མི་འཐད་པ་མ་ཡིན་ནམ། མེད་པ་ལ་ནི་འབྲས་བུ་ཉིད་མེད་པའི་ཕྱིར་རོ། །དེ་སྟེ་མི་བྱེད་ན་ནི་དེའི་ཚེ་
རང་ཉིད་འཇིག་པས་གཞན་དང་འགལ་བ་ཅི་ཡོད། སྐད་ཅིག་ནི་གཞན་གྱིས་འཇིག་པར་བྱེད་པ་མ་ཡིན་ཏེ། སྐྱེས་པ་དང་མ་སྐྱེས་པའི་གནས་སྐབས་དག་ལས་མི་འཐད་པའི་ཕྱིར་རོ། །མ་སྐྱེས་པ་ནི་མེད་པས་གང་ཞིག་འགལ་བའམ་འཇིག་པ་ཡིན། སྐྱེས་པ་ཡང་རང་གི་དུས་སུ་འཇིག་པར་མི་ནུས་ཏེ། སྐད་ཅིག་ལ་འགྱུར་བ་

མེད་པའི་ཕྱིར་རོ། །གཞན་གྱི་དུས་སུ་ནི་དེ་ཉིད་མེད་པས་གང་ཞིག་འཇིག་པ་ཡིན། རྒྱུན་འཇིག་གོ་ཞེ་ན། མ་ཡིན་ཏེ། དེ་ལས་ཐ་དད་པའི་རྒྱུན་མེད་པའི་ཕྱིར་རོ། །གལ་ཏེ་ཕྱི་མའི་སྐད་ཅིག་མ་བརྒྱུད་མར་འབྱུང་བ་གེགས་བྱས་པ་གང་ཡིན་པ་དེ་ཉིད་རྒྱུན་འཇིག་པ་ཡིན་ནོ་ཞེ་ན། དེ་
ཡང་མི་བདེན་ཏེ། གལ་ཏེ་རྒྱུ་ཡོད་གྱུར་ན་ནི། །གཞན་གྱིས་ཇི་ལྟར་གེགས་བྱེད་འགྱུར། །དེ་སྟེ་རྒྱུ་ནི་མེད་ན་ཡང་། །གཞན་གྱིས་ཇི་ལྟར་གེགས་བྱེད་འགྱུར། །གལ་ཏེ་ཕྱི་མའི་སྐད་ཅིག་ཕྱི་མ་སྐྱེ་བ་ལ་རྒྱུ་ཡོད་ན་ཇི་ལྟར་གེགས་བྱེད། དེ་སྟེ་རྒྱུ་མེད་ན་རང་ཉིད་འགྱུར་བས་བྱ་ཅི་དགོས། ཅི་སྟེ་འགལ་བས་རྒྱུ་
མ་ཚང་བ་ཉིད་བྱེད་དོ་ཞེ་ན། དེ་ཡང་མི་བདེན་ཏེ། གང་གི་ཕྱིར། གལ་ཏེ་མེད་པ་མ་ཚང་བར། །བྱེད་ན་དོན་མེད་འགྱུར་བ་ཡིན། །རང་གི་ངོ་བོས་ཡོད་པ་ཡང་། །མ་ཚང་བར་ནི་ཇི་ལྟར་བྱེད། །གལ་ཏེ་དེ་ལ་མ་ཚང་མེད། །རྒྱུ་ཡོད་ཅི་སྟེ་དེ་མེད་འགྱུར། །འོན་ཏེ་མ་ཚང་མེད་བྱེད་མེད། །དེ་ནི་རང་ཉིད་མ་
ཚང་འགྱུར། །མ་ཚང་མེད་རྒྱུ་ཡོད་ན་ནི། །རྒྱུ་ཡང་མ་ཚང་བར་བྱེད་མི་ནུས་ལ། དེའི་རྒྱུ་མེད་ན་ནི་རང་ཉིད་མ་ཚང་བར་འགྱུར་བས་དེ་ལ་འགལ་བས་ཅི་ཞིག་བྱེད་པར་འགྱུར་ཞེ་ན། འདི་ལ་ལན་ནི། མེས་ནི་ལྷན་ཅིག་བྱེད་མེད་པའི། །གྲང་བས་གྲང་བ་གཞན་སྐྱེད་འགྱུར། །ལྷན་ཅིག་བྱེད་དང་ཕྲད་ན་ནི། །དེ་ནི་
གྲང་བའི་རྒྱུ་མ་ཡིན། །དེ་ནི་གྲང་བའི་རེག་པ་སྔ་མ་ནི་མེའི་ལྷན་ཅིག་བྱེད་པ་ཉེ་བའི་ཕྱིར་ཞན་པ་དང་ཆེས་ཞན་པ་ལ་སོགས་པའི་གྲང་བའི་རེག་པ་སྐྱེད་པར་བྱེད་པ་ནས་ཇི་སྲིད་དུ་གྲང་བའི་རེག་པ་གྲང་བ་གཞན་སྐྱེད་པར་བྱེད་པ་མ་ཡིན་པའི་བར་དུ་འགྱུར་བ་མ་ཡིན་ནོ། །དེ་རང་ཉིད་ལྡོག་པའི་ཕྱིར་དང་། ལྷན་ཅིག་བྱེད་པ་ཉིད་
ཀྱིས་གྲང་བའི་རྒྱུ་ནུས་པ་མེད་པ་སྐྱེད་ནས་རྒྱུ་མེད་པས་གཞན་ཡང་མི་སྐྱེ་བའི་ཕྱིར་ན་མེ་ནི་གྲང་བ་ཟློག་པར་བྱེད་པ་ཡིན་ནོ་ཞེས་ཐ་སྙད་བྱེད་པ་ཡིན་ནོ། །དེ་བྱས་པ་དེའི་རྒྱུ་མ་ཚང་བ་སྐྱེ་བའི་ཕྱིར་དེའི་སྔ་ན་མེད་པའི་མཚན་ཉིད་དེ་ལས་སྐྱེ་བ་མེད་པ་ཉིད་ནི་ལྡོག་པ་ཡིན་ནོ་ཞེས་ཐ་སྙད་དུ་བྱེད་དོ། །རྒྱུའི་བྱེད་པ་ནི་སྐྱེ་བ་ལ་འཇུག་
པ་ཡིན་གྱི་ལྡོག་པ་ལ་ནི་མ་ཡིན་ནོ། །ཡང་ན་གང་བའི་རང་བཞིན་འདི་ནི་རང་གི་རྒྱུ་ལས་ངེས་པ་ཡིན་གྱི། གང་གིས་མེ་ཉེ་ན་རང་གི་འབྲས་བུ་གྲང་བའི་སྐད་ཅིག་གཞན་མི་སྐྱེ་བ་སྟེ། དངོས་པོ་རྣམས་ཀྱིས་ནུས་པ་ནི་སོ་སོར་ངེས་པའི་ཕྱིར་རོ། །འགལ་བས་གཉིས་གཞི་གཅིག་ལ་ཇི་ལྟར་འཚོག་ཅེ་ན། དེ་ལྟར་ཡིན་པ་ཉིད་

ཀྱིས་འགལ་བ་ཡིན་ཏེ། གཞན་དུ་མི་འཐད་པའི་ཕྱིར་རོ། །སྐད་ཅིག་གཉིས་ནི་འགལ་བ་ཡང་མ་ཡིན་གྱི་འོན་ཀྱང་རྒྱུན་གཉིས་སོ། །མེ་ཉམས་སུ་མྱོང་ཡང་ད་རུང་གྲང་བ་དང་མ་བྲལ་ལོ་ཞེས་རིགས་པ་འདི་ནི་མཐོང་བ་ཡིན་ནོ། །མུན་པ་ཤིན་ཏུ་དངས་པ་མ་ཡིན་ནོ་ཞེས་བྱ་བ་ཡང་དེ་བཞིན་ནོ། །ཤིན་ཏུ་གསལ་བའི་སྣང་བ་
ཡོད་ན་སྐད་ཅིག་དེ་ཉིད་ལ་མེད་པར་འགྱུར་རོ་ཞེ་ན་མ་ཡིན་ཏེ། དེ་ལ་ཡང་དེ་དང་ལྷན་ཅིག་པའི་རྒྱུ་མུན་པ་སྐྱེད་པའི་ནུས་པ་མེད་པའི་ཕྱིར་སྣང་བ་ཉིད་སྐྱེ་བ་ཡིན་གྱི་མུན་པ་ནི་མ་ཡིན་ནོ། །དེ་ཉིད་ཀྱིས་ཞིག་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། དེའི་རང་བཞིན་གྱི་ངོ་བོས་སྐྱེས་པའི་ཕྱིར་ཏེ། རང་བཞིན་གང་གིས་སྐྱེས་པར་གྱུར། །དེ་
ཉིད་ཀྱིས་འཇིག་མ་ཡིན་ནོ། །རང་བཞིན་གང་དུ་དེ་མ་སྐྱེས། །དེ་ལྟར་ཡང་ནི་འཇིག་མ་ཡིན། །དེའི་ཕྱིར་དེ་ཉིད་ནི་བཤིག་པ་མ་ཡིན་ནོ། །གལ་ཏེ་མ་མཐོང་བ་ཉིད་ཞིག་པ་ཡིན་ལ། དེ་ཉིད་ཀྱང་ཕྱིས་མ་མཐོང་བ་དེས་ན་དེ་ཉིད་བཤིག་པ་ཡིན་ནོ་ཞེ་ན། ཞིག་པའི་གནས་སྐབས་སུ་མ་རྟོགས་པའི་ཕྱིར་ཇི་ལྟར་དེ་ཉིད་
ཅེས་རྟོགས། གང་གི་ཚེ་རྟོགས་པ་དེའི་ཚེ་ནི་མ་ཞིག་ལ་གང་གི་ཚེ་ཞིག་པ་དེའི་ཚེ་ཡང་ཞིག་པ་མ་ཡིན་ནོ། །གང་གི་ཕྱིར་མ་རྟོགས་པ་དེ་ཉིད་ཀྱིས་ན་དེ་ཞིག་པ་ཡིན་ཏེ། དེ་ལྟ་མ་ཡིན་ཏེ་རྟོགས་ན་ཞིག་པའི་དོན་གང་ཞིག་ཡིན་ཞེ་ན། གལ་ཏེ་མ་དམིགས་པ་ཞིག་པ་ཡིན་ན་ས་ཕྱོགས་ན་བུམ་པ་མི་དམིགས་པའི་ཕྱིར་དེ་ཡང་ཞིག་
པར་འགྱུར་རོ། །གང་ཞིག་སྔར་མཐོང་བ་མི་དམིགས་པ་དེ་ཞིག་པ་ཡིན་ནོ་ཞེ་ན། དེ་ཡང་སྔར་མཐོང་བ་ཁོ་ནའོ། །གང་དུ་མཐོང་བ་དེར་དེ་ཉིད་ཀྱི་ཚེ་མ་དམིགས་པ་ནི་ཞིག་པ་ཡིན་ནོ་ཞེ་ན། དེ་ཉིད་ཀྱི་ཚེ་དམིགས་ལ་དེ་ཉིད་ཀྱི་ཚེ་མ་དམིགས་ཞེས་བྱ་བ་འདི་འགལ་ལོ། །དེ་མ་ཐག་པའི་དུས་གཞན་དུ་མ་དམིགས་པ་ཡིན་ནོ་
ཞེ་ན། བར་དུ་མ་ཆོད་པའི་ཡུལ་གཞན་དུ་མ་དམིགས་པ་ཇི་ལྟར་ཞིག་པ་མ་ཡིན། དུས་གཞན་མ་མཐོང་བ་ཞིག་ཡིན་ན། དངོས་པོ་ཉིད་དུ་དྲན་པར་བྱེད་པ་ཡིན་ནོ། །དེའི་ཕྱིར་རྗེས་སུ་དཔག་པ་ནི་ཐ་སྙད་ཙམ་ཁོ་ན་སྒྲུབ་པར་བྱེད་པ་ཡིན་གྱི། གཞན་ནི་མ་ཡིན་ནོ། །གལ་ཏེ་འབྲས་བུའི་གཏན་ཚིགས་ལས་མེ་ལ་སོགས་པ་
དངོས་པོ་མ་གྲུབ་པ་ཉིད་སྒྲུབ་པར་བྱེད་པ་ཡིན་གྱི་ཐ་སྙད་ཙམ་ནི་མ་ཡིན་པ་མ་ཡིན་ནམ་ཞེ་ན། དེ་ཡང་མི་འཐད་དེ། གལ་ཏེ་དེ་ཡང་རྗེས་དཔག་གིས། །དངོས་པོ་རབ་ཏུ་སྒྲུབ་བྱེད་ན། །རྣམ་ཀུན་གྲུབ་འགྱུར་དེ་ཉིད་ལ། །ཚད་མས་གཞན་དག་འཇུག་མི་འགྱུར། །གལ་ཏེ་རྗེས་སུ་དཔག་པས་མེ་ལ་སོགས་པའི་དངོས་པོ་ཉིད་གྲུབ་ན། དེའི་

ཚེ་དེ་ལ་མེ་འདི་ཅི་འདྲ་བ་ཞིག་ཡིན་ཞེས་ནང་ཚན་གྱི་ཁྱད་པར་ཤེས་པར་འདོད་པ་ན། མངོན་སུམ་ལ་སོགས་པའི་ཚད་མ་གཞན་མི་འཇུག་པར་འགྱུར་ཏེ། རྗེས་སུ་དཔག་པ་ཉིད་ཀྱིས་དེའི་རྣམ་པ་ཐམས་ཅད་སྔར་གྲུབ་ཟིན་པའི་ཕྱིར་རོ། །གལ་ཏེ་སྲིད་པ་དང་། མི་སྲིད་པ་དང་། ཚད་མ་དང་འགལ་
བ་སྟེ་རྣམ་པ་གསུམ་ཡོད་པ་མ་ཡིན་ནམ། རུང་བའི་རྒྱུ་ལས་འབྲས་བུ་སྐྱེ་བ་ཞེས་བྱ་བ་ནི་སྲིད་པའོ། །རྒྱུ་མེད་ན་འབྲས་བུ་མི་སྐྱེའོ་ཞེས་བྱ་བ་ནི་མི་སྲིད་པའོ། །ཚད་མ་དང་འགལ་བ་ཡང་མེ་གྲང་ངོ་ཞེས་བྱ་བ་ལྟ་བུའོ། །དེ་ལ་མངོན་སུམ་གྱིས་རྣམ་པ་ཐམས་ཅད་འཛིན་པ་ཞེས་བྱ་བ་ནི་སྲིད་པ་ཡིན་ལ། རྗེས་སུ་དཔག་པས་འཛིན་
པ་ནི་མི་སྲིད་པ་དང་། ཚད་མ་དང་འགལ་བ་ཡིན་པའི་ཕྱིར་ཚད་མ་གཞན་འཇུག་གོ་ཞེ་ན། འདི་ནི་རྨོངས་པའི་སྤྱོད་པའི་ཚུལ་ཏེ། འདི་ལྟར། མི་སྲིད་པ་དང་འགལ་ན་ནི། །དངོས་པོ་འཛིན་པ་གང་ལས་ཡིན། །དངོས་པོ་འཛིན་པ་ཡིན་ན་ནི། །འདི་གཉིས་རིགས་པ་མ་ཡིན་ནོ། །གལ་ཏེ་རྣམ་པ་ཐམས་ཅད་འཛིན་པ་མི་
སྲིད་པའི་ཕྱིར་དང་། ཚད་མ་གཞན་འཇུག་པ་དང་འགལ་བའི་ཕྱིར་དེ་དང་ཐ་མི་དད་པའི་རྣམ་པ་འདོར་ན་ནི། དེའི་ཚེ་དངོས་པོ་འཛིན་པ་ཉིད་ཀྱང་མ་ཡིན་པར་འགྱུར་ཏེ། དེ་ཉིད་ཀྱི་ཚེ་དེ་ཉིད་བཟུང་བ་དང་མ་བཟུང་བར་ནི་མི་རིགས་སོ། །དེ་བཞིན་དུ་ཤེས་པ་གང་དེ་འཛིན་པའང་ཡིན་ལ་མི་འཛིན་པའང་ཡིན་ནོ་ཞེས་བྱ་བ་འདི་ཡང་མི་སྲིད་པ་
ཁོ་ནའོ། །ཅི་སྟེ་འདི་སྙམ་དུ། འཁྲུལ་ཕྱིར་རྟགས་ནི་རྣམ་པ་ཀུན། །འཛིན་པར་བྱེད་པའི་རྒྱུ་མ་ཡིན། །སྤྱི་ལ་འཁྲུལ་པ་མེད་པའི་ཕྱིར། །ཁྱད་པར་རབ་ཏུ་འགྲུབ་མི་འགྱུར། །གསལ་བ་ཐམས་ཅད་ཐུན་མོང་དུ་བཟུང་བའི་རྟགས་ནི་སོ་སོར་ངེས་པའི་གསལ་བ་ལ་མ་ངེས་པ་ཡིན་ནོ་སྙམ་ན། གལ་ཏེ་དེ་ལྟ་ན། གཏན་ཚིགས་
ཉིད་ནི་མ་ངེས་ཕྱིར། །རྟགས་ཀྱི་སྟོབས་ལས་ཁྱད་པར་ནི། །འཛིན་པ་སྲིད་པ་མ་ཡིན་ན། །ཇི་ལྟར་དངོས་པོ་འཛིན་པ་ཡིན། །འདི་ན་མེ་གང་ཡོད་ནི་མི་ཤེས་ཀྱི་སྔར་མེ་དུ་མ་མཐོང་བའི་རྗེས་སུ་འབྲངས་ནས། འདི་ན་མེ་འགའ་ཞིག་ཡོད་དོ་ཞེ་ན། མེ་ཙམ་འབའ་ཞིག་ཤེས་པ་འདི་ནི་རྟོགས་པ་ཁོ་ན་སྟེ། འོན་ཀྱང་དངོས་པོ་
དངོས་པོ་ལ་རེག་པ་ནི་མ་ཡིན་ནོ། །མངོན་སུམ་དུ་དངོས་པོ་ལ་རེག་ན་ཁྱད་པར་ལ་ཐེ་ཚོམ་ཟ་བར་ཇི་ལྟར་འགྱུར། ཐེ་ཚོམ་ཟ་ན་ཐོབ་པར་ཇི་ལྟར་འགྱུར་ཞེ་ན། ཐོབ་པ་ཡང་ཐེ་ཚོམ་དང་རྗེས་སུ་མཐུན་པ་ཉིད་དེ། རེས་འགའ་མི་འགའ་ཞིག་ཐོབ་པའི་ཕྱིར་རོ། །དེས་ན་འབྲས་བུའི་གཏན་ཚིགས་ལ་ཡང་། ཐ་སྙད་འབའ་ཞིག་སྒྲུབ་

པར་ཟད་ཀྱི། དངོས་པོ་ནི་མ་ཡིན་ནོ། །རང་བཞིན་གྱི་གཏན་ཚིགས་ལ་ནི་དངོས་པོ་མཐོང་བའི་ཕྱིར་ཐོབ་པར་འགྱུར་བ་ཡིན་ན། འབྲས་བུའི་གཏན་ཚིགས་ལ་དངོས་པོ་མ་མཐོང་བར་ཇི་ལྟར་ཐོབ་པར་འགྱུར་ཞེ་ན། དོན་ནི་མཐོང་བ་འབའ་ཞིག་ཉིད། །ཐོབ་མིན་ཀུན་ཚེ་ཡོད་པ་ལས། །དངོས་པོ་དེ་ཐོབ་འཁྲུལ་པས་ཀྱང་། །དེ་
དོན་གཉེར་རྣམས་འཇུག་པར་བྱེད། །སྐྲ་ཤད་ལ་སོགས་པ་དག་ལ་མཐོང་བ་ཡོད་པ། ཡུལ་གཞན་མ་མཐོང་ཅིས་མ་ཡིན། །དུས་གཞན་ཁྱབ་པ་མེད་ཅེ་ན། །ཡུལ་གཞན་ལ་ནི་ཇི་ལྟར་ཡོད། །གལ་ཏེ་ཡུལ་གཞན་དུ་ཁྱབ་པ་འགའ་ཡང་མི་སྲིད་པ་དེས་ན་དེ་ཉིད་མི་འཇིག་པ་ཡིན་ནོ་ཞེ་ན། དུས་གཞན་ལ་ཁྱབ་པ་
ཡང་མི་སྲིད་པས་དེ་ཡང་ཇི་ལྟར་ཞིག་པ་ཡིན། ཡུལ་གཞན་དུ་མ་དམིགས་ཀྱང་ཡུལ་གཞན་དུ་དམིགས་པ་མ་ཡིན་ནམ། ཇི་ལྟར་ཞིག་པ་ཡིན་ཞེ་ན། འོ་ན་ནི་ཡུལ་གཞན་དུ་དུས་གཞན་དུ་ཡང་དམིགས་པས་ཇི་ལྟར་ཞིག་པ་ཡིན། དུས་གཞན་དུ་མཐོང་ཟིན་པའི་ཕྱིར་རོ་ཞེ་ན། འདི་ནི་གཉི་ག་ལ་མཚུངས་སོ། །
དེའི་ཕྱིར། དངོས་གང་ཇི་ལྟར་མཐོང་བ་དེ། །དེ་ལྟ་ཉིད་ཡིན་གཞན་དུ་མིན། །སྔོན་པོ་ཉིད་དུ་མཐོང་བ་ཡི། །སྔོན་པོ་དཀར་པོར་ཡོད་མ་ཡིན། །དེས་ན་དེ་ཉིད་བཤིག་པ་ནི་མ་ཡིན་གྱི་འོན་ཀྱང་རྒྱུ་མེད་པར་གཞན་མི་སྐྱེ་བ་ཡིན་ནོ། །དེ་མ་མཐོང་བ་ན་དེ་ཞིག་གོ་ཞེས་བྱ་བ་ནི་མངོན་པའི་ང་རྒྱལ་ཙམ་དུ་ཟད་དོ། །དེས་ན་ལྷན་
ཅིག་མི་གནས་པའི་མཚན་ཉིད་ཀྱིས་འགལ་བ་ནི་ཡུལ་དེ་ལྟ་བུ་ལ་རྣམ་པར་འཇོག་པ་ཡིན་ནོ། །དོན་དམ་པར་ན་འགལ་བའི་ཡུལ་ནི་རྒྱུ་དང་འབྲས་བུ་ཉིད་ཡིན་ནོ། །ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཀྱིས་འགལ་བ་ཡང་དེ་ཁོ་ན་ལྟར་ཡིན་ནོ། །སྐད་ཅིག་སྐྱེད་པར་བྱེད་པ་དེ་ནི་རྟག་པ་སྐྱེད་པར་མི་ནུས་ཏེ་དེས་ན་རྟག་པ་མི་སྐྱེ་བ་
ཉིད་དོ། །ཇི་ལྟར་མི་རྟག་པ་ཉིད་རྟག་པ་དང་མ་འདྲེས་པ་དེ་བཞིན་དུ། སྔོན་པོ་ཉིད་ལ་སོགས་པ་ཡང་ཕན་ཚུན་དེ་བཞིན་ནོ། །འགལ་བ་འདི་གཉིས་ལ་དོན་དམ་པ་ནི་ཁྱད་པར་ཡོད་པ་མ་ཡིན་ནོ། །དེས་ན་འགལ་བ་ནི་ཕན་ཚུན་མི་མཐུན་པ་ཉིད་ཡིན་ནོ། །དེ་ཡང་དོན་གྱི་རང་བཞིན་ཉིད་ཡིན་ཏེ། དེ་ལྟ་མ་ཡིན་ན་ནི་རང་
བཞིན་མེད་པར་འགྱུར་བའི་ཕྱིར་རོ། །དེ་དག་གི་ཕན་ཚུན་མི་མཐུན་པའི་རང་བཞིན་དམིགས་པ་དེ་ཡང་གཞན་ལ་ལྟོས་ནས་མི་དམིགས་པ་ཉིད་ཡིན་པའི་ཕྱིར་རོ། །མེད་པའི་ཐ་སྙད་ཐམས་ཅད་ནི་མི་དམིགས་པ་ལས་ཡིན་ནོ། །དེས་ན་ཐམས་ཅད་དུ་སྦྱོར་བ་འབའ་ཞིག་ཐ་དད་པར་ཟད་ཀྱི་དོན་ལ་ཐ་དད་པ་མེད་དོ་ཞེས་བྱ་བ་ནི་རིགས་པར་བརྗོད་

པ་ཡིན་ནོ། །དབང་པོ་ལས་འདས་པ་རྣམས་ལ་ནི་འགལ་བ་དེ་མེད་པའི་ཕྱིར་མེད་པ་སྒྲུབ་པའི་འགལ་བ་དམིགས་པ་མེད་པ་ཡིན་ནོ། །མི་དམིགས་པ་ཙམ་གྱིས་ཀྱང་མ་ཡིན་ནོ། །མ་དམིགས་སོ་ཞེས་བྱ་བ་དེ་ཙམ་གྱིས་ནི་མེད་དོ་ཞེས་བྱ་བར་མི་འགྱུར་རོ། །གང་གིས་མཐོང་བ་ཡོད་པ་ལ་ཁྱབ་པ་
དེས་དེ་སྐད་དུ་སྨྲ་ན་ནི་མཛེས་པར་འགྱུར་རོ། །དེའི་ཚེ་ཡང་ཐམས་ཅད་མཁྱེན་པ་ནི་སྤངས་པ་མ་ཡིན་ཏེ་དེ་ཉིད་ཐམས་ཅད་མཁྱེན་པ་ཡིན་པའི་ཕྱིར་རོ། །འཇིག་རྟེན་ཕ་རོལ་ལ་སོགས་པ་ཐམས་ཅད་མཁྱེན་པས་དམིགས་པར་བྱ་བ་མ་ཡིན་ནོ་ཞེས་བྱ་བ་ཡང་མ་ཡིན་ཏེ་དེ་ལ་ཚད་མ་མེད་པའི་ཕྱིར་རོ། །བཟློག་པ་ལ་ནི་ཚད་མ་བཤད་ཟིན་
ཏོ། །དེའི་ཕྱིར། ཇི་ལྟར་དངོས་རྣམས་སྒྲུབ་པ་ན། །དངོས་པོ་རྣམས་ཀྱི་སྒྲུབ་བྱེད་འདོད། །དེ་བཞིན་དངོས་ཉིད་རང་ལྡོག་ན། །དངོས་རྣམས་ལྡོག་པར་བྱེད་པ་ཡིན། །ཇི་ལྟར་འབྲེལ་པའི་ཕྱིར་དངོས་པོ་ཉིད་དངོས་པོ་སྒྲུབ་པར་བྱེད་པ་ཡིན་གྱི་འབྲེལ་པ་མེད་པ་ནི་ཇི་ལྟར་ཡང་དངོས་པོའི་སྒྲུབ་པར་བྱེད་པ་མ་ཡིན་པ་དེ་བཞིན་དུ། དངོས་
པོ་ཉིད་རང་ལོག་ན་དངོས་པོའི་ལྡོག་པར་བྱེད་པ་ཡིན་ནོ། །འབྲེལ་པ་མེད་པར་ནི་དངོས་པོ་ལོག་ན་དངོས་པོ་གཞན་ལྡོག་པ་མ་ཡིན་ནོ། །དཔེར་ན། འབྲས་བུ་རྒྱུ་སྒྲུབ་པར་བྱེད་པའམ། ཁྱབ་པར་བྱ་བ་ཁྱབ་པར་བྱེད་པ་བསྒྲུབ་པ་དེ་བཞིན་དུ། རྒྱུ་མེད་པ་འབྲས་བུ་མེད་པ་དང་། ཁྱབ་བྱེད་མེད་པ་ཁྱབ་བྱ་མེད་པ་
ཡིན་ཏེ། དེ་ལྟ་མ་ཡིན་ན་ནི་འབྲེལ་པ་དེ་ཉིད་མེད་པར་འགྱུར་རོ། །འབྲེལ་པའི་ངོ་བོ་ནི་འདི་ཉིད་ཡིན་ཏེ། རྗེས་སུ་འགྲོ་བ་དང་ལྡོག་པ་གང་ཡིན་པ་སྟེ། གཞན་ནི་འབྲེལ་པ་ཡིན་ནོ། །འདིས་ནི་རྟོག་པས་སྦྱར་བའི་ཆོས། །ཕྱོགས་དང་མཐུན་པའི་ཕྱོགས་དག་ལས། །གང་རུང་ཉིད་སོགས་གསལ་ཡིན་ཏེ། ཅི་ཡང་
རུང་བ་སྲིད་ཕྱིར་རོ། །ཕྱོགས་དང་མཐུན་པའི་ཕྱོགས་ལས་གང་ཡང་རུང་བ་ཉིད་ནི། རྟག་པ་དང་མི་རྟག་པ་དག་ལ་གཅིག་དང་ཡང་འབྲེལ་པ་མ་ཡིན་ནོ། །ཕྱོགས་ནི་འདོད་པས་བྱས་པ་ཡིན་ལ་དེའི་རྗེས་སུ་འབྲང་བས་མཐུན་པའི་ཕྱོགས་གང་ཡིན་པ་སྟེ། དེ་ཡང་དེ་ལྟ་བུ་ཉིད་དོ། །དེས་ན་འདོད་པ་ཙམ་དང་རྗེས་སུ་འབྲེལ་པའི་
ཕྱིར་དངོས་པོ་གོ་བར་བྱེད་པ་མ་ཡིན་ནོ། །གཞན་དུ་འབྲེལ་པ་ནི་གཞན་གོ་བར་བྱེད་པ་མ་ཡིན་ཏེ་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །གང་གིས་དེ་མེད་པར་རྟོགས་པ་འགའ་ཞིག་ལས་ལྡོག་པར་བྱེད་པ་ཡང་མ་ཡིན་ནོ། །འདོད་པས་བྱས་པའི་ཕྱོགས་ཉིད་ནི་འབྲེལ་པ་ཉིད་ཡོད་པ་ཡིན་ཏེ། དེས་ན་ཕྱོགས་དང་མཐུན་པའི་

ཕྱོགས་གང་རུང་ཞིག་ཡིན་པའི་ཕྱིར་ཞེས་བྱ་བ་ནི་གོ་བར་བྱེད་པ་མ་ཡིན་ནོ། །དེ་བཞིན་དུ་མི་མཐུན་པའི་ཕྱོགས་མ་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ཡང་ཡིན་ནོ། །དེའི་ཕྱིར་བསྒྲུབ་པ་དང་འགོག་པ་ནི་འབྲེལ་པ་ཉིད་ལ་འགྲུབ་པ་ཡིན་ནོ། །དེ་ལའང་ཁྱབ་པར་བྱེད་པའི་ཆོས། །ཁྱབ་བྱ་ལྡོག་པའི་གོ་བྱེད་འདོད། །གལ་ཏེ་
རང་གི་ལྡོག་པ་ནི། །རྣམ་འགར་ཡོངས་སུ་བཅད་ནའོ། །ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །རང་བཞིན་མི་དམིགས་པ་ཡང་གོ་བར་བྱེད་པ་ཉིད་མ་ཡིན་ནམ་ཞེ་ན། དེ་ནི་མ་ཡིན་ཏེ། དེ་ལ་དོན་དམ་པར་ན་གོ་བྱ་གོ་བྱེད་མེད་དོ། །དམིགས་པའི་མཚན་ཉིད་དུ་གྱུར་པ་མ་དམིགས་པ་གང་ཡིན་པ་དེ་ཉིད་མེད་པ་ཡིན་
ནོ། །དེས་ན་གྲུབ་པ་དེས་ཁྱབ་པར་བྱ་བ་མེད་པར་སྒྲུབ་པར་བྱེད་པ་ཡིན་ནོ། །མེད་པ་ལ་ནི་དེ་ཉིད་ཀྱི། །ཚད་མེད་རྟགས་སུ་བརྗོད་གང་ཡིན། །དེ་ནི་ཤིན་ཏུ་རྨོངས་དོན་ཏེ། །གནག་རྫི་མོ་བར་གྲགས་ཕྱིར་རོ། །རང་བཞིན་མི་དམིགས་པ་ཞེས་བྱ་བ་འདི་ཉིད་དངོས་པོ་མེད་པ་ཡིན་པ་འདི་ནི་གནག་རྫི་དང་བུད་མེད་ཀྱི་བར་
ལ་གྲུབ་པ་ཡིན་ནོ། །འོན་ཀྱང་གྲངས་ཅན་བསྟན་བཅོས་ཀྱི་ལྟ་བས་རྨོངས་པ་རྟོགས་པར་བྱེད་པ་ཡིན་ཏེ། མེད་པའི་ཐ་སྙད་འདི་ནི་གཞན་དུ་ཡང་འདི་ཙམ་གྱིས་རྒྱུ་མཚན་ཅན་ཡིན་ཏེ། དེ་ལྟ་མ་ཡིན་ན། བདེ་བ་ལ་སོགས་པ་དང་སྐྱེས་བུ་ཐ་དད་པར་མི་འགྲུབ་བོ། །བསྟན་བཅོས་ཉིད་ལ་ཐ་དད་པར་གྲུབ་བོ་ཞེ་ན། མ་ཡིན་ཏེ།
ཐ་དད་པ་ནི་ཚད་མ་ལ་ལྟོས་པའི་ཕྱིར་རོ། །ཕན་ཚུན་ཐ་དད་པར་དམིགས་པ་མེད་པར་ནི། བསྟན་བཅོས་ཉིད་ཀྱང་ཕན་ཚུན་ཐ་དད་པར་མི་འགྲུབ་ལ། ཐ་དད་དུ་བྱ་བར་དམིགས་པ་དེ་ཉིད་ནི་གཞན་མི་དམིགས་པ་ཡིན་ནོ། །གསལ་བ་དང་མི་གསལ་བ་དག་ཀྱང་མི་དམིགས་པ་མེད་ན་ཐ་དད་པར་མི་འགྲུབ་བོ། །མི་དམིགས་པ་ནི་འདི་
ཙམ་ཞིག །མེད་ལ་ངེས་པའི་འབྲས་ཅན་ཡིན། །དེ་ཡང་སྣང་བར་འདོད་པ་ཡི། །རྒྱུའམ་རང་བཞིན་སྣང་མེད་ཉིད། །མི་དམིགས་པ་ནི་རྣམ་པ་གསུམ་ཁོ་ན་སྟེ། རྒྱུ་དང་ཁྱབ་པར་བྱེད་པ་ཡང་རང་བཞིན་མི་དམིགས་པའོ། །དེ་ཡང་རྒྱུ་ལ་སོགས་པ་དམིགས་པའི་མཚན་ཉིད་དུ་གྱུར་པ་མི་དམིགས་པ་ཁོ་ན་གོ་བར་བྱེད་པ་
ཡིན་ཏེ། གཞན་དང་རྣམ་པ་གཞན་དུ་ནི་མ་ཡིན་ནོ། །དེའི་ཕྱིར་འབྲས་བུ་དང་རང་བཞིན་དང་མི་དམིགས་པས་སྐྱེད་པའི་རྟགས་ཅན་གྱི་ཤེས་པ་བསྒྲུབ་པར་བྱ་བ་རྟོགས་པར་བྱེད་པ་ནི་སླུ་བ་མེད་པ་ཅན་ཡིན་ཏེ། དེས་ན་དེས་དངོས་པོ་ཉིད་དེ་ལྟར་གྲུབ་པའི་ཕྱིར། དངོས་པོའི་ཆོས་མ་ཡིན་པ་མ་ཡིན་ནོ། །གལ་ཏེ་ཁ་དོག་འདི་མི་རྟག་

པའོ་ཞེས་རང་གི་མཚན་ཉིད་ལ་མི་རྟག་པ་ཉིད་སྦྱོར་བ་མ་ཡིན་ནམ། དེས་ན་ཁ་དོག་སྤྱི་ལ་སྦྱོར་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་ཇི་ལྟར་ཞེ་ན། དེ་ནི་མ་ཡིན་ཏེ། རྗེས་སུ་དཔག་པས་མི་རྟག་སོགས། །འཛིན་པ་ལ་ནི་ཚུལ་འདིར་འདོད། །གཞན་དུ་གཟུང་བ་འཛིན་པའི་ཕྱིར། །ཚད་མ་ཉིད་དུ་འདོད་མ་ཡིན། །
རང་དང་སྤྱིའི་མཚན་ཉིད་བརྗོད་པར་བྱ་བ་མ་ཡིན་པ་དང་ཁ་དོག་ཉིད་དམ། མི་རྟག་པ་ལ་སོགས་པ་བཟུང་ནས་ཁ་དོག་ལ་སོགས་པ་མི་རྟག་པའོ་ཞེས་མི་རྟག་པ་ཉིད་དང་ཡིད་ཀྱིས་སྦྱོར་བར་སློབ་དཔོན་གྱིས་བཤད་པ་གང་ཡིན་པ་ལ། ཁ་དོག་སྤྱི་ལ་སྦྱོར་རོ་ཞེས་བྱ་བ་ལ་སོགས་པས་ཚུལ་འདི་བཤད་པ་ཡིན་ནོ། །ཁ་དོག་གི་སྤྱི་ལ་མི་རྟག་པ་ཉིད་
རྗེས་སུ་དཔག་པས་རྟོགས་ན་ཚད་མ་གཞན་ཡོད་པར་འགྱུར་རོ། །ཆོས་ཅན་སྤྱི་དེ་གང་གིས་རྟོགས། །རྗེས་སུ་དཔག་པས་རྟོགས་ན་ནི་དེ་ལ་ཡང་ཆོས་ཅན་གཞན་དགོས་པས་ཐུག་པ་མེད་པར་འགྱུར་རོ། །གང་གི་ཚེ་མངོན་སུམ་གྱི་དུས་ཕྱིས་འབྱུང་བ་རྟགས་ཅན་གྱི་ཤེས་པ་མ་ཡིན་པ་དེའི་ཚེ་ནི་ཚད་མ་གཞན་ཉིད་དུ་འགྱུར་ཏེ། རང་གི་
མཚན་ཉིད་དང་སྦྱོར་བའི་ཕྱིར་རོ་ཞེ་ན། གཉི་ག་ལ་ཡང་ལན། དེ་ལ་ནི་ཚད་མ་ཉིད་ཡོད་པ་མ་ཡིན་ཏེ། གཉི་གར་མངོན་སུམ་ཉིད་ཀྱིས་གྲུབ་པའི་ཕྱིར་དང་། སྤྱི་འཛིན་པའི་རྗེས་སུ་དཔག་པ་ནི་གཟུང་བ་འཛིན་པས་ཚད་མ་མ་ཡིན་པའི་ཕྱིར་རོ། །མི་རྟག་པ་ཉིད་མངོན་སུམ་གྱིས་ཇི་ལྟར་གྲུབ་ཅེ་ན། འདི་ལྟར། དངོས་ལས་མི་རྟག་
གཞན་དུ་མེད། །དེ་ཡང་དབང་པོ་ལས་སྔར་གྲུབ། །དུ་མའི་དངོས་དེ་བརྗོད་བྱ་མིན། །རྟོག་ལས་སྐྱེད་ཆོས་བརྗོད་བྱ་ཡིན། །མི་རྟག་པ་ཉིད་དམ་ཁ་དོག་ཉིད་ལ་སོགས་པ་དངོས་པོའི་རང་བཞིན་ལས་གཞན་ནི་མེད་ཀྱི་འོན་ཀྱང་དེ་འདྲ་བ་དེ་ནི་དངོས་པོའི་རང་བཞིན་ཁོ་ནའོ། །རྣམ་པར་རྟོག་པས་དེའི་ངོ་བོ་འཛིན་པར་མི་ནུས་པའི་ཕྱིར།
དེ་ཉིད་སྤྱིའི་ངོ་བོས་འགྱུར་བ་ཡིན་ནོ། །སྤྱི་ནི་འཛིན་པའི་བྱེད་པ་ཡིན་གྱི་གཞན་ནི་མེད་དོ། །འདི་སྔོན་པོ་ཞེས་མངོན་སུམ་ལ་སྣང་བའི་རང་བཞིན་ལས་གཞན་པ་ནི་རྗེས་སུ་དཔག་པ་ལ་འདི་ནི་སྔོན་པོའི་ཞེས་སྣང་བ་མེད་ཀྱི་དེ་ཉིད་དེ་ལྟར་ཐ་སྙད་བྱེད་པ་ཡིན་ནོ། །འོན་ཏེ། འདི་ནི་སྔར་གྱི་སྔོན་པོ་ཇི་ལྟ་བ་དེ་ལྟ་བུར་གྱུར་པ་ཉིད་དོ་ཞེས་སྔ་མ་དང་
ཕྱི་མའི་ཤེས་པས་མ་བཟུང་བའི་སྤྱི་ཉིད་འཛིན་པ་ཡིན་ནོ་ཞེ་ན། དེ་ནི་མི་རིགས་ཏེ། སྔ་མ་དང་ཕྱི་མའི་རང་བཞིན་ལས་ཐ་དད་པའི་སྤྱི་ནི་མ་དམིགས་ཀྱི་དེ་ཉིད་དེས་ཐ་སྙད་བྱེད་པ་ནི་སྤྱི་ཡིན་ལ། ཐ་སྙད་ཀྱི་རྟེན་ཀྱང་རང་གི་མཚན་ཉིད་དེ་ཁོ་ན་ཡིན་ནོ། །གལ་ཏེ་མི་རྟག་པ་ལ་སོགས་པའི་སྤྱི་རྣམས་ཕན་ཚུན་དང་། དེ་དང་ལྡན་པ་ལས་ཐ་དད་

པས་དུ་མ་ཉིད་ཡིན་ནམ་ཞེ་ན། འདི་ལ་བརྗོད་པ། རང་གི་མཚན་ཉིད་ཀྱི་བདག་ཉིད། དུ་མའི་དངོས་པོ་དེ་ནི་བརྗོད་པར་བྱ་བ་མ་ཡིན་ཏེ། ཐ་དད་པ་ནི་ཐོག་མ་མེད་པའི་བག་ཆགས་ཀྱི་མཐུ་ལས་བྱུང་བའི་རྣམ་པར་རྟོག་པ་ཙམ་གྱིས་སྦྱར་བ་ཡིན་ནོ། །རྣམ་པར་རྟོག་པ་ནི་ལྡོག་པ་ཐ་དད་པའི་ཕྱིར་རྗེས་སུ་འགྲོ་བ་དང་ལྡོག་པ་ཡོངས་སུ་
བརྟགས་པས་ཐ་དད་པར་ལྷག་པར་ཞེན་ནས་འཇུག་པའི་ཕྱིར་རོ། །སྤྱི་ཡི་རྟེན་ནི་གྲུབ་པ་ན། །སྤྱི་དེ་ཉིད་ནི་གྲུབ་པ་ཡིན། །དེ་མ་གྲུབ་ན་དེ་ལྟར་དེ། །རབ་ཏུ་གྲུབ་ཕྱིར་རྗེས་དཔོག་ཡིན། །སྤྱི་ནི་ཐ་སྙད་ཙམ་ཡིན་ལ། ཐ་སྙད་ཀྱང་ཐ་སྙད་ཀྱི་ཡུལ་རབ་ཏུ་གྲུབ་པ་ན། ངེས་པའམ། གཞི་མཐུན་པ་ཉིད་དུ་རབ་ཏུ་འགྲུབ་པར་འགྱུར་
རོ། །ཐ་སྙད་མ་གྲུབ་ན་ནི། རྒྱུ་མཚན་བསྟན་པས་ཐ་སྙད་བྱེད་པ་ཡིན་ཏེ། ཐ་སྙད་ཀྱི་རྒྱུ་མཚན་བརྗེད་པ་རྒྱུ་མཚན་དྲན་པའི་སྒོ་ནས་ཡུལ་གྱི་མ་ཡིན་པ་དེ་ལྟ་ན་ཡང་དེ་དོན་དུ་གཉེར་བ་ཉིད་ཀྱིས་འཇུག་པར་འགྱུར་བས། གང་དུ་ཡོད་པ་དེར་ནི་ཐོབ་པ་ཡིན་ལ་གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བར་གོར་མ་ཆག་གོ། །མངོན་སུམ་དུ་
གྱུར་པའི་རང་བཞིན་གྱི་གཏན་ཚིགས་དང་འབྲས་བུའི་གཏན་ཚིགས་ལ་དངོས་པོ་འཛིན་པ་ནི་ཡོད་པ་མ་ཡིན་ཏེ། ཐམས་ཅད་དུ་མ་བཟུང་བ་ཉིད་ཐོབ་པའི་ཕྱིར་རོ། །ཐོབ་པར་བྱ་བ་ནི་འབྱུང་བར་འགྱུར་བ་ཡིན་གྱི། དེའི་རང་གི་ངོ་བོ་ནི་མ་ཡིན་ན། དེ་ཇི་ལྟར་འཛིན། འབྱུང་བར་འགྱུར་བའི་རང་བཞིན་ཉིད་དུ་འཛིན་ཏོ་ཞེ་ན། མ་ཡིན་
ཏེ། དེ་ལྟར་མ་རྟོགས་པའི་ཕྱིར་རོ། །ཅི་སྟེ་འབྱུང་བར་འགྱུར་བའི་རང་བཞིན་དུ་རྟོགས་པ་དེ་ལྟ་ན་ཡང་གཞན་དུ་རྟོགས་པ་དེ་གཞན་དུ་སྐྱེ་བར་མི་འགྱུར་རོ། །གལ་ཏེ་སྤྱི་རྟོགས་པ་ཡིན་ནོ་ཞེ་ན། སྤྱི་རྟོགས་པ་ན་ཁྱད་པར་ཐོབ་པར་ཇི་ལྟར་འགྱུར། ཡོད་པའི་ཕྱིར་ཏེ། འདི་ལྟར་སྤྱི་ནི་དངོས་པོ་མེད་པར་མི་འགྱུར་བའི་ཕྱིར་རོ་ཞེ་ན། འོ་ན་
ནི་དུ་བ་ལ་སོགས་པའི་རྟགས་ཉིད་དངོས་པོ་མེད་ན་མི་འབྱུང་བ་ཡིན་པའི་ཕྱིར། དེ་ཉིད་ལས་ཡོད་པ་ཉིད་ཐོབ་པའི་ཕྱིར་སྤྱིས་ཅི་བྱ། སྤྱི་རྟོགས་པ་མེད་ན་ཇི་ལྟར་འཇུག་ཅེ་ན། རྟགས་རྟོགས་པ་ཉིད་ཀྱིས་འཇུག་པར་འགྱུར་རོ། །གཞན་རྟོགས་པས་གཞན་ལ་འཇུག་པར་ཇི་ལྟར་འགྱུར་ཞེ་ན། སྤྱི་ཡང་གཞན་ཡིན་པའི་ཕྱིར་ཉེས་པ་
མཚུངས་སོ། །གལ་ཏེ་སྤྱི་ནི་གཞན་ཁོ་ནར་གཅིག་ཏུ་ངེས་པ་མ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟ་ན་ནི། དོན་གྱི་སྤྱི་ནི་བཟུང་བ་ན། །དོན་དེ་ཉིད་ནི་གཟུང་བར་འགྱུར། །དེ་ལྟ་ཡིན་དང་ཐེ་ཚོམ་ནི། །མེད་འགྱུར་བཟུང་ལ་དེ་ཇི་ལྟར། །སྤྱིའི་ཚུལ་གྱིས་བཟུང་བ་ཡིན་གྱི་བྱེ་བྲག་གི་ཚུལ་གྱིས་ནི་མ་ཡིན་ནོ་ཞེ་ན། ཁྱད་པར་གྱི་རང་

བཞིན་ལ་ཇི་ལྟར་འཇུག་པར་འགྱུར། དེ་ཡང་བཟུང་བ་ཁོ་ནའོ་ཞེ་ན། ཅིའི་དོན་དུ་འཇུག་པར་བྱེད། ཐོབ་པའི་དོན་དུའོ་ཞེ་ན། ཐོབ་པ་དེ་ཡང་རང་གི་ངོ་བོ་རྟོགས་པ་ཁོ་ན་ཡིན་ན། གལ་ཏེ་དེ་ཡང་སྐྱེས་པར་འགྱུར་ན་འཇུག་པ་ལ་དོན་ཅི་ཞིག་ཡོད། ཚུལ་འགའ་ཞིག་གིས་ནི་རྟོགས་ལ་ཚུལ་འགའ་
ཞིག་གིས་ནི་མ་རྟོགས་ཤེ་ན། ཚུལ་གང་གིས་རྟོགས་པའི་ཚུལ་དེ་ནས་ནི་འཇུག་པ་མ་ཡིན་ཏེ། དོན་མེད་པའི་ཕྱིར་རོ། །གང་གིས་མ་རྟོགས་པ་དེ་ནས་ཀྱང་མ་ཡིན་ཏེ། མི་ནུས་པའི་ཕྱིར་རོ། །ཤེས་པ་ལ་ནི་ཐེ་ཚོམ་མི་ཟ་ལ། མ་ཤེས་པ་ལ་ཡང་མ་ཡིན་ཏེ། ཐེ་ཚོམ་ནི་གཉི་གའི་རང་བཞིན་ལ་རེག་པ་ཡིན་པའི་ཕྱིར་རོ། །
གལ་ཏེ་སྤྱི་དང་ཁྱད་པར་དག་ངོ་བོ་གཅིག་པའི་ཕྱིར་ཁྱད་པར་ལ་མ་རྟོགས་ཀྱང་འཇུག་གོ་ཞེ་ན། མ་ཡིན་ཏེ། ཡུལ་དུ་མ་བྱས་པར་མི་འཐད་པའི་ཕྱིར་རོ། །རྟོགས་པ་དང་མ་རྟོགས་པ་ནི་གཅིག་པ་ཉིད་མ་ཡིན་ནོ་ཞེས་ཀྱང་བསྟན་ཟིན་ཏོ། །ཤེས་པ་གཅིག་ཏུ་རྟོགས་པར་འགྱུར་གྱི་མ་ཤེས་པ་ནི་མ་ཡིན་ནོ། །འོན་ཏེ་ཡང་དུས་
གཞན་དུ་ཤེས་པར་འགྱུར་རོ་ཞེ་ན། དུས་གཞན་ལ་ནི་མངོན་སུམ་དང་རྗེས་སུ་དཔག་པ་མེད་དོ་ཞེས་བྱ་བ་འདི་ནི་བསྟན་ཟིན་ཏོ། །གལ་ཏེ་མི་རྟག་པ་ལ་སོགས་པ་དངོས་པོའི་བདག་ཉིད་ཐམས་ཅད་བཟུང་བ་མ་ཡིན་ནམ། རྗེས་སུ་དཔག་པར་བྱ་བ་ཇི་ལྟར་འགྱུར། ཐ་སྙད་དུ་བྱ་བ་ཉིད་དུའོ་སྙམ་ན། ཐ་སྙད་ཀྱི་བདག་ཉིད་ངེས་པ་དེ་
ཉིད་ཅི་སྟེ་མེད་ཅེ་ན། འདི་ནི་ལན་མ་ཡིན་ཏེ། འདི་ལྟར། འདྲ་བ་གཞན་ནི་ཡོད་པའི་ཕྱིར། །ལ་ལར་ཡོངས་སུ་མི་ཤེས་ཏེ། །འཁྲུལ་ཕྱིར་སྒོང་གི་ཐ་དད་བཞིན། །ཐ་དད་མཐོང་བ་མེད་ཕྱིར་རོ། །སྒོང་ལ་ཐ་དད་པར་མ་རྟོགས་པ་ནི་མ་ཡིན་མོད་ཀྱི། འོན་ཀྱང་འདྲ་བའི་ཕྱིར། དེ་ཉིད་འདི་ཡིན་ནོ་ཞེས་དེ་ལས་
གཞན་དུ་རྟོགས་པའི་ཕྱིར་ཐ་དད་པའི་ཐ་སྙད་མེད་པ་ཡིན་ནོ། །གལ་ཏེ་དེ་ཉིད་འདིའོ་སྙམ་དུ་རྟོགས་པ་འཁྲུལ་པ་ཡིན་དུ་ཟིན་ཀྱང་། མཐོང་བ་མ་འཁྲུལ་པ་ཉིད་མ་ཡིན་ནམ། ཇི་ལྟར་ཐ་དད་པ་མ་རྟོགས། ཅི་སྟེ་བསྒྲིབས་པའི་ཕྱིར་རྟོགས་སུ་ཟིན་ཀྱང་འབྲས་བུ་ལས་མ་རྟོགས་པ་ཉིད་ཡིན་ནོ་ཞེ་ན། བསྒྲིབས་པ་ཞེས་བྱ་བ་
ནི་ཡོད་པ་མ་ཡིན་ཏེ། རང་གི་ངོ་བོ་རིག་པ་དང་། མ་རིག་པ་དག་ཕན་ཚུན་སྤངས་ཏེ་གནས་པ་ཡིན་པའི་ཕྱིར་རོ། །ཡང་ན་གཉི་ག་ཕན་ཚུན་དུ་བསྒྲིབས་པར་འགྱུར་རོ། །ཕན་ཚུན་སྤངས་ཏེ་གནས་པའི་ཕྱིར། །གལ་ཏེ་བསྒྲིབས་པ་ཉིད་ཡིན་ན། །ཕན་ཚུན་སྤངས་ཏེ་གནས་པར་ནི། །མཚུངས་ཕྱིར་གཉི་ག་བསྒྲིབས་པར་

འགྱུར། །ཇི་ལྟར་རྣམ་པར་རྟོག་པ་རང་གི་ངོ་བོ་རིག་པའི་ཉམས་སུ་མྱོང་བ་ལས་ཐ་དད་པའི་ཕྱིར་ཉམས་སུ་མྱོང་བ་སྒྲིབ་པར་བྱེད་པ་ཡིན་པ་དེ་བཞིན་དུ་ཉམས་སུ་མྱོང་བ་ཡང་རྣམ་པར་རྟོག་པ་སྒྲིབ་པར་བྱེད་པར་འགྱུར་རོ། །འོན་ཏེ་སེམས་གཅིག་ལ་ཆགས་པ་ལ་བློ་ཐ་དད་པ་ཉིད་མི་སྐྱེ་བ་ཡིན་ན། དེ་ལྟ་ན་ཉམས་སུ་མྱོང་བ་ཉིད་
མེད་པའི་ཕྱིར་དེ་ལ་གགས་བྱས་པའི་དོན་ཅི་ཡིན་ཞེ་ན། འདིར་སྨྲས་པ། སྔར་གྱི་ཐ་དད་དངོས་པོ་དེ། །ཞིག་ཕྱིར་མཐོང་བ་མེད་པ་དང་། །རྟག་པར་ལྷག་པར་ཞེན་པའི་ཕྱིར། །རྟག་པ་ཉིད་དུ་སེམས་པ་ཡིན། །སྔར་གྱི་དངོས་པོ་དང་མཐོང་བ་ཡང་འདས་པ་ཡིན་ཏེ། དེ་ནི་ད་ལྟར་ཐ་སྙད་དུ་བྱ་བ་འབའ་ཞིག་ཏུ་ཟད་དོ། །ཐ་
སྙད་ཀྱང་རྟག་པ་ཉིད་དུ་བྱེད་དོ། །དེས་ན་མཐོང་བ་འདས་པ་དེས་འདི་ཇི་ལྟར་སྒྲིབ་པར་བྱེད། ཕྱིན་ཅི་ལོག་ཏུ་ངེས་པའི་ནི་དེའི་ཚེ་ཡོད་པ་ཡིན་ཏེ། དེས་ན་འཇིག་རྟེན་དེ་ཉིད་ཀྱི་ཐ་སྙད་དུ་བྱེད་པ་ཡིན་ནོ། །དེས་ན་དེ་དང་རྗེས་སུ་མཐུན་པའི་ཐ་སྙད་མེད་པ་གང་ཡིན་པ་འདི་ཉིད་དེ་བསྒྲིབས་པ་ཡིན་ནོ། །ཐ་དད་པ་གཞན་ཉེ་བར་མི་
མཚོན་པའི་ཕྱིར་རོ། །དེའི་ཕྱིར་སྒོང་བཞིན་དུ་སྐད་ཅིག་མ་གཉིས་པ་ལ་སོགས་པ་ཐ་དད་པ་ཉེ་བར་མི་མཚོན་པས་དེ་ཉིད་འདི་ཡིན་ནོ་ཞེས་ཐ་སྙད་དུ་བྱེད་དོ། །འདི་ལྟར་རྟགས་མེད་བྱིས་པར་གྱིས། །སྐྱེ་བོས་ཕྱིས་འབྱུང་བ་དང་ནི། །འབྲེལ་མེད་མར་མེ་ལ་སོགས་ཀྱིས། །འཇིག་པ་མཐོང་བས་ཡོངས་གཅོད་ཉིད། །
གལ་ཏེ་སྒོང་ལ་སོགས་པའི་ཐ་དད་པར་ནི་ཞིབ་མོ་དག་གིས་རྟོགས་པའི་ཕྱིར་གཟུང་བ་ཁོ་ན་ཡིན་གྱི་སྐད་ཅིག་མ་ཉིད་ནི་དེ་ལྟ་མ་ཡིན་ནོ་ཞེ་ན། དེ་ཡང་མི་བདེན་ཏེ། འདི་ལྟར། དེའི་གནས་སྐབས་མ་ཡིན་པ་དང་འཇིག་པ་དང་མི་རྟག་པ་ཞེས་ཐ་སྙད་བྱེད་པ་ཡིན་ནོ། །སྒྲོན་མ་ལ་སོགས་པ་ནི་དེའི་སྐབས་མ་ཡིན་གྱི། འོན་ཀྱང་
ཏིལ་མར་གཞན་དང་གཞན་གྱིས་བསྐྱེད་པ་ན། སྒྲོན་མ་གཞན་དང་གཞན་འབར་བ་ཡིན་ནོ། །དེ་ལྟ་མོད་ཀྱི་འདྲ་བ་འམ་ཚོགས་མཚུངས་པ་ལས་དེ་ཉིད་འདི་ཡིན་ནོ་ཞེས་ཐ་སྙད་ནི་བྱེད་པ་མ་ཡིན་ནོ། །གལ་ཏེ་མར་མེ་འབར་བའི་བཀོད་པ་འདི་ནི་གཅིག་ཉིད་ཀྱི་ཚེ་ཏིལ་མར་གྱིས་བསྐྱེད་པ་གཅིག་ཁོ་ན་ཡིན་ནོ་ཞེ་ན། དེ་ཡང་ཡང་
དག་པ་མ་ཡིན་ཏེ། འདི་ལྟར། གལ་ཏེ་དེ་ནི་དང་པོ་ཡི། །ཚོགས་པ་ཙམ་དུ་དུས་གཞན་དུ། །གནས་པར་སྐྱེས་ན་དེ་ལས་གཞན། །ཏིལ་སོགས་འབྲས་བུ་མེད་པར་འགྱུར། །ཏིལ་ལ་སོགས་པའི་ཚོགས་པ་དང་པོ་ཙམ་ལས་དུས་ཀྱི་ཚོགས་མཐའ་དག་ལ་ཁྱབ་པ་སྒྲོན་མ་ལ་སོགས་པ་སྐྱེ་ན་དེ་ལ་གཞན་སྒོང་བུ་དང་།

རས་བལ་དང་། ཏིལ་མར་དང་། མེ་དང་སྦྱོར་བའི་ཚོགས་པ་རྣམས་དོན་ཅུང་ཟད་རྒྱས་པར་བྱེད་པ་མ་ཡིན་ཏེ། གྲུབ་ཟིན་པས་ན་གཞན་ལ་རག་ལས་པ་མེད་པའི་རང་བཞིན་ཡིན་པའི་ཕྱིར་རོ། །ཅི་སྟེ་སྐྱེས་ཟིན་ཀྱང་དུས་གཞན་དུ་ཁྱབ་པ་ཉིད་ནི་ཏིལ་ལ་སོགས་པ་རྗེས་སུ་འཇུག་པ་ཁོ་ན་ཡིན་གྱི།
གཞན་དུ་ནི་མ་ཡིན་ནོ་ཞེ་ན་མ་ཡིན་ཏེ། དུས་གཞན་དུ་གནས་པ་ཉིད་དུ་སྐྱེས་ཟིན་པའི་ཕྱིར་རོ། །དུས་གཞན་དུ་མི་གནས་པ་ཡིན་ན་ནི་ཏིལ་མར་ལ་སོགས་པའི་ཚོགས་པས་ཕྱིས་ཅུང་ཟད་ཀྱང་བྱ་བར་མི་ནུས་པའི་ཕྱིར་དོན་མེད་པར་འགྱུར་རོ། །གཞན་སྐྱེད་ན་ནི་དེ་ཉིད་མི་རྟག་པ་ཡིན་ནོ། །དེ་བཞིན་དུ་གལ་ཏེ་སྐྱེས་པ་དེ་བདག་
ཉིད་ཐམས་ཅད་གཟུང་བར་བྱ་བ་ཡིན་ན་ནི། མིག་ལ་སོགས་པས་དེའི་བདག་ཉིད་ཐམས་ཅད་བཟུང་བའི་ཕྱིར་མིག་ལ་སོགས་པའི་རྗེས་སུ་འཇུག་པ་དོན་མེད་པ་ཁོ་ནའོ། །འོན་ཏེ་མཐོང་བ་གཞན་དང་གཞན་དག་གམ། དུས་གཞན་དུ་གནས་པའི་འཛིན་པས་དུས་གཞན་དུ་གནས་པ་ཉིད་དུ་འཛིན་པ་ཡིན་ནོ་ཞེ་ན། དེ་ལྟར་
གྱུར་ན་མཐོང་བ་གཞན་དང་གཞན་དག་རྣམ་པར་ཆད་པའི་ཕྱིར་གཅིག་གིས་ཀྱང་དུས་གཞན་དུ་གནས་པ་ཉིད་འཛིན་པར་མི་འགྱུར་རོ། །འཛིན་པ་དུས་གཞན་དུ་གནས་པ་ཅན་ཉིད་ཡིན་ན་ནི་ཅིག་ཅར་ཁོ་ན་དེ་ལྟར་བཟུང་བའི་ཕྱིར་མིག་ལ་སོགས་པ་རྗེས་སུ་འཇུག་པ་དོན་མེད་པ་ཞེས་བྱ་བ་དེ་ཉིད་དུ་འགྱུར་རོ། །དེའི་ཕྱིར་མཐོང་བས་ནི་སྔ་
མ་དང་ཕྱི་མའི་ངོ་བོ་ཅུང་ཟད་ཀྱང་མ་བཟུང་བའི་ཕྱིར་སྐད་ཅིག་ཙམ་ཁོ་ན་སྣང་བ་ཡིན་ནོ། །ཅི་སྟེ་ཡང་སྔ་ཕྱི་དང་བྲལ་བའི་དངོས་པོའི་རང་བཞིན་དེ་ཉིད་ཡུན་རིང་པོར་འགྱུར་བ་ཡིན་ནོ་ཞེ་ན། དེ་ནི་མི་བདེན་ཏེ། ཅིག་ཅར་མཐོང་ཡུན་རིང་གི་དུས། །ཡུན་རིང་དུས་ནི་ཅིག་ཅར་ཉིད། །མཐོང་ན་ཐམས་ཅད་དེ་བཞིན་འགྱུར། །མཐོང་
བ་རྗེས་འཇུག་ཁོ་ན་ཡིས། །དུས་རིང་རྟོགས་པར་བྱེད་པ་ཡིན། །ཇི་ལྟ་ཇི་ལྟར་མཐོང་བ་གཞན་དང་གཞན་རྒྱུན་དུ་སྐྱེ་བ་དེ་ལྟ་དེ་ལྟར་རིང་པོར་རྟོགས་པ་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ། །དུས་གཅིག་ཉིད་དུ་རྟོགས་པ་ནི་དུས་རིང་པོ་ཉིད་ཀྱིས་རིང་པོ་མ་ཡིན་ཏེ། དུས་རིང་པོར་ཅིག་ཅར་དུ་ནི་རིགས་པ་རྟོགས་པ་མ་ཡིན་ཏེ། མཐོང་
བ་ནི་སྐད་ཅིག་ཉིད་རྟོགས་པར་བྱེད་པ་ཡིན་ནོ། །གལ་ཏེ་མངོན་སུམ་གྱིས་རང་གི་ངོ་བོར་གྱུར་པ་སྐད་ཅིག་མ་ཉིད་དུ་ཡོངས་སུ་བཅད་ན། ཡོངས་སུ་བཅད་པ་ལ་ཡང་རྨོངས་པར་ཇི་ལྟར་འགྱུར་ཞེ་ན། འདི་ལ་འདི་སྐད་བརྗོད་དེ། ནུས་པ་དངོས་པོའི་རང་བཞིན་དུ། །གྱུར་ཀྱང་དེ་མ་ཐག་མེད་པས། །འབྲས་བུ་མཐོང་

བ་མེད་པའི་ཕྱིར། །རྨོངས་འགྱུར་ངེས་གསལ་མེད་ཕྱིར་རོ། །དཔེར་ན་འབྲས་བུ་དེ་མ་ཐག་ཏུ་མ་མཐོང་བ་དག་གིས་ནུས་པ་ཡོངས་སུ་བཅད་ཀྱང་ངེས་པར་མི་བྱེད་པ་བཞིན་ནོ། །དེ་ཉིད་བཟློག་པའི་ཆེད་དུ་ནི། །རྗེས་སུ་དཔག་པ་བརྗོད་པ་ཡིན། །བློ་གྲོས་ཆེན་པོས་མཐོང་ཉིད་པས། །རྣམ་པ་ཐམས་ཅད་ངེས་པར་བྱེད། །
གོམས་པ་དང་བྲལ་བ་རྣམས་དངོས་པོའི་རྣམ་པ་ཐམས་ཅད་མཐོང་ན་ཡང་རྨོངས་པ་དེས་ན་ངེས་པ་མེད་དོ། །དེའི་ཕྱིར་རྨོངས་པ་བཟློག་པའི་ཆེད་དུ་རྗེས་སུ་དཔག་པ་འཇུག་གོ། །གང་དག་ལ་གོམས་པ་གསལ་བ་ལ་སོགས་པ་ངེས་པའི་རྒྱུ་ཡོད་པ། བློ་ཆེན་པོ་ཅན་གྱི་རྒྱུད་དེ་དག་ནི་མཐོང་བ་ཉིད་ལས་ངེས་པ་དང་ལྡན་པར་
འགྱུར་བ་ཁོ་ན་ཡིན་ནོ། །དེས་ན་གང་ལ་རྨོངས་པ་མེད་པ་དེར་ནི་སྤྱིའི་རྟེན་གྲུབ་ན་སྤྱིའི་གྲུབ་པ་ཁོ་ན་ཡིན་ལ། གང་ལ་རྨོངས་པ་ཡོད་པ་དེར་ནི་རྗེས་སུ་དཔག་པ་ཡིན་པ་ནའོ། །འོ་ན་ནི་དངོས་པོ་གཅིག་ཡིན་པའི་ཕྱིར་དེའི་རྗེས་སུ་འབྲང་བའི་རྣམ་པར་རྟོག་པས་ཀྱང་ཆོས་དུ་མ་ཉིད་དུ་རྣམ་པར་འཇོག་པར་ཅི་ལྟར་འགྱུར་ཏེ་སྔོན་པོ་
ཉམས་སུ་མྱོང་བའི་རྗེས་སུ་འབྲང་བ་ནི་རྣམ་པར་རྟོག་པའི་སེར་པོའི་རང་བཞིན་དུ་ངེས་པ་མ་ཡིན་ནོ་ཞེ་ན། འདི་ལ་ལན་དུ། ཐམས་ཅད་ལ་ནི་ལྡོག་པ་ཡིས། །ཐ་དད་མེད་དོན་དེ་ལ་ནི། །ལྡོག་པའི་རྒྱུ་མཚན་ཅན་བློ་དང་། །ཇི་ལྟར་བརྡར་བཏགས་པ་ཡི་སྒྲ། །ཐ་དད་རྟེན་ཅན་བཞིན་འཇུག་འགྱུར། །འཁྲུལ་རྒྱུ་མེད་ན་དེ་
ཡིས་ནི། །ངོ་བོ་ཉིད་ཀྱིས་རང་དང་ནི། །རྗེས་སུ་མཐུན་པའི་བློ་སྐྱེད་བྱེད། །སྐྱེ་བ་ཅན་གྱི་འགྲོ་བ་ཐམས་ཅད་ནི་རིགས་མཐུན་པ་དང་། མི་མཐུན་པ་ལས་ལྡོག་པ་ལ་བརྟེན་པ་ཡིན་ནོ། །དེ་དག་ནི་གང་དང་གང་ལས་ལྡོག་པ་དེ་དང་དེ་ལས་ཐ་དད་པ་ལྡོག་པའི་མཚམས་ཐ་དད་པར་ཉེ་བར་བཏགས་པ། དེ་དང་དེ་ལ་བརྟེན་ནས་ཆོས་
ཐ་དད་པར་རྟོགས་པར་བྱེད་དོ། །གལ་ཏེ་དངོས་པོ་ཐམས་ཅད་ལས་ལྡོག་པ་ཅན་ཡིན་ན། ཇི་ལྟར་དུས་གཅིག་ཉིད་དུ་ལྡོག་པ་ཐམས་ཅད་མི་ངེས་ཤེ་ན། འཁྲུལ་པའི་རྒྱུ་མཚན་ཡོད་པའི་ཕྱིར་རོ་ཞེས་སྨྲའོ། །སྔར་མཐོང་བ་བརྗེད་པའི་ཕྱིར་ཏེ་སྔར་མཐོང་བ་ཇི་ལྟ་བ་བཞིན་ཡུལ་དུ་བྱེད་ན་ནི་ལྡོག་པ་ངེས་པར་མི་འགྱུར་བ་མ་ཡིན་
པའི་ཕྱིར་རོ། །འདི་ལྟར། ཉམས་མྱོང་ཇི་ལྟ་བ་བཞིན་དུ། །དྲན་སོགས་ངེས་ཡིན་གཞན་དུ་ནི། །གཅིག་ཏུ་ངེས་པའི་ཕྱིན་ཅི་ལོག །གཉིས་ཀར་ངེས་མེད་ཐེ་ཚོམ་ཡིན། །ཉམས་སུ་མྱོང་བ་ཇི་ལྟ་བ་བཞིན་དུ་དྲན་ན་ནི་ངེས་པ་མེད་པར་མི་འགྱུར་ཏེ། ཇི་ལྟ་བ་བཞིན་དུ་དྲན་པ་གང་ཡིན་པ་དེ་ཉིད་ངེས་པ་ཡིན་ནོ། །ཇི་ལྟ་བ་

བཞིན་དུ་དྲན་པ་ཡང་གོམས་པ་ལས་ཡིན་ཏེ། དེས་ན་གོམས་པ་དང་ལྡན་པ་རྣམས་ནི་མཐོང་བའི་དེ་མ་ཐག་ཁོ་ནར་ངེས་པར་བྱེད་ལ། དེ་ལྟ་མ་ཡིན་ན་ནི་མི་དྲན་པ་བཟློག་པའི་ཕྱིར་རྗེས་སུ་དཔོག་པ་ཡིན་ནོ་ཞེས་བྱ་བ་འདི་གནས་པ་ཡིན་ནོ། །གཞན་དག་སྨྲ་བ་ནི། ཡང་ན་འདིར་ཡང་མི་དམིགས་
པའི། །རྟགས་ལས་འཇིག་པ་འགྲུབ་པ་ཡིན། །དངོས་པོ་ཐམས་ཅད་ནི་སྐྱེ་བ་དང་འཇིག་པ་དང་རྗེས་སུ་འབྲེལ་པ་ཡིན་ནོ། །སྐྱེ་བ་ནི་མངོན་སུམ་དང་ཡོད་པ་བསྒྲུབ་པའི་རྗེས་སུ་དཔག་པས་བསྒྲུབ་པར་བྱ་བ་ཡིན་ནོ། །འཇིག་པ་ནི་དངོས་པོ་མེད་པ་ཡིན་པས། དེ་ནི་མི་དམིགས་པས་བསྒྲུབ་པར་བྱ་བ་ཡིན་ཏེ། དགག་པ་
གང་ཇི་སྙེད་པ་དེ་ཐམས་ཅད་ནི་མི་དམིགས་པས་བསྒྲུབ་པར་བྱ་བ་ཡིན་པས་དགག་པ་སྒྲུབ་པར་བྱེད་པའི་ཐབས་གཞན་ནི་ཡོད་པ་མ་ཡིན་ནོ། །གལ་ཏེ་མི་རྟག་པ་ནི་དངོས་པོའི་རང་བཞིན་དུ་གྱུར་པ་ཉིད་ཡིན་པས་ཡོད་པ་སྒྲུབ་པར་བྱེད་པའི་ཚད་མ་ཉིད་ཀྱིས་རྟོགས་པར་བྱེད་པ་མ་ཡིན་ནམ་ཞེ་ན། དེ་ནི་མ་ཡིན་ཏེ། རང་གི་ངོ་བོ་ཙམ་
ཉིད་ཀྱིས་ནི་མི་རྟག་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། སྔར་བྱུང་དངོས་པོ་མེད་གྱུར་པ། །མི་རྟག་ཅེས་ནི་བརྗོད་པ་ཡིན། །བྱུང་བ་མེད་པ་གང་ཡིན་པ་དེ་མི་རྟག་པ་ཡིན་གྱི་བྱུང་བ་ཙམ་གྱིས་ནི་མ་ཡིན་ནོ། །དངོས་པོ་མེད་པ་དེ་ནི་འདིར་ཡང་མི་དམིགས་པས་སྒྲུབ་པ་ཡིན་ནོ། །གལ་ཏེ་རྒོལ་བ་གཞན་གྱི་ལྟར་ན་མཐའ་གཉིས་ཆོད་
པ་དང་ལྡན་པའི་ཡོད་པ་ཉིད་མི་རྟག་པ་ཡིན་གྱི་དངོས་པོ་མེད་པའི་མཚན་ཉིད་ནི་མ་ཡིན་ནོ། །སྔ་མ་དང་ཕྱི་མའི་མཐའ་གཉིས་ཀྱི་མཐའ་ཉིད་དང་། ཡོད་པ་ཉིད་ནི་མི་དམིགས་པས་བསྒྲུབ་པར་བྱ་བ་མ་ཡིན་ན། དེས་ན་འདི་ཇི་ལྟར་ཞེ་ན། འདི་ལ་བཤད་པ། གང་གིས་མཐའ་གཉིས་ཆོད་ཡོད་པའམ། །འབྲེལ་པ་
བརྗོད་པའི་ངང་ཚུལ་ཅན། །མི་རྟག་ཉིད་ཀྱི་སྒྲ་ཡིན་པ། །དེས་མཐའ་དེ་དག་གང་ལ་བརྗོད། །རེ་ཞིག་ཡོད་པ་ཙམ་ནི་མི་རྟག་པ་མ་ཡིན་ཏེ། བདག་ལ་སོགས་པ་ཡང་མི་རྟག་པར་ཐལ་བའི་ཕྱིར་རོ། །གཟུགས་དང་ཚོར་བ་ལ་སོགས་པ་ལ་ཡང་ཁྱད་པར་མེད་པར་རོ། །གཟུགས་དང་ཚོར་བ་ལ་སོགས་པ་རྣམས་ཀྱི་ཡོད་པ་
མཐར་གྱུར་པ་གཉིས་ཀྱི་དབུས་སུ་གནས་པ་ནི་ཁྱད་པར་མེད་པར་མི་རྟག་པར་བརྗོད་པར་བྱ་བ་ཡིན་ནོ། །དངོས་པོ་མེད་པ་མ་རྟོགས་ནི་མེད་ན་ནི་མཐའ་གཉིས་ཉིད་འགའ་ཡང་ཡོད་པ་མ་ཡིན་ནོ། །དངོས་པོ་མེད་པ་དང་འབྲེལ་པ་ཡིན་ན་ནི་དངོས་པོ་མེད་པ་དེ་མི་དམིགས་པས་གཟུང་བ་ཡིན་གྱི་གཞན་ནི་མ་ཡིན་ནོ། །གལ་ཏེ་སྔ་

ཕྱིར་མེད་ཡིན་ན། །དེ་ཉིད་མི་རྟག་ཅིས་མ་ཡིན། །གལ་ཏེ་སྔ་ན་མེད་པ་དང་། །ཞིག་ནས་མེད་པའི་མཐའ་གཉིས་ཀྱིས་བཅད་པའི་ཡོད་པ་ཉིད་མི་རྟག་པ་ཡིན་ནོ་ཞེ་ན། དངོས་པོ་མེད་པ་དེ་ཉིད་མི་རྟག་པར་ཡིན་པར་ཅི་སྟེ་མི་འདོད། དྲུག་པ་སོགས་སྦྱོར་མི་རུང་ཕྱིར། །ཞེ་ན་མཐའ་ལ་དེ་ཇི་ལྟར། །གལ་ཏེ་བསམ་
པ་འདི་ཡིན་ཏེ། །གལ་ཏེ་མི་རྟག་པ་ཉིད་དངོས་པོ་མེད་པ་ཡིན་ན། དངོས་པོ་མེད་པ་དང་འབྲེལ་པ་མེད་པའི་ཕྱིར། དངོས་པོའི་མི་རྟག་པ་ཉིད་ཅེས་དྲུག་པ་ལ་སོགས་པའི་སྦྱོར་བ་མེད་པར་འགྱུར་རོ། །དངོས་པོ་དང་དངོས་པོ་མེད་པ་ལ་ནི་སྦྱོར་བ་དང་། འདུ་བའི་མཚན་ཉིད་ཀྱི་འབྲེལ་པ་མི་འཐད་པའི་ཕྱིར་རོ་ཞེ་ན། འདིར་
སྨྲས་པ། ཁྱད་པར་ཁྱད་པར་ཅན་ཉིད་ཀྱིས། །འབྲེལ་པ་གང་གིས་ཟློག་བྱེད་པ། །གལ་ཏེ་དེ་ཡང་མེད་ན་ནི། །འོ་ན་མཐའ་ལ་དེ་ཅི་ལྟར། །གལ་ཏེ་འདུ་བ་ལ་སོགས་པའི་འབྲེལ་པ་མེད་པས་ཁྱད་པར་དང་ཁྱད་པར་ཅན་གྱི་དངོས་པོ་ཡང་མི་འདོད་ན། འོ་ན་ནི་མཐའ་གཉིས་ཀྱི་ཡོད་པ་ཉིད་དམ་དངོས་པོ་དང་ཁྱད་པར་དང་
ཁྱད་པར་ཅན་གྱི་ངོ་བོའི་དྲུག་པ་ལ་སོགས་པའི་སྦྱོར་བ་དེ་ཇི་ལྟར་འཐད་པ་ཡིན། ཡོད་པ་ཉིད་ནི་མཐའི་མཚམས་ཅན་དང་དེའི་ཁྱད་པར་ཅན་ཡིན་ནོ་ཞེས་ཐ་དད་པར་བརྗོད་པ་ཡིན་ནོ། །ཡོད་ཉིད་དང་འབྲེལ་རྟག་པའི་ཕྱིར། །མཐའ་ཡིས་ཁྱད་པར་གྱུར་པ་མིན། །མཐའ་གཉིས་ཀྱིས་བཅད་པའི་ཡོད་པའམ། དེའི་འདུ་བའི་
མཚན་ཉིད་ཀྱིས་འབྲེལ་པ་མི་རྟག་པ་ཉིད་ཡིན་ནོ་ཞེས་སྨྲ་བ་ནི། གདོན་མི་ཟ་བར་ཡོད་པ་དང་འབྲེལ་པ་དག །མཐའ་གཉིས་ཀྱི་ཁྱད་པར་དུ་གྱུར་པར་ཁས་བླངས་པ་ཡིན་ན། དེ་ལྟར་ནི་མི་རིགས་ཏེ། གཉི་ག་རྟག་པར་ཁས་བླངས་པའི་ཕྱིར་རོ། །ཇི་ལྟར་ཡོད་པ་མཐའི་ཁྱད་པར་དང་ལྡན་པར་འགྱུར་ཞེ་ན། གལ་ཏེ་སྐྱེ་འཇིག་དང་
ལྡན་ནའོ་ཞེ་ན། ཅི་སྟེ་དངོས་པོ་གང་ལ་ཡོད་པ་ཉིད་དམ་འབྲེལ་པ་དེ་དག་ཡོད་པ་དེ་མཐའ་དག་གི་ཁྱད་པར་དུ་འགྱུར་རོ་ཞེ་ན། དེ་ལྟ་ན་ནི་འོ་ན་དེའི་ཁྱད་པར་ཅན་གྱི་དངོས་པོ་དེ་ཉིད་མི་རྟག་པ་ཡིན་པས་ཡོད་པས་ཅི་བྱ། ཐ་དད་པ་མེད་པས་དྲུག་པ་མི་རུང་བའི་ཕྱིར་རོ་ཞེ་ན། ཡོད་པ་ཉིད་ཀྱི་གནས་ཚུལ་ཞེས་བྱ་བ་ཅི་ལྟར་ཡིན། གཞན་
ཡང་དངོས་པོའི་མི་རྟག་པ་ཉིད་ཅེས་བྱ་བ་ནི་དངོས་པོའི་སྔ་ན་མེད་པ་དང་ཞིག་ནས་མེད་པ་གང་ཡིན་པ་དེ་དག་ཉིད་མི་རྟག་པ་ཡིན་ཏེ། དེས་ན་ཐ་དད་པའི་ཕྱིར་ཐ་དད་པའི་རྣམ་པར་དབྱེ་བར་འགྱུར་རོ། །ཅི་སྟེ་མཐའ་གཉིས་ནི་རྒྱུ་དང་འབྲས་བུ་དག་ཡིན་ཏེ། རྒྱུ་ཞེས་བྱ་བ་ནི་མཐའ་གཅིག་ཡིན་ལ། འབྲས་བུ་ཞེས་བྱ་བ་ནི་མཐའ་གཉིས་པ་

ཡིན་ནོ། །རྒྱུ་དང་འབྲས་བུ་དེ་དག་གི་ཡོད་པ་ཉིད་དམ་འབྲེལ་པ་ཁྱད་པར་དུ་བྱས་པ་ལ་ནི་མི་རིགས་པ་མེད་དོ། །རྒྱུ་དང་འབྲས་བུ་དག་ནི་དངོས་པོའི་འབྲེལ་པ་ནི་རྒྱུ་དང་འབྲས་བུའི་མཚན་ཉིད་ཡིན་ལ། ཡོད་པ་ཉིད་དང་དངོས་པོའི་འབྲེལ་པ་ནི་འདུ་བའི་མཚན་ཉིད་ཡིན་ནོ་ཞེ་ན། འདི་ལ་ལན་དུ། གལ་ཏེ་
རྒྱུ་འབྲས་མཐའ་ཡིན་ན། །ཁྱད་པར་མེད་པ་ཉིད་འགྱུར་ཏེ། །འབྲེལ་མེད་ཕྱིར་རོ་དེ་ཡིས་ནི། །དངོས་པོ་སྔར་མེད་འདོད་མིན་པས། །དེ་ལ་དེ་ཡི་ཁྱད་པར་ཅན། །བརྗོད་པ་དེ་ཡང་མི་འགྱུར་ཕྱིར། །གང་ཞིག་སྔ་ན་མེད་པ་དེ་ནི་རང་གི་རྒྱུ་དང་འབྲེལ་པར་འགྱུར་བ་ཡིན་ནོ། །དངོས་པོ་ནི་སྔ་ན་མེད་པ་དང་འབྲེལ་པར་ཁས་མ་བླངས་
སོ། །དེ་ཁས་ལེན་ཡང་སྔ་ན་མེད་པ་དང་ཞིག་ནས་མེད་པ་ཉིད་མི་རྟག་པ་ཡིན་པས་རང་གི་གཞུང་ཉམས་པ་དང་། ཕྱོགས་གཞན་ལ་བརྟེན་པར་ཡང་འགྱུར་རོ། །དེས་ན་དངོས་པོ་ནི་སྔ་ན་མེད་པ་དང་འབྲེལ་པ་མེད་པ་ཁོ་ནའོ། །བརྗོད་པའི་ཁྱད་པར་དེ་ནི་སྔ་ན་མེད་པའི་ཁྱད་པར་ཅན་ཡིན་ནོ། །དེ་མེད་ན་འདི་ནི་འབྲས་བུ་ཡིན་ནོ་
ཞེས་བྱ་བ་དེར་མི་འགྱུར་ལ། འབྲས་བུ་མེད་པའི་རྒྱུ་ཡང་ཡོད་པར་མི་འགྱུར་རོ། །ཡང་ན་རྣམ་པ་གཞན་གྱི་སྒོ་ནས་རྒྱུ་དང་འབྲས་བུ་མེད་པར་འགྱུར་ཏེ། འདི་ལྟར། ཡོད་པ་ཉིད་དང་རང་རྒྱུ་དང་། །འབྲེལ་བྱེད་ཕྱིར་ན་རྒྱུ་ཞེས་གྲག །ཡོད་ཉིད་དེ་དང་འབྲེལ་དེ་ཡང་། །རྟག་ན་འོ་ན་འདིར་འབྲས་གང་། །ཡོད་པ་ཉིད་དང་
འབྲེལ་པར་བྱེད་པ་དང་། རང་གི་རྒྱུ་དང་འབྲེལ་པར་བྱེད་པ་ནི་རྒྱུ་ཡིན་ནོ། །རང་གི་རྒྱུ་ནི་འདུ་བ་ཅན་གྱི་རྒྱུ་སྟེ། སྐྱེ་བ་ཅན་གྱི་དངོས་པོ་དག་ནི་ཕལ་ཆེར་འདུ་བ་ཅན་གྱི་རྒྱུ་དང་འདུ་བ་ཡིན་ནོ། །ཡོད་པ་ཉིད་དང་འབྲེལ་པ་ན་འབྲས་བུ་མ་ཡིན་ནོ། །དངོས་པོ་ཡང་ཡོད་པ་དང་འབྲེལ་པ་ཉིད་ཀྱིས་འབྲས་བུ་ཡིན་གྱི་གཞན་དུ་ནི་འབྲས་བུ་མ་ཡིན་
ནོ། །རང་གི་ངོ་བོ་ཁོ་ནས་འབྲས་བུ་ཡིན་ནོ་ཞེ་ན། གང་ཞིག་མེད་པ་དེ་བྱེད་ན། །དངོས་པོ་སྔར་མེད་ལྡན་མིན་ཏེ། །འབྲེལ་པ་ཁས་ལེན་མེད་ཕྱིར་རོ། །དེ་ཕྱིར་རིལ་འདི་རྟག་པར་འགྱུར། །སྔ་ན་མེད་པ་དང་འབྲེལ་པའི་དངོས་པོ་ནི་འགའ་ཡང་མེད་དོ། །གལ་ཏེ་དངོས་པོ་མེད་པའི་ཕྱིར་འབྲེལ་པ་མ་ཡིན་པ་དེ་ལྟ་ཡང་འདིར་
སྔར་མེད་པ་ཁོ་ན་ཡིན་ཏེ་དེས་ན་འབྲས་བུ་ཉིད་དུ་འགྱུར་བ་ཡིན་ནོ་ཞེ་ན། གང་ཞིག་མེད་པ་དང་འབྲེལ་པ་དེ་མེད་པར་འགྱུར་བ་མ་ཡིན་ནམ། དེ་ལྟ་མ་ཡིན་ན་ཐམས་ཅད་མེད་པ་ཉིད་དུ་འགྱུར་རོ། །དེས་ན་སྔ་ན་མེད་པ་དང་འབྲེལ་པ་ཡོད་པ་ཡིན་ནོ་ཞེས་བྱ་བར་འགྱུར་བ་ཡིན་ན་ཁས་ཀྱང་མ་བླངས་ཏེ། དེའི་ཕྱིར་འགྲོ་བ་རིལ་རྟག་པར་ཐལ་

ལོ། །འོན་ཏེ་ཅི་ལྟར་དངོས་པོ་མེད་པ་དང་འབྲེལ་པ་ཡིན་ཞེ་ན། དེ་ཕྱིར་མེད་དོན་སྒྲོ་འདོགས་པ། །བརྗོད་བྱ་ཐ་དད་ཅན་བློ་ནི། །ཐ་དད་མེད་དོན་མངོན་འདོད་ཅན། །སྒྲ་ལའང་ལྡོག་པའི་རྟེན་ཡིན་ནོ། །དོན་ཐ་དད་དམ་ཐ་མི་དད་ཀྱང་བླ་སྟེ། འབྲེལ་པ་ནི་ཐམས་ཅད་དུ་དེ་ལ་བློས་བཏགས་པ་འབའ་ཞིག་ཏུ་ཟད་དོ། །གལ་ཏེ་
དངོས་པོ་ལ་དངོས་པོ་ཐ་དད་པ་ཡིན་ན་ཅི་ཞིག་འབྲེལ་པ་ཐ་དད་པ་ཉིད་འབྲེལ་པ་ཡིན་ནོ་ཞེ་ན། གལ་ཏེ་ཐ་དད་དུ་ཆུག་མོད་དེ་ལ་འབྲེལ་པ་ཅི་ཞིག་ཡོད། ཐ་དད་པ་ནི་ཐམས་ཅད་ལ་ཐུན་མོང་ཡིན་པའི་ཕྱིར་མ་འབྲེལ་པ་མེད་པར་འགྱུར་རོ། །དེའི་བདག་དང་དེ་ལས་བྱུང་བའི་མཚན་ཉིད་དོ་ཞེ་ན། ཐ་དད་ཡིན་ན་ཅི་ཞིག་འབྲེལ། །ཐ་
དད་མེད་ན་རྒྱུ་འབྲས་གང་། །གཞན་ཞིག་ཡོད་པས་མ་འདྲེས་གཉིས། །ཅི་ལྟར་འདྲེ་བར་འགྱུར་བ་ཡིན། །ཐ་མི་དད་པ་ལ་ནི་འབྲེལ་པ་ཡོད་པ་མ་ཡིན་ཏེ། དེ་ནི་གཉིས་ལ་གནས་པ་ཡིན་པའི་ཕྱིར་རོ། །གལ་ཏེ་རྒྱུ་དང་འབྲས་བུའི་མཚན་ཉིད་མེད་མོད། དེའི་བདག་ཉིད་དུ་ཅི་ལྟར་མི་འགྱུར་ཞེ་ན། མ་ཡིན་ཏེ། དེ་ལ་
ནི་འབྲེལ་པའི་ཡུལ་ཉིད་བཏགས་པ་ཡིན་པའི་ཕྱིར་རོ། །དེ་ལ་ནི་འབྲེལ་པ་ཅན་བཏགས་པ་ཡིན་ཏེ། ཐ་དད་པ་ཉིད་ཡིན་ན་ནི། དེའི་བདག་ཉིད་ཀྱི་མཚན་ཉིད་ཀྱི་འབྲེལ་པ་མེད་དོ་ཞེས་བྱ་བ་འདི་གྲུབ་པ་ཡིན་ནོ། །གལ་ཏེ་རྒྱུ་དང་འབྲས་བུ་ཡིན་ནོ་ཞེ་ན། རྒྱུ་དང་འབྲས་བུ་ཞེས་བྱ་བ་ལ་འདི་ཅི་ཡིན། རྗེས་སུ་འགྲོ་བ་དང་ལྡོག་པ་
ཉིད་དོ་ཞེ་ན། མ་ཡིན་ཏེ། དེ་ནི་བཏགས་པ་ཡིན་པའི་ཕྱིར་ཏེ། མངོན་སུམ་གྱིས་མི་འཛིན་པའི་ཕྱིར་རོ། །དེའི་ཕྱིར་འདི་ཐམས་ཅད་ནི་རྣམ་པར་རྟོག་པས་སྤྲུལ་པ་ཙམ་ཡིན་གྱི་དོན་དམ་པར་ནི་མ་ཡིན་ནོ། །དེའི་ཕྱིར་རྣམ་པ་གཞན་མི་སྲིད་པས་ན་ཇི་ལྟར་རྣམ་པ་འགའ་ཞིག་ལྟར་བཏགས་པའི་འབྲེལ་པ་ལ་བརྟེན་ནས་ཐ་དད་པའི་རྣམ་
པར་དབྱེ་བ་འདི་འཇུག་པ་བཞིན་དུ། སྔ་ན་མེད་པ་ལ་སོགས་པ་དང་དངོས་པོ་ཡང་ཀུན་རྫོབ་ཏུ་འབྲེལ་པ་ཡིན་ཏེ། དོན་དམ་པར་ནི་འགའ་ཡང་གང་དང་ཡང་འབྲེལ་པ་མེད་དོ་ཞེས་བྱ་བ་འདི་ནི་ངེས་པ་ཡིན་ནོ། །དེས་ན་ཁ་དོག་གི་སྤྱི་ལ་སྦྱོར་བའི་གཞལ་བྱ་གཞན་ཡོད་པ་མ་ཡིན་པས་ཚད་མ་གཞན་ཡོད་པ་མ་ཡིན་ནོ། །ཡང་ནས་ཡང་དུ་ངོ་
ཤེས་པར་བྱེད་པ་ལ་ནི་ནུས་པ་གནས་པ་ཡང་ཡོད་པ་མ་ཡིན་ཏེ་དྲན་པ་ལ་སོགས་པ་བཞིན་ནོ། །ཡང་ངོ་ཤེས་པར་བྱེད་པ་ནི་དྲན་པ་ཉིད་ཡིན་ནོ། །དབང་པོའི་བྱེད་པ་ལ་བརྟེན་པའི་ཕྱིར་དང་། མི་སླུ་བའི་ཕྱིར་ཚད་མ་ཉིད་མ་ཡིན་ནམ། ངོ་ཤེས་པ་ཚད་མ་མ་ཡིན་པར་ནི་ཇི་ལྟར་འགྱུར་ཞེ་ན་མ་ཡིན་ཏེ། དབང་པོའི་བྱ་བ་ནི་ཉེ་བ་ཙམ་གྱི་ཡུལ་

ཅན་ཡིན་པའི་ཕྱིར་རོ། །གལ་ཏེ་ཉེ་བ་ཙམ་གྱི་ཡུལ་ཅན་ཡིན་ན་ཅི་ལྟར་དེ་ཉིད་འདི་ཡིན་ནོ་ཞེས་བྱ་བས་འཇུག་ཅན། དེ་ལྟ་ནི་མ་ཡིན་ཏེ། འདི་ལྟར། དེ་འདིའོ་ཞེས་བྱ་ཙམ་གྱིས་ནི། །གང་དུའང་རྟོགས་ལྡན་འཇུག་པ་མིན། །དེ་ནི་ཕན་འབྲས་ཐོབ་པ་ཡི། །རྒྱུ་ཡིན་སྙམ་པ་ཉིད་ཀྱིས་འཇུག །
གལ་ཏེ་དེ་ཉིད་འདི་ཡིན་པ་དེ་ལྟ་ན་ཡང་འཇུག་པའི་ཡུལ་དུ་འགྱུར་བ་ནི་མ་ཡིན་ཏེ། རྟོགས་པ་དང་ལྡན་པ་རྣམས་ཀྱི་འཇུག་པའི་ཡུལ་ནི་དོན་བྱ་བ་སྒྲུབ་པར་བྱེད་པ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱིས་དེ་དོན་བྱ་བ་སྒྲུབ་པར་བྱེད་པ་ཡང་མ་ཡིན་ཏེ། རང་གི་རྒྱུ་ལ་རག་ལས་པའི་ནུས་པ་ཅན་གྱི་དངོས་པོ་རྣམས་ནི་དོན་བྱ་བ་དེའང་གཞན་བྱེད་པ་ཡིན་གྱི་
གཅིག་ཉིད་ལ་བརྟེན་པས་ནི་མ་ཡིན་ནོ། །དོན་བྱེད་པའི་འབྲེལ་པ་ནི་མངོན་སུམ་གྱི་ཡུལ་ནི་མ་ཡིན་ཏེ། སྔོན་མཐོང་བ་ཉིད་དྲན་པའི་ཕྱིར་རོ། །དེའི་དོན་བྱ་བ་བྱེད་པ་ཉིད་ཀྱིས་ཀྱང་དེ་ཉིད་འདིར་ཡིན་ནོ་ཞེས་ཤེས་པའི་ཡུལ་དུ་འགྱུར་བ་ཡིན་གྱི། རང་གི་ངོ་བོས་ནི་མ་ཡིན་ནོ། །སྔོན་མཐོང་བ་ཉིད་དུ་འཛིན་པ་ནི་དྲན་པ་ཡིན་ལ། འདི་ལ་
སྦྱོར་བ་ནི་རྗེས་སུ་དཔག་པ་ཡིན་ནོ། །དེའི་དོན་བྱེད་པར་རུང་བ་ནི་འདི་ལ་ཡང་ཡོད་པ་ཡིན་ཏེ། དེས་ན་ཐ་དད་པར་ཉེ་བར་བཏགས་པས་གཅིག་ཉིད་ཀྱི་ཐ་སྙད་བྱེད་དོ། །མི་སླུ་བ་ཡང་གཅིག་གི་ཡུལ་ཅན་ནི་མ་ཡིན་ཏེ། དུ་མ་ཉིད་ཡིན་ཡང་དོན་བྱ་བ་ཐོབ་པའི་ཕྱིར་རོ། །བགྲོད་པར་བྱ་བ་མ་ཡིན་པར་བགྲོད་པ་ལ་སོགས་པ་ནི་དེ་ལས་རབ་ཏུ་སྐྱེས་
པའི་ཕྱིར་རྒྱུན་ལ་ལྟོས་པ་ཡིན་ནོ། །དེས་ན་མངོན་སུམ་ནི་སྤྱིའི་ཡུལ་ཅན་མ་ཡིན་ལ། རྗེས་སུ་དཔག་པ་ཡང་ཁྱད་པར་གྱི་ཡུལ་ཅན་མ་ཡིན་ནོ། །གལ་ཏེ་ཁྱད་པར་མཐོང་བའི་རྗེས་སུ་དཔག་པ་ཁྱད་པར་ཁོ་ན་ངོ་ཤེས་པར་བྱེད་པ་མ་ཡིན་ནམ་ཞེ་ན། དེ་ཡང་མི་རིགས་ཏེ། སྐད་ཅིག་སོ་སོར་ཐ་དད་ཕྱིར། །ཁྱད་པར་ངོ་ཤེས་མ་
ཡིན་ནོ། །མཐོང་དང་མཚུངས་པར་དེ་འཛིན་ཕྱིར། །ཁྱད་པར་ཡུལ་ཅན་ཉིད་ཀྱང་མིན། །གང་གི་ཚེ་མེ་མཐོང་ནས་སོང་སྟེ་ཆོད་པའི་ཚེ་ཡང་དུ་བ་ལས་ངེས་པར་བྱེད་པ་དེའི་ཚེ། ཁྱད་པར་དེ་ཉིད་དུས་གཞན་དུ་ངོ་ཤེས་པར་བྱེད་པ་ནི་མ་ཡིན་ཏེ། ཐ་དད་པ་གཞན་དང་གཞན་ཡིན་པའི་ཕྱིར་རོ། །ཐ་དད་པར་གྱུར་པ་ལ་གཅིག་ཏུ་ལྷག་
པར་ཞེན་པས་རྟོགས་པ་ནི་སྤྱི་ཡུལ་དུ་བྱེད་པ་ཡིན་ནོ། །འོ་ན་གང་ལ་འགྱུར་བ་མེད་པའི་ཕྱིར་ཐ་དད་པ་མི་སྲིད་པ། དོན་གྱི་བདག་ཉིད་བརྟེན་པ་ཡིན་པ་དེ་ལ་ནི་ཁྱད་པར་དེ་ཉིད་ངོ་ཤེས་པ་ཡིན་ནོ་ཞེ་ན། འདི་ཅི་ལྟར་རྟོགས་པར་བྱ་སྟེ། མི་སྣང་བ་ནི་འགྱུར་བ་མེད་པ་ཡིན་ནོ་ཞེས་ངེས་པ་ནི་ཡོད་པ་མ་ཡིན་ནོ། །ཅི་སྟེ་གཞན་དུ་ཡང་དེ་

ལྟ་བུ་ཉིད་དུ་མཐོང་ངོ་ཞེ་ན། དེ་ལྟ་ན་ནི་མཐོང་བའི་གསལ་བ་གཞན་དང་ཆོས་མཐུན་པར་རྟོགས་པའི་ཕྱིར་ཁྱད་པར་གྱི་ཡུལ་ཅན་མ་ཡིན་ནོ། །གལ་ཏེ་དེ་ཉིད་དཔེ་ཡིན་པ། །ཕྱིར་ན་སྤྱི་འཛིན་མིན་ཞེ་ན། །དཔེ་ཉིད་ཡིན་ཕྱིར་གྲུབ་དེ་ལ། །ཚད་མ་གཞན་གྱིས་ཅི་ཞིག་བྱ། །གལ་ཏེ་སྔར་མངོན་སུམ་གྱིས་གྲུབ་པའི་ཕྱིར་དེ་ཉིད་དང་དཔེ་
ཡིན་ནོ་ཞེ་ན། དེ་ལྟ་ཡིན་ན་ནི་སྔར་གྱི་མངོན་སུམ་ཉིད་ཀྱིས་བཟུང་བའི་ཕྱིར་འདི་རྗེས་སུ་དཔག་པའི་ཚད་མ་གཞན་ཅི་དགོས། གལ་ཏེ་ཁྱད་པར་ལྟ་བར་བྱེད་པའི་མངོན་སུམ་སྔ་མ་དེ་ཉིད་ཀྱིས་རྗེས་སུ་དཔག་པའི་དུས་སུ་འགྱུར་བའི་ཡོད་པ་བཟུང་བ་ཡིན་ནོ། །དེ་ཉིད་ཀྱིས་བསྒྲུབ་པར་བྱ་བའི་ཕྱིར་རྗེས་སུ་དཔག་པས་ཅི་ཞིག་བྱ། རྗེས་
སུ་དཔག་པ་ནི་མངོན་སུམ་གྱི་ཡུལ་མ་ཡིན་པ་ལ་འཇུག་པར་འདོད་ཀྱི་དེ་ཉིད་ལ་ནི་མ་ཡིན་ནོ། །གལ་ཏེ་དེ་ཉིད་ཀྱི་ཕྱིར་ཁྱད་པར་མཐོང་བ་ཡིན་ནོ་ཞེ་ན། ཁྱད་པར་མཐོང་བ་ཡིན་ན་ནི་ཚད་མར་མི་འགྱུར་རོ། །ཅི་སྟེ་མཐོང་བས་ནི་དུས་མཉམ་དུ་བྱུང་བའི་དོན་འཛིན་གྱི་གཞན་ནི་མ་ཡིན་ནོ། །དེས་ན་འབྱུང་བར་འགྱུར་བ་ལ་འཇུག་པའི་
རྗེས་སུ་དཔག་པའི་ཚད་མ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟར་ཡིན་ན་ནི་གང་གིས་རང་བཞིན་སྔར་ཤེས་པ་དཔེ་ཡང་གཞན་ཡིན་ལ། དུས་ཕྱིས་རྗེས་སུ་དཔག་པས་རྟོགས་པའི་དོན་གང་ཡིན་པ་ཡང་གཞན་ཁོ་ནར་འགྱུར་རོ། །འོན་ཏེ་དེ་ནི་བཟུང་བ་ཁོ་ན་ཡིན་མོད་ཀྱི་འོན་ཀྱང་བརྗེད་པ་དེའི་ཕྱིར་འདི་ལ་སྐྱོན་མེད་དོ་ཞེ་ན། བཤད་པ། གལ་
ཏེ་བརྗེད་ཕྱིར་སྐྱོན་མེད་ན། །དེ་ཉིད་ཕྱིར་ན་དཔེ་མ་ཡིན། །གལ་ཏེ་བརྗེད་པ་དེ་ཕྱིས་ཡང་གཏན་ཚིགས་ཀྱི་སྒོ་ནས་ཅི་ལྟ་བ་བཞིན་དུ་དྲན་པར་བྱེད་པ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་དོན་མེད་པ་མ་ཡིན་ནོ་ཞེ་ན། འོ་ན་ནི་བརྗེད་པ་ཇི་ལྟར་དཔེ་ཉིད་ཡིན། དཔེའི་སྒོ་ནས་ནི་སྒྲུབ་པར་བྱེད་པ་འཇུག་པ་ཡིན་ན། གལ་ཏེ་དེ་བརྗེད་ན་དཔེར་ཇི་ལྟར་
འགྱུར། གལ་ཏེ་རྟགས་ཀྱི་སྔོན་རོལ་དུ་མ་ཚང་བ་མེད་པར་དཔེ་ཉིད་དུ་དྲན་པ་ཡིན་ན། དེའི་ཚེ་དེ་ལ་རྟགས་གཞན་གྱིས་ཅི་བྱ། དེ་ཉིད་ཡང་ནས་ཡང་དུ་དྲན་པར་བྱེད་དོ་ཞེ་ན། ཐུག་པ་མེད་པར་འགྱུར་རོ། འོན་ཏེ་དེའི་ཚེ་བརྗེད་ན་ནི་དཔེ་ཉིད་མ་ཡིན་ནོ། །ཅི་སྟེ་དུ་བ་གློ་བུར་བ་ལས་མེ་རྟོགས་བཞིན་དུ་དཔེ་མེད་པ་ཁོ་ནར་བརྗོད་
པ་དེ་རྟགས་ལས་རྟོགས་པར་བྱེད་པ་ཡིན་པ་དེའི་ཚེ་ནི། དུས་ཀྱི་ཆ་མ་ཚང་བ་མེད་པ་ལ་ཁྱབ་པ་དེ་སྔར་གྱི་མངོན་སུམ་ཉིད་ཀྱིས་བཟུང་བའི་ཕྱིར་ཁྱད་པར་རྟོགས་པ་མེད་པས་ཇི་ལྟར་ཚད་མ་ཉིད་ཡིན། དྲན་པ་ཡོད་ན་དེ་ལ་ཐ་སྙད་བྱེད་པའི་ཕྱིར་ཏེ། འདི་ལྟར་རང་བཞིན་གྱི་གཏན་ཚིགས་ཀྱི་བདག་ཉིད་ཐམས་ཅད་བཟུང་ཟིན་པ་ཉིད་ཇི་ལྟ་བ་

བཞིན་དུ་ཐ་སྙད་དུ་བྱེད་པ་ན་ཚད་མ་ཉིད་ཡིན་པ་བཞིན་ནོ་ཞེ་ན། མ་ཡིན་ཏེ། དེ་ལ་ནི་མཐོང་བ་གཞན་དང་ཆོས་མཚུངས་པ་ཉིད་ཀྱིས་ཐ་སྙད་དུ་བྱར་རུང་བ་བསྒྲུབ་པའི་ཕྱིར་རོ། །འདིར་ནི་དེ་ལྟ་མ་ཡིན་ཏེ་སྔོན་དེ་འདྲ་བ་མེད་པའི་ཕྱིར་ཏེ། གོམས་པས་བསྐྱེད་པ་མ་ཡིན་པའི་ཕྱིར་རོ། །འདི་ནི་མཐོང་བ་ཡིན་ནོ་ཞེས་
བྱ་བ་ཡང་མ་འབྲེལ་པ་སྟེ། རྣམ་པ་གཞན་དུ་འགྱུར་བ་སྲིད་པའི་ཕྱིར་རོ། །འདི་ནི་བཟུང་བ་ཉིད་དྲན་པ་ཡིན་ནོ་ཞེས་མ་གྲུབ་སྟེ། མ་བཟུང་བ་ཉིད་ཡིན་པའི་ཕྱིར་རོ། །མངོན་སུམ་གྱི་ཚད་མས་ནི་རང་གི་དུས་ན་གནས་པའི་རང་བཞིན་འཛིན་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་འཆི་བའི་མཐའ་དང་བཅས་པར་བཟུང་བའི་ཕྱིར་ནི་དེ་ཉིད་ཀྱི་ཚ་
འཆི་བར་འགྱུར་རོ། །རྗེས་སུ་འཇུག་པ་ཉིད་ཀྱིས་འཆི་བའི་མཐར་ཐུག་པ་དང་ལྡན་པར་འཛིན་ཏེ། མངོན་སུམ་རིང་པོས་རིང་པོ་འཛིན། །རིང་མིན་པས་ནི་ཅིག་ཤོས་འཛིན། །དེ་ཉིད་ཚེ་ན་འཆི་བ་ཡི། །མཐའ་དང་ལྡན་པར་དེ་མི་འཛིན། །གལ་ཏེ་རྗེས་སུ་མི་འཇུག་པ་ཡིན་ན་དེ་ལྟ་ན་ནི་དེས་དུས་གཞན་ཁྱབ་པ་འཛིན་པར་མི་
འགྱུར་རོ། །དེས་ན་ཁྱད་པར་མཐོང་བའི་རྗེས་སུ་དཔག་པ་བཟུང་བ་ཉིད་ལ་འཇུག་པར་ཇི་ལྟར་འགྱུར་ཞིང་། ཇི་ལྟར་ན་དེ་ཉིད་དཔེ་ཡིན་པའི་ཕྱིར་སྤྱི་འཛིན་པ་མ་ཡིན། ཅི་སྟེ་དུས་གཞན་དང་འབྲེལ་པར་མཐོང་བ་ཡིན་ན། དུས་གཞན་དག་ཏུ་གཞན་སྐྱེས་པ་གང་ཡིན་པ་དེ་ལ་དེའི་དངོས་པོ་གྲུབ་པའི་ཕྱིར་འདིས་ཁྱད་པར་མཐོང་བའི་ཕྱིར་
མཐོང་བ་ཁོ་ན་ཡིན་ནོ་ཞེ་ན། འདི་ལ་བརྗོད་པ། གལ་ཏེ་མཐོང་ན་དེ་དངོས་ནི། །ཚད་མས་གྲུབ་ན་དངོས་གཞན་ལ། །དེ་ཉིད་སྒྲོ་འདོགས་ཕྱིན་ཅི་ལོག །དེས་གྲུབ་ཚད་ཅན་ཉིད་མ་ཡིན། །གལ་ཏེ་མཐོང་བ་གཞན་ཡིན་ཡང་། །ཕྱིས་དུས་གཞན་གྱི་ཚེ་དེ་ཉིད་འདི་ཡིན་ནོ་ཞེས་བསྒྲུབ་པར་བྱ་བ་ཡིན་ཞེས་ལེན་ཏོ་ཞེ་ན། འོ་ན་ནི་དེ་མ་ཡིན་
པ་ལ་དེར་སྒྲོ་འདོགས་པ་དེ་ངེས་པར་ཕྱིན་ཅི་ལོག་ཡིན་ཏེ་གཞན་ཉིད་དུ་མཐོང་བ་ནི་དེ་ཁོ་ནར་དེ་ཉིད་དུ་འགྱུར་བ་མ་ཡིན་ནོ། །མ་མཐོང་བ་ལ་ནི་མཐོང་བའི་རང་བཞིན་སྒྲོ་འདོགས་པ་ཙམ་ཞིག་ནུས་ཀྱི་དེ་ཉིད་དུ་གཟུང་བར་ནི་མ་ཡིན་ཏེ། སྔར་མཐོང་བ་དེ་ནི་སྔར་གྱི་ཤེས་པས་གཞན་གྱི་རང་བཞིན་དང་མ་འདྲེས་པར་གཟུང་བའི་ཕྱིར་རོ། །གལ་ཏེ་མ་
བཟུང་བ་དེ་ལྟ་ན་ཡང་རྗེས་སུ་དཔག་པས་དེ་ཉིད་དུ་འཛིན་གྱི། གཞན་ཉིད་དུ་ནི་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ། རྗེས་སུ་དཔག་པ་ནི་སྔར་མཐོང་བ་རྗེས་སུ་འབྲང་བའི་ཕྱིར་རོ། །རྗེས་སུ་དཔག་པ་ནི་དྲན་པ་ཙམ་ལས་གཞན་མ་ཡིན་ནོ། །ཅི་སྟེ་རྗེས་སུ་དཔག་པ་དངོས་པོ་འཛིན་པའི་རང་བཞིན་ཡིན་ན་ནི། དེའི་ཚེ། མངོན་སུམ་ཅིག་

ཤོས་གཅིག་ཡིན་ཕྱིར། །གཅིག་གྲུབ་པ་ན་གཉི་གའང་འགྲུབ། །གལ་ཏེ་མངོན་སུམ་དང་ཅིག་ཤོས་རང་བཞིན་གཅིག་ཉིད་ཡིན་ན། དེའི་ཚེ་མངོན་སུམ་མམ་གཞན་ཡང་རུང་བའི་ཚད་མ་གཅིག་ཉིད་ཀྱི་གྲུབ་པའི་ཕྱིར་གཞན་ཚད་མ་མ་ཡིན་པར་འགྱུར་ཏེ། གཞན་གྱི་ཁྱད་པར་ཅུང་ཟད་ཀྱང་བྱས་པ་མེད་པའི་ཕྱིར་རོ། །
དེའི་ཕྱིར་གཉི་ག་གསལ་བའི་རྣམ་པ་ཅན་ནམ་ཅིག་ཤོས་སུ་འགྱུར་རོ། །ཅི་སྟེ་མིག་ལ་སོགས་པའི་བྱེད་པ་མེད་པས་མི་གསལ་བ་ཉིད་ཡིན་ཏེ། དེ་ནི་གསལ་བ་ཉིད་དུ་རབ་ཏུ་གྲུབ་པའི་ཕྱིར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། གལ་ཏེ་གསལ་བར་སྣང་བ་འདི། །མིག་སོགས་རྒྱུ་མཚན་ཅན་ཡིན་ན། །གཟུགས་འཛིན་པ་ལ་སྣང་བ་
ནི། །སྦྱོར་བྱེད་མིན་པ་ཉིད་དུ་འགྱུར། །འོན་ཏེ་གསལ་བ་ཉིད་སྣང་བས་བྱས་པ་ཡིན་ན་ནི་དེའི་ཚེ་སྣང་བ་ཡོད་པ་ན་རྗེས་སུ་དཔག་པ་མི་གསལ་བར་ཇི་ལྟར་འགྱུར། སྣང་བ་ནི་རེས་འགའ་བ་ཡིན་པའི་ཕྱིར་རོ་ཞེ་ན། འོ་ན་སྣང་བ་དེ་དོན་དམ་པར་ཡོད་པ་ཡིན་ཡང་ངེས་པར་མི་བྱེད་པ་དེ་དངོས་པོ་འཛིན་པར་ཇི་ལྟར་འགྱུར། སྣང་
བ་དང་བྲལ་བའི་དངོས་པོ་ཙམ་འཛིན་པས་ཉེས་པ་མེད་དོ་ཞེ་ན། སྣང་བ་དང་ལྡན་པ་ལ་དེ་དང་བྲལ་བར་འཛིན་ཏོ་ཞེས་བྱ་བ་ནི་བབ་ཅོལ་ཡིན་ནོ། །དེ་ལྟར་གྱུར་ན་ནི་དེ་ཉིད་སྤྱི་འཛིན་པ་ཡིན་པའི་ཕྱིར་དེ་ནི་ཁྱད་པར་མཐོང་བ་མ་ཡིན་ནོ། །གཞན་དང་མཚམས་ནི་སྦྱོར་བ་ཡིས། །ཞེན་པ་དྲན་པ་ཡིན་པར་ཤེས། །གལ་ཏེ་དེ་རྟགས་
ལ་ལྟོས་ཕྱིར། །དྲན་མིན་མ་ཡིན་འཁྲུལ་ཕྱིར་རོ། །གཞན་ཡང་། འདི་ནི་སྔོན་མཐོང་བ་མཚམས་སྦྱོར་བ་ཙམ་ཡིན་གྱི་གསལ་བའི་རང་བཞིན་དུ་འཛིན་པ་ནི་མ་ཡིན་པ་དེའི་ཚེ་དྲན་པ་ཉིད་ཡིན་ནོ། །མངོན་སུམ་དང་རྗེས་སུ་དཔག་པར་བྱ་བ་དག་རང་བཞིན་གཅིག་ཉིད་ཡིན་པ་དེའི་ཚེ་གཞལ་བྱ་བླ་ལྷག་ཅུང་ཟད་ཀྱང་མེད་པའི་
ཕྱིར། འདི་དྲན་པ་ཁོ་ན་ཡིན་གྱི་དངོས་པོ་འཛིན་པ་ནི་མ་ཡིན་ནོ། །གལ་ཏེ་རྟགས་ལས་སྐྱེས་པ་དེ་ཅི་ལྟར་དྲན་པ་ཡིན་ཞེ་ན། དེ་ནི་མ་ཡིན་ཏེ། ཁྱོད་ཀྱི་འདོད་པས་རྟགས་ཉིད་མེད་པའི་ཕྱིར་ཏེ། དཔེ་དང་དོན་དག་གཅིག་པས་ཚུལ་གསུམ་མེད་པའི་ཕྱིར་རོ། །ངེད་ཀྱི་ཕྱོགས་ལ་ནི་དེ་སྤྱིའི་ཡུལ་ཅན་གྱི་རྗེས་སུ་དཔག་པ་ཡིན་
ནོ་ཞེས་བསྟན་པ་ཡིན་ནོ། །གང་ཞིག་སྔོན་གྱི་རང་བཞིན་དུ་རྟོགས་པ་དེ་ནི་དྲན་པར་བྱ་བ་ཡིན་གྱི་གཟུང་བ་ནི་མ་ཡིན་ཏེ། གཟུང་བར་བྱ་བ་ཉིད་དུ་མ་རྟོགས་པའི་ཕྱིར་རོ། །རྗེས་སུ་དཔག་པ་དྲན་པ་ལས་གཞན་ནི་མ་ཡིན་ཏེ། རྟགས་ལས་སྐྱེས་པའི་དྲན་པ་ཁོ་ན་རྗེས་སུ་དཔག་པ་ཡིན་ནོ། །དེའི་ཕྱིར་གང་གིས་དེ་ཉིད་ལན་

ཅིག་མ་ཡིན་པར་མཐོང་བ་དེ་ནི་དྲན་པ་ཁོ་ནའོ། །འོ་ན་དེ་ལྟར་ཡོད་དོ་ཞེས་ཇི་ལྟར་རྟོགས་ཤེ་ན། ད་ལྟར་ཡོད་པ་ཉིད་ཀྱི་ཕྱོགས་ཀྱི་ཆོས་ཀྱི་སྟོབས་ཀྱིས་རྟོགས་པ་ཡིན་ཏེ། ཕྱོགས་དེ་ན་གནས་པའི་དུ་བ་ནི་ཕྱོགས་དེ་ཉིད་ན་ཡོད་པའི་མེས་བསྐྱེད་པ་ཡིན་ནོ་ཞེ་ན། དེ་ལྟར་སྔར་འབྲེལ་པ་བཟུང་བས་ཐོག་
མ་མེད་པའི་བག་ཆགས་སད་པའི་ཕྱིར་རོ། །དེ་ལྟར་ཡིན་དང་། རྗེས་སུ་དཔག་པ་ཐམས་ཅད་ནི་དྲན་པ་ཡིན་ནོ། །དེའི་ཕྱིར་གཞལ་བྱ་གཉིས་ཡིན་པའི་ཕྱིར་མངོན་སུམ་དང་རྗེས་སུ་དཔག་པའི་དབྱེ་བས་ཚད་མ་རྣམ་པ་གཉིས་ཡིན་ཏེ། དངོས་དང་ཅིག་ཤོས་ཀྱི་རྟོགས་པའི་ཁྱད་པར་ལས་མ་རྟོགས་པའི་རྣམ་པ་གཞན་མེད་
པའི་ཕྱིར་རོ་ཞེས་བྱ་བ་འདི་གནས་སོ། །དེ་ལ་མངོན་སུམ་ནི་རྟོག་པ་དང་བྲལ་ཞིང་མ་འཁྲུལ་པའོ། །ཁྱད་པར་ལ་སོགས་པ་དང་འབྲེལ་པའི་དོན་སྣང་བའི་ཤེས་པ་ནི་རྟོག་པའོ། །གཞན་དུ་སྣང་བ་ནི་འཁྲུལ་བ་ཉིད་དོ། །དེ་གཉི་ག་དང་བྲལ་བ་ནི་མངོན་སུམ་ཡིན་ནོ། །གལ་ཏེ་འཁྲུལ་པ་ཉིད་ནི་ཕྱིས་མངོན་སུམ་
གྱིས་གཞན་དུ་མཐོང་བ་ལས་རྟོགས་པ་ཡིན་ནོ། རྟོག་པ་དང་བྲལ་བ་ཉིད་གང་ལས་ཡིན། མངོན་སུམ་སྔོན་དུ་འགྲོ་བ་ཅན་གྱི་རྗེས་སུ་དཔག་པ་ནི་དེ་མེད་ན་འཇུག་པར་འགྱུར་བ་མ་ཡིན་ནོ། །མངོན་སུམ་མཐའ་དག་ཀྱང་སྒྲའི་རྗེས་སུ་འཇུག་པ་ཅན་དུ་སྐྱེ་བ་ཡིན་ཏེ། དེས་ན་མངོན་སུམ་རྟོག་པ་དང་བཅས་པ་ཡིན་
པས་བདག་ཉིད་རྟོགས་པ་མེད་པར་རྟོགས་པར་ཡང་ཅི་ལྟར་འགྱུར། གང་གི་དང་པོ་ལྟ་བའི་ཤེས་པ་རྣམ་པར་རྟོག་པ་དང་བྲལ་བ་སྐྱེ་བ་དེའི་ཡང་རྣམ་པར་རྟོག་པའི་ཤེས་པ་ནི་དྲན་པ་ལ་སོགས་པའི་ཚོགས་པ་ཉེ་བ་ལས་སྐྱེ་བ་ཡིན་ལ། དེ་ཡང་དབང་པོའི་བྱེད་པ་ལས་འགྱུར་བས་མངོན་སུམ་ཁོ་ན་ཡིན་པས། དེ་ལ་ཡང་
རྟོག་པ་མེད་པར་ཇི་ལྟར་འགྲུབ་པར་འགྱུར་ཞེ་ན། འདི་ལ་ལན་དུ། མངོན་སུམ་རྟོག་དང་བྲལ་བར་ནི། །མངོན་སུམ་ཉིད་ཀྱིས་འགྲུབ་པར་འགྱུར། །ཀུན་གྱི་རྣམ་རྟོག་མིང་རྟེན་ཅན། །སོ་སོ་རང་གིས་རིག་བྱ་ཡིན། །མངོན་སུམ་རྣམ་པར་རྟོག་པ་དང་བྲལ་བར་ནི་རང་རིག་པ་ཁོ་ནས་རྟོགས་པ་ཡིན་ནོ། །རྣམ་
པར་རྟོག་པ་ནི་མིང་སྐྱེད་པར་བྱེད་པ་ཡིན་ལ། མིང་གིས་ཀྱང་རྣམ་པར་རྟོག་པ་ཡིན་ནོ། །མིང་གི་རྟེན་ཅན་གྱི་རྣམ་པར་རྟོག་པ་དེ་ནི་སོ་སོ་རང་རིག་པས་ཉམས་སུ་མྱོང་བ་ཡིན་ཏེ། རྣམ་པར་བརྟག་པར་བྱ་བ་ནི་རང་རིག་པས་ཉམས་སུ་མྱོང་བ་དང་། སྣང་བ་མིག་ལ་སོགས་པས་ཉམས་སུ་མྱོང་བར་བྱ་བ་ཡིན་པའི་ཕྱིར་རོ། །དེས་ན་

འགལ་བའི་ཆོས་གནས་པས་ན་རྣམ་པར་རྟོག་པ་ཅན་དང་། ཅིག་ཤོས་ཀྱི་ཤེས་པ་དག་ནི་ཐ་དད་པ་ཁོ་ནའོ། །ཅི་སྟེ་ཡང་དེ་ནི་ཐམས་ཅད་ཀྱི་ཚེ་ཡོད་པས་ཤེས་པ་གཅིག་ཁོ་ནར་ཟད་དོ་ཞེ་ན། དེ་ལྟར་ཡང་མ་ཡིན་ཏེ། ཐམས་ཅད་ལས་ནི་སེམས་བསྡུས་ནས། །ནང་གི་བདག་ཉིད་གཡོ་མེད་པས། །གནས་ནའང་མིག་
གིས་གཟུགས་དག་ནི། །མཐོང་བའི་བློ་དེ་དབང་སྐྱེས་ཡིན། །གལ་ཏེ་རྣམ་པར་རྟོག་པའི་ཚོགས་པ་མེད་པར། དབང་པོ་མི་འཇུག་པ་ཉིད་ཡིན་ན། དེ་མེད་པར་རྣམ་པར་རྟོག་པ་བསྡུས་པའི་གནས་སྐབས་སམ། རྣམ་པར་རྟོག་པ་གཞན་མངོན་དུ་གྱུར་པ་ན། དོན་འཛིན་པའི་དབང་པོའི་བྱེད་པ་མེད་པར་འགྱུར་
རོ། །དེས་ན་དེའི་གནས་སྐབས་ན་རྣམ་པར་རྟག་པའི་སྣང་བ་དང་། མ་འབྲེལ་པའི་ཤེས་པ་ནི་མངོན་སུམ་ཁོ་ནས་རྟོགས་པ་ཡིན་ནོ། །གལ་ཏེ་འདི་ལ་རྣམ་པར་རྟོག་པ་འབྲེལ་པ་མ་ཡིན་ནོ་ཞེས་བྱ་བ་དེའི་ཚེ་ཉིད་རྟོག་པ་མ་ཡིན་ནམ། ཅི་ལྟར་གནས་སྐབས་དེ་རྣམ་པར་རྟོག་པས་དབེན་པ་ཡིན། ཅི་སྟེ་དེའི་ཚེ་རྣམ་པར་རྟོག་
པར་མི་བྱེད་པ་ཉིད་ཡིན་ན་དེའི་ཚེ་འདི་ནི་རྣམ་པར་རྟོག་པ་མེད་པ་ཡིན་ནོ་ཞེས་ཇི་ལྟར་རྟོགས་པར་འགྱུར། རྣམ་པར་རྟོག་པ་མེད་པར་ནི་ཐ་སྙད་ཡོད་པ་མ་ཡིན་ལ། གཞན་ལ་ཐ་སྙད་དུ་མ་བྱས་པར་ཡང་གཞན་རྟོགས་པར་འགྱུར་བ་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་སྐད་ཅིག་མ་ཉིད་ལ་ཡང་ཐ་སྙད་བྱེད་པར་རང་བཞིན་གྱི་གཏན་
ཚིགས་ཀྱིས་ཅི་དགོས་ཤེ་ན། འདི་ལ་བཤད་པ། སླར་ཡང་ཅུང་ཟད་རྣམ་རྟོག་ན། །ཁོ་བོའི་རྣམ་རྟོག་འདི་འདྲར་འགྱུར། །ཅིས་རིག་སྔར་བཤད་གནས་སྐབས་ཀྱི། །དབང་པོའི་རྟོགས་པ་ལ་མེད་དོ། །དེ་ཉིད་ཀྱི་ཚེ་འདི་རྣམ་པར་རྟོག་པ་མེད་པའོ་སྙམ་པའི་རྣམ་པར་རྟོག་པ་ནི་སྐྱེ་བ་དེ་མ་ཡིན་ཏེ། དེ་ལྟ་མ་ཡིན་ན་
མངོན་སུམ་རྣམ་པར་རྟོག་པ་དང་བཅས་པའི་ཤེས་པར་སྨྲ་བ་ལ་ཡང་། ཅི་སྲིད་དུ་འདི་ནི་རྣམ་པར་རྟོག་པ་དང་བཅས་པའོ་སྙམ་པའི་ངེས་པ་མ་སྐྱེས་པ་དེ་སྲིད་དུ་དེ་རྣམ་པར་རྟོག་པ་དང་བཅས་པ་ཉིད་ཀྱི་ཐ་སྙད་ག་ལས་ཡིན། དེས་ན་རྣམ་པར་རྟོག་པ་དང་བཅས་པའི་ཐ་སྙད་ལ་ཡང་། རྣམ་པར་རྟོག་པ་དང་བཅས་པའི་གཞན་
འདོད་པར་བྱ་དགོས་ཤིང་དེ་ལ་ཡང་གཞན་ཡིན་པས་ཐུག་པ་མེད་པར་འགྱུར་བའི་ཕྱིར་རྟོགས་པ་མེད་པར་འགྱུར་རོ། །ཅི་སྟེ་དེ་རང་ཉིད་ཁོ་ནར་རྣམ་པར་རྟོག་པ་དང་བཅས་པའོ་ཞེས་བྱ་བར་འགྱུར་བས་དེ་ལ་གཞན་གྱིས་ཅི་བྱ་ཞེ་ན། རྣམ་པར་རྟོག་པ་མེད་པ་ཡང་རྟོགས་པའི་རང་བཞིན་ཡིན་པས། རྣམ་པར་རྟོག་པས་ཅི་

བྱ་སྟེ། དེས་ན་གཉིས་ཀ་ལ་ཡང་མཚུངས་སོ། །འོན་ཏེ་རྣམ་པར་རྟོག་པ་དང་བཅས་པ་ལ་ནི། འདི་ནི་རྣམ་པར་རྟོག་པ་དང་བཅས་པ་ཞེས་ཕྱིས་ཐ་སྙད་བྱེད་པ་ཡིན་ནོ་ཞེ་ན། འདི་ལ་ཡང་ངེས་པར་རྟོག་པར་བྱེད་པས་རྣམ་པར་རྟོག་པ་བརྒྱུད་པ་འདི་ལྟ་བུ་བྱུང་བར་གྱུར་ཏོ་ཞེས་ཐ་སྙད་བྱེད་པ་
ཡིན་ལ། རྣམ་པར་རྟོག་པ་བསྡུས་པའི་གནས་སྐབས་སུ་ནི་མ་ཡིན་ཏེ། དེ་ལ་རྣམ་པར་རྟོག་པ་མེད་པར་གྱུར་ཏོ་ཞེས་ཐ་སྙད་བྱེད་པའི་ཕྱིར་རོ། །གལ་ཏེ་དེའི་ཚེ་མེད་པ་ལ་རྣམ་པར་རྟོག་པས་ཐ་སྙད་ཇི་ལྟར་བྱེད་ཅེ་ན། ཤི་བ་ལ་ཤིའོ་ཞེས་ཇི་ལྟར་ཐ་སྙད་བྱེད། དེ་ལྟ་མ་ཡིན་ན་རྣམ་པར་རྟོག་པ་དང་བཅས་པ་ལ་ཡང་རྟོག་
པ་དང་བཅས་པ་ཉིད་དུ་ཇི་ལྟར་ཐ་སྙད་བྱེད། ཡང་དེའི་རིགས་ཅན་མཐོང་བ་ལས་སོ་ཞེ་ན། འདི་ལ་ཡང་རྣམ་པར་རྟོག་པ་བསྡུས་པའི་གནས་སྐབས་ན་ཡང་ནས་ཡང་དུ་མཐོང་བ་བཀག་པ་མེད་པ་ཁོ་ནའོ། །དེས་ན་མཚན་ཉིད་ཐ་དད་པ་དང་། ཕན་ཚུན་མེད་པ་ཡང་འབྱུང་བ་ཡིན་པའི་ཕྱིར་རྣམ་པར་རྟོག་པ་དང་བཅས་པ་དང་ཅིག་
ཤོས་དག་ནི་གཅིག་པ་ཉིད་མ་ཡིན་ནོ། །ཅི་སྟེ་ཚོགས་པ་ཡོད་པའི་ཕྱིར་རྣམ་པར་རྟོག་པ་དང་བཅས་པ་གཞན་ཉིད་སྐྱེ་བ་ཡིན་ལ། དེ་མེད་པས་ནི་རྣམ་པར་རྟོག་པ་མེད་པར་འགྱུར་བ་ཡིན་ནོ་ཞེ་ན། དེ་ནི་མ་འབྲེལ་བ་སྟེ། གལ་ཏེ་ཚོགས་པ་ལས་རྟོག་ནི། །སྔོ་སེར་ཐ་དད་མེད་འགྱུར་ཏེ། །བསྡོམས་པ་གཞན་དུ་གྱུར་པ་
ནི། །སྐྱེས་སོ་ཞེས་ནི་རྟོག་ཕྱིར་རོ། །དེ་ནི་དེར་སྔོན་པོ་དང་སེར་པོ་ལ་སོགས་པ་བསྡོམས་པ་གཞན་ཞིག་སྐྱེས་པ་ཡིན་ཏེ། ཚོགས་པའི་ཁྱད་པར་སྲིད་པའི་ཕྱིར་རོ། །ཅི་སྟེ་ངོ་ཤེས་པའི་ཕྱིར་ཏེ། འདི་ནི་སྔོན་པོ་དེ་ཉིད་ཡིན་གྱི་བསྡོམས་པ་གཞན་ནི་མ་ཡིན་ནོ་ཞེས་རྟོགས་པའི་ཕྱིར་དེ་དག་ཐ་དད་པ་ཡིན་ནོ་ཞེ་ན། ཐ་དད་པར་
རྟོག་པ་ནི་རྣམ་པར་རྟོག་པ་དང་བཅས་པ་དག་ཅིག་ཤོས་ལ་ཡང་མཚུངས་སོ། །དེའི་ཕྱིར་མངོན་སུམ་ནི་རྣམ་པར་རྟོག་པ་མེད་པ་ཉིད་དོ། །དྲན་པ་ལ་སོགས་པ་འདི་ནི་དབང་པོའི་རྣམ་པར་ཤེས་པ་རྣམ་པར་རྟོག་པ་དང་བཅས་པ་ཉིད་ཀྱི་རྒྱུ་མ་ཡིན་ཏེ། དབང་པོའི་དོན་འཛིན་པ་ལ་འཇུག་པའི་ཕྱིར་རོ། །དབང་པོས་གཟུང་བའི་དོན་
ལ་ནི་སྒྲ་དང་སྦྱོར་བ་མ་ཡིན་ཏེ། དེ་བརྗོད་པ་ཉིད་ཀྱི་སྒྲ་མེད་པའི་ཕྱིར་ཏེ། རང་གི་མཚན་ཉིད་ལ་བརྡ་མི་འཇུག་པའི་ཕྱིར་དང་སྤྱི་དབང་པོའི་གཟུང་བ་མ་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་དེ་ལྟར་ཡིན་ཞེ་ན་བཤད་པ། གཅིག་ཏུ་མཐོང་བའི་ཁྱད་པར་ནི། །གཞན་འགའ་ཞིག་ཏུ་མཐོང་མི་འགྱུར། །དེ་ལས་སྤྱི་གཞན་ཐ་དད་པ། །

ཡོད་མིན་ཐ་དད་བློ་མེད་ཕྱིར། །གང་གི་ཕྱིར་ཁྱད་པར་ནི་ཡུལ་དང་དུས་ཀྱི་རྗེས་སུ་འགྲོ་བ་མ་ཡིན་ཏེ་གང་གི་ཕྱིར་གཞན་དུ་མངོན་སུམ་དེ་ཉིད་དམ་གཞན་གྱིས་མཐོང་བ་མ་ཡིན་ཏེ། དེ་ནི་དུས་གཞན་ན་གནས་པ་ལ་མེད་པའི་ཕྱིར་རོ། །མངོན་སུམ་གྱིས་ནི་རང་གི་དུས་སུ་ཆད་པའི་དངོས་པོ་རྟོགས་པ་ཡིན་ཏེ། དེས་ན་སྔ་མ་ཕྱི་
མ་ལ་མངོན་སུམ་མ་ཡིན་ལ། ཕྱི་མ་ལ་ཡང་སྔ་མ་ལ་མ་ཡིན་ནོ། །གལ་ཏེ་ངོ་ཤེས་པས་དེ་ཉིད་འདི་ཉིད་ཡིན་ནོ་ཞེས་སྔ་མ་དང་ཕྱི་མ་འཛིན་ཏོ་ཞེ་ན། མ་ཡིན་ཏེ། ངོ་ཤེས་པས་ནི་མངོན་སུམ་མ་ཡིན་པའི་ཕྱིར་ཏེ། དེ་ལ་དབང་པོའི་བྱེད་པ་མེད་པའི་ཕྱིར་རོ། །འདི་ལྟར། དབང་པོ་རུང་བའི་ཡུལ་གནས་པ། །འབྱུང་
འགྱུར་འདས་དང་འབྱུང་ལ་མིན། །དེ་ལ་བརྟེན་པའི་རྣམ་ཤེས་ཀྱང་། །དུས་གཞན་དག་ཏུ་འབྱུང་ལ་མིན། །དབང་པོའི་ཤེས་པས་ཡུལ་དང་དུས་ཁྱབ་པར་འཛིན་པ་ནི་མ་ཡིན་ཏེ། དེ་ལྟར་ཡིན་ན་ནི་ཐམས་ཅད་རྣམ་པ་ཐམས་ཅད་མཐོང་བ་དང་ལྡན་པར་འགྱུར་རོ། །གལ་ཏེ་དབང་པོ་འདས་པའི་དངོས་པོ་ལ་མི་འཇུག་ཀྱང་།
དེ་ལ་བརྟེན་པའི་རྣམ་པར་ཤེས་པ་ལ་འགལ་བ་ཅི་ཡོད་ཅེ་ན། གལ་ཏེ་དེ་ལ་བརྟེན་པའི་རྣམ་པར་ཤེས་པ་འདས་པ་ལ་འཇུག་ན་ནི་མིག་ཀྱང་འཇུག་པར་འགྱུར་ཏེ། མིག་གཞན་དུ་འཇུག་པ་ནི་མ་ཡིན་ནོ། །སྔ་མ་དང་ཕྱི་མ་འཛིན་པ་ལ་ནི་མིག་གི་བྱེད་པ་རྟོག་པ་མེད་དེ། སྔ་མ་དང་ཕྱི་མ་དག་ལ་ནི། དྲན་པ་དང་། སྲིད་
པར་རྗེས་སུ་དཔག་པ་འཇུག་པའི་ཕྱིར་རོ། །གལ་ཏེ་དེ་ཉིད་དབང་པོ་འཇུག་པ་ཡིན་ནོ་ཞེ་ན། རྗེས་སུ་དཔག་པ་ཡང་མངོན་སུམ་དུ་ཐལ་བར་འགྱུར་རོ་ཞེས་སྟོན་པར་འགྱུར་རོ། །དེའི་ཕྱིར་ཁྱད་པར་རྣམས་ནི་རྗེས་སུ་འགྲོ་བ་ཅན་མ་ཡིན་ནོ། །སྤྱི་དབང་པོས་གཟུང་བ་རྗེས་སུ་འགྲོ་བ་ཡིན་ནོ་ཞེ་ན། དེ་ནི་མི་བདེན་ཏེ། གང་
གི་ཕྱིར། དེ་ལས་སྤྱི་གཞན་ཐ་དད་པ། །ཡོད་མིན་ཐ་དད་བློ་མེད་ཕྱིར། །ཁྱད་པར་རྣམས་རྗེས་སུ་འགྲོ་བ་མ་ཡིན་ལ། སྤྱི་ཡང་མ་ཡིན་ཏེ། དེ་ནི་མེད་པ་ཉིད་ཀྱི་ཕྱིར་རོ། །ཁྱད་པར་རྣམས་ནི་ཡོད་པ་ཡིན་ན་དེ་དག་རྗེས་སུ་འགྲོ་བ་མ་ཡིན་ནོ། །སྤྱི་རྗེས་སུ་འགྲོ་བ་མ་ཡིན་ཡང་དེ་ནི་མེད་པའི་ཕྱིར་མ་མཐོང་བས་དབང་པོས་
གཟུང་བའི་རྗེས་སུ་འགྲོ་བ་ནི་མི་སྲིད་དོ། །འདིར་སྤྱི་ནི་སྣང་བ་མ་ཡིན་ཏེ། རྣམ་པ་གཞན་སྣང་བ་མེད་པའི་ཕྱིར་རོ། །ཐ་མི་དད་པ་ཡིན་ན་ནི་གསལ་བ་ཉིད་ཡིན་ལ་དེ་ཡང་རྗེས་སུ་འགྲོ་བ་ཅན་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཐ་དད་པ་དང་ཐ་མི་དད་པར་བརྗོད་དུ་མེད་པའི་ཕྱིར་ཡང་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་དབང་པོ་ལས་སྐྱེས་

བློ། །ཐམས་ཅད་ཁྱད་པར་ཡུལ་ཅན་ཡིན། །ཁྱད་པར་རྣམས་ལ་སྒྲ་དག་ནི། །འཇུག་པ་སྲིད་པ་ཡོད་མིན་ཏེ། །ཁྱད་པར་རྗེས་འགྲོ་མེད་པས་ན། །བརྡ་འཇུག་པ་ནི་མེད་ཕྱིར་རོ། །རྗེས་སུ་འགྲོ་བ་མེད་པར་སྣང་བ་ལ་ནི་སྤྱིའི་རང་བཞིན་ཡོད་པ་མ་ཡིན་ནོ། །ཁྱད་པར་རྣམས་ལ་སྒྲ་
འཇུག་པ་ཡང་མ་ཡིན་ཏེ། རྗེས་སུ་འགྲོ་བ་མེད་པས་བརྡ་མི་འཇུག་པའི་ཕྱིར་རོ། །བརྡ་ནི་ཐ་སྙད་པ་དག་གི་ཡུལ་དང་དུས་གཞན་དུ་ཐ་སྙད་འཇུག་པར་བྱ་བའི་ཕྱིར་འདོད་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་ནི་ཞེན་པ་ཉིད་དུ་འགྱུར་རོ། །ཆོས་ཀྱི་དོན་དུ་ཡིན་ནོ་ཞེ་ན། དེ་ལྟར་སུ་ཞིག་ཡིད་ཆེས་དེས་ན་ཡུལ་དང་དུས་སོ་སོར་ངེས་པ་ལ་
ནི་བརྡ་འཇུག་པ་མེད་དོ། །དེའི་ཕྱིར་ཁྱད་པར་ནི་སྒྲའི་ཡུལ་མ་ཡིན་ནོ། །སྒྲ་རྣམས་ཡུལ་ཡང་གང་དེ་ཉིད། །དེ་རྣམས་ལ་ནི་ཡང་དག་སྦྱོར། །དེས་ཡང་དག་པར་སྦྱོར་བ་ནི་ཁྱད་པར་མ་ཡིན་ནོ། །དེའི་ཕྱིར་ཁྱད་པར་འཛིན་པའི་ཤེས་པ་ནི་རྟོག་པ་དང་བཅས་པ་མ་ཡིན་ཏེ། གང་རྟོག་པ་དང་བཅས་པ་ཡང་ཁྱད་པར་
འཛིན་པ་མེད་དེ། སྒྲ་ཡི་སྤྱི་ལ་སྦྱོར་བའི་ཕྱིར་རོ། །ཅིའི་ཕྱིར་འདི་བརྗོད། སྒྲ་རྣམས་ཡུལ་ནི་གང་ཡིན་པ། །དེ་ཉིད་དེ་རྣམས་ཀྱིས་སྦྱོར་བྱེད། །དེས་ན་ཁྱད་པར་ནི་སྦྱོར་ནས་འཛིན་པ་མ་ཡིན་ཏེ། དེའི་ཕྱིར་ཁྱད་པར་འཛིན་པའི་ཤེས་པ་རྟོག་པ་དང་བཅས་པ་མ་ཡིན་ནོ། །རྣམ་པར་རྟོག་པ་དང་བཅས་པ་གང་ཡིན་པ་དེ་ཡང་ཁྱད་
པར་འཛིན་པ་ནི་ཡིན་ཏེ། སྤྱི་སྒྲ་དང་སྦྱོར་བའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན། བཤད་པ་དེ། འདི་ཡི་ཞེས་ནི་འབྲེལ་པ་ལ། །དོན་སྣང་བ་ནི་གང་ཡིན་པ། །དེ་དག་ཉིད་ནི་འབྲེལ་ཡིན་ན། །དེ་ཡི་དབང་པོའི་སྤྱོད་ཡུལ་མིན། །དོན་མཐོང་ཡང་དེ་ནི་འདིའི་རྗོད་པར་བྱེད་པ་ཡིན་ལ་འདི་ནི་འདིའི་བརྗོད་པར་བྱ་བ་ཡིན་ནོ་ཞེས་
འབྲེལ་པར་བྱེད་པའི་ཤེས་པ་ལ་སྣང་བ་དེ་དག་ཉིད་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པའི་མཚན་ཉིད་ཀྱི་འབྲེལ་པ་ཡིན་ནོ། །དེའི་དབང་པོའི་ཡུལ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདི་འདིའི་བརྗོད་པར་བྱ་བ་ཡིན་ནོ་ཞེས་བྱ་བའི་དོན་ཅི་ཡིན་ཞེ་ན། འདི་ལས་འདི་རྟོགས་པར་བྱ་བ་ཡིན་ནོ། །ཤེས་པ་གང་གིས་རྟོགས་པར་བྱ་བ་ཡིན་ཏེ། ཅི་
ལྐོག་ཏུ་གྱུར་པའི་དོན་ཅན་རྣམ་པར་རྟོག་པ་དང་བཅས་པས་སམ། འོན་ཏེ་མངོན་སུམ་དུ་བྱེད་པའི་མངོན་སུམ་གྱིས་ཡིན། གལ་ཏེ་མངོན་དུ་བྱེད་པའི་མངོན་སུམ་གྱིས་དེ་རྟོགས་པར་