Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 134
Văn bản gốc(Tây Tạng)
Trang 23 / 24 (50.000 ký tự/trang)
ོངས་སུ་གསོ་བ་མེད་པར་སྐྱེ་བར་མི་རུང་བའི་ཕྱིར་དང་། སེམས་མེད་པའི་གནས་སྐབས་ན་སེམས་ཀྱི་རྒྱུན་ཆད་པ་ཉིད་ ཀྱིས་ཇི་སྐད་བཤད་པའི་སྐྱོན་དུ་ཐལ་པར་འགྱུར་བའི་ཕྱིར་དང་རྟེན་ཐ་དད་པ་ཉིད་ཀྱིས་རྒྱུད་ཀྱི་རྫས་གཅིག་པ་ཉིད་བསྒྲུབ་དཀའ་བའི་ཡང་ཕྱིར་རོ། །ཡང་འདིར་བརྒྱ་ལ་བྱེ་བྲག་ཏུ་སྨྲ་བ་ཉོན་མོངས་པ་འདས་པ་ལས་ཉོན་མོངས་པ་ཡིན་ལ་དེ་ཡང་མིག་གི་རྣམ་པར་ཤེས་པ་སྐྱེ་བ་ཡིན་ནོ་ཞེས་ཟེར་ན། དེའི་ཕྱིར་མེད་པ་འདས་པ་དེ་ལས་འདོད་ཆགས་དང་བཅས་པ་འབྱུང་དུ་མི་རུང་ཞེས་བྱ་བ་སྨོས་སོ། །འདས་པའི་ལས་ལས་ཞེས་བྱ་བ་ནི་རྣམ་པར་སྨིན་པའི་འབྲས་བུ་ཕྱུང་ཟིན་གང་ཡིན་པ་དེ་ན་དཔེར་དགོད་པར་བྱའོ། །སྐལ་བ་མཉམ་པའི་རྒྱུ་སྐད་ཅིག་མས་བར་དུ་ཆོད་པ་ནི་རང་གི་འབྲས་བུ་ མི་འབྱིན་ཏོ། །འདས་ནས་ཡུན་རིང་དུ་ལེན་པའི་ཕྱིར་རྣམ་པར་སྨིན་པའི་འབྲས་བུ་ཕྱུང་ཟིན་པ་ལྟ་བུའོ། །ཡང་འདས་པའི་ལས་ལས་ཞེས་བྱ་བ་འདི་ནི་འོད་སྲུངས་པའི་ལྟ་བ་ཡིན་ཏེ་དེ་དག་གི་ལྟར་ན་འདས་པ་ཆུང་ཟད་ཅིག་ནི་ཡོད་དེ་སྐལ་བ་མཉམ་པའི་རྒྱུ་ཐམས་ཅད་དང་རྣམ་པར་སྨིན་ པའི་རྒྱུ་འབྲས་མ་ཕྱུང་བའོ། །ཆུང་ཟད་ཅིག་ནི་མེད་དེ་རྣམ་པར་སྨིན་པའི་རྒྱུ་འབྲས་བུ་ཕྱུང་ཟིན་པའོ། །དེ་ནི་དེ་དག་གི་ཕྱིར་དེ་སྐད་བཤད་པ་ཡིན་ཏེ། དེ་ནི་མདོ་སྡེ་པའི་སྐབས་དགག་པའི་ཕྱིར་ཡང་དེ་སྐད་དུ་བརྗོད་པར་བྱའོ། །མིག་གི་རྣམ་པར་ཤེས་པས་འདོད་ཆགས་ལ་ སོགས་པ་ལ་སྒོ་བར་བྱེད་པ་དགག་པར་མིག་གི་རྣམ་པར་ཤེས་པ་འདོད་ཆགས་ལ་སོགས་པ་དང་ལྷན་ཅིག་འབྱུང་སྟེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མིག་གི་རྣམ་པར་ཤེས་པ་ནི་མཚུངས་པར་ལྡན་པའི་སྒོ་ནས་ཉོན་མོངས་པ་ཅན་གྱི་ཡིན་པས་དེ་ལྟ་བུའི་འབྲས་བུའི་སྐྱེ་ པར་བྱ་བའི་ཕྱིར་རང་ལ་བརྟེན་པའི་འདོད་ཆགས་ལ་སོགས་པ་ལ་བག་ཆགས་འཇོག་གོ་ཞེ་ན། དེ་ནི་རིགས་པ་མ་ཡིན་ནོ། །དེ་ལ་རྟེན་པའི་ཕྱིར་ཞེས་བྱ་བ་ནི་འདིར་སེམས་ལ་བྱུང་བ་རྣམས་གང་ལ་བརྟེན་པའི་རྟེན་ཉིད་ཀྱིས་སྒོ་བར་མི་བྱེད་དོ་ཞེས་བྱ་བ་དེ་ལྟར་ནི་གཟུང་བར་མི་བྱ་སྟེ། འཇུག་པའི་རྣམ་ པར་ཤེས་པ་བདུན་གྱི་ཀུན་གཞིའི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་རེག་པ་ལ་སོགས་པ་ལ་སྒོ་བར་བྱེད་པ་ཉིད་དུ་ཐལ་བར་གྱུར་ན་མི་རུང་བས་སོ། །དེ་ལྟ་བས་ན་འདི་སྐད་དུ་འདོད་ཆགས་ལ་སོགས་པ་ལ་སྒོ་བར་བྱེད་པ་ནི་མ་ཡིན་ཏེ་སྐད་ཅིག་རེ་རེ་ལ་གཞན་ལ་རག་ལས་ཏེ་སྐྱེ་བའི་རྒྱུ་ ཅན་ཡིན་པའི་ཕྱིར་སྒྲ་ལ་སོགས་པ་བཞིན་ནོ་ཞེས་རྣམ་པར་དབྱེ་བར་བྱའོ། །མི་བརྟན་པའི་ཕྱིར་རོ་ཞེས་བྱ་བ་ནི་འདོད་ཆགས་པ་ལ་སྒོ་བར་མི་བྱེད་དེ་རྒྱུ་མི་བརྟན་པའི་ཕྱིར་སྒྲ་དང་གློག་ལ་སོགས་པ་བཞིན་ནོ། །འདོད་ཆགས་ལ་སོགས་པའི་བག་ཆགས་ཡོངས་སུ་གཟུང་བའི་མིག་གི་རྣམ་ པར་ཤེས་པས་རྣ་བའི་རྣམ་པར་ཤེས་པ་ལ་སོགས་པ་ལ་སྒོ་བར་བྱེད་པ་ཉིད་དགག་པའི་དབང་དུ་མཛད་ནས་རྣམ་པར་ཤེས་པ་གཞན་དག་ལ་ཡང་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་ལ་ཁ་ཅིག་ན་རེ་མིག་ལ་སོགས་པའི་རྣམ་པར་ཤེས་རྣམས་ཀྱི་གནས་ཐ་དད་པའི་རྒྱུས་ གཞན་གྱི་ལྟ་བས་ལྷན་ཅིག་འབྱུང་བ་དང་འགག་པ་མེད་དོ། །གང་དག་རྟེན་གཅིག་པ་ཅན་དུ་འཇུག་པ་ཅན་དེ་དག་ནི་ཅིག་ཅར་སྐྱེ་སྟེ། དཔེར་སེམས་དང་སེམས་ལས་གྱུར་པ་རྣམས་ལྟ་བུའོ་སྙམ་དུ་བསམས་པའི་ཕྱིར་རོ། །དེའི་ཕྱིར་མིག་གི་རྣམ་པར་ཤེས་པས་རྣ་བའི་རྣམ་པར་ཤེས་པ་ ལ་སོགས་པ་ལ་སྒོ་བར་བྱེད་པ་མ་ཡིན་ཏེ། ལྷན་ཅིག་སྐྱེ་བ་དང་འགག་པ་དང་བྲལ་བའི་ཕྱིར་འདས་ནས་རིང་ཞིག་ལོན་པས་ད་ལྟར་ལྟ་བུ་དང་མ་འོངས་པ་ལྟ་བུ་དང་རྒྱུད་གཞན་དུ་གཏོགས་པ་རྣམ་པར་ཤེས་པ་དུས་ཐ་དད་པ་ལྟ་བུའོ་ཞེས་ཟེར་རོ། །གཞན་དག་ན་དེ་དང་ལྷན་ཅིག་འབྱུང་བ་དང་ འགག་པ་མེད་པའི་ཕྱིར་རོ་ཞེས་དང་ཞེས་བྱ་བའི་སྒྲའི་དོན་ཏོ། །དེས་ན་མིག་གི་རྣམ་པར་ཤེས་པས་རྣ་བའི་རྣམ་པར་ཤེས་པ་ལ་སོགས་པ་ལ་སྒོ་བར་བྱེད་པ་ནི་མ་ཡིན་ཏེ། གནས་ཐ་དད་པའི་ཕྱིར་རྒྱུད་གཞན་གྱི་རྣམ་པར་ཤེས་པ་བཞིན་ནོ། །ལྷན་ཅིག་འབྱུང་བ་དང་འགག་པ་མེད་པའི་ཕྱིར་རོ་ཞེས་ བྱ་བ་འདིས་ནི་གཞན་གྱི་ལྟ་བ་ཁོ་ནས་གཞན་ལ་རྗེས་སུ་དཔག་པས་གནོད་པར་བརྗོད་པར་བྱའོ། །རྣམ་པར་རྟོག་པ་བཞི་པ་དགག་པའི་དབང་དུ་མཛད་ནས་རང་གི་དངོས་པོ་ལ་ཡང་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་མིག་གི་རྣམ་པར་ཤེས་པ་ནི་མིག་གི་རྣམ་པར་ཤེས་ པའི་ཕྱི་མའི་རང་གི་རིགས་ཡིན་པའི་ཕྱིར་རང་གི་དངོས་པོ་ཡིན་ལ་འདོད་ཆགས་ལ་སོགས་པ་ཕྱི་མའི་ཡིན་ནོ། །དེ་དག་ལ་སྒོ་བར་བྱེད་པ་མ་ཡིན་ཏེ། ལྷན་ཅིག་འབྱུང་བ་དང་། འགག་པ་དང་བྲལ་བའི་ཕྱིར་སྔ་མ་བཞིན་ནོ། །རྫས་གཅིག་གི་རྒྱུ་ཡིན་པའི་ཕྱིར་ཀུན་ གཞིའི་རྣམ་པར་ཤེས་པ་བཞིན་དུ་རང་གི་ནུས་པ་རྗེས་སུ་འཇུག་པར་འགྱུར་བ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ་ནུས་པ་ཡོད་ཀྱང་འབྲས་བུ་མངོན་པར་འགྲུབ་པ་ནི་ཡོངས་སུ་གསོ་བ་ལ་རག་ལས་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་འདོད་ཆགས་ལ་སོགས་པ་རྟག་ཏུ་འབྱུང་བའམ་ཅིག་ཅར་འབྱུང་བ་ཁོ་ནར་ འགྱུར་རོ། །ཡོངས་སུ་གསོ་བ་ཡང་ལྷན་ཅིག་འབྱུང་བ་དང་འགག་པ་ལ་རག་ལས་པ་ཡིན་ཏེ། དཔེར་ན་ཏིལ་ལ་སོགས་པའི་མེ་ཏོག་གི་དྲིའི་བག་ཆགས་ཡོངས་སུ་གཟུང་བ་མེ་ཏོག་དང་ལྷན་ཅིག་འབྱུང་བ་དང་འགག་པར་བྱས་པ་བཞིན་ནོ། །དེ་ལྟ་བས་ན་མིག་གི་རྣམ་པར་ཤེས་པ་ ལ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་དང་པོ་འགག་པའི་མཇུག་སྡུད་པ་ཡིན་ནོ། །རྣམ་པར་ཤེས་པ་དེ་ལ་རྣམ་པར་ཤེས་པས་བསྒོས་པར་ཡང་མི་རུང་ངོ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་བཞི་པ་དགག་པའོ། །དགག་པར་མ་དགག་པ་ནི་གཙོ་བོ་མ་ཡིན་པའི་ཕྱིར་མཇུག་བསྡུ་བ་མ་བྱས་སོ། ། དེ་བཞིན་དུ་འཇུག་པའི་རྣམ་པར་ཤེས་པ་ལྷག་མ་རྣམས་ལ་ཡང་ཞེས་བྱ་བ་ན་དཔྱད་པ་མཐུན་པའི་ཕྱིར་མཐུན་པར་བསྒྲེ་བ་ཡིན་ནོ། །ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་གཉིས་པ་དགག་པའི་དབང་དུ་མཛད་ནས་གང་ཡང་ས་གོང་མ་འདུ་ཤེས་མེད་པ་ནས་ཤི་འཕོས་ཏེ་ཞེས་བྱ་ བ་ལ་སོགས་པ་སྨོས་ཏེ། གོང་མ་ཞེས་བྱ་བའི་སྒྲ་ནི་འདུ་ཤེས་མེད་པའི་ཞེས་བྱ་བའི་སྒྲ་དང་གོ་བར་བྱེད་པ་ཡིན་པའི་ཕྱིར་ཁྱད་པར་དང་ནུས་པ་མེད་པའི་ཚིག་བསྡུ་བ་ཡིན་པར་ཡང་རིག་པར་བྱའོ། །འདིར་སྐྱེས་པ་རྣམས་ཀྱི་ཞེས་བྱ་བ་ནི་འདོད་པའི་ཁམས་ཡིན་པར་སྟོན་ཏོ། །ཉོན་ མོངས་པར་གྱུར་པ་ཐོག་མ་ཉིད་དུ་སྐྱེ་བ་དེ་ཡང་ཞེས་བྱ་བ་ནི་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་ལྟར་ན་སྲིད་པ་བར་མར་ཉིང་མཚམས་སྦྱོར་བའི་སེམས་གདོན་མི་ཟ་བར་ཉོན་མོངས་པ་ཅན་ཡིན་པས་དེ་དང་པོར་ཉོན་མོངས་པ་ཅན་ཡིན་ནོ། །མདོ་སྡེ་པ་རྣམས་ཀྱི་ལྟར་ན་སྲིད་པ་བར་མའི་སེམས་ཐ་མ་གདོན་ མི་ཟ་བར་འདོད་ཆགས་ལ་སོགས་པ་གང་ཡང་རུང་བ་ཞིག་དང་མཚུངས་པར་ལྡན་པའི་ཕྱིར་དེ་དང་པོར་ཉོན་མོངས་པ་ཅན་ཡིན་ནོ། །དེ་ལ་ས་བོན་མེད་པའི་ཕྱིར་སྐྱེ་བར་ཡང་མི་རུང་སྟེ་འདོད་པ་སྤྱོད་པའི་ཉོན་མོངས་པའི་ས་བོན་རྟེན་བཅས་ཏེ་འགགས་པའི་ཕྱིར་རོ། །ཉོན་མོངས་པའི་ས་བོན་དེ་ གཟུགས་ཀྱི་རྒྱུད་ལ་ཡང་མ་ཡིན་ཏེ། གཟུགས་ལ་སྒོ་བར་བྱེད་པ་ཉིད་དུ་གཞན་ཁས་མི་ལེན་པའི་ཕྱིར་དང་། རྣལ་འབྱོར་སྤྱོད་པ་ལ་གཟུགས་མ་གྲུབ་པའི་ཡང་ཕྱིར་རོ། །གནས་གཞན་ནས་འདིར་སྐྱེས་པ་རྣམས་ལ་ཡང་ཇི་སྐད་བསྟན་པའི་ཚུལ་གྱི་ས་བོན་མེད་པའི་ཕྱིར་ཉོན་མོངས་པ་ཅན་ གྱི་སེམས་དང་པོར་སྐྱེ་བ་དེ་མི་རུང་མོད་ཀྱི་སེམས་ཀྱི་རྒྱུན་ཆད་པ་ཉིད་ཀྱིས་གླགས་མེད་པའི་ཕྱིར་འདུ་ཤེས་མེད་པ་པ་ཁོ་ན་ནས་འཆི་འཕོ་བ་ཉེ་བར་བཀོད་དོ། །ཀུན་ནས་ཉོན་མོངས་པ་གསུམ་པ་དགག་པའི་དབང་དུ་མཛད་ནས། ཉོན་མོངས་པའི་གཉེན་པོའི་རྣམ་པར་ཤེས་པ་བྱུང་ན་ཞེས་བྱ་བ་ལ་ སོགས་པ་སྨོས་ཏེ། ཉོན་མོངས་པའི་གཉེན་པོ་རྣམ་པར་ཤེས་པ་ཞེས་བྱ་བ་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་མཚུངས་པར་ལྡན་པའོ། །འགགས་ན་ཞེས་བྱ་བ་ནི་ཟག་པ་དང་བཅས་པ་ཉིད་དུ་མཚུངས་པའི་ཕྱིར་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དག་ལ་ཉོན་མོངས་པའི་ ས་བོན་ཡོད་པར་འགྱུར་རོ་ཞེ་ན། དེ་དགག་པའི་ཕྱིར་འགགས་ན་ཞེས་སྨོས་པ་ཡིན་ནོ། །དེ་ལ་ཡང་གཏན་ལུང་མ་བསྟན་ཞེས་བྱ་བ་ལ་སོགས་པས་རུང་བ་མ་ཡིན་མོད་ཀྱི་གཞན་དང་མཐུན་པར་དེ་སྐད་དུ་བཤད་དོ། །གལ་ཏེ་ཡང་འཇིག་རྟེན་པའི་ཆོས་ཀྱི་མཆོག་འགག་པ་ཁོ་ན་འཕགས་ པའི་ལམ་གྱི་སྐད་ཅིག་མ་དང་པོ་ལ་ས་བོན་འཇོག་གོ་སྙམ་དུ་སེམས་ན། དེའི་ཕྱིར་ངོ་བོ་ཉིད་ཀྱིས་རྣམ་པར་གྲོལ་བའི་ཕྱིར་ཞེས་བྱ་བ་སྨོས་སོ། །ལ་ལ་ནི་ངོ་བོ་ཉིད་ཀྱིས་རྣམ་པར་གྲོལ་བ་ཁོ་ན་ཡིན་ཏེ་ཟག་པ་མེད་པ་སློབ་པའི་སེམས་གང་ཡིན་པའོ། །ལ་ལ་ནི་ངོ་བོ་ཉིད་ཀྱིས་རྣམ་པར་གྲོལ་བ་དང་རྒྱུད་ རྣམ་པར་གྲོལ་བ་ཡང་ཡིན་ཏེ་ཟག་པ་མེད་པ་མི་སློབ་པའི་སེམས་གང་ཡིན་པའོ། །འདི་གཉིས་ཀ་ཡང་ཉོན་མོངས་པའི་ས་བོན་གྱི་རྟེན་མ་ཡིན་པའི་ཕྱིར་དང་དམིགས་པ་དང་མཚུངས་པར་ལྡན་པ་དག་གིས་ཉོན་མོངས་པ་རྣམས་རྒྱས་པར་མི་འགྱུར་བའི་ཕྱིར་རྣམ་པར་གྲོལ་བ་ཡིན་ནོ། །དེ་ བས་ན་སློབ་པའི་གང་ཟག་པ་མེད་པའི་སེམས་ནི་ཉོན་མོངས་པའི་ས་བོན་དང་ལྡན་པ་མ་ཡིན་ཏེ་ངོ་བོ་ཉིད་ཀྱིས་རྣམ་པར་གྲོལ་བ་ཉིད་དུ་འདོད་པའི་ཕྱིར་དགྲ་བཅོམ་པའི་སེམས་བཞིན་ནོ། །ལྷན་ཅིག་འབྱུང་བ་དང་འགག་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་འདི་སྐད་དུ་སྟོན་པ་ཡིན་ཏེ་ཟག་པ་ མེད་པའི་སེམས་ནི་ཉོན་མོངས་པའི་ས་བོན་གྱི་རྟེན་མ་ཡིན་ཏེ་དེ་དང་འགལ་བའི་ཕྱིར་རོ། །གང་ཞིག་གང་དང་འགལ་བ་དེ་ནི་དེའི་ས་བོན་གྱི་རྟེན་མ་ཡིན་ཏེ་དཔེར་ན་མུན་པའི་སྣང་བ་ལྟ་བུའོ། །འགལ་བ་ཉིད་ཇི་ལྟར་ཞེ་ན། མི་མཐུན་པ་དང་གཉེན་པོར་གྱུར་པའི་ཕྱིར་ཏེ་དེ་ཡང་ལྷན་ ཅིག་འབྱུང་བ་དང་འགག་པ་མེད་པར་གྲགས་སོ། །གང་དག་རེས་འགའ་ལྷན་ཅིག་འབྱུང་བ་དང་འགག་པར་གྲགས་པ་དེ་དག་ནི་མི་མཐུན་པའི་ཕྱོགས་དང་གཉེན་པོའི་ངོ་བོར་ཡང་མ་གྲགས་སོ། །དེ་ལྟར་ནི་རིམ་པ་འདིས་ནི་དགེ་བ་ཟག་པ་དང་བཅས་པའི་སེམས་ཀྱང་ཉོན་ མོངས་པའི་ས་བོན་གྱི་རྟེན་མ་ཡིན་ན་ཟག་པ་མེད་པ་ལྟ་སྨོས་ཀྱང་ཅི་དགོས། དེའི་འོག་ཏུ་ཡང་ཞེས་བྱ་བ་ནི་མཐོང་བའི་ལམ་ལས་ལངས་པའོ། །འདས་ནས་ཡུན་རིང་སྟེ་ཞེས་བྱ་བ་ལ་སོགས་པ་ནི་དོན་གོ་བར་ཟད་དོ། །བྱེ་བྲག་ཏུ་སྨྲ་བའི་ཐོབ་པའི་ཕྱོགས་ནི་མདོ་སྡེ་པ་རྣམས་ཉིད་ ཀྱིས་བསལ་ཟིན་པས་དེ་ནི་སྐབས་མ་ཡིན་ནོ། །མདོ་སྡེ་པའི་ཡང་བག་ཆགས་ཀྱི་རྟེན་མེད་པའི་ཉེས་པ་དང་ལྡན་པ་ཉིད་ཡིན་ནོ། །དེ་ལྟ་བས་ན་ཀུན་གཞིའི་རྣམ་པར་ཤེས་པ་མེད་ན་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་ས་བོན་མི་རུང་ངོ་ཞེས་རིགས་པས་གཏན་ལ་ཕབ་ ནས་མཇུག་སྡུད་པ་ཡིན་ནོ། །འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱ་བ་ལ་ཁ་ཅིག་གི་ལྟ་བ་ནི་ཚེ་རབས་གསུམ་པའི་གནས་སྐབས་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་ཁས་བླང་བ་ལ་ཉིང་མཚམས་སྦྱོར་བ་རྣམ་པར་ཤེས་པ་ཁོ་ན་འདུ་བྱེད་ཀྱི་རྐྱེན་ཅན་ཡིན་ནོ། །དེ་ ནི་མདོ་སྡེ་པ་རྣམས་ཁོ་ནས་བཀག་སྟེ། དེ་ཇི་ལྟར་བཀག་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་སྐབས་ནས་ངེས་པར་གཟུང་བར་བྱའོ། །དེ་ལྟ་བས་ན་མདོ་སྡེ་པའི་ལྟ་བས་ཀྱང་བསོད་ནམས་ལ་སོགས་པའི་འདུ་བྱེད་ཀྱིས་ཡོངས་སུ་བསྒོས་པའི་རྣམ་པར་ཤེས་པ་འབྱུང་བ་ཁོ་ན་འདུ་བྱེད་ཀྱི་ རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱའོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་ལས་ཀྱི་ཀུན་ནས་ཉོན་མོངས་པའི་སྐབས་སུ་རྣམ་པར་ཤེས་པའི་ཡན་ལག་བསྟན་ཏོ། །འདུ་བྱེད་ཀྱི་བག་ཆགས་འཇོག་པ་དེ་ཡང་དགག་པ་ཇི་སྐད་སྨོས་པ་དང་རྟེན་ཅིང་འབྲེལ་པར་འབྱུང་བའི་སྐབས་སུ་རྣམ་ པར་ཤེས་པའི་ཡན་ལག་བསྟན་པ་ལས་ན་འཇུག་པའི་རྣམ་པར་ཤེས་པ་རྣམས་ལ་མི་སྲིད་དོ་ཞེས་བྱ་བར་ངེས་པར་གཟུང་བར་བྱའོ། །དེ་ལྟ་བས་ན་འདུ་བྱེད་ཀྱིས་ཡོངས་སུ་བསྒོས་པའི་ཀུན་གཞིའི་རྣམ་པར་ཤེས་པ་འབྱུང་བ་ཁོ་ན་ལ་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་ བྱའོ། །སྔར་ནི་ངོ་བོ་ཉིད་རྣམ་པར་ཤེས་པ་ཐུན་མོང་མ་ཡིན་པའི་བདག་པོའི་རྐྱེན་གྱི་སྐབས་ཀྱིས་མ་འོངས་པའི་རྣམ་པར་ཤེས་པ་ཁོ་ན་ལས་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བཤད་དོ། །ད་ནི་ལས་ཀྱི་ཀུན་ནས་ཉོན་མོངས་པའི་སྐབས་ཡིན་པའི་ཕྱིར་དེ་སྐད་དུ་མ་བཤད་དོ། །འདུ་ བྱེད་ཀྱི་ས་བོན་དང་རྣམ་པར་ཤེས་པ་མ་འོངས་པའི་ས་བོན་འདི་གཉི་ག་ཡང་སྤྱིར་རྣམ་པར་ཤེས་པའི་ཡན་ལག་ཡིན་ནོ། །གལ་ཏེ་རྣམ་པར་ཤེས་པའི་ཡན་ལག་ཀུན་གཞིའི་རྣམ་པར་ཤེས་པ་ཡིན་ན་མདོ་ལས་རྣམ་པར་ཤེས་པའི་ཡན་ལག་འཇུག་པའི་རྣམ་པར་ཤེས་པ་དྲུག་ཡིན་པར་ རྣམ་པར་ཕྱེ་བ་དང་འགལ་བ་མ་ཡིན་ནམ་ཞེ་ན། དེ་ནི་མ་ཡིན་ཏེ་དེར་ནི་རྗེས་སུ་འཇུག་པའི་ཚུལ་གྱིས་འབྲས་བུས་རྒྱུ་སྟོན་ཏེ་དཔེར་ན་བཀྲེས་པ་དང་སྐོམ་པ་དག་གིས་རེག་བྱའི་ཁྱད་པར་ལྟ་བུའོ་སྙམ་དུ་དགོངས་པ་ཡིན་ནོ། །དེ་ལྟར་ན་ཀུན་གཞིའི་རྣམ་པར་ཤེས་པ་མེད་ན་འཕེན་པར་བྱེད་ པའི་ལས་ཀྱིས་ཀུན་ནས་ཉོན་མོངས་པ་མི་རུང་ངོ་། །དེ་མེད་ན་ཞེས་བྱ་བ་ཀུན་གཞིའི་རྣམ་པར་ཤེས་པ་མེད་ནའམ། བག་ཆགས་ཀྱི་མཚན་ཉིད་ཀྱི་ས་བོན་མེད་ན་ལས་ཀྱི་ས་བོན་དེ་གང་ན་གནས་ཤིང་མ་འོངས་པ་མངོན་པར་གྲུབ་པར་བྱ་བ་ལ་མངོན་དུ་ཕྱོགས་པར་བྱེད་པ་ནི་ལེན་པ་ཡིན་ པར་འགྱུར་ཏེ། འདིས་ནི་མངོན་པར་གྲུབ་པར་བྱེད་པའི་ལས་ཀྱི་ཀུན་ནས་ཉོན་མོངས་པ་མེད་པར་སྟོན་ཏོ། །སྐྱེ་བའི་ཀུན་ནས་ཉོན་མོངས་པ་ནི་རྣམ་པར་སྨིན་པའི་མཚན་ཉིད་དོ། །དེ་ཡང་འཆི་འཕོ་བའི་གནས་སྐབས་དང་འཆི་འཕོ་བའི་གནས་སྐབས་མ་ཡིན་པའོ། །འཆི་འཕོ་ གནས་སྐབས་མ་ཡིན་པ་ཡང་རྣམ་པ་གཉིས་ཏེ་ཉིང་མཚམས་སྦྱོར་བ་སྦྲེལ་བའི་སྐབས་དང་ཉིང་མཚམས་སྦྱོར་བ་སྦྲེལ་བའི་འོག་གནས་པའི་གནས་སྐབས་སོ། །ཉིང་མཚམས་སྦྱོར་བ་སྦྲེལ་པའི་གནས་སྐབས་ཀྱང་ཁམས་གསུམ་པའི་བྱེ་བྲག་གིས་རྣམ་པ་གསུམ་མོ། ། དེ་ཐམས་ཅད་ནི་ཀུན་གཞིའི་རྣམ་པར་ཤེས་པ་མེད་ན་མི་རུང་ངོ་། །དེ་ལ་འདོད་པའི་ཁམས་ཀྱི་ཉིང་མཚམས་སྦྱོར་བ་སྦྲེལ་བ་མི་རུང་བར་བསྟན་པའི་ཕྱིར་མཉམ་པར་མ་བཞག་པའི་ས་ནས་ཞེས་བྱ་བ་སྨོས་སོ། །འདི་ལ་ཡང་བྱེད་བྲག་ཏུ་སྨྲ་བ་རྣམས་ཀྱི་ལྟ་བ་ནི་ཉིང་མཚམས་སྦྱོར་ བའི་སེམས་ནི་ཉོན་མོངས་པ་ཅན་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །དེ་ནི་མདོ་སྡེ་པ་རྣམས་ཁོ་ནས་ཉིང་མཚམས་སྦྱོར་བའི་སེམས་ནི་ཉིང་མཚམས་སྦྱོར་བ་སྦྲེལ་བའི་སྐད་ཅིག་མས་བསྡུས་པ་ཡིན་པའི་ཕྱིར་ལུས་ཀྱི་དབང་པོ་བཞིན་ཏེ་རྣམ་པར་སྨིན་པ་ལས་སྐྱེས་པ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུ་ལ་ སོགས་པའི་རྣམ་པས་བསལ་ཏོ། །དེ་ལྟ་བས་ན་མདོ་སྡེ་པ་རྣམས་ཁོ་ནས་ཁས་བླངས་པ་སྲིད་པ་བར་མའི་སེམས་ཐ་མ་ནི་རྗེས་སུ་ཆགས་པ་ལ་སོགས་པ་གང་ཡང་རུང་བ་ཞིག་དང་མཚུངས་པར་ལྡན་པའི་ཕྱིར་ཉོན་མོངས་པ་ཅན་ཡིན་ལ་དེ་སྔོན་དུ་འགྲོ་བ་ཅན་མའི་མངལ་དུ་ཉིང་ མཚམས་སྦྱོར་བའི་སེམས་རྣམ་པར་སྨིན་པའི་བདག་ཉིད་ཀྱང་ཁུ་ཆུ་དང་ཁྲག་དང་ལྷན་ཅིག་གྲུབ་པ་དང་བདེ་བ་གཅིག་པའི་ནུར་ནུར་པོ་ཉིད་དུ་འཆགས་སོ། །དེ་ནི་ལུས་ཀྱི་རྣམ་པར་ཤེས་པ་ཡང་མ་ཡིན་ཏེ་ལུས་ཀྱི་དབང་པོ་ཞེན་པའི་ཕྱིར་རོ། །དེ་ལས་གཞན་པའི་དབང་པོ་ གཟུགས་ཅན་མེད་པའི་ཕྱིར་དབང་པོ་གཟུགས་ཅན་གྱི་རྣམ་པར་ཤེས་པ་གཞན་ཡང་མ་ཡིན་པས་ཤུགས་ཀྱིས་ན་ཡིད་ཀྱི་རྣམ་པར་ཤེས་པ་ཡིན་ནོ་ཞེ་ནའོ། །དེ་ལ་ཡང་བཙུན་པ་དཔལ་ལེན་ན་རེ་རྣམ་པར་སྨིན་པ་རྣམ་པར་ཤེས་པ་དེ་ནི་ཕྱིས་དགེ་བ་ལ་སོགས་པའི་ སེམས་ཀུན་དུ་འབྱུང་བ་ན་འགག་ལ། །དེ་དག་པ་ལ་སོགས་པའི་སེམས་འགགས་ནས་ཡང་མཚམས་སྦྱོར་རོ་ཞེས་ཟེར་རོ། །དེ་ནི་རིགས་པའི་རྗེས་སུ་འབྲེལ་པ་ཉིད་ལས་བར་སྐབས་སུ་ཚེ་གཞན་དུ་བརྗེ་ཞིང་རྣམ་པར་སྨིན་པའི་རྒྱུད་འཆད་པའི་ཉིང་མཚམས་སྦྱོར་བ་ནི་མེད་དེ་ལུས་ཀྱི་དབང་ པོ་བཞིན་ནོ་ཞེས་བཀག་ལ། དགེ་བ་ལ་སོགས་པའི་སེམས་འགགས་ནས་རྣམ་པར་སྨིན་པའི་སེམས་སུ་ཡང་འདོད་དེ། དེ་ལྟ་བས་ན་ཉིང་མཚམས་སྦྱོར་བ་ནས་བཟུང་སྟེ་མ་ཤིའི་བར་དུ་རྣམ་པར་སྨིན་པའི་རྒྱུད་འཇུག་གོ་ཞེས་དེ་ལྟར་གཞན་གྱི་ལྟ་བ་ངེས་པར་བྱས་ནས་གལ་ཏེ་ ཡིད་ཀྱི་རྣམ་པར་ཤེས་པ་ཉིད་ཅེས་བྱ་བར་སྨོས་སོ། །འོ་ན་མངལ་ན་འདུག་པ་ལ་དགེ་བ་དང་མི་དགེ་བའི་ཡུལ་ལ་རྣམ་པར་རྟོག་པའི་སེམས་མངོན་དུ་གྱུར་ན་ཡིད་ཀྱི་རྣམ་པར་ཤེས་པའི་ཁྱད་པར་གཞན་དུ་འགྱུར་རོ་ཞེ་ན། དེ་སྤང་བར་གཞན་གྱི་ལྟ་བ་ཉིད་ཀྱིས་དེ་ལ་བརྟེན་ནས་ཞེས་ བྱ་བ་སྨོས་སོ། །ཡིད་ཀྱི་རྣམ་པར་ཤེས་པ་དགེ་བ་དང་ཉོན་མོངས་པ་ཅན་ནི་རྣམ་པར་སྨིན་པའི་ཡིད་ཀྱི་རྣམ་པར་ཤེས་པས་ཐ་དད་མ་ཡིན་གྱི་འོན་ཀྱང་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ཉིད་ཀྱི་གནས་སྐབས་ཀྱི་ཁྱད་པར་འགའ་ཞིག་ལ་མངོན་པར་ཡིད་ཆེས་པའི་རྣམ་པ་ཡོངས་སུ་འཛིན་ པ་དང་ཀུན་དུ་ཆགས་པ་ལ་སོགས་པའི་བདག་ཉིད་ཀྱིས་རྣམ་པར་ཤེས་པ་དགེ་བ་དང་ཉོན་མོངས་པ་ཅན་ཞེས་བྱ་སྟེ། དེ་ཡང་རིགས་པའི་རྗེས་སུ་འབྲང་བ་ཁོ་ན་ལས་རྣམ་པར་ཕྱེའོ། །གནས་སྐབས་ཀྱི་ཁྱད་པར་ཡང་གནས་སྐབས་གཞན་ལ་བརྟེན་པ་ཡིན་པས་དེ་སྐད་ཅེས་བཤད་དོ། ། འདི་ཡང་ཉིང་མཚམས་སྦྱོར་བའི་སྐད་ཅིག་མའི་འོག་མ་ལ་བྱ་སྟེ། ཉིང་མཚམས་སྦྱོར་བའི་སྐད་ཅིག་མ་ནི་གཅིག་ཏུ་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡིན་པའི་ཕྱིར་རོ། །འདིར་བཤད་པ་མངོན་པར་ཡིད་ཆེས་པ་ལ་སོགས་པའི་རྣམ་པ་ཅན་གང་ཡིན་པ་དེ་ཅི་རྣམ་པར་སྨིན་པའི་རྣམ་པར་ཤེས་ པ་འཛིན་པའི་རྣམ་པ་ཅན་ལས་གཞན་ཞིག་གམ་འོན་ཏེ་གཞན་མ་ཡིན་པ་ཞིག་ཡིན། གལ་ཏེ་གཞན་མ་ཡིན་ན་ནི་དགེ་བ་དང་ཉོན་མོངས་པ་ཅན་ཉིད་ཡིན་པ་ཉམས་ཏེ་རྣམ་པར་ཤེས་པ་འཛིན་པའི་རྣམ་པ་ཅན་བཞིན་ནོ། །ལས་ཀྱི་མངོན་པར་གྲུབ་པའི་ལུང་དུ་མ་བསྟན་པ་ནི་མི་གསལ་བའི་ཕྱིར་ ཕྱིན་ཅི་མ་ལོག་པར་ཡོངས་སུ་གཅོད་པའམ་ཕྱིན་ཅི་ལོག་ཏུ་བརྟག་པར་ནུས་པ་མ་ཡིན་ནོ། །འོན་ཏེ་གཞན་ཡིན་ན་ནི་དད་པ་ལ་སོགས་པ་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ལས་ཐ་དད་པར་འགྱུར་ཏེ་འཛིན་པར་བྱེད་པའི་རྣམ་པ་ཐ་དད་པའི་ཕྱིར་ཚོར་བ་དང་འདུ་ཤེས་དང་སེམས་པ་བཞིན་ ནོ་ཞེས་བྱ་བར་གྱུར་ཏོ། །འདི་ལྟར་མདོ་སྡེ་པ་རྣམས་ཀྱི་ལྟར་ན་ཚོར་བ་ལ་སོགས་པ་སེམས་ལས་བྱུང་བ་གསུམ་རྫས་ཉིད་དུ་མངོན་པར་འདོད་དོ། །འོན་ཏེ་ཀུན་གཞིའི་རྣམ་པར་ཤེས་པའི་ས་བོན་བཞིན་དུ་མངོན་པར་ཡིད་ཆེས་པའི་རྣམ་པ་དེ་ཉིད་དང་གཞན་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་ ནོ་ཞེ་ན། དེ་ནི་ཡང་དག་པ་མ་ཡིན་ཏེ་འཛིན་པར་བྱེད་པ་ཉིད་དུ་འདོད་པའི་ཕྱིར་རོ། །དམིགས་པ་འཛིན་པར་བྱེད་པ་ནི་བརྗོད་པར་བྱ་བ་མ་ཡིན་པར་གྲགས་པ་མེད་ལ་ཀུན་གཞིའི་ས་བོན་ཡང་དམིགས་པ་འཛིན་པར་བྱེད་པ་ཡིན་པར་མི་འདོད་དོ། །དེ་ལྟར་ན་ཕྱོགས་འདིས་རེག་པ་ལ་ སོགས་པའི་དབང་ཤེས་པས་ཉམས་སུ་མྱོང་བའི་ཡུལ་ལ་རྣམ་པར་རྟོག་པར་བྱེད་པ་མངོན་པར་བརྗོད་པ་ལ་སོགས་པ་དང་མཚུངས་པར་ལྡན་པའི་རྣམ་པར་ཤེས་པ་གཞན་ཡང་གཞན་ཉིད་ཡིན་པར་བསྒྲུབ་པར་བྱའོ། །དེའི་ཕྱིར་ཡིད་ཀྱི་རྣམ་པར་ཤེས་པ་གཞན་གཉིས་པར་གྱུར་ ཏོ་ཞེས་བྱ་བར་ངེས་པར་བྱས་ནས། དེས་ན་ཡིད་ཀྱི་རྣམ་པར་ཤེས་པ་གཉིས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཐལ་བ་འདི་ནི་མངལ་ནས་བྱུང་བ་ལ་ཡང་སྲིད་མོད་ཀྱི་མའི་མངལ་དུ་ཞེས་བྱ་བ་འདིས་ནི་ཉིང་མཚམས་སྦྱོར་བའི་སྐབས་ཡིན་པའི་ཕྱིར་དེ་དང་ཉེ་བའི་གནས་སྐབས་ཐལ་བ་ སྟོན་པར་བྱེད་དོ། །དེ་ན་གཞན་མ་ཡིན་ན་ཞེས་བྱ་བ་ལ་སོགས་པ་དང་རིང་དུ་འགྲོ་ཞེས་བྱ་བ་ལ་སོགས་པ་མདོ་དང་འགལ་ལོ། །ཇི་སྟེ་ཡང་མདོ་དེ་ནི་དགེ་བའམ་མི་དགེ་བའི་རིགས་མཐུན་པ་གཉིས་ཅིག་ཅར་སྐྱེས་པ་མེད་པ་ལ་བྱའོ་ཞེས་དེ་ལྟར་དྲང་ངོ་སྙམ་དུ་སེམས་ན། ཡིད་ཀྱི་ རྣམ་པར་ཤེས་པ་ཆགས་པ་དེ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཉོན་མོངས་པ་ཅན་གནས་ཡིན་པའི་ཕྱིར་ཞེས་བྱ་བ་ནི་འདིར་དཔྱད་པར་བྱ་སྟེ། གལ་ཏེ་རེ་ཞིག་ཉོན་མོངས་པ་གཞི་དང་མཚུངས་པར་ལྡན་པའི་ཡིད་ཉོན་མོངས་པ་ཅན་གནས་ཡིན་པའི་ཕྱིར་དེ་ཡིད་ཀྱི་རྣམ་ པར་ཤེས་པ་མ་ཡིན་ཏེ་འདོད་ཆགས་ལ་སོགས་པ་བཞིན་ནོ་ཞེ་ན། གཏན་ཚིགས་མ་གྲུབ་པའི་དོན་ཉིད་ཡིན་ཏེ། ཉོན་མོངས་པ་ཅན་གྱི་ཡིད་མ་གྲུབ་པའི་ཕྱིར་རོ། །འོན་ཏེ་བསྒྲུབས་ཟིན་ཏོ་སྙམ་དུ་སེམས་ན། དེ་ལྟར་ཡང་ཕྱོགས་གཞན་དུ་འགྲོ་བར་འགྱུར་བས་རྣམ་པ་ཐམས་ཅད་དུ་ གཏན་ཚིགས་ཀྱིས་མ་ངེས་པ་ཉིད་ལྡོག་པ་མེད་དེ། ཡིད་ཀྱི་རྣམ་པར་ཤེས་པ་ཡང་སྲིད་པའི་ཕྱིར་རོ། །འོན་ཏེ་རྣམ་པར་ཤེས་པ་ཉོན་མོངས་པ་ཅན་མཚུངས་པ་དེ་མ་ཐག་པའི་རྐྱེན་ཡིན་པའི་ཕྱིར་ཞེས་གཏན་ཚིགས་ཀྱི་དོན་དེ་ལྟ་བུར་བརྟེན་ཏེ་ཉིང་མཚམས་སྦྱོར་བའི་སེམས་འདི་ལ་ཡང་ མཚུངས་པ་དེ་མ་ཐག་པའི་རྐྱེན་སྲིད་པ་བར་མའི་སེམས་ཐ་མ་ཉོན་མོངས་པ་ཅན་ཡོད་དོ་ཞེ་ན། དེ་ལྟ་ཡང་མ་ངེས་པ་ཉིད་ཡིན་ཏེ་ཡིད་ཀྱི་རྣམ་པར་ཤེས་པ་མཚུངས་པ་དེ་མ་ཐག་པའི་རྐྱེན་རྣམ་པར་ཤེས་པ་ཉོན་མོངས་པ་ཅན་ཡང་ཡོད་པའི་ཕྱིར་རོ། །འོན་ཏེ་གཏན་ཚིགས་འདི་ངེས་པར་བཟུང་ བ་ཡིན་ནོ་ཞེ་ན། དེ་ལྟ་ན་མ་གྲུབ་པ་ཉིད་ཡིན་ཏེ་ཉིང་མཚམས་སྦྱོར་བའི་སེམས་འདི་ནི་མཚུངས་པ་དེ་མ་ཐག་པའི་རྟེན་ཅན་ཁོ་ན་མ་ཡིན་ཏེ་ས་བོན་གྱི་རྟེན་ཡང་ཁས་བླངས་པའི་ཕྱིར་རོ། །མ་ངེས་པ་ཉིད་ཀྱང་ཡིན་ཏེ་ཡིད་ཀྱི་རྣམ་པར་ཤེས་པ་དགེ་བའི་རྩ་བ་ཀུན་དུ་གཅོད་པར་བྱེད་པ་མེད་པར་ ལྟ་བ་དགུ་པ་དང་མཚུངས་པར་ལྡན་པ་མཚུངས་པ་དེ་མ་ཐག་པའི་རྐྱེན་ཉོན་མོངས་པ་ཅན་གྱི་རྟེན་ཅན་དུ་ངེས་པ་ལ་ཡང་རྒྱུ་ཡོད་པའི་ཕྱིར་རོ། །དེ་ལྟ་ན་འོ་ན་སྲིད་པ་བར་མའི་སེམས་ཐ་མ་ཁོ་ན་འདིར་ཉོན་མོངས་པ་ཅན་དུ་བཟུང་སྟེ་དེ་ཡང་ཉིང་མཚམས་སྦྱོར་བའི་སེམས་འཕེན་པར་བྱེད་པ་ཡིན་པའི་ ཕྱིར་བདག་པོའི་རྐྱེན་ཉིད་ཀྱི་རྟེན་ཡིན་ཏེ། འདི་ལྟར་སྐྱེ་བའི་ཉིང་མཚམས་སྦྱོར་བ་ཐམས་ཅད་ནི་ཉོན་མོངས་པ་ཅན་གྱི་སེམས་སྔོན་དུ་འགྲོ་བ་ཅན་ཁོ་ན་ཡིན་པར་དམིགས་སོ། །དུས་རྟག་ཏུ་ཞེས་བྱ་བ་སྨོས་པ་ཡང་དོན་འདི་ཉིད་ཉེ་བར་བསྟན་པའི་ཕྱིར་ཏེ། གལ་ཏེ་ཉོན་མོངས་པ་ཅན་གྱི་སེམས་ དེ་སྐབས་འབྱེད་པ་ཙམ་ཉིད་ཀྱིས་མཚུངས་པ་དེ་མ་ཐག་པའི་རྐྱེན་གྱི་ངོ་བོར་ཉེ་བར་སྦྱོར་ན་ཅིའི་ཕྱིར་ཉིང་མཚམས་སྦྱོར་བའི་སེམས་ཐམས་ཅད་ལ་ངེས་པར་ཉེ་བར་གནས་པར་འགྱུར། སྐབས་འབྱེད་པ་ཙམ་ལ་ནི་ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པ་དག་ཁྱད་པར་འགའ་ཡང་མེད་དོ། ། དེ་ལྟ་བས་ན་ཉིང་མཚམས་སྦྱོར་བའི་སེམས་ཉིད་ཀྱི་འཕེན་པ་བྱེད་པ་ཉོན་མོངས་པ་ཅན་གྱི་སེམས་ཡིན་ཞེས་ཏེ་ཡིད་ཀྱི་རྣམ་པར་ཤེས་པ་ཡིན་པ་ལ་ནི་ཅུང་ཟད་ཀྱང་མི་ཕན་ཏེ་དེ་ལྟར་ཉོན་མོངས་པ་ཅན་གྱི་སེམས་ངེས་པར་འཕང་བར་བྱ་བ་ནི་སེམས་ཅན་གྱི་རྒྱུད་དུ་མ་ལ་གྲགས་སོ། །དེའི་ཕྱིར་ཉིང་ མཚམས་སྦྱོར་བའི་སེམས་ནི་ཡིད་ཀྱི་རྣམ་པར་ཤེས་པ་ཡིན་ཏེ་དུས་རྟག་ཏུ་སྲིད་པ་བར་མའི་སེམས་ཐ་མ་ཉོན་མོངས་པ་ཅན་གྱིས་འཕངས་པའི་ཕྱིར་ལུས་ཀྱི་དབང་པོ་བཞིན་ནོ། །གཞན་དག་ནི་ལུས་རྟག་ཏུ་ཞེས་བྱ་བ་སྨོས་པ་ལོགས་ཤིག་ཏུ་གཏན་ཚིགས་ཀྱི་ཁྱད་པར་ཉིད་དུ་ཉེ་བར་འགོད་ དེ། ཉིང་མཚམས་སྦྱོར་བའི་སེམས་དེ་ནི་ཡིད་ཀྱི་རྣམ་པར་ཤེས་པ་མ་ཡིན་ཏེ་དུས་རྟག་ཏུ་མ་ཤི་བར་དུ་རྣམ་པར་སྨིན་པའི་ངོ་བོར་རྗེས་སུ་འཇུག་པའི་ཕྱིར་ལུས་ཀྱི་དབང་པོ་བཞིན་ནོ་ཞེའོ། །ཡིད་ཀྱི་རྣམ་པར་ཤེས་པའི་དམིགས་པའི་རྣམ་པ་མི་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་ པར་ཤེས་པའི་དམིགས་པའི་རྣམ་པ་གང་ཡིན་ཞེ་ན། གསལ་བའི་རྣམ་པར་ཡོངས་སུ་གཅོད་པ་ཉིད་དོ་དེ་མེད་པའི་ཕྱིར་དམིགས་པའི་རྣམ་པ་ཡོངས་སུ་མ་ཆད་པ་ཉིད་ཡིན་ནོ། །དེའི་ཕྱིར་ཡིད་ཀྱི་རྣམ་པར་ཤེས་པ་མ་ཡིན་ཏེ་དམིགས་པའི་རྣམ་པ་ཡོངས་སུ་མ་ཆད་པའི་ཕྱིར་ལུས་ཀྱི་དབང་པོ་བཞིན་ ནོ་ཞེས་བྱ་བར་གྲགས་སོ། །འདི་གཞན་ལ་མ་གྲུབ་པ་མ་ཡིན་ནམ་ཞེ་ན། དེ་ནི་མ་ཡིན་ཏེ་མདོ་སྡེ་པས་བརྒྱལ་བ་དང་འདུ་ཤེས་མེད་པ་དང་འགོག་པའི་སྙོམས་པར་འཇུག་པ་ལ་སོགས་པ་ལ་ཡིད་ཀྱི་རྣམ་པར་ཤེས་པའི་དམིགས་པའི་རྣམ་པ་ཡོངས་སུ་མ་ཆད་པ་ཉིད་དུ་ཁས་བླངས་པའི་ཕྱིར་རོ། །མ་ ངེས་པ་ཉིད་ཀྱང་མ་ཡིན་ཏེ་འདུ་ཤེས་མེད་པ་ལ་སོགས་པའི་སེམས་ཀྱང་ཕྱོགས་ཁོ་ན་ཡོངས་སུ་འདུས་པའི་ཕྱིར་རོ། །བྱེ་བྲག་ཏུ་སྨྲ་བ་གང་ཞིག་ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པ་དམིགས་པའི་རྣམ་པ་དམིགས་པ་ཅན་དུ་སེམས་པ་དེ་ལ་ཡང་དེ་བཞིན་དུ་ལན་གདབ་པར་བྱ་སྟེ། ཡིད་ཀྱི་ རྣམ་པར་ཤེས་པའི་དམིགས་པ་ནི་རྣམ་པ་བཞི་སྟེ། འདས་པ་དང་མ་འོངས་པ་དང་འདུས་མ་བྱས་པ་དང་ད་ལྟར་བྱུང་བའོ། །རེ་ཞིག་ཉིང་མཚམས་སྦྱོར་བའི་སེམས་དེ་འདས་པ་ལ་དམིགས་པ་ལ་ནི་མ་ཡིན་ཏེ། མངོན་པར་ཤེས་པ་མེད་པར་ཉིང་མཚམས་སྦྱོར་བའི་སྔོན་རོལ་གྱི་ལུས་ རྗེས་སུ་དྲན་པ་ནི་མེད་དོ། །མ་འོངས་པ་དང་འདུས་མ་བྱས་ལ་དམིགས་པ་ཡང་མ་ཡིན་ཏེ། མཐོང་བ་དང་ཐོས་པ་མེད་པའི་ཕྱིར་རོ། །མཐོང་བ་དང་ཐོས་པ་དག་གིས་བརྟགས་ནས་མ་འོངས་པ་དང་འདུས་མ་བྱས་ལ་དམིགས་པ་དེ་ནི་ཉིང་མཚམས་སྦྱོར་བའི་གནས་སྐབས་ན་མི་སྲིད་དོ། །ད་ལྟར་ བྱུང་བ་ནི་རྣམ་པ་གཉིས་ཏེ་རང་གི་རྒྱུད་དུ་གཏོགས་པ་དང་གཞན་གྱི་རྒྱུད་དུ་གཏོགས་པའོ། །དེ་ལ་གཞན་གྱི་རྒྱུད་ལ་ནི་མི་དམིགས་ཏེ་རྟོག་པའི་རྒྱུད་མེད་པའི་ཕྱིར་སྔ་མ་བཞིན་ནོ། །རང་གི་རྒྱུད་དུ་གཏོགས་པ་ཡང་དབང་པོ་གཟུགས་ལ་ནི་མི་དམིགས་ཏེ་དེ་ཁོ་ན་བཞིན་དུ་རྟོག་པར་མི་རུང་ བའི་ཕྱིར་རོ། །ཡུལ་གྱི་གཟུགས་ལ་ཡང་དམིགས་པར་རུང་བ་མ་ཡིན་གཟུགས་ལ་སོགས་པ་ལ་མིག་ལ་སོགས་པའི་དབང་པོ་རྣམ་པར་ཤེས་པས་དྲངས་པའི་ཡིད་ཀྱི་རྣམ་པར་ཤེས་པ་ཁས་ལེན་གྱི་མངོན་སུམ་དུ་བྱེད་པ་ནི་མ་ཡིན་ན་མིག་ལ་སོགས་པའི་རྣམ་པར་ཤེས་པ་དེ་ཡང་ཉིང་ མཚམས་སྦྱོར་བའི་གནས་སྐབས་ན་མེད་དོ་ཞེས་སྔར་བསྟན་ཟིན་ཏོ། །ཡིད་ཀྱི་རྣམ་པར་ཤེས་པ་དེ་བརྒྱལ་བ་ཡིན་དུ་ཆུག་ན་ཡང་ཞེས་བྱ་བ་ལ་སོགས་པ་ནི་ཡིད་ཀྱི་རྣམ་པར་ཤེས་པ་གཉིས་སུ་འགྱུར་རོ་ཞེས་བཤད་པ་ལ་རེ་ཞིག་ཅིག་ནི་ཁས་ལེན་པ་ཉིད་དེ་དགེ་བ་ལ་སོགས་པར་ཞུགས་པ་ གང་ཡིན་པའོ། །ཅིག་ཤོས་ཀྱང་རྣམ་པར་སྨིན་པར་གྱུར་པ་བརྒྱལ་བ་གང་ཡིན་པའོ། །དེ་ལ་མི་ཙམ་ལ་བརྩད་པས་ཁོ་བོ་ཅག་ལ་ཅི་བྱ། དངོས་པོའི་དེ་ཁོ་ན་ཉིད་བརྟག་པར་བྱ་སྟེ། ཡིད་ཀྱི་རྣམ་པར་ཤེས་པ་དེ་བརྒྱལ་བ་ཡིན་དུ་ཆུག་ན་ཡང་ཞེས་བྱ་བ་ལ་སོགས་པ་ནི་ཁྱོད་ཉོན་མོངས་པ་ ཅན་དང་ཉོན་མོངས་པ་ཅན་མ་ཡིན་པའི་ཆོས་རྣམས་ས་བོན་ལ་རག་ལས་ཏེ་སྐྱེ་བར་ཁས་ལེན་པ་ས་བོན་དེ་གལ་ཏེ་རྣམ་པར་ཤེས་པ་བརྒྱལ་བའི་རྟེན་ཅན་ཉིད་ཡིན་ལ་རྒྱུའི་རྐྱེན་གྱིས་བདག་པོ་ཉིད་ཀྱི་ས་བོན་དེ་ལས་ཀྱང་ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པའི་བདག་ཉིད་དེ་སྐྱེ་བ་ ན་དེ་ལ་བརྟེན་ནས་སྐྱེའོ་ཞེས་ཁས་ལེན་ན་རྣམ་པར་ཤེས་པ་བརྒྱལ་བ་དེ་ས་བོན་ཐམས་ཅད་པ་ཡིན་པའི་ཕྱིར་ཀུན་གཞིའི་རྣམ་པར་ཤེས་པ་ཉིད་ཡིན་པར་ཤུགས་ཀྱིས་སྨྲས་པར་འགྱུར་ཏེ་ཀུན་གཞིའི་རྣམ་པར་ཤེས་པའི་དངོས་པོ་རྣམ་གྲངས་གཞན་གྱིས་བསྒྲུབས་པའི་ཕྱིར་རོ་ཞེས་བྱ་བ་དེ་སྟོན་ཏོ། ། འོན་ཏེ་གང་དེ་ལ་བརྟེན་ནས་ཞེས་བྱ་བ་ལ་སོགས་པས་ནི་རྣམ་པར་ཤེས་པ་བརྒྱལ་བ་ཡིན་པ་དེ་ནི་ས་བོན་ཐམས་ཅད་པ་ཡིན་པའི་ཕྱིར་ཉོན་མོངས་པ་ཅན་དང་། ཉོན་མོངས་པ་ཅན་མ་ཡིན་པའི་རྣམ་པར་ཤེས་པའི་བདག་པོ་ཙམ་གྱིས་རྟེན་ཅེས་བྱ་བ་འབའ་ཞིག་ཏུ་ཟད་ཀྱི། དེ་ལ་བརྟེན་ པ་ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པའི་རྣམ་པར་ཤེས་པ་གང་ཡིན་པ་དེ་ཁོ་ན་ས་བོན་ཐམས་ཅད་པའོ་ཞེས་བརྗོད་པར་ནུས་པ་ཡང་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེ་ལ་བརྟེན་པའི་རྣམ་པར་ཤེས་པ་མི་བརྟེན་པའི་ཕྱིར་དང་། བརྟེན་པ་ཡིན་པའི་ཕྱིར་དང་། ལུང་དུ་བསྟན་ པའི་ཕྱིར་དང་། སྒོ་བར་བྱེད་པ་རྣམས་ལྷན་ཅིག་སྐྱེ་བ་དང་འགག་པ་མེད་པ་ལ་སོགས་པའི་ཕྱིར་རོ་ཞེས་དེ་སྟོན་པར་བྱེད་དོ། །སྐྱེ་བའི་ཀུན་ནས་ཉོན་མོངས་པ་ཉིང་མཚམས་སྦྱོར་བ་སྦྲེལ་བའི་འོག་གནས་པའི་གནས་སྐབས་པ་ཡང་རྣམ་པ་གསུམ་སྟེ་དབང་པོ་གཟུགས་ཅན་ལེན་པར་བྱེད་པ་ དང་། མིང་དང་གཟུགས་ལ་ལྟོས་ནས་རྐྱེན་དང་འབྲས་བུ་དང་། སེམས་ཅན་རྣམས་ཀྱི་ཟས་སོ། །དེ་ལ་རྣམ་པ་དང་པོའི་དབང་དུ་མཛད་ནས་ཉིང་མཚམས་སྦྱོར་བ་སྦྲེལ་ཟིན་པ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་ཡང་འདོད་པ་དང་གཟུགས་ཀྱི་ཁམས་དག་ན་ སྲིད་མོད་ཀྱི་མཉམ་པར་མ་བཞག་པའི་སྐབས་ཡིན་པའི་ཕྱིར་འདོད་པ་ན་སྤྱོད་པ་ཁོ་ན་གཟུང་ངོ་། །དེ་ལས་གཞན་ཞེས་བྱ་བ་ནི་འཇུག་པའི་རྣམ་པར་ཤེས་པའོ། །དབང་པོ་གཟུགས་ཅན་འཛིན་པར་བྱེད་པ་ཞེས་བྱ་བ་ནི་འདིར་དབང་པོ་ཞེས་སྨོས་པས་དབང་པོ་དང་ཐ་མི་དད་པར་འདུག་པའི་ གཟུགས་ལ་སོགས་པ་ཡང་གཟུང་སྟེ། འདི་ལྟར་ཟིན་པ་གང་ཡིན་པ་དེ་འཛིན་པར་བྱེད་པ་ཡིན་ན་ཟིན་པ་ཡང་གཞན་མ་ཡིན་ཏེ། དགུ་རྣམ་གཉིས་ཞེས་འབྱུང་བའི་ཕྱིར་རོ། །འདི་ལ་ཟག་པ་མེད་པའི་རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་དབང་པོ་འཛིན་པར་བྱེད་པ་མ་ཡིན་ཏེ་འགལ་བའི་ ཕྱིར་མྱ་ངན་ལས་འདས་པ་བཞིན་ནོ། །དགེ་བ་ཟག་པ་དང་བཅས་པ་གང་ཡིན་པ་དེ་ཡང་འཛིན་པར་བྱེད་པ་མ་ཡིན་ཏེ་དགེ་བའི་ཕྱིར་ལམ་བཞིན་ནོ། །མི་དགེ་བ་ཡང་འཛིན་པར་བྱེད་པ་མ་ཡིན་ཏེ། ལུང་དུ་བསྟན་པའི་དགེ་བ་བཞིན་ནོ། །ལུང་དུ་མ་བསྟན་པ་གཞན་སྤྱོད་ལམ་ དང་བཟོ་བའི་གནས་པ་དང་སྤྲུལ་པ་བས་བསྡུས་པ་གང་ཡིན་པ་ཡང་འཛིན་པར་བྱེད་པ་མ་ཡིན་ཏེ། རྣམ་པར་སྨིན་པ་མ་ཡིན་པའི་ཕྱིར་དགེ་བ་བཞིན་ནོ། །རྣམ་པར་སྨིན་པའི་རྣམ་པར་ཤེས་པ་དབང་པོ་དང་ལྷན་ཅིག་ལས་གཅིག་གིས་འཕངས་པའི་ཕྱིར་གྲུབ་པ་དང་བདེ་བ་ཉིད་དང་འདྲ་བར་ གྱུར་པ་ནི་གཅིག་ལ་གཅིག་བསྟན་པས་དབང་པོ་འཛིན་པར་བྱེད་པ་ཡིན་པར་འགྱུར་རོ། །རང་གི་ལྟ་བས་འཇུག་པའི་རྣམ་པར་ཤེས་པ་རྣམ་པར་སྨིན་པའི་བདག་མ་ཡིན་མོད་ཀྱི་གཞན་གྱི་ལྟ་བས་ནི་ཁས་བླངས་ནས་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ཞེས་བརྗོད་དེ་འཇུག་པའི་རྣམ་པར་ ཤེས་པ་དེ་ཇི་ལྟར་འཛིན་པར་བྱེད་པ་ཡིན། གལ་ཏེ་དམིགས་པའི་དངོས་པོར་རང་གིར་བྱེད་པའི་ཕྱིར་རོ་ཞེ་ན། ཕྱི་རོལ་ཡང་ཟིན་པར་འགྱུར་རོ། །འོན་ཏེ་རྟེན་གྱི་དངོས་པོར་ཡོངས་སུ་བཟུང་བའི་ཕྱིར་རོ་ཞེ་ན། དབང་པོ་ནི་ཟིན་པར་འགྱུར་གྱི་དབང་པོ་དང་ཐ་མི་དད་པར་འདུག་པའི་གཟུགས་ ནི་མ་ཡིན་ནོ། །རྟེན་གྱི་དངོས་པོ་ཁོ་ནར་ཡོངས་སུ་བཟུང་བའི་ཕྱིར་འཛིན་པར་བྱེད་པ་ཡིན་ལ་དབང་པོ་དང་ཐ་མི་དད་པར་འདུག་པའི་གཟུགས་ནི་དབང་པོ་དང་ཐ་མི་དད་པར་འདུག་པ་ཁོ་ནས་ཟིན་པ་ཡིན་ནོ་ཞེ་ན། འཇུག་པའི་རྣམ་པར་ཤེས་པ་དེ་ནི་རིམ་པ་འདིས་ཀྱང་འཛིན་པར་བྱེད་པར་མི་ འཐད་དོ་ཞེས་བསྟན་པའི་ཕྱིར་གནས་སོ་སོར་ངེས་པའི་ཕྱིར་ཞེས་བྱ་བ་སྨོས་སོ། །འཇུག་པའི་རྣམ་པར་ཤེས་པ་ནི་གནས་སོ་སོར་ངེས་པའི་ཕྱིར་རྣམ་པར་ཤེས་པ་གཞན་གྱི་གནས་རྣམ་པར་བཅད་དེ་རང་གི་གནས་འཛིན་པར་བྱེད་པ་ཡིན་པས་རྣམ་པར་ཤེས་པ་གཅིག་ཅིག་མངོན་དུ་ གྱུར་ན་རྣམ་པར་ཤེས་པ་གཞན་གྱི་རྟེན་མ་ཟིན་པའི་ཕྱིར་ཤི་བའི་ལུས་ཀྱི་བཞིན་དུ་དབང་པོ་གཞན་རྣམ་པར་འཆད་པས་ཡང་རྒྱུད་མེད་པར་ཐལ་བར་འགྱུར་རོ། །ཡིད་ཀྱི་རྣམ་པར་ཤེས་པ་ནི་ཕྱིའི་གཟུགས་བཞིན་དུ་དབང་པོ་གཟུགས་ཅན་ལ་མི་བརྟེན་པའི་ཕྱིར། དབང་པོ་གཟུགས་ ཅན་གང་གི་ཡང་འཛིན་པར་བྱེད་པ་མ་ཡིན་པས་གཞན་ལ་རྗེས་སུ་དཔག་པས་གནོད་པ་ཡིན་ནོ། །དབང་པོ་གཞན་གྱི་རྣམ་པར་ཤེས་པས་དབང་པོ་གཞན་གྱི་རྟེན་འཛིན་པར་བྱེད་པར་ཁས་བླངས་ཀྱང་འཇུག་པའི་རྣམ་པར་ཤེས་པ་ནི་འཛིན་པར་བྱད་པ་ཉིད་དུ་མི་སྲིད་པར་བསྟན་པའི་ཕྱིར་མི་ བརྟན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། གང་གི་ཚེ་སེམས་མེད་པའི་གཉིད་དང་བརྒྱལ་བ་དང་སྙོམས་པར་འཇུག་པའི་གནས་སྐབས་ན། འཇུག་པའི་རྣམ་པར་ཤེས་པ་ཐམས་ཅད་འགགས་པས་འཛིན་པར་བྱེད་པའི་རྣམ་པར་ཤེས་པ་དང་བྲལ་བ་ཉིད་ཀྱིས་དབང་པོ་རྣམས་མ་ཟིན་པའི་ཕྱིར་ དེའི་རྣམ་པར་ཆད་པའི་ཐལ་བ་སོ་ན་འདུག་པས་འཇུག་པའི་རྣམ་པར་ཤེས་པ་ནི་འཛིན་པར་བྱེད་པར་རུང་བ་མ་ཡིན་ནོ། །གལ་ཏེ་ཡང་དེའི་ཚེ་ལུས་ཀྱི་དབང་པོ་ལུས་ཐམས་ཅད་ལ་ཁྱབ་པའི་ཕྱིར་དབང་པོ་གཞན་འཛིན་པར་བྱེད་པ་ཡིན་ནོ་སྙམ་ན། དེ་ནི་ཡིན་ཏེ་ལུས་དབང་པོ་དེ་འཛིན་པར་བྱེད་པ་ གཞན་དང་བྲལ་བ་ཉིད་ཀྱིས་མ་ཟིན་པ་ཉིད་དུ་ཐལ་བར་འགྱུར་རོ། །འོན་ཏེ་ལས་ཀྱི་འཕེན་པའི་དབང་ཁོ་ནས་དབང་པོ་གཟུགས་ཅན་ཐམས་ཅད་འཇུག་པའི་རྣམ་པར་ཤེས་པ་འགགས་ཀྱང་རྗེས་སུ་འཇུག་པར་འགྱུར་རོ་སྙམ་ན། རྣམ་པར་ཤེས་པ་མེད་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལས་ཀྱི་འཕེན་པ་ཡོད་ཀྱང་རྣམ་པར་ཤེས་པ་དང་བྲལ་བའི་ཕྱིར་མ་ཟིན་པ་སོ་ན་འདུག་སྟེ་བུམ་པ་ལ་སོགས་པ་བཞིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ན་རྣམ་པར་ཤེས་པ་མེད་པའི་དབང་པོ་གཟུགས་ཅན་ནི་མི་རུང་ངོ་ཞེས་བྱ་བ་ནི་རང་གི་ལྟ་བས་བཤད་པ་ཡིན་ཏེ་སེམས་དང་སེམས་ལས་བྱུང་བ་ ལ་མ་གཏོགས་པའི་དངོས་པོ་གསལ་ན་ཕྱི་དང་ནང་གི་གཟུགས་འདི་ཐམས་ཅད་སེམས་དང་སེམས་ལས་བྱུང་བའི་གནས་སྐབས་ཀྱི་ཁྱད་པར་དག་ལ་གདགས་པ་ཡིན་ནོ། །གནས་སྐབས་དེ་ན་ཡང་འཇུག་པའི་རྣམ་པར་ཤེས་པ་ཐམས་ཅད་འགགས་པས་གལ་ཏེ་ཀུན་གཞིའི་རྣམ་པར་ ཤེས་པ་ཁས་མི་ལེན་ན་མིག་ལ་སོགས་པ་གནས་སྐབས་ཀྱི་ཁྱད་པར་གང་ཞིག་གིས་རབ་ཏུ་ཕྱེ་བར་འགྱུར། ཡང་ན་དེའི་ཚེ་གཉིད་ལོག་པ་དང་བརྒྱལ་བ་དང་སྙོམས་པར་འཇུག་པ་པོ་ཡོངས་སུ་དག་ཅིག་ཡིན། འོ་ན་ནི་ཀུན་གཞིའི་རྣམ་པར་ཤེས་པ་ཡང་དབང་པོ་གཟུགས་ཅན་ལ་བརྟེན་པ་ པ་ཡིན་པས་ཇི་ལྟར་འཛིན་པར་བྱེད་པ་ཡིན་ཞེ་ན་དེ་ནི་མ་ཡིན་ཏེ། འདིར་ནི་བརྟེན་པའི་ཕྱིར་འཛིན་པར་བྱེད་པ་མ་ཡིན་གྱི། འོན་ཀྱང་རྟེན་གྱི་ཕྱིར་ཡིན་ལ་ཀུན་གཞིའི་རྣམ་པར་ཤེས་པ་ནི་ཆོས་ཐམས་ཅད་ཀྱི་རྟེན་ཡིན་པའི་ཕྱིར་དབང་པོ་གཟུགས་ཅན་གྱི་རྟེན་ཡང་ཡིན་ནོ། །གཞན་ ཡང་འདི་ལྟ་སྟེ། དབང་པོ་གཟུགས་ཅན་འཛིན་པར་བྱེད་པ་ཉིད་འདི་ཡང་འདིའི་འབྲས་བུ་ཡིན་ནོ། །གཞན་ཡང་ཇི་ལྟར་རང་གི་ལྟ་བ་ལྟར་གཟུགས་ཅན་རྣམས་ཟིན་པ་ཉིད་ཡིན་པ་དེ་བཞིན་དུ་དབང་པོ་གཟུགས་ཅན་ཐམས་ཅད་འཛིན་པར་བྱེད་པ་ཉིད་ཡིན་པར་ཉེ་བར་ལེན་པའི་ཕྱིར་ཞེས་བྱ་བ་དེར་ རྣམ་པར་ཕྱེ་ཟིན་ཏོ། །སྐྱོ་བའི་ཀུན་ནས་ཉོན་མོངས་པའི་གནས་སྐབས་ཀྱི་རྣམ་པ་གཉིས་པ་ཡང་ཀུན་གཞིའི་རྣམ་པར་ཤེས་པ་མེད་ན་མི་འཐད་པར་བསྟན་པའི་ཕྱིར་རྣམ་པར་ཤེས་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མདོ་འདིར་ནི་མིང་ཕུང་པོ་བཞིའི་ངོ་བོ་ཉིད་ཡིན་པར་བཟུང་སྟེ་ མིང་དང་གཟུགས་རྣམས་རྣམ་པར་དབྱེ་བ་ལས་དེ་ལྟར་བསྟན་པའི་ཕྱིར་རོ། །དེའི་ཕྱིར་གལ་ཏེ་ཀུན་གཞིའི་རྣམ་པར་ཤེས་པ་མེད་ན་རྣམ་པར་ཤེས་པ་གཞན་གང་ཞིག་མིང་གི་ཁོངས་སུ་གཏོགས་པའི་འཇུག་པའི་རྣམ་པར་ཤེས་པའི་རྐྱེན་དུ་འགྱུར། མིང་དང་གཟུགས་ཀྱི་ཁོངས་སུ་གཏོགས་ པའི་འཇུག་པའི་རྣམ་པར་ཤེས་པ་དེ་ཡང་རྣམ་པར་ཤེས་པ་གང་གི་རྐྱེན་དུ་འགྱུར། རྒྱུན་འཇུག་པས་མིང་སྔ་མ་ཡང་འཇུག་པའི་རྣམ་པར་ཤེས་པ་ཕྱི་མའི་འཇུག་པའི་རྣམ་པར་ཤེས་པ་སྔ་མ་ཡང་མིང་ཕྱི་མའི་རྐྱེན་ཡིན་ནོ་ཞེས་ཁས་བླངས་པར་ཡང་མི་ནུས་ཏེ། མདུང་ཁྱིམ་གྱི་དཔེས་མིང་དང་ གཟུགས་དང་རྣམ་པར་ཤེས་པ་དུས་མཉམ་པ་དག་ཁོ་ན་ཅིག་གི་རྐྱེན་གཅིག་ཡིན་པར་བསྒྲུབས་པའི་ཕྱིར་རོ། །རང་གི་ལྟ་བས་ཉོན་མོངས་པ་ཅན་གྱི་ཡིད་གང་ཡིན་པ་དེ་ཡང་ཆོས་ཐམས་ཅད་ཀྱི་གནས་མ་ཡིན་པའི་ཕྱིར་དང་། ཆོས་ཐམས་ཅད་ཀྱིས་ཡོངས་སུ་གསོ་བར་བྱ་བ་མ་ཡིན་པའི་ ཕྱིར། འཇུག་པའི་རྣམ་པར་ཤེས་པ་རྣམས་དང་གཟུགས་ཀྱི་རྒྱུ་ཡང་མ་ཡིན་པས་ཁོངས་སུ་གཏོགས་པར་རུང་བ་མེད་པ་ཉིད་དོ། །སྐྱེ་བའི་ཀུན་ནས་ཉོན་མོངས་པ་གནས་པའི་གནས་སྐབས་པ་གསུམ་པ་ཡང་ཐ་མི་དད་པར་ཡང་བསྟན་པའི་ཕྱིར། རྣམ་པར་ཤེས་པ་གཞན་ནི་སེམས་ ཅན་འབྱུང་བོ་རྣམས་ཀྱི་ཟས་སུ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཟས་ནི་བཞི་སྟེ་ཞེས་བྱ་བའི་མདོ་དེ་ལ་ཁམ་གྱི་ཟས་ནི་འདོད་པའི་ཁམས་ཁོ་ན་ནའོ། །རེག་པ་ལ་སོགས་པ་ནི་ཁམས་གསུམ་ཅན་པ་ཡིན་ནོ། །དེ་ལ་འཇུག་པའི་རྣམ་པར་ཤེས་པ་ནི་ཁམས་གསུམ་མཐའ་དག་ཁྱབ་པ་མི་ སྲིད་པས། རྣམ་པར་ཤེས་པ་དྲུག་པོ་རྣམས་ལས་གང་ཡང་རུང་བས་ཞེས་བྱ་བ་ནི་ཟས་བྱེད་པ་ཞེས་བྱ་བ་སྟོན་པ་ཡིན་ནོ། །གནས་སྐབས་གང་ན་མི་སྲིད་ཅེ་ན། སེམས་མེད་པའི་གཉིད་དང་བརྒྱལ་བ་དང་སྙོམས་པར་འཇུག་པ་དང་འདུ་ཤེས་མེད་པའི་གནས་སྐབས་ནའོ། །རེག་པ་དང་སེམས་ པ་དག་ཀྱང་དེ་ན་མེད་པའི་ཕྱིར་དེ་དག་ཀྱང་ཟས་ཉིད་དུ་མི་རུང་བར་བརྗོད་པར་བྱ་བ་མ་ཡིན་ནམ་ཞེ་ན། བརྗོད་པར་བྱ་བ་མ་ཡིན་ཏེ་འཇུག་པའི་རྣམ་པར་ཤེས་པ་མི་སྲིད་པར་བསྟན་པ་བྱས་ན་དེ་མཚུངས་པར་ལྡན་པ་རྣམས་ཀྱང་དོན་གྱིས་བྱས་པ་ཁོ་ན་ཡིན་པས་ལོགས་ཤིག་ཏུ་མི་བརྗོད་དོ། །དེའི་ ཕྱིར་གནས་སྐབས་དེ་ན་ཟས་མེད་པར་གནས་པ་མི་འཐད་དོ། །འདི་ལ་མདོ་སྡེ་པ་ན་རེ་ཡིད་ལ་སེམས་པའི་ཟས་ནི་རྣམ་པ་གཉིས་ཏེ། མངོན་དུ་གྱུར་པའི་སེམས་པ་དང་ལྡན་པའི་སེམས་པ་རྣམ་པར་སྨིན་པའི་རྒྱུས་བསྐྱེད་པའི་བག་ཆགས་རྣམ་པར་སྨིན་ཟིན་པས་བཟུང་བའོ། །སེམས་མེད་ པའི་གནས་སྐབས་ན་སེམས་པ་དང་པོ་མི་སྲིད་དུ་ཆུག །གཉིས་པོ་གོ་ཅིའི་ཕྱིར་མི་སྲིད་ཅེས་ཟེར་ཏེ། དེ་ནི་ཀུན་གཞིའི་རྣམ་པར་ཤེས་པ་ལ་མ་གཏོགས་པའི་བསྒོ་བར་བྱ་བ་དགག་པ་བསྒྲུབས་པས་ལན་གདབ་པར་བྱའོ། །གཞན་ཡང་ཞེས་བྱ་ནང་གི་ཡིན་པའི་ལྟ་བ་ལ་གལ་ཏེ་སེམས་དང་ སེམས་ལས་བྱུང་བ་རིལ་མེད་ན་དེའི་གནས་སྐབས་ཀྱི་ཁྱད་པར་ལུས་ཀྱང་མེད་པའི་ཕྱིར་ལས་ཀྱིས་འཕངས་པའི་ནུས་པ་དེ་ཅི་ལ་བརྟེན་པར་འགྱུར། གནས་སྐབས་དེ་ན་ཡང་ཀུན་གཞི་རྣམ་པར་ཤེས་པ་ནི་ཕན་འདོགས་པར་བྱེད་པ་ཉིད་དུ་ཡོད་དོ་ཞེས་བྱ་བར་ཅིའི་ཕྱིར་ཁས་མི་བླང་། ཡང་ན་ སེམས་དང་བཅས་པའི་གནས་སུ་བསམ་པར་བྱ་སྟེ། ཁམ་གྱི་ཟས་ནི་རྒྱས་པའི་རྒྱུ་ཡིན་པའི་ཕྱིར་ལ། འཇུག་པའི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་རེག་པ་བདེ་བ་མྱོང་བར་འགྱུར་བ་དང་། མངོན་པར་འདོད་པའི་ཡུལ་དོན་དུ་གཉེར་བའི་མཚན་ཉིད་ཡིད་ལ་སེམས་པ་ནི་ ལུས་ལ་ཕན་འདོགས་པའི་རྒྱུ་ཡིན་པའི་ཕྱིར་རྣམ་པར་སྨིན་པའི་འབྲས་བུ་ཡོངས་སུ་གསོ་བར་བྱེད་པ་ཉིད་ཀྱིས་ཟས་ཉིད་དུ་ཡང་རིགས་ན། འཇུག་པའི་རྣམ་པར་ཤེས་པ་གོ་ཇི་ལྟར། གལ་ཏེ་ཕན་འདོགས་པར་བྱེད་པའི་ཕྱིར་རོ་ཞེ་ན། དེ་ནི་མ་ཡིན་ཏེ་བདེ་བ་ལ་ སོགས་པ་མྱོང་བར་གྱུར་པའི་རེག་པ་དང་རེ་བའི་སེམས་པ་མ་གཏོགས་པ་དེ་ལོགས་ཤིག་ཏུ་ཕན་འདོགས་པ་ཉིད་དུ་མི་རུང་བའི་ཕྱིར་རོ། །འོན་ཏེ་གགས་མི་བྱེད་པ་ཙམ་གྱིས་སོ་ཞེ་ན། དེ་ནི་མ་ཡིན་ཏེ་དེ་ལྟ་ན་མིག་ལ་སོགས་པ་ཡང་ཟས་ཉུང་ངུ་ཐལ་བར་འགྱུར་རོ། །འོན་ཏེ་ཡུལ་ཡོངས་ སུ་གཅོད་པ་ཙམ་གྱིས་སོ་ཞེ་ན། དེ་ནི་མ་ཡིན་ཏེ་འཕགས་པའི་ལམ་ལ་ཡང་ཐལ་བར་འགྱུར་བའི་ཕྱིར་རོ། །འོན་ཏེ་མཐུན་པའི་ཕྱིར་རོ་ཞེ་ན། ཇི་ལྟར་མཐུན་པ་ཉིད་ཡིན་ཞེས་དེ་ཉིད་དཔྱད་པར་བྱའོ། །དེ་ལྟ་བས་ན་མིག་ལ་སོགས་པ་ནི་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་དང་ ལྷན་ཅིག་ལས་གཅིག་གིས་འཕངས་པ་སྟེ་དེ་དང་ལྷན་ཅིག་གྲུབ་པ་དང་བདེ་བ་ཉིད་གཅིག་པར་གྱུར་ཅིང་། དེ་ལ་རག་ལས་ཏེ་གནས་པ་ཡིན་པས་ཀུན་གཞིའི་རྣམ་པར་ཤེས་པ་ཟས་ཉིད་ཡིན་པར་རིགས་སོ་ཞེས་དེ་ལྟར་ངེས་པར་བྱས་ནས། རྣམ་པར་སྨིན་པའི་རྣམ་པར་ཤེས་པ་མེད་ན་ ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཀུན་གཞིའི་རྣམ་པར་ཤེས་པ་ནི་དབང་པོ་གཟུགས་ཅན་འཛིན་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་འདི་ཁོ་ནས་དོན་གོ་བའི་ཕྱིར་ཟློས་བུར་འགྱུར་བ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ་ཟས་ནི་བཞི་སྟེ་ཞེས་བྱ་བ་འདིར་ཀུན་གཞིའི་རྣམ་པར་ཤེས་པ་ཁོ་ན་རྣམ་པར་ཤེས་ པའི་ཟས་ཉིང་ངུ་དགོངས་སོ་ཞེས་བསྟན་པར་གཙིགས་ཆེ་བའི་ཕྱིར་རོ། །སྐྱེ་བའི་ཀུན་ནས་ཉོན་མོངས་པ་གཟུགས་ཀྱི་ཁམས་སུ་ཉིང་མཚམས་སྦྱོར་བའི་དབང་དུ་མཛད་ནས། འདི་ནས་ཤི་འཕོས་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡིད་ཀྱི་རྣམ་པར་ཤེས་པ་ཞེས་བྱ་བ་ནི་དེ་ཉིང་མཚམས་སྦྱོར་ བ་དང་མཐུན་པའི་ཕྱིར་རོ། །ཉོན་མོངས་པ་ཅན་ཞེས་བྱ་བ་ནི་སྲིད་པ་བར་མའི་སེམས་ཐ་མའོ། །མཉམ་པར་མ་བཞག་པ་ཞེས་བྱ་བ་ནི་རོ་མྱོང་བ་དང་མཚུངས་པར་ལྡན་པའི་བསམ་གཏན་ཡང་ཉོན་མོངས་པ་ཅན་ཡིན་ནོ། །དེ་ནི་མཉམ་པར་བཞག་པ་དང་འདྲ་བས་དེ་རྣམ་པར་བཅད་པའི་ཕྱིར་རོ། ། ཉིང་མཚམས་སྦྱོར་བ་སྦྲེལ་བ་ཞེས་བྱ་བ་ནི་སྐྱེ་བའི་སྲིད་པའོ། །དེ་ལ་མཉམ་པར་མ་བཞག་པ་ཞེས་བྱ་བ་ལ་སོགས་པས་ནི་སྲིད་པ་བར་མའི་སེམས་ཐ་མ་ཉོན་མོངས་པ་ཅན་ནི་ཉོན་མོངས་པ་དཔྱད་པ་ཇི་སྐད་སྨོས་པ་ལྟར་ན་འཇུག་པའི་རྣམ་པར་ཤེས་པའི་ས་བོན་ཐ་དད་པར་མི་འཐད་དོ་ཞེས་བྱ་བར་ སྟོན་པར་བྱེད་དོ། །འདི་ནི་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པའི་དབང་དུ་བྱས་པ་ཁོ་ནར་སྐབས་སུ་བབ་པར་བྱས་ཟིན་མོད་ཀྱི་སྐྱེ་བའི་ཀུན་ནས་ཉོན་མོངས་པ་དང་མཐུན་པའི་ཕྱིར་འདིར་ཡང་ཉེ་བར་བཀོད་དེ་འདི་ལྟར་སྲིད་པར་ཉིང་མཚམས་སྦྱོར་བ་ཐམས་ཅད་ནི་ཉོན་མོངས་པ་ཅན་གྱི་སེམས་ སྔོན་དུ་འགྲོ་བ་ཅན་ཡིན་པས་སོ། །གལ་ཏེ་དེ་ལྟར་ཡིན་དང་འདི་ཐམས་ཅད་འདོད་པའི་ཁམས་ན་སྤྱོད་པར་ཉིང་མཚམས་སྦྱོར་བ་ལ་ཡང་བརྗོད་པར་བྱ་སྟེ། སྒོ་གཉིས་སུ་བསྟན་པ་ཁོ་ནས་དོན་གོ་བའི་ཕྱིར་རོ། །ཇི་ལྟར་འདིར་ས་བོན་མེད་པའི་ཕྱིར་ཉོན་མོངས་པ་ཅན་གྱི་སེམས་མི་འཐད་ པས་སྲིད་པར་ཉིང་མཚམས་སྦྱོར་བ་མེད་པར་འགྱུར་བ་དེ་བཞིན་དུ་དེར་ཡང་དེར་ཐལ་བར་བྱ་ལ། ཇི་ལྟར་དེར་ཡིད་ཀྱི་རྣམ་པར་ཤེས་པ་གཉིས་ཅིག་ཅར་འབྱུང་བར་འགྱུར་རོ་ཞེས་བྱ་བ་དེ་བཞིན་དུ་འདིར་ཡང་ཐལ་བར་བྱའོ། །ཡང་དེའི་ས་པ་ཞེས་བྱ་བ་ཅིའི་ཕྱིར་སྨོས་ཤེ་ན། སྐྱེ་བའི་ས་པས་ གང་ཡིན་པ་དེ་མངོན་པར་འགྲུབ་པར་བྱེད་པའི་ཉོན་མོངས་པ་ཡང་ངེས་པར་དེའི་ས་པ་ཁོ་ན་ཡིན་ནོ་ཞེས་ཉེ་བར་བསྟན་པའི་ཕྱིར་རོ། །མངོན་པར་འགྲུབ་པར་བྱེད་པའི་ཉོན་མོངས་པ་དེ་ཡང་རྣམ་པ་གཉིས་ཏེ་དུས་སྔ་མའི་སྲིད་པའི་སྲེད་པ་དང་། ལེན་པའི་མཚན་ཉིད་དང་གཟུགས་ཅན་གྱི་ཁམས་ སྐྱེ་བའི་སྲིད་པ་བར་མའི་སེམས་ཐ་མ་དང་མཚུངས་པར་ལྡན་པའོ། །འཕེན་པར་བྱེད་པའི་ཉོན་མོངས་པ་ནི་མ་ངེས་ཏེ་རེས་འགའ་ནི་ས་མཚུངས་པ་ཡིན་ཏེ། གང་གི་ཚེ་འདོད་པ་ན་སྤྱོད་པའི་མ་རིག་པས་འདོད་པ་ན་སྤྱོད་པ་ཁོ་ནའི་འདུ་བྱེད་དག་ཏུ་ཀུན་ནས་སློང་བར་བྱེད་ནའོ། །རེས་འགའ་ ནི་ས་མི་མཚུངས་པ་ཡིན་ཏེ་གང་གི་ཚེ་འཇིག་རྟེན་པའི་བསམ་གཏན་དང་པོའི་ཉེར་བསྡོགས་བར་ཆད་མེད་པའི་ལམ་དང་མཚུངས་པར་ལྡན་པའི་ལས་ཀུན་ནས་སློང་བར་བྱེད་པ་ན་མཐོང་བས་སྤང་བར་བྱ་བའི་གཏི་མུག་འདོད་པ་ན་སྤྱོད་པ་སྟེ། འདོད་ཆགས་པ་དང་མ་བྲལ་བ་རྣམས་ས་གོང་ མ་གང་ཡིན་པའི་ཉོན་མོངས་པ་ཀུན་ཏུ་མི་སྤྱོད་པའི་ཕྱིར་དང་། འདོད་ཆགས་དང་བྲལ་བའི་གནས་སྐབས་ན་ཡང་བར་ཆད་མེད་པའི་ལམ་མངོན་དུ་མི་བྱེད་པའི་ཕྱིར་དང་། བར་ཆད་མེད་པའི་ལམ་ཁོ་ནས་གོང་དུ་ཡང་སྐྱེ་བའི་ཕྱིར་རོ། །གལ་ཏེ་ཉིང་མཚམས་སྦྱོར་བ་ སྦྲེལ་བས་ས་མཚུངས་པའི་ཉོན་མོངས་པས་བྱས་པ་ཁོ་ན་ཡིན་ན། འོ་ན་གང་གི་ཚེ་གཟུགས་ཅན་གྱི་ཁམས་ནས་ཤི་འཕོས་ནས་གཟུགས་མེད་པའི་ཁམས་དག་ཏུ་སྐྱེ་བ་དེའི་ཚེ་གཟུགས་མེད་པ་ན་སྤྱོད་པའི་སྐྱེ་བའི་སྲིད་པ་མངོན་པར་གྲུབ་པར་བྱེད་པའི་སེམས་ཉོན་མོངས་པ་ཅན་དེ་གང་ཞིག་ཡིན་ཞེ་ན། འདི་ལ་མདོ་སྡེ་པ་རྣམས་ཀྱི་ལྟ་བ་ནི་གཟུགས་ཀྱི་འདོད་པ་དང་བྲལ་བ་གཟུགས་ཅན་གྱི་ཁམས་སུ་འཆི་བ་ལ་གང་གིས་ན་གཟུགས་མེད་པའི་ཁམས་ན་སྤྱོད་པའི་སྲིད་པར་ཉིང་མཚང་ས་སྦྱོར་བར་འགྱུར་བ་འཆི་བའི་སེམས་ཐ་མ་གཟུགས་ན་སྤྱོད་པའི་ཉོན་མོངས་པ་ཅན་འབྱུང་སྟེ། དེ་བཞིན་དུ་ནམ་ མཁའ་མཐའ་ཡས་སྐྱེ་མཆེད་དུ་འཆི་བའི་ས་གོང་མ་པ་ཡང་བརྗོད་པར་ཞེས་བྱ་བ་ཡིན་ནོ། །ཐེག་པ་ཆེན་པོ་ལས་ནི་འཆི་བའི་སེམས་ཐམས་ཅད་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡིན་པར་བརྗོད་ན་དེར་ཇི་ལྟ་བུ་ཞེ་ན། དེར་ཡང་འདོད་ཆགས་དང་བྲལ་བ་འཆི་བ་ལ་ཇི་སྲིད་དུ་འཆི་བའི་སེམས་ ཐ་མ་འབྱུང་བ་དེ་སྲིད་དུ་གང་ཞིག་འཆི་བའི་སེམས་ཐ་མས་བར་དུ་ཆོད་ཀྱང་བརྒྱུད་པས་གཟུགས་མེད་པར་སྐྱེ་བའི་སྲིད་པ་མངོན་པར་གྲུབ་པར་བྱེད་པས་གོང་མ་པའི་ལུས་ལ་མངོན་པར་དགའ་བ་དང་མཚུངས་པར་ལྡན་པའི་སེམས་ཉོན་མོངས་པ་ཅན་འབྱུང་ངོ་། །གང་ཡང་འདི་སྐད་དུ་དེའི་ཚེ་ ཕྱིར་མི་འོང་བ་ལ་དེ་མེད་དོ་ཞེས་བཤད་པ་ནི་ས་གང་ལས་འདོད་ཆགས་དང་བྲལ་བས་དེ་བའི་དོན་དུ་གཉེར་བ་མི་འབྱུང་བ་ལ་དགོངས་ཏེ་གསུངས་པ་ཡིན་ནོ། །དེ་ལྟར་ན་གཟུགས་མེད་པའི་ཉིང་མཚམས་སྦྱོར་བ་ནི་བར་དུ་ཆོད་པའི་རྒྱུ་ཅན་ལས་དགོངས་ནས་ཉོན་མོངས་པ་ཅན་གནས་ཡིན་པའི་ཕྱིར་ ཞེས་བརྗོད་དོ། །འོ་ན་གང་གི་ཚེ་སྲིད་པའི་རྩེ་མོ་ནས་ཤི་འཕོས་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་བར་ནས་ཤི་འཕོས་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ལ་སོགས་པ་ས་གསུམ་དུ་ཉིང་མཚམས་སྦྱོར་བ་དེ་ན་འཆི་བ་ལ་ཉོན་མོངས་པ་ཅན་གྱི་སེམས་གང་གི་དབང་གིས་ན་འོག་མར་ཉིང་ མཚམས་སྦྱོར་བར་འགྱུར་བ་དང་། ཉོན་མོངས་པ་ཅན་གནས་ཡིན་པའི་ཕྱིར་ཞེས་ཀྱང་བརྗོད་པར་འགྱུར་བས་གང་པ་ཞིག་ཡིན་སྲིད་པའི་རྩེ་མོ་ལ་སོགས་པའི་ས་པའི་ཉོན་མོངས་པས་འོག་མར་ཉིང་མཚམས་སྦྱོར་བར་བྱེད་པ་ནི་མ་ཡིན་ལ། ས་གོང་མ་པའི་རྐྱེན་གྱིས་ས་འོག་མ་པའི་ ཉོན་མོངས་པ་མངོན་དུ་བྱེད་པར་ཡང་རུང་བ་མ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ་དེ་ན་ཡང་འཆི་བ་ལ་ཉོན་མོངས་པའི་ས་བོན་གང་གི་དབང་གིས་ན་འོག་མར་ཉིང་མཚམས་སྦྱོར་བར་འགྱུར་ཞིང་ཉོན་མོངས་པ་གནས་ཡིན་པའི་ཕྱིར་ཞེས་ཀྱང་བརྗོད་པར་འགྱུར་བ་ས་འོག་མ་པ་རྒྱས་པར་འགྱུར་རོ། །དེ་ ལྟར་ན་རྣམ་པ་འདིས་གཟུགས་མེད་པའི་ཉིང་མཚམས་སྦྱོར་བ་ནི་དོན་གོ་བའི་ཕྱིར་ལོགས་ཤིག་ཏུ་ཉེ་བར་དགོང་པར་མི་བྱའོ། །ཉིང་མཚམས་སྦྱོར་བ་སྦྲེལ་ཟིན་པ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པས་ནི་འདོད་པ་ན་སྤྱོད་པའི་ཉིང་མཚམས་སྦྱོར་བའི་དབང་དུ་མཛད་ནས་འདོད་པའི་ཁམས་ ཁོ་ནར་སྐྱེ་བའི་ཀུན་ནས་ཉོན་མོངས་པ་གནས་སྐབས་རྣམ་པ་གསུམ་སོ་སོར་བསྟན་ཏེ་ཁམས་གསུམ་པའི་སེམས་ཅན་འབྱུང་པོ་རྣམས་ཀྱི་ཞེས་བྱ་བའི་ཞར་ལ་སྨོས་པ་ཡིན་ནོ། །དེའི་འོག་ཏུ་ནི་གཟུགས་ན་སྤྱོད་པའི་ཉིང་མཚམས་སྦྱོར་བ་བསྟན་ཏོ། །ད་ནི་སྐྱེ་བའི་ཀུན་ནས་ཉོན་མོངས་པ་གནས་པའི་ གནས་སྐབས་པ་འདོད་པ་དང་། གཟུགས་ན་སྤྱོད་པ་དང་ཐུན་མོང་མ་ཡིན་པ་བསྟན་པའི་ཕྱིར། ཡང་གཟུགས་མེད་པའི་ཁམས་སུ་སྐྱེས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདིས་ནི་འདི་སྟོན་པར་བྱེད་དེ་གཟུགས་མེད་པར་སྤྱོད་པ་རྣམས་ལ་གློ་བུར་དུ་འདོད་ཆགས་ལ་སོགས་པ་དང་དད་ པ་ལ་སོགས་པ་སྐྱེ་བ་དེ་དག་ས་བོན་གཟུགས་ན་སྤྱོད་པའི་སེམས་ཉོན་མོངས་པ་ཅན་ཐོག་མ་མེད་པའི་འཁོར་བ་ནས་ཉེ་བར་བསྩགས་པ་སྔོན་དུ་འགྲོ་བ་ཅན་ཡིན་པར་ནི་མི་འཐད་དེ་འདས་པ་ནི་མེད་པའི་ཕྱིར་རོ། །ས་བོན་རང་མཚུངས་པར་ལྡན་པའི་སེམས་སྔོན་དུ་འགྲོ་བ་ཅན་ཡང་མ་ཡིན་ཏེ། རྒྱུ་དང་ འབྲས་བུ་དུས་མཉམ་པ་ཁས་མི་ལེན་པའི་ཕྱིར་དང་དགྲ་བཅོམ་པའི་སེམས་ཀྱང་ཉོན་མོངས་པ་ཅན་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །མིག་ལ་སོགས་པ་རྣམ་པར་ཤེས་པ་དེའི་ས་བོན་ཡང་མ་ཡིན་ཏེ། དེ་དག་ནི་གཟུགས་མེད་པའི་ཁམས་ན་མེད་པའི་ཕྱིར་རོ། །ས་བོན་ཡིད་ཀྱི་རྣམ་པར་ ཤེས་པ་ལུང་དུ་མ་བསྟན་པ་འགགས་མ་ཐག་པ་ཅན་ཡང་མ་ཡིན་ཏེ། ལུང་དུ་མ་བསྟན་པ་དེ་ནི་གང་གིས་ན་འདོད་ཆགས་ལ་སོགས་པའམ་དད་པ་ལ་སོགས་པ་དེའི་ས་བོན་ཅན་དུ་འགྱུར་བ་ཉོན་མོངས་པ་ཅན་དང་དགེ་བ་དག་གིས་ལྷན་ཅིག་སྐྱེ་བ་དང་འགག་ པས་བསྒོས་པ་ཡིན་ནོ། །ལུང་དུ་མ་བསྟན་པ་དེ་ཆོས་ཉིད་ཀྱི་ས་བོན་དང་བཅས་པ་མ་ཡིན་ཏེ། རིགས་གཅིག་པའི་རྒྱུན་ཆགས་པ་མེད་པའི་ཕྱིར་རོ། །ཡིད་ཀྱི་རྣམ་པར་ཤེས་པ་ལུང་དུ་མ་བསྟན་པ་དེ་ནི་འཁོར་བ་ཐོག་མ་མེད་པ་ནས་རྒྱུན་ཆགས་པ་མ་ཡིན་ཏེ། འདོད་པ་དང་གཟུགས་ ན་སྤྱོད་པའི་ཡིད་ཀྱི་རྣམ་པར་ཤེས་པ་ཉོན་མོངས་པ་ཅན་དགེ་བ་ལ་སོགས་པ་དུ་མ་དང་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་རྟེན་གྱི་ཁྱད་པར་ཐ་དད་པ་ཅན་དག་གིས་བར་དུ་ཆོད་པའི་ཕྱིར་རོ། །དེས་ན་ས་བོན་དེ་རྣམ་པར་འཆད་པའི་ཕྱིར་ས་བོན་དེ་སྔོན་དུ་འགྲོ་བ་ཅན་མ་ཡིན་ནོ། །ས་ བོན་མེད་པར་སྐྱེ་བར་ཁས་བླངས་པར་ཡང་མི་ནུས་ཏེ། དགྲ་བཅོམ་པའི་སེམས་ཀྱང་ཉོན་མོངས་པ་ཅན་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་བས་ན་འདིའི་རྒྱུའི་རྐྱེན་མེད་པར་རབ་ཏུ་བསྟན་ཏོ། །འདི་གཟུགས་ཅན་གྱི་ཁམས་སུ་ཡང་བརྗོད་པར་བྱ་བ་མ་ཡིན་ནམ་ཞེ་ན། དེ་ནི་མ་ཡིན་ཏེ་དེར་ནི་ གལ་ཏེ་ན་དབང་པོ་གཟུགས་ཅན་རྟེན་དང་བཅས་པ་ལ་ས་བོན་ཉིད་དུ་བརྟེན་པར་སེམས་པས་ཉེ་བར་བཀོད་དོ། །གཞན་ཡང་དགེ་བ་དང་ཉོན་མོངས་པ་ཅན་དུ་བྱུང་བ་དེ་དག་རྟེན་མེད་པར་ཡང་འགྱུར་ཏེ། ཁམས་གང་ན་ཡང་རྣམ་པར་སྨིན་པའི་འབྲས་བུའི་རྒྱུན་ལ་མ་བརྟེན་པར་ཉོན་ མོངས་པ་ཅན་དང་དགེ་བའི་སེམས་དུས་མཉམ་དུ་འབྱུང་བ་ནི་མཐོང་ངོ་། །སྐྱེ་བའི་ཀུན་ནས་ཉོན་མོངས་པའི་སྐབས་ཡིན་པའི་ཕྱིར་འདི་སྐབས་སུ་མ་བབ་པར་བརྗོད་པ་མ་ཡིན་ནམ་ཞེ་ན། འདི་ནི་སྐབས་སུ་མ་བབ་པ་མ་ཡིན་ཏེ། དེ་ལྟ་བས་ན་ཉོན་མོངས་པ་ཅན་དང་དགེ་བའི་སེམས་ཀྱི་ས་བོན་གྱི་ གནས་དང་རྟེན་དུ་གྱུར་པ་སྐྱེ་བར་བསྡུས་པ་རྣམ་པར་སྨིན་པ་ཞེས་བྱ་བ་ནི་ཀུན་གཞིའི་རྣམ་པར་ཤེས་པ་ཁས་བླང་བར་བྱའོ་སྙམ་དུ་དགོངས་པ་ཡིན་ནོ། །དེ་ཉིད་ན་ཞེས་བྱ་བ་ལ་སོགས་པ་འདིས་ཀྱང་འདི་སྟོན་ཏེ་འཇིག་རྟེན་པའི་འཇུག་པའི་རྣམ་པར་ཤེས་པ་དང་འགལ་བར་ལམ་གྱི་བདེན་པ་ མངོན་དུ་བྱེད་པ། གལ་ཏེ་ཀུན་གཞིའི་རྣམ་པར་ཤེས་པ་རྒྱུན་ཆགས་པར་འབྱུང་བ་ཁས་མི་ལེན་ན། དེས་ན་གཟུགས་མེད་པ་ན་སྤྱོད་པའི་འཕགས་པའི་འཇིག་རྟེན་ལས་འདས་པ་ལམ་ལ་སྙོམས་པར་ཞུགས་པ་རྣམས་ཀྱི་འགྲོ་བ་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་མཚན་ ཉིད་ལོག་པ་ཁོ་ནར་འགྱུར་བ་ཞིག་ན། བག་ལ་ཉལ་བའི་ལྷག་མ་དང་བཅས་པའམ་ཕུང་པོ་མེད་པའི་མྱ་ངན་ལས་འདས་པས་ཡོངས་སུ་མྱ་ངན་ལས་འདས་པའི་འགྲོ་བ་ནི་ལྡོག་པར་ཡང་ཁས་མི་ལེན་ཏོ། །མདོ་སྡེ་པ་ལ་འགྲོ་བར་ཡོངས་སུ་རྟག་པའི་རྒྱུ་ལྡན་པ་མ་ཡིན་ པའི་སྲོག་དང་རིས་སུ་མཐུན་པ་ལ་སོགས་པ་ཡང་ཡོད་པ་མ་ཡིན་ནོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པས་གསུམ་ན་ནི། རང་གི་ས་པའི་འཕགས་པའི་ལམ་ཡོད་པ་སྲིད་དོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ན་ནི་འདུ་ཤེས་ཞན་པའི་ ཕྱིར་རང་གི་ས་པའི་འཕགས་པའི་ལམ་མེད་དེ། དེའི་ཕྱིར་ས་གསུམ་དང་མི་མཐུན་པས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལོགས་ཤིག་ཏུ་དཔྱད་པར། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །འདིས་ནི་འདི་སྟོན་ཏེ་སྲིད་ པའི་རྩེ་མོར་སྐྱེས་པ་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་ལམ་མངོན་དུ་བྱེད་པ་ན། རེ་ཞིག་ཅི་ཡང་མེད་པའི་སྐྱེ་མཆེད་ནི་འགྲོ་བའི་རྟེན་མ་ཡིན་ཏེ། དེ་ལས་འདོད་ཆགས་དང་བྲལ་བའི་ཕྱིར་རོ། །སྲིད་པའི་རྩེ་མོ་ཡང་འགྲོ་བའི་རྟེན་མ་ཡིན་ཏེ་དེའི་ས་པའི་སེམས་དང་སེམས་ ལས་བྱུང་བ་མེད་པའི་ཕྱིར་རོ། །འགྲོ་བའི་རྟེན་མེད་པར་ནི་སེམས་ཅན་འགའ་ཡང་གནས་པར་མ་གྲགས་སོ། །འཕགས་པའི་ལམ་དེ་ཉིད་ཀྱང་འགྲོ་བ་མ་ཡིན་ཏེ་འགྲོ་བའི་གཉེན་པོ་ཡིན་པའི་ཕྱིར་རོ། །འོན་ཏེ་གལ་ཏེ་མྱ་ངན་ལས་འདས་པའི་རྟེན་ ཡིན་ནོ་སྙམ་ན། དེའི་ཕྱིར། མྱ་ངན་ལས་འདས་པའི་འགྲོ་བ་ཡང་ཞེས་བྱ་བ་སྨོས་ཏེ་འགྲོ་བ་ཞེས་བྱ་བའི་སྒྲ་ནི་འདིར་ངོ་བོ་ཉིད་ཡིན་ནོ། །ཡང་ཅིའི་ཕྱིར་མྱ་ངན་ལས་འདས་པ་རྟེན་མ་ཡིན་ཞེ་ན་མྱ་ངན་ལས་འདས་པ་ནི་རྣམ་པ་གཉིས་ཏེ། ཕུང་པོའི་ལྷག་མ་དང་བཅས་ པ་དང་ཕུང་པོའི་ལྷག་མ་མེད་པའོ། །འདི་གཉི་ག་ཡང་མི་སྲིད་པའི་ཕྱིར་རྟེན་དུ་རུང་བ་མ་ཡིན་ནོ། །འཕགས་པའི་ལམ་གྱི་སྐད་ཅིག་མ་དང་པོ་ཁོ་ན་ལ་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་ནི་མ་ཡིན་ཏེ། ཕྲ་རྒྱས་ལྷག་མ་དང་བཅས་པའི་ཕྱིར་རོ། ། ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཡང་མ་ཡིན་ཏེ་གསོན་པོའི་གནས་སྐབས་ཡིན་པའི་ཕྱིར་རོ། །ཡང་ན་མྱ་ངན་ལས་འདས་པ་ནི་ཉོན་མོངས་པ་དང་སྐྱེ་བ་མི་སྐྱེ་བ་ཙམ་ཡིན་ན་མི་སྐྱེ་བ་ཡང་མེད་པ་ཡིན་པས་མེད་པ་ནི་གང་གི་ཡང་རྟེན་ཡིན་པར་མ་མཐོང་ངོ་། །དེ་ལྟ་བས་ན་ འགྲོ་བར་བསྡུས་པ་འཕགས་པའི་ལམ་གྱི་རྟེན་དུ་འགྱུར་བ་གང་ཡིན་པ་ཀུན་གཞིའི་རྣམ་པར་ཤེས་པ་ཁས་བླང་བར་བྱའོ། །སྐྱེ་བའི་ཀུན་ནས་ཉོན་མོངས་པ་འཆི་འཕོའི་གནས་སྐབས་པའི་དབང་དུ་མཛད་ནས། ལེགས་པར་བྱ་བ་བྱེད་པའམ་ཉེས་པར་བྱ་བ་བྱེད་པ་འཆི་འཕོ་བ་ན་ ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྨད་དམ་སྟོད་ནས་ཞེས་བྱ་བ་འདིས་ནི་འཆི་བ་ན་ལེགས་པར་བྱ་བ་བྱེད་པའི་ལུས་ནི་རྐང་མཐིལ་ནས་བཟུང་སྟེ། རིམ་གྱིས་དྲོད་ཡལ་བར་འགྱུར་ལ། ཉེས་པར་བྱ་བ་བྱེད་པའི་ནི་སྤྱི་བོ་ནས་བཟུང་སྟེ། རིམ་གྱིས་དྲོད་ཡལ་བར་འགྱུར་རོ་ཞེས་བྱ་བ་ དེ་སྟོན་པར་བྱེད་དོ། །དེ་ལྟར་རྣམ་པར་ཤེས་པས་རིམ་གྱིས་ལུས་ཡོངས་སུ་འདོར་བར་ཁས་བླངས་པ་དེ་ལ་རྣམ་པར་ཤེས་པ་གང་གིས་ཞེས་བྱ་བ་དཔྱད་པར་བྱ་བའོ། །དེ་ལ་རེ་ཞིག་ལུས་ཀྱི་རྣམ་པར་ཤེས་པས་ནི་མ་ཡིན་ཏེ་མ་ཤིའི་བར་གནས་སྐབས་ཀྱི་ཡན་ལག་གང་དང་གང་གིས་ ལུས་ཀྱི་རྣམ་པར་ཤེས་པ་མི་སྐྱེ་བའི་ཡན་ལག་དེ་དང་དེ་ལུས་ཀྱི་རྣམ་པར་ཤེས་པས་ཡོངས་སུ་བོར་བའི་ཕྱིར། དབང་པོ་འགགས་ན་དྲོད་ཡལ་བ་ཉིད་དུ་ཐལ་བར་འགྱུར་དུ་འོང་བས་སོ། །དེ་བཞིན་དུ་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ཡང་བརྗོད་པར་བྱའོ། །ཡིད་ཀྱི་རྣམ་ པར་ཤེས་པས་ཀྱང་མ་ཡིན་ཏེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལུས་ལ་བརྟེན་པ་མ་ཡིན་ཏེ་ཡིད་ལ་བརྟེན་པའི་ཕྱིར་རོ། །ལུས་ཀྱང་དེ་ལ་བརྟེན་པ་མ་ཡིན་ཏེ་དེའི་འབྲས་བུ་མ་ཡིན་པའི་ཕྱིར་རོ། །རང་གི་རྟེན་ལ་མི་སྐྱེ་བའམ་རང་གི་འབྲས་བུ་མི་བྱེད་ན་ཡོངས་སུ་འདོར་བ་ཞེས་བྱ་ན་དེ་གཉི་ག་ ཡང་ཡིད་ཀྱི་རྣམ་པར་ཤེས་པ་དང་ལུས་སུ་ལྷན་ཅིག་མི་སྲིད་དོ། །འོན་ཏེ་ཡོད་པ་ཙམ་གྱིས་ཡོངས་སུ་མི་འདོར་བ་ཡིན་ལ། མེད་པས་ནི་ཡོངས་སུ་འདོར་རོ་སྙམ་དུ་སེམས་ན། དེ་ཡང་རིགས་པ་མ་ཡིན་ཏེ་སྲོག་ཐ་མ་ཆད་པ་ཚུན་ཆད་རྟག་ཏུ་ཡིད་ཀྱི་རྣམ་པར་ཤེས་པ་ཡོད་པས་རིམ་གྱིས་ལུས་ ཡོངས་སུ་འདོར་བ་མེད་པར་ཐལ་བར་གྱུར་བའི་ཕྱིར་རོ། །དེ་ནི་གང་གིས་ན་ལུས་ཐམས་ཅད་ལ་ཁྱབ་པར་གནས་ལ་ཕྱིས་རིམ་གྱིས་ཞུམ་པའམ་ཆ་ཤས་ཀྱིས་འགག་པ་ན་རིམ་ཁོ་ནས་རང་གི་ཡན་ལག་རྣམས་མེད་པའི་ལུས་ཀྱི་ཕྱོགས་དེ་ཡོངས་སུ་འདོར་བར་འགྱུར་བ་ཡན་ལག་དང་ བཅས་པ་ཡང་མ་ཡིན་ནོ། །གཞན་ཡང་ཡིད་ཀྱི་རྣམ་པར་ཤེས་པ་ནི་རྟག་ཏུ་ཡོད་པའི་ཕྱིར་དེའི་དབང་གིས་ལུས་ཡོངས་སུ་མི་འདོར་བའམ་ཡོངས་སུ་འདོར་བར་རུང་བ་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་སེམས་མེད་པའི་གཉིད་ལ་སོགས་པའི་གནས་སྐབས་དང་དབང་པོ་གཞན་གྱི་རྣམ་པར་ ཤེས་པ་ཀུན་དུ་འབྱུང་བའི་གནས་ན་འཆི་བར་ཐལ་བར་འགྱུར་ཏེ་དེ་མེད་པའི་ཕྱིར་རོ། །འོན་ཏེ་ལས་ཀྱི་འཕེན་པ་རིམ་གྱིས་ཟད་པའི་ཕྱིར་རིམ་གྱིས་དབང་པོ་རྣམས་འགག་གོ་སྙམ་དུ་སེམས་ན། དེ་ཉིད་དཔྱད་པར་བྱ་སྟེ། ཅི་རྣམ་པར་ཤེས་པས་རང་གིར་མ་བྱས་པའི་དབང་པོ་ ཁོ་ན་དུས་རེ་ཞིག་ཅིག་གནས་ནས་རང་ཉིད་ལས་ཀྱི་མཐུ་ཟད་ནས་འགག་པར་འགྱུར་བ་ཞིག་གམ། འོན་ཏེ་རྣམ་པར་ཤེས་པས་རང་གིར་བྱས་པ་དུས་རེ་ཞིག་ཅིག་གནས་ནས་ལས་ཀྱི་མཐུ་ཟད་ནས་རྣམ་པར་ཤེས་པས་ཡོངས་སུ་འདོར་བ་ན་འགག་པར་འགྱུར་བ་ཞིག་ཡིན། གལ་ཏེ་རྟོག་པ་ དང་པོ་ཡིན་ན་དེ་ནི་གྲགས་པ་མ་ཡིན་ཏེ། བརྒྱལ་བ་ལ་སོགས་པའི་གནས་སྐབས་ན་ཡང་སེམས་ཁས་ལེན་པའི་བྱིང་རྣམ་པར་ཤེས་པ་མེད་པའི་དབང་པོ་ནི་གང་དུ་ཡང་མ་གྲགས་སོ། །ཚེ་དང་དྲོད་དང་རྣམ་ཤེས་ཀྱིས། །ཞེས་བྱ་བ་ལ་སོགས་པའི་མདོ་དང་ཡང་འགལ་བར་འགྱུར་ཏེ། དེ་ལས་ ནི་རྣམ་པར་ཤེས་པས་ཡོངས་སུ་བོར་བས་དབང་པོ་རྣམས་མི་གནས་པར་གསུངས་སོ། །འོན་ཏེ་རྟོག་པ་གཉིས་པ་ཡིན་ནོ་ཞེ་ན། དེ་ཉིད་རྣམ་པར་ཤེས་པ་གང་གིས་ཡོངས་སུ་བོར་ན་འགག་པར་འགྱུར་ཞེས་དཔྱད་ན་རྣམ་པ་ཐམས་ཅད་དུ་འཇུག་པའི་རྣམ་པར་ཤེས་པ་དག་གིས་དེ་རུང་བ་མ་ཡིན་ནོ། ། ཡང་ཀུན་གཞིའི་རྣམ་པར་ཤེས་པ་ཡོད་ན་ཇི་ལྟར་རུང་ཞེ་ན། དེ་ལ་ནི་དབང་པོ་ཐམས་ཅད་བརྟེན་ཏོ། །དེའི་ཕྱིར་དབང་པོའི་ཕྱོགས་གང་དང་གང་ཞིག་ལས་ཀྱི་འཕན་པ་ཡོངས་སུ་ཟད་པས་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་དེ་སྐྱེ་བ་དང་མི་མཐུན་པར་འགྱུར་བའི་ས་ཕྱོགས་དེ་དང་དེའི་དབང་ པོ་འགགས་པས་དྲོད་ཡལ་བ་ཉིད་ཡིན་ནོ། །རིམ་པ་འདིས་ན་དབང་པོ་མ་ལུས་པར་ཡོངས་སུ་བོར་བས་ལུས་རིལ་དྲོད་ཡལ་བའི་བར་དུ་འགྱུར་བས་དེ་ལྟར་ན་རུང་སྟེ། འདི་ནི་རེ་ཞིག་ཕྱི་རོལ་གྱི་དོན་ཁས་བླངས་པའི་ཚུལ་ཅན་ནོ། །ཤེས་བྱ་ནང་གི་ཡིན་པར་ལྟ་བ་ལ་ནི་གང་གི་ཚེ་ཀུན་གཞིའི་རྣམ་པར་ཤེས་པ་ ལུས་མཐའ་དག་དུ་སྣང་བར་སྐྱེ་བ་དེའི་ཚེ་ལུས་ཐམས་ཅད་ཟིན་པ་ཡིན་ལ། གང་གི་ཚེ་ལུས་ཀྱི་ཕྱོགས་ལ་ལ་ནི་བདག་ཏུ། ལ་ལ་ནི་ཕྱི་རོལ་གྱི་རྣམ་པར་སྣང་བ་དེའི་ཚེ་གང་ཞིག་བདག་ཏུ་སྣང་བའི་རྣམ་པ་ཅན་དེ་ནི་ཟིན་པ་ཡིན་ལ། ཕྱི་རོལ་གྱི་རྣམ་པ་ཅན་ནི་མ་ཟིན་པའི་ཕྱིར་དྲོད་ཡལ་བ་ཡིན་ཏེ། དེ་ཡང་གནས་ པའི་སྐབས་སུ་འཛིན་པར་བྱེད་པའི་སྐབས་ཁོ་ནར་བསྟན་ཟིན་ཏོ། །ཉོན་མོངས་པ་ཀུན་ནས་ཉོན་མོངས་པ་ལ་སོགས་པ་དཔྱད་པ་ཁོ་ནས་ས་བོན་མེད་པའི་ཕྱིར་གཟུགས་ན་སྤྱོད་པའི་ཉོན་མོངས་པ་དང་དགེ་བའི་སེམས་མི་འཐད་པར་ཤུགས་ཀྱིས་བཤད་ཟིན་པ་ཉིད་དོ། །ཡང་རྣམ་པར་བྱང་བའི་སྐབས་ཀྱིས་བསྟན་པར་ བྱ་བ་ཡིན་པས། ཇི་ལྟར་ན་འཇིག་རྟེན་པའི་ཞེས་བྱ་བ་ལ་སོགས་པས་འཇིག་རྟེན་པའི་རྣམ་པར་བྱང་བ་སྟོན་ཏོ། །འདོད་པ་ལས་འདོད་ཆགས་དང་མ་བྲལ་བ་གལ་ཏེ་ན་ཉེར་བསྡོགས་ཐོབ་པ་ཡིན་ནོ་སྙམ་པ་ལ་གཟུགས་ན་སྤྱོད་པའི་སེམས་མ་ཐོབ་པ་ཞེས་བྱ་བ་སྨོས་སོ། །འདོད་པ་ན་སྤྱོད་པའི་དགེ་ བའི་ཞེས་བྱ་བ་ནི་ཐོས་པ་ལས་བྱུང་བ་དང་བསམས་པ་ལས་བྱུང་བ་དག་གིས་སོ། །སྦྱོར་བ་ལས་བྱུང་བའི་སེམས་ཞེས་བྱ་བ་ནི་བསམས་པ་ལས་བྱུང་བ་རབ་ཀྱི་ཐ་མ་ལ་གནས་པ་དེ་གང་གིས་མཇུག་ཐོགས་སུ་གཟུགས་ན་སྤྱོད་པའི་སྦྱོར་བ་ལས་བྱུང་བ་སྐྱེ་བའོ། །ད་ནི་གཟུགས་ན་སྤྱོད་པའི་སེམས་ཀྱི་ས་ བོན་དུ་མི་རུང་སྟེ། ཇི་ལྟར་བསྟན་པའི་ཚུལ་གྱིས་ན་ས་བོན་ཡོངས་སུ་འཛིན་པར་མི་རུང་བའི་ཕྱིར་རོ། །འོན་ཏེ་གཟུགས་ན་སྤྱོད་པའི་སེམས་འཁོར་བ་ཐོག་མ་མེད་པ་ནས་འདྲིས་པ་གང་ཡིན་པ་དེ་ས་བོན་ཡིན་ནོ་སྙམ་དུ་སེམས་ན། གཟུགས་ན་སྤྱོད་པའི་སེམས་ཚེ་རབས་དུ་མར་འདོད་པ་ན་ སྤྱོད་པའི་སེམས་ཚེ་རབས་དུ་མས་བར་དུ་ཆོད་པ་དེ་ནི་འདས་པ་ཉིད་ཀྱིས་མེད་པའི་ཕྱིར་ས་བོན་དུ་རུང་བ་མ་ཡིན་ནོ། །ཀུན་གཞིའི་རྣམ་པར་ཤེས་པའི་ཕྱོགས་ལ་ནི་གཟུགས་ན་སྤྱོད་པའི་སེམས་ཀྱི་ས་བོན་འཁོར་བ་ཐོག་མ་མེད་པ་ནས་ཆོས་ཉིད་ཀྱིས་གནས་པའམ་བསྐྱེད་པའང་རུང་རྣམ་ པར་བར་མ་ཆད་པར་བརྒྱུད་དེ་འོངས་པ་རྣམ་པར་སྨིན་པར་གྱུར་པ་གཟུགས་ན་སྤྱོད་པའི་སྐལ་བ་མཉམ་པའི་རྒྱུ་ཡིན་པའི་ཕྱིར། རྒྱུའི་རྐྱེན་ཡིན་ལ་འདོད་པ་ན་སྤྱོད་པའི་སྦྱོར་བ་ལས་བྱུང་བའི་ས་བོན་དེ་ཡོངས་སུ་གསོ་བར་བྱེད་པ་ཡིན་པའི་ཕྱིར་དང་། མ་བསྒྲིབས་པའི་ངོ་བོ་ཡིན་པའི་ཕྱིར་ བདག་པོའི་རྐྱེན་ཡིན་ནོ། །ཡང་ཅིའི་ཕྱིར་འདོད་པ་ན་སྤྱོད་པ་མཚུངས་པ་དེ་མ་ཐག་པའི་རྐྱེན་ཉིད་དུ་ཡང་བརྗོད་པར་མི་བྱ་སྟེ། འདི་ལྟར་དེ་ནི་འགགས་མ་ཐག་པ་ཡིན་ནོ་ཞེ་ན། མ་ཁྱབ་པའི་ཕྱིར་བརྗོད་པར་མི་བྱ་སྟེ། འདི་ལྟར་འགགས་མ་ཐག་པ་གང་ཡིན་པ་དེ་ཁོ་ན་མཚུངས་པ་དེ་མ་ཐག་པའི་ རྐྱེན་ཡིན་གྱི་གཞན་ནི་མ་ཡིན་ནོ། །བདག་པོའི་རྐྱེན་ནི་རྩོལ་བ་ནས་བཟུང་སྟེ་ཐོས་པ་ལས་བྱུང་བ་ལ་སོགས་པའི་སེམས་ཐམས་ཅད་ཡིན་ཏེ། འདི་ལྟར་དེ་དག་གིས་རིམ་གྱིས་ས་བོན་ཡོངས་སུ་གསོ་བར་བྱེད་པ་ན་མཇུག་ཏུ་གཟུགས་ན་སྤྱོད་པའི་སེམས་བར་ཆད་མེད་པར་འབྱུང་ངོ་། ། དེ་བཞིན་དུ་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སྙོམས་པར་འཇུག་པའི་ས་བསམ་གཏན་གཉིས་པ་ལ་སོགས་པ་ཐམས་ཅད་ལ་ཡང་ཅི་རིགས་སུ་སྦྱར་བར་བྱའོ། །འཇིག་རྟེན་ལས་འདས་པའི་རྣམ་པར་བྱང་བ་དང་པོའི་དབང་དུ་མཛད་ནས། ཅི་ལྟར་འཇིག་རྟེན་ལས་འདས་པའི་ཞེས་བྱ་བ་ལ་ སོགས་པ་སྨོས་ཏེ། གཞན་གྱི་སྒྲ་ཞེས་བྱ་བ་ནི་སངས་རྒྱས་དང་དེའི་ཉན་ཐོས་ལ་སོགས་པ་ཆོས་བསྟན་པའོ། །སོ་སོ་རང་གི་ཞེས་བྱ་བ་ནི་རྣ་བའི་རྣམ་པར་ཤེས་པས་ཚིག་ངེས་པར་བཟུང་ནས་དེའི་རྗེས་ལ་ཐོབ་པ་རྗོད་པ་དང་བརྗོད་པར་བྱ་བའི་རྣམ་པ་ཕྱིན་ཅི་མ་ལོག་པའི་བདག་ཉིད་དུ་ཡོངས་སུ་གཅོད་ པར་བྱེད་པ་ཉེ་བར་རྟོག་པའི་རྣམ་པར་ཞུགས་པའི་རྣམ་པར་ཤེས་པ་ནི་རིགས་པ་དང་ལྡན་པའི་ཡིད་ལ་བྱེད་པ་གཙོར་འགྱུར་བའི་ཕྱིར་སོ་སོ་རང་གི་ཚུལ་བཞིན་ཡིད་ལ་བྱེད་པ་ཞེས་བྱའོ། །དེའི་རྒྱུ་ལས་ཡང་དག་པའི་ལྟ་བ་འབྱུང་ངོ་ཞེས་བྱ་བ་ནི་ཟག་པ་མེད་པའི་ཤེས་པ་ཐམས་ཅད་ཀྱི་དང་པོའོ། །གཞན་གྱི་སྒྲ་ལས་ཡིད་ ལ་བྱེད་པ་དེས་ཞེས་བྱ་བ་ལ་སོགས་པས་ནི་དེ་ཡང་ཇི་ལྟར་གཞན་གྱི་ལྟ་བ་ལ་རྒྱུ་དང་བདག་པོའི་རྐྱེན་མེད་པས་མི་སྐྱེ་བ་དེ་སྟོན་པར་བྱེད་དེ། དེ་ལ་ཇི་རེ་ཞིག་བདག་པོའི་རྐྱེན་ཆོས་ཀྱི་མཆོག་ཅེས་བྱ་བ་སེམས་ཀྱི་རབ་ཏུ་གྱུར་པ་དེ་མེད་པར་སྟོན་པར་བྱེད་དོ། །དེ་ལ་སོ་སོ་རང་གི་ཚུལ་བཞིན་ ཡིད་ལ་བྱེད་པ་དེས་རྣ་བའི་རྣམ་པར་ཤེས་པ་འབའ་ཞིག་གམ་ཡིད་ཀྱི་རྣམ་པར་ཤེས་པ་འབའ་ཞིག་གཉི་ག་འདུས་པ་ལ་བག་ཆགས་བསྒོ་བར་འགྱུར་གྲང་། སྔ་མ་གཉིས་ལ་མི་འཐད་ན་གཉི་ག་ཡང་བསྒོ་བར་བྱ་བ་ཉིད་དུ་མི་འཐད་པར་བསྟན་པར་འགྱུར་བས་སྔ་མ་གཉིས་ཁོ་ན་བསྟན་པར་དེ་ལ་ཆོས་དེ་དག་ ཅེས་བྱ་བ་ལ་སོགས་པ་སྨོས་སོ། །རེ་ཞིག་རྣ་བའི་རྣམ་པར་ཤེས་པ་ནི་མེད་པའི་ཕྱིར་སྒོ་བར་མི་བྱེད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་ཡང་ཚུལ་བཞིན་ཡིད་ལ་བྱེད་པ་དང་མཚུངས་པར་ལྡན་པ་གང་ཡིན་པ་དེ་ཚུལ་བཞིན་ཡིད་ལ་བྱེད་པ་དེ་དང་ལྷན་ཅིག་སྐྱེ་བ་དང་འགག་པས་སྒོ་བར་བྱེད་མོད་ཀྱི་འོན་ཀྱང་རང་གི་ རིགས་དང་མཐུན་པའི་འབྲས་བུ་བསྐྱེད་པར་ནུས་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེའི་མཇུག་ཐོགས་སུ་ཆོས་ཀྱི་མཆོག་སྐྱེ་བ་ནི་མ་ཡིན་ཏེ། ཆོས་ཀྱི་མཆོག་རྣམས་ནི་དུས་རིང་མོ་ཞིག་ཏུ་མངོན་དུ་བྱ་བ་ཡིན་པའི་ཕྱིར་རོ། །གང་ཞིག་མྱུར་དུ་ཐར་པ་དེ་ཡང་ཚེ་གཅིག་ཏུ་ཐར་པའི་ཆ་དང་མཐུན་པ་ ཐོས་པ་ལས་བྱུང་བ་གོམས་པར་བྱས་པས་ཡིན་ནོ། །དེ་ལྟ་བས་ན་ཚུལ་བཞིན་ཡིད་ལ་བྱེད་པ་དང་མཚུངས་པར་ལྡན་པའི་ཡིད་ཀྱི་རྣམ་པར་ཤེས་པ་སྒྲ་ལ་དམིགས་པ་དེ་ནི། དེ་ལས་གཞན་པའི་རྣམ་པར་ཤེས་པ་རྣམ་པར་གཡེང་བ་ཉོན་མོངས་པ་ཅན་དང་ལུང་དུ་མ་བསྟན་པ་དག་གིས་ཡུན་རིང་མོ་ཞིག་བར་དུ་ ཆོད་དོ། །ཚུལ་བཞིན་ཡིད་ལ་བྱེད་པ་དང་མཚུངས་པར་ལྡན་པའི་སེམས་ཞེས་བྱ་བ་ནི་ཆོས་ཀྱི་མཆོག་ཅེས་བྱ་བའི་སེམས་གང་ཡིན་པ་དེ་ཞེས་བྱ་བའི་དོན་ཏོ། །འདིས་ནི་སྟོན་ཏེ་འཇིག་རྟེན་ལས་འདས་པའི་ཡང་དག་པའི་ལྟ་བའི་བདག་པོའི་རྐྱེན་གྱི་ཆོས་ཀྱི་མཆོག་ཅེས་བྱ་བའི་སེམས་ཡིན་ལ། དེའི་ཡང་ས་བོན་ནི་གཞན་ གྱི་ལྟ་བས་སྒྲ་ཡིད་ལ་བྱེད་པ་དང་མཚུངས་པར་ལྡན་པའི་སེམས་ཡིན་ནོ། །གལ་ཏེ་ས་བོན་ཉིད་དུ་རྟོག་ན་དེ་ནི་རུང་བ་མ་ཡིན་ཏེ། འགགས་ནས་ཡུན་རིང་དུ་ལོན་པའི་ཕྱིར་རོ། །དེའི་ཕྱིར་བདག་པོའི་རྐྱེན་ས་བོན་མེད་པར་ཅི་ལྟར་རུང་བར་འགྱུར། བདག་པོའི་རྐྱེན་མེད་པའི་ཕྱིར་ཡང་དག་པའི་ལྟ་བ་ཡང་མེད་དེ་དེ་ལྟར་ རེ་ཞིག་བདག་པོའི་རྐྱེན་མེད་པར་བཤད་པ་ཡིན་ནོ། །རྒྱུའི་རྐྱེན་ཡང་མེད་པར་བསྟན་པའི་ཕྱིར། གང་ཡང་ཚུལ་བཞིན་ཡིད་ལ་བྱེད་པ་དང་མཚུངས་པར་ལྡན་པའི་འཇིག་རྟེན་པའི་སེམས་དེ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་ཚུལ་བཞིན་ཡིད་ལ་བྱེད་པ་དང་མཚུངས་པར་ལྡན་པའི་འཇིག་རྟེན་ པའི་སེམས་ཆོས་ཀྱི་མཆོག་ཅེས་བྱ་བ་དེ་ནི་ས་བོན་ཡོངས་སུ་འཛིན་པར་མི་རུང་བས་འཇིག་རྟེན་ལས་འདས་པའི་སེམས་ཀྱི་བག་ཆགས་མ་བསྒོས་པའི་ཕྱིར་དེའི་ས་བོན་མ་ཡིན་པས་འཇིག་རྟེན་ལས་འདས་པའི་སེམས་ཀྱི་ས་བོན་མེད་པའི་ཕྱིར་རྒྱུའི་རྐྱེན་མེད་དོ། །གལ་ཏེ་ཡང་ཐོས་པའི་བག་ཆགས་ སྒྲ་ཡིད་ལ་བྱེད་པས་བསྐྱེད་པ་བརྒྱུད་ནས་ཆོས་ཀྱི་མཆོག་རྣམས་ལ་འོངས་པ་གང་ཡིན་པ་དེ་འཇིག་རྟེན་ལས་འདས་པའི་སེམས་ཀྱི་ས་བོན་དུ་འགྱུར་རོ་སྙམ་ན། དེ་ལ་ཐོས་པའི་བག་ཆགས་ཀྱི་ཞེས་བྱ་བ་ལ་སོགས་སྨོས་པ་ཐོས་པའི་བག་ཆགས་ནི་ཆོས་ཀྱི་མཆོག་དེ་ལ་འཇིག་རྟེན་ལས་འདས་པ་ དེའི་ཆེད་དུ་ས་བོན་ཉིད་དུ་ཡོངས་སུ་འཛིན་པར་རུང་བ་མ་ཡིན་ཏེ་ཇི་སྐད་སྔར་བསྟན་པ་བཞིན་ནོ། །དེ་ལྟ་བས་ན་འདིར་ཀུན་གཞིའི་རྣམ་པར་ཤེས་པའི་ཕྱོགས་ལ་རྒྱུ་དང་བདག་པོའི་རྐྱེན་དག་མ་ཚང་བ་མེད་པར་གཞན་ལ་བསྟན་པར་བྱ་དགོས་པར་བྱ་གནས་པ་དེ་བརྗོད་པར་བྱ་བ་ཉུང་བའི་ཕྱིར་དང་ རྒྱུའི་རྐྱེན་དཔྱད་པའི་སྐབས་འདས་མ་ཐག་པ་ཡིན་པའི་ཕྱིར་དང་གཞན་འདོད་པའི་ཀླན་ཀ་སྤང་བའི་སྒོ་ནས་ཀྱང་རེ་ཞིག་རྗེས་རྒྱུའི་རྐྱེན་ཁོ་ན་བསྟན་པར་བྱའོ། །དེ་ལ་རེ་ཞིག་གཞན་གྱི་ཀླན་ཀ་ནི་ཚུལ་བཞིན་ཡིད་ལ་བྱེད་པ་དང་མཚུངས་པར་ལྡན་པ་འཇིག་རྟེན་པའི་སེམས་ནི་འཇིག་རྟེན་ལས་འདས་ པའི་ས་བོན་དུ་མི་རུང་ངོ་ཞེས་བསྟན་པས། དོན་གྱིས་ན་དེའི་ས་བོན་ཀུན་གཞིའི་རྣམ་པར་ཤེས་པ་ཡིན་ནོ་ཞེས་ཁས་བླངས་པར་འགྱུར་རོ། །དེའི་ཕྱིར་ཇི་ལྟར་ཀུན་གཞིའི་རྣམ་པར་ཤེས་པ་ཀུན་ནས་ཉོན་མོངས་པའི་རྒྱུ་ཡིན་པ་རང་གི་གཉེན་པོའི་ས་བོན་དུ་རུང་སྟེ། དུག་ནི་བདུད་རྩིའི་ས་བོན་དུ་རུང་བ་མ་ ཡིན་ནོ་ཞེས་བྱ་བ་ཡིན་ནོ། །ཀླན་ཀ་གཞན་ཡང་ཚུལ་བཞིན་ཡིད་ལ་བྱེད་པ་དང་མཚུངས་པར་ལྡན་པ་འཇིག་རྟེན་པའི་སེམས་ནི་འཇིག་རྟེན་ལས་འདས་པའི་སེམས་དང་ལྷན་ཅིག་སྐྱེ་བ་དང་འགག་པ་མེད་པའི་ཕྱིར་དེའི་ས་བོན་དུ་མི་རུང་ངོ་ཞེས་བསྟན་པས་དོན་གྱིས་ན་ཀུན་གཞིའི་རྣམ་པར་ཤེས་པ་ནི་འཇིག་རྟེན་ལས་ འདས་པའི་སེམས་དང་ལྷན་ཅིག་སྐྱེ་བ་དང་འགག་པར་རུང་བས་དེའི་ས་བོན་ཡིན་ནོ་ཞེས་བྱ་བར་ཁས་བླངས་པར་འགྱུར་རོ། །དེའི་ཕྱིར་ཇི་ལྟར་འཇིག་རྟེན་ལས་འདས་པའི་སེམས་འདྲིས་པ་མ་ཡིན་པ་ཀུན་གཞིའི་རྣམ་པར་ཤེས་པ་དང་། ལྷན་ཅིག་སྐྱེ་བ་དང་འགག་པའི་ཚུལ་གྱིས་རང་གི་ བདག་ཉིད་བསྐྱེད་པའི་ཕྱིར་བག་ཆགས་འཇོག་པར་འགྱུར་ཞེས་བྱ་བ་ཡིན་ཏེ་ཀླན་ཀ་གཉི་ག་སྤང་བའི་ཕྱིར་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་ཆོས་ཀྱི་དབྱིངས་ནི་དེ་བཞིན་ཉིད་དོ། །དེ་ནི་རང་བཞིན་གྱིས་ཡོངས་སུ་དག་པ་ཡང་ཡིན་པས་གནས་སྐབས་རྣམ་པར་ དག་པ་ཉིད་ཀྱི་དབང་དུ་མཛད་ནས་ཤིན་ཏུ་རྣམ་པར་དག་པ་ཞེས་བྱ་བ་སྨོས་སོ། །དེ་ལ་ཡང་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་རྣམ་པར་དག་པ་ཡིན་ནོ། །དེ་བཞིན་གཤེགས་པ་རྣམས་ཀྱི་ནི་སྒྲིབ་པ་གཉི་ག་དང་བྲལ་བའི་ཕྱིར་ཤིན་ཏུ་རྣམ་པར་དག་པ་ཡིན་ནོ། །དེའི་ཕྱིར་དེ་བཞིན་ཉིད་ཤིན་ཏུ་རྣམ་ པར་དག་པ་ལ་དམིགས་པའི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་དེའི་རྗེས་ལ་ཐོབ་པ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཁ་ཅིག་གི་གཞུང་ལུགས་ཀྱིས་ནི་དམིགས་པའི་རྣམ་པ་དང་བྲལ་ལ་བྱེད་རྒྱུ་ཙམ་གྱི་དབང་གིས། ཁ་ཅིག་གི་གཞུང་ལུགས་ཀྱིས་ནི་གསུང་རབ་ཡན་ལག་བཅུ་གཉིས་ ཀྱི་རྣམ་པར་སྣང་བ་དང་ལྡན་ལ་རྣམ་པ་འདྲ་བའི་རྒྱུ་ཉིད་ཀྱི་དབང་གིས་གདུལ་བའི་རྒྱུད་དག་པ་རྣ་བའི་རྣམ་པར་ཤེས་པ་དང་དེའི་རྗེས་ལ་ཐོབ་པ་ཡིད་ཀྱི་རྣམ་པར་ཤེས་པ་ལ་གསུང་རབ་ཀྱི་རྣམ་པ་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་སྣང་བ་ནི་འདྲ་བས་བརྒྱུད་པའི་ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པ་ཞེས་ཀྱང་བྱ་ཐོས་པ་ཞེས་ཀྱང་ བྱའོ། །དེས་ཀུན་གཞིའི་རྣམ་པར་ཤེས་པ་ལ་བག་ཆགས་བཞག་པ་གང་ཡིན་པ་དེ་ནི་བསམས་པ་ལས་བྱུང་བའི་ས་བོན་ཡིན་ལ་དེ་ཡང་རིམ་གྱིས་དྲོ་བར་གྱུར་པའི་ས་བོན་ཡིན་པ་ནས་དེ་ཡང་ཆོས་ཀྱི་མཆོག་གི་བར་གྱི་ས་བོན་ཡིན་ཞིང་ཆོས་ཀྱི་མཆོག་གིས་གཞག་པའི་ས་བོན་ནི་འཇིག་རྟེན་ ལས་འདས་པ་ཡིན་ནོ། །ཟག་པ་དང་བཅས་པ་ཇི་ལྟར་ཟག་པ་མེད་པའི་ས་བོན་དུ་འགྱུར་བ་མ་ཡིན་ནམ་ཞེ་ན། འདི་ལ་ཁ་ཅིག་ན་རེ་སྔར་གཞན་གྱི་ལྟ་བ་ལ་བདག་པོའི་རྐྱེན་མེད་པར་བསྟན་པ་དེའི་གཉེན་པོར་རང་གི་ལྟ་བ་ལ་བདག་པོའི་རྐྱེན་རིམ་པ་འདིས་བསྟན་ཏེ། དེ་ལ་ཆོས་ཀྱི་མཆོག་ནི་ བྱེད་པ་པོ་ཡིན་པའི་ཕྱིར་དང་གོ་སྐབས་འབྱེད་པའི་རྒྱུ་ཡིན་པའི་ཕྱིར་བདག་པོའི་རྐྱེན་དང་མཚུངས་པ་དེ་མ་ཐག་པའི་རྐྱེན་ཡིན་ནོ། །དེས་བསྐྱེད་པའི་ས་བོན་ནི་བདག་པོའི་རྐྱེན་ཁོ་ན་ཡིན་ནོ། །དེ་བཞིན་ཉིད་ནི་དམིགས་པའི་རྐྱེན་ཏེ་དེ་ལྟར་ན་ཟག་པ་མེད་པའི་དང་པོ་ནི་རྐྱེན་གསུམ་གྱིས་ སྐྱེའོ། །དེ་ལྟར་བྱས་ན་དེ་བཞིན་ཉིད་དམིགས་པའི་རྐྱེན་གྱི་ས་བོན་ཅན་ནོ་ཞེས་བྱ་བ་དང་མཐུན་པར་བྱས་པ་ཡིན་ནོ་ཞེས་ཟེར་ཏེ། རྒྱུའི་རྐྱེན་མེད་དོ་སྙམ་དུ་བསམས་པའི་ཕྱིར་རོ། །གཞན་དག་ན་རེ་ཟག་པ་མེད་པའི་ས་བོན་ཆོས་ཉིད་ཀྱི་གནས་པ་ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པ་ཐོས་པའི་བག་ཆགས་ ཀྱི་རིམ་པས་ཡོངས་སུ་གསོ་བར་བྱ་བ་ཡིན་པར་བསྟན་ཏོ། །ཕྲ་བའི་ཕྱིར་དངོས་སུ་ལྷང་པོར་ནི་མ་བསྟན་ཏེ། འདུ་བྱེད་ཀྱི་རྐྱེན་བསྟན་པ་ལ་ཀུན་གཞིའི་རྣམ་པར་ཤེས་པ་བཞིན་ནོ། །དེ་ལྟ་བས་ན་རྐྱེན་བཞི་ཁོ་ནས་སྐྱེའོ། །དེ་བཞིན་ཉིད་དམིགས་པའི་རྐྱེན་གྱི་ས་བོན་ཅན་ཞེས་འབྱུང་བ་གང་ཡིན་པ་ དེ་ནི་ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པ་ཐོས་པའི་བག་ཆགས་ཀྱི་ས་བོན་པ་ཞེས་བྱ་བའི་རིམ་པ་འདི་ཁོ་ན་ལས་དགོངས་ནས་བསྟན་པ་ཡིན་ནོ་ཞེས་ཟེར་རོ། །གཞན་དག་ན་རེ་རྣ་བའི་རྣམ་པར་ཤེས་པ་ལ་སོགས་པའི་ས་བོན་ཟག་པ་མེད་པ་ཆོས་ཉིད་ཀྱིས་གནས་པ་ལ་བརྟེན་ནས་ཇི་སྐད་སྨོས་པའི་ཚུལ་གྱིས་ བཤད་པར་སྣང་བའི་རྣ་བའི་རྣམ་པར་ཤེས་པ་སྐྱེའོ། །དེ་ནས་དེའི་མཇུག་ཐོགས་སུ་རང་གི་ས་བོན་ཟག་པ་མེད་པ་ཁོ་ན་ལས་དེ་ལ་དམིགས་པའི་ཡིད་ཀྱི་རྣམ་པར་ཤེས་པ་ཟག་པ་མེད་པ་བསམས་པ་ལས་བྱུང་བས་བསྡུས་པའོ། །དེ་ནས་རིམ་པ་འདིས་ཟག་པ་མེད་པའི་སེམས་གཟུགས་ན་སྤྱོད་པ་ཆོས་ཀྱི་ མཆོག་གིས་བསྡུས་པའི་བར་སྐྱེའོ། །དེ་ནས་དེས་བསྐྱེད་པའི་ས་བོན་ལས་འདས་པ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་མཚུངས་པར་ལྡན་པའི་སེམས་སོ། །ཐོས་པ་ལས་བྱུང་བ་ལ་སོགས་པ་ཆོས་ཀྱི་མཆོག་ལ་ཐུག་པ་ཐར་པའི་ཆ་དང་མཐུན་པ་དང་། ངེས་པར་འབྱེད་པ་དང་མཐུན་པ་འདི་རྣམས་ ཀྱང་ལྡན་པ་མ་ཡིན་མོད་ཀྱི་བསོད་ནམས་ཀྱི་ཆ་དང་མཐུན་པར་འདྲ་བའི་ཕྱིར་ཉེ་བར་གདགས་པའི་སྒོ་ནས་འདོད་པ་དང་། གཟུགས་ན་སྤྱོད་པ་ཉིད་ཡིན་ལ་ཉོན་མོངས་པ་ཅན་གྱི་ཡིད་དང་ལྷན་ཅིག་འདུག་པའི་ཕྱིར་ཟག་པ་དང་བཅས་པ་ཉིད་ཀྱང་ཡིན་ཏེ། འདི་ལྟར་འདི་ནི་ཀུན་གཞི་མ་ཡིན་པའི་རྣམ་པར་ཤེས་པས་བསྡུས་ པར་འཆད་པར་འགྱུར་རོ། །མི་གསལ་བའི་ཕྱིར་དེ་ཁོ་ན་ཉིད་མ་མཐོང་བ་ཡིན་ཏེ་དེ་ལྟ་བས་ན་རིམ་པ་འདི་ནི་དངོས་ཁོ་ན་ལ་བརྟེན་ནས་བསྟན་པ་ཡིན་ནོ་ཞེས་ཟེར་རོ། །དེ་ལ་ཕྱོགས་དང་པོ་ལྟར་ན་ནི་གཞུང་དང་འགལ་ཏེ་འདི་ལྟར་འདིར་ནི་རྒྱུ་རྐྱེན་སྒྲུབ་པ་ཁོ་ནར་སྣང་ངོ་། །གལ་ཏེ་ཡང་རྒྱུའི་རྐྱེན་མེད་པར་ཡང་སྐྱེ་ བར་འགྱུར་ན་ནི་དགྲ་བཅོམ་པ་ཡང་ཉོན་མོངས་པ་ཅན་གྱི་སེམས་སུ་འགྱུར་རོ། །ཕྱོགས་གཉིས་པ་ལྟར་ན་ཡང་ཟག་པ་དང་བཅས་པ་ཇི་ལྟར་ཟག་པ་མེད་པའི་རྒྱུ་ཡིན་ཞེས་བྱ་བའི་ལན་ཐེབས་པར་དཀའོ། །ཕྱོགས་པར་མ་དེ་ནི་ཉེས་པ་མེད་པར་སྣང་ངོ་། །དེ་ལྟ་བས་ན་རིམ་པ་འདིས་ནི་ཟག་པ་དང་བཅས་པའི་ས་བོན་རྒྱུའི་རྐྱེན་ ཉིད་དུ་