Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 168
Văn bản gốc(Tây Tạng)
Trang 8 / 22 (50.000 ký tự/trang)
ཐོས་སམ། །རྣམ་རྟོག་ཞེན་པས་ཚིག་གིས་གདམས་སུ་མེད། །རྒྱལ་པོ་ཉོན་མོངས་རབ་ཏུ་མགོན་མེད་གྱུར། །ནད་ཀྱི་གཞིར་གྱུར་ཆུད་ ཟ་བའི། །འདི་ལྟར་ལུས་འདི་གཅིག་པུའི་ཕྱིར། །སེམས་ཅན་རྣམས་ལ་སྙིང་མི་བརྩེ། །ཀྱི་ཧུད་གཏི་མུག་འདི་ཅི་རུང་། །དེ་ནས་གླང་པོ་ཆེའི་བདག་པོ་དེས་མི་དེ་རྣམས་སྙིང་རྗེ་ཞིང་བྱམས་པའི་སེམས་ཀྱིས་བསམས་པ། འདི་རྣམས་འདི་ལྟར་བཀྲེས་པ་དང་སྐོམ་པ་དང་ངལ་བས་ ཉམ་ཐག་པར་ནི་གྱུར། ལུས་ནི་རིད་ཅིང་ཉམ་ཆུང་བས། །མྱ་ངམ་གྱི་དགོན་པ་དཔག་ཚད་དུ་མ་ཡོད་པ་ཆུ་མེད་ཅིང་གྲིབ་མ་མེད་པ་འདི་ལས་ལམ་བརྒྱགས་ཀྱང་མེད་པར་ཅི་ལྟར་ཐར་བར་འགྱུར། གླང་པོ་ཆེའི་ནགས་ཚལ་ན་ཡང་འདི་རྣམས་ཉིན་གཅིག་ཙམ་ཉོན་མ་མོངས་པར་གནས་ སུ་རུང་བ་ཡང་ཅི་ཡང་མེད་ན་ཅི་ལྟར་བྱ། ངའི་ཤས་འདི་རྣམས་ཀྱི་ལམ་བརྒྱགས་བྱས་ཏེ། ངའི་རྒྱུ་མས་ཀྱང་རྐྱལ་པ་བཞིན་དུ་ཆུ་སྣོད་བྱས་ནས། གདོད་མྱ་ངམ་གྱི་དགོན་པ་འདི་ལས་ཐར་བར་འགྱུར་གྱིས། ཐབས་གཞན་ནི་མེད་དོ་སྙམ་ནས། དེ་བས་ནད་མང་བརྒྱ་ཡི་གནས། ། ལུས་འདི་སྡུག་བསྔལ་ཉམ་ཐག་པ། །འདི་རྣམས་ཕོངས་ལས་བསྒྲལ་བ་ཡི། །གཟིངས་སུ་གྱུར་པ་བདག་གིས་བྱ། །མི་ཡི་ལུས་སུ་སྐྱེས་པ་ཡིས། །མཐོ་རིས་ཐར་པའི་བདེ་བ་ཐོབ། །འདི་དག་དེ་ལྟར་གྱུར་པ་ལ། །ཕན་འདོགས་ནུས་པའང་ཤིན་ཏུ་དཀོན། །བདག་གི་སྤྱོད་ ཡུལ་གནས་སུ་ལྷགས་པར་གྱུར། །འདི་འདྲའི་མགྲོན་ཀྱང་བསོད་ནམས་བྱས་པས་ཐོབ། །གཉེན་དང་བྲལ་བས་ཕོངས་ཤིང་ཉམ་ཐག་གྱུར། །དེ་བས་བདག་གིས་ལྷག་པར་བསྐྱབ་པར་རིགས། །ལུས་ཞེས་བྱ་བ་འདི་ནི་དོན་མེད་མང་། །ཡུན་རིང་བར་དུ་སྡུག་བསྔལ་མང་བའི་ གནས། །རྟག་ཏུ་ན་བས་ཉོན་མོངས་མང་པོའི་གཞི། །གཞན་གྱི་དོན་དུ་ཕན་ན་སྤྱད་པར་རིགས། །དེ་ནས་དེ་དག་ལས་ཁ་ཅིག་ནི་བཀྲེས་པ་དང་སྐོམ་པ་དང་། ངལ་བ་དང་ཚ་བའི་སྡུག་བསྔལ་གྱིས་ལུས་ཉམ་ཐག་ནས་ཐལ་མོ་སྦྱར་ཏེ། མིག་མཆི་མས་གང་བཞིན་དུ་ཕྱག་ འཚལ་ཞིང་ཕོངས་ནས་ལག་བརྡས་ཆུ་བསླང་བ་ནི། བདག་ཅག་མགོན་མེད་ཁྱོད་མགོན་ལགས། །ཁྱོད་ནི་བདག་ཅག་སྐྱབས་དང་རྟེན། །སྐལ་བ་ཆེན་པོ་ཅི་རིགས་པར། །བདག་ཅག་རབ་ཏུ་བསྐྱབ་པར་རིགས། །ཞེས་ཁ་ཅིག་དེ་ལ་སྙིང་རྗེ་རྗེ་སྐད་དུ་སྨྲས་སོ། །གཞན་དག་ནི་ སེམས་རབ་ཏུ་བརྟན་པས་ཆུ་གང་ན་ཡོད་པའི་ས་ཕྱོགས་དང་། མྱ་ངམ་དགོན་པ་བགྲོད་དཀའ་བ་བརྒལ་བའི་ལམ་དྲིས་ཏེ། མཚོའི་གནས་སམ་ཆུ་བསིལ་ཀླུང་ཡང་རུང་། །གཡའ་ཆབ་བསིལ་མ་གང་ན་ཡོད་ཀྱང་རུང་། །གྲིབ་ཤིང་ཟླུམ་པོའམ་བསིལ་ལ་སྔོན་པོའང་རུང་། །གླང་ ཆེན་བདག་པོ་བདག་ལ་བསྟན་དུ་གསོལ། །དགོན་པ་འདི་ལས་གང་དག་ན། །ཐར་བར་ནུས་པར་འགྱུར་བ་དེ། །ཐུགས་ནི་བརྩེ་བར་མཛད་ནས་སུ། །ཕྱོགས་དེ་བསྟན་ན་རབ་ཏུ་ལེགས། །མྱ་ངམ་དགོན་ན་ཡུན་རིང་དུ། །བདག་ཅག་འཁྱམས་ཤིང་མཆིས་པ་ལ། །མཛའ་ བོ་ཁྱོད་ཀྱིས་བསྒྲལ་བར་གསོལ། །ཞེས་སྨྲས་པ་དང་། དེ་ནས་བདག་ཉིད་ཆེན་པོ་དེས། དེ་དག་གིས་སྙིང་རྗེ་རྗེ་སྐད་དུ་གསོལ་བ་བཏབ་པ་དེ་དག་གིས་སེམས་རབ་ཏུ་བརླན་པར་གྱུར་ནས། མྱ་ངམ་དགོན་པ་དེ་ལས་ཐར་བར་འགྱུར་བའི་རི་ཞིག་ཡོད་པ་དེ། དེ་དག་ལ་བསྟན་པའི་ཕྱིར། གླང་པོ་ཆེའི་སྣ་སྦྲུལ་ཆེན་པོའི་མགོ་བོའི་གདེངས་ཀ་འདྲ་བ་བརྐྱང་སྟེ་སྨྲས་པ། རི་འདིའི་དྲུང་ན་མཚོ་ཆེན་པོ་མེ་ཏོག་པདྨ་དང་ཨུཏྤ་ལས་བརྒྱན་པ། ཆུ་གཙང་མས་གང་བ་ཞིག་ཡོད་དེ། དེ་བས་ན་ལམ་འདི་ནས་སོང་ལ། དེར་ཡང་ཚ་བ་སྐོམ་པ་ངོམས་ ཤིང་ངལ་སོས་པར་གྱིས་ལ། དེ་དང་མི་རིང་བ་ཞིག་ན་རི་དེའི་ཁ་ནས་ལྷུང་བའི་གླང་པོ་ཆེའི་རོ་ཅིག་ཡོད་ཀྱིས། དེའི་ཤས་ལམ་བརྒྱགས་གྱིས་ལ། དེའི་རྒྱུ་མས་རྐྱལ་པ་བཞིན་དུ་ཆུ་སྣོད་བྱས་ཏེ་ཆུ་ལོང་ལ། ས་ཕྱོགས་འདི་ནས་དེངས་ཤིག་དང་། མྱ་ངམ་དགོན་པ་འདི་ལས་ཐར་བར་ འགྱུར་གྱིས་ཁྱེད་རྣམས་ལམ་འདི་ནས་ཕར་དེངས་ཤིག་ཅེས་སྨྲས་ནས། བདག་ཉིད་ཆེན་པོ་དེས་མི་དེ་རྣམས་དབུགས་ཕྱུང་སྟེ། དེ་ནས་གྱེས་ཏེ་ལམ་གཞན་ཅིག་ནས་སོང་སྟེ། རི་དེའི་ཁར་འཛེག་ནས། སྐྱེ་བོ་རྣམས་བསྒྲལ་བའི་ཕྱིར། དེ་ནས་རང་གི་ལུས་བོར་བ་ན། སྨོན་ ལམ་འདི་ལྟར་བཏབ་པར་ངེས་སོ། །བདག་གིས་འདི་བྱས་བདེ་འགྲོ་ཐོབ་ཕྱིར་མིན། །མི་དབང་རྒྱལ་སྲིད་གདུགས་གཅིག་དཔལ་ཕྱིར་མིན། །མཐོ་རིས་བདེ་མཆོག་མྱོང་བའི་ཕྱིར་མ་ཡིན། །ཚངས་པའི་དཔལ་དང་ཐར་པའི་བདེ་ཕྱིར་མིན། །མྱ་ངམ་དགོན་པར་འཁྱམས་པའི་སྐྱེ་བོ་ འདི། །བདག་གིས་བསྒྲལ་བའི་བསོད་ནམས་ཡོད་ན་ནི། །དེ་ཡིས་འཁོར་བའི་དགོན་པར་འཁྱམས་པ་ཡི། །འཇིག་རྟེན་རྣམས་ནི་སྒྲོལ་བར་ནུས་པར་ཤོག །བདག་ཉིད་ཆེན་པོ་དེས་དེ་ལྟར་ངེས་པར་བྱས་ནས་རབ་ཏུ་དགའ་བའི་ཤུགས་ཀྱིས་རང་གི་ལུས་གཡང་ས་ན་ལྷུང་སྟེ། ཞིག་ ནས་འཆི་བའི་སྡུག་བསྔལ་ལ་མི་ལྟ་བར་རི་དེའི་ཁ་ནས་རང་གི་ལུས་ས་ཕྱོགས་དེར་བོར་རོ། །དེ་ནས་དེ་ལྷུང་སྟོན་ཀའི་སྤྲིན་བཞིན་མཛེས་པར་གྱུར། །ཟླ་བའི་དཀྱིལ་འཁོར་ནུབ་ཀྱི་རི་ཁར་ནུབ་པ་བཞིན། །ཁྱུང་གི་འདབ་མ་བསྐྱོད་པའི་རླུང་གིས་བསྐྱོད་པ་ཡིས། །གངས་རི་རྩེ་མོས་ སྟོད་གཡོགས་ལྷུང་བར་གྱུར་པ་བཞིན། །དེ་ནས་ས་དང་རི་རྣམས་གཡོས་པར་གྱུར། །བདག་པོར་བསྙེམས་པའི་བདུད་ཀྱི་སེམས་ཀྱང་འདར། །གནམ་གྲུམ་སྒྲ་བཞིན་ས་ལ་ལྷུང་བར་གྱུར། །ནགས་ཚལ་འཁྲི་ཤིང་ལྷ་རྣམས་འདུད་པར་གྱུར། །ནགས་ཚལ་དེ་ན་གནས་པའི་ ལྷ་རྣམས་ནི། །དེ་ཚེ་ངེས་པར་ཡ་མཚན་སྐྱེས་པར་གྱུར། །རབ་ཏུ་དགའ་ནས་སྤུ་ལངས་ནམ་མཁའ་ལ། །ལག་པ་བསྒྲེངས་ནས་མཛུབ་མོས་བསྟན་པར་གྱུར། །ཁ་ཅིག་ཙན་དན་ཕྱེ་མས་བསྒོས་པ་ཡི། །མེ་ཏོག་དྲི་ཞིམ་རྣམས་ཀྱིས་རྟག་ཏུ་འཐོར། །ལ་ལ་མ་བཏགས་ སྟོད་གཡོགས་གསེར་གྱིས་བརྒྱན། །རྒྱན་རྣམས་ཀྱིས་ནི་དེ་ལ་མཆོད་པར་བྱེད། །དེ་བཞིན་གཞན་དག་དད་པས་བསྟོད་པ་དང་། །ཐལ་མོ་སྦྱར་བ་པདྨ་ཁ་འབུས་འདྲ། །ཅོད་པན་མཛེས་ལྡན་སྤྱི་བོས་བཏུད་པ་ཡིས། །དེ་ལ་ཕྱག་འཚལ་མཆོད་པ་བྱེད་པར་ གྱུར། །ཁ་ཅིག་མཚོ་རླབས་འཁྲུགས་པར་བྱེད་པའི་རླུང་། །མེ་ཏོག་དྲི་ཞིམ་ངད་དང་ལྡན་པ་ཡིས། །དེ་ལ་བསིལ་གཡབ་བྱེད་ཅིང་གཞན་དག་ནི། །སྤྲིན་གྱི་བླ་རེ་སྟུག་པོ་འདྲ་བར་བྱེད། །ལ་ལ་དད་པས་དེ་ལ་མཆོད་པའི་ཕྱིར། །ལྷ་ཡི་རྔ་སྒྲས་ནམ་མཁའ་དགོད་པར་ བྱེད། །གཞན་དག་དེར་ནི་ལྗོན་ཤིང་མེ་ཏོག་དང་། །འབྲས་བུ་ལོ་མར་ལྡན་པས་བརྒྱན་པར་བྱེད། །ཕྱོགས་རྣམས་སྟོན་ཀའི་མདངས་བཟང་མཛེས་པར་གྱུར། །ཉི་མའི་ཟེར་ཡང་སྔོན་པོས་གསལ་བ་འདྲ། །རྒྱ་མཚོ་དེ་ཡང་དངས་ལ་རླབས་བསྐྱོད་ནས། །དགའ་བས་ དེ་ཡི་དྲུང་དུ་འོངས་པ་འདྲ། །དེ་ནས་མི་དེ་དག་མཐར་གྱིས་སོང་སོང་བ་ལས་མཚོ་དེའི་དྲུང་དུ་ཕྱིན་ནས་དེར་ཚ་བ་དང་། སྐོམ་པ་དང་། ངལ་བ་ཞི་བར་གྱུར་པ་དང་། བདག་ཉིད་ཆེན་པོ་དེས་ཇི་སྐད་བསྟན་པ་བཞིན་དུ། དེ་དང་མི་རིང་བ་ཅིག་ན་གླང་པོ་ཆེ་ཞིག་ཤི་ནས་རིང་པོར་མ་ ལོན་པའི་རོ་ཞིག་འདུག་པ་མཐོང་ངོ་། །དེ་དག་གིས་བསམས་པ། ཨེ་མ་ཧོ་གླང་པོ་ཆེ་འདི། གླང་པོ་ཆེའི་བདག་པོ་དེ་ཡང་རེ་འདྲ་བ་ཞིག་གོ། །འདི་ནི་གླང་ཆེན་མཆོག་དེའི་སྤུན་ཞིག་གམ། །གཉེན་ཞིག་ཡིན་ནམ་ཡང་ན་བུ་ཡིན་ནོ། །འདི་ལྟར། ཕྱེ་མར་ལྷགས་ཀྱང་འདི་ཡི་ གཟུགས། །གངས་རི་དཀར་པོ་འདྲ་བར་སྣང་། །མེ་ཏོག་ཀུ་མུད་སྤུངས་ལྟར་མཛེས། །ཟླ་བའི་འོད་ཟེར་སྤུངས་པ་བཞིན། །འདི་ནི་དེ་ཡི་གཟུགས་བརྙན་ཞིག །མེ་ལོང་ནང་ན་འདུག་པ་འདྲ། །དེ་ནས་མི་དེ་དག་གི་ནང་ནས་རབ་ཏུ་མཛངས་པ་ ཁ་ཅིག་གིས་བརྟགས་ནས་བསམས་པ། འདི་ནི་ཕྱོགས་ཀྱི་གླང་པོའི་གཟུགས་མཆོག་དང་འདྲ་བའི་གླང་པོ་ཆེ་དེ་ཉིད་ཡིན་གོར་མ་ཆག་སྟེ། བདག་ཅག་གཉེན་བཤེས་མེད་པ་ཕོངས་ཤིང་ཉམ་ཐག་པ་རྣམས་བསྒྲལ་བའི་ཕྱིར་རི་འདིའི་ཁ་ནས་ལུས་བོར་བ་སྙམ། གནམ་གྲུམ་ སྒྲ་སྐད་གང་གྲག་དང་། །ས་ཡང་གཡོས་བཞིན་དུ་གྱུར་པ། །བདག་ཅག་རྣམས་ཀྱིས་ཐོས་པ་སྟེ། །ངེས་པར་འདི་ཉིད་ལྷུང་བ་ཡིན། །ལུས་འདི་པདྨའི་རྩ་བ་དཀར་པོ་དེ་ཉིད་འདྲ། །ཟླ་བའི་འོད་ལྟར་ལུས་ཀྱི་སྤུ་དཀར་ཐིག་ལེ་མཛེས། །སེན་མོ་རུས་སྦལ་དབྱིབས་འདྲ། དཀར་ཞིང་རྐང་ལག་དཀར། །རྒྱབ་བཤུལ་གཞུ་ལྟར་སྒུ་ཞིང་མཛེས་པ་དེ་ཉིད་ཡིན། །མྱོས་པའི་དབྱེས་ཅན་གདོང་དེ་དེ་ཉིད་ཡིན། །ངོ་ཕེལ་ཆེན་པོ་དྲི་ཞིམ་རབ་ཏུ་མཛེས། །མགོ་གཙུག་མཐོ་མཛེས་ལྕགས་ཀྱུའི་རྨ་ཡང་མེད། །མཇིང་པ་སྟུག་པོ་དེ་ཡང་འདི་ཉིད་ཡིན། ། པ་སྙེམས་པས་གད་པ་བསྙོགས་པའི་མཚན་མ་ཅན། །མཆེ་བ་མདོག་དཀར་དེ་གཉིས་འདི་ཉིད་ཡིན། །གང་གིས་བདག་ཅག་ལམ་འདི་བསྟན་པ་ཡང་། །སོར་མོ་རིང་བའི་སྣ་ལག་འདི་ཉིད་ཡིན། །ཀྱེ་མའོ་འདི་ནི་ངོ་མཚར་རྨད་དུ་ཆེ། །བདག་ཅག་རྣམས་ཀྱི་ཆོ་རིགས་དང་ ཚུལ་དང་། །དད་པ་ཅི་འདྲ་སྔོན་ཆད་མ་མཐོང་བར། །སྐལ་ཉམས་ངེད་ལའང་འདི་ལྟར་སེམས་བྱམས་ན། །གཉེན་བཤེས་རྣམས་ལ་འདི་ནི་ཅི་འདྲ་ཞིག །སྐལ་བ་ཆེན་པོ་དེ་ལ་རྣམ་པ་ཐམས་ཅད་དུ་ཕྱག་འཚལ་ལོ། །ཕོངས་ཤིང་ཉམ་ཐག་འཇིགས་ལ་མྱ་ངན་གདུངས། ། བདག་ཅག་རྣམས་ལ་འདི་ལྟར་ཕན་འདོགས་པ། །གླང་པོ་ལྟར་སྣང་འདི་ནི་སུ་ཞིག་ཡིན། །ཡ་རབས་སྤྱོད་ཚུལ་མ་ཉམས་གསལ་བར་བྱེད། །སྤྱོད་བཟང་འདི་འདྲ་གང་དུ་བསླབ་ཞིག་གུ། །བླ་མ་གང་ལ་གནས་ནས་བསྙེན་བཀུར་བྱས། །ཡོན་ཏན་མེད་པར་གཟུགས་ བཟང་མི་འགྱུར་ཞིང་། །སྐྱེ་བོ་སྨྲ་བ་དེ་ནི་འདི་ལས་སྔོན། །ཨེ་མ་ཧོ་རང་བཞིན་འཕགས་པ་ཕུན་སུམ་ཚོགས། །དོན་བཞིན་བསྒྲུབ་པ་འདི་ཡིས་བསྟན་པར་གྱུར། །འདི་ནི་ཤི་བར་གྱུར་ཀྱང་བདག་མགུ་བས། །གངས་རི་འདྲ་བའི་ལུས་མཛེས་རྒོད་པ་བཞིན། །དེ་བས་ན་དེ་ ནི་འདི་ལྟར་སུ་ཞིག་གཉེན་བཤེས་བྱམས་པ་བས་ཀྱང་ལྷག་པར་བྱམས་པ་ཕན་འདོགས་པ་བདག་ཅག་ལ་ཕན་པའི་ཕྱིར། རང་གི་སྲོག་སྩལ་ཏེ། རབ་ཏུ་ལེགས་པར་བྱེད་བྱེད་པ་འདིའི་ཤ་ཟ་སུས་ཕོད། བདག་ཅག་གིས་འདི་ལ་མཆོད་པ་བྱེད་ཅིང་མེར་བསྲེག་པའི་ཞལ་ཏ་ བྱས་ལ་དྲིན་ལན་བླན་པ་རིགས་སོ་སྙམ་ནས། མི་དེ་རྣམས་ཉེ་དུ་ཤི་བ་བཞིན་དུ་སེམས་མྱ་ངན་གྱིས་གདུངས་ཏེ། མིག་ནི་མཆི་མས་གང་སྐད་ནི་འཛེར་བ་ལ་བལྟས་ནས། སེམས་བརྟན་པོ་ཁ་ཅིག་གིས་དོན་ལ་བརྟགས་ཏེ་སྨྲས་པ། དེ་ལྟར་བྱས་པས་གླང་པོ་ཆེ་ མཆོག་འདི་ལ་བདག་ཅག་གིས་མཆོད་ཅིང་བཀུར་སྟི་བྱས་པར་མི་འགྱུར་གྱི། འདིའི་བསམ་པ་རྫོགས་པར་བྱས་ནས། འདི་ལ་བདག་ཅག་གིས་མཆོད་པ་བྱས་པར་འགྱུར་རོ་སྙམ་མོ། །བདག་ཅག་རྣམས་ནི་བསྒྲལ་བའི་ཕྱིར། །སྔོན་ཆད་མ་འདྲིས་གཉེན་འདི་ཡིས། ། རབ་ཏུ་ཕངས་པའི་ལུས་བཏང་ནས། །རབ་ཏུ་གཅེས་པའི་མགྲོན་བྱས་པས། །དེ་བས་དེ་ཡི་བསམ་རྫོགས་པར། །བདག་ཅག་རྣམས་ཀྱིས་བྱ་བར་རིགས། །གཞན་དུ་བྱས་ན་འདི་ལྟ་བུ། །འདི་ཡིས་བྱས་པ་དོན་མེད་འགྱུར། །དེ་ཡིས་བྱམས་ཏེ་ཅི་བདོག་པ། །ཐམས་ ཅད་མགྲོན་དུ་བྱས་པ་འདི། །བདག་ཅག་རྣམས་ཀྱིས་མ་བླངས་ན། །དེ་ལ་ཅི་ཞིག་བཀུར་སྟི་བྱེད། །དེ་བས་དེ་ལ་བླ་མ་བཞིན། །ཚིག་ནི་མཉན་པར་བྱས་ནས་སུ། །བཀུར་སྟི་ཆེན་པོ་བྱ་བར་རིགས། །བདག་ཅག་རྣམས་ལའང་ཕན་པར་འགྱུར། །སྡུག་བསྔལ་འདི་ལས་ཐར་ ནས་ཚོགས་པའམ། །སོ་སོ་ནས་ནི་གླང་པོ་མཆོག་འདི་ལ། །བཤེས་གཉེན་འདས་པ་དག་ལ་མཆོད་པ་བཞིན། །བྱ་བ་ཐམས་ཅད་བདག་ཅག་རྣམས་ཀྱིས་བྱ། །དེ་ནས་མི་དེ་རྣམས་མྱ་ངམ་དགོན་པ་དེ་ནས་ཐར་པར་བྱ་བའི་ཕྱིར་གླང་པོ་ཆེའི་བདག་པོ་དེའི་བསམ་པ་ཡང་དྲན་ པར་བྱས་ཏེ། དེའི་ཚིག་མཉན་ནས་སེམས་དཔའ་ཆེན་པོ་དེའི་ཤ་རྣམས་ཀྱང་བླང་། དེའི་རྒྱུ་མ་རྣམས་ཀྱིས་ཀྱང་རྐྱལ་པ་བཞིན་དུ་ཆུ་སྣོད་བྱས་ནས་ཆུ་ཡང་བླངས་ཏེ་དེས་བསྟན་པའི་ས་ཕྱོགས་དེ་ནས་སོང་སྟེ། མྱ་ངམ་དགོན་པ་དེ་ནས་ཐར་ཏེ་དོང་ངོ་། །དེ་ལྟ་ བས་ན་དགེ་བ་རྣམས་ནི་ཕྱིས་གཞན་ལ་ཕན་པར་འགྱུར་ན། སྡུག་བསྔལ་ཡང་ཁེ་རྙེད་པ་དང་འདྲ་བར་སེམས་སོ་ཞེས་སྐྱེ་བོ་དགེ་བ་རྣམས་ཀྱི་ཡོན་ཏན་བསྔགས་པ་ལའང་བརྗོད་པར་བྱའོ། །དེ་བཞིན་གཤེགས་པའི་ཡོན་ཏན་བསྔགས་པ་དང་རིམ་གྲོ་བསྐྱེད་དེ་དམ་པའི་ཆོས་མཉན་ པ་དང་། དེ་ལྟར་རང་བཞིན་བཟང་པོ་ལ་གོམས་པར་བྱས་ནས། ཚེ་རབས་གཞན་ལ་ཡང་རྗེས་སུ་འབྲང་བར་འགྱུར་རོ་ཞེས་རང་བཞིན་བཟང་པོ་བསྒྲུབ་པའི་ཡོན་ཏན་བསྔགས་པ་ལ་ཡང་བརྗོད་པར་བྱའོ། །ནོར་བཏོང་བ་ལ་གོམས་པར་བྱས་ན་བདག་གི་ལུས་ལ་ཕོངས་པ་མེད་པ་ ཡང་ཐགས་ཐོགས་མེད་པར་གཏོང་ངོ་ཞེས་གཏོང་བ་ལ་གོམས་པའི་ཡོན་ཏན་བསྔགས་པ་ལ་ཡང་བརྗོད་པར་བྱའོ། །བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ནས་ལྷའི་མེ་ཏོག་དང་སིལ་སྙན་ལ་སོགས་པས་མཆོད་པའི་ཚེ། བཅོམ་ལྡན་འདས་ཀྱིས་གང་འདི་སྐད་དུ། ཀུན་དགའ་བོ་དེ་ཙམ་གྱིས་ནི། དེ་བཞིན་གཤེགས་པ་ལ་བཀུར་སྟི་བྱས་པར་མི་ཆུད་དོ་ཞེས་གསུངས་པ་དེ་ཡང་འདི་ལྟར་བསྟན་པར་བྱ་སྟེ། དེ་ལྟར་བསམ་པ་རྫོགས་པར་བྱས་ན་མཆོད་པ་བྱས་པར་འགྱུར་གྱི། སྤོས་དང་ཕྲེང་བ་ལ་སོགས་པ་ཕུལ་བས་མཆོད་པ་བྱས་པར་མི་འགྱུར་ རོ་ཞེས་བསྟན་པར་བྱའོ། །གླང་པོ་ཆེར་སྐྱེས་པའི་རབས་ཏེ་སུམ་ཅུ་པའོ། །སྡོམ་ལ། །བྱང་ཆུབ་ངང་པ་བྱང་ཆུབ་ཆེ། །སྤྲེའུ་རི་དྭགས་ཤ་ར་བྷ། །རུ་རུ་སྤྲེའུ་རྒྱལ་བཟོད་པར་སྨྲ། །ཚངས་དང་གླང་ཆེན་དེ་དང་བཅུ། །བཅུ་ཚན་གསུམ་པའོ།། །།སྐྱེ་བོ་དམ་པ་རྣམས་ དང་འཕྲད་ན་ཇི་ལྟར་འཕྲད་ཀྱང་རུང་སྟེ། ལེགས་པར་འགྱུར་བའི་ཕྱིར། ལེགས་པར་འདོད་པ་རྣམས་ཀྱིས་སྐྱེ་བོ་དམ་པ་རྣམས་ལ་བརྟེན་པར་བྱའོ། །དེ་ཡང་འདི་ལྟར་བཅོམ་ལྡན་འདས་ནི་བྱང་ཆུབ་སེམས་དཔར་གྱུར་པའི་ཚེ། ཀུ་རུའི་རྒྱུད་རབ་ཏུ་གྲགས་པའི་རིགས་དང་ལྡན། ཡོན་ ཏན་ཡོངས་སུ་འཛིན་པར་བྱེད་པས་འབངས་རྣམས་ནི་རང་བཞིན་གྱིས་གློ་བ་ཉེ་བ། གཟི་བྱིན་ཆེ་བས་རྒྱལ་ཕྲན་དྲེགས་པ་རྣམས་ནི་ཕྱག་འཚལ་བར་གྱུར་པ། རྒྱལ་པོའི་རིགས་དཔལ་དང་ལྡན་པ་ཅིག་ཏུ་སྐྱེས་པར་གྱུར་ཏོ་ཞེས་གྲགས་སོ། །ཟླ་བ་དང་འདྲ་བར་མཐོང་ནས་དགའ་ བ་ཡོན་ཏན་གྱི་འོད་ཟེར་བརྒྱ་དང་ལྡན་པའི་བུ་དེ་ཕ་མས་མིང་ཡང་ཟླ་བ་ཞེས་བཏགས་སོ། །དེ་ཟླ་བ་ཡར་གྱི་ངོ་བཞིན་དུ་ཉིན་རེ་ཞིང་གཟི་བྱིན་ཇེ་ཆེར་གྱུར་ཏེ། རིམ་གྱིས་རིག་བྱེད་ཡན་ལག་དང་བཅས་པ། ཉེ་བའི་རིག་བྱེད་དང་བཅས་པ་ལ་ནི་མཁས་པར་གྱུར་པ། སྒྱུ་རྩལ་མཆོག་དང་ བཅས་པའི་སྒྱུ་རྩལ་རྣམས་ཀྱི་གོ་རིམས་ནི་མཐོང་བར་གྱུར། འཇིག་རྟེན་པ་རྣམས་ནི་རབ་ཏུ་དགའ་ཞིང་གུས་པར་བྱེད་པའི་གནས་སུ་གྱུར། ལེགས་པར་ཕན་འདོགས་ཤིང་ཉེ་བར་བསྡུ་བ་ལ་མཁས་པ་དང་། གུས་པ་ཇེ་ཆེ་ཇེ་ཆེར་གྱུར་པ་དང་། ཡོངས་སུ་སྐྱོང་བ་ལ་ངེས་པར་ བྱེད་པའི་ཕྱིར། འགྲོ་བ་རྣམས་ཀྱི་གཉེན་དང་འདྲ་བར་གྱུར་ཏོ། །ཚུལ་ཁྲིམས་ཐོས་དང་གཏོང་དང་སྙིང་རྗེ་དུལ། །གཟི་བྱིན་བཟོད་དང་ཤེས་རབ་བརྟན་དང་བྱམས། །མ་དྲེགས་ངོ་ཚ་བྱིན་ཆེ་མདངས་ལྡན་གྲགས། །དེ་ལ་སྟོབས་ཆེན་སྟོབས་ཆེན་དག་པ་རྣམས། །ཡོན་ཏན་ དེ་དང་དེ་དག་ཡོད་པ་ནི། །ལང་ཚོར་གྱུར་པའི་རྒྱན་གྱིས་བརྒྱན་པ་བཞིན། །རྣམ་པར་དག་ཅིང་རྒྱ་ཆེར་ཡིད་འོང་བ། །ཟླ་བའི་འོད་ཟེར་འདྲ་བའི་གནས་སུ་གྱུར། །དེ་ནས་དེ་འབངས་རྣམས་སྐྱོང་ནུས་པ་དང་མ་འཇུངས་ཤིང་རང་བཞིན་བཟང་བའི་ཕྱིར་རྒྱལ་པོས་རྒྱལ་ཚབ་ཀྱི་ལོངས་ སྤྱོད་བྱེད་དུ་བཅུག་གོ། །རབ་ཏུ་མཁས་པས་ཆོས་ལྡན་ལེགས་སྨྲ་རྣམས། །དེ་ཡི་གནང་ཆེན་བཞིན་དུ་སྡུག་པར་གྱུར། །གང་དག་དེ་ལ་ལེགས་པར་སྨྲ་བ་དེ། །མཆོད་པ་ཁྱད་པར་ཅན་གྱིས་བཀུར་སྟི་བྱེད། །དེ་ནས་བདག་ཉིད་ཆེན་པོ་དེ་རེ་ཞིག་ཅིག་གྲོང་ཁྱེར་དང་ཉེ་བའི་སྐྱེད་མོས་ ཚལ་དཔྱིད་ཀྱི་ཟླ་བའི་དུས་ལ་བབ་པའི་མཐུས། ཤིང་གི་ལོ་མ་རྣམས་ནི་མཛེས་ཤིང་འཇམ་པར་གྱུར། མེ་ཏོག་སྡུག་གུ་ཁ་འབུས་པ་རྣམས་ནི་དགོད་པ་བཞིན། ས་གཞི་རྣམས་ནི་ནེའུ་གསིང་སྔོན་པོ་གསར་པ་རྣམས་ཀྱིས་རི་མོར་བཀྲམ་པ་བཞིན་དུ་མཛེས་པར་བྱས། ཆུ་གཙང་མ་ རྣམས་ནི་མེ་ཏོག་པདྨ་དང་། ཨུཏྤ་ལའི་འདབ་མས་ཁེབས་བུང་བ་མང་པོ་རྣམས་ནི་དགའ་བའི་སྒྲ་འབྱིན། བྱ་ཀོ་ཀི་ལ་དང་། རྨ་བྱ་རྣམས་ནི་སྒྲ་ཆེར་འབྱིན། སེར་བུ་བསིལ་བའི་དྲི་ཞིམ་པོ་ཉམས་སུ་བདེ་བ་དག་ནི་དལ་བུས་ལྡང་ཡིད་རབ་ཏུ་དགའ་བར་ བྱེད་པ་ཞིག་ནས་དམག་གི་དཔུང་རབ་ཏུ་མི་མང་བ་ཞིག་གིས་ཡོངས་སུ་བསྐོར་ཏེ། རྩེ་བའི་ཕྱིར་རྒྱུ་ཞིང་སོང་སོང་བ་ལས་སྐྱེད་མོས་ཚལ་གཞན་ཅིག་ཏུ་ཕྱིན་ཏོ། །དེ་ནི་ནགས་ཚལ་ཀོ་ཀིའི་སྒྲ་འབྱིན་པ། ལྡིང་ཁོང་རྒྱན་ཅན་ཡིད་འོང་སྐྱེད་མོས་ཚལ། །ལྗོན་ཤིང་སྣ་ཚོགས་མེ་ཏོག་ གཡུར་གྱིས་དུད། །དགའ་བའི་ཚལ་ན་ལྟ་ཞིང་དགའ་དང་སྤྱོད། །བུད་མེད་རྣམས་ནི་གླུ་དང་རྔ་སྒྲ་སྙན་དང་འབྲེལ། །འཛིན་ལ་མཁས་པའི་ཡན་ལག་མཛེས་པར་བསྒྱུར་བའི་གར། །བུད་མེད་བཟང་མོ་མཛེས་པ་ཆས་པ་དེ་དག་དང་། །སྐྱེད་མོས་ཚལ་བཟང་དེ་ན་དེ་ནི་ དགའ་བར་གནས། །དེ་དེ་ན་འདུག་པའི་དྲུང་དུ་བྲམ་ཟེ་ལེགས་པར་སྨྲ་བ་ལ་མཁས་པ་ཞིག་འོངས་ཏེ། ཞེ་ས་དང་ཕྱག་བྱས་ནས་དེའི་གཟུགས་བཟང་པོ་ལ་སེམས་ཆགས་བཞིན་དུ་དེར་འདུག་གོ། །དེ་ནས་སེམས་དཔའ་ཆེན་པོ་དེ་དེ་ན་ལང་ཚོ་ལ་བབ་ཅིང་བསོད་ནམས་ཕུན་སུམ་ ཚོགས་པའི་མཐུ་ལས་བྱུང་བའི་རོལ་མོ་བྱེད་པ་རྣམས་ལ་ལྟ་ཞིང་འདུག་པ་ལས་བྲམ་ཟེ་འོངས་པས་རབ་ཏུ་དགའ་བར་ནི་གྱུར་ན། དེས་ལེགས་པར་སྨྲས་པ། ཐོས་པ་དང་དེར་འོངས་པའི་དོན་མ་གྲུབ་པར་གློ་བུར་དུ་ཅ་ཅོ་ཆེན་པོ་གླུ་དང་སིལ་སྙན་གྱི་སྒྲའི་བར་ཆད་དུ་འགྱུར་བ་རོལ་མོའི་དགའ་བ་ ལ་གནོད་པ། བུད་མེད་གཞོན་ནུ་རྣམས་འཇིགས་ཤིང་བག་འཁུམས་པར་བྱེད་པ་ཞིག་བྱུང་བ་ཐོས་ནས། ཉུག་རུམ་པ་རྣམས་ལ་འདི་ཅི་ཡིན་རྟོགས་ཤིག་ཅེས་ཆེད་ཆེར་བསྒོས་སོ། །དེ་ནས་དེའི་ཆབ་སྒོ་བ་རྣམས་རྟབ་རྟབ་པོར་གྱུར་ནས། འཇིགས་ཤིང་སྐྲག་པས་ངོ་འཛུམ་གནག་སྟེ། མྱུར་དུ་ལྷགས་ནས་གསོལ་བ། ལྷ་སུ་དཱ་སའི་བུ་རྐང་བཀྲ་མི་ཟན་པོ་དེ་མི་མང་པོ་ཟ་བ་ལ་གོམས་པས་གཤིན་རྗེ་མངོན་སུམ་དུ་མཆིས་པ་བཞིན་དུ། སྲིན་པོ་བས་ཀྱང་སེམས་རྩུབ་པ། སྟོབས་དང་མཐུ་ལ་སོགས་པ་མི་ལས་ལྷག་པ། སྲིན་པོ་བས་ཀྱང་ལྷག་པར་མི་བཟད་པ་འཇིགས་ པ། མི་རྣམས་འཇིགས་པར་བགྱིད་པ་གཟུགས་ཅན་བཞིན་དུ་འདིར་མཆིས་ཏེ། དེས་སྐྲག་ནས་ཤིང་རྟ་དང་གླང་པོ་ཆེ་དང་རྟ་དང་དམག་མི་མང་པོའི་དཔུང་ཡང་བརྟན་པ་ཉམས་ཏེ་བྱེར་བར་གྱུར་ཅིང་མཆིས་ན། ལྷ་དེ་ལས་ཅི་ལེགས་པར་མཛད་ཅིང་བཀའ་གྲོས་མཛད་པའི་དུས་ ལ་བབ་པོ་ཞེས་གསོལ་ཏོ། །དེ་ནས་བྱང་ཆུབ་སེམས་དཔས་སུ་དཱ་སའི་བུའི་ངང་ཚུལ་གྱི་སྐྱོན་དང་སྤྱོད་པ་སྔ་ནས་ཤེས་པས་སྙིང་རྗེས་དེ་གསོ་བར་བསམས་ཏེ། དེའི་ངང་ཚུལ་ངན་པ་ཞི་བར་བྱ་བའི་མཐུ་བདག་ལ་ཡོད་པར་ཤེས་པས། སུ་དཱ་སའི་བུ་འདིར་འོངས་སོ་ཞེས་ཟེར་ བ་གཏམ་སྙན་པ་ཐོས་པ་བཞིན་དུ་དགའ་བར་གྱུར་ནས་འདི་སྐད་སྨྲས་པར་ངེས་སོ། །མི་ཤ་འདོད་པས་རྒྱལ་སྲིད་ཉམས་པར་གྱུར། །སྨྱོན་པར་གྱུར་པ་བཞིན་དུ་རང་དབང་མེད། །རང་གི་ཆོས་བཏང་བསོད་ནམས་གྲགས་པ་ཉམས། །མྱ་ངན་བྱ་བའི་གནས་སྐབས་ གནས་པ་ལ། །བདག་གིས་བརྒལ་བའི་གོ་སྐབས་ག་ལ་ཡོད། །དེ་ལྟ་བུ་ལ་འཇིགས་སུའང་ག་ལ་རུང་། །འདི་ནི་འཐབ་མོ་བརྒལ་བ་མེད་པར་ཡང་། །དེ་ཡི་སྡིག་པ་སྔོན་དུ་གཞོམ་པར་བྱ། །བདག་གིས་སོང་སྟེ་རྗེས་སུ་བཟུང་དགོས་ལ། །བདག་གི་དྲུང་དུ་ཁོ་བདག་ འོངས་པ་ལ། །དེ་བས་དེ་ལ་བདག་གིས་མགྲོན་བྱར་དགོས། །དམ་པ་རྣམས་ནི་དེ་ལྟར་མགྲོན་ཡང་བྱེད། །དེ་ནས་དེས་ཕོ་བྲང་གི་ནང་གི་མི་རྣམས་ལ་ཁྱེད་རྣམས་ལ་ཇི་ལྟར་བསྒོས་པ་བཞིན་དུ་ལེགས་པར་གྱིས་ཤིག་ཅེས་བསྒོས་ནས་བཙུན་མོའི་འཁོར་མི་དགའ་ཞིང་ཡིད་བློང་པས་ མིག་མཆི་མས་གང་། སྐད་འཛེར་ཞིང་སྨྲ་བའི་ཚིག་ནི་འཁྲུལ་བཞིན་དུ་ལམ་འགོག་པ་རྣམས་དབུགས་ཕྱུང་སྟེ་སླར་བཟློག་ནས་ཅ་ཅོ་ཆེན་པོ་གང་ན་ཟེར་བ་དེ་ལོགས་སུ་སོང་བ་དང་། སུ་དཱ་སའི་བུས་གོས་དྲི་མ་ཅན་གྱིས་རྐེད་པ་བཅིངས་ཏེ་མགོ་བོའི་སྐྲ་གཡེངས་ཤིང་རིད་ལ་རྡུལ་གྱིས་ གོས་པ་ཤིང་ཤུན་གྱིས་ཐོད་ནི་བཅིངས། གདོང་ནི་ཁ་སྤུ་རིང་པོ་འཛིངས་པས་ངམ་གནག་པར་གྱུར་ལ། ཁྲོས་ཤིང་རྔམས་པས་མིག་ནི་བགྲད་ཅིང་འཇིགས་འཇིགས་ལྟར་འདུག །རལ་གྲི་དང་ཕུབ་ནི་ཕྱར་ནས་རྒྱལ་པོའི་དཔུང་བྱེར་བའི་ཕྱི་བཞིན་དུ་སྙེགས་པ་མཐོང་ནས། འཇིགས་པ་དང་ཚམ་ཚོམ་མེད་པར། ཀྭ་ཡེ་བུ་ཟླ་བ་ནི་ང་ཡིན་ཏེ་འདི་ན་འདུག་གིས། མི་ཤ་ཟ་བ་ལ་ཞུགས་པའི་བཀྲེན་ཆོས་ངན་པ་དེས་ཅི་ཞིག་བྱ། སླར་ལོག་ཚུར་ལ་ཤོག །སུ་དཱ་སའི་བུས་ཀྱང་དེ་སྐད་འབོད་པའི་སྒྲ་ཐོས་ནས། སེང་གེ་བཞིན་དུ་ བསྙེམས་པ་དང་བཅས་པས་དེ་ནས་སླར་ལོག་པ་དང་། བྱང་ཆུབ་སེམས་དཔའ་གཅིག་པུ་ཕུབ་དང་མཚོན་ཆ་ཡང་མེད་པར་རང་བཞིན་གྱིས་ཞི་བར་སྣང་བ་མཐོང་ནས། ང་ཡང་ཁྱོད་ཉིད་ཚོལ་ཞེས་སྨྲས་ཏེ། འཛེམ་དོགས་དང་ཚམ་ཚོམ་མེད་པར་རྔམ་བཞིན་དུ་དེའི་དྲུང་དུ་བརྒྱུགས་ ཏེ་འོངས་ནས་ཕྲག་པ་ལ་བསྐྱོན་ཏེ་བྲོས་ནས་སོང་ངོ་། །བྱང་ཆུབ་སེམས་དཔས་ཀྱང་དེའི་སེམས་རྔམ་ཞིང་དྲེགས་པས་གཡེངས་པ་ལ། བློ་རྟབ་རྟབ་པོར་གྱུར་ཅིང་། རྒྱལ་པོའི་དཔུང་བྱེར་བས་རབ་ཏུ་དགའ་བར་ཡང་གྱུར་ལ། དོགས་པ་དང་བཅས་པར་ཡང་ཤེས་ནས། ད་ཅུང་ཞིག་འདི་བཅོས་པའི་དུས་ལ་མ་བབ་པོ་སྙམ་ནས་བཏང་སྙོམས་སུ་བཞག་གོ། །སུ་དཱ་སའི་བུ་ཡང་འདོད་པའི་དོན་གྲུབ་པས་རྙེད་པ་ཆེན་པོ་རྙེད་པ་བཞིན་དུ་ཡིད་རབ་ཏུ་དགའ་ནས་རང་གི་གནས་རྫོང་། མི་རྣམས་བསད་པའི་ཀེང་རུས་མང་པོས་གང་། །ས་གཞི་ཁྲག་ གིས་གཤེར་བས་རྩུབ་རྩུབ་ལྟར། །ཅེ་སྤྱང་ཁ་འབར་མི་སྙན་སྒྲ་སྒྲོགས་པ། །ཁྲོ་ཚིག་རྩུབ་མོས་རབ་ཏུ་སྐྲོད་པ་བཞིན། །བྱ་རྒོད་ཁ་ནས་ལོ་མ་དམར་བའི་ཤིང་། །རོ་མང་བསྲེགས་པའི་དུ་བས་མདོག་འགྱུར་ཞིང་། །སྲིན་པོ་ཡི་དྭགས་གར་བྱེད་ལྟས་ངན་འཇིགས། །མགྲོན་ པོས་རྒྱང་ནས་མཐོང་ན་མིག་བསྒྱུར་བ། །དེ་ལྟ་བུའི་ནང་དུ་སོང་ནས་དེར་བྱང་ཆུབ་སེམས་དཔའ་བཞག་སྟེ། དེའི་བྱད་གཟུགས་བཟང་པོ་ཕུན་སུམ་ཚོགས་པ་ལ་ཆགས་ནས། མིག་བགྲད་དེ་དེ་ལ་ལྟ་ཞིང་ངལ་བསོ་ཞིང་འདུག་གོ། །དེ་ནས་བྱང་ཆུབ་སེམས་དཔས་བྲམ་ཟེ་ལེགས་པར་སྨྲ་བའི་ སྐྱེས་ཁྱེར་ཏེ་འོང་བ། རིམ་གྲོ་མ་བྱས་པ་སྐྱེད་མོས་ཚལ་དེར་སླར་འོང་དུ་རེ་ཞིང་སྡོད་པ་དེ་རྗེས་སུ་དྲན་ནས་བསམས་པ། ཀྱེ་མའོ་མཚར་ཅིག་བྱས་ཀྱིས་མེད། །ལེགས་པར་སྨྲ་བའི་སྐྱེས་བུ་ལ། །རེ་བའི་སེམས་ཀྱིས་རིང་ནས་འོངས། །འདི་ལྟར་བདག་ཁྲིད་ཐོས་ནས་སུ། ། བྲམ་ཟེ་དེས་ནི་ཅི་བྱེད་ཅིག །རེ་ཐག་ཆད་པའི་མེ་ཡིས་སེམས་བསྲེགས་ཏེ། །མྱ་ངན་མི་བཟད་ཆེན་པོས་གདུངས་གྱུར་ཏམ། །བདག་གི་མྱ་ངན་བྱེད་ཅིང་ཤུགས་འབྱིན་ཏམ། །རང་གི་སྐལ་བ་ཆུང་ཞེས་སྨོད་ཅིང་འདུག །བྱང་ཆུབ་སེམས་དཔའ་དེས་དེ་སྙམ་དུ་སེམས་ཤིང་ བྲམ་ཟེའི་སྡུག་བསྔལ་གྱིས་སེམས་གདུངས་ནས་སྙིང་རྗེའི་དབང་གིས་མཆི་མ་བྱུང་ངོ་། །དེ་ནས་སུ་དཱ་སའི་བུས་བྱང་ཆུབ་སེམས་དཔའ་མིག་མཆི་མས་གང་བ་ལ་བལྟས་ནས་དགོད་ཅིང་སྨྲས་པ། ཁྱོད་ཅུང་ཞིག་སྡོད་ཅིག །ཡོན་ཏན་མང་པོ་དེ་དག་གིས། །ཁྱོད་ནི་རབ་ཏུ་བརྟན་ ཞེས་གྲགས། །འོན་ཀྱང་ང་ཡི་དབང་གྱུར་ན། །འདི་ལྟར་མཆི་མ་བྱུང་ངམ་ཅི། །ཉམས་ཉེས་བརྟན་པ་དོན་མེད་འགྱུར། །མྱ་ངན་བྱུང་ན་ཐོས་མི་ཕན། །བརྡེག་ན་གཡོ་བར་མི་འགྱུར་བའི། །སེམས་ཅན་དེ་ནི་གང་ཡང་མེད། །ཅེས་ཟེར་བ་དེ་རེ་བདེན་གྱི། དེ་བས་ན་དྲང་པོར་ ཁྱོད་སྨྲོས་ཤིག །སྲོག་གམ་སྡུག་པའམ་འོན་ཏེ་བདེ་བ་བསྒྲུབ་པའི་ནོར། །གཉེན་ནམ་མི་ཡི་བདག་པོ་རྒྱལ་སྲིད་མྱ་ངན་བྱེད། །བུ་ལ་བྱམས་པའི་ཕ་ནི་ངུ་བའམ་བུ་ཡང་རུང་། །དྲན་ནས་ཁྱོད་ཀྱི་མིག་ནི་མཆི་མས་གང་བར་འགྱུར། །བྱང་ཆུབ་སེམས་དཔས་སྨྲས་པ། སྲོག་དང་ ཕ་མ་བུ་དང་གཉེན་དང་ཆུང་མའི་ཕྱིར་ཡང་མ་ཡིན་ལ། །བདག་ལ་མཆི་མ་བྱུང་བ་འདི་ནི་དབང་ཕྱུག་བདེ་བ་དྲན་པའང་མིན། །བྲམ་ཟེ་ལེགས་པར་སྨྲ་བ་རེ་བས་འོངས་པ་བདག་ཁྲིད་ཐོས་ནས་སུ། །རེ་ཐག་ཆད་པས་ངེས་པར་དེ་གདུངས་དྲན་ནས་བདག་ནི་མཆི་མ་བྱུང་། །དེ་བས་བྲམ་ ཟེ་རེ་ཐག་ཆད་པས་སེམས་དཀྲུགས་ཏེ། །བཀུར་སྟིའི་ཆུས་བཀྲུས་གསལ་བར་བྱས་ནས་དེ་ལས་ཀྱང་། །ལེགས་པར་སྨྲས་པའི་བདུད་རྩི་མྱོང་བར་བྱས་ནས་སུ། །སླད་དུ་འོང་བའི་བར་དུ་བདག་ནི་བཏང་དུ་གསོལ། །བདག་གིས་བྲམ་ཟེའི་དྲིན་ལ་ལན་བླན་ནས། །ཁྱོད་ཀྱི་ དྲིན་ཡང་དེ་ནས་ལེན་འདོན་དུ། །འདིར་ནི་འོངས་ནས་ཁྱོད་ཀྱི་མིག་གཉིས་ཀྱིས། །རབ་ཏུ་དགའ་བའི་སྐབས་ཕྱེ་ལྟར་ཡང་གཞུག །འདི་ནི་བྲོས་པའི་ཐབས་ཅིག་ཡིན་སྙམ་དུ། །སེམས་ཤིང་ཡིད་ལ་དོགས་པ་མ་བསྐྱེད་ཅིག །རྒྱལ་པོ་བདག་ལྟ་བུ་ཡི་ལམ་ཡང་གཞན། །སྐྱེ་ བོ་གཞན་ཡང་དེ་ལྟར་མིན་པར་སྤྱོད། །སུ་དཱ་སའི་བུས་སྨྲས་པ། །དེ་སྐད་ཁྱོད་ཀྱིས་རབ་ཏུ་གུས་སྨྲས་ཀྱང་། །ཇི་ལྟར་བྱས་ཀྱང་ཡིད་ཆེས་མི་རུང་ངོ་། །འཆི་བདག་ཁ་ནས་ཐར་ཏེ་བདེར་གནས་པ། །སུ་ཞིག་དེ་ནི་སླད་དུ་འོང་བ་ཡོད། །འཆི་བདག་ འཇིགས་པ་ཐར་བར་དཀའ་ལས་ཐར། །རང་གི་ཁྱིམ་ན་བདེ་བར་གནས་གྱུར་པ། །གང་ཕྱིར་ཁྱོད་ནི་ང་ཡི་དྲུང་འོངས་པ། །དེ་ཡི་རྒྱུ་ནི་ཅི་ཞིག་ཡོད་པར་སྨྲོས། །བྱང་ཆུབ་སེམས་དཔས་སྨྲས་པ། །བདག་འདིར་སླར་འོང་བའི་རྒྱུ་ཆེན་པོ་ཅིག་ཡོད་པར་ཡང་ཁྱོད་ཀྱིས་ཡིད་ ཆེས་སུ་མི་རུང་བ་ཅི་ཡོད། ངས་སླར་འོང་ངོ་ཞེས་ཁས་མ་བླངས་སམ། དེ་ལྟར་མི་ངན་པ་དང་མགོ་བསྙམས་ཏེ་དོགས་པ་མ་བསྐྱེད་ཅིག །ང་ནི་བུ་ཟླ་བ་ཞེས་བྱ་བ་ཡིན་ནོ། །ཁ་ཅིག་འདོད་པའི་འཇིགས་པའམ། ཤིར་དོགས་པས་བདེན་པར་སྨྲ་བ་རྩྭ་དང་འདྲ་བར་དོར། ཡ་ རབས་རྣམས་ནི་བདེན་པ་སྲོག་དང་འདྲ། །དེ་བས་རབ་ཏུ་ཕངས་ཀྱང་དེ་ནི་འདོར། །བདེན་པ་མེད་ན་ཚེ་འདིའི་བདེ་བའམ། །སྲོག་ཀྱང་ངན་འགྲོ་དག་ལས་བསྲུང་མི་ནུས། །དགའ་བ་གྲགས་དང་བདེ་བའི་འབྱུང་གནས་གང་། །བདེ་བ་སུ་ཞིག་དེ་ཕྱིར་སྤོང་པར་བྱེད། །གྱ་གྱུའི་ ཚུལ་ཞིག་གལ་ཏེ་མཐོང་གྱུར་ཏམ། །ལེགས་པར་སྤྱོད་པ་གལ་ཏེ་མ་མཐོང་ངོ་། །དེ་ལྟར་བདེན་པ་ཡིད་ཆེས་མི་འགྱུར་བ། །ང་ལ་ཅི་ཞིག་ཁྱོད་མཐོང་དོགས་པ་སྐྱེ། །ཁྱོད་ཀྱིས་ང་ནི་གལ་ཏེ་འཇིགས་གྱུར་ཏམ། །བདེ་ལ་ཆགས་པས་སྙིང་རྗེ་མེད་གྱུར་ན། །དཔའ་བར་སེམས་ ཤིང་གཏུམ་པོར་སྤྱོད་གྲགས་པ། །ཕུབ་བཟུང་མཚོན་བཟུང་དྲུང་དུ་ང་འོང་ངམ། །ཁྱོད་དང་བཤེས་པ་རང་ཡང་འདོད་པ་ཉིད། །འདི་ནས་བྲམ་ཟེ་དེ་ཡི་དོན་བྱས་ནས། །སླར་ཡང་བདག་ནི་ཁྱོད་ཀྱི་གན་དུ་འོང་། །ངེད་ཅག་ལྟ་བུ་བརྫུན་གྱི་ཚིག་མི་སྨྲ། །དེ་ནས་སུ་དཱ་སའི་བུས་བྱང་ ཆུབ་སེམས་དཔའི་ཚིག་དེ་རང་ལ་བསྟོད་པ་འདྲ་བས་མ་བཟོད་ནས་བསམས་པ། །འདི་ནི་བདེན་པར་སྨྲས་པ་དང་ཆོས་དང་ལྡན་པར་ཡང་མངོན་ན། །དེ་བས་ན་རེ་ཞིག་འདི་བདེན་པ་ལ་དགའ་བ་དང་ཆོས་ལ་དགའ་བ་ལ་ལྟའོ། །གཞན་ཡང་འདི་མེད་དུ་ཟིན་ཡང་རྒྱལ་རིགས་ཀྱི་བུ་ བརྒྱ་ཙམ་རང་གི་མཐུས་རྙེད་པ་བདག་ལ་ཡོད་ཀྱིས། ཇི་ལྟར་ཁས་བླང་བ་བཞིན་དུ་དེ་དག་གིས་འབྱུང་པོའི་མཆོད་སྦྱིན་བྱའོ་སྙམ་ནས། བྱང་ཆུབ་སེམས་དཔའ་ལ་སྨྲས་པ། འོ་ན་སོང་ཤིག་ཁྱོད་ཀྱིས་བདེན་པར་སྨྲ་བ་ཁས་འཆེས་པ་དང་། ཆོས་དང་ལྡན་པར་ཁས་འཆེས་ པར་ལྟའོ། །སོང་ལ་བྲམ་ཟེ་དེ་ཅི་དང་ཅི་འདོད་པ་བྱོས་ལ་སླར་མྱུར་དུ་ཤོག་ཅིག །ང་ཡང་ཁྱོད་བསྲེག་པའི་སྟ་གོན་བྱེད་ཅིང་སྡོད་དོ། །དེ་ནས་བྱང་ཆུབ་སེམས་དཔས་དེ་བཞིན་དུ་བྱའོ་ཞེས་དེའི་ཚིག་ཉན་ནས་རང་གི་ཁྱིམ་དུ་སོང་ངོ་། །རང་གི་མི་རྣམས་ཀྱང་རབ་ཏུ་དགའ་བར་ གྱུར་ཏོ། །བྲམ་ཟེ་དེ་ཡང་བཀུག་སྟེ་དེ་ལས་ཚིགས་སུ་བཅད་པ་བཞི་ཐོས་སོ། །དེས་དེ་ཐོས་ནས་ལེགས་པར་སྨྲས་པས་ཡིད་མགུ་ནས་སེམས་དཔའ་ཆེན་པོ་དེས། བྲམ་ཟེ་དེ་ལ་མགུ་བར་བྱས་པ་དང་། ཚིག་སྙན་པ་དང་། བཀུར་སྟི་བྱས་ནས་ཚིགས་སུ་བཅད་པ་གཅིག་ གསེར་སྲང་སྟོང་སྟོང་གི་ཐང་དུ་བརྩིས་ཏེ། ཅི་འདོད་པའི་ནོར་གྱིས་མཆོད་པར་བྱས་སོ། །དེ་ནས་དེའི་ཕས་དེ་ལ་གནས་མ་ཡིན་པར་གོད་ཚབས་ཆེ་བ་དགག་པའི་བསམ་པས་སྐབས་ཤིག་ཏུ་གླེང་བསླང་སྟེ་ཚིག་འཇམ་པོས་སྨྲས་པ། བུ་ལེགས་པར་སྨྲས་པ་ལ་མཆོད་པ་ཡང་རན་ པར་བྱས་ན། །ལེགས་པར་ཤེས་པར་བྱ་བར་རིགས་སོ། །ཁྱོད་ཀྱིས་འབངས་མང་པོ་གསོ་དགོས་ལ། རྒྱལ་པོའི་དཔལ་ཡང་ནོར་ཕུན་སུམ་ཚོགས་པ་ལ་ལྟོས་སོ། །དེ་བས་ན་ཁྱོད་ལ་སྨྲའོ། །ལེགས་པར་སྨྲས་པའི་མཆོད་པ་མང་ན་བརྒྱ། །དེ་བས་མང་ན་ནུས་པར་མི་འགྱུར་ ཏེ། །སྦྱིན་པ་དྲགས་ན་ནོར་གྱི་དབང་ཕྱུག་གི །ནོར་ཡང་ཇི་སྲིད་ཅིག་ཏུ་ཐུབ་པར་འགྱུར། །ནོར་དང་རབ་ཏུ་ལྡན་ན་བསྒྲུབ་པར་ནུས། །དེ་དང་མི་ལྡན་ན་ནི་བསྒྲུབ་མི་ནུས། །ནོར་མེད་ན་ནི་རྒྱལ་པོའི་དཔལ་དེ་ཡང་། །དགའ་བར་མི་འགྱུར་སྨད་འཚོང་བུད་མེད་བཞིན། །བྱང་ཆུབ་སེམས་ དཔས་སྨྲས་པ། ལེགས་པར་སྨྲས་པ་རྣམས་ཀྱི་རི་ཐང་ཅིག །གལ་ཏེ་ངེས་པར་བཅད་དུ་རུང་ན་ནི། །དེ་ཡི་རིན་དུ་རྒྱལ་སྲིད་ཉིད་ཀྱང་སྦྱིན། །ཁྱོད་ཀྱིས་འགྱོད་ཀྱང་སྨྲ་བར་ག་ལ་འགྱུར། །གང་ཞིག་ཐོས་ནས་ཡིད་ནི་དད་གྱུར་ནས། །ལེགས་པར་དགའ་ལ་བརྟན་པ་ཉིད་ དུ་འགྱུར། །ཤེས་རབ་སྐྱེ་ཞིང་གཏི་མུག་མེད་པར་འགྱུར། །རང་གིས་ཤེས་ཀྱང་དེ་ཉིད་ཉོ་བར་རིགས། །ཐོས་པ་གཏི་མུག་མུན་སེལ་སྒྲོན་མེ་ཡིན། །རྐུན་པོ་ལ་སོགས་མི་ཁྱེར་ནོར་གྱི་མཆོག །ཀུན་ཏུ་རྨོངས་པའི་དགྲ་འཇོམས་མཚོན་ཆ་ཡིན། །ཐབས་ ཚུལ་མན་ངག་སྟོན་པའི་གྲོགས་ཀྱི་མཆོག །ཕོངས་པར་གྱུར་ཀྱང་མི་འགྱུར་མཛའ་བོ་ཡིན། །གནོད་པ་མེད་པའི་མྱ་ངན་ནད་ཀྱི་སྨན། །ཉེས་པ་ཆེན་པོ་ཡི་ནི་དཔུང་འཇོམས་པ། །གྲགས་དང་དཔལ་གྱི་གཏེར་གྱི་མཆོག་ཀྱང་ཡིན། །ཡ་རབས་རྣམས་དང་འཕྲད་ན་སྐྱེས་ཀྱི་མཆོག ། ཚོགས་ཀྱི་ནང་ན་མཁས་པ་དགའ་བར་འགྱུར། །ཕས་ཀྱི་རྒོལ་བ་ཉི་མའི་འོད་དང་འདྲ། །འདྲེན་པ་རྣམས་ཀྱང་གྲགས་དང་དྲེགས་པ་སེལ། །མི་ཤེས་རྣམས་ཀྱང་རབ་ཏུ་དགའ་གྱུར་ནས། །མིག་དང་བཞིན་མདངས་རབ་ཏུ་གསལ་གྱུར་ཅིང་། །ལག་པའི་སེ་གོལ་མགུ་ བྱེད་རྡེབ་པ་ཡིས། །ཁྱད་པར་རབ་ཏུ་ཆེ་བ་རྣམ་པར་སྒྲོགས། །གཏན་ཚིགས་དོན་རྣམས་རབ་ཏུ་གསལ་བར་སྟོན། །གཙུག་ལག་ལུང་རྣམས་སྣ་ཚོགས་སྟོན་དང་མཚུངས། །བསྙེན་ཞིང་སྦྱངས་པས་ཡིད་དུ་འོང་བའི་ཕྱིར། །མེ་ཏོག་ཕྲེང་བ་མར་རྙིང་བཀྲམ་པ་བཞིན། །དུལ་ ཞིང་རབ་ཏུ་གསལ་བའི་སྤོབས་པ་བསྐྱེད། །གྲགས་པ་ཆེན་པོ་འཕྲལ་དུ་འབྱུང་བར་བྱེད། །སྨྲ་ལྕེ་བདེར་འགྱུར་ཁྱད་པར་ཅན་གྱི་རྒྱུ། །ཐོས་པའི་དཔལ་གོམས་དོན་གསལ་རྟོགས་པར་འགྱུར། །ཐོས་དང་ལྡན་ན་འགལ་བ་མེད་པ་ཡི། །འཁོར་གསུམ་ལམ་ལ་རབ་ཏུ་གནས་ པར་འགྱུར། །ཐོས་པའི་རྗེས་འཇུག་སྒྲུབ་པ་སྙིང་པོར་བྱེད། །སྐྱེ་བའི་རྫོང་ལས་ཚེགས་ཆུང་ཐར་བར་འགྱུར། །དེ་ལྟར་ཐོས་པ་ཡོན་ཏན་དུ་མ་ཅན། །ཐོས་པ་བདག་གིས་སྐྱེས་དང་འདྲ་རྙེད་ནས། །ནུས་བཞིན་དུ་ནི་ཇི་ལྟར་མཆོད་མི་བགྱི། །ཁྱོད་ཀྱི་བཀའ་ཡང་ཅི་ཕྱིར་བཅག་ མི་འགྱུར། །སྐྱོན་གྱི་ལམ་དུ་ཞུགས་ནས་དོན་མེད་པར། །ཡོན་ཏན་ཉམས་པར་འགྱུར་བ་ཐོབ་འགྱུར་བའི། །རྒྱལ་སྲིད་སྤྱོད་པ་བདག་ལ་དགོས་པ་མེད། །དེ་བས་སུ་དཱ་ས་ཡི་དྲུང་དུ་འགྲོ། །དེ་ནས་དེའི་ཕ་དེ་དེ་ལ་བྱམས་པས་རྟབ་རྟབ་པོར་གྱུར་ནས། ཞེ་ས་བསྐྱེད་ནས་དེ་ལ་ སྨྲས་པ། བུ་ཁྱོད་ཉིད་ལ་ཕན་པའི་ཕྱིར་ངས་ཁྱོད་ལ་དེ་སྐད་སྨྲས་ཀྱིས། དེ་ལྟར་མི་དགའ་མ་བྱེད་ཅིག་ཁྱོད་ཀྱི་དགྲ་རྣམས་སུ་དཱ་སའི་བུའི་དབང་དུ་འགྲོའམ། འོན་ཏེ་དེའི་དྲུང་དུ་འགྲོ་བ་ཁྱོད་ཀྱིས་ཁས་བླངས་ཏེ། བདེན་པ་བསྲུང་བའི་ཕྱིར་ཁ་འོག་ཏུ་ལུས་འཁྲུད་པར་ བྱ་འདོད་ན་དེ་ཡང་ངས་མི་གནང་ངོ་། །དེ་ཅིའི་ཕྱིར་ཞེ་ན། རང་གི་སྲོག་བསྲུང་བ་དང་བླ་མའི་དོན་དུ་བརྫུན་བྱས་ཀྱང་སྡིག་ཏུ་མི་འགྱུར་བར་རིག་བྱེད་མཁས་པ་དག་གིས་བཤད་པའི་ཕྱིར། དེ་བས་ན་བརྫུན་སྤོང་བ་ལ་འབད་པས་ཁྱོད་ལ་ཅི་ཞིག་བྱ། སྲིད་དང་འདོད་པ་ཉིད་དང་འགལ་ བའི་ཆོས་ལ་བརྟེན་པ་ཡང་ཐབས་དང་ཚུལ་མ་ཡིན་ལ་སྡུག་བསྔལ་ཡིན་པར་རྒྱལ་པོ་ཐབས་དང་ཚུལ་མ་མཁས་པར་སྨྲའོ། །དེ་བས་ན་ངེད་ཀྱི་སེམས་གདུངས་པར་འགྱུར་བ་དང་། རང་གི་དོན་ལ་ཡང་མི་ལྟ་བར་ཁྱོད་ཀྱི་ངན་དུས་དེ་ཐོང་ཤིག །དེ་སྟེ་གཞུང་ལུགས་ཀྱི་ཆོས་དང་ འགལ་བས་གཏམ་ངན་པ་དང་ཡིད་དམ་བཅས་པ་དང་འགལ་བར་མི་རིགས་སོ་སྙམ་ནས་ཁྱོད་ཀྱི་ཡིད་ལ་མི་འཐད་ན་ཡང་ཁྱོད་ཐར་བར་བྱ་བའི་ཕྱིར་ངའི་དམག་གི་དཔུང་རྟ་དང་། གླང་པོ་ཆེ་དང་། ཤིང་རྟ་དང་། རྐང་ཐང་དུ་ལྡན་པའི་སྙིང་ཉེ་བ། དགྲ་ཐབས་ལ་མཁས་ཤིང་ དཔའ་བ་གཡུལ་ངོ་དུ་མ་ལས་རྒྱལ་བར་གྱུར་པའི་དཔུང་ཆེན་པོ་འཇིགས་འཇིགས་ལྟར་འདུག་པ་བཤམས་ཟིན་གྱིས། དེ་བས་ན་དེས་ཡོངས་སུ་བསྐོར་ཏེ་སོང་ལ། དེའི་དབང་དུ་གྱུར་པ་ལས་ཐར་པ་དང་། གཤིན་རྗེའི་དབང་དུ་གྱུར་པ་ལས་ཀྱང་ཐར་བར་བྱས་ནས། ཁས་བླངས་པ་ཡང་ཁ་འོག་ཏུ་ལུས་འཁྲུད་པར་འགྱུར་ལ། བདག་ཀྱང་བསྲུང་བར་འགྱུར་རོ། །བྱང་ཆུབ་སེམས་དཔས་སྨྲས་པ། ལྷ་ཁས་བླངས་ལས་གཞན་དུ་བགྱིད་པའི་རྔོ་མི་ཐོགས་སོ། །རྣམ་པ་གཅིག་ཏུ་མྱ་ངན་བགྱིར་རུང་བ་སྡུག་བསྔལ་གྱི་འདམ་དུ་བྱིང་བ། སེམས་ཅན་དམྱལ་བ་ལ་མངོན་དུ་ཕྱོགས་པ། མཛའ་བོ་དང་གཉེན་བཤེས་ཀྱིས་སྤངས་པ། མགོན་མ་མཆིས་པ་དེ་ལྟ་བུ་ལ་བརྒལ་བའི་གཏོལ་ཡང་མ་མཆིས་སོ། །གཞན་ཡང་མི་ཤ་འཚལ་བས་བདག་ལ་ནི། །དེ་ལྟ་བུ་ཡིས་ཡང་བར་བགྱིས། །བདག་གི་ཚིག་ གིས་ཡིད་ཆེས་ནས། །དབང་དུ་གྱུར་པ་བཏང་བར་དགའ། །དེ་ཡི་དྲིན་གྱིས་བདག་གིས་ནི། །ལེགས་པར་སྨྲས་པ་འདི་ཡང་ཐོས། །དེ་བས་ལྷག་པར་དྲིན་ཆེ་བས། །ད་ནི་བདག་གིས་རྗེས་སུ་བཟུང་། །ལྷ་འདི་ལ་བདག་བཀུམ་དུ་ དོགས་པ་ཡང་མི་མཛད་དུ་གསོལ། བདག་འདི་ལྟར་ཁོ་བོའི་དྲུང་དུ་མཆིས་པ་ལ་གུམ་པའི་རྔོ་ག་ལ་ཐོགས། དེ་ལྟར་བདག་ཉིད་ཆེན་པོ་དེས་ཕས་འགྲོར་མི་སྟེར་བ་ལ་ཚིག་འཇམ་པོས་གསོལ་བ་བཏབ་པ་སྤོབས་ཏེ་གསོལ་བ་འདེབས་པའི་མི་རྣམས་དང་། དམག་གི་དཔུང་ཉེ་བ་རྣམས་ ནི་སླར་བཟློག་སྟེ། གཅིག་པུ་འཇིགས་པ་དང་མི་དགའ་བ་མེད་པར་བདེན་པ་རྗེས་སུ་བསྲུང་ཞིང་འཇིག་རྟེན་ལ་ཕན་པའི་ཕྱིར། སུ་དཱ་སའི་བུ་སེམས་ཤིང་དེའི་གནས་སུ་སོང་ངོ་། །སུ་དཱ་སའི་བུས་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་རྒྱང་རིང་པོ་ནས་མཐོང་ནས། ཡ་མཚན་ ཆེར་བཟུང་སྟེ། སེམས་རྩུབ་པ་ལ་ཡུན་རིང་དུ་གོམས་པའི་དྲི་མས་ཤས་ཆེར་གཡོགས་ཀྱང་རབ་ཏུ་གུས་ཤིང་དང་བར་གྱུར་ནས་འདི་ལྟར་སེམས་པར་མངོན་ནོ། །ཨེ་མ་འོ། ཨ་ལ་ལ། ཨ་ལ་ལ། ཨེ་མ་འོ་ངོ་མཚར་ཆེ། དེ་བཞིན་རྨད་དུ་བྱུང་བས་རྨད། །རྒྱལ་པོ་ དེ་ཡི་སེམས་རླབས་ནས། །ལྷ་དང་མི་ལས་རབ་ཏུ་འཕགས། །འཆི་བདག་མི་བཟད་པ་ལ་ཡང་། །འཇིགས་སྐྲག་ཅུང་ཟད་ཙམ་ཡང་མེད། །འདི་ལྟར་བདག་རང་འདིར་འོངས་པ། །ཨེ་མ་འོ་བདེན་སྨྲ་བསྟན་ལ་དགེ །འདི་ལྟར་བདེན་པ་བསྲུང་བའི་ཕྱིར། ། སྲོག་དང་རྒྱལ་སྲིད་གང་གཏོང་བ། །བདེན་པར་སྨྲ་ཞེས་གྲགས་པ་དེ། །ཐོག་ཏུ་བབ་པས་རྣམ་པར་གྲགས། །དེ་ནས་བྱང་ཆུབ་སེམས་དཔའ་ལ་ཡ་མཚན་ཆེ་ཞིང་རབ་ཏུ་གུས་པར་གྱུར་ལ། སེམས་རབ་ཏུ་དང་བར་གྱུར་ནས་དེའི་དྲུང་དུ་འོངས་ཏེ་སྨྲས་པ། ལེགས་པར་སྨྲ་ བའི་ནོར་རྙེད་ཕོངས་པ་མཆོད་པར་བྱས། །ཁྱོད་ཀྱི་དྲིན་ལ་ཡིད་ཀྱང་རབ་ཏུ་དགའ་བར་གྱུར། །བདག་ཀྱང་ད་ནི་འདིར་འོང་ཇི་ལྟར་འདོད་པ་ཟོ། །ཡང་ན་མཆོད་སྦྱིན་ཕྱིར་ནི་ཕྱུགས་ཀྱི་བརྟུལ་ཞུགས་འབྱིན། །སུ་དཱ་སའི་བུས་སྨྲས་པ། ང་ཡིས་ཁྱོད་བཟའི་དུས་ནི་ད་ཅུང་ ཡོད། །བསྲེག་པའི་གནས་ཀྱང་ད་ཅུང་དུད་པ་འཐུལ། །ཤ་ཡང་དུད་པ་མེད་པར་བསྲེག་ན་ཞིམ། །ལེགས་པར་སྨྲས་པ་དེ་དག་རེ་ཞིག་མཉན། །བྱང་ཆུབ་སེམས་དཔས་སྨྲས་པ། ཁྱོད་ད་འདི་ལྟར་མ་རུངས་གྱུར་པ་ལས། །ལེགས་པར་སྨྲས་པ་ཅི་ཞིག་མཉན་ པར་བྱ། །སྐྱེ་དགུ་རྣམས་ལ་སྙིང་རྗེ་མེད་གྱུར་པས། །ལྟོ་ཡི་ཕྱིར་ནི་གནས་སྐབས་ཅི་འདྲ་རྙེད། །ཚིགས་བཅད་འདི་རྣམས་ཆོས་ཉིད་འབའ་ཞིག་སྨྲ། །ཆོས་དང་ཆོས་མིན་དེ་བས་མི་མཐུན་ནོ། །སྲིན་པོ་བས་ཀྱང་སྤྱོད་ཚུལ་ངན། །འཕགས་པའི་ལམ་ནི་རབ་ཏུ་སྤངས། ། བདེན་པའང་མེད་ན་སྨོས་ཅི་དགོས། །ཐོས་པས་ཁྱོད་ལ་ཅི་ཞིག་བྱ། །དེ་ནས་སུ་དཱ་སའི་བུས་འཕྱས་པ་དེ་མ་བཟོད་ནས་སླར་སྨྲས་པ། ཁྱོད་ཅུང་ཞིག་སྡོད་ཅིག་རྒྱལ་པོ་གང་ཞིག་མཚོན་ཆ་གཟས་ནས་རྩེད་མོའི་ཕྱིར། ནགས་ཚལ་རི་དྭགས་སྡུག་གུ་མ་བསད་ཡོད་པ་ སྨྲོས། །དེ་བཞིན་འཚོ་བའི་ཕྱིར་ཡང་གལ་ཏེ་མི་བསད་ན། །དེ་ནི་ཆོས་འགལ་ཟེར་ལ་རི་དྭགས་གསོད་པ་མིན། །བྱང་ཆུབ་སེམས་དཔས་སྨྲས་པ། གང་དག་རི་དྭགས་བྲོས་པ་བསྙགས་ཤིང་གཞུ་བདུངས་པ། །དེ་དག་ཀུན་ཀྱང་ཆོས་ལ་གནས་པ་མ་ཡིན་ཏེ། །མི་ཤ་ ཟ་བ་དེ་དག་བས་ཀྱང་རབ་ཏུ་སྨད། །མི་རྣམས་རིགས་ཀྱིས་མཐོ་བ་ཡིན་པས་བཟར་མི་རུང་། །དེ་ནས་སུ་དཱ་སའི་བུ་ལ། བྱང་ཆུབ་སེམས་དཔས་ཚིག་རྩུབ་པོས་འཕྱས་ཀྱང་། དེའི་བྱམས་པའི་ཡོན་ཏན་གྱི་མཐུས། ཁྲོ་བའི་རང་བཞིན་ཟིལ་གྱིས་ནོན་ནས། དེའི་ཚིག་ རྣར་འོང་བ་བཞིན་དུ་འཛུམ་དམུལ་ཏེ་སྨྲས་པ། ང་ཡིས་ཁྱོད་བཏང་ཁྱིམ་དུ་ཕྱིན་ནས་སུ། །རྒྱལ་པོའི་ལོངས་སྤྱོད་དགའ་བ་ཐམས་ཅད་མྱོང་། །འོན་ཀྱང་ང་ཡི་དྲུང་དུ་ཁྱོད་འོངས་པ། །དེ་བས་ཁྱོད་ནི་གཞུང་ལུགས་ཚུལ་མི་མཁས། །བྱང་ཆུབ་སེམས་དཔས་སྨྲས་པ། དེ་ ལྟ་མ་ཡིན་ནོ། །ཚུལ་དེ་སྤྱོད་པར་མི་འདོད་པའི་ཕྱིར་ང་ཉིད་གཞུང་ལུགས་ཀྱི་ཚུལ་ལ་མཁས་སོ། །དེ་ལ་སྤྱོད་པར་གྱུར་པ་ནི། །ཆོས་ཀྱི་གཟི་བྱིན་རབ་ཏུ་ཆེ། །འཕྲལ་གྱི་བདེ་བ་རབ་བསྒྲུབ་པ། །དེ་ལས་མཁས་པ་སུ་ཞིག་ཡོད། །གཞན་ཡང་། གཞུང་ལུགས་ཚུལ་ སྤྱོད་བརྟན་པ་གང་ཡིན་པ། །དེ་དག་ཕལ་ཆེར་ཤི་ནས་ངན་སོང་ལྷུང་། །དེ་བས་གཞུང་ལུགས་ཚུལ་ངན་ལམ་སྤོངས་ནས། །བདེན་པའི་ཚིག་བསྲུང་སླར་ཡང་འདིར་འོངས་སོ། །བརྫུན་སྨྲ་བཏང་ནས་བདེན་པར་ངས་སྨྲ་སྟེ། །དེ་བས་གཞུང་ ལུགས་མཁས་པ་ང་ཉིད་ཡིན། །གྲགས་དང་བདེ་བའི་དོན་དང་འགལ་བ་གང་། །དེ་ནི་གཞུང་བཟང་མིན་ཞེས་དེ་མཁས་སྨྲ། །སུ་དཱ་སའི་བུས་སྨྲས་པ། ཕངས་པའི་སྲོག་དང་ནང་མིའི་མཆི་མས་འཇུ་བ་དང་། །རྒྱལ་སྲིད་བདེ་བ་ཡིད་དུ་འོང་བ་བོར་ནས་སུ། །བདེན་པའི་ ཚིག་ལ་དོན་དུ་འགྱུར་བ་ཅི་མཐོང་ནས། །དེ་བསྲུང་ཕྱིར་ནི་འདི་ལྟར་ང་ཡི་དྲུང་དུ་འོངས། །བྱང་ཆུབ་སེམས་དཔས་སྨྲས་པ། བདེན་པའི་ཡོན་ཏན་ལ་གནས་ན་ཡོན་ཏན་ཁྱད་པར་ཅན་མང་དུ་ཡོད་ཀྱིས། མདོ་ཙམ་ཞིག་ཉོན་ཅིག །ཕྲེང་བ་མཛེས་པའི་བརྒྱན་པས་ཁྱད་པར་འཕགས། ། རོ་རྣམས་ཀུན་ལས་ཞིམ་པས་ཁྱད་པར་འཕགས། །དཀའ་ཐུབ་སྤྱོད་དང་མུ་སྟེགས་འགྲོ་བ་ཡི། །ཉོན་མོངས་མེད་པར་བསོད་ནམས་ཡོན་ཏན་བསྒྲུབ། །འགྲོ་བ་མཐའ་དག་ཁྱབ་པའི་གྲགས་པ་འཕེལ། །བདེན་པ་འཇིག་རྟེན་གསུམ་ལས་འདས་པའི་ལམ། །ལྷ་ཡི་གནས་ སུ་འཇུག་པའི་སྒོ་ཡང་ཡིན། །འཁོར་བའི་རྫོང་ལས་ཐར་བའི་ཟམ་པ་ཡིན། །དེ་ནས་སུ་དཱ་སའི་བུས་དེ་ལ་ལེགས་སོ་ཞེས་བསྟོད་ནས། ཡ་མཚན་དང་བཅས་པས་ལྟ་ཞིང་ཡང་སྨྲས་པ། མི་རྣམས་གཞན་ནི་ང་ཡི་དབང་གྱུར་ན། །བརྟན་པ་ཉམས་ནས་སྐྲག་ཅིང་སྦ་ཡང་ གུམ། །ཁྱོད་ནི་དཔའ་བརྟན་དཔལ་གྱིས་མ་བཏང་བས། །མི་དབང་ཁྱོད་ནི་འཆི་བའི་འཇིགས་མེད་འདྲ། །བྱང་ཆུབ་སེམས་དཔས་སྨྲས་པ། རབ་ཏུ་བསྒྲིམས་ཀྱང་གནས་མི་ནུས། །གང་ལ་བཅོས་སུ་མི་རུང་བ། །འཇིགས་ཤིང་འདར་བར་བྱས་པ་ཡིས། །དེ་ལ་ཅི་ཞིག་ ཕན་པ་ཡོད། །དེ་ལྟར་འཇིག་རྟེན་ཆོས་ཉིད་ལ་བརྟགས་ནས། །མི་རྣམས་སྡིག་པ་བྱས་པས་རྗེས་སུ་འགྱོད་པར་འགྱུར། །དགེ་བའི་ལས་ཀྱང་ལེགས་པར་ཡོང་མ་བྱས། །ཕྱི་མའི་ཚེ་ལ་སྡུག་བསྔལ་འབྱུང་དུ་དོགས། །འཆི་བར་འགྱུར་བའི་འཇིགས་པས་རྨོངས་པར་འགྱུར། ། གང་ལས་བདག་གི་ཡིད་ནི་འགྱོད་གྱུར་པ། །དེ་ཉིད་བདག་གིས་བྱས་པར་ཡོང་མི་དྲན། །དཀར་པོའི་ལས་ཀྱང་རབ་ཏུ་གོམས་པར་བྱས། །ཆོས་ལ་གནས་ན་འཆི་བས་སུ་ཞིག་འཇིགས། །ཕོངས་པ་རྣམས་ནི་སློང་དུ་འོང་བ་ལ། །མགུ་བར་མ་བྱས་བདག་ནི་ཡོང་མི་དྲན། ། དེ་ལྟར་སྦྱིན་པས་མགུ་བར་རྙེད་གྱུར་ལ། །ཆོས་ལ་གནས་ན་འཆི་བས་སུ་ཞིག་འཇིགས། །རིང་དུ་བརྟགས་ཏེ་བསམས་ཀྱང་སྡིག་བྱ་བར། །ཡིད་ལ་བསམས་པ་ཙམ་ཡང་ཡོང་མི་དྲན། །བདག་གིས་དེ་ལྟར་མཐོ་རིས་ལམ་སྦྱངས་ན། །འཆི་བས་བདག་ནི་ཇི་ལྟར་འཇིགས་པར་ འགྱུར། །བྲམ་ཟེ་རྣམས་དང་གཉེན་དང་མཛའ་བོ་བསྟེན་པ་དང་། །གནས་ཀྱི་རྒྱན་གྱུར་དཀའ་ཐུབ་ཅན་དང་ཕོངས་པ་ལ། །ཅི་རིགས་སྦྱིན་པས་བདག་གི་ནོར་ཡང་མང་དུ་བཞག །གང་གིས་བྱ་བ་ཅི་ཡོད་དེ་ཡང་བདག་གིས་བྱས། །གྲགས་པའི་གཞིར་གྱུར་དཔལ་དང་ ལྡན་པ་བརྒྱ་དག་བརྩིགས། །དཀའ་ཐུབ་གནས་དང་འདུན་ས་བཏུང་བའི་གནས་རྣམས་བྱས། །དེ་བྱས་དགའ་བར་གྱུར་པས་འཆི་བས་ང་མི་འཇིགས། །དེ་བས་ང་ནི་མཆོད་སྦྱིན་བྱ་འམ་ཡང་ན་ཟོ། །དེ་སྐད་སྨྲས་པ་དང་། སུ་དཱ་སའི་བུས་ཐོས་ནས་དད་པ་སྐྱེས་ཏེ་མིག་ནི་ མཆི་མས་གང་བ་དང་། ལུས་ཀྱི་བ་སྤུ་ནི་ལངས། སྡིག་པ་ཅན་གྱི་མུན་ནག་ནི་བརྗིད་པར་གྱུར་ནས། བྱང་ཆུབ་སེམས་དཔའ་ལ་གུས་པར་བལྟས་ཏེ་སྨྲས་པ། སྡིག་པ་ཞི་བར་གྱུར་ཅིག །རྒྱལ་མཆོག་ཁྱོད་ལྟ་བུ་ལ་སུ་ཞིག་ཤེས་བཞིན་དུ། །སྡིག་པ་བྱེད་པ་དེ་ནི་མི་ བཟད་དུག་འཐུང་བཞིན། །ཡང་ན་མྱུར་པར་དུག་འཐུང་ལྕགས་བསྲེག་འབར་བཟོ། །སྙིང་དང་སྤྱི་བོ་ཚལ་པ་བརྒྱ་རུ་འགས་པར་འགྱུར། །ལེགས་པར་སྨྲས་པ་དེ་དག་ཀྱང་། །བདག་ལ་ཁྱོད་ཀྱིས་བཤད་དུ་གསོལ། །ཁྱོད་ཀྱི་ཚིག་སྙན་པའི་མེ་ཏོག་ཆར་བཞིན་དུ་བབ་པ་དེས། བདག་གི་སེམས་རབ་ཏུ་དད་པར་གྱུར་པས་ལེགས་པར་སྨྲས་པ་དེ་དག་རབ་ཏུ་ཉན་འཚལ་བར་གྱུར་ཏོ། །ཀྱེ་གཞན་ཡང་བདག་གི་སྤྱོད་པ་ངན་པའི་གཟུགས། །ཆོས་ཀྱི་མེ་ལོང་གསལ་མཐོང་ནས། །ཡིད་ལ་གདུང་བ་རབ་སྐྱེས་ཏེ། །བདག་ནི་ཆོས་ལ་ཕྱོགས་པར་གྱུར། ། དེ་ནས་བྱང་ཆུབ་སེམས་དཔས་དེའི་བསམ་པ་སྣོད་དུ་གྱུར་ཅིང་ཆོས་མཉན་པ་ལ་ཡིད་རབ་ཏུ་འདུན་པར་རིག་ནས་སྨྲས་པ། འོ་ན་ཆོས་འདོད་པ་དེ་རྗེས་སུ་མཐུན་པའི་སྤྱོད་པ་ལ་མཁས་པར་བྱས་ཏེ་ཆོས་མཉན་པར་རིགས་སོ། །རབ་ཏུ་དམའ་བའི་སྟན་ལ་ འདུག །དུལ་བའི་དཔལ་ནི་རྣམ་པར་བསྐྱེད། །དགའ་དང་ལྡན་པའི་མིག་གིས་ལྟ། །ཚིག་གི་བདུད་རྩི་འཐུང་བ་བཞིན། །གུས་པར་བསྐྱེད་ཅིང་རྩེ་གཅིག་བཏུད། །རབ་ཏུ་དད་ལ་དྲི་མེད་ཡིད། །ནད་པས་སྨན་པའི་ཚིག་ཉན་བཞིན། །རིམ་གྲོ་བསྐྱེད་དེ་ཆོས་ཉོན་ ཅིག །དེ་ནས་སུ་དཱ་སའི་བུས་རྡོ་ལེབ་མཐོན་པོ་གཅིག་གི་སྟེང་དུ་བདག་གི་སྟོད་གཡོགས་བཏིང་སྟེ་དེ་ལ་བྱང་ཆུབ་སེམས་དཔའ་བཞག་ནས་བདག་རང་ཡང་བར་གཞན་གྱིས་མཆོད་པའི་ས་ལ་བྱང་ཆུབ་སེམས་དཔའི་མདུན་དུ་འདུག་སྟེ། དེའི་གདོང་དུ་བལྟས་ནས། སེམས་ དཔའ་ཆེན་པོ་དེ་ལ་འཕགས་པ་ད་གསུངས་ཤིག་ཅེས་སྨྲས་སོ། །དེ་ནས་བྱང་ཆུབ་སེམས་དཔས་དབྱར་གྱི་འབྲུག་སྒྲ་སྙན་ཅིང་ཟབ་པ་དང་འདྲ་བའི་ཚིག་གིས་ནགས་ཚལ་དེ་གང་བར་གྱུར་པ་བཞིན་དུ་ཀུན་ཏུ་ཁྱབ་པར་སྨྲས་པ། དམ་པ་དག་ལ་ལན་ཅིག་ཙམ། །ཇི་ལྟར་འདོད་པར་འཕྲད་ ཀྱང་རུང་། །འདྲིས་པར་བྱ་བ་མི་དགོས་པར། །རབ་ཏུ་བརྟན་པ་ཉིད་དུ་གྱུར། །སུ་དཱ་སའི་བུས་དེ་སྐད་ཐོས་ནས་ལེགས་སོ་ལེགས་སོ་ཞེས་སྨྲས་ནས། མགོ་བསྒྱུར་སེ་གོལ་གཏོགས་ནས་མགུ་བར་བྱས་ཏེ། བྱང་ཆུབ་སེམས་དཔའ་ལ་དེ་ནས་ཡང་གསུངས་ཤིག་ཅེས་སྨྲས་སོ། །དེ་ ནས་བྱང་ཆུབ་སེམས་དཔས་ཚིགས་སུ་བཅད་པ་གཉིས་པ་སྨྲས་པ། དམ་པ་རྣམས་ནི་སུས་ཀྱང་མི་བསྲིང་ངོ་། །དུལ་བའི་ཚུལ་གྱིས་དགེ་བ་བསྟེན་པར་བྱ། །དེ་དང་ཉེ་ན་དེ་ཡི་ཡོན་ཏན་རྡུལ། །ཆེད་དུ་མ་བསྒོས་པར་ཡང་གོས་པར་འགྱུར། །སུ་དཱ་སའི་བུས་སྨྲས་པ། དགེ་བ་ རྣམས་ཀྱིས་ལེགས་སྨྲས་པ། །ཁྱོད་ཀྱིས་རྣམ་པ་ཀུན་མཆོད་པ། །ནོར་ཡང་གནས་སུ་ཕྱིན་པར་བཏང་། །འབད་དེ་དོན་གྲུབ་ཐོག་ཏུ་བབ། །དེ་ནས་ཡང་ཅུང་ཞིག་གསུངས་ཤིག །བྱང་ཆུབ་སེམས་དཔས་སྨྲས་པ། རྒྱལ་པོའི་ཤིང་རྟ་རིན་ཆེན་གསེར་གྱིས་བརྒྱན། །ལུས་ ཀྱང་རྒས་པས་མི་སྡུག་པར་ཡང་འགྱུར། །དམ་པ་རྣམས་ཀྱི་ཆོས་ནི་རྒས་མི་འགྱུར། །དགེ་བ་རྣམས་ནི་ཡོན་ཏན་རྗེས་ཆགས་བརྟན། །སུ་དཱ་སའི་བུས་སྨྲས་པ། ཨེ་མའོ་བདག་ནི་བདུད་རྩིའི་ཆར་བབ་པས་ངོམས་པར་བགྱིས་སོ། །དེ་ནས་ཡང་ཅུང་ཞིག་གསུངས་ཤིག ། བྱང་ཆུབ་སེམས་དཔས་སྨྲས་པ། ནམ་མཁའ་དང་ནི་ས་གཞིའི་བར་ཡང་རིང་། །རྒྱ་མཚོའི་ཕ་རོལ་ཚུ་རོལ་འགྲམ་ཡང་རིང་། །ཤར་དང་ནུབ་ཀྱི་རི་ཡི་བར་ཡང་དེ་བས་རིང་། །ཕལ་པ་དག་དང་དམ་པའི་ཆོས་ཀྱང་དེ་བས་རིང་། །དེ་ནས་སུ་དཱ་སའི་བུ་ཡ་མཚན་ཆེ་ཞིང་དད་པས་ དགའ་ཞིང་གུས་པར་གྱུར་ནས། བྱང་ཆུབ་སེམས་དཔའ་ལ་སྨྲས་པ། ཁྱོད་ཀྱི་ཚིགས་སུ་བཅད་པ་སྙན་པ་དང་། །ཚིག་དང་དོན་ཀྱང་རབ་ཏུ་གསལ་ལ་འཕགས། །དེ་ཐོས་དགའ་གྱུར་དེ་ལ་མཆོད་པའི་ཕྱིར། །དམ་པ་བཞི་ཞིག་ཁྱོད་ལ་འབུལ་བར་འཚལ། །དེ་བས་ན་ཅི་ བཞེད་པ་བདག་ལ་བསླང་དུ་གསོལ། དེ་ནས་བྱང་ཆུབ་སེམས་དཔའ་ཡ་མཚན་དུ་གྱུར་ནས་སྨྲས་པ། བདག་ལའང་རང་བཞིན་མེད་པར་གྱུར་པ་ཁྱོད། །མི་རིགས་བྱེད་ལ་དགའ་བས་ཕམ་པར་གྱུར། །དགེ་བ་སྤྱོད་ལ་རང་བཞིན་ཕྱིན་ཅི་ལོག །ཁྱོད་ཀྱིས་ཇི་ལྟར་གཞན་ལ་དམ་ པ་སྦྱིན། །བདག་གིས་དམ་པ་སྦྱིན་ཞེས་གནང་གྱུར་ན། །ཁྱོད་ཀྱི་ཡིད་ཀྱང་སྦྱིན་པར་སྤྲོ་མི་འགྱུར། །སྐྱོན་དང་བཅས་པ་ཁྲེལ་ཡོད་སུ་ཞིག་སྨྲ། །དེ་སྐད་རེ་ཞིག་ང་ལ་མ་སྨྲ་ཅིག །དེ་ནས་སུ་དཱ་སའི་བུ་ཅུང་ཟད་ངོ་ཚ་བར་གྱུར་ཏེ་མགོ་སྨད་ནས། བྱང་ཆུབ་སེམས་དཔའ་ལ་སྨྲས་པ། ཁྱོད་དེ་ལྟར་བདག་ལ་དོགས་པ་མ་སྐྱེད་ཅིག །བདག་གིས་སྲོག་ཀྱང་ཡོངས་བཏང་ནས། །དམ་པ་དེ་རྣམས་བདག་འབུལ་གྱིས། །རྒྱལ་པོ་ཅི་དང་ཅི་བཞེད་པ། །བག་ཕབ་ནས་ནི་དེ་སློང་ཤིག །བྱང་ཆུབ་སེམས་དཔས་སྨྲས་པ། འོ་ན། བདེན་པའི་བརྟུལ་ཞུགས་ལོང་ལ་ སེམས་ཅན་གསོད་པ་སྤོངས། །སྐྱེ་བོ་བཙོན་དུ་བཟུང་བ་འདི་རྣམས་མ་ལུས་ཐོང་། །དཔའ་བོ་ཁྱོད་ཀྱིས་མི་ཤ་ཟ་བ་རབ་ཏུ་སྤོངས། །དམ་པའི་ནང་ནས་མཆོག་གྱུར་འདི་བཞི་སྦྱིན་པར་གྱིས། །སུ་དཱ་སའི་བུས་སྨྲས་པ། དམ་པ་སྔ་མ་གསུམ་ནི་ཁྱོད་ལ་འབུལ། །དམ་པ་བཞི་ པ་གཞན་ཞིག་བསླང་དུ་གསོལ། །བདག་ནི་མི་ཤ་མི་ཟ་མི་ནུས་པས། །སྔ་ནས་ཁྱོད་ཉིད་མཁྱེན་པར་མ་གྱུར་ཏམ། །བྱང་ཆུབ་སེམས་དཔས་སྨྲས་པ། ཁྱོད་ཀྱིས་དམ་པ་སྦྱིན་པ་ག་ལ་ནུས་ཞེས་ངས་མ་སྨྲས་སམ། ཨེ་མ་འོ་དེ་ལྟར་ ཟེར་བ་དེ་ཁོ་ན་བཞིན་དུ་གྱུར་ཏོ། །ཀྱེ་གཞན་ཡང་ཁྱོད་ཉོན་ཅིག །མི་ཤ་ཟ་བ་མ་སྤངས་ན། །ཇི་ལྟར་བདེན་པར་སྨྲ་བར་འགྱུར། །རྒྱལ་པོ་ཁྱོད་ཀྱིས་སྲོག་ཆགས་རྣམས། །མི་གསོད་པ་ཡང་ག་ལ་ནུས། །བདག་གི་སྲོག་ཀྱང་ཡོངས་སྤོངས་ནས། །དམ་པ་འདི་རྣམས་ སྦྱིན་ནོ་ཞེས། །ཐོག་མར་དེ་སྐད་མ་སྨྲས་སམ། །དེ་བས་འདི་ལྟར་གཞན་དུ་གྱུར། །ཤ་ཡི་ཕྱིར་ནི་མི་བསད་ན། །སྲོག་ཆགས་མི་གསོད་ག་ལ་ནུས། །དེ་ལྟར་གྱུར་ན་དམ་པ་གསུམ། །ཁྱོད་ཀྱིས་ཇི་ལྟར་སྦྱིན་པར་འགྱུར། །སུ་དཱ་སའི་བུས་སྨྲས་པ། གང་གི་ཕྱིར་ནི་རྒྱལ་ སྲིད་ཉམས། །ནགས་ཚལ་སྡུག་བསྔལ་བདག་གིས་མྱོང་། །ཆོས་ལས་ཉམས་ཤིང་གཏམ་ངན་ཐོབ། །བདག་གིས་དེ་ནི་ཇི་ལྟར་བཏང་། །བྱང་ཆུབ་སེམས་དཔས་སྨྲས་པ། དེ་བས་ན་ཁྱོད་ཀྱིས་དེ་བཏང་བའི་རིགས་མེད། གང་ཕྱིར་ཁྱོད་ནི་ཆོས་དང་སྲིད། །བདེ་དང་གྲགས་པ་ ཉམས་པར་གྱུར། །ཕུང་བར་གྱུར་པའི་འབྱུང་གནས་དེ། །ཇི་ལྟར་བཏང་བ་མི་རིགས་ཀྱེ། །བྱིན་ན་འགྱོད་པ་སྐྱེ་བ་འདི། །སྐྱེ་བོ་སེམས་རྒྱ་ཆུང་ངུ་ལ། །སྲིད་པར་འགྱུར་བའི་འོས་ཡིན་ཏེ། །དེ་བས་ཁྱོད་ཀྱང་ཟིལ་གནོན་ཏམ། །དེ་བས་ན་ཁྱོད་སྡིག་པའི་རྗེས་སུ་འབྲང་ བ་ཐོང་ལ། བདག་ཉིད་ཤེས་པར་བྱ་བར་རིགས་སོ། །ཁྱོད་སུ་དཱ་སའི་བུ་མ་ཡིན་ནམ། སྨན་པ་མཁས་པས་བརྟགས་ཏེ་ལེགས་པར་སྦྱར་བའི་ཤ །གྲོང་དང་དགོན་པ་སྐམ་གཤེར་ཆུ་དང་ཐད་ལས་སྐྱེས། །དེ་ལྟ་བུ་ཡི་ཤ་རྣམས་ཡོད་ཀྱི་དེ་ཡིས་སེམས་མགུ་བྱོས། །མི་ཤ་ སྨད་པར་འགྱུར་བ་བཏང་ན་རབ་ཏུ་ལེགས། །རྔ་སྒྲ་སྙན་པ་དབྱར་གྱི་འབྲུག་སྒྲ་བཞིན་དུ་སྒྲོགས། །གླུ་སྒྲ་སྙན་དང་རྒྱལ་སྲིད་དེ་དང་དེ། །གཉེན་དང་བུ་དང་ནང་མི་ཡིད་དུ་འོང་བ་རྣམས། །བོར་ནས་ནགས་ཚལ་དབེན་པ་འདི་ན་ཅི་ཞིག་དགའ། །རྒྱལ་པོས་སེམས་ཀྱི་དབང་དུ་འགྲོ་ བར་མི་རིགས་ཀྱི། །ཆོས་དང་སྲིད་ལ་མི་གནོད་ལམ་དུ་འཇུག་པར་རིགས། །རྒྱལ་པོ་གཅིག་པུས་གཡུལ་ངོར་དམག་གི་དཔུང་ལས་རྒྱལ། །སེམས་ཙམ་ཚར་བཅད་ཕྱིར་ནི་སྡར་མ་མ་བྱེད་ཅིག །མི་ཡི་བདག་པོ་འཇིག་རྟེན་ཕྱི་མའང་ལྟ་བར་རིགས། །དེ་བས་དགའ་ཡང་ ཕན་པ་མ་ཡིན་བརྟེན་མི་རིགས། །ལམ་གང་ཡིད་དུ་འོང་བ་གྲགས་དང་མི་འགལ་བའི། །དེ་ནི་མི་དགའ་འང་སྨན་བཏུང་བཞིན་དུ་བརྟེན་པར་རིགས། །དེ་ནས་སུ་དཱ་སའི་བུ་རབ་ཏུ་དད་པར་གྱུར་ནས། མིག་ནི་མཆི་མས་གང་སྐད་ནི་འཛེར་བཞིན་དུ། བྱང་ཆུབ་སེམས་དཔའི་ དྲུང་དུ་འོངས་ནས། རྐང་པ་གཉིས་ལ་འཇུས་ནས་སྨྲས་པ། ཡོན་ཏན་མེ་ཏོག་ཕྱེ་མས་བསོད་ནམས་དྲི་ཞིམ་དང་། །ཁྱོད་ཀྱི་གྲགས་པའི་རྒྱུ་ཡིས་འགྲོ་བ་འདི་དག་ཁྱབ། །འདི་ལྟར་སྡིག་སྤྱོད་འཆི་བདག་ཕོ་ཉར་བདག་གྱུར་ལ། །ཁྱོད་ལྟར་ཐུགས་རྗེ་ཆེ་བ་གཞན་ནི་སུ་ཞིག་མཆིས། ། ཁྱོད་ནི་བདག་གི་སྟོན་པ་བླ་མ་ལྷ་ཉིད་ལགས། །ཁྱོད་ཀྱིས་བསྒོ་བ་འདི་རྣམས་བདག་གིས་སྤྱི་བོས་མཆོད། །ད་ཕྱིན་སླན་ཆད་བདག་ནི་མི་ཤ་ཡོང་མི་འཚལ། །བདག་ལ་ཅི་སྐད་བཀའ་སྩལ་དེ་དག་དེ་བཞིན་བགྱི། །མཆོད་སྦྱིན་ཕྱིར་ནི་རྒྱལ་པོའི་བུ་འཕྲོག་པ། །བདག་གིས་ བཙོན་རར་སྩལ་བས་མི་དགའ་ཞིང་། །བཞིན་མདངས་ཉམས་ལ་མྱ་ངན་གདུངས་པའི་ཡིད། །དེ་དག་ཀུན་ཀྱང་བཏང་གིས་ལྷན་ཅིག་བཞུད། །དེ་ནས་བྱང་ཆུབ་སེམས་དཔས་དེ་བཞིན་དུ་བྱའོ་ཞེས་དེས་སྨྲས་པ་བཞིན་དུ་མཉན་ནས། རྒྱལ་པོའི་བུ་བཙོན་དུ་བཟུང་བ་གང་ན་ འཁོད་པ་དེར་སོང་ངོ་། །རྒྱལ་པོའི་བུ་དེ་རྣམས་ཀྱིས་བུ་ཟླ་བ་མཐོང་ནས་བལྟས་སོ། །བདག་ཅག་ནི་ཐར་རོ་སྙམ་ནས་རབ་ཏུ་དགའ་བར་གྱུར་ཏེ། རྒྱལ་བུ་དེ་དག་ཟླ་བ་མཐོང་ནས་ནི། །རབ་ཏུ་འཛུམ་དམུལ་མདངས་གསལ་རྣམ་པར་མཛེས། །སྟོན་ཀའི་དུས་ཀྱི་ཟླ་བའི་འོད་ཟེར་ གྱིས། །མེ་ཏོག་ཀུ་མུད་ཁ་བྱེ་མཚོ་གསལ་བཞིན། །དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་གི་དྲུང་དུ་འོངས་ནས་དབུགས་ཕྱུང་ཚིག་སྙན་པས་དགའ་བར་བྱས་ཏེ། དེ་བས་རྒྱལ་བུ་དེ་རྣམས་སུ་དཱ་སའི་བུ་ལ་གནོད་པ་མི་བྱེད་པར་མནའ་བསྒགས་བཙོན་ནས་ཕྱུང་སྟེ། སུ་དཱ་སའི་བུ་དང་རྒྱལ་ བུ་དེ་དག་གིས་བསྐྱལ་ཏེ། རང་གི་རྒྱལ་སྲིད་ལ་གནས་ནས་རྒྱལ་བུ་དེ་དག་དང་སུ་དཱ་སའི་བུ་ལ་ཇི་ལྟར་རིགས་པར་རིམ་གྲོ་བྱས་ཏེ་སོ་སོའི་རྒྱལ་སྲིད་ལ་བཀོད་དོ། །དེ་ལྟ་བས་ན་སྐྱེ་བོ་དམ་པ་རྣམས་དང་འཕྲད་ན། ཇི་ལྟར་འཕྲད་ཀྱང་རུང་སྟེ་ལེགས་པར་འགྱུར་བའི་ ཕྱིར། ལེགས་པར་འདོད་པ་རྣམས་ཀྱིས་སྐྱེ་བོ་དམ་པ་ལ་བརྟེན་པར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཚེ་རབས་སྔ་མ་ལ་ཡང་མ་འདྲིས་པ་ལ་བྱམས་ཤིང་ཕན་འདོགས་པ་ཡིན་ནོ། །དེ་བཞིན་གཤེགས་པའི་ཡོན་ཏན་བསྔགས་པ་ལ་ཡང་བརྗོད་པར་བྱའོ། །དེ་ བཞིན་དུ་དམ་པའི་ཆོས་མཉན་ན། སྐྱོན་མེད་ཅིང་ཡོན་ཏན་དང་ལྡན་པར་འགྱུར་བའི་ཕྱིར། དམ་པའི་ཆོས་མཉན་པའི་ཡོན་ཏན་བསྔགས་པ་ལ་ཡང་བརྗོད་པར་བྱའོ། །ཆོས་ཐོས་ན་དེ་ལྟར་ཕན་ཡོན་རྣམ་པ་དུ་མ་ཡོད་པའི་ཕྱིར། མང་དུ་ཐོས་པའི་ཡོན་ཏན་བསྔགས་པ་ལ་ ཡང་བརྗོད་པར་བྱའོ། །བདེན་པའི་ཚིག་བསྲུང་ན་དེ་ལྟར་སྐྱེ་བོ་དམ་པ་རྣམས་དགའ་ཞིང་བསོད་ནམས་དང་གྲགས་པའི་འབྱུང་གནས་སུ་གྱུར་པའི་ཕྱིར་བདེན་པའི་ཚིག་བསྲུང་བའི་ཡོན་ཏན་བསྔགས་པ་ལ་ཡང་བརྗོད་པར་བྱའོ། །སྐྱེས་བུ་དམ་པ་རྣམས་ནི་དེ་ལྟར་བདག་གི་སྲོག་ དང་བདེ་བ་དང་དབང་ཕྱུག་ལ་ཡང་མི་ལྟ་བར་བདེན་པའི་ཚིག་བསྲུང་ངོ་ཞེས་སྐྱེས་བུ་དམ་པའི་ཡོན་ཏན་བསྔགས་པ་ལ་ཡང་སྦྱར་བར་བྱའོ། །ཟླ་བར་སྐྱེས་པའི་རབས་ཏེ་སུམ་ཅུ་གཅིག་པའོ།། །།བམ་པོ་བཅུ་གཉིས་པ་སྟེ་ཐ་མའོ། །ཡིད་སྐྱོ་བར་གྱུར་པ་རྣམས་ལ་ ནི་རྒྱལ་སྲིད་ཀྱི་དཔལ་ཡང་ལེགས་པའི་ལམ་ལ་སྒྲིབ་པར་མི་འགྱུར་བའི་ཕྱིར་སྐྱོ་བ་ལ་གོམས་པར་བྱའོ། །དེ་ཡང་འདི་ལྟར་བཅོམ་ལྡན་འདས་འདི་བྱང་ཆུབ་སེམས་དཔར་གྱུར་པའི་ཚེ། འཇིག་རྟེན་ན་ན་བ་དང་། རྒས་པ་དང་། འཆི་བ་དང་། སྡུག་པ་དང་བྲལ་བ་ལ་སོགས་ པའི་སྡུག་བསྔལ་མང་པོ་བྱུང་བས་སྡུག་བསྔལ་བ་དང་། མགོན་མེད་པ་དང་། སྐྱབས་མེད་པ་དང་། དཔུང་གཉེན་མེད་པ་དག་མཐོང་ནས་སྙིང་རྗེས་བསྐུལ་ནས་དེ་དག་ལ་བསྐྱབ་པར་སེམས་པ་རབ་ཏུ་དགེ་བའི་རང་བཞིན་ཅན་ཏེ། འཇིག་རྟེན་མི་མཐུན་པ་དང་། མ་ཤེས་པ་ ལ་ཡང་ཕན་པ་དང་། བདེ་བའི་ཁྱད་པར་དེ་དང་དེ་དག་བསྒྲུབ་ཅིང་། རེ་ཞིག་རྒྱལ་པོའི་རིགས། འབངས་གློ་བ་ཉེ་བའི་བདེ་བ་དང་། འཁྲུགས་པ་མེད་པའི་དལ་བ་ཕུན་སུམ་ཚོགས་པ་དང་། རྒྱལ་ཕྲན་དྲེགས་པ་རྣམས་ཕྱག་འཚལ་ནས་མངོན་པར་གྲགས་པར་གྱུར་ཅིང་། དབང་ཐང་ཆེ་བ་དུལ་བ་ལ་དགའ་བའི་རིགས་ཞིག་ཏུ་སྐྱེས་པར་གྱུར་ཏོ་ཞེས་གྲགས་སོ། །དེ་དང་པོ་སྐྱེས་པའི་ཚེ་ནའང་རྒྱལ་པོའི་རིགས་དེ་དང་ཕོ་བྲང་འཁོར་གྱི་མི་རྣམས་ཀྱང་བདེ་བ་དང་ལྡན་ཞིང་སྡུག་བསྔལ་དང་བྲལ་བ་དེ་དང་མཚུངས་པར་གྱུར་པས་མངོན་པར་མཐོ་ཞིང་དལ་བའི་ དཔལ་ཆེན་པོ་དང་ལྡན་པར་གྱུར་ཏོ། །སྦྱིན་པ་ཐོབ་པས་བྲམ་ཟེ་མགུ་ཞིང་གཡེངས། །འབངས་རྣམས་དྲེགས་ཤིང་ཆ་ལུགས་བཟང་པོ་འཕྱར། །རྔ་སྒྲ་མང་པོའི་བྲག་ཆས་རི་ལུང་གང་། །ཀུན་དུ་དགའ་བའི་གར་ནི་རྒྱུན་མི་ཆད། །གླུ་སྒྲ་སྙན་དང་དགོད་སྒྲ་འབྲེལ་མར་འབྱུང་། ། གཅིག་ལ་གཅིག་འཇུས་དགའ་བ་རྣམ་པར་འཕེལ། །གཏམ་སྙན་བསྐྱལ་བའི་བྱ་དགས་མགུ་བའི་མིས། །རྒྱལ་པོའི་མངོན་པར་མཐོ་བའི་ཤིས་པ་བརྗོད། །སྒོ་རྣམས་ཕྱེ་ཞིང་བཙོན་དུ་བཟུང་བ་མེད། །སྲང་གི་བཞི་མདོར་རྒྱལ་མཚན་བཙུགས་པས་མཛེས། །མེ་ཏོག་ཕྱེ་མ་ ཁུ་བས་ས་གཞི་བརྒྱན། །དགའ་སྟོན་བཟང་པོས་གྲོང་ཁྱེར་ཉམས་དགར་གྱུར། །ཁང་པ་ཆེན་པོའི་སྟེང་ནས་གསེར་དང་གོས། །རྒྱན་ལ་སོགས་པ་ཆར་བཞིན་འབབ་པ་ཡིས། །འཇིག་རྟེན་འདི་དག་དཔལ་གྱིས་ཁྱབ་པར་སྩོལ། །གངྒཱ་སྨྱོན་པ་དྲག་ཏུ་འབབ་པ་འདྲ། །དེའི་ ཚེ་ཡང་རྒྱལ་པོ་དེའི་བུ་བཙས་སོ་ཅོག་ཤི་བར་གྱུར་ཏེ། དེ་ལྟར་གྱུར་པ་དེ་ཡང་མི་མ་ཡིན་པས་བྱས་པ་ཡིན་པར་སེམས་ནས། བུ་དེ་བསུང་བའི་ཕྱིར་བུ་བཙས་པའི་ཁང་པ་ལྕགས་འབའ་ཞིག་ལས་བྱས་པ་བཟང་པོ་ནོར་བུ་དང་གསེར་དངུལ་གྱི་རྒྱན་གྱིས་བརྒྱན་པ་ཞིག་ཏུ་བཞག་སྟེ། འབྱུང་ པོའི་རིག་སྔགས་ཀྱི་ཆོ་ག་དང་། རིག་བྱེད་ལས་བྱུང་བའི་རིམ་པས་བསྲུང་བའི་ཆོ་ག་དང་། བཀྲ་ཤིས་ཀྱི་དཔྱད་བཟང་པོས་བདེ་ལེགས་ནི་བྱས། བཙས་པའི་ཆོ་ག་ལ་སོགས་པ་སྦྱང་བའི་ཆོ་ག་ཡང་བྱས་སོ། །སེམས་དཔའ་ཆེན་པོ་དེ་ཉིད་ཀྱང་སྟོབས་དང་ལྡན་པ་དང་། བསོད་ནམས་བསགས་ པའི་མཐུ་དང་། བསྲུང་བ་ལེགས་པར་བྱས་པས་གདོན་རྣམས་ཀྱིས་མ་ཚུགས་སོ། །དེ་རིམ་གྱིས་བསྐྱེད་པའི་ཆོ་ག་གོ་རིམས་བཞིན་དུ་བྱས་ནས། སློབ་དཔོན་བླ་མ་མང་དུ་ཐོས་པ་དང་། ཆོ་རིགས་བཙུན་པ་དང་། སྤྱོད་ཚུལ་བཟང་བ་དང་། མཁས་པར་ གྲགས་པ་དང་། བཀུར་སྟི་ཐོབ་པ་དང་། རབ་ཏུ་ཞི་བ་དང་། དུལ་བ་དང་། ཤེས་རབ་ཀྱི་ཡོན་ཏན་དང་ལྡན་པ་རྣམས་ལས་རིག་པའི་གནས་དུ་མ་ནི་ལོབས། ལང་ཚོའི་གཟི་མདངས་ནི་ཉིན་རེ་ཞིང་སྐྱེས་པས་ལུས་ནི་ཡོངས་སུ་རྫོགས་པར་གྱུར། རང་བཞིན་གྱིས་དུལ་བ་དང་དགའ་ བས་ནི་སྐྱེ་བོ་དང་། ཡོངས་ཀྱི་སྐྱེ་བོ་རྣམས་ནི་རབ་ཏུ་དགའ་བའི་གནས་སུ་གྱུར་ཏོ། །དམ་པ་རིང་ན་གནས་གྱུར་ཀྱང་། །མ་འདྲིས་གཉེན་དུ་མ་འབྲེལ་བའི། །སྐྱེ་བོ་དགའ་བས་རྗེས་འབྲང་བ། །དེ་ཡི་རྒྱུ་ནི་ཡོན་ཏན་དཔལ། །འོད་ཟེར་རབ་ཏུ་གསལ་བ་ཡིས། །གནམ་ནི་དགོད་པ་ ལྟར་བྱེད་པའི། །སྟོན་ཀའི་ཟླ་བ་དེ་དང་ནི། །འཇིག་རྟེན་རྣམས་དང་ཅི་ཞིག་འབྲེལ། །དེ་ནས་སེམས་དཔའ་ཆེན་པོ་དེ་བསོད་ནམས་ཀྱི་མཐུ་ལས་བྱུང་བའི་བདེ་བ་ཆེན་པོ་ལྷའི་ལོངས་སྤྱོད་དང་འདྲ་བའི་ལོངས་སྤྱོད་ལ་ཉེ་བར་སྤྱོད་ཅིང་། ཕས་ཀྱང་བྱམས་ཤིང་རབ་ཏུ་བཀུར་སྟི་བྱས་ཏེ་ ཡིད་བརྟན་ཞིང་བག་ཕབ་སྟེ། རིམ་གྲོ་ཆེར་བྱས་པ་ལས་རེ་ཞིག་ཅིག་རང་གི་ཕོ་བྲང་དམ་པ་ནས་མེ་ཏོག་ཀུ་མུ་ཏའི་ལོངས་སྤྱོད་ཀྱི་དུས་ལ་བབ་སྟེ། རྒྱན་བཟང་པོ་དགའ་དགའ་ལྟར་འདུག་པ་ལ་བལྟར་འགྲོ་བ་ལ་ཕས་ཀྱང་གནང་སྟེ། ཤིང་རྟ་བཟང་པོ་གསེར་དང་ནོར་བུ་དང་དངུལ་གྱི་ རྒྱན་བཟང་པོ་སྣ་ཚོགས་ཀྱིས་བརྒྱན། བ་དན་དང་རྒྱལ་མཚན་ཁ་དོག་སྣ་ཚོགས་ཅན་རབ་ཏུ་གཡོ་བ་རྣམས་བཙུགས། གསེར་གྱི་འཇིམ་བག་གིས་གཡོགས་པ། རྟ་དུལ་ཞིང་བདེ་བས་དྲངས་པ། ཁ་ལོ་བསྒྱུར་བ་བཟོ་ཞིང་དེས་ལ་མཁས་ཤིང་གཙང་ལ་དུལ་ཞིང་བརྟན་པ་དང་ལྡན་ པ། གཡོག་འཁོར་ཆ་ལུགས་བཟང་པོ་སྣ་ཚོགས་སུ་བྱས་པས་བསྐོར་བ། རྔ་སྒྲ་སྙན་པའི་རྔ་བརྡུང་བས་མདུན་དུ་དྲངས་པ་ལ་ཞོན་ཏེ། ཕོ་བྲང་མཆོག་དེ་ནས་རྒྱུ་ཞིང་སོང་སོང་བ་ལས། ཕོ་བྲང་འཁོར་གྱི་མིས་རྒྱལ་བུ་དེ་ལ་ལྟ་བས་སེམས་ནི་གཡེངས། ངོ་མཚར་ཆེ་བས་མིག་ནི་རིག་ རིག་པོར་ནི་བལྟ། བསྟོད་པས་དགའ་བར་བྱེད་ཅིང་ཐལ་མོ་སྦྱར་ཏེ། ཤིས་པར་བརྗོད་པའི་ཚིག་ནི་འདོན། དགའ་སྟོན་གྱི་དགའ་བའི་ཆས་བཟང་པོར་ཞུགས་པ་རྣམས་ཀྱིས་མཛེས་པ་མང་པོ་རྣམས་ལ་བརྟགས་ན། སེམས་དགའ་བར་གྱུར་བའི་སྐབས་ལ་བབ་ཀྱང་། ཚེ་རབས་སྔ་མ་ ལ་སེམས་སྐྱོ་བ་ལ་གོམས་པར་བྱས་པའི་ཕྱིར་དྲན་པ་འདི་ལྟ་བུ་རྙེད་པར་གྱུར་ཏོ། །ཀྱེ་མ་འོ་འཇིག་རྟེན་ཉོན་མོངས་དག །གནས་པ་མི་བརྟན་མི་དགར་གྱུར། །ཀུ་མུ་ཏ་ཡི་དཔལ་འདི་ཡང་། །དྲན་པར་བྱ་བ་ཉིད་དུ་འགྱུར། །འགྲོ་བ་འདི་ལྟ་བུར་ནི་འཁོད་པ་ལ། །སྐྱེ་བོ་འཇིགས་པ་ མེད་པར་རེ་མཚར་ཀྱེ། །ལམ་རྣམས་ཐམས་ཅད་འཆི་བདག་ཉིད་ཀྱིས་བཀག །དོགས་པ་མེད་པར་རབ་ཏུ་དགའ་བཞིན་སྤྱོད། །ན་དང་རྒས་དང་འཆི་བས་གནོད་བྱེད་དགྲ། །མཐུ་ཆེན་དགག་ཏུ་མི་ནུས་ཡོད་བཞིན་ལ། །འཇིག་རྟེན་ཕ་རོལ་ཉམ་ངར་ངེས་འགྲོ་ན། །སེམས་ཤེས་སུ་ཞིག་ འདི་ལ་དགའ་བར་སེམས། །སྤྲིན་ཆེན་གློག་འགྱུ་གསེར་ཕྲེང་འདྲ་བ་དག །རྒྱ་མཚོ་ཆེན་པོ་རྣམས་ཀྱི་སྒྲ་ཡང་ཕྱུང་། །ཆར་ཆེན་འབབ་པའི་རྩོམ་པ་ཆེན་པོ་བྱས། །ཀུན་ཏུ་འདུས་ཀྱང་དེ་ནས་དེངས་པར་འགྱུར། །ཆུ་འབབ་དྲག་པའི་ཤུགས་ཀྱིས་ཤིང་རྣམས་ཀྱི། །རྩ་བ་འགྲམ་ན་ཟབ་ ཏུ་ཟུག་པ་ཡང་། །རྩད་ནས་བཏོན་ཏེ་སླར་ཡང་ཆུ་དེ་ཉིད། །འབྲེལ་ཞིང་བྲི་ནས་མྱ་ངན་གདུངས་པ་བཞིན། །རླུང་གི་མཐུས་ཀྱང་རི་ཡི་རྩེ་མོ་བསྙིལ། །སྤྲིན་གྱི་ཚོགས་ཀྱང་དྲག་པོའི་ཤུགས་ཀྱིས་གཏོར། །རྒྱ་མཚོའི་ཆུ་ཡང་རྣམ་པར་དཀྲུགས་ཤིང་ཀློང་། །དེ་ལྟའི་རླུང་ཡང་རབ་ཏུ་ཞི་ བར་འགྱུར། །མེ་ལྕེ་རབ་འབར་མེ་སྟག་འཕྲོ་བ་ཡིས། །ནགས་ཚལ་མཛེས་དང་རྩྭ་རྣམས་ཀུན་བསྲེགས་ནས། །དེ་འདྲའི་མེ་ཡང་རིམ་གྱིས་ཞི་བར་འགྱུར། །རབ་ཏུ་འབར་ཡང་དེ་ནས་མེད་པར་འགྱུར། །འདུས་པ་གང་ཞིག་འབྲལ་བ་མ་གྱུར་ཡོད། །དར་བ་གང་ཞིག་རྒུད་པར་མ་གྱུར་ཡོད། ། འགྲོ་བའི་རྒྱུད་ནི་རབ་ཏུ་གཡོ་བ་ལ། །མ་བརྟགས་པར་ནི་སྐྱེ་བོ་དགའ་བར་འགྱུར། །བདག་ཉིད་ཆེན་པོ་དེ་སེམས་སྐྱོ་བ་དེས་དེ་ལྟར་བརྟགས་ནས། རབ་ཏུ་དགའ་བས་སེམས་གཡེངས་པའི་ཡིད་ནི་སླར་བཟློག །ཕོ་བྲང་དམ་པ་རྒྱན་གྱིས་བརྒྱན་པ་དགའ་དགའ་ལྟར་འདུག་པ་དང་། མི་མང་པོ་སྣ་ ཚོགས་ཆེར་འདུས་པ་རྣམས་ལ་ཡང་སེམས་མ་ཆགས་པར་སླར་ལོག་སྟེ་མཐར་གྱིས་རང་གནས་སུ་ཕྱིན་ནས། བདག་རང་ལ་འདི་ལྟར་རྟོག་གོ། །ལོངས་སྤྱོད་ཀྱི་བདེ་བ་ལ་སེམས་རབ་ཏུ་སྐྱོ་བར་གྱུར་ཏེ། མ་ཆགས་ནས་ཆོས་འབའ་ཞིག་སྐྱབས་སུ་རུང་ངོ་སྙམ་ ནས། དེ་བསྒྲུབ་པར་ངེས་པར་བསམས་ཏེ། སྐབས་ཅིག་ཏུ་རྒྱལ་པོའི་དྲུང་དུ་སོང་སྟེ་དཀའ་ཐུབ་ཀྱི་ནགས་ཚལ་དུ་འགྲོ་བར་ཐལ་མོ་སྦྱར་ཏེ་གསོལ་བ་གདབ་པ། རབ་ཏུ་བྱུང་ལ་བརྟེན་ནས་སུ། །བདག་ལ་ཕན་པར་བགྱི་བར་འཚལ། །ཁྱོད་ཀྱི་ཐུགས་དཔག་མཛད་ནས་སུ། །གསོལ་ བ་དེ་ཡང་གནང་བར་མཛོད། །རྒྱལ་པོ་དེ་བུ་ལ་བྱམས་པས་དེ་སྐད་ཟེར་བ་ཐོས་པ་ནས། གླང་པོ་ཆེ་མདའ་དུག་ཅན་གྱིས་ཚབས་ཆེར་ཕོག་པ་དང་། རྒྱ་མཚོ་རབ་ཏུ་ཟབ་པ་རླུང་གིས་བསྐྱོད་པ་བཞིན་དུ། དེའི་མྱ་ངན་གྱིས་སེམས་གདུངས་ནས་འཁུམས་ཏེ་འདར་བར་གྱུར་ཏོ། །དེ་ནས་ རྒྱལ་པོ་དེ་ཡིས་དེ་བཟློག་ཕྱིར། །བྱམས་པས་མཆི་མས་བརྣང་སྟེ་མགུལ་ནས་འཇུས། །བུ་གཅིག་ཅི་ཕྱིར་ཇི་ལྟར་གློ་བུར་དུ། །བདག་ཅག་དོར་བའི་བློ་འདི་སྐྱེས་པར་གྱུར། །བདག་ཉིད་ཕུང་བར་བྱེད་པ་སུ་ཞིག་གིས། །ཁྱོད་ནི་མི་དགར་བྱས་ནས་འཆིང་བར་འགྱུར། །སུ་ཡིས་རང་གི་མི་རྣམས་ མྱ་ངན་གྱིས། །གདུངས་ནས་མིག་ནི་མཆི་མས་གང་བར་བྱས། །འོན་ཏེ་ང་ལ་ཅུང་ཟད་དོགས་པ་འམ། །འཁྲུལ་པར་གྱུར་པ་ཅུང་ཟད་ཐོས་ཀྱང་རུང་། །དེ་དག་སྨྲ་ན་དེ་ལས་བཟློག་པར་བྱེད། །དེ་ལྟ་བུ་ནི་བདག་གིས་མ་མཐོང་ངོ་། །བྱང་ཆུབ་སེམས་དཔས་སྨྲས་པ། དེ་ལྟར་རབ་ཏུ་བྱམས་ཁྱོད་ལ། ། འཁྲུལ་པ་ལྟ་ཞིག་ག་ལ་འབྱུང་། །བདག་ལ་མི་དགར་བགྱིད་པ་ཡང་། །དེ་ལྟར་ནུས་པ་སུ་ཞིག་མཆིས། །འོ་ན་ཅི་ཕྱིར་ང་འབོར་བར་སེམས་ཞེས་མིག་མཆི་མས་གང་བཞིན་དུ། རྒྱལ་པོས་སྨྲས་པ་དང་། ཡང་དེས་སྨྲས་པ། ཤི་བས་འཇིགས་པའི་ཕྱིར་ལྷ་གཟིགས་སུ་གསོལ། དང་པོ་མངལ་དུ་ ཞུགས་པའི་ནུབ་མོ་ནས། །བརྩམས་ཏེ་འཇིག་རྟེན་འཇིག་རྟེན་འདི་རྣམས་ནི། །ལམ་དུ་ཞུགས་ནས་གཞན་དུ་མ་གོལ་བར། །འཆི་བདག་དྲུང་དུ་དེ་ནི་ཉེ་བར་འགྲོ། །ཐབས་དང་རབ་ཏུ་ལྡན་ཞིང་མཐུ་ཡོད་ཀྱང་། །འཆི་དང་རྒ་ལས་སུ་ཡང་ཐར་བ་མེད། །འདི་གཉིས་ཀྱིས་ནི་འདི་ཀུན་རབ་ཏུ་གཙེས། །དེ་ བས་ཆོས་ཀྱི་དོན་དུ་དགོན་པར་མཆི། །མི་རྟ་གླང་ཆེན་ཤིང་རྟ་མང་པོའི་དམག་ཚོགས་རྣམས། །རྒྱལ་པོ་དཔུང་དང་ལྡན་བ་ཐགས་ཐོགས་མེད་པར་ཐུབ། །གཤིན་རྗེའི་དགྲ་ནི་གཅིག་པུར་འདུག་ཀྱང་མི་ཐུབ་ལ། །དེ་བས་བདག་གི་སེམས་ནི་ཆོས་དོན་བསྒྲུབ་པར་འཚལ། །རྟ་དང་གླང་ ཆེན་རྐང་ཐང་ཤིང་རྟས་ཡོངས་བསྲུངས་ན། །རྒྱལ་པོ་རྣམས་ནི་དགྲ་ལས་རྣམ་པར་ཐར་བར་འགྱུར། །ཤེད་ཅན་ལ་སོགས་དཔུང་དང་བཅས་པའང་དབང་མེད་པར། །རབ་ཏུ་མཐུ་ཆེན་འཆི་བདག་དགྲ་ཡི་དབང་དུ་གྱུར། །གླང་ཆེན་སྨྱོན་པའི་མཆེ་བ་མཁར་གྱི་རྟ་བབས་དང་། །གཡུལ་ངོར་མི་ དང་ཤིང་རྟ་གླང་པོ་རྣམས་ཀྱང་བཅོམ། །གད་པ་ཆེན་པོའི་ངོས་བྲལ་བརྒྱལ་བར་གྱུར་པ་ཡི། །མཆེ་བ་དེ་ཡིས་གཤིན་རྗེའི་ཁར་སོང་འབེབས་མ་ནུས། །གོ་མཚོན་བཟང་པོ་བགོས་ཤིང་ཕུབ་བཟུང་ནས། །གཡུལ་ངོར་རྒྱང་གིས་མདའ་ཡང་འཕེན་པར་ནུས། །དེ་ལྟར་འཕོང་སྐྱེན་ རྣམས་ཀྱང་འཁོན་སྙིང་ཅན། །དགྲ་བོ་གཤིན་རྗེ་ལ་ནི་འཕེན་མི་ནུས། །སེང་གེ་རྣམས་ཀྱང་སེན་མོ་རྣོན་པོས་གླང་ཆེན་གྱི། །གཟི་བརྗིད་ཟིལ་མནན་སྤྱི་བོར་སྡེར་མོས་འབྲད་ཅིང་འབད། སྒྲ་སྐད་དྲག་པོ་གྲག་པས་གཞན་གྱི་སེམས་སྐྲག་བྱས། །གཤིན་རྗེ་འོངས་ནས་མཐུ་དང་དྲེགས་པ་ཉམས་ནས་ ཉལ། །རྒྱལ་པོ་རྣམས་ཀྱང་གཞན་གྱིས་ཉེས་བྱས་ན། །ཉེས་དང་རྗེས་སུ་མཐུན་པར་ཆད་པས་གཅོད། །འཆི་བདག་དགྲ་བོས་ཉེས་པ་ཆེར་བྱས་ཀྱང་། །ཆད་པས་བཅད་པའི་ཐབས་ནི་ཡོང་མི་ཤམས། །རྒྱལ་པོ་རྣམས་ནི་མཇལ་དུམ་ལ་སོགས་པའི། །ཐབས་ཀྱིས་ཉེས་པ་བྱས་པ་ཞི་བར་བྱེད། །འཆི་ བདག་གཏུམ་པོ་དྲེགས་པ་གོམས་བྱས་པས། །མཇལ་དུམ་ལ་སོགས་པས་ནི་བསྡུམ་མི་ནུས། །སྦྲུལ་ཆེན་ཁྲོས་པའི་རླུང་གིས་མཆེ་བ་དུག་ཅན་གྱི། །རྩེ་མོ་འབར་བས་མི་རྣམས་མངོན་སུམ་དུ་འབིགས་ཤིང་། །ཤ་ཆགས་བསད་པའི་ཐབས་ལ་རབ་ཏུ་མཁས་གྱུར་ཀྱང་། །འཆི་བདག་འོངས་ན་ཟ་བར་ བརྩམས་པའང་ཉམས་པར་གྱུར། །སྦྲུལ་གདུག་ཁྲོས་ནས་རབ་ཏུ་འཁྲུགས་པས་ཟིན་པ་ཡང་། །སྨན་པ་རྣམས་ཀྱིས་སྔགས་དང་སྨན་གྱིས་དུག་ཞི་བྱེད། །གཤིན་རྗེ་འདི་ནི་མྱུར་བའི་དུག་ལས་རབ་གདུག་པ། །སྔགས་དང་སྨན་ལ་སོགས་པས་ཐུབ་པར་ཡོང་མི་ནུས། །འདབ་བཟང་ཁྱུང་ཡང་གཤོག་པའི་རླུང་གིས་རྒྱ་ མཚོའི་ཆུ། །ཉ་མང་འཕྱོ་བ་འབྲུག་སྒྲ་དྲག་པོས་དཀྲུགས་པ་ཡང་། །རྣམ་པར་གཏོར་ནས་གདེངས་ཀ་ཕྱར་བའི་སྦྲུལ་རྣམས་འཛིན། །དེ་བཞིན་འཆི་བདག་རབ་ཏུ་གཞོམ་པར་ཡོང་མི་ནུས། །སྟག་ཀྱང་ནགས་ཚལ་དག་ན་རི་དྭགས་བྲོས་པ་རྣམས། །རབ་ཏུ་མགྱོགས་པས་བསྙགས་ ནས་སྡེར་མོ་རྡོ་རྗེ་ཡིས། །ཐང་ཅིག་བཏབ་པ་ཙམ་གྱིས་བཟུང་ནས་ཁྲག་འཐུང་ན། །འཆི་བདག་འོང་ན་དེ་ལྟར་རྟུལ་ཕོད་མེད་པར་འགྱུར། །སྟག་གིས་ཁ་གདངས་མཆེ་བ་རབ་ཏུ་གཙིགས་པ་ཡི། །ནང་དུ་སོང་བའི་རི་དྭགས་རྣམས་ཀྱང་ཐར་བ་སྲིད། །གཤིན་རྗེའི་ཁ་གདངས་ན་དང་རྒས་པའི་མཆེ་བ་ གཙིགས། །དེ་ཡི་ནང་དུ་སོང་བ་སུ་ཞིག་ཐར་བ་ཡོད། །མི་སྡུག་འཇིགས་ལ་དམ་དུ་འཛིན་པའི་གདོན། །གཟི་དང་བཅས་པས་མི་ཡི་སྲོག་ཀྱང་འཕྲོག །འཆི་བདག་དགྲ་དང་འཐབ་མོའི་དུས་རན་ན། །རབ་ཏུ་བསྙེམས་པའི་མཐུ་རྩལ་ཉམས་པར་འགྱུར། །མཆོད་འདོད་གནོད་བྱེད་འོང་བའི་གདོན་ རྣམས་ཀྱང་། །རིག་སྔགས་གྲུབ་པ་རྣམས་ཀྱི་མཐུ་དག་དང་། །དཀའ་ཐུབ་བདེ་ལེགས་སྨན་གྱིས་ཞི་བར་ནུས། །འཆི་བདག་གདོན་ནི་བཟློག་པར་ཡོང་མི་ནུས། །མང་པོ་འདུས་པའི་ནང་དུ་སྒྱུ་མ་མཁན། །སྐྱེ་བོ་རྣམས་ཀྱི་མིག་ཀྱང་བསླུ་བར་ནུས། །གཤིན་རྗེ་འདི་ལ་མཚར་གྱི་མཐུ་ཅི་ཡོད། །དེ་ དག་གིས་ཀྱང་བསླུ་བར་ཡོང་མི་ནུས། །གསང་སྔགས་གྲུབ་པའི་དཀའ་ཐུབ་མཐུ་ཡིས་དུག་ཞི་ནུས། །སྨན་པ་མཆོག་གིས་མི་ཡི་ནད་ཀྱང་ཞི་བར་ནུས། །དྷན་ནན་ཏ་རི་ལ་སོགས་པ་ཡང་མེད་པར་གྱུར། །དེ་བས་ཆོས་ཕྱིར་བདག་བློ་བས་མཐར་མཆི་བར་མོས། །རིག་སྔགས་འཆང་རྣམས་ གསང་སྔགས་མཐུ་སྟོབས་སྣ་ཚོགས་ཀྱིས། །མངོན་དུ་བྱུང་ནས་བར་བར་སླར་ཡང་མི་སྣང་གྱུར། །བར་བར་མཁའ་ལ་འགྲོ་ཞིང་བར་བར་ས་འོག་ནུབ། །འཆི་བདག་བྱུང་ན་མཐུ་སྟོབས་རབ་ཏུ་ཉམས་པར་གྱུར། །ལྷ་དབང་དྲེགས་པ་རྣམས་ཀྱང་ལྷ་མིན་དམག་གིས་བཟློག །ལྷ་མིན་དྲེགས་པ་རྣམས་ ཀྱང་ལྷ་ཡི་དཔུང་གིས་བཟློག །ང་རྒྱལ་བསྡོ་བའི་བློ་ཅན་དམག་ཚོགས་ཆེན་པོའི་དཔུང་། །དེ་དག་ཀུན་བསྡོངས་པས་ཀྱང་འཆི་བདག་ཡོང་མི་ཐུབ། །གཤིན་རྗེ་དགྲ་བོའི་གླང་པོ་མི་བཟློག་པ། །འདི་འདྲ་རིག་ནས་ཁྱིམ་ན་བདག་མི་དགའ། །ཁྲོས་པའམ་བྱམས་པ་མ་མཆིས་ཕྱིར་མ་ལགས། །ཆོས་ ཀྱི་དོན་དུ་བདག་ནི་ངེས་པར་མཆི། །རྒྱལ་པོས་སྨྲས་པ། འོ་ན་དེ་ལྟར་འཆི་བདག་གིས་འཇིགས་པ་བཅོས་སུ་མི་རུང་ན་ཆོས་ཡོངས་སུ་བཟུང་སྟེ་ནགས་ཚལ་དུ་སོང་ཡང་ཅི་ལ་ཕན། ཁྱོད་ཀྱི་ནགས་སུ་འཆི་བདག་གི་དགྲ་དེ་མི་འོང་ངམ་ཅི། དྲང་སྲོང་ཆོས་ལ་གནས་པ་འང་ནགས་སུ་མ་ ཤིའམ། །དེ་ལྟར་ཐམས་ཅད་ནའང་ཆོས་ཀྱི་རང་བཞིན་ན། །ཁྱིམ་དག་བོར་ཏེ་ནགས་སུ་སོང་ཡང་ཅི་ལ་ཕན། །བྱང་ཆུབ་སེམས་དཔས་སྨྲས་པ། ནགས་དང་ཁྱིམ་ན་འདུག་ཀྱང་འཆི་བདག་འོང་འགྱུར་ལ། །ཆོས་ལ་གནས་དང་ལོག་པར་སྤྱོད་ལ་མཚུངས་སྤྱོད་ཀྱང་། །ཆོས་ཀྱི་ བདག་ཉིད་ཅན་རྣམས་མྱ་ངན་གདུང་མི་འགྱུར། །ཆོས་ཀྱང་ནགས་ཚལ་དག་ན་བདེ་བར་བསྒྲུབ་ཏུ་མཆིས། །ལྷ་གཟིགས་སུ་གསོལ། བག་མེད་དྲེགས་དང་འདོད་ཆགས་དང་། །བརྐམ་དང་ཞེ་སྡང་གཞིར་གྱུར་ཁྱིམ། །དེ་ཡི་གཉེན་པོར་གྱུར་པའི་ཆོས། །སྤྱད་པའི་སྐབས་ ལྟ་ག་ལ་མཆིས། །ལས་རྣམས་ངན་པ་མང་པོས་རྣམ་པར་གཡེངས། །ཡོངས་སུ་བཟུང་དང་བསྒྲུབ་དང་བསྲུང་བས་བྲེལ། །སེམས་ནི་མ་ཞི་སྡུག་བསྔལ་འབྱུང་བའི་གནས། །ཁྱིམ་པས་ནམ་ཡང་ཞི་བའི་ལམ་མི་འགྲུབ། །ནགས་ན་བྱ་བ་ངན་པ་མང་པོ་བཏང་། །ཡོངས་སུ་བཟུང་ བའི་སྡུག་བསྔལ་སྤངས་ལ་གཙང་། །ཞི་བ་འབའ་ཞིག་བྱེད་ཅིང་ཡིད་ཀྱང་མགུ། །བདེ་དང་བསོད་ནམས་གྲགས་པའང་ཐོབ་པར་གྱུར། །མི་རྣམས་ཆོས་ཀྱིས་བསྲུངས་ཀྱི་ནོར་དང་དཔུང་གིས་མིན། །ཆོས་ཀྱིས་བདེ་བ་ཆེན་པོ་འཐོབ་ཀྱི་འབྱོར་བས་མིན། །ཆོས་ཀྱི་བདག་ཉིད་ཅན་ནི་ཤི་ན་ དགའ་བར་འགྱུར། །ཆོས་ལ་འབད་པས་ངན་འགྲོའི་འཇིགས་པ་མེད་པར་འགྱུར། །ལས་ཀྱི་ཁྱད་པར་དག་ཀྱང་ཇི་བཞིན་གནས། །དགེ་དང་སྡིག་པའི་མཚན་ཉིད་ཐ་དད་ལ། །རྣམ་པར་སྨིན་པ་མི་དགེ་ངན་འགྲོར་ལྷུང་། །བསོད་ནམས་བསགས་པ་བདེ་བའི་གནས་སུ་འགྲོ། །དེ་ལྟར་ བདག་ཉིད་ཆེན་པོ་དེས་ཕ་ལ་གསོལ་བ་བཏབ་ནས། ཕས་ཀྱང་གནང་སྟེ། རྒྱལ་སྲིད་ཀྱི་དཔལ་རྩྭ་དང་འདྲ་བར་བོར་ནས་དཀའ་ཐུབ་ཀྱི་ནགས་ཚལ་དུ་གནས་པར་གྱུར་ཏེ། དེ་ཡང་བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་བསྒྲུབས་ནས། འཇིག་རྟེན་པ་རྣམས་ཀྱང་དེ་དག་ལ་བཀོད་ དེ། ཚངས་པའི་འཇིག་རྟེན་དུ་སྐྱེས་པར་གྱུར་ཏོ། །དེ་ལྟ་བས་ན་ཡིད་སྐྱོ་བར་གྱུར་པ་རྣམས་ནི་རྒྱལ་སྲིད་ཀྱི་དཔལ་ཡང་ལེགས་པའི་ལམ་ལ་སྒྲིབ་པར་མི་འགྱུར་བའི་ཕྱིར་སེམས་སྐྱོ་བ་ལ་གོམས་པར་བྱའོ། །འཆི་བའི་འདུ་ཤེས་བསྐྱེད་ན་མྱུར་དུ་སེམས་སྐྱོ་བར་འགྱུར་ བའི་ཕྱིར། འཆི་བའི་འདུ་ཤེས་བསྐྱེད་པའི་ཡོན་ཏན་བསྔགས་པ་ལ་ཡང་བརྗོད་པར་བྱའོ། །འདུ་བྱེད་རྣམས་ནི་འདི་ལྟར་མི་རྟག་གོ་ཞེས་དེ་བཞིན་དུ་འཆི་བ་རྗེས་སུ་དྲན་པའི་ཡོན་ཏན་བསྔགས་པ་དང་མི་རྟག་པའི་གཏམ་བྱ་བ་ལ་ཡང་བརྗོད་པར་བྱའོ། །འདུས་བྱས་རྣམས་ནི་འདི་ལྟར་ དབུགས་མ་ཕྱིན་པའོ་ཞེས་འཇིག་རྟེན་པ་ཐམས་ཅད་ལ་མངོན་པར་མ་ཆགས་པའི་འདུ་ཤེས་བསྐྱེད་པ་དང་། དེ་བཞིན་དུ་འཇིག་རྟེན་འདི་དག་དཔུང་གཉེན་མེད་ཅིང་གྲོགས་བྱེད་པ་མེད་དོ་ཞེས་ཀྱང་བརྗོད་པར་བྱའོ། །དེ་བཞིན་དུ་ནགས་ཚལ་དགོན་པ་ན་ཆོས་བདེ་བར་བསྒྲུབ་ནུས་ཀྱི་ཁྱིམ་ན་དེ་ལྟར་མི་ ནུས་སོ་ཞེས་ཀྱང་སྦྱར་བར་བྱའོ། །ལྕགས་ཀྱི་ཁྱིམ་ལ་སྐྱོ་བ་སྐྱེས་པའི་རབས་ཏེ་སུམ་ཅུ་གཉིས་པའོ།། །།བཟོད་པར་བྱ་བ་ཡོད་ན། བཟོད་པ་ཡོད་པར་འགྱུར་གྱི་མེད་ན་མ་ཡིན་ནོ། །དེ་བས་ན་དགེ་བ་རྣམས་ནི་གནོད་པར་བྱེད་པ་ལ་ཡང་ཁེ་རྙེད་པ་དང་འདྲ་བར་དགའ་བར་འགྱུར་ རོ། །དེ་ཡང་འདི་ལྟར་བྱང་ཆུབ་སེམས་དཔའ་ནགས་ཚལ་དགོན་པ་ཞིག་ན། མ་ཧེ་རྒོད་ཀྱི་ཁྱུ་མཆོག་ལུས་འདམ་རྫབ་ཀྱིས་བསྐུས་པས་རྩུབ་པར་གྱུར་པ། སྤྲིན་གྱི་ཕུང་པོ་ལོགས་ཤིག་ཏུ་ཆད་པ་རྐང་གིས་འགྲོ་ཤེས་པ་འདྲ་བ་ཞིག་ཏུ་གྱུར་ཏོ་ཞེས་གྲགས་སོ། །དེ་དུད་འགྲོའི་སྐྱེ་གནས་ ན་ཆོས་ཀྱི་འདུ་ཤེས་དཀོན་པས་གཏི་མུག་ཆེ་བའི་གནས་སུ་སྐྱེས་ཀྱང་། རྣམ་པར་ཤེས་པ་གསལ་བས་ཆོས་སྤྱོད་པ་ལ་སེམས་མི་བརྩོན་པར་མ་གྱུར་ཏོ། །དེ་ལ་སྙིང་རྗེ་ཡུན་རིང་འདྲིས་པ་བཞིན། །དེས་ནི་སྙིང་རྗེ་རྣམས་ཀྱང་ཡོངས་མ་བཏང་། །ལས་ཀྱི་དབང་གིས་དེ་ལྟར་དེ་གྱུར་ ཏམ། །དེ་ཉིད་མཐུ་ཡིས་དེ་ཉིད་དེ་ལྟར་གྱུར། །དེ་བས་ན་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ། ལས་ཀྱི་རྣམ་པར་སྨིན་པ་བསམ་མི་ཁྱབ། །སྙིང་རྗེའི་བདག་ཉིད་ཅན་ཡང་དུད་འགྲོར་སྐྱེ། །དེ་ནའང་ཆོས་ཀྱི་འདུ་ཤེས་སྐྱེ་བར་འགྱུར། །ལས་མེད་ན་ནི་སྐྱེ་བའི་མཚམས་མི་ སྦྱོར། །དགེ་བའི་རྣམ་པར་སྨིན་པ་མི་བདེན་མེད། །ཆོས་ཀྱི་འདུ་ཤེས་ཡོད་ཀྱང་ལས་ཀྱི་བག་ཆགས་ཀྱིས། །དེ་དང་དེ་བརྟེན་དེ་ལྟ་དེ་ལྟར་འགྱུར། །དེ་ནས་སྤྲེའུ་མི་སྲུན་པ་ཞིག་གིས། དེའི་རང་བཞིན་དེས་ཤིང་སྙིང་རྗེ་ཆེ་བས་ཁྲོ་ཤིང་འཁྲུགས་པ་མེད་པར་ཡུན་རིང་ པོ་ནས་མངོན་པར་གསལ་བར་ཤེས་ཏེ་དེ་ལ་འཇིགས་པ་མེད་དོ་སྙམ་ནས། སེམས་དཔའ་ཆེན་པོ་དེ་ལ་འཚེ་བའི་རྣམ་པ་དེ་དང་དེ་དག་གིས་རབ་ཏུ་གནོད་པ་བྱེད་པར་གྱུར་ཏོ། །སྙིང་རྗེ་ཆེ་ཞིང་འཇམ་པ་ལ། །སྐྱེ་བོ་མི་སྲུན་བསྙེམས་ཤིང་དྲེགས། །དེ་ལ་འཇིགས་པ་མེད་མཐོང་ ནས། །རབ་ཏུ་རྣམ་པར་འགྱུར་བར་བྱེད། །གང་ཞིག་ཅུང་ཟད་འཇིགས་གྱུར་ན། །རབ་ཏུ་དུལ་བ་ལྟར་བྱས་ཏེ། །བསྙེམས་པ་བོར་ནས་དེ་ལ་ནི། །དམན་པའི་ཚུལ་གྱིས་སྤྱོད་པར་འགྱུར། སེམས་དཔའ་ཆེན་པོ་དེ་རེ་ཞིག་ཅིག་གཉིད་ཀྱིས་ལོག་ནས་བག་ཕབ་སྟེ་ཉལ་ཞིང་འདུག་པ་ ལ། སྤྲེའུ་དེ་དྲག་ཏུ་མགུལ་ནས་གློ་བུར་དུ་སྟེང་དུ་མཆོངས་ཏེ་འོངས་སོ། །བར་བར་ནི་དེ་ལ་ཞོན་ནས་རབ་ཏུ་བརྒྱུག་གོ། །བར་བར་ནི་བཀྲེས་ཏེ་ཟས་བཙལ་དུ་འགྲོ་བའི་ལམ་བཀག་སྟེ་འདུག་གོ། །བར་བར་ནི་ཤིང་གིས་ཀྱང་དེའི་རྣ་བ་གཉིས་དཀྲུགས་སོ། །བར་བར་ནི་དེ་ཆུ་ནང་དུ་རྐྱལ་དུ་ འགྲོ་བ་ལ་མགོའི་སྟེང་དུ་ཞོན་ཏེ