Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 150

Văn bản gốc(Tây Tạng)

Trang 8 / 16 (50.000 ký tự/trang)
ང་། རིགས་རྒྱུད་དང་། ཆུ་ལ་སོགས་པས་ཁྱེར་དུ་དོགས་པ་དང་། མཆོད་
གནས་བགོ་སྐལ་ལ་གཏོགས་པ་འཆིར་དོགས་པ་ལ་སོགས་པ་དག་ཀྱང་ཡོངས་སུ་བསྡུའོ། །རྙེད་ལ་ཞེས་བྱ་བ་ནི་གཞན་གྱིས་སོ། །འདོད་ན་ཞེས་བྱ་བ་ནི་དོན་དུ་གཉེར་ནའོ། །དགེ་སློང་དེས་ཞེས་བྱ་བ་ནི་དགེ་སློང་གང་ཡིན་པ་དེས་སོ། །གོས་དེ་ཞེས་བྱ་བ་ནི་བདུན་པོ་བལ་གོས་དང་། ཤ་ནའི་གོས་
དང་། ཟར་མའི་གོས་དང་། དུ་གུ་ལའི་གོས་དང་། རས་བལ་གྱི་གོས་དང་། ཀོ་ཏམ་པའི་གོས་དང་། ཉི་འོག་གི་གོས་ལས་གང་ཡང་རུང་བའོ། །བླང་བར་བྱའོ་ཞེས་བྱ་བ་ནི་བདག་གིར་བྱ་བའོ། །བླངས་ནས་གོས་སྦྱིན་པའི་དུས་ཀྱི་བར་དུ་བཅང་བར་བྱའོ་ཞེས་བྱ་བ་ནི་སྦ་བར་བྱ་བའོ། །དགེ་སློང་གི་
གོས་སྦྱིན་པའི་དུས་ནི་གང་ཡིན། དུས་མ་ཡིན་པ་ནི་གང་ཡིན་ཞེ་ན། སྲ་བརྐྱང་མ་་བཏིང་བའི་གནས་ན་ནི། སྟོན་ཟླ་ཐ་ཆུངས་ཉ་ཚུན་ཆད་ནི་གོས་སྦྱིན་པའི་དུས་མ་ཡིན་ལ་ལྷག་མ་ནི་དུས་ཡིན་ནོ། །སྲ་བརྐྱང་བཏིང་བའི་གནས་ན་ནི་སྟོན་ཟླ་ཐ་ཆུངས་ཉ་ཕན་ཆད་ནས། དཔྱིད་ཟླ་འབྲིང་པོའི་ཉ་ཚུན་ཆད་ནི་དུས་
ཡིན་ལ། ལྷག་མ་ནི་དུས་མ་ཡིན་ནོ། །དེ་ལས་འདས་པར་འཆང་ན་ཞེས་བྱ་བ་ནི། དེ་ལས་ཐལ་བར་འཆང་ནའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་གིས་དབྱར་གྱི་རྙེད་པ་དབྱར་གྱི་ནང་ལོགས་སུ་བདག་གིར་བྱེད་
དམ། དེ་བགོས་སམ། དེ་སྦེད་པ་མ་བསྐོས་པ་རྣམས་ཀྱིས་དགག་དབྱེའི་ཉིན་མོའི་ཕྱི་དེ་ཉིན་པར་མ་བགོས་ན་བརྟད་པ་ལས་བྱུང་བའི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་དབྱར་གྱི་རྙེད་པ་དང་། དབྱར་གྱི་ནང་ལོགས་སུ་བདག་གིར་བྱེད་པ་དང་། དབྱར་གྱི་ནང་

ལོགས་སུ་བགོས་པ་དང་། དེ་སྦེད་པ་མ་བསྐོས་པ་རྣམས་ཀྱིས་དགག་དབྱེའི་ཉིན་མོ་དེའི་ཕྱི་དེ་ཉིན་པར་མ་བགོས་པ་དག་ནི་བྱེད་པ་པོ་ཉིད་ཡིན་ནོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། དབྱར་གྱི་རྙེད་པ་དང་། རུང་བ་ཉིད་དང་། བརྟད་པའི་དབང་གིས་མཐའི་ཞག་བཅུ་ལ་རྙེད་པ་
མ་གཏོགས་པ། དབྱར་གྱི་ནང་ལོགས་སུ་བདག་གིར་བྱེད་པ་དང་། དེ་དབྱར་གྱི་ནང་ལོགས་སུ་བགོས་པ་དང་། དེ་སྦེད་པ་མ་བསྐོས་པ་རྣམས་ཀྱིས་དགག་དབྱེའི་ཉིན་མོའི་ཕྱི་དེ་ཉིན་པར་མ་བགོས་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །བརྟད་པ་ལས་བྱུང་བའི་སྤང་བ་སྟེ་
ཉི་ཤུ་དྲུག་པའོ།། །།ཞག་བདུན་ན་འབྲལ་བའི་སྤང་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ནས་ཧ་ཅང་ཐག་མི་རིང་བ་ན། རི་བྲགས་ཤིག་ཡོད་པ་དེ་ན་ཁྱིམ་བདག་ཕྱུག་
པ་ནོར་མང་བ། ལོངས་སྤྱོད་ཆེ་བ་ཞིག་འདུག་སྟེ། དེ་ཡང་དད་པ་དང་ལྡན་ཞིང་བཟང་ལ་དགེ་བའི་བསམ་པ་ཅན་ཡིན་པས། དེས་དགེ་འདུན་ལ་བསྔོས་ཏེ། གཙུག་ལག་ཁང་རྟ་བབས་མཐོན་པོ་དང་ལྡན་པ། སྐར་ཁུང་དང་། སྐར་ཁུང་དྲ་བ་ཅན་དང་། ལན་ཀན་གྱིས་བརྒྱན་པ། སྙིང་དང་མིག་འཕྲོག་
པར་བྱེད་པ། མཐོ་རིས་ཀྱི་ཐེམ་སྐས་སུ་གྱུར་པ། ཁྲི་དང་། ཁྲིའུ་དང་། ཡོ་བྱད་ཕུན་སུམ་ཚོགས་པ་ཞིག་བྱེད་དུ་བཅུག་སྟེ། དེར་དགེ་སློང་དྲུག་ཅུས་དབྱར་གནས་ཏེ་དོང་ནས་ཇི་ཙམ་ན་དུས་གཞན་ཞིག་ན་དགེ་སློང་གཞན་དྲུག་ཅུ་ལྗོངས་རྒྱུ་ཞིང་འགྲོ་བ་ན། དེར་ལྷགས་ནས། ཁྱིམ་བདག་དེས་ཡོ་བྱད་སྣ་
ཚོགས་བསྟབས་ཏེ། དེར་དབྱར་གནས་པར་ཁས་བླངས་སོ། །ཁྱིམ་བདག་དེ་དང་། རི་བྲགས་དེ་དང་། རི་བྲགས་དེའི་ཉེན་འཁོར་ན་ཡང་གཙུག་ལག་ཁང་གཞན་མེད་པས་དེ་དག་སྦྱིན་པ་བྱ་བར་སེམས་པ་ཡང་ཡིན་པ་དེ་ཐམས་ཅད་གཙུག་ལག་ཁང་དེ་ཉིད་དུ་སྦྱིན་ཞིང་བྱེད་པས། དེར་དབྱར་གནས་པར་
ཁས་བླངས་པའི་དགེ་སློང་རྣམས་ལ་རྙེད་པ་མང་པོ་བྱུང་ངོ་། །སྟོན་ཟླ་ཐ་ཆུངས་གྱི་གཡོན་ཅན་དག་གིས་དེ་ཐོས་ནས་དགེ་འདུན་ཚེས་བཅུ་བཞི་ལ་མཚན་མོ་ཆོས་སྒྲོགས་པའི་ཚེ་ནང་དུ་བརྟུལ་ནས། དགེ་སློང་དག་བཅོམ་ནས་གོས་ཕྲོགས་ཏེ་དོང་བ་དང་། དགེ་སློང་དེ་དག་ཀྱང་མཚན་མོ་སྒྲེན་མོར་མཉན་ཡོད་དུ་

དོང་ནས། དགེ་སློང་རྣམས་ཀྱིས་དེ་དག་ལས་ཆོས་གོས་ཀྱི་བགོ་བཤའ་བྱས་པའི་སྐབས་དེ། །དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་དགོན་པ་པས་ཆོས་གོས་གསུམ་ལ་ཆོས་གོས་གང་
ཡང་རུང་བ་ཁྱིམ་གཞན་དུ་གཞག་པར་བྱའོ། །དེར་ཉལ་བར་མི་བྱའོ། །སྐྱ་རེངས་འཆར་བར་མི་བྱའོ། །གཙུག་ལག་ཁང་ཉིད་དུ་སྐྱ་རེངས་འཆར་བར་བྱའོ། །དགེ་སློང་དགོན་པ་པས་ཞག་དྲུག་གི་མཐའ་ཚུན་ཆད་དུ་ཆོས་གོས་དེ་དང་མཚམས་ཀྱི་ཕྱི་རོལ་ཏུ་འབྲལ་བར་བྱའོ་ཞེས་རྗེས་སུ་གནང་
བ་དང་། དགེ་སློང་དྲུག་སྡེ་དག་བསམས་བཞིན་དུ། ཞག་བདུན་འབྲལ་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། དགེ་སློང་རབ་ཏུ་མང་པོ་དག་གནས་མལ་དགོན་པ་དོགས་པ་དང་བཅས་པར་གྲགས་པ།
འཇིགས་པ་དང་བཅས་པར་གྲགས་པ། འཇིགས་པ་ཐ་དད་པས་འཇིགས་སུ་རུང་བ་དང་བཅས་པར་གྲགས་པ་དག་ཏུ་དབྱར་ཕྱི་མར་གྱུར་ལ། དགེ་སློང་དགོན་པ་པས་འདོད་ན། ཆོས་གོས་གསུམ་ལས་ཆོས་གོས་གང་ཡང་རུང་བ་ཁྱིམ་གཞན་དུ་གཞག་པར་བྱའོ། །དགེ་སློང་དགོན་པ་པ་ལ་
མཚམས་ཀྱི་ཕྱི་རོལ་དུ་འགྲོ་དགོས་པ་དེ་ལྟ་བུའི་རྐྱེན་ཅིག་བྱུང་ན། དགེ་སློང་དགོན་པ་པ་དེས་ཞག་དྲུག་གི་མཐའ་ཚུན་ཆད་དུ་ཆོས་གོས་དེ་དང་མཚམས་ཀྱི་ཕྱི་རོལ་དུ་འབྲལ་བར་བྱའོ། །དེ་ལས་འདས་པར་འབྲལ་ན་སྤང་བའི་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་
དྲུག་སྡེ། ཉོན་མོངས་པ་ནི་རང་ཉམས་བྱེད་པ། ཉེས་པ་ནི་དགོན་པར་ཆོས་གོས་ཁྱིམ་གཞན་དུ་གཞག་པ་དང་། ཞག་བདུན་དུ་འབྲལ་བར་བྱེད་པའོ། །དེ་ལ་དགེ་སློང་ཞེས་བྱ་བ་ནི་ཆོས་འདི་པའོ། །རབ་ཏུ་མང་པོ་དག་ཅེས་བྱ་བ་ནི་ཆོས་འདི་གཉིས་ཡན་ཆད་ནི་རབ་ཏུ་མང་པོ་དག་ཡིན་ནོ། །
གནས་མལ་ཞེས་བྱ་བ་ནི་གཙུག་ལག་ཁང་ངོ་། །དགོན་པ་ཞེས་བྱ་བ་ནི་རྡུལ་ཕྲ་རབ་དང་། རྡུལ་ཕྲ་མོ་དང་། ཆུ་རྡུལ་དང་། ལྕགས་རྡུལ་དང་། རི་བོང་རྡུལ་དང་། ལུག་རྡུལ་དང་། གླང་རྡུལ་དང་། ཉི་ཟེར་གྱི་རྡུལ་དང་། སྲོ་མ་དང་། ཤིག་དང་། ནས་དང་། སོར་དང་། ཁྲུ་རྣམས་སྔ་མ་དྲུག་ལ་ཕྱི་མ་

གཅིག་ཏུ་བསྒྲེས་ཏེ། ཁྲུ་ཕྱེད་དང་བཞི་ལ་མིའི་སྲིད་དོ། །ཁྲུ་བཞི་ལ་གཞུ་གང་ངོ་། །གཞུ་ལྔ་བརྒྱ་ལ་རྒྱང་གྲགས་ཏེ། དེ་ཕན་ཆད་དགོན་པའོ། །དོགས་པ་དང་བཅས་པར་གྲགས་པ་ཞེས་བྱ་བ་ནི་ཆོམ་རྐུན་པས་འཇིགས་པར་གྲགས་པའོ། །འཇིགས་པ་དང་བཅས་པར་གྲགས་པ་ཞེས་བྱ་བ་ནི་སེང་གེ་དང་། སྟག་
གིས་འཇིགས་པར་གྲགས་པའོ། །འཇིགས་པ་ཐ་དད་པས་འཇིགས་སུ་རུང་བ་དང་བཅས་པར་གྲགས་པ་དག་ཏུ་ཞེས་བྱ་བ་ནི། ཤ་སྦྲང་དང་། སྦྲང་བུ་མཆུ་རིངས་དང་། རླུང་དང་། ཉི་མ་དང་། སྡིག་སྦྲུལ་གྱིས་འཇིགས་པ་ཐ་དད་པས་འཇིགས་སུ་རུང་བ་དང་བཅས་པར་གྲགས་པ་དག་ཏུའོ། །དབྱར་ཕྱི་མར་གྱུར་
ལ་ཞེས་བྱ་བའི་ནི་དབྱར་ཕྱི་མར་གནས་པར་ཁས་བླངས་པར་གྱུར་ལ་ཏེ། དེ་ནི་གླེང་གཞིའི་དབང་གིས་གསུངས་པར་ཟད་ཀྱི། ལྟུང་བ་བསྟན་པ་ནི་ཡན་ལག་མ་ཡིན་ནོ། །དགེ་སློང་དགོན་པ་པས་ཞེས་བྱ་བ་ནི་དགེ་སློང་གང་ཡིན་པ་དེས་སོ། །འདོད་ན་ཞེས་བྱ་བ་ནི་གལ་ཏེ་དོན་དུ་གཉེར་ནའོ། །ཆོས་གོས་
གསུམ་ལས་ཆོས་གོས་གང་ཡང་རུང་བ་ཞེས་བྱ་བ་ནི། སྣམ་སྦྱར་དང་། བླ་གོས་དང་། མཐང་གོས་ལས་གང་འདོད་པའོ། །ཁྱིམ་གཞན་དུ་ཞེས་བྱ་བ་ནི་གང་ལམ་པོ་ཆེ་དང་། སྲང་དང་། བཞི་མདོ་དང་། སུམ་མདོ་དག་ཡོད་པར་རོ། །གཞག་པར་བྱའོ་ཞེས་བྱ་བ་ནི་གདམས་པར་བྱ་བའོ། །དགེ་
སློང་དགོན་པ་པས་མཚམས་ཀྱི་ཕྱི་རོལ་དུ་དགོས་པ་དེ་ལྟ་བུའི་རྐྱེན་ཞིག་བྱུང་ན་ཞེས་བྱ་བ་དགེ་འདུན་གྱི་འམ། མཆོད་རྟེན་གྱིའམ། གང་ཟག་གི་བྱ་བའི་ཕྱིར། མཚམས་ཀྱི་ཕྱི་རོལ་དུ་འགྲོ་དགོས་པ་དེ་ལྟ་བུའི་རྐྱེན་ཞིག་བྱུང་ནའོ། །དགེ་སློང་དགོན་པ་པ་དེས་ཞེས་བྱ་བ་ནི་དགེ་སློང་གང་ཡིན་པ་དེས་སོ། །
ཞག་དྲུག་གི་མཐའ་ཚུན་ཆད་དུ་ཞེས་བྱ་བ་ནི་ཉིན་མཚན་དྲུག་གི་མཐའ་ཚུན་ཆད་དུ་སྟེ་ཞག་བདུན་པའི་སྐྱ་རེངས་མ་ཤར་ཚུན་ཆད་དུའོ། །ཆོས་གོས་དེ་དང་མཚམས་ཀྱི་ཕྱི་རོལ་དུ་འབྲལ་བར་བྱའོ་ཞེས་བྱ་བ་ནི། ཆོས་གོས་གཞག་པ་གང་ཡིན་པ་དེ་དང་ངོ་། །དེ་ལས་འདས་པར་བྲལ་ན་ཞེས་བྱ་བ་ནི་དེ་ལས་ལྷག་པར་སྐྱ་
རེངས་འཆར་བར་བྱེད་ནའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་དགོན་པ་པས་ཆོས་གོས་གསུམ་ལས་གང་ཡང་རུང་བ་ཁྱིམ་གཞན་དུ་གཞག་པ་ལས་དོན་གྱི་དབང་གིས་མཚམས་ཀྱི་ཕྱི་རོལ་དུ་སོང་བ་ཞག་བདུན་པའི་སྐྱ་

རེངས་ཤར་ན། ཞག་བདུན་ན་འབྲལ་བའི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི། དགེ་སློང་དགོན་པ་པའི་ཆོས་གོས་དང་། མཚམས་གཞན་དང་ཞག་བདུན་པའི་སྐྱ་རེངས་ཤར་བའོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། དགེ་
སློང་དགོན་པ་པའི་ཆོས་གོས་གསུམ་ལས་གང་ཡང་རུང་བ་དང་། གྲོང་གཞན་དུ་གཞག་པ་དང་། མཚམས་ཀྱི་ཕྱི་རོལ་དུ་སོང་བ་དང་། བར་ཆད་ཀྱི་དབང་མ་གཏོགས་པ་དང་། ཞག་བདུན་པའི་སྐྱ་རེངས་ཤར་བའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །ཞག་བདུན་ན་འབྲལ་
བའི་སྤང་བ་སྟེ་ཉི་ཤུ་བདུན་བའོ།། །།དབྱར་གྱི་རས་ཆེན་གྱི་སྤང་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་དབྱར་གྱི་གོས་རས་ཆེན་བཅང་བར་བྱའོ་ཞེས་
བཀའ་སྩལ་ཏོ། །དེ་ན་དགེ་སློང་གང་དག་དབྱར་གནས་པ་སྔ་མར་ཁས་ལེན་པ་དེ་དག་ནི་རང་གི་དུས་ཡིན་ནོ་ཞེས་ཚོལ་བར་བྱེད་ཅིང་། བདག་གིས་ཅིའི་ཕྱིར་མི་བཅང་ཞེས་འཆང་བར་བྱེད་དོ། །དབྱར་ཕྱི་མར་གནས་པ་ཁས་ལེན་པ་དེ་དག་ཀྱང་རང་གི་དུས་ཡིན་ནོ་ཞེས་ཚོལ་བར་བྱེད་ཅིང་། བདག་གིས་ཅིའི་ཕྱིར་མི་
བཅང་ཞེས་འཆང་བར་བྱེད་དེ། དེ་དག་ཧ་ཅང་མྱུར་བར་ཚོལ་བ་དང་། ཧ་ཅང་ཡུན་རིང་དུ་བཅང་བར་བྱེད་པས་བྱ་བ་མང་བ་དང་བྱེད་པ་མང་བར་གྱུར་ཏེ། ལུང་མནོད་པ་དང་། ཀླག་པ་དང་། ཁ་ཏོན་དང་། རྣལ་འབྱོར་དང་། ཡིད་ལ་བྱ་བ་དང་། ནང་གི་སེམས་ཀྱི་ཞི་གནས་གཏོང་བར་བྱེད་ནས།
དགེ་སློང་དོན་ཉུང་ངུ་དག་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། དགེ་སློང་གིས་སོ་ག་རྣམས་ཀྱི་ཟླ་བ་གཅིག་ལུས་ན། དབྱར་གྱི་གོས་རས་ཆེན་བཙལ་བར་
བྱའོ། །དབྱར་ཟད་ནས་འོག་ཏུ་ཟླ་བ་ཕྱེད་ཀྱི་བར་དུ་བཅང་བར་བྱའོ། །གལ་ཏེ་དགེ་སློང་གིས་སོ་ག་རྣམས་ཀྱི་ཟླ་བ་གཅིག་ལུས་པའི་སྔོན་རོལ་དུ། དབྱར་གྱི་གོས་རས་ཆེན་ཚོལ་བར་བྱེད་དམ། དབྱར་ཟད་ནས་འོག་ཏུ་ཟླ་བ་ཕྱེད་ལས་འདས་པར་འཆང་ན་སྤང་བའི་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་

མཉན་ཡོད། གང་ཟག་ནི་དགེ་སློང་རབ་ཏུ་མང་པོ། །ཉོན་མོངས་པ་ནི་འདོད་ཞེན། ཉེས་པ་ནི་དབྱར་གྱི་གོས་རས་ཆེན་ཧ་ཅང་སྔར་ཚོལ་བ་དང་། ཧ་ཅང་ཡུན་རིང་དུ་འཆང་བར་བྱེད་པའོ། །དེ་ལ་དགེ་སློང་གིས་ཞེས་བྱ་བ་ནི་ཆོས་འདི་པས་སོ། །སོ་ག་རྣམས་ཀྱི་ཟླ་བ་གཅིག་ལུས་ན་ཞེས་བྱ་བ་ནི་ཟླ་བ་གཅིག་
ན་དབྱར་ཉེ་བར་བསྒྲུབ་པ་འབྱུང་བར་འགྱུར་ནའོ། །དབྱར་གྱི་གོས་རས་ཆེན་ཞེས་བྱ་བ་ནི་ཆར་འབབ་པའི་གོས་སོ། །བཙལ་བར་བྱའོ་ཞེས་བྱ་བ་ནི་གཞན་ལས་སོ། །དབྱར་ཟད་ནས་འོག་ཏུ་ཟླ་བ་ཕྱེད་ཀྱི་བར་དུ་བཅང་བར་བྱའོ་ཞེས་བྱ་བ་ནི་དགག་དབྱེ་བྱས་ནས་ཟླ་བ་ཕྱེད་ཀྱི་བར་དུའོ། །གལ་ཏེ་དགེ་སློང་གིས་
སོ་ག་རྣམས་ཀྱི་ཟླ་བ་གཅིག་ལུས་པའི་སྔོན་རོལ་དུ་དབྱར་གྱི་གོས་རས་ཆེན་ཚོལ་བར་བྱེད་དམ་ཞེས་བྱ་བ་ནི་དེའི་མདུན་རོལ་དུའོ། །དབྱར་ཟད་ནས་འོག་ཏུ་ཟླ་བ་ཕྱེད་ལས་འདས་པར་འཆང་ན་ཞེས་བྱ་བ་ནི་དེ་ལས་འདས་པར་རོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་
གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་བདག་ཉིད་དབྱར་གནས་པ་སྔ་མའམ་ཕྱི་མ་གང་དུ་ཁས་བླངས་པའི་དེའི་མདུན་རོལ་གྱི་ཟླ་བ་གཅིག་པས་སྔ་རོལ་དུ། དབྱར་གྱི་གོས་རས་ཆེན་རུང་བ་ཚོལ་ལམ། དགག་དབྱེ་བྱས་ནས་ཟླ་བ་ཕྱེད་ལས་འདས་པར་དབྱར་གྱི་གོས་རས་ཆེན་འཆང་ན།
དབྱར་གྱི་རས་ཆེན་གྱི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི། དབྱར་གནས་པར་ཁས་བླངས་པའི་ཟླ་བ་གཅིག་གི་སྔོན་རོལ་དུ་ཚོལ་བ་དང་། དགག་དབྱེ་བྱས་པའི་འོག་ཏུ་ཟླ་བ་ཕྱེད་འདས་པར་འཆང་བ་དང་། དབྱར་གྱི་གོས་རས་ཆེན་རུང་བ་ཉིད་དོ། །འདི་ལ་ཚོལ་བ་དང་འཆང་
བའི་དུས་གཉི་ག་ལ་ཡན་ལག་གསུམ་གྱིས་དངོས་གཞིའི་ལྟུང་བར་འགྱུར་ཏེ། དབྱར་གནས་པར་ཁས་ལེན་པའི་ཟླ་བ་གཅིག་གི་སྔོན་རོལ་གྱི་དུས་དང་། དེ་བཙལ་བ་གྲུབ་པ་དང་། དབྱར་གྱི་གོས་རས་ཆེན་རུང་བ་ཉིད་དོ། །དགག་དབྱེ་བྱས་པའི་འོག་རོལ་གྱི་ཟླ་བ་ཕྱེད་ཀྱི་དུས་དང་། དེ་ལས་འདས་པར་
འཆང་བ་དང་། དབྱར་གྱི་གོས་རས་ཆེན་རུང་བ་ཉིད་དོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །དབྱར་གྱི་གོས་རས་ཆེན་གྱི་སྤང་བ་སྟེ་ཉི་ཤུ་བརྒྱད་པའོ།། །།བསྔོས་པ་ལས་བསྒྱུར་བའི་སྤང་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བྱེད་ཀྱི་

ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །བསོད་སྙོམས་པ་ཞིག་གིས་ཁྱིམ་བདག་ཅིག་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་དག་ལ་བཞག་སྟེ། རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་བདུན་ངག་གི་བསྔགས་པ་བརྗོད་པ་དང་། ཁྱིམ་བདག་དེས་
སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གདུགས་ཚོད་ལ་སྤྱན་དྲང་ཞིང་རས་ཟུང་ཅིག་ཡོན་དབུལ་བར་བསྔོས་ཏེ། ཉེ་དགས་ཐོས་ནས་དེས་རང་ལ་སྒྱུར་དུ་བཅུག་སྟེ། དེའི་འོག་ཏུ་ཁྱིམ་བདག་དེས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་རང་གི་ཁྱིམ་དུ་ཆོས་སྟོན་གསོལ་ནས། རས་ཟུང་དེ་རྒན་པའི་
མཐའ་ལོགས་སུ་རྗེས་སུ་ཡི་རང་བར་མཛོད་ཅིག་ཅེས། རྗེས་སུ་ཡི་རང་བར་བྱེད་དུ་བཅུག་ནས། ཉེ་དགའ་ལ་བྱིན་ནས། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་དགེ་འདུན་ལ་བསྔོས་པའི་རྙེད་པ་ཤེས་བཞིན་དུ་གང་ཟག་བདག་ལ་སྒྱུར་དུ་འཇུད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་
བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། ཡང་དགེ་སློང་གང་དགེ་འདུན་ལ་བསྔོས་པའི་རྙེད་པ་ཤེས་བཞིན་དུ་གང་ཟག་བདག་ལ་སྒྱུར་དུ་འཇུད་ན་སྤང་བའི་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་
ནི་ཉེ་དགའ། ཉོན་མོངས་པ་ནི་བརྣབ་སེམས། ཉེས་པ་ནི་གཞན་གྱིས་གཞན་ལ་བསྔོས་པའི་གོས་གང་ཟག་ལ་སྒྱུར་དུ་འཇུད་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་ཤཱཀྱའི་བུ་ཉེ་དགའ་འམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དགེ་འདུན་ལ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་
འདུན་ལའོ། །བསྔོས་པའི་ཞེས་བྱ་བ་ནི་གང་ཟག་པའིའོ། །རྙེད་པ་ཞེས་བྱ་བ་ནི་རྙེད་པ་གཉིས་ཏེ། གོས་ཀྱི་རྙེད་པ་དང་། ཟས་ཀྱི་རྙེད་པ་སྟེ། །དོན་འདིར་ནི་གོས་ཀྱི་རྙེད་པ་ཡིན་པར་དགོངས་སོ། །ཤེས་བཞིན་དུ་ཞེས་བྱ་བ་ནི། བདག་ཉིད་ཀྱིས་དེ་ཤེས་པར་གྱུར་པའམ། གཞན་དག་གིས་བརྗོད་པས་སོ། །
གང་ཟག་བདག་ལ་སྒྱུར་དུ་འཇུད་ན་ཞེས་བྱ་བ་ནི་བདག་ཉིད་ལ་དབུལ་དུ་འཇུད་ནའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་གིས་ཡོན་བདག་གཞན་གྱིས་གང་ཟག་དགེ་སློང་གཞན་ནམ། དགེ་འདུན་ལ་བསྔོས་པའི་གོས་རྙེད་པ་ཤིན་

ཏུ་བདག་ཉིད་ལ་བསྒྱུར་ཏེ་ཐོབ་ན། བསྔོས་པ་ལས་བསྒྱུར་བའི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི། གཞན་གྱིས་གཞན་ལ་བསྔོས་པའི་གོས་ཀྱི་རྙེད་པ་དང་། ཤེས་བཞིན་དུ་བདག་ཉིད་ལ་བསྒྱུར་ཏེ་ཐོབ་པའོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། ཡོན་
བདག་གཞན་གང་ཡང་རུང་བ་དང་། གང་ཟག་དགེ་སློང་གཞན་ནམ། དགེ་འདུན་ལ་བསྔོས་པ་དང་། གོས་ཀྱི་རྙེད་པ་དང་། ཤེས་བཞིན་དུ་བདག་ཉིད་ལ་བསྒྱུར་བ་དང་ཐོབ་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །བསྔོས་པ་ལས་བསྒྱུར་བའི་སྤང་བ་སྟེ་ཉི་ཤུ་དགུ་པའོ།། །།
གསོག་འཇོག་གི་སྤང་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་ཀ་ལན་ད་ཀའི་གནས་ན་གཞུགས་སོ། །དེའི་ཚེ་ན་ཚེ་དང་ལྡན་པ་པི་ལིན་དའི་བུའི་ལྷན་ཅིག་གནས་པའི་ཉེ་གནས་དགེ་སློང་དག་སྨན་གང་དག་དེ་ནས་ལག་ཉར་བླངས་པ་དང་། དེ་ལས་བྱིན་ལེན་བྱས་པ་དང་།
ཟས་ཀྱི་ཕྱེ་དང་འདྲེས་པ་དང་། ཕན་ཚུན་འདྲེས་པ་དག་གི་རྒྱུད་ཀྱི་མྱགས་པ་གང་དག་རྣམ་པར་དབྱེར་མི་མངོན། དེ་དག་དུས་སུ་ཡང་ཟ་བར་བྱེད། དུས་མ་ཡིན་པར་ཡང་ཟ་བར་བྱེད་ཅིང་། དེ་དག་ལ་བཟའ་བར་རྣམ་པར་དབྱེ་བར་ཡང་མི་མཐོང་ནས་དགེ་སློང་དོན་ཉུང་ངུ་དག་སྨོད་པར་བྱེད། ཕྱར་ཀ་གཏོང་
བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། བཅོམ་ལྡན་འདས་ཀྱིས་དགེ་སློང་ན་བ་རྣམས་ལ། ཕན་པ་སོ་སོར་བསྟེན་པར་བྱ་བའི་སྨན་གང་དག་བཀའ་སྩལ་པ་འདི་ལྟ་སྟེ། ཞུན་མར་དང་། འབྲུ་མར་
དང་། སྦྲང་རྩི་དང་། བུ་རམ་གྱི་དབུ་བ་དེ་དག་ལས་དགེ་སློང་ན་བས་འདོད་ན། རང་གིས་ཞག་བདུན་པར་བྱིན་གྱིས་བརླབས་ཏེ། གསོག་འཇོག་གི་ཡོངས་སུ་ལོངས་སྤྱོད་པས་ཡོངས་སུ་ལོངས་སྤྱོད་པར་བྱའོ། །དེ་ལས་འདས་པར་ཡོངས་སུ་ལོངས་སྤྱོད་པར་བྱེད་ན་སྤང་བའི་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་རྒྱལ་
པོའི་ཁབ། གང་ཟག་ནི་ཚེ་དང་ལྡན་པ་པི་ལིན་དའི་བུའི་ལྷན་ཅིག་གནས་པ་དང་ཉེ་གནས་དགེ་སློང་དག །ཉོན་མོངས་པ་ནི་ལྟོ་འདུན་ཆེ་བ། ཉེས་པ་ནི་གསོག་འཇོག་བྱེད་པའོ། །དེ་ལ་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སོ། །དགེ་སློང་

ཞེས་བྱ་བ་ནི་ཆོས་འདི་པའོ། །ན་བ་རྣམས་ལ་ཞེས་བྱ་བ་ནི་ནད་པ་རྣམས་ལའོ། །ཕན་པ་ཞེས་བྱ་བ་ནི་རྗེས་སུ་མཐུན་པའོ། །སོ་སོར་བསྟེན་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་རུང་བའོ། །སྨན་གང་དག་བཀའ་སྩལ་པ་འདི་ལྟ་སྟེ་ཞེས་བྱ་བ་ནི་རབ་ཏུ་བསྟན་པའོ། །ཞུན་མར་ཞེས་བྱ་བ་ནི་མར་བཞུས་པའོ། །འབྲུ་
མར་ཞེས་བྱ་བ་ནི་འབྲུ་མར་ཉིད་དོ། །སྦྲང་རྩི་ཞེས་བྱ་བ་ནི་སྦྲང་རྩིའོ། །བུ་རམ་གྱི་དབུ་བ་ཞེས་བྱ་བ་ནི་བུ་རམ་མོ། །དེ་དག་ལས་ཞེས་བྱ་བ་ནི་བཀའ་སྩལ་པ་དེ་དག་ལས་སོ། །དགེ་སློང་ཞེས་བྱ་བ་ནི་དགེ་སློང་གང་ཡིན་པ་དེའོ། །ན་བ་ཞེས་བྱ་བ་ནི་ནད་པས་སོ། །འདོད་ན་ཞེས་བྱ་བ་ནི་གལ་ཏེ་དོན་དུ་གཉེར་ནའོ། །རང་གིས་
ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ། །ཞག་བདུན་པར་བྱིན་གྱིས་བརླབས་ཏེ་ཞེས་བྱ་བ་ནི་ཉིན་མཚན་བདུན་པར་རོ། །གསོག་འཇོག་གི་ཡོངས་སུ་ལོངས་སྤྱད་པས་ཡོངས་སུ་ལོངས་སྤྱད་པར་བྱའོ་ཞེས་བྱ་བ་ནི་རང་གིས་བླངས་ཏེ་བཟའ་བར་བྱ་བའོ། །དེ་ལས་འདས་པར་ཡོངས་སུ་ལོངས་སྤྱོད་པར་བྱེད་ན་ཞེས་བྱ་བ་ནི་ཞག་བདུན་
པ་ལས་འདས་པར་རོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་དངོས་པོ་དེ་སྤངས་ནས་ལྟུང་བྱེད་ཀྱི་ལྟུང་བ་བཤགས་པར་བྱ་བ་སྟེ། དེས་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་གིས་སྨན་ཞག་བདུན་པར་བྱིན་གྱིས་བརླབས་པ་བཟའ་བའི་ཕྱིར་འཆང་
བ་སྐྱ་རེངས་བརྒྱད་ཤར་ན། གསོག་འཇོག་གི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་སྨན་ཞག་བདུན་པར་བྱིན་གྱིས་བརླབས་པ་བཟའ་བའི་ཕྱིར་འཆང་བ་དང་། དེ་དག་སྐྱ་རེངས་བརྒྱད་ཤར་ཏེ་གསོག་འཇོག་ཏུ་གྱུར་པ་ཉིད་དོ། །འདི་ལ་ཡན་ལག་བཞིས་དངོས་གཞིའི་ལྟུང་
བར་འགྱུར་ཏེ། སྨན་ཞག་བདུན་པར་བྱིན་གྱིས་བརླབ་པ་ཉིད་དང་། རང་ཉིད་བཟའ་བའི་ཕྱིར་དང་། འཆང་བ་དང་། སྐྱ་རེངས་བརྒྱད་པ་ཤར་ཏེ་གསོག་འཇོག་ཏུ་གྱུར་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །གསོག་འཇོག་གི་སྤང་བ་སྟེ་སུམ་ཅུའོ།། །།ཚེ་དང་ལྡན་པ་དག་
བདག་གིས་སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམ་ཅུ་པོ་དག་བཏོན་ཟིན་ཏོ་ཞེས་བྱ་བ་ནི་སྤང་བའི་ལྟུང་བྱེད་གདོན་པའི་མཇུག་བསྡུ་བ་སྟེ། སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམ་ཅུ་པོ་དག་ཅེས་བྱ་བ་ནི་སྔར་བསྟན་པའི་བཅུ་ཕུང་གསུམ་པོ་དག་གོ། །བདག་གིས་བཏོན་ཟིན་ཏོ་ཞེས་བྱ་བ་ནི་དམ་བཅས་པའི་དོན་གྱིས་མཇུག་

བསྡུ་བའི་ཕྱིར་དང་། ཉན་པ་པོ་རྣམས་སྤྲོ་བར་བྱ་བའི་ཕྱིར་སྨོས་སོ། །དེ་ལ་བདག་གིས་ཚེ་དང་ལྡན་པ་དག་ལ་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་དྲིའོ། །ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ། །འདི་ལ་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན་འདི་ལྟར་ཅང་མི་སྨྲ་བས་དེ་
དེ་བཞིན་དུ་འཛིན་ཏོ་ཞེས་བྱ་བ་ནི་སྤང་བའི་ལྟུང་བྱེད་རྣམ་པར་གཞག་པ་བསྒྲག་པར་བྱ་བ་ཡིན་ཏེ། དེ་ལ་ཞེས་བྱ་བ་ནི། སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམ་ཅུ་པོ་དག་བཏོན་པ་དེ་ལའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །སྤང་བའི་ལྟུང་བྱེད་གདོན་པ་བཤད་ཟིན་ཏོ།། །།ད་ནི་ལྟུང་བྱེད་འབའ་ཞིག་ཏུ་འགྱུར་བ་གདོན་པ་བཤད་
པར་བྱ་སྟེ། དེའི་ཕྱིར་སྤྱི་སྡོམ་ལ། ཤེས་བཞིན་དང་ནི་ས་བོན་དང་། །མ་བསྐོས་པ་དང་ཡང་དང་ཡང་། །ཆུ་དང་ཁྱིམ་དང་བསམས་བཞིན་དང་། །འགྲོན་མང་རྐུན་མ་མཆོད་སྟོན་ནོ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྤྱི་སྡོམ་ལ་ཞེས་བྱ་བ་ནི། ལྟུང་བྱེད་དགུ་བཅུ་ལ། བཅུ་པ་ཕྲག་དགུ་འོག་ནས་འབྱུང་བ་རྣམས་
ཀྱི་སྤྱིའི་དོན་ཚིགས་སུ་བཅད་པ་གཅིག་གིས་བསྡུས་པ་ཡིན་ནོ། །དེ་ལ་ཤེས་བཞིན་དང་ནི་ཞེས་བྱ་བ་ནི་འོག་ནས་སྡོམ་ལ། བརྫུན་སྐྱོན་དགེ་སློང་ཕྲ་མ་དང་། །སྐྱོ་སྔོགས་བྱེད་དང་སྟོན་པ་དང་། །འདོན་དང་གནས་ངན་ལེན་དང་ཆོས། །བཤེས་ངོར་བྱེད་དང་ཁྱད་དུ་གསོད། །ཅེས་འབྱུང་བའི་སྤྱི་སྡོམ་ཡིན་ནོ། །ས་བོན་
དང་ཞེས་བྱ་བ་ནི། འོག་ནས་སྡོམ་ལ། ས་བོན་འཕྱ་བ་བསྒོ་བ་དང་། །ཁྲི་དང་གདིང་དང་སྐྲོད་པ་དང་། །ཕྱིས་གནོན་འབྱུང་བ་འདེབས་པ་དང་། །རིམ་པ་གཉིས་སུ་བརྩིག་པའོ། །ཞེས་འབྱུང་བའི་སྤྱི་སྡོམ་ཡིན་ནོ། །མ་བསྐོས་པ་དང་ཞེས་བྱ་བ་ནི། འོག་ནས་སྡོམ་ལ། མ་བསྐོས་ཉི་མ་ནུབ་པ་དང་། །ཟས་དང་ཆོས་
གོས་གཉིས་དག་དང་། །དོན་མཐུན་གྲུ་དང་དབེན་པ་གཉིས། །དགེ་སློང་མ་ཡིས་སྦྱོར་བཅུག་པའོ། །ཞེས་འབྱུང་བའི་སྤྱི་སྡོམ་ཡིན་ནོ། །ཡང་དང་ཡང་ཞེས་བྱ་བ་ནི། འོག་ནས་སྡོམ་ལ། ཡང་དང་ཡང་ནི་འདུག་གནས་གཅིག །ཕྱེ་དང་བཅའ་དང་སྟོབས་པ་དང་། །འདུས་དང་དུས་མིན་གསོག་འཇོག་དང་། །ཁ་ནས་
མིད་དང་བསོད་པ་ཉིད། །ཅེས་འབྱུང་བའི་སྤྱིའི་སྡོམ་ཡིན་ནོ། །ཆུ་དང་ཞེས་བྱ་བ་ནི། འོག་ནས་སྡོམ་ལ། སྲོག་ཆགས་བཅས་དང་ཉལ་སར་འདུག །འགྲེང་དང་གཅེར་བུ་དམག་དང་ནི། །གཞག་གཉིས་བཤམས་དཀྲུག་འགྲོ་བ་དང་། །བརྡེག་དང་གཟས་དང་གནས་ངན་ལེན། །ཅེས་འབྱུང་བའི་སྤྱི་སྡོམ་ཡིན་ནོ། །ཁྱིམ་

དང་ཞེས་བྱ་བ་ནི། འོག་ནས་སྡོམ་ལ། བདེ་དང་མེ་དང་འདུན་པ་དང་། །བསྙེན་པར་མ་རྫོགས་ཆོས་དང་སྨྲ། །དགེ་ཚུལ་ཁ་དོག་བསྒྱུར་བ་དང་། །རིན་པོ་ཆེ་དང་ཚ་བའི་དུས། །ཞེས་འབྱུང་བའི་སྤྱི་སྡོམ་ཡིན་ནོ། །བསམས་བཞིན་དང་ཞེས་བྱ་བ་ནི། འོག་ནས་སྡོམ་ལ། དུད་
འགྲོ་འགྱོད་པ་སོར་མོ་དང་། །རྩེ་དང་ལྷན་ཅིགསྔངས་བྱེད་དང་། །སྦེད་དང་གདེང་མེད་གཞི་མེད་དང་། །སྐྱེས་པ་མེད་པར་ལམ་འགྲོ་བའོ། །ཞེས་འབྱུང་བའི་སྤྱི་སྡོམ་ཡིན་ནོ། །འགྲོན་མང་རྐུན་མ་ཞེས་བྱ་བ་ནི་འོག་ནས། སྡོམ་ལ། རྐུ་དང་ཉི་ཤུ་མ་ལོན་དང་། །རྐོ་དང་འགྲོན་དང་བསླབ་པ་དང་། །འཐབ་དང་
མི་སྨྲ་འགྲོ་བ་དང་། །མི་གུས་ཆང་འཐུང་དུས་མིན་པའོ། །ཞེས་འབྱུང་བའི་སྤྱི་སྡོམ་ཡིན་ནོ། །མཆོད་སྟོན་ནོ་ཞེས་བྱ་བ་ནི། །འོག་ནས་སྡོམ་ལ། ཟས་བཅས་སྐྱ་རེངས་ད་གདོད་དང་། ཁབ་རལ་དང་ནི་ཁྲི་རྐང་དང་། །བདལ་དང་གདིང་དང་གཡན་པ་དང་། །རས་ཆེན་བདེ་གཤེགས་ཆོས་གོས་སོ། །ཞེས་
འབྱུང་བའི་སྤྱི་སྡོམ་ཡིན་ནོ། །ད་ནི་སྤྱི་སྡོམ་གྱིས་བསྡུས་པའི་སྡོམ་གྱི་བཅུ་པ་ཕྲག་དགུ་གོ་རིམས་བཞིན་དུ་བཤད་པར་བྱ་སྟེ། དེའི་ཕྱིར་སྡོམ་ལ། བརྫུན་སྐྱོན་དགེ་སློང་ཕྲ་མ་དང་། །སྐྱོ་སྔོགས་བྱེད་དང་སྟོན་པ་དང་། །འདོན་དང་གནས་ངན་ལེན་དང་ཆོས། །བཤེས་ངོར་བྱེད་དང་ཁྱད་དུ་གསོད། །ཅེས་བྱ་བ་
གསུངས་ཏེ། སྡོམ་ལ་ཞེས་བྱ་བའི་ཚིག་གི་དོན་དང་དགོས་པ་ནི་སྔ་མ་བཞིན་ནོ། །བཅུ་པ་དང་པོའི་སྡོམ་འདིས་ལྟུང་བྱེད་ཀྱི་ཆོས་བཅུ་སྟོན་ཏེ། བརྫུན་དུ་སྨྲ་བ་དང་། སྐྱོན་ནས་སྨྲ་བ་དང་། ཕྲ་མ་བྱེད་པ་དང་། སྐྱོ་སྔོགས་བྱེད་པ་དང་། སྟོན་པ་དང་། འདོན་པ་དང་གནས་ངན་ལེན་བརྗོད་པ་དང་། མིའི་ཆོས་བླ་མ་
བརྗོད་པ་དང་། སྐུར་པ་འདེབས་པ་དང་། ཁྱད་དུ་གསོད་པའོ། །ཚེ་དང་ལྡན་པ་དག་ལྟུང་བྱེད་ཀྱི་ཆོས་དགུ་བཅུ་པོ་འདི་དག་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་ལས་འབྱུང་ངོ་ཞེས་བྱ་བ་ནི་ལྟུང་བྱེད་གདོན་པ་འདིའི་ལུང་དབོག་པ་བསྟན་ཏོ། །ལྟུང་བྱེད་ཀྱི་ཆོས་ཞེས་བྱ་བ་ནི་སྤང་བའི་ལྟུང་བྱེད་དག་ལྟར་དངོས་
པོ་དེ་སྤངས་ནས་ལྟུང་བྱེད་ཀྱི་ལྟུང་བ་བཤགས་པར་བྱ་བ་ལྟ་བུ་མ་ཡིན་ཏེ། སྤང་བར་བྱ་བའི་དངོས་པོ་མེད་པའི་ཕྱིར། དེས་ན་ལྟུང་བྱེད་འབའ་ཞིག་ཅེས་བྱ་བའི་མིང་ཐོབ་པོ། །དེ་དག་ཉིད་ཁ་ན་མ་ཐོ་བའི་མཚན་ཉིད་འཛིན་པས་ཆོས་ཞེས་བྱ་བའོ། །དགུ་བཅུ་པོ་འདི་དག་ནི་ཞེས་བྱ་བ་ནི་གྲངས་དགུ་བཅུ་ཆད་པའི་

བཅུ་པ་ཕྲག་དགུ་འོག་ནས་འབྱུང་བ་དག་གོ། །ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་འདོན་པ་ལས་འབྱུང་ངོ་ཞེས་བྱ་བ་ནི། ཟླ་བ་ཕྱེད་ཕྱེད་ཅིང་གསོ་སྦྱོང་འདོན་པའི་ཚེ། འདུལ་བ་འཛིན་པའི་ཁ་ཏོན་ལས་འབྱུང་ངོ་ཞེས་བསྟན་པ་ཡིན་ནོ། །དེ་ལ་བརྫུན་དུ་སྨྲ་བའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་
ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་མཉན་ཡོད་ན། ཤཱཀྱའི་བུའི་དགེ་སློང་ལག་བརྒྱུད་ཅེས་བྱ་བ་ཅིག་འདུག་པ་དེ་ཤིན་ཏུ་སྨྲ་བ་དང་། གཞན་གྱི་སྨྲ་བའི་རྗེས་སུ་བརྩོན་པར་གནས་སོ། །ལྷོ་ཕྱོགས་ནས་བྲམ་ཟེ་རིག་བྱེད་དང་། རིག་
བྱེད་ཀྱི་ཡན་ལག་ཕ་རོལ་དུ་སོན་པ་དང་། ཡུལ་ཐ་དད་པ་ན་གནས་པའི་བྲམ་ཟེ་རྣམས་ཀྱི་སྟོན་པར་གྱུར་པ་ཞིག་ཀྱང་བྲམ་ཟེའི་ཁྱེའུ་མང་པོའི་འཁོར་དང་ལྷན་ཅིག་ཏུ་མཉན་ཡོད་དུ་ཕྱིན་ཏོ། །མཉན་ཡོད་ན་གནས་པའི་བྲམ་ཟེ་འཁོར་ཤིན་ཏུ་མང་པོ་དང་ལྡན་པ་ཞིག་གིས་དེ་དང་བརྩད་པར་བརྩམས་པ་ནི། རིག་པའི་
གནས་གང་དང་གང་ལ་གཏམ་དེ་འདྲེ་བར་བྱེད་པ་དེ་དང་དེ་ལ་ལྷོ་ཕྱོགས་པ་དེས་མཉན་ཡོད་པ་འཁོར་དང་བཅས་པ་དེ་དག་སྤོབས་པ་མེད་པར་བྱས་སོ། །དེའི་ཚེ་ཤཱཀྱའི་བུ་དགེ་སློང་ལག་བརྒྱུད་དེར་འོངས་པ་དང་། ལྷོ་ཕྱོགས་པའི་བྲམ་ཟེ་དེས་སྨྲས་པ། ཀྱེ་དགེ་སློང་ཁྱོད་སློབ་དཔོན་གྱི་མཚན་ཡོད་པས་ཁྱོད་ནི་སྨྲ་བའི་
ཁྱུ་མཆོག་ཅིག་ཡིན་པ་འདྲ་ན། བདག་ལ་ཡང་བླ་མ་ལས་ཡི་གེ་ཅུང་ཟད་བླངས་པ་ཅིག་ཡོད་དེ། བདག་ཁྱོད་དང་ལྷན་ཅིག་ཅུང་ཟད་གཏམ་རྣམ་པར་གཏན་ལ་དབབ་པ་བྱེད་པར་འདོད་དོ། །ལག་བརྒྱུད་ཀྱིས་སྨྲས་པ། བྲམ་ཟེ་མ་ཉེས་ཏེ་ཁོ་བོ་ལ་ཡང་གང་དུ་བདག་གིས་རྒོལ་བའི་བསྟན་བཅོས་རྣོན་པོ་བྱ་སྙམ་པའི་
བློ་སྐྱེས་ནས་ཁྱོད་ཀྱང་འདིར་འོངས་ཀྱིས། དེ་བཞིན་དུ་བྱའོ་ཞེས་ཕྱི་དེ་ཉིན་པར་སྐྱེད་མོས་ཚལ་ག་གེ་མོ་ཞིག་ཏུ་འགྱེད་པར་དུས་བཏབ་པོ། །དེའི་ནུབ་མོ་ལག་བརྒྱུད་ཀྱིས་བསམས་པ། གལ་ཏེ་བདག་གིས་རེ་ཞིག་བྲམ་ཟེ་ཚར་བཅད་ན་ནི། དེ་ལྟ་ན་ཡང་བདག་གིས་སྒོ་འཕར་བརྒྱ་དག་འདས་ཏེ། ཇི་ལྟར་ལྟོ་དགང་བ་
བསྒྲུབ་པར་བྱ་དགོས་སོ། །གལ་ཏེ་བྲམ་ཟེས་བདག་ཚར་བཅད་ན་ནི། དེ་ལྟ་ན་བདག་གི་གྲགས་པའི་ཕྲེང་བ་མེད་པར་འགྱུར་རོ་སྙམ་ནས་དེའི་ཕྱི་དེ་ནང་པར་རྒོལ་བའི་སར་མ་སོང་ངོ་། །དེ་ལྟ་བུ་ལན་གཉིས་ལན་གསུམ་ཙམ་དུ་འདུས་པ་ལས་ཀྱང་། ཤཱཀྱའི་བུ་ལག་བརྒྱུད་ཀྱིས་དེ་ཐོ་འཚམས་པའི་ཕྱིར་ཡུལ་

ཕྱོགས་དང་། བརྡ་དང་མཚན་མ་བྱས་ནས་ཆེད་དུ་བསམས་ཏེ་མི་འགྲོ་ནས། གཞན་མུ་སྟེགས་ཅན་དག་ཤེས་ལྡན་དག །ཤཱཀྱའི་བུའི་དགེ་སྦྱོང་འདི་དག་ནི་བརྫུན་སྨྲ་བ། བརྫུན་སྨྲ་བ་ལས་མ་ལོག །མ་སྤངས། སོ་སོར་མ་སྤངས་པ་དག་ཡིན་ཏེ། སྔ་བཏུས་པ་ལས་ཡུལ་
ཕྱོགས་དང་། བརྡ་དང་། མཚན་མ་བྱས་ནས་ཆེད་དུ་བསམས་ཏེ་འགྲོ་བར་མི་བྱེད་དོ་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ་ཤེས་བཞིན་དུ་བརྫུན་སྨྲ་ན་
ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་ཤཱཀྱའི་བུ་དགེ་སློང་ལག་བརྒྱུད། ཉོན་མོངས་པ་ནི་གཞན་ལ་ཐོ་འཚམས་པ། ཉེས་པ་ནི་ཤེས་བཞིན་དུ་བརྫུན་སྨྲ་བའོ། །དེ་ལ་ཤེས་བཞིན་དུ་ཞེས་བྱ་བ་ནི། རྣམ་པར་དཔྱད་ནས་སོ། །བརྫུན་སྨྲ་ན་ཞེས་བྱ་བ་ལ། བརྫུན་སྨྲ་བ་
ནི་རྣམ་པ་དགུ་ཡང་ཡོད། རྣམ་པ་བརྒྱད་ཀྱང་ཡོད། རྣམ་པ་བདུན་ཡང་ཡོད། རྣམ་པ་དྲུག་ཀྱང་ཡོད། རྣམ་པ་ལྔ་ཡང་ཡོད། རྣམ་པ་བཞི་ཡང་ཡོད། རྣམ་པ་གསུམ་ཡང་ཡོད། རྣམ་པ་གཉིས་ཀྱང་ཡོད། དེ་ལ་བརྫུན་དུ་སྨྲ་བ་རྣམ་པ་དགུ་གང་ཞེ་ན། གཞི་མེད་པར་ཕམ་པར་འགྱུར་བ་དང་། དགེ་འདུན་
ལྷག་མ་དང་། ལྟུང་བྱེད་དང་། སོ་སོར་བཤགས་པར་བྱ་བ་དང་། ཉེས་བྱས་དང་། ཚུལ་ཁྲིམས་ཉམས་པ་དང་། ལྟ་བ་ཉམས་པ་དང་། ཆོ་ག་ཉམས་པ་དང་། འཚོ་བ་ཉམས་པས་གླེང་བའོ། །རྣམ་པ་བརྒྱད་གང་ཞེ་ན། གཞི་མེད་པར་ཕམ་པར་འགྱུར་བ་དང་། དགེ་འདུན་ལྷག་མ་དང་། ལྟུང་བྱེད་དང་། སོ་སོར་
བཤགས་པར་བྱ་བ་དང་། ཉེས་བྱས་དང་། མཐོང་བ་དང་། ཐོས་པ་དང་། དོགས་པས་གླེང་བའོ། །རྣམ་པ་བདུན་གང་ཞེ་ན། གཞི་མེད་པར་ཚུལ་ཁྲིམས་ཉམས་པ་དང་། ལྟ་བ་ཉམས་པ་དང་། ཆོ་ག་ཉམས་པ་དང་། འཚོ་བ་ཉམས་པ་དང་། མཐོང་བ་དང་། ཐོས་པ་དང་། དོགས་པས་གླེང་བའོ། །རྣམ་པ་
དྲུག་གང་ཞེ་ན། དགེ་སློང་བརྫུན་དུ་སྨྲ་བར་འདོད་པ་ན་འདི་སྙམ་དུ་བརྫུན་སྨྲ་བར་བྱའོ་སྙམ་པ་དང་། བརྫུན་སྨྲ་བ་ན་འདི་སྙམ་དུ་བརྫུན་སྨྲའོ་སྙམ་པ་དང་། བརྫུན་སྨྲས་པ་ན་འདི་སྙམ་དུ་བརྫུན་སྨྲས་སོ་སྙམ་པ་དང་། གཞི་མེད་པར་མཐོང་བ་དང་། ཐོས་པ་དང་། དོགས་པས་བརྫུན་དུ་སྨྲ་བའོ། །རྣམ་པ་ལྔ་གང་ཞེ་ན། གཞི་

མེད་པར་ཕམ་པར་འགྱུར་བ་དང་། དགེ་འདུན་ལྷག་མ་དང་། ལྟུང་བྱེད་དང་། སོ་སོར་བཤགས་པར་བྱ་བ་དང་། ཉེས་བྱས་ཀྱིས་གླེང་བའོ། །རྣམ་པ་བཞི་གང་ཞེ་ན། གཞི་མེད་པར་ཚུལ་ཁྲིམས་ཉམས་པ་དང་། ལྟ་བ་ཉམས་པ་དང་། ཆོ་ག་ཉམས་པ་དང་། འཚོ་བ་ཉམས་པས་གླེང་བའོ། །རྣམ་པ་གསུམ་གང་ཞེ་ན།
གཞི་མེད་པར་མཐོང་བ་དང་། ཐོས་པ་དང་། དོགས་པས་གླེང་བའོ། །གཞན་ཡང་རྣམ་པ་གསུམ་གང་ཞེ་ན། བརྫུན་སྨྲ་བར་འདོད་པ་ན་འདི་སྙམ་དུ་བརྫུན་སྨྲ་བར་བྱའོ་སྙམ་པ་དང་། བརྫུན་སྨྲ་བ་ན་འདི་སྙམ་དུ་བརྫུན་སྨྲའོ་སྙམ་པ་དང་། བརྫུན་སྨྲས་པ་ན་འདི་སྙམ་དུ་བརྫུན་སྨྲས་སོ་སྙམ་པའོ། །རྣམ་པ་གཉིས་གང་ཞེ་ན།
བརྫུན་སྨྲས་པ་ན་འདི་སྙམ་དུ་བརྫུན་སྨྲའོ་སྙམ་པ་དང་། བརྫུན་སྨྲས་པ་ན་འདི་སྙམ་དུ་བརྫུན་སྨྲས་སོ་སྙམ་པའོ། །བརྫུན་སྨྲ་བ་ལ་རྣམ་པ་གཅིག་པུ་འབའ་ཞིག་ནི་མེད་དོ། །བརྫུན་སྨྲ་བ་ནི་ཕམ་པར་འགྱུར་བ་ཡང་ཡོད། དགེ་འདུན་ལྷག་མར་འགྱུར་བ་ཡང་ཡོད། ཉེས་པ་སྦོམ་པོར་འགྱུར་བ་ཡང་ཡོད། ལྟུང་བྱེད་
དུ་འགྱུར་བ་ཡང་ཡོད། ཉེས་བྱས་སུ་འགྱུར་བ་ཡང་ཡོད་དོ། །དེ་ལ་བརྫུན་དུ་སྨྲ་བ་ཕམ་པར་འགྱུར་བ་གང་ཞེ་ན། འདི་ལྟ་སྟེ། དགེ་སློང་ལ་མེད་ལ་མེད་བཞིན་དུ་མིའི་ཆོས་བླ་མ་སྨྲ་བའོ། །དགེ་འདུན་ལྷག་མར་འགྱུར་བ་གང་ཞེ་ན། འདི་ལྟ་སྟེ། དགེ་སློང་ཁྲོས་ཤིང་ཞེ་སྡང་བར་གྱུར་ནས། ཇི་ནས་ཀྱང་འདི་
ཚངས་པར་སྤྱོད་པ་དང་དབྲལ་ལོ་སྙམ་ནས། དགེ་སློང་དག་པ་ལྟུང་བ་མེད་པ་ལ་གཞི་མེད་པར་ཕམ་པར་འགྱུར་བའི་ཆོས་ཀྱིས་སྐུར་བ་འདེབས་པའོ། །ཉེས་པ་སྦོམ་པོར་འགྱུར་བ་གང་ཞེ་ན། འདི་ལྟ་སྟེ། དགེ་སློང་དགེ་འདུན་གྱི་ནང་དུ་ཆེད་དུ་བསམས་ཏེ། ཆོས་མ་ཡིན་པ་ཆོས་སུ་སྟོན་པ་དང་། ཆོས་ཆོས་མ་
ཡིན་པར་སྟོན་པ་དང་། འདུལ་བ་མ་ཡིན་པ་འདུལ་བར་སྟོན་པ་དང་། འདུལ་བ་འདུལ་བ་མ་ཡིན་པར་སྟོན་པའོ། །ཉེས་བྱས་སུ་འགྱུར་བ་གང་ཞེ་ན། འདི་ལྟ་སྟེ། དགེ་སློང་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་འདོན་པ་དང་། ཅི་འདི་ལ་ཁྱོད་ཡོངས་སུ་དག་གམ་ཞེས་དྲིས་པ་ན། ཡོངས་སུ་མ་
དག་བཞིན་དུ་ཅང་མི་སྨྲ་བར་སྡོད་པའོ། །ལྟུང་བྱེད་དུ་འགྱུར་བ་གང་ཞེ་ན། འདི་ལྟ་སྟེ། བརྫུན་དུ་སྨྲ་བ་རྣམ་པ་བཞི་པོ་དེ་དག་མ་གཏོགས་པར་བརྫུན་དུ་སྨྲ་བ་གཞན་གང་དག་ཡིན་པ་དེ་དག་ཐམས་ཅད་ནི་ལྟུང་བྱེད་དུ་འགྱུར་བ་ཡིན་ནོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་

དང་། ངན་སོང་དང་། ངན་འགྲོ་དང་། ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཆེད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་ན་དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་
འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། ཕམ་པར་འགྱུར་བ་དང་། དགེ་འདུན་ལྷག་མར་འགྱུར་བ་དང་། ཉེས་པ་སྦོམ་པོར་འགྱུར་བ་དང་། ཉེས་བྱས་སུ་འགྱུར་བ་ལས་གཞན་པའི་བརྫུན་དུ་སྨྲ་བ་དོན་ཤེས་པའི་ཡུལ་ལ་འདུ་ཤེས་གཞན་དུ་བསྒྱུར་ཏེ་བརྫུན་དུ་སྨྲ་བ་ནི་འདི་སྙམ་དུ་བརྫུན་སྨྲའོ་སྙམ་པ་
དང་། བརྫུན་སྨྲས་པ་ན་འདི་སྙམ་དུ་བརྫུན་སྨྲས་སོ་སྙམ་ན། བརྫུན་དུ་སྨྲ་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་དོན་ཤེས་པའི་ཡུལ་ལ་འདུ་ཤེས་གཞན་དུ་བསྒྱུར་བའོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། འདུ་ཤེས་བསྒྱུར་བ་ཉིད་དང་། བདག་ཉིད་ཀྱིས་
སྨྲས་པ་ཉིད་དང་། ཉན་པ་པོ་མིའི་འགྲོ་བར་གཏོགས་པ་རང་བཞིན་དུ་གནས་པ་ཉིད་དང་། ལྟུང་བྱེད་དུ་འགྱུར་བའི་བརྫུན་ཉིད་དང་། གཞན་གྱིས་དོན་གོ་བའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །བརྫུན་དུ་སྨྲ་བའི་ལྟུང་བྱེད་དེ་དང་པོའོ།། །།སྐྱོན་ནས་སྨྲ་བའི་ལྟུང་བྱེད་ཀྱི་
གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་དགེ་སློང་དྲུག་སྡེ་དག་དགེ་སློང་རྣམས་ལ་འདི་ལྟ་སྟེ། ཞར་བ་དག་ཐེང་པོ་དག །སྨད་འཆལ་དག །ལག་སོར་རྡུམ་པོ་དག །སྒུར་པོ་དག །
མིའུ་ཐུང་དག །ལྦ་བ་ཅན་དག །ལྐུགས་པ་དག །འོན་པ་དག །རྟེན་འཕྱེ་དག །གྱོལ་པོ་དག །མཆུ་འཕྱངས་པ་དག །མགོ་བོ་ཆེ་དག་ཅེས་མིའི་སྐྱོན་ནས་སྨྲ་བས་ཀུན་དུ་སྤྱོད་པར་བྱེད་དེ། དེས་དགེ་སློང་དག་སྔ་གོང་བ་དང་། གཟེངས་དམས་པ་དང་། ཞུམ་པར་གྱུར་ནས་ལུང་མནོད་པ་དང་། ཀླག་པ་དང་། ཁ་
ཏོན་དང་། རྣལ་འབྱོར་དང་། ཡིད་ལ་བྱ་བ་དང་། ནང་གི་སེམས་ཀྱི་ཞི་གནས་གཏོང་ཞིང་སྡུག་བསྔལ་ཏེ་ཡིད་མི་བདེ་བ་མང་བར་གནས་ནས། དགེ་སློང་དོན་ཉུང་ངུ་དག་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་

བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ་མིའི་སྐྱོན་ནས་སྨྲ་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ངག་ཡང་དག་པར་མ་བསྡམས་པ། ཉེས་པ་ནི་མིའི་སྐྱོན་ནས་སྨྲ་བའོ། །དེ་ལ་མིའི་སྐྱོན་ནས་སྨྲ་ན་ཞེས་བྱ་བ་ནི། མིའི་སྐྱོན་ནས་སྨྲ་བའི་བསམ་པ་
དག་དང་། ཚིག་གི་སྒྲ་དང་། ངག་གི་ལས་དང་། ངག་གི་རྣམ་པར་རིག་བྱེད་སྨྲ་བའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་གིས་དགེ་སློང་གི་སྐྱོན་ཉིད་བརྗོད་པར་འདོད་པས། ཚིག་འཇམ་པོས་ཀྱང་རུང་། རྩུབ་པོས་ཀྱང་རུང་སྟེ། སྐྱོན་གྱི་
རྣམ་པ་རུང་བ་མ་ཡིན་པ་བསམ་པ་གང་ཡང་རུང་བས་སྨྲས་ན། མི་དགའ་བ་ཉིད་དུ་མ་གྱུར་ན་ཡང་། སྐྱོན་ནས་སྨྲ་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་ཏེ། འདིའི་བྱེད་པ་པོ་ནི་སྐྱོན་ཉིད་བརྗོད་པར་འདོད་པ་དང་། ཕ་རོལ་པོ་དགེ་སློང་ཉིད་དོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། ཕ་
རོལ་པོ་དགེ་སློང་ཉིད་དང་། སྐྱོན་ཉིད་བརྗོད་པར་འདོད་པ་དང་རང་གི་ཚིག་གང་ཡང་རུང་བ་དང་། སྐྱོན་རུང་བ་མ་ཡིན་པར་བསམ་པ་གང་ཡང་རུང་བས་སྨྲས་པ་དང་། ཕ་རོལ་པོས་དོན་གོ་བ་ཉིད་དོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྐྱོན་ནས་སྨྲ་བའི་ལྟུང་བྱེད་དེ་གཉིས་
པའོ།། །།ཕྲ་མ་བྱེད་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་དགེ་སློང་དྲུག་སྡེ་དག་དགེ་སློང་རྣམས་ལ་ཕྲ་མས་ཀུན་དུ་སྤྱོད་པར་བྱེད་དེ། དེས་དགེ་སློང་དག་སྤ་གོང་བ་
དང་། གཟེངས་དམས་པ་དང་། ཞུམ་པར་གྱུར་ནས་ལུང་མནོད་པ་དང་། ཀླག་པ་དང་། ཁ་ཏོན་དང་། རྣལ་འབྱོར་དང་། ཡིད་ལ་བྱ་བ་དང་། ནང་གི་སེམས་ཀྱི་ཞི་གནས་ཀྱང་གཏོང་བར་བྱེད། འདི་ལྟར་དུས་ཡུན་རིང་པོ་ནས་ཉེ་བར་བསམས་པ་ཆོས་དང་ལྡན་པའི་གཅུགས་པའི་རྒྱུན་ཡང་གཅོད་
པར་བྱེད་ནས། དགེ་སློང་དོན་ཉུང་ངུ་དག་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། དགེ་སློང་ལ་ཕྲ་མ་བྱེད་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད།

གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་དབྱེན་གྱི་བསམ་པ། ཉེས་པ་ནི་དགེ་སློང་ལ་ཕྲ་མ་བྱེད་པའོ། །དེ་ལ་དགེ་སློང་ལ་ཕྲ་མ་བྱེད་ན་ཞེས་བྱ་བ་ནི། དགེ་སློང་ལ་ཕྲ་མ་བྱ་བའི་བསམ་པས་ངག་དང་། ཚིག་དང་། ཐ་སྙད་དང་། སྐད་བརྗོད་པ་དང་། ངེས་པའི་ཚིག་དང་། ཚིག་གི་ལམ་དང་
ཚིག་གི་སྒྲ་དང་། ངག་གི་ལས་དང་། ངག་གི་རྣམ་པར་རིག་བྱེད་སྨྲ་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་ཕྲ་མ་བྱེད་འདོད་པ། དགེ་སློང་གཞན་ལ་དགེ་སློང་ཆེ་གེ་མོ་ཞིག་འདི་སྐད་ཟེར་རོ་ཞེས་ཕྲ་མའི་ཚིག་གང་ཡང་རུང་བ་སྨྲ་ན། ཕྲ་
མ་བྱེད་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི། དབྱེ་བའི་བསམ་པ་ཉིད་དང་། དབྱེ་བར་བྱ་བ་གཉི་ག་དགེ་སློང་ཉིད་ཡིན་པའོ་འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། དབྱེ་བའི་བསམ་པ་ཉིད་དང་། དབྱེ་བར་བྱ་བ་གཉི་ག་དགེ་སློང་ཉིད་དང་། རང་གི་ཚིག་གང་
ཡང་རུང་བ་ཉིད་དང་། ངོར་སྨྲས་པ་དང་། ཕ་རོལ་པོས་དོན་གོ་བའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །ཕྲ་མ་བྱེད་པའི་ལྟུང་བྱེད་དེ་གསུམ་པའོ།། །།སྐྱོ་སྔོགས་བྱེད་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་
མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་དགེ་སློང་དྲུག་སྡེ་དགེ་འདུན་མཐུན་པས་ཆོས་བཞིན་དུ་རྩོད་པ་སྦྱངས་པར་ཤེས་བཞིན་དུ། རྩོད་པ་འདི་ནི་ཤད་ཀྱིས་མ་བྱང་བ་དང་། ལེགས་པར་ཤད་ཀྱིས་མ་བྱང་བ་ཡིན་གྱིས། ཡང་ཤད་ཀྱིས་བྱང་བར་བྱའོ། །རྩོད་པ་འདི་ནི་ངེས་པར་
མ་བརྟགས་པ་དང་། ལེགས་པར་ངེས་པར་མ་བརྟགས་པ་ཡིན་གྱིས། ཡང་ངེས་པར་བརྟག་པར་བྱའོ། །རྩོད་པ་འདི་ནི་ཉེ་བར་མ་ཞི་བ་དང་། ལེགས་པར་ཉེ་བར་མ་ཞི་བ་ཡིན་གྱིས། ཡང་ཉེ་བར་ཞི་བར་བྱའོ་ཞེས་ཡང་ལས་ཀྱིས་སྐྱོ་སྔོགས་བྱེད་དེ། དགེ་སློང་དག་ཡང་དང་ཡང་དུ་རྩོད་པ་ཉེ་བར་ཞི་བར་བྱེད་པ་ན། བྱ་
བ་མང་བ་དང་། བྱེད་པ་མང་བར་གྱུར་ནས། ལུང་མནོད་པ་དང་། ཀླག་པ་དང་། ཁ་ཏོན་དང་། རྣལ་འབྱོར་དང་། ཡིད་ལ་བྱ་བ་དང་། ནང་གི་སེམས་ཀྱི་ཞི་གནས་གཏོང་བར་བྱེད་ནས། དགེ་སློང་དོན་ཉུང་ངུ་དག་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་

འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། ཡང་དགེ་སློང་གང་དགེ་འདུན་མཐུན་པས་ཆོས་བཞིན་དུ་རྩོད་པ་སྦྱངས་པར་ཤེས་བཞིན་དུ་ཡང་ལས་ཀྱིས་སྐྱོ་སྔོགས་བྱེད་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་རྩོད་པ་ལ་དགའ་
བ། ཉེས་པ་ནི་སྐྱོ་སྔོགས་བྱེད་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་དྲུག་སྡེའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དགེ་འདུན་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་ནོ། །མཐུན་པས་ཞེས་བྱ་བ་ནི་བློ་མཐུན་པས་སོ། །ཆོས་བཞིན་དུ་ཞེས་བྱ་བ་ནི་ཆོས་ཇི་ལྟ་བ་དང་། འདུལ་བ་
ཇི་ལྟ་བ་དང་། སྟོན་པའི་བསྟན་པ་ཇི་ལྟ་བ་བཞིན་དུའོ། །རྩོད་པ་ཞེས་བྱ་བ་ནི། རྩོད་པ་བཞི་པོ་འགྱོད་པའི་ཕྱིར་རྩོད་པ་དང་། མི་གདམས་པའི་ཕྱིར་རྩོད་པ་དང་། ལྟུང་བའི་ཕྱིར་རྩོད་པ་དང་། བྱ་བའི་ཕྱིར་རྩོད་པའོ། །སྦྱངས་པར་ཞེས་བྱ་བ་ནི་ཉེ་བར་ཞི་བར་བྱས་པའོ། །ཤེས་བཞིན་དུ་ཞེས་བྱ་བ་ནི། རང་ཉིད་
ཀྱིས་ཡོངས་སུ་རིག་པའམ། གཞན་དག་གིས་བརྗོད་པས་སོ། །ཡང་ལས་ཀྱིས་སྐྱོ་སྔོགས་བྱེད་ན་ཞེས་བྱ་བ་ནི་ཡང་བྱེད་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་གཉུག་མར་གནས་པ་དང་། ལས་བྱེད་པ་དང་། འདུན་པ་
འབུལ་བ་དག་གིས་དགེ་སློང་གཉིས་ཀྱི་རྩོད་པ་གང་ཡང་རུང་བ་དེ་དགེ་འདུན་གྱིས་ལེགས་པར་ཞི་བར་བྱས་པར་ཤེས་བཞིན་དུ། གང་ལས་ཀྱིས་སྐྱོ་སྔོགས་བྱེད་ན་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་དགེ་སློང་གཉིས་ཀྱི་རྩོད་པ་ཉིད་དགེ་འདུན་གྱིས་ལེགས་པར་ཞི་བར་བྱས་པ་ཉིད་ལ།
འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། རྒོལ་བ་དང་། ཕྱིར་རྒོལ་བ་གཉིས་ཀ་དགེ་སློང་ཉིད་ཡིན་པ་དང་། རྩོད་པ་བཞི་པོ་གང་ཡང་རུང་བ་དང་། དགེ་འདུན་གྱིས་ལེགས་པར་ཞི་བར་བྱས་པ་དང་། ལྟུང་བ་འབྱིན་པ་པོས་དེ་ལྟར་ཤེས་པ་དང་།
ཡང་ལས་ཀྱིས་སྐྱོ་སྔོགས་བྱེད་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྐྱོ་སྔོགས་བྱེད་པའི་ལྟུང་བྱེད་དེ་བཞི་པའོ།། །།སྟོན་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་

བཞུགས་སོ། །ཚེ་དང་ལྡན་པ་འཆར་ཀ་ཤ་མཚན་གྱི་རིག་པ་ཤེས་ཏེ། སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ། མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་ཤིང་། བྲམ་ཟེ་དང་ཁྱིམ་བདག་དག་ལ་ཆོས་བསྟན་ནས། མནའ་མ་ལ་དྲིས་པ། སྲུ་མོ་ཁྱོད་ཀྱི་
སྒྱུག་མོ་ཅི་འདྲ། དེས་སྨྲས་པ། འཕགས་པ་རི་བོང་མོ་མདས་ཕོག་པ་ཅི་འདྲ་བ་དེ་འདྲའོ། །འཆར་ཀས་སྨྲས་པ། སྲུ་མོ་ཅི་དེ་དེའི་ཉེས་པ་ཡིན་སྙམ་མམ། དེ་ལྟར་དེ་ལ་གཏུམ་པའི་མཚན་ནུ་མའི་བར་དང་། མདོམས་ཀྱི་བར་དང་། རྐེད་པའི་བར་དག་ན་ཤ་རྨན་དང་། མཛེར་བུ་དང་སྨེ་བ་དང་། སྨེ་
བ་དམར་པོ་དང་། སྤུ་འཁྱིལ་པ་དག་ཡོད་པས་དེ་ནི་དེའི་ཉེས་པ་ཡིན་ནོ། །དེའི་འོག་ཏུ་སྒྱུག་མོའི་གན་དུ་སོང་སྟེ་དྲིས་པ། སྲུ་མོ་ཁྱོད་ཀྱི་མནའ་མ་ཅི་འདྲ། དེས་སྨྲས་པ། འཕགས་པ་དེའི་སྐྱོན་ནི་སེ་དར་གྱིས་བདར་འཚལ་ཏེ། ལེ་ལོ་ཅན་སྒྲུབ་མི་ཕོད་པ། གཏུམ་པ་གཤེ་བ་སྤྱོ་བར་བགྱིད་པ་ལགས་སོ། །
འཆར་ཀས་སྨྲས་པ། སྲུ་མོ་ཅི་དེ་དེའི་ཉེས་པ་ཡིན་སྙམ་མམ། འདི་ལྟར་དེ་ལ་གཏུམ་པའི་མཚན་ནུ་མའི་བར་དང་། མདོམས་ཀྱི་བར་དང་། རྐེད་པའི་བར་དག་ན། ཤ་རྨན་དང་། འཛེར་བུ་དང་། སྨེ་བ་དང་། སྨེ་བ་དམར་པོ་དང་། སྤུ་འཁྱིལ་པ་དག་ཡོད་པས། དེ་ནི་དེའི་ཉེས་པ་ཡིན་ནོ། །དེས་བྲམ་ཟེ་དང་
ཁྱིམ་བདག་གཞན་དག་ལ་ཆོས་བསྟན་ནས། སྒྱུག་མོ་ལ་དྲིས་པ། སྲུ་མོ་ཁྱོད་ཀྱི་མནའ་མ་ཅི་འདྲ། དེས་སྨྲས་པ། འཕགས་པ་བུ་མོའམ་ནུ་མོ་ཅི་འདྲ་བ་དེ་འདྲའོ། །འཆར་ཀས་སྨྲས་པ། སྲུ་མོ་དེ་ནི་དེའི་ཡོན་ཏན་མ་ཡིན་ཏེ། འདི་ལྟར་དེ་ལ་ངེས་པའི་མཚན་ནུ་མའི་བར་དང་། མདོམས་ཀྱི་བར་དང་། རྐེད་པའི་
བར་དག་ན་དཔལ་བེའུ་དང་། བུམ་པ་གང་བ་དང་། བཀྲ་ཤིས་དང་། གཡུང་དྲུང་དག་ཡོད་པས་དེ་ནི་དེའི་ཡོན་ཏན་ཡིན་ནོ། །དེའི་འོག་ཏུ་མནའ་མའི་གན་དུ་སོང་སྟེ་དྲིས་པ། སྲུ་མོ་ཁྱོད་ཀྱི་སྒྱུག་མོ་ཅི་འདྲ། དེས་སྨྲས་པ། འཕགས་པ་མའམ་ཕུ་མོ་ཅི་འདྲ་བ་དེ་འདྲའོ། །འཆར་ཀས་སྨྲས་པ། བུ་མོ་དེ་ནི་དེའི་
ཡོན་ཏན་མ་ཡིན་ཏེ། འདི་ལྟར་དེ་ལ་ངེས་པའི་མཚན་ནུ་མའི་བར་དང་། མདོམས་ཀྱི་བར་དང་། རྐེད་པའི་བར་དག་ན། དཔལ་བེའུ་དང་། བུམ་པ་གང་བ་དང་། བཀྲ་ཤིས་དང་། གཡུང་དྲུང་དག་ཡོད་པས་དེ་ནི་དེའི་ཡོན་ཏན་ཡིན་ནོ། །དེ་ནས་དུས་གཞན་ཞིག་ན་བུད་མེད་དེ་དག་བསྐུ་མཉེ་དང་། དྲིལ་ཕྱི་དང་།

ཁྲུས་བྱེད་པའི་ཚེ་གཅིག་ལ་གཅིག་གསང་བའི་གནས་ཀྱི་མཚན་མ་རྟོག་པར་བྱེད་པ་ན། ཚེ་དང་ལྡན་པ་འཆར་ཀས་ཇི་སྐད་བསྟན་པ་དེ་ཁོ་ན་ལྟ་བུའི་མཚན་མ་བཟང་པོ་དང་། ངན་པ་དག་མཐོང་ཞིང་གང་གི་ཚེ་དེ་དག་འཐབ་པའི་ཚེ། གཅིག་ལ་གཅིག་སྐུར་པ་ཡང་འདེབས་ཤིང་འདུམ་པའི་ཚེ་ཕེབས་པར་ཡང་སྨྲ་
སྟེ། ཚེ་དང་ལྡན་པ་འཆར་ཀ་ལ་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འདི་སྙམ་དུ་དགོངས་ཏེ། གང་གི་ཕྱིར་ཉེས་དམིགས་ཅུང་ཟད་ཅིག་བྱུང་བ་དེ་དག་ཐམས་ཅད་ནི།
དགེ་སློང་བུད་མེད་ལ་ཆོས་སྟོན་པ་ལས་གྱུར་པ་ཡིན་པར་དགོངས་ནས། དགེ་སློང་གིས་བུད་མེད་ལ་ཆོས་བསྟན་པར་མི་བྱ་བ་དང་། ཚིག་ལྔས་ཆོས་བསྟན་པར་བྱ་བ་དང་། ཚིག་དྲུག་གིས་ཆོས་བསྟན་པར་བྱ་བ་དང་། སྐྱེས་པ་བཞག་སྟེ་ཅི་ཙམ་འདོད་པར་ཆོས་བསྟན་པར་བྱའོ་ཞེས་བཀའ་སྩལ་པ་དང་།
དྲུག་སྡེ་དག་གིས་ཁྱི་དང་། སྤྲེའུ་དང་། བེའུ་དང་། ཕྱི་གན་དུ་ཉལ་བ་དང་། གོག་པ་དང་། ཁྱེའུ་དག་དྲུང་དུ་བཞག་སྟེ། ཇི་ཙམ་འདོད་པར་བུད་མེད་ལ་ཆོས་སྟོན་ཅིང་། དེས་རློམ་པ་དང་ཁེངས་པར་བྱེད་ནས། དགེ་སློང་དོན་ཉུང་ངུ་དག་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་
སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། ཡང་དགེ་སློང་གང་བུད་མེད་ཀྱི་ཡུལ་ལ་ཚིག་ལྔའམ། དྲུག་ལས་ལྷག་པར་ཆོས་སྟོན་ན། རིག་པའི་སྐྱེས་པ་མ་གཏོགས་ཏེ་ལྟུང་བྱེད་དོ་ཞེས་བཅའ་པ་མཛད་དེ། ཡུལ་ནི་མཉན་
ཡོད། གང་ཟག་ནི་འཆར་ཀ །ཉོན་མོངས་པ་ནི་སྲེད་པ། ཉེས་པ་ནི་བུད་མེད་ལ་རིག་པའི་སྐྱེས་པ་མེད་པར་ཚིག་ལྔའམ། དྲུག་ལས་ལྷག་པར་ཆོས་སྟོན་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི། དྲུག་སྡེའམ་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །བུད་མེད་ལ་ཞེས་བྱ་བ་ནི་བུད་མེད་དམ་གཞོན་ནུ་མ་
ལེགས་པར་སྨྲས་པ་དང་། ཉེས་པར་སྨྲ་བའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པ་ལའོ། །ཚིག་ལྔའམ་དྲུག་ལས་ལྷག་པར་ཞེས་བྱ་བ་ནི། ཚིག་ལྔས་ཆོས་སྟོན་པ་ན་བསམས་བཞིན་དུ་ཚིག་དྲུག་པ་ལ་ཐལ་བར་བྱེད་པ་དང་། ཚིག་དྲུག་གིས་ཆོས་སྟོན་པ་ན་ཡང་བསམས་བཞིན་དུ་ཚིག་བདུན་པ་ལ་

ཐལ་བར་བྱེད་པའོ། །ཆོས་ཞེས་བྱ་བ་ནི་སངས་རྒྱས་ཀྱིས་གསུངས་པའམ། སངས་རྒྱས་ཀྱི་ཉན་ཐོས་ཀྱིས་བཤད་པའོ། །སྟོན་ན་ཞེས་བྱ་བ་ནི་འཆད་ནའོ། །རིག་པའི་སྐྱེས་པ་མ་གཏོགས་ཏེ་ཞེས་བྱ་བ་ནི། རིག་པའི་སྐྱེས་པ་བཞག་སྟེའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་
འདིར་དངོས་གཞིའི་ལྟུང་བ་རྣམ་པར་བཞག་པ་ནི། དགེ་སློང་གིས་ཁྱིམ་པ་མོ་བུད་མེད་དམ། གཞོན་ནུ་མ་ལེགས་པར་སྨྲས་པ་དང་། ཉེས་པར་སྨྲ་བའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པ་ལ་གནས་གཅིག་ཏུ་སངས་རྒྱས་སམ། སངས་རྒྱས་ཀྱི་ཉན་ཐོས་ཀྱིས་གསུངས་པའི་ཆོས་ཚིག་དྲུག་ལས་ལྷག་པ་
ཤེས་བཞིན་དུ་རིག་པའི་སྐྱེས་པ་མེད་པར་སྟོན་ན། སྟོན་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི། བུད་མེད་དམ། གཞོན་ནུ་མ་ལེགས་པར་སྨྲས་པ་དང་། ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པ་ལ། ཆོས་ཚིག་དྲུག་ལས་ལྷག་པར་སྟོན་པ་ལ་འདུ་ཤེས་
གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །འདི་ལ་ཡན་ལག་དྲུག་གིས་དངོས་གཞིའི་ལྟུང་བར་འགྱུར་ཏེ། བུད་མེད་ཁྱིམ་པ་མོ་ལེགས་པར་སྨྲས་པ་དང་། ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པ་དང་། གནས་གཅིག་ཏུ་བསྟན་པ་དང་། སངས་རྒྱས་ཀྱི་ཆོས་དང་། ཚིག་དྲུག་ལས་ལྷག་
པ་དང་། རིག་པའི་སྐྱེས་པ་མེད་པ་དང་། ཤེས་བཞིན་དུ་སྟོན་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྟོན་པའི་ལྟུང་བྱེད་དེ་ལྔ་པའོ།། །།འདོན་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་
སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་དགེ་སློང་དྲུག་སྡེ་དག་གང་ཟག་བསྙེན་པར་མ་རྫོགས་པ་དག་དང་ཚིག་གིས་གདོན་པར་བྱེད་དོ། །དེས་ཀུན་དགའ་ར་བའི་མཐར་སྒྲ་མཐོན་པོ་དང་། སྒྲ་ཆེན་པོ་སྐྱེ་བོ་ཕལ་པོ་ཆེའི་ཚོགས་ཀྱི་སྒྲ་ལྟ་བུ་འདི་ལྟ་སྟེ། དཔེར་ན་བྲམ་ཟེ་རྣམས་བྲམ་ཟེའི་གསང་ཚིག་
འདོན་པ་ལྟ་བུ་དང་། རྩིས་མཁན་རྣམས་ཀྱིས་རྩིས་ཀྱི་གནས་ན་སྨྲ་བ་ལྟ་བུ་གྲག་པར་གྱུར་པ་བཅོམ་ལྡན་འདས་ཀྱིས་གསན་ཏེ། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་རྨས་ནས། ཀུན་དགའ་བོས་ཇི་ལྟར་གྱུར་པ་རྒྱ་ཆེར་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། ཡང་དགེ་སློང་གང་ཟག་བསྙེན་

པར་མ་རྫོགས་པ་དང་ཚིག་གིས་ཆོས་འདོན་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་མ་ཞི་བ། ཉེས་པ་ནི་གང་ཟག་བསྙེན་པར་མ་རྫོགས་པ་དང་ཚིག་གིས་ཆོས་འདོན་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་དྲུག་སྡེའམ། གཞན་ཡང་དེ་
ལྟ་བུ་གང་ཡིན་པའོ། །གང་ཟག་བསྙེན་པར་མ་རྫོགས་པ་དང་ཞེས་བྱ་བ་ལ། བསྙེན་པར་རྫོགས་པ་ནི་གཉིས་ཏེ། དགེ་སློང་དང་། དགེ་སློང་མའོ། །དེ་ལས་གཞན་པ་ནི་བསྙེན་པར་མ་རྫོགས་པའོ། །ཚིག་གིས་ཞེས་བྱ་བ་ནི། ཚིག་མཉམ་པ་དང་། ཚིག་སྔ་བ་དང་། ཡི་གེ་མཉམ་པ་དང་། ཡི་གེ་སྔ་
བས་སོ། །ཇི་ལྟར་ཚིག་མཉམ་པས་ཤེ་ན། སློབ་དཔོན་འདི་སྐད་ཅེས། སྡིག་པ་ཐམས་ཅད་མི་བྱ་སྟེ། །ཞེས་འདོན་པ་ན། ཉེ་གནས་ཀྱང་དུས་གཅིག་ཏུ། །སྡིག་པ་ཐམས་ཅད་མི་བྱ་སྟེ། །ཞེས་འདོན་པ་སྟེ། དེ་ལྟར་ཚིག་མཉམ་པས་སོ། །ཇི་ལྟར་ཚིག་སྔ་མས་ཤེ་ན། སློབ་དཔོན་གྱིས་རེ་ཞིག །སྡིག་
པ་ཐམས་ཅད་མི་བྱ་སྟེ། །ཞེས་མ་བཏོན་པར་ཉེ་གནས། དགེ་བ་ཕུན་སུམ་ཚོགས་པར་བྱ། །ཞེས་གདོན་པ་སྟེ། དེ་ལྟར་ཚིག་སྔ་བས་སོ། །ཇི་ལྟར་ཡི་གེ་མཉམ་པས་ཤེ་ན། སློབ་དཔོན་ཨ་ཞེས་གདོན་པ་ན། ཉེ་གནས་ཀྱང་དུས་གཅིག་ཏུ་ཨ་ཞེས་འདོན་པ་སྟེ། དེ་ལྟར་ཡི་གེ་མཉམ་པས་སོ། །ཇི་ལྟར་
ཡི་གེ་སྔ་བས་ཤེ་ན། སློབ་དཔོན་གྱིས་རེ་ཞིག་ཨ་ཞེས་མ་བཏོན་པར། ཉེ་གནས་ཨ་ཞེས་འདོན་པ་སྟེ། དེ་ལྟར་ཡི་གེ་སྔ་བས་སོ། །ཆོས་ཞེས་བྱ་བ་ནི་སངས་རྒྱས་ཀྱིས་གསུངས་པའམ། སངས་རྒྱས་ཀྱི་ཉན་ཐོས་ཀྱིས་བཤད་པའོ། །གདོན་ན་ཞེས་བྱ་བ་ནི་འཛིན་དུ་འཇུད་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་
ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་གང་ཟག་བསྙེན་པར་མ་རྫོགས་པ་དང་ཅིག་ཅར་རམ། དེའི་མཇུག་ཐོགས་སུ་དེ་ལུང་གི་ཆོས་སམ་ཡི་གེ་ཀླག་པའི་ཕྱིར་འདོན་ན་འདོན་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་གང་ཟག་
བསྙེན་པར་མ་རྫོགས་པ་དང་། ལུང་གི་ཆོས་དང་ཡི་གེའོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། གང་ཟག་བསྙེན་པར་མ་རྫོགས་པ་དང་། ལུང་གི་ཆོས་སམ། ཡི་གེ་དང་། ཅིག་ཅར་རམ། དེའི་མཇུག་ཐོགས་དང་། ཀླག་པའི་ཆེད་དང་། འདོན་པའོ། །དེ་དག་ལས་ཡན་

ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །འདོན་པའི་ལྟུང་བྱེད་དེ་དྲུག་པའོ།། །།གནས་ངན་ལེན་བརྗོད་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །
འདོད་ཆགས་དང་བྲལ་བ་མེད་པ། ཉོན་མོངས་པ་རྣམས་མ་སྤངས་པའི་ཕྱིར། དགེ་སློང་དག་དགེ་འདུན་ལྷག་མའི་ལྟུང་བ་འབྱིན་པར་བྱེད་པ་དང་། ཁ་ཅིག་ནི་ལམ་གོལ་བར་རྒས་པས་དེ་དག་གང་གི་ཚེ་དགེ་སློང་མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་། མ་མོ་འཛིན་པ་རྣམས་ལས་ཐོས་པ། དེའི་
ཚེ་ནི་དེ་དག་ལྟུང་བ་ཆོས་བཞིན་དུ་ཕྱིར་བྱེད་ཅིང་སྤོ་བ་དང་མགུ་བར་བྱ་བ་སྤྱོད་པ་ན། དགེ་འདུན་ལ་ཆུ་འབྲིམ་པའི་ཚེ་བྲམ་ཟེ་དང་། ཁྱིམ་བདག་དད་པ་ཅན་དག་གིས་སྨྲས་པ། གང་དག་རིན་པོ་ཆེ་རྟོགས་པ་དག་ཀྱང་དེ་ལས་ཉེ་བར་བརྟགས་ཤིང་རིན་པོ་ཆེ་དག་སྡུད་པར་བྱེད་དོ། །དགེ་སློང་གནས་བརྟན་གནས་
བརྟན་བསོད་ནམས་འདོད་པ་འདི་དག་ཀྱང་དགེ་འདུན་ལ་ཆུ་འབྲིམ་ཞིང་བསོད་ནམས་སོགས་པར་བྱེད་དོ། །དྲུག་སྡེ་ཆེན་པོ་འདི་དག་ནི་ཟ་ཞིང་འཁོད་པར་བྱེད་དོ་ཞེས་ཟེར་བ་དྲུག་སྡེ་དག་གིས་ཐོས་ནས། དེ་དག་གིས་སྨྲས་པ། ཤེས་ལྡན་དག་ཅི་འདི་དག་ཆོས་བཟང་པོའི་ཆོས་ཀྱིས་དགེ་འདུན་ལ་ཆུ་འབྲིམ་
པར་བྱེད་སྙམ་མམ། འདི་ལྟར་འདི་དག་ནི་ཆད་པའི་ལས་བྱེད་པ་ཡིན་ནོ། །དེ་དག་གིས་སྨྲས་པ། འདི་དག་གིས་ཅི་བྱས། དྲུག་སྡེ་དག་གིས་ལས་བྱ་བ་མ་ཡིན་པ་བྱས་ཏེ། འདི་ལྟ་འདི་ལྟར་བྱས་སོ་ཞེས་སྨྲས་པ་དང་དེ་དག་དགེ་སློང་གནས་བརྟན་གནས་བརྟན་གང་དག་ཡིན་པ་དེ་དག་གི་གནས་སྐབས་
ཀྱང་རེ་ཞིག་འདི་འདྲ་ན། དགེ་སློང་བར་མ་དང་། གསར་བུ་གང་དག་ཡིན་པ་དེ་དག་གི་གནས་སྐབས་ཅི་འདྲ་བར་འགྱུར་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་དོ། །དགེ་སློང་སྤོ་བ་བྱེད་པ་དེ་དག་ཕྱི་དྲོ་དབུ་སྐྲ་དང་སེན་མོའི་མཆོད་རྟེན་དག་ལ་ལྕི་བ་འཇམ་པོའི་བྱུག་པས་ཉུག་པར་
བྱེད་པ་དག་གི་ལྷན་ཅིག་གནས་པ་དང་། ཉེ་གནས་དག་ལ་ཡང་། དྲུག་སྡེ་དག་གིས་གནས་ངན་ལེན་བརྗོད་ནས། གང་གི་ཚེ་དེ་དག་ལྟུང་བ་དེ་ལས་ལངས་པར་གྱུར་པ་དེའི་ཚེ་ན། དེ་དག་གིས་རང་གི་དགེ་ཚུལ་དག་ལ་ལས་གྱིས་ཤིག་ཅེས་བསྒོ་བ་ནི། དགེ་ཚུལ་དག་འདི་སྐད་ཅེས་ལས་འདི་ནི་ཁྱེད་

ཅག་གནས་ངན་ལེན་ཀུན་དུ་སྤྱོད་པ་དག་གིས་བྱས་པ་ཡིན་གྱིས། ཁོ་བོ་ཅག་མི་བྱེད་དོ་ཞེས་ཟེར་བ་ན། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག །གང་ཟག་བསྙེན་པར་མ་རྫོགས་པ་ལ་གནས་ངན་ལེན་གྱི་ལྟུང་བ་རྗོད་པར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་
པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ་ཡང་དགེ་སློང་གང་ཟག་བསྙེན་པར་མ་རྫོགས་པ་ལ་གནས་ངན་ལེན་གྱི་ལྟུང་བ་བརྗོད་ན། དགེ་འདུན་གྱིས་གནང་བ་མ་གཏོགས་ཏེ་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་
མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་གཞན་གྱིས་བསྔགས་པ་ལ་ཕྲག་དོག་བྱེད་པ། ཉེས་པ་ནི་གང་ཟག་བསྙེན་པར་མ་རྫོགས་པ་ལ་དགེ་སློང་གིས་གནས་ངན་ལེན་བརྗོད་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི། དྲུག་སྡེ་འམ་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །གང་ཟག་བསྙེན་
པར་མ་རྫོགས་པ་ལ་ཞེས་བྱ་བ་ལ། བསྙེན་པར་རྫོགས་པ་ནི་གཉིས་ཏེ། དགེ་སློང་དང་དགེ་སློང་མའོ། །དེ་ལས་གཞན་པ་ནི་བསྙེན་པར་མ་རྫོགས་པའོ། །གནས་ངན་ལེན་ཞེས་བྱ་བ་ལ། གནས་ངན་ལེན་གཉིས་ཏེ། ཕམ་པར་འགྱུར་བ་ཀུན་ནས་སློང་བ་དང་། དགེ་འདུན་ལྷག་མ་ཀུན་ནས་སློང་བའོ། །
ཅིའི་ཕྱིར་དེ་དག་གནས་ངན་ལེན་ཞེས་བྱ་ཞེ་ན། ངོ་བོ་ཉིད་ལས་དང་ཀུན་ནས་སློང་བས་སོ། །ལྟུང་བ་བརྗོད་ན་ཞེས་བྱ་བ་ནི་སྨྲ་ནའོ། །དགེ་འདུན་གྱིས་གནང་བ་མ་གཏོགས་ཏེ་ཞེས་བྱ་བ་ནི་དགེ་འདུན་གྱིས་གནང་བ་བཞག་སྟེའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་
པར་གཞག་པ་ནི། དགེ་སློང་གིས་དགེ་འདུན་གྱི་གནས་ངན་ལེན་བརྗོད་པར་མ་བསྐོས་པས་ཉན་པ་པོ་བསྙེན་པར་མ་རྫོགས་པ་ལ་ཕམ་པར་འགྱུར་བ་དང་། དགེ་འདུན་ལྷག་མ་དག་སོ་སོ་ཡང་རུང་བསྡུས་པ་ཡང་རུང་བ་སྨྲས་ན། གནས་ངན་ལེན་བརྗོད་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་
བྱེད་པ་པོ་ནི། ཉན་པ་པོ་བསྙེན་པར་མ་རྫོགས་པ་ཕམ་པར་འགྱུར་བ་དང་། དགེ་འདུན་ལྷག་མའི་ལྟུང་བ་མི་ཤེས་པ་ཉིད་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། དགེ་སློང་དགེ་འདུན་གྱིས་གནས་ངན་ལེན་བརྗོད་པར་མ་བསྐོས་པ་

དང་། དེས་ཉན་པ་པོ་བསྙེན་པར་མ་རྫོགས་པ་གནས་ངན་ལེན་མི་ཤེས་པ་ཉིད་དུ་ཤེས་པ་དང་། ཉན་པ་པོ་མིའི་འགྲོ་བ་བསྙེན་པར་མ་རྫོགས་པ་ཉིད་དང་། གནས་ངན་ལེན་ཕམ་པར་འགྱུར་བ་དང་། དགེ་འདུན་ལྷག་མ་དག་སོ་སོའམ་བསྡུས་པ་གང་ཡང་རུང་བ་སྨྲས་པ་དང་།
ཕ་རོལ་པོས་དོན་གོ་བའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །གནས་ངན་ལེན་བརྗོད་པའི་ལྟུང་བྱེད་དེ་བདུན་པའོ།། །།མིའི་ཆོས་བླ་མ་བརྗོད་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་ཡངས་པ་ཅན་སྤྲེའུ་རྫིང་གི་འགྲམ་ཁང་པ་བརྩེགས་པའི་ཁང་
བཟངས་ན་བཞུགས་སོ། །གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཉ་པ་ལྔ་བརྒྱ་ཆུ་ཀླུང་ཡིད་འོང་ལྡན་ལ་བརྟེན་ཅིང་འཁོད་པ་དག་གིས་ཆུ་སྲིན་ཉའི་རིགས་བཟུང་བའི་གླེང་གཞི་ལས། དེ་དག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་ཕྱུང་ཞིང་བསྙེན་པར་རྫོགས་པར་མཛད་ནས།
དེ་དག་གིས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེ་དག་མུ་གེ་བྱུང་བའི་ཚེ། ཉ་བའི་གྲོང་གི་ཉེ་འཁོར་དུ་དབྱར་གནས་པར་ཁས་བླངས་པ་དག་གིས་མིའི་ཆོས་བླ་མ་ཇི་ལྟར་ཐོབ་པ་ཉེ་དུ་དག་ལ་བརྗོད་ནས། འཇིག་རྟེན་ནི་ཡོན་ཏན་ལ་དགའ་བ་ཡིན་པས། ཉེ་དུ་དག་གིས་རེ་ཞིག་རང་གི་བུ་དག་
ལས་ཀྱང་ཕྲོགས་ཏེ། དེ་དག་ལ་བསོད་སྙོམས་ལེགས་པར་བསྟབས་པར་གྱུར་ཏོ། །གང་གི་ཚེ་དབྱར་འདས་ནས་འདུས་པ་ཆེན་པོའི་ཚེ། དགེ་སློང་རྣམས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་དུ་འདོང་བའི་ཚེ། ཚེ་དང་ལྡན་པ་ཀུན་དགའ་བོས་དགེ་སློང་གང་དག་སྤོང་བྱེད་ཀྱི་གོང་དུ་དབྱར་གནས་
པར་ཁས་བླངས་པ་དེ་དག་ནི་བསོད་སྙོམས་ཀྱིས་བྲེལ་བས་རིད་པ་དང་། ཉམ་ཆུང་བ་དང་། རྐེ་བ་དང་། སྐམ་པ་དང་། ལུས་མ་ཐོབ་པ་དང་། པགས་པ་དང་། ཤ་དང་ཁྲག་བྲི་བ་མཐོང་། དགེ་སློང་གང་དག་ཉ་བའི་གྲོང་གི་ཉེན་ཀོར་དུ་དབྱར་གནས་པར་ཁས་བླངས་པ་དེ་དག་ནི་བསོད་སྙོམས་ཀྱིས་བྲེལ་བ་
མེད་པས་ཚོ་བ་དང་། པགས་པ་དང་། ཤ་དང་ཁྲག་རྒྱས་པ་མཐོང་ནས་དེ་ཅི་ལས་གྱུར་པའི་རྒྱུ་དྲིས་པ་དང་། དེ་དག་གིས་ཀྱང་རྒྱས་པར་སྨྲས་སོ། །ཚེ་དང་ལྡན་པ་ཀུན་དགའ་བོས་དེ་དག་ལ་ཁྱེད་ཅག་གང་ཟག་བསྙེན་པར་མ་རྫོགས་པ་ལ། མིའི་ཆོས་བླ་མ་བདེན་པ་བརྗོད་དུ་རུང་ངམ་ཞེས་དྲིས་པ་དང་། དེ་

དག་གིས་སྨྲས་པ། རུང་ཡང་སྲིད་མི་རུང་ཡང་སྲིད་དེ། འདི་ལྟར་བདག་ཅག་གིས་ནི་སྨྲས་སོ་ཞེས་ཟེར་བ་ན། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་གང་ཟག་བསྙེན་པར་མ་རྫོགས་པ་ལ་མིའི་ཆོས་བླ་མ་བདེན་པ་བརྗོད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་
སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ་ཡང་དགེ་སློང་གང་གང་ཟག་བསྙེན་པར་མ་རྫོགས་པ་ལ་མིའི་ཆོས་བླ་མ་བདེན་པ་སྨྲ་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་ཡངས་པ་ཅན། གང་ཟག་ནི་ཉ་པ་ལས་རབ་ཏུ་བྱུང་བའི་
དགེ་སློང་དགྲ་བཅོམ་པ་ལྔ་བརྒྱ། ཉོན་མོངས་པ་ནི་བག་ཆགས་མ་བྱང་བས་མ་བརྟགས་པ། ཉེས་པ་ནི་གང་ཟག་བསྙེན་པར་མ་རྫོགས་པ་ལ་མིའི་ཆོས་བླ་མ་བདེན་པར་སྨྲས་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་ཆོས་འདི་པའོ། །གང་ཟག་བསྙེན་པར་མ་རྫོགས་པ་ཞེས་བྱ་བ་ལ། བསྙེན་
པར་རྫོགས་པ་ནི་གཉིས་ཏེ། དགེ་སློང་དང་དགེ་སློང་མའོ། །དེ་དག་ལས་གཞན་པ་ནི་བསྙེན་པར་མ་རྫོགས་པའོ། །མིའི་ཆོས་ཞེས་བྱ་བ་ནི་མི་རྣམས་ཀྱི་ཆོས་མྱ་ངན་ལས་འདས་པ་སྟེ། དེ་ནི་མི་རྣམས་ཀྱིས་འཐོབ་ཀྱི། ཟ་མ་དང་། མ་ནིང་དང་། མཚན་གཉིས་པ་དག་གིས་ཀྱང་མི་འཐོབ་ཀྱི། སེམས་
ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་རྣམས་ཀྱིས་ལྟ་སྨོས་ཀྱང་ཅི་དགོས་པའི་ཕྱིར་རོ། །བླ་མ་ཞེས་བྱ་བ་ནི། འདོད་པའི་ཁམས་པས་གཟུགས་ཀྱི་ཁམས་བླ་མ་ཡིན་ལ། གཟུགས་ཀྱི་ཁམས་པས་གཟུགས་མེད་པའི་ཁམས་བླ་མ་ཡིན་པའོ། །ཡང་ན་མིའི་ཆོས་ཞེས་བྱ་བ་ནི་སྒྲིབ་པ་ལྔ་པོ་དག་གོ། །
བླ་མ་ཞེས་བྱ་བ་ནི་དེ་དག་སྤངས་པ་གང་ཡིན་པའོ། །བདེན་པ་ཞེས་བྱ་བ་ནི་དེའི་དངོས་པོ་བདེན་པ་ཁོ་ན་ཡིན་པའོ། །སྨྲ་ན་ཞེས་བྱ་བ་ནི་བརྗོད་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་གིས་འདུ་ཤེས་མ་བསྒྱུར་བར་བདག་ཉིད་མིའི་ཆོས་
བླ་མ་དང་ལྡན་པ་བདེན་པ་ཉིད་གང་ཟག་བདེན་པ་མ་མཐོང་བ་བསྙེན་པར་མ་རྫོགས་པ་ལ་བརྗོད་ན་མིའི་ཆོས་བླ་མ་བརྗོད་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་མིའི་འགྲོ་བའི་གང་ཟག་བདེན་པ་མ་མཐོང་བ་བསྙེན་པར་མ་རྫོགས་པ་དང་། མིའི་ཆོས་བླ་མ་བདེན་པ་ཉིད་དོ། །འདི་ལ་ཡན་

ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། མིའི་ཆོས་བླ་མ་དང་། བདེན་པ་ཉིད་དང་། ཉན་པ་པོ་མིའི་འགྲོ་བ་པ་བདེན་པ་མ་མཐོང་བ་བསྙེན་པར་མ་རྫོགས་པ་དང་། རང་གིས་བརྗོད་པ་དང་། ཕ་རོལ་པོས་དོན་གོ་བའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །
མིའི་ཆོས་བླ་མ་བརྗོད་པའི་ལྟུང་བྱེད་དེ་བརྒྱད་པའོ།། །།སོ་སོར་ཐར་པའི་མདོའི་གཞུང་འགྲེལ། བམ་པོ་དགུ་པ། སྐུར་པ་འདེབས་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀའི་གནས་ན་བཞུགས་སོ། །གང་གི་ཚེ་ཚེ་དང་ལྡན་པ་
གྱད་བུ་ནོར་གནས་མལ་འབོག་པ་དང་། ཟས་ལ་བསྐོ་བར་བསྐོས་པ་དེའི་ཚེ་ན། དེ་དད་པ་དང་ལྡན་ཞིང་བཟང་ལ་དགེ་བའི་བསམ་པ་ཅན་ཡིན་པས། དགེ་འདུན་ལ་ཆོས་དང་ལྡན་པས་ཞལ་ཏ་བྱེད་པའི་ལས་ལ་བརྩོན་པ་ཡིན་ལ། དེས་སངས་རྒྱས་སམ་ཆོས་སམ་དགེ་འདུན་ནམ། ཡིད་དུ་འཐད་
པའི་དགེ་སློང་རྣམས་ལ་མ་ཕུལ་བའམ། ཡོངས་སུ་མ་བཏང་བ་ཅི་ཡང་མེད་དེ། དེས་དེ་ལྟར་ཕུལ་ཞིང་ཡོངས་སུ་བཏང་བས་ཆོས་གོས་ངན་ཅིང་སྣམ་སྦྱར་ཡང་ཡོངས་སུ་རྙིངས་ནས། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏེ། དེ་དག་ལས་གསོལ་བའི་ལས་ཀྱིས་རས་ཡུག་ཆེན་
བྱིན་པ་དང་། དགེ་སློང་མཛའ་བོ་དང་ས་ལས་སྐྱེས་གཉིས། ཚེ་དང་ལྡན་པ་གྱད་བུ་ནོར་དང་ཚེ་རབས་ཚེ་རབས་ནས་རྗེས་སུ་འབྲེལ་པའི་ཁོན་ཡོད་པས་དེ་གཉིས་དགེ་སློང་རྣམས་ཀྱི་མདུན་ན། ཚེ་དང་ལྡན་པ་དག་འདི་ལྟར་དགེ་འདུན་གྱི་རྙེད་པ་རྙེད་དོ་ཅོག་གཅིག་གིས་གང་ཟག་ལ་ཡོངས་སུ་སྔོ་བར་བྱེད་
ན། དགེ་འདུན་གྱིས་རྙེད་པ་གྲུབ་པར་ག་ལ་འགྱུར་ཞེས་སྨོད་པར་བྱེད་ནས་དགེ་སློང་རྣམས་ཀྱིས་དེ་གཉིས་ལ་སྨྲས་པ། ཚེ་དང་ལྡན་པ་དག་ཁྱེད་དེར་མ་འདུས་སམ། འདུས་སོ། །ཅིའི་ཕྱིར་སྨོད་པར་བྱེད། དེ་གཉིས་ཀྱིས་སྨྲས་པ། ཅི་ཁོ་བོ་ཅག་གཉིས་འདུར་ཡང་མ་གནང་ངམ་ཞེས་ཟེར་ན། དགེ་
སློང་དོན་ཉུང་ངུ་དག་ཅིའི་ཕྱིར། དགེ་སློང་དག་ལ་སྔར་ལེགས་པར་རུང་བར་བྱས་ནས། དེའི་འོག་ཏུ་འདི་སྐད་ཅེས་ཚེ་དང་ལྡན་པ་དག་གིས་འདི་ལྟར་བཤེས་ངོར་བྱས་ཏེ། དགེ་འདུན་གྱི་རྙེད་པར་བསྔོས་པ་བདག་གི་གང་ཟག་ལ་བསྔོས་སོ་ཞེས་ཟེར་ཞིང་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་

ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། ཡང་དགེ་སློང་གང་སྔར་ལེགས་པར་རུང་བར་བྱས་ནས། དེའི་འོག་ཏུ་འདི་སྐད་ཅེས་ཚེ་དང་ལྡན་པ་དག་གིས་འདི་ལྟར་བཤེས་ངོར་བྱས་ཏེ། དགེ་འདུན་གྱི་རྙེད་
པར་བསྔོས་ཏེ། གང་ཟག་ལ་བདག་གི་བསྔོས་སོ་ཞེས་ཟེར་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དོ། །ཡུལ་ནི་རྒྱལ་པོའི་ཁབ། གང་ཟག་ནི་མཛའ་བོ་དང་། ས་ལས་སྐྱེས་གཉིས། ཉོན་མོངས་པ་ནི་མི་བཟོད་པ། ཉེས་པ་ནི་སྐུར་པ་འདེབས་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི། མཛའ་བོ་
དང་ས་ལས་སྐྱེས་གཉིས་སམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །ལེགས་པར་རུང་བར་བྱས་ནས་ཞེས་བྱ་བ་ནི་སྔར་ཐ་དད་པ་ཕུལ་ནའོ། །དེའི་འོག་ཏུ་ཞེས་བྱ་བ་ནི། དུས་གཞན་ནའོ། །འདི་སྐད་ཅེས་བྱ་བ་ནི་འདི་སྐད་ཅེས་ཟེར་ནའོ། །ཚེ་དང་ལྡན་པ་དག་གིས་འདི་ལྟར་བཤེས་ངོར་བྱས་ཏེ་ཞེས་
བྱ་བ་ལ། དགེ་སློང་གི་བཤེས་པ་གང་ཞེ་ན། མཁན་པོའི་ནི་ལྷན་ཅིག་གནས་པའོ། །ལྷན་ཅིག་གནས་པའི་ནི་མཁན་པོའོ། །སློབ་དཔོན་གྱི་ནི་ཉེ་གནས་སོ། །ཉེ་གནས་ཀྱི་ནི་སློབ་དཔོན་ནོ། །མཁན་པོ་གཅིག་པའི་ནི་མཁན་པོ་གཅིག་པའོ། །སློབ་དཔོན་གཅིག་པའི་ནི་སློབ་དཔོན་གཅིག་
པའོ། །མཛའ་བོའི་ནི་མཛའ་བོའོ། །དགེ་འདུན་གྱི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་གྱིའོ། །རྙེད་པ་ཞེས་བྱ་བ་ལ་རྙེད་པ་ནི་གཉིས་ཏེ། གོས་ཀྱི་རྙེད་པ་དང་། ཟས་ཀྱི་རྙེད་པའོ། །དོན་འདིར་ནི་གོས་ཀྱི་རྙེད་པ་ཡིན་པར་དགོངས་པའོ། །བསྔོས་པ་ཞེས་བྱ་བ་ནི་དགེ་འདུན་
གྱི་ནང་དུ་གྲུབ་པའོ། །གང་ཟག་ལ་བདག་གི་བསྔོས་སོ་ཞེས་ཟེར་ན་ཞེས་བྱ་བ་ནི་བདག་གི་དོན་དུའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། ལྟུང་བ་འབྱིན་པ་པོ་བདག་ཉིད་ཀྱང་དགེ་འདུན་གྱིས་ལས་དེའི་ནང་དུ་གཏོགས་པའི་དགེ་འདུན་གྱི་གོས་
ཀྱི་རྙེད་པ་གང་ཟག་གཞན་ལ་བྱིན་པའི་འོག་ཏུའོ། །འདི་སྐད་ཅེས་དགེ་སློང་འདིས་དགེ་སློང་གི་དགེ་འདུན་གྱི་ཟས་ཀྱི་རྙེད་པ་མ་ཡིན་པ་གོས་ཀྱི་རྙེད་པ་གང་ཟག་ལ་ལོག་པར་བསྔོས་སོ་ཞེས། ཡང་དག་པ་མ་ཡིན་པའི་དོན་ཉིད་དེ་ཉིད་དམ། གཞན་གྱི་མདུན་དུ་མིང་ནས་སྨོས་ཀྱང་རུང་མ་སྨོས་ཀྱང་རུང་སྟེ། སྨྲས་ན་སྐུར་པ་

འདེབས་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་དགེ་འདུན་གྱི་གོས་གྱི་རྙེད་པ་དང་། གང་ལ་བསྔོས་པའི་གང་ཟག་མིའི་འགྲོ་བར་གཏོགས་པ་རབ་ཏུ་བྱུང་བའམ། ཁྱིམ་པ་ཡང་རུང་བའོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ།
སྔར་དད་པས་ཕུལ་བ་དང་། དགེ་འདུན་གྱི་གོས་ཀྱི་རྙེད་པ་དང་། གང་ལ་བསྔོས་པ་མིའི་འགྲོ་བ་གང་ཡང་རུང་བ་དང་། བརྫུན་སྨྲས་པ་དང་ཕ་རོལ་པོས་ཐབས་གང་ཡང་རུང་བས་དོན་གོ་བའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྐུར་པ་འདེབས་པའི་ལྟུང་བྱེད་དེ་དགུ་
པའོ།། །།ཁྱད་དུ་གསོད་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་གདོན་པར་བྱའོ་ཞེས་བཀའ་
སྩལ་ནས། དགེ་སློང་རྣམས་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་གདོན་པར་བྱེད་ན། དྲུག་སྡེ་དག་ཕམ་པར་འགྱུར་བ་བཞི་པོ་དག་འདོན་པའི་ཚེ་ན་ཅང་མི་སྨྲ་བར་འཁོད་དོ། །དགེ་འདུན་ལྷག་མའི་ཆོས་བཅུ་གསུམ་དང་། མ་ངེས་པའི་ཆོས་གཉིས་དང་། སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམ་ཅུ་
དང་། ལྟུང་བྱེད་ཀྱི་ཆོས་དགུ་བཅུ་དང་། སོ་སོར་བཤགས་པར་བྱ་བའི་ཆོས་བཞི་དང་། བསླབ་པའི་ཆོས་མང་པོ་དང་། རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་དག་འདོན་པའི་ཚེ་ན་ནི། འདི་སྐད་ཅེས་ཚེ་དང་ལྡན་པ་དག་གང་ལ་གཞི་ངེས་པ་དང་། གང་ཟག་ངེས་པར་རབ་ཏུ་ཤེས་པ་ཡོད་བཞིན་དུ།
བདག་ཅག་གིས་རྨ་སོས་པ་དག་ཅིའི་ཕྱིར་འབྲལ་བར་བྱེད། གང་དག་གིས་དགེ་སློང་རྣམས་ལ་འགྱོད་པ་དང་། ཡིད་ལ་གཅགས་པ་དང་། གནོད་པར་འགྱུར་བ་བསླབ་པའི་གཞི་ཕྲན་ཚེགས་རབ་ཏུ་ཕྲ་བ་འདི་དག་གིས་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་བཏོན་པ་དག་གིས་ཅི་བྱ་ཞེས་ཟེར་
ནས་དགེ་སློང་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་དག་གི་ཕྱིར་ཁོ་བོ་ཅག་ཟླ་བ་ཕྱེད་ཕྱེད་ཅིང་། སོ་སོར་ཐར་པའི་མདོ་གདོན་པ་འདོན་པ་མ་ཡིན་གྱི། འདི་ལྟར་ཁོ་བོ་ཅག་ནི་སྟོན་པའི་བཀའ་ལུང་གིས་འདོན་ཏོ། །གལ་ཏེ་ཁྱེད་ཅག་སྡུག་བསྔལ་བ་དང་། ཡིད་མི་བདེ་བ་སྐྱེ་ན་ཅིའི་ཕྱིར་ལྷག་པར་

སྤྱོད་པར་ཆེས་ཚར་བཅད་ཅིང་། དགེ་སློང་དོན་ཉུང་ངུ་དག་ཀྱང་དྲུག་སྡེ་ལ་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། ཡང་དགེ་སློང་གང་ཟླ་བ་ཕྱེད་ཕྱེད་ཅིང་།
སོ་སོར་ཐར་པའི་མདོ་གདོན་པ་འདོན་པ་ན། འདི་སྐད་ཅེས་ཚེ་དང་ལྡན་པ་དག་གང་གིས་དགེ་སློང་རྣམས་འགྱོད་པ་དང་། ཡིད་ལ་གཅགས་པ་དང་། གནོད་པར་འགྱུར་བ་བསླབ་པའི་གཞི་ཕྲན་ཚེགས་རབ་ཏུ་ཕྲ་བ་འདི་དག་གིས་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་བཏོན་པ་དག་གིས་ཅི་བྱ་ཞེས་
ཟེར་ཞིང་བསླབ་པ་ཁྱད་དུ་གསོད་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་བག་མེད་པ། ཉེས་པ་ནི་བསླབ་པ་ཁྱད་དུ་གསོད་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་དྲུག་སྡེའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །ཟླ་བ་ཕྱེད་ཕྱེད་
ཅིང་ཞེས་བྱ་བ་ནི། གསོ་སྦྱོང་གི་དུས་ཀྱི་ཟླ་བ་ཕྱེད་ཕྱེད་ཅིང་ངོ་། །སོ་སོར་ཐར་པའི་ཞེས་བྱ་བ་ནི་ཕམ་པར་འགྱུར་བའི་ཆོས་བཞི་དང་། དགེ་འདུན་ལྷག་མའི་ཆོས་བཅུ་གསུམ་དང་། མ་ངེས་པའི་ཆོས་གཉིས་དང་། སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམ་ཅུ་དང་། ལྟུང་བྱེད་ཀྱི་ཆོས་དགུ་བཅུ་དང་། སོ་སོར་
བཤགས་པར་བྱ་བའི་ཆོས་བཞི་དང་། བསླབ་པའི་ཆོས་མང་པོ་དང་། རྩོད