Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 134

Văn bản gốc(Tây Tạng)

Trang 20 / 24 (50.000 ký tự/trang)
འདུལ་པའི་སྡེ་སྣོད་དང་འབྲེལ་པ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཐེག་པ་ཆེན་པོ་ཞེས་སྨོས་པ་ནི་ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་པ་ཉིད་དུ་བསྟན་པའི་ཕྱིར་རོ། །ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་པའི་ཕྱིར་རྣམ་པ་བཅུ་པོ་འཆད་
པར་འགྱུར་བས་དེ་དག་ཉིད་ཁྱད་པར་དུ་ཞུགས་པ་ཡིན་ཏེ། དེ་དག་གི་ཁྱད་པར་དུ་འཕགས་པའི་གསུང་ངོ་། །བརྗོད་པར་བྱ་བ་མེད་པའི་བརྗོད་པ་ནི་ཐམས་ཅད་ཁྱད་པར་མེད་དེ། དེ་ལྟ་བས་ན་ཤེས་བྱའི་གནས་ཞེས་བྱ་བ་ལ་སོགས་པ་དོན་རྣམས་ཀྱིས་ཁྱད་པར་དུ་བྱེད་དོ། །ཤེས་བྱ་ནི་ཡོངས་
སུ་གྲུབ་པ་ལ་སོགས་པའི་བྱེ་བྲག་གིས་རྣམ་པ་གསུམ་མོ། །ཡོངས་སུ་གྲུབ་པ་ཡང་རྣམ་པ་གཉིས་ཏེ། རྟག་པ་དང་མི་རྟག་པའོ། །རྟག་པ་གང་ཡིན་པ་དེ་ནི་དེ་བཞིན་ཉིད་ཅེས་བྱ་སྟེ། དེ་ནི་ཆོས་ཅན་གྱི་ཆོས་ཉིད་ཡིན་པའི་ཕྱིར་གནས་ནི་ཆོས་ཅན་ནོ། །ཆོས་ཅན་དུ་འདྲ་ཡང་བརྟན་པའི་
ཕྱིར་ཀུན་གཞི་རྣམ་པར་ཤེས་པ་ཁོ་ནས་གནས་སུ་རྣམ་པར་གཞག་གི །མི་བརྟན་པའི་ཕྱིར་འཇུག་པའི་རྣམ་པར་ཤེས་པ་ནི་མ་ཡིན་ནོ། །དེ་ལྟ་བས་ན་འདིས་ནི་དེ་བཞིན་ཉིད་ནི་ཆོས་ཅན་གྱི་ཆོས་ཉིད་ཡིན་པའི་ཕྱིར། ནམ་མཁའི་མེ་ཏོག་ལ་སོགས་པ་བཞིན་དུ་གཏན་མེད་པ་མ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །
མི་རྟག་པ་གང་ཡིན་པ་དེ་ཡང་རྣམ་པ་གཉིས་ཏེ། ཡང་དག་པའི་ཡེ་ཤེས་ཀྱི་བདག་ཉིད་དང་ས་བོན་གྱི་བདག་ཉིད་དོ། །ཡང་དག་པའི་ཡེ་ཤེས་གང་ཡིན་པ་དེ་ནི་ཀུན་གཞིའི་རྣམ་པར་ཤེས་པ་ལ་རག་ལས་ཏེ། འབྱུང་བའི་ཕྱིར་གནས་ཁོ་ན་ཡིན་ནོ། །ས་བོན་གྱི་བདག་ཉིད་ཀྱང་རང་
བཞིན་དུ་གནས་པ་དང་ཡང་དག་པར་བསྒྲུབས་པ་དང་རྣམ་པ་གཉིས་ཏེ། གཉིས་ཀ་ཡང་ལེན་པའི་རྣམ་པར་ཤེས་པ་དང་ལྷན་ཅིག་འཇུག་པའི་ཕྱིར་དེ་དག་གི་གནས་ཡིན་པ་ཉིད་དོ། །གཞན་གྱི་དབང་ཡང་རྣམ་པ་གཉིས་ཏེ། ཀུན་ནས་ཉོན་མོངས་པ་དང་དག་པ་འཇིག་རྟེན་པའོ། །

དག་པ་འཇིག་རྟེན་པ་ནི་ལེན་པའི་རྣམ་པར་ཤེས་པ་དང་འབྲེལ་པའི་ཕྱིར་དེའི་གནས་ཡིན་པ་ཁོ་ནའོ། །ཀུན་ནས་ཉོན་མོངས་པ་ཡང་རྣམ་པ་གཉིས་ཏེ། རྣམ་པར་ཤེས་པ་བདུན་གྱི་ཚོགས་ཀྱིས་བསྡུས་པ་དང་། ཀུན་གཞི་རྣམ་པར་ཤེས་པས་བསྡུས་པའོ། །རྣམ་པར་ཤེས་པ་བདུན་གྱི་ཚོགས་
ཀྱིས་བསྡུས་པ་གང་ཡིན་པ་དེ་ནི། ཀུན་གཞི་རྣམ་པར་ཤེས་པ་དང་འཇུག་པའི་རྣམ་པར་ཤེས་པ་དག་ཕན་ཚུན་རྒྱུ་དང་འབྲས་བུའི་དངོས་པོ་དག་ཡིན་ཡང་ལེན་པའི་རྣམ་པར་ཤེས་པ་ནི་བརྟན་པའི་ཕྱིར། ལེན་པའི་རྣམ་པར་ཤེས་པ་ཁོ་ན་གནས་ཡིན་གྱི་རྣམ་པར་ཤེས་པ་གཞན་ནི་མ་ཡིན་ཏེ། མི་
བརྟན་པའི་ཕྱིར་རོ། །ཀུན་གཞི་རྣམ་པར་ཤེས་པ་ཡང་ས་བོན་དང་རྣམ་པར་སྨིན་པའི་བྱེ་བྲག་གིས་རྣམ་པ་གཉིས་སུ་དབྱེ་སྟེ། དེ་གཉིས་ལས་གང་ཡང་རུང་བ་ཞིག་གནས་ཉིད་དུ་རྣམ་པར་གཞག་ལ་ཅིག་ཤོས་ནི་དེ་ལ་བརྟེན་པར་རྣམ་པར་བརྟག་པར་བྱའོ། །ཡང་ན་སྐད་ཅིག་མ་སྔ་ཕྱི་འཇུག་པའི་སྒོ་ནས་
གནས་དང་བརྟེན་པ་ཉིད་དང་། རྒྱུ་ཉིད་དང་། འབྲས་བུ་ཉིད་ཀྱིས་ཐ་དད་པ་ཉིད་ཡིན་ནོ། །སེམས་ལས་བྱུང་བ་གང་དག་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པ་དེ་དག་གི་གནས་ཀྱང་རྣམ་པར་ཤེས་པ་ཁོ་ན་ཡིན་ཏེ། དེས་ཉེ་བར་བསྟན་པའི་ཡུལ་ལ་ཁྱད་པར་འཛིན་པ་ཉིད་དུ་ཞུགས་པས་དེ་
དག་གཙོ་བོ་མ་ཡིན་པའི་ཕྱིར་དང་དེ་ནི་གཙོ་བོ་ཡིན་པའི་ཕྱིར་རོ། །དེ་བས་ན་བརྟེན་པ་ཡིན་པའི་ཕྱིར་དེ་དག་ཁོ་ནས་དེ་ལ་བསྒོ་པར་བྱེད་ཀྱི། དེས་ནི་དེ་དག་ལ་མ་ཡིན་ནོ། །ཀུན་བརྟགས་པ་ཡང་ཀུན་བརྟགས་པར་བྱ་བའི་དངོས་པོའི་གཞི་ཅན་ཉིད་ཡིན་པས་ཀུན་གཞི་རྣམ་པར་ཤེས་
པའི་གཞི་གང་ལ་བརྟགས་པ་དེ་ནི་དངོས་སུ་དེའི་གནས་ཉིད་ཡིན་ནོ། །རྣམ་པར་ཤེས་པ་གཞན་གྱི་གཞི་ཅན་གྱི་གནས་སུ་ཡང་བརྟན་པ་ཉིད་ཡིན་པའི་ཕྱིར་བརྒྱུད་པའི་སྒོ་ནས་དེ་ཉིད་རྣམ་པར་གཞག་གོ། །འདིར་རྣམ་པ་བཅུ་པོ་དག་གི་རྣམ་པར་དབྱེ་བ་ནི་འདི་ཡིན་ཏེ། འཇུག་པ་དང་
རྒྱུ་དང་འབྲས་བུ་དག་དང་དེ་དག་བསྒོམ་པའི་རབ་ཏུ་དབྱེ་བ་དང་། བསླབ་པ་གསུམ་ཞེས་བྱ་བ་རྣམ་པ་འདི་དྲུག་ནི་ཐེག་པ་ཆེན་པོའི་སྤྱོད་པའི་ངོ་བོ་ཉིད་ཡིན་ནོ། །དེ་ཡི་དམིགས་པ་ནི་ཤེས་བྱའི་གནས་དང་ཤེས་བྱའི་མཚན་ཉིད་དོ། །དེ་ལ་ཡང་ཤེས་བྱའི་མཚན་ཉིད་ནི་གདོན་མི་ཟ་བར་ཤེས་པར་

བྱ་བ་ཡིན་པ་ཉིད་ཀྱིས་དངོས་སུ་རང་གི་ངོ་བོས་དམིགས་པ་ཡིན་ནོ། །ཤེས་བྱའི་གནས་ནི་དེའི་གནས་ཡིན་པ་ཉིད་ཀྱིས་སོ། །སྤྱོད་པ་དེ་ཉིད་ཀྱི་འབྲས་བུ་ནི་སྤངས་པ་དང་ཡེ་ཤེས་ཀྱི་ཁྱད་པར་གྱི་རྣམ་པ་དག་ཡིན་པས་དེའི་ཕྱིར་ཐ་མར་བསྟན་ཏོ། །དེ་ལྟ་བས་ན་འདི་ལས་ནི་ཐེག་པ་
ཆེན་པོའི་དམིགས་པ་གང་ཡིན་པ་དང་། ཐེག་པ་ཆེན་པོ་གང་ཡིན་པ་དང་། ཐེག་པ་ཆེན་པོའི་འབྲས་བུ་གང་ཡིན་པ་དེ་དག་བསྟན་ཏོ། །དཀྱུས་མ་ཉིད་དཔྱད་པར་བྱ་སྟེ། ཤེས་བྱའི་མཚན་ཉིད་ནི་ངོ་བོ་ཉིད་གསུམ་མོ། །དེ་ལ་ཡོངས་སུ་གྲུབ་པ་ནི་རྟག་པ་དང་མི་རྟག་པའི་མཚན་ཉིད་དེ་
བཞིན་ཉིད་དང་ཡང་དག་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དེ། དོན་དམ་པ་དང་རང་རིག་པའི་སྒོ་ནས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་ཤེས་པར་བྱ་བ་ཡིན་ནོ། །གཞན་གྱི་དབང་ནི་འཇིག་རྟེན་ལས་འདས་པའི་རྗེས་ལ་ཐོབ་པའི་ཡེ་ཤེས་ཀྱིས་ཤེས་པར་བྱ་བ་དང་སོ་སོའི་སྐྱེ་བོའི་ཤེས་པས་ཀྱང་
རང་རིག་པའི་སྒོ་ནས་ཤེས་པར་བྱ་བ་ཡིན་ནོ། །འོ་ན་ཡོངས་སུ་གྲུབ་པ་དེ་མ་མཐོང་བར་གཞན་གྱི་དབང་མི་མཐོང་ངོ་ཞེས་འབྱུང་བ་གང་ཡིན་པ་དེ་ཇི་ལྟ་བུ་ཞེ་ན། དེ་ནི་གཞན་གྱི་དབང་མ་ལུས་པར་མངོན་སུམ་པ་དགག་པ་ལྷུར་བྱ་བ་ཡིན་པས་ཉེས་པ་མེད་དོ། །རྣམ་པ་གཅིག་ཏུ་ན་ཀུན་
བརྟགས་པས་དབེན་པར་ངེས་པར་མི་བཟུང་བའི་ཕྱིར་ཏེ། གཞན་གྱི་དབང་རང་རིག་པ་ཡོད་ཀྱང་གཅིག་ཏུ་ངེས་པར་མ་ཟིན་པའི་ཕྱིར། ཡོངས་སུ་གྲུབ་པ་འདི་མ་མཐོང་བ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཀུན་བརྟགས་པ་ནི་སོ་སོའི་སྐྱེ་བོའི་ཤེས་པས་ཤེས་པར་བྱ་བ་ཁོ་ན་ཡིན་ཏེ། དེ་ནི་
གཅིག་ཏུ་མངོན་པར་ཞེན་པའི་ཡུལ་ཡིན་པའི་ཕྱིར་རོ། །རྣམ་པར་གཏན་ལ་དབབ་པ་བསྡུས་པ་ལས། བརྟགས་པ་ནི་ཤེས་པ་གང་གི་དམིགས་པ་ཡང་མ་ཡིན་ནོ་ཞེས་བཤད་པ་གང་ཡིན་པ་ནི། མེད་པའི་ཕྱིར་གང་གི་རྟེན་དུ་ཡང་མི་འགྱུར་རོ་ཞེས་བྱ་བའི་དོན་ཡིན་གྱི། སྒྲོ་བཏགས་པར་
<མང་‚ཡང་>ཡུལ་དུ་མི་འགྱུར་བ་ནི་མ་ཡིན་ཏེ། འདི་ལྟར་དེ་ཉིད་ལས་སོ་སོའི་སྐྱེ་བོའི་ཤེས་པའི་དམིགས་པའོ་ཞེས་འབྱུང་བ་དེའི་ཕྱིར་ཡང་དེ་ལྟ་བུ་ཡིན་ནོ། །ཐེག་པ་ཆེན་པོའི་སྐབས་མ་ཡིན་ནམ། སོ་སོའི་སྐྱེ་བོའི་སྐབས་སུ་ཅི་འབབ་ཅེ་ན། ཞར་ལ་སྨོས་པའི་ཕྱིར་ཉེས་པ་མེད་དོ། །རྣམ་པ་གཅིག་ཏུ་

མོས་པས་སྤྱོད་པའི་ཡུལ་ཡིན་པའི་ཕྱིར་དང་། ཟག་པ་མེད་པའི་ཡེ་ཤེས་ལས་ལངས་པའི་སེམས་དང་ལྡན་པ་རྣམས་ཀྱི་ཡང་དམ་པའི་ཆོས་ཉན་པ་ལ་སོགས་པ་ན་ཡུལ་ཉིད་དུ་ཉེ་བར་འགྲོ་བའི་ཕྱིར་སྐབས་སུ་འབབ་སྟེ་འགལ་བ་མེད་དོ། །དེ་བཞིན་གཤེགས་པའི་གནས་སྐབས་ན་ནི་འཇིག་རྟེན་ལས་
འདས་པའི་རྗེས་ལ་ཐོབ་པའི་ཡུལ་ཡང་མ་ཡིན་ཏེ། མངོན་པར་ཞེན་པ་ཐམས་ཅད་སྤངས་པའི་ཕྱིར་ལ། བརྟགས་པ་ཡང་མངོན་པར་ཞེན་པས་བྱ་བའི་ཕྱིར་རོ། །དེ་བཞིན་གཤེགས་པ་གང་གི་ཚེ་གཞན་གྱི་སེམས་ཀྱིས་བཟུང་བའི་ཀུན་བརྟགས་པ་ཡོངས་སུ་གཅོད་པ་དེའི་ཚེ་ཡང་ཕྱིན་ཅི་མ་
ལོག་པའི་དེ་ཁོ་ན་ཉིད་ཀྱི་བདག་ཉིད་ཡུལ་དུ་འགྱུར་གྱི། ཇི་ལྟར་བརྟགས་པ་དེ་ལྟར་ནི་ཡུལ་དུ་མི་འགྱུར་རོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ཡང་གང་ཟག་གི་གནས་སྐབས་ཀྱི་རིམ་པ་དང་བསྒྲུབ་པ་མངོན་པར་འགྲུབ་པའི་རིམ་པའི་སྒོ་ནས་ཐ་དད་དོ། །གང་ཟག་གི་གནས་སྐབས་ཀྱི་རིམ་པའི་སྒོ་
ནས་ནི་རྣམ་པ་གསུམ་སྟེ། འཇུག་པ་དང་དེའི་རྒྱུ་དང་འབྲས་བུ་དག་དང་བསྒོམ་པའི་བར་དུ་དབྱེ་བའོ། །དེ་ལ་ཡང་དང་པོ་གཉིས་ནི་ཉེ་བར་ལེན་པ་ཡིན་ལ་གསུམ་པ་ནི་ཉེ་བར་བླང་བ་ཡིན་ཏེ། འདི་ལྟར་གང་ཟག་ཞུགས་པ་རྒྱུ་དང་འབྲས་བུ་དག་ལ་གནས་པ་གང་ཡིན་པ་ནི་དེ་ལ་བརྟེན་ནས་ས་བཅུ་
རབ་ཏུ་དབྱེ་བ་ཡིན་ནོ། །བསྒྲུབ་པའི་རིམ་པ་ནི་བསླབ་པ་གསུམ་གྱིས་བསྟན་ཏེ། བསྒྲུབ་པའི་རིམ་པ་འདིས་ནི་གང་ཟག་གི་གནས་སྐབས་གསུམ་པོ་འདི་དག་རབ་ཏུ་འབྱེད་དོ། །དེ་ལ་ཡང་ནི་དེ་བཞིན་གཤེགས་པའི་གནས་སྐབས་ན་ཤེས་བྱ་ལ་འཇུག་པ་ཕྱིན་ཅི་མ་ལོག་པ་ཡིན་མོད་
ཀྱི། འདིར་ནི་འཇུག་པ་དང་པོ་ལ་དགོངས་པ་ཡིན་ནོ། །ཕྱིན་ཅི་མ་ལོག་པ་དེ་ཡང་གང་དུ་ཡོངས་སུ་རྫོགས་ཤེ་ན། འདི་ལྟར་བཟོད་པ་འབྲིང་གི་གནས་སྐབས་ན་ནི་ཀུན་བརྟགས་པའི་ཕྱོགས་གཅིག་པོ་གཟུང་བའི་རྣམ་པ་ཡང་དག་པར་རྟོགས་སོ། །ཆེན་པོ་དང་ཆོས་ཀྱི་མཆོག་གི་
གནས་སྐབས་དག་ན་ནི་འཛིན་པའོ། །དེའི་མཇུག་ཐོགས་སུ་མཐོང་བའི་ལམ་གྱི་སྐད་ཅིག་མ་དང་པོ་ལ་ནི་དེ་བཞིན་ཉིད་དོ། །དེ་ལས་གཞན་པའི་ས་རབ་ཏུ་དགའ་བ་ལ་ནི་འཇུག་པ་ཡོངས་སུ་རྫོགས་པ་ཡིན་ནོ། །འཇུག་པ་དེའི་རྒྱུ་དང་འབྲས་བུ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་ཏེ། མོས་པས་

སྤྱོད་པའི་ས་ལ་ནི་རྒྱུའོ། །རབ་ཏུ་དགའ་བ་ལ་སོགས་པའི་གནས་སྐབས་ན་ནི་འབྲས་བུའོ། །དེ་ཡི་རྒྱུ་དང་འབྲས་བུ་སྒོམ་པ་རབ་ཏུ་དབྱེ། །ཞེས་བྱ་བ་ནི། གཙོ་བོ་ཡིན་པའི་ཕྱིར་འབྲས་བུ་ཁོ་ནའི་རབ་ཏུ་དབྱེ་བ་མཛད་དོ། །ཞར་ལ་བསྐལ་པ་གྲངས་མེད་པ་རྣམས་ཀྱི་རྣམ་
པར་དབྱེ་བ་བསྟན་པར་རྒྱུའི་རྣམ་པར་དབྱེ་བར་མཛད་པར་འགྱུར་རོ། །ལྷག་པའི་ཚུལ་ཁྲིམས་ཞེས་བྱ་བ་ལ་སོགས་པ་ནི་གཙོ་བོ་ཡིན་པའི་ཕྱིར་བསླབ་པ་གསུམ་སྨོས་སོ། །ཞར་ལ་ནི་གཞན་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱང་སྨོས་ཏེ། སྦྱིན་པ་དང་ཚུལ་ཁྲིམས་ཞེས་བྱ་བ་ལ་སོགས་པའི་སྒྲའི་
བྱེ་བྲག་གིས་དེ་སྐད་དུ་བསྟན་ཏོ། །གང་གི་ཚེ་སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་ལ་སོགས་པ་སྨོས་པ་དེའི་ཚེ་ནི་དངོས་ཁོ་ནར་ཡིན་ནོ། །ལྷག་པའི་སེམས་ཞེས་བྱ་བ་ལ་སོགས་པ་ནི། ས་དང་པོ་གསུམ་ལ་ནི་ཐེག་པ་ཆེན་པོ་རབ་ཏུ་སྣང་བའི་ཏིང་ངེ་འཛིན་ཏོ། །ས་བཞི་པ་དང་ལྔ་པ་དང་དྲུག་པ་
དང་བདུན་པ་དག་ལ་ནི་བསོད་ནམས་ཐམས་ཅད་སྡུད་པའི་ཏིང་ངེ་འཛིན་ཏོ། །དགུ་པ་དང་བརྒྱད་པ་ལ་ནི་ཏིང་ངེ་འཛིན་གྱི་རྒྱལ་པོ་བཟང་སྐྱོང་ངོ་། །བཅུ་པ་ལ་ནི་དཔའ་བར་འགྲོ་བ་དང་ནམ་མཁའ་མཛོད་ལ་སོགས་པའོ། །ལྷག་པའི་ཤེས་རབ་ཅེས་བྱ་བ་ལ་སོགས་པ་ནི། གཙོ་བོ་ཡིན་པའི་ཕྱིར་དངོས་
གཞི་སྨོས་ཏེ། སྦྱོར་བ་པོ་དང་རྗེས་ཀྱི་དག་ནི་ཕྱིས་སྟོན་ཏོ། །སྤངས་པའི་ཁྱད་པར་ཞེས་བྱ་བ་ལ་སོགས་པ་ལ་མྱ་ངན་ལས་འདས་པ་ནི་རྣམ་པ་བཞི་སྟེ། ཕུང་པོ་དང་བཅས་པ་དང་ཕུང་པོ་མེད་པ་དང་། རང་བཞིན་གྱིས་མྱ་ངན་ལས་འདས་པ་དང་དེ་བཞིན་དུ་མི་གནས་པའི་མྱ་ངན་ལས་འདས་པའོ། །དེ་
ལ་འདིར་ནི་གསུམ་ནི་ཉན་ཐོས་ལ་སོགས་པ་དང་ཐུན་མོང་ཡིན་པའི་ཕྱིར་མི་གཟུང་གི །མི་གནས་པའི་མྱ་ངན་ལས་འདས་པ་དེ་བཞིན་ཉིད་སྒྲིབ་པ་གཉིས་དང་བྲལ་བ་ཁོ་ན་ཐུན་མོང་མ་ཡིན་པའི་ཕྱིར་གཟུང་ངོ་། །ཡེ་ཤེས་ཀྱི་ཁྱད་པར་ཞེས་བྱ་བ་ལ་སོགས་པ་དེ་ལ་ཆོས་ནི་སྟོབས་ལ་སོགས་པའོ། །
དེ་དག་གི་སྐུ་སྟེ་རྟེན་ནི་ཆོས་ཀྱི་སྐུའོ། །དེ་ཉིད་དེ་བཞིན་ཉིད་ཡོངས་སུ་དག་པ་ཡིན་ཏེ། སངས་རྒྱས་ཀྱི་ཆོས་རྣམས་ནི་དེ་ལ་རག་ལས་ཏེ་འབྱུང་བའི་ཕྱིར་རོ། །ཀུན་ཞེས་བྱ་བའི་སྒྲ་ཡང་རྟེན་དུ་གྲགས་ཏེ། ལུས་ཀྱི་དབང་པོ་བཞིན་ཏེ། བསགས་པ་ཉིད་ཡིན་ཡང་མིག་ལ་སོགས་པའི་རྟེན་ཡིན་པའི་

ཕྱིར་རོ། །རྣམ་པ་གཅིག་ཏུ་ན་སྐུ་ནི་རང་གི་མཚན་ཉིད་ཁོ་ན་ཡིན་ལ་རང་གི་མཚན་ཉིད་ཡིན་པའི་ཕྱིར་ཆོས་སོ། །འདི་ནི་སྐུ་ཡང་ཡིན་ལ་ཆོས་ཀྱང་ཡིན་པས་ཆོས་ཀྱི་སྐུ་སྟེ། དེ་ཡང་དེ་བཞིན་ཉིད་ཡོངས་སུ་དག་པ་ཡིན་ནོ། །སྐུ་ཞེས་བྱ་བ་ནི་སྒྲ་ཡང་རང་གི་མཚན་ཉིད་དུ་ཡང་གྲགས་ཏེ། རྣམ་པར་
ཤེས་པའི་ལུས་བཞིན་ཏེ། གཟུགས་ཅན་མ་ཡིན་པ་རྣམས་ལ་བསགས་པ་མེད་པའི་ཕྱིར་རོ། །ཆོས་ཀྱི་སྐུ་དེ་ནི་ཡེ་ཤེས་ཀྱི་རྒྱུ་ཡིན་པའི་ཕྱིར་ཡེ་ཤེས་ཀྱི་ཁྱད་པར་ཏེ། དེ་ཉིད་ངོ་བོ་ཉིད་ཀྱི་སྐུ་ཡིན་ནོ། །དེ་བཞིན་གཤེགས་པའི་ཡེ་ཤེས་ཐམས་ཅད་ནི་ཉིད་ཀྱི་ལོངས་སྤྱོད་རྫོགས་པར་དགོངས་
པའི་ཕྱིར་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ནོ། །སྟོབས་ལ་སོགས་པའི་ངོ་བོ་ཉིད་གང་ཡིན་པ་དང་། མཚན་དང་དཔེ་བྱད་བཟང་པོ་ཉིད་དུ་གྱུར་པ་གང་ཡིན་པ་དེ་དག་ཀྱང་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་ཡེ་ཤེས་ཀྱི་ཁྱད་པར་ཡིན་ནོ། །དེའི་དབང་གིས་བྱང་ཆུབ་སེམས་དཔའ་
རྣམས་ལ་སོ་སོར་མཚན་དང་དཔེ་བྱད་བཟང་པོ་ལ་སོགས་པར་སྣང་བ་སེམས་དང་སེམས་ལས་བྱུང་བ་དག་ལ་ཁྱབ་པ་གང་ཡིན་པ་དེ་ཡང་གཞན་ལོངས་སྤྱོད་རྫོགས་པར་དགོས་པའི་ཕྱིར་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ནོ། །དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་དབང་ཁོ་ནས་བྱང་ཆུབ་སེམས་
དཔའ་མོས་པ་སྤྱད་པ་སྤྱོད་པ་དང་། ཉན་ཐོས་ལ་སོགས་པའི་རྒྱུད་ལ་སོ་སོར་མཚན་དང་དཔེ་བྱད་བཟང་པོ་ལ་སོགས་པར་སྣང་བའི་སྐུ་ནི་ཡུན་ཐུང་ངུར་གནས་པའི་ཕྱིར་སྤྲུལ་པ་སྟེ། ཡེ་ཤེས་ཀྱི་འབྲས་བུ་ཡིན་པའི་ཕྱིར་ཡེ་ཤེས་ཀྱི་ཁྱད་པར་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་
ཞེས་བྱ་བ་བཤད་པར་བཞེད་ནས། ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀའ་ཉིད་དུ་བརྗོད་པའོ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཇི་ལྟ་ཞེ་ན་གང་དག་ཉན་ཐོས་ཀྱི་ཐེག་པ་ཉིད་ཐེག་པ་ཆེན་པོ་ཡིན་ནོ་ཞེས་བྱ་བར་རྟོགས་པ་དེ་དག་ནི་སངས་རྒྱས་ཀྱི་གསུང་དེ་ཐེག་པ་ཆེན་པོ་ཡིན་པར་ཡང་བརྗོད་དོ། །
དེའི་ཕྱིར་ཉན་ཐོས་ཀྱི་ཐེག་པ་ནི་ཐེག་པ་ཆེན་པོ་ཉིད་དུ་སངས་རྒྱས་ཀྱི་བཀའ་མ་ཡིན་ཏེ། རྣམ་པ་བཅུ་བསྟན་པ་དང་བྲལ་བའི་ཕྱིར་གྲངས་ཅན་ལ་སོགས་པའི་བསྟན་བཅོས་བཞིན་ནོ། །ཉན་ཐོས་ཀྱི་ཐེག་པ་ལས་ཁྱད་པར་དུ་བྱས་པ་ཞེས་བྱ་བ་ནི། གསུང་ཁྱད་པར་རྣམ་པ་བཅུས་ཁྱད་པར་དུ་

འཕགས་པ་ཞེས་བྱ་བ་དེ་སྟོན་ཏེ། གང་གི་ཕྱིར་ཉན་ཐོས་ཀྱི་ཐེག་པ་ལས་ནི། ཤེས་བྱའི་གནས་ལ་སོགས་པ་ཡོངས་སུ་མ་རྫོགས་པར་བསྟན་ལ། འདི་ལས་ནི་ཤེས་བྱའི་གནས་ལ་སོགས་པ་རྣམ་པ་ཐམས་ཅད་བསྟན་པ་དེའི་ཕྱིར་ཉན་ཐོས་ཀྱི་ཐེག་པ་ལས་ཁྱད་པར་དུ་བྱ་བ་རྣམ་
པ་བཅུས་དེ་བཞིན་གཤེགས་པའི་གསུང་ཁྱད་པར་དུ་སྤོག་པ་ཡིན་ནོ། །མཆོག་ཉིད་ཀྱི་ཕྱིར་ཡང་ཁྱད་པར་དུ་འཕགས་སོ། །ཇི་ལྟར་མཆོག་ཉིད་ཡིན་ཞེ་ན། མཆོག་ཉིད་དུ་བསྟན་པའི་ཕྱིར་རོ། །མཆོག་ཉིད་དུ་བསྟན་པ་ཉིད་ཇི་ལྟར་ཞེ་ན། ཇི་ལྟར་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་
ལས་བརྩམས་ནས་བསྟན་པ་ཡིན་པས་སོ། །འདིས་ནི་གདུལ་བ་མཆོག་ཉིད་ཀྱི་ཕྱིར་མཆོག་ཉིད་དོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལྟར་གདུལ་བའི་དབང་གིས་ཀྱང་བསྟན་པ་དམན་པ་དང་མཆོག་ཉིད་ཡིན་ཏེ། དཔེར་ན་སོ་སོའི་སྐྱེ་བོ་ཡིན་པའི་ཕྱིར་ཚོང་པ་ག་གོན་དང་མཛེས་ལྡན་དག་གི་ཆེད་དུ་ནི་དམན་
པ་བསྟན། འཕགས་པའི་སྐབས་ཡིན་པས་ལྔ་སྡེའི་དབང་དུ་མཛད་ནས་ནི་འབྲིང་། བྱང་ཆུབ་སེམས་རྣམས་ཀྱི་དབང་དུ་མཛད་ནས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་བརྒྱད་བསྟན་ཏེ། བརྟགས་པའི་རྣམ་པ་དགག་པའི་སྒོ་ནས་མཆོག་གོ། །རྣམ་པ་བརྒྱད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་སུམ་བརྒྱ་པ་དང་། ལྔ་བརྒྱ་པ་དང་། བདུན་བརྒྱ་པ་དང་། ཉིས་སྟོང་ལྔ་བརྒྱ་པ་དང་། བརྒྱད་སྟོང་པ་དང་། ཁྲི་བརྒྱད་སྟོང་པ་དང་། ཉི་ཁྲི་ལྔ་སྟོང་པ་དང་། འབུམ་པ་བསྟན་པ་ཡིན་ནོ། །དམ་པའི་ཆོས་པདྨ་དཀར་པོ་ལ་སོགས་པ་བསྟན་པ་ནི་རབ་ཀྱི་མཆོག་ཡིན་ཏེ། འདི་ལྟར་དེ་ལས་ནི་
ཐེག་པ་གཅིག་བསྟན་པས་མ་ངེས་པའི་རིགས་ཅན་རྣམས་ཀྱང་དེ་ལས་འདྲེན་ཏོ། །མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལ་སོགས་པ་བསྟན་པ་ནི་རབ་ཀྱི་ཕུལ་ཡིན་ཏེ། འདི་ལྟར་དེ་ལས་ནི་དེ་བཞིན་གཤེགས་པ་རྣམས་འཁོར་བ་ཇི་སྲིད་པར་བཞུགས་ཤིང་སེམས་ཅན་གྱི་དོན་མཛད་
པར་བསྟན་ཏོ། །སངས་རྒྱས་ཕལ་པོ་ཆེའི་མདོ་བསྟན་པ་ནི་རབ་ཀྱི་ཕུལ་གྱི་མཆོག་ཡིན་ཏེ། འདི་ལྟར་མདོ་དེ་ནི་དེ་བཞིན་གཤེགས་པ་མངོན་པར་རྫོགས་པར་སངས་རྒྱས་ནས་རིང་པོ་མ་ལོན་པར་ཕྱོགས་བཅུ་ན་གནས་པའི་བྱང་ཆུབ་སེམས་དཔའ་ས་བཅུའི་དབང་ཕྱུག་རྣམས་ལ་ལན་ཅིག་

རབ་ཏུ་བསྟན་ཏོ། །གོང་དུ་ཉན་ཐོས་ཀྱི་ཐེག་པ་ཆེན་པོ་ཉིད་དུ་སངས་རྒྱས་ཀྱི་གསུང་ཡིན་པ་ཉིད་དགག་པའི་ཕྱིར་གཏན་ཚིགས་རྣམ་པ་བཅུ་བསྟན་པ་དང་བྲལ་བའི་ཕྱིར་ཞེས་བྱ་བ་དེ་ནི་མ་གྲུབ་སྟེ། ཉན་ཐོས་ཀྱི་ཐེག་པ་ལས་ཀྱང་ཀུན་དུ་དགའ་བ་ཞེས་བྱ་བ་ལ་སོགས་པས་ཤེས་བྱའི་གནས་བསྟན་
པའི་ཕྱིར་རོ། །སེམས་ཅན་རྫུས་ཏེ་སྐྱེ་བ་ཡོད་དོ་ཞེས་བྱ་བ་ལ་སོགས་པས་ཀུན་བརྟགས་པ་ཡང་བསྟན་པའི་ཕྱིར་རོ། །འདི་ལས་སེམས་ཅན་མེད་དོ་ཞེས་བྱ་བ་ལ་སོགས་པས་ཡོངས་སུ་གྲུབ་པ་ཡང་བསྟན་པའི་ཕྱིར་རོ། །ཆོས་འདི་དག་ནི་རྒྱུ་དང་བཅས་ཞེས་བྱ་བ་ལ་སོགས་པས་གཞན་གྱི་དབང་ཡང་
བསྟན་པའི་ཕྱིར་རོ། །ཤེས་བྱ་ལ་འཇུག་པ་ཡང་མིག་དང་གཟུགས་ལ་སོགས་པ་ཞེས་བྱ་བ་ལ་སོགས་པས་བསྟན་པའི་ཕྱིར་རོ། །དེའི་རྒྱུ་དང་འབྲས་བུ་བསྟན་པ་ཡང་ཡོད་དེ། ཕ་རོལ་ཏུ་ཕྱིན་པ་དྲུག་བསྟན་པའི་ཕྱིར་རོ། །བསྒོམ་པ་རབ་ཏུ་དབྱེ་བ་ཡང་དགེ་འདུན་ཕལ་ཆེན་སྡེའི་སྡེ་པ་ལས་སའི་རྣམ་པར་
དབྱེ་བའི་མཚན་ཉིད་བསྟན་པའི་ཕྱིར་རོ། །བསླབ་པ་གསུམ་ཡང་བསྟན་པའི་ཕྱིར་རོ། །མྱ་ངན་ལས་འདས་པ་ཡང་ཟད་པ་དང་འདོད་ཆགས་དང་བྲལ་བ་ཞེས་བྱ་བ་ལ་སོགས་པས་བསྟན་པའི་ཕྱིར་རོ། །ཆོས་ཀྱི་སྐུ་མི་སློབ་པའི་ཆོས་ཀྱི་ངོ་བོ་ཉིད་དང་། ལོངས་སྤྱོད་རྫོགས་པའི་སྐུ་ཆོས་ཀྱི་འཁོར་ལོ་བསྐོར་
བར་མཛད་པ་དང་། དེས་སྐྱེ་བ་སྤྲུལ་པའི་སྐུ་བསྟན་པའི་ཕྱིར་སྐུ་གསུམ་ཡང་བསྟན་ཏོ་སྙམ་པའི་བསམ་པ་འདི་ཇི་ལྟར་ན་འདིས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་ལྟར་གནས་བཅུ་པོ་འདི་དག་ཅེས་བྱ་བ་ལ་སོགས་པ་འདིས་ནི་གཏན་ཚིགས་སྒྲུབ་པར་བྱེད་དོ། །རྣམ་པ་བཅུ་རྫོགས་པར་བསྟན་
པ་དང་བྲལ་བའི་ཕྱིར་རོ་ཞེས་གཏན་ཚིགས་སྟོན་པའི་ཕྱིར་རོ། །འདི་ལྟར་ཉན་ཐོས་ཀྱི་ཐེག་པ་ལས་ནི་ཤེས་བྱའི་གནས་ཀྱང་རྒྱུའི་བྱེ་བྲག་དང་མཚུངས་པར་ལྡན་པའི་བྱེ་བྲག་དང་། དམིགས་པ་བསྟན་པ་དང་བག་ཆགས་ཀྱི་རྟེན་ཉིད་ལ་སོགས་པའི་དབྱེ་བས་མ་བསྟན་ནོ། །ཀུན་བརྟགས་པ་ཡང་
གཟུགས་ལ་སོགས་པའི་བྱེ་བྲག་དང་ཡོངས་སུ་གྲུབ་པ་ཡང་ཆོས་ལ་བདག་མེད་པའི་མཚན་ཉིད་དང་གཞན་གྱི་དབང་གི་དངོས་པོ་ཡང་རྣམ་པར་ཤེས་པ་བརྒྱད་ཀྱི་ཚོགས་ཀྱི་མཚན་ཉིད་རབ་ཏུ་རྣམ་པར་མ་ཕྱེའོ། །ཤེས་བྱ་ལ་འཇུག་པ་ཡང་ཇི་སྐད་བསྟན་པའི་ཀུན་བརྟགས་པ་ལ་སོགས་པ་ལ་

འཇུག་པའི་མཚན་ཉིད་མ་བསྟན་ཏོ། །དེ་མེད་པས་འཁོར་གསུམ་རྣམ་པར་དག་པའི་ཕ་རོལ་ཏུ་ཕྱིན་པ་དག་ཀྱང་རྣམ་པར་མ་ཕྱེ་ལ་སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་ལ་སོགས་པ་ཡང་མ་བསྟན་ཏོ། །དགེ་འདུན་ཕལ་ཆེན་སྡེ་རྣམས་ལ་སའི་དབྱེ་བ་བསྟན་པ་གང་ཡིན་པ་དེ་
ཡང་ཕྱོགས་ཀྱི་ཁོངས་སུ་གཏོགས་པ་ཡིན་ནོ། །ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཡང་སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་ཀྱི་མཚན་ཉིད་རྣམ་པར་མ་ཕྱེའོ། །ལྷག་པའི་སེམས་ཀྱང་ཐེག་པ་ཆེན་པོ་རབ་ཏུ་སྣང་བའི་མཚན་ཉིད་ཀྱི་ཏིང་ངེ་འཛིན་ལ་སོགས་པའི་དབྱེ་བ་དང་། ལྷག་པའི་
ཤེས་རབ་ཀྱང་བདག་མེད་པ་གཉི་ག་རྟོགས་པའི་དབྱེ་བ་དང་། མི་གནས་པའི་མྱ་ངན་ལས་འདས་པ་ཡང་ཇི་སྐད་འཆད་པར་འགྱུར་བ་དང་། སྐུ་གསུམ་ཡང་ཇི་ལྟར་བཞེད་པ་བཞིན་རྣམ་པར་མ་ཕྱེའོ། །བྱང་ཆུབ་ཆེན་པོ་ཀུན་དུ་སྒྲུབ་པར་བྱེད་པ་སྟེ་ཞེས་བྱ་བ་ལ་སོགས་པས་ནི་རང་གི་ཕྱོགས་སྒྲུབ་པར་
བྱེད་དོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་མདོ་ནི་ཐེག་པ་ཆེན་པོ་ཉིད་དུ་སངས་རྒྱས་ཀྱི་གསུང་ཡིན་ཏེ། བྱང་ཆུབ་ཆེན་པོ་ཀུན་དུ་སྒྲུབ་པར་བྱེད་པའི་དོན་སྟོན་པའི་ཕྱིར་གཉི་ག་ལ་གྲགས་པ་སྐྱེས་པའི་རབས་ཀྱི་སྡེ་ལ་སོགས་པ་བསྟན་པ་བཞིན་ནོ། །འདོད་དོ་ཞེས་བྱ་བའི་སྒྲ་
ཚིགས་སུ་བཅད་པ་ལས་འབྱུང་བ་འཆད་པར་འགྱུར་བ་དང་། སྦྱོར་བའི་ཕྱིར་མ་གྲུབ་པ་ཉིད་ཀྱང་མ་ཡིན་ཏེ། བྱང་ཆུབ་ཆེན་པོ་ཀུན་དུ་སྒྲུབ་པར་བྱེད་པའི་དོན་སྟོན་པར་འདོད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །བྱང་ཆུབ་ཆེན་པོ་ནི་འདིར་དེ་བཞིན་ཉིད་དྲི་མ་མེད་པའོ། །དེ་ཀུན་དུ་སྒྲུབ་པ་ནི་མངོན་
སུམ་དུ་བྱེད་པའོ། །དེ་ཅིའི་ཕྱིར་ཞེ་ན། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་རོ། །མི་གནས་པའི་མྱ་ངན་ལས་འདས་པ་དང་སྐུ་གསུམ་པོ་བྱང་ཆུབ་ཆེན་པོའི་གནས་སྐབས་ཁོ་ན་ཡིན་ན་ཇི་ལྟར་བྱང་ཆུབ་ཆེན་པོ་ཀུན་དུ་སྒྲུབ་པར་བྱེད་པ་ཡིན་ཞེ་ན། རྒྱུད་གཞན་དག་ལ་ཆོས་ཀྱི་
དབྱིངས་ཀྱི་རྒྱུ་མཐུན་པ་ཐོས་པའི་བག་ཆགས་ཀྱི་རིམ་གྱིས་སོ། །ཡོང་ནི་བྱང་ཆུབ་ཡེ་ཤེས་ཡིན་མོད་ཀྱི། འོན་ཀྱང་ཚིག་ཕྱེ་ནས་སྦྱར་བར་བྱ་སྟེ། གང་གི་ཕྱིར་འདི་དག་བྱང་ཆུབ་ཆེན་པོ་ཀུན་དུ་སྒྲུབ་པར་བྱེད་པ་དེའི་ཕྱིར་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱེད་པ་ཡིན་ནོ། །བྱང་ཆུབ་ཆེན་པོ་ཀུན་

དུ་སྒྲུབ་པར་བྱེད་པ་དེ་ཡང་ཤིན་ཏུ་འཐད་པ་ཞེས་བྱ་བ་ལ་སོགས་པ་ཚིག་གསུམ་གྱིས་ཁྱད་པར་དུ་བྱེད་དེ། དེ་ལ་ཤིན་དུ་འཐད་པ་ནི་དམིགས་པའི་ངོ་བོ་ཉིད་ཀྱི་ཐེག་པ་ཆེན་པོ་གང་ཡིན་པ་ཤེས་བྱའི་གནས་དང་། ཤེས་བྱའི་མཚན་ཉིད་དེ་ཕྱིན་ཅི་མ་ལོག་པའི་ཕྱིར་རོ། །མཐུན་པ་ནི་སྤྱོད་པའི་ངོ་བོ་ཉིད་
ཀྱི་ཐེག་པ་ཆེན་པོ་གང་ཡིན་པ་ཤེས་བྱ་ལ་འཇུག་པ་ལ་སོགས་པ་རྣམ་པ་དྲུག་སྟེ། འབྲས་བུའི་རྗེས་སུ་མཐུན་པའི་ཕྱིར་རོ། །འགལ་བ་མེད་པ་ནི་འབྲས་བུའི་ངོ་བོ་ཉིད་ཀྱི་ཐེག་པ་ཆེན་པོ་གང་ཡིན་པ་སྤངས་པ་དང་། ཡེ་ཤེས་ཀྱི་ཁྱད་པར་གྱི་ངོ་བོ་སྟེ། རྒྱུ་དང་མི་འགལ་བའི་ཕྱིར་རོ། །རྣམ་པ་
གཅིག་ཏུ་ན་རྣམ་པ་བཅུ་པོ་ངོ་བོ་ཉིད་གསུམ་གྱི་ནང་དུ་འདུས་པའི་ཕྱིར་ངོ་བོ་ཉིད་གསུམ་གྱི་དབྱེ་བས་ཤིན་ཏུ་འཐད་པ་ལ་སོགས་པ་ཡིན་ཏེ། དེ་ལ་ཤིན་ཏུ་འཐད་པ་ནི་ཡོངས་སུ་གྲུབ་པ་སྟེ། ཚད་མ་དང་མི་འགལ་བའི་ཕྱིར་རོ། །མཐུན་པ་ནི་གཞན་གྱི་དབང་སྟེ། རྣམ་པར་བྱང་བ་དང་མཐུན་པའི་ཕྱིར་རོ། །
འགལ་བ་མེད་པ་ནི་ཀུན་བརྟགས་པ་སྟེ། ཐ་སྙད་དང་མི་འགལ་བའི་ཕྱིར་རོ། །རྣམ་པ་གཅིག་ཏུ་ན་རྣམ་པ་བཅུ་ཆར་མངོན་སུམ་གྱི་ཚད་མ་དང་ལྡན་པའི་ཕྱིར་ཤིན་ཏུ་འཐད་པའོ། །རྗེས་སུ་དཔག་པ་དང་ལྡན་པའི་ཕྱིར་མཐུན་པའོ། །སྔོན་གྱི་སངས་རྒྱས་ཀྱི་ལུང་དང་མི་འགལ་བའི་ཕྱིར་འགལ་བ་མེད་
པའོ། །རྣམ་པ་གཅིག་ཏུ་ན་མངོན་སུམ་དང་རྗེས་སུ་དཔག་པ་དང་ལུང་རྣམས་དང་ལྡན་པའི་ཕྱིར་ཤིན་ཏུ་འཐད་པའོ། །རྣམ་པར་བྱང་བ་དང་མཐུན་པའི་ཕྱིར་མཐུན་པའོ། །འགལ་བ་ཀུན་ནས་ཉོན་མོངས་པའི་དགྲ་བོར་གྱུར་པའི་ཕྱིར་འགལ་བ་མེད་པའོ། །རྣམ་པ་གཅིག་ཏུ་ན་བདེན་པ་གསུམ་
གྱི་སྐབས་ཀྱི་མཚན་ཉིད་ཀྱི་བདེན་པའི་དབང་དུ་བྱས་ནས་ཤིན་ཏུ་འཐད་པའོ། །དོན་དམ་པའི་བདེན་པའི་དབང་དུ་བྱས་ནས་མཐུན་པའོ། །ཀུན་རྫོབ་ཀྱི་བདེན་པའི་དབང་དུ་བྱས་ནས་འགལ་བ་མེད་པའོ། །རྣམ་པ་གཅིག་ཏུ་ན་རྣམ་པ་བཅུ་པོ་བསྐལ་པ་གྲངས་མེད་པ་དང་པོས་བསྡུས་པ་ནི་ཤིན་ཏུ་
འཐད་པ་སྟེ། ས་གོང་མ་དང་མཐུན་པའི་ཕྱིར་རོ། །བསྐལ་པ་གྲངས་མེད་པ་གཉིས་པས་བསྡུས་པ་ནི་མཐུན་པ་སྟེ། ལྷག་པའི་བསམ་པ་རྣམ་པར་དག་པའི་ཕྱིར་རོ། །བསྐལ་པ་གྲངས་མེད་པ་གསུམ་པས་བསྡུས་པ་ནི་འགལ་བ་མེད་པ་སྟེ། མངོན་པར་འདུ་བྱ་བ་མེད་པར་འཇུག་པའི་ཕྱིར་

རོ། །རྣམ་པ་གཅིག་ཏུ་ན་རང་བཞིན་དུ་གནས་པའི་རིགས་ཀྱིས་བསྡུས་པ་ནི་ཤིན་ཏུ་འཐད་པའོ། །ཡང་དག་པར་བསྒྲུབ་པའི་རིགས་ཀྱིས་བསྡུས་པ་ནི་མཐུན་པའོ། །འབྲས་བུའི་གནས་སྐབས་ཀྱིས་བསྡུས་པ་ནི་འགལ་བ་མེད་པའོ། །དེ་ལ་འདིར་གནས་བཅུ་པོ་འདི་དག་གི་གོ་རིམས་
ནི་བསྟན་ཟིན་པ་ཉིད་དེ། དམིགས་པའི་ངོ་བོ་ཉིད་གང་ཡིན་པ་དེ་ནི་རྒྱུ་ཡིན་པའི་ཕྱིར་དང་པོར་བསྟན་ཏོ། །དམིགས་པ་ཇི་ལྟ་བ་བཞིན་ཤེས་བྱ་ལ་འཇུག་པ་ལ་སོགས་པ་དྲུག་ནི་དེའི་འབྲས་བུ་ཡིན་པའི་ཕྱིར་ཕྱིས་སོ། །སྤངས་པ་དང་ཡེ་ཤེས་ཀྱི་ཁྱད་པར་དག་ནི་དེའི་འབྲས་བུ་ཡིན་པའི་ཕྱིར་དེ་བས་ཀྱང་
ཕྱིས་སོ། །དམིགས་པ་དག་ལ་ཡང་སྔ་ཕྱི་ནི་ཤེས་བྱའི་གནས་ནི་རྒྱུ་ཡིན་པའི་ཕྱིར་རོ། །ཤེས་བྱའི་མཚན་ཉིད་ནི་འབྲས་བུ་ཡིན་པའི་ཕྱིར་རོ། །ཤེས་བྱ་ལ་འཇུག་པ་ལ་སོགས་པ་དྲུག་ལ་ཡང་གསུམ་ཚན་དང་པོ་གང་ཡིན་པ་དེ་ནི་གང་ཟག་གི་གནས་སྐབས་ཀྱིས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་དང་པོར་
བསྟན་ཏོ། །གསུམ་ཚན་གཉིས་པ་སྤྱོད་པའི་ངོ་བོ་ཉིད་ནི་དེ་ལ་བརྟེན་པ་ཡིན་པའི་ཕྱིར་ཕྱིས་བསྟན་ཏོ། །གསུམ་ཚན་དང་པོ་ལ་ཡང་རྣམ་པ་དང་པོ་གཉིས་གང་ཡིན་པ་དེ་ནི་ཉེ་བར་ལེན་པ་ཡིན་པའི་ཕྱིར་སྔར་བསྟན་ཏོ། །རྣམ་པ་གསུམ་པ་གང་ཡིན་པ་དེ་ནི་ཉེ་བར་བླང་བར་བྱ་བ་ཡིན་པའི་ཕྱིར་ཕྱིས་སོ། །རྣམ་པ་དང་
པོ་གཉིས་ལ་ཡང་ཤེས་བྱ་ལ་འཇུག་པ་ནི་རྒྱུ་ཡིན་པའི་ཕྱིར་དང་པོར་རོ། །རྣམ་པ་གཉིས་པ་ནི་འབྲས་བུ་ཡིན་པའི་ཕྱིར་ཕྱིས་སོ། །སྒྲུབ་པ་ལ་ཡང་མི་མཐུན་པའི་ཕྱོགས་ཇི་ལྟར་རགས་པ་བཞིན་གོ་རིམས་ཡིན་ཏེ། འདི་ལྟར་འཆལ་པའི་ཚུལ་ཁྲིམས་ནི་བརྟག་སླ་བའི་ཕྱིར་ཆེས་རགས་པས། དེའི་
གཉེན་པོར་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པའོ། །དེ་བཞིན་དུ་རྒོད་པ་དང་། རྣམ་པར་གཡེང་བ་ལ་སོགས་པ་རགས་པ་དེ་དག་གི་གཉེན་པོར་ལྷག་པའི་སེམས་ཀྱི་བསླབ་པའོ། །དེ་བཞིན་དུ་གནས་ངན་ལེན་གྱི་ས་བོན་རྗེས་སུ་འབྲེལ་པ་ནི་ཕྲ་བས་དེའི་གཉེན་པོར་ལྷག་པའི་ཤེས་རབ་ཀྱི་
བསླབ་པའོ། །རྣམ་པ་གཅིག་ཏུ་ན་སའི་རིམ་པས་གོ་རིམས་སུ་བསླབ་པ་ཡིན་ཏེ། འདི་ལྟར་ས་གཉིས་པ་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པས་རབ་ཏུ་ཕྱེ་བ་ཡིན་ཏེ། དེ་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་ཕྱིར་རོ། །ས་གསུམ་པ་ནི་ལྷག་པའི་སེམས་ཀྱི་

བསླབ་པས་རབ་ཏུ་ཕྱེ་བ་ཡིན་ཏེ། འཇིག་རྟེན་པའི་བསམ་གཏན་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པས་གནས་པའི་ཕྱིར་རོ། །བཞི་པ་ལ་སོགས་པ་ནི་ལྷག་པའི་ཤེས་རབ་ཀྱི་བསླབ་པས་རབ་ཏུ་ཕྱེ་བ་ཡིན་ཏེ། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་ལ་སོགས་པ་རབ་ཏུ་རྣམ་པར་འབྱེད་པས་
གནས་པའི་ཕྱིར་རོ། །སྤངས་པ་དང་ཡེ་ཤེས་དག་ཀྱང་བདེན་པ་ཇི་ལྟར་བསྟན་པ་བཞིན་གོ་རིམས་ཡིན་ཏེ། འདི་ལྟར་མི་གནས་པའི་མྱ་ངན་ལས་འདས་པ་ནི་འགོག་པའི་བདེན་པས་བསྡུས་པ་ཡིན་ལ། དེའི་འབྲས་བུར་གྱུར་པ་ཡེ་ཤེས་ནི་ལམ་གྱི་བདེན་པས་བསྡུས་པ་ཡིན་ཏེ། ཡེ་ཤེས་ཀྱི་
ཁྱད་པར་ནི་སྤངས་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་གོ་རིམས་དེ་ལྟར་བསྟན་ཏོ། །བསྟན་བཅོས་མཛད་པས་ནི་གོ་རིམས་གཞན་དུ་བསྟན་པའི་ཕྱིར། ཆོས་རྣམས་ཀྱི་རྒྱུ་ལ་མཁས་པ་ལ་བརྟེན་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུ་མེད་པ་དང་མི་མཐུན་པའི་རྒྱུ་ཡོངས་སུ་སྤངས་པའི་ཕྱིར་རྒྱུ་
ལ་མཁས་པའོ། །དེའི་ཆེད་དུ་ཤེས་བྱའི་གནས་བསྟན་ཏེ། ཆོས་ཐམས་ཅད་ནི་ཀུན་གཞི་རྣམ་པར་ཤེས་པ་ལ་རག་ལས་པའི་ཕྱིར་རོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པར་ཞེས་བྱ་བ་ནི་སྡུག་པ་དང་མི་སྡུག་པའི་འགྲོ་བ་རྣམ་པར་འབྱེད་པ་དང་ཉེ་བར་སྤྱོད་པ་པའི་རྟེན་ཅིང་འབྲེལ་པར་
འབྱུང་བ་བསྟན་པའི་ཕྱིར་རོ། །རྒྱུ་ལ་མཁས་པ་ཞེས་བྱ་བ་སྨོས་པ་ནི། ངོ་བོ་ཉིད་རྣམ་པར་འབྱེད་པ་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་རབ་ཏུ་བསྟན་པའི་ཕྱིར་ཏེ། འདིར་ཡང་གཞན་ལ་མཁས་པ་ནི་ངོ་བོ་ཉིད་རྣམ་པར་འབྱེད་པ་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་སྔོན་དུ་འགྲོ་བ་ཅན་ཡིན་
པའི་ཕྱིར། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པར་ཕྱིས་བསྟན་ཏོ། །དེའི་འོག་ཏུ་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་ན་ཆོས་རྣམས་ཀྱི་མཚན་ཉིད་ལ་འཇུག་པར་ནུས་པས་ཤེས་བྱའི་མཚན་ཉིད་བསྟན་ཏོ། །སྒྲོ་འདོགས་པ་དང་སྐུར་པའི་མཐའི་ཉེས་པ་ཡོངས་སུ་སྤངས་པ་ཞེས་བྱ་བ་དེ་ལ་ཀུན་
བརྟགས་ལ་སྒྲོ་འདོགས་པ་ནི་བྱེ་བྲག་ཏུ་སྨྲ་བ་ལ་སོགས་པ་ལྟ་བུ་སྟེ། གཟུགས་ལ་སོགས་པ་ལ་དེ་ཁོ་ན་ཉིད་དུ་ཁས་ལེན་པའི་ཕྱིར་རོ། །གཞན་གྱི་དབང་ལ་སྐུར་པ་འདེབས་པ་ནི་བདག་ཉིད་ཐམས་ཅད་དུ་གདགས་པའི་གཞི་སྤང་བའི་ཕྱིར་རོ། །ཡོངས་སུ་གྲུབ་པ་ལ་སྐུར་པ་འདེབས་པ་ཡང་ཁ་

ཅིག་ཏུ་མེད་པར་རྟོགས་པའམ། ཀུན་རྫོབ་ཏུ་ཡོད་པར་རྟོགས་པའི་ཕྱིར་རོ། །རེ་ཞིག་གཅིག་ཏུ་མེད་པ་ནི་མ་ཡིན་ཏེ། དེ་བཞིན་ཉིད་རྫས་ཀྱི་ཆོས་ཡིན་པའི་ཕྱིར་རོ། །གདགས་པའི་ཉེ་བར་ལེན་པ་མེད་པར་ནི་བཏགས་པའི་ངོ་བོས་སྟོང་པའི་དེ་བཞིན་ཉིད་ངེས་པར་གཟུང་
བར་མི་ནུས་སོ། །མི་རྟག་པ་ཉིད་ལ་སོགས་པ་བཞིན་དུ་བཏགས་པའི་ཡོད་པ་ཡང་མ་ཡིན་ཏེ། དེ་དག་ནི་གནས་སྐབས་ཀྱི་བྱེ་བྲག་ལ་བཏགས་པས་འཁྲུལ་པའི་ཕྱིར་ལ། དེ་བཞིན་ཉིད་ནི་གནས་སྐབས་ཐམས་ཅད་དུ་མི་འཁྲུལ་པའི་ཕྱིར་རོ། །དེ་བས་ན་བསྟན་པའི་ཕྱིར་རྫས་ཡིན་ལ། རྫས་
ཀྱི་ཆོས་ཡིན་པའི་ཕྱིར་མེད་པ་ཉིད་ཀྱང་མ་ཡིན་ནོ། །དེ་ལྟར་ན་བརྟགས་པ་ལ་སྒྲོ་འདོགས་པར་མི་བྱེད་པའི་ཕྱིར་དང་། གཞན་གྱི་དབང་དང་ཡོངས་སུ་གྲུབ་པ་དག་ལ་སྐུར་པ་འདེབས་པར་མི་བྱེད་པའི་ཕྱིར་སྒྲོ་འདོགས་པ་དང་སྐུར་པའི་ཉེས་པ་སྤངས་པ་ཉིད་དོ། །ཡང་ན་ངོ་བོ་ཉིད་རེ་རེ་ལ་ཡང་སྒྲོ་འདོགས་པ་
དང་སྐུར་པའི་ཉེས་པ་སྤངས་པ་ཉིད་སྦྱར་ཏེ་དེ་ལ་བརྟགས་པ་ལ་སྒྲོ་འདོགས་པ་ཉིད་སྔ་མ་བཞིན་ནོ། །སྐུར་པ་འདེབས་པ་ནི་ཐམས་ཅད་ཀྱི་ཐམས་ཅད་དུ་ཀུན་རྫོབ་ཏུ་ཡང་སེལ་བའི་ཕྱིར་རོ། །གཞན་གྱི་དབང་ལ་སྒྲོ་འདོགས་པ་ནི་མདོ་སྡེ་པ་ལ་སོགས་པ་ལྟ་བུ་སྟེ། དེ་ཁོ་ན་ཉིད་ཁོ་ནར་ཁས་ལེན་པའི་
ཕྱིར་རོ། །འདི་ལྟར་སེམས་དང་སེམས་ལས་བྱུང་བ་རྣམས་རིགས་མཐུན་པའི་དངོས་པོ་དང་བྲལ་བའི་ཕྱིར་དེ་ཁོ་ནའི་བདག་ཉིད་དུ་ནི་བསྒྲུབ་པར་ནི་མི་ནུས་ཀྱི། དེ་ནི་འཇིག་རྟེན་གྱི་ཐ་སྙད་ཀྱིས་གཞི་མེད་པར་མ་བརྟགས་པས་རྟེན་ཅིང་འབྲེལ་པ་ཉིད་དུ་ཁས་བླང་བ་འབའ་ཞིག་ཏུ་ཟད་དོ། །གཟུགས་
ནི་འཇིག་རྟེན་གྱི་ཐ་སྙད་ཀྱིས་སེམས་དང་སེམས་ལས་བྱུང་བ་ལས་གུད་ན་ཡོད་པར་བརྟགས་ཏེ། རྨི་ལམ་ལ་སོགས་པ་ལ་འཁྲུལ་པའི་ཕྱིར་དང་། ཤིན་ཏུ་བརྟགས་མི་བཟོད་པའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་ཡིན་པ་བསལ་ལོ། །སྐུར་པ་འདེབས་པ་ནི་སྔ་མ་བཞིན་སྦྱར་རོ། །ཡོངས་
སུ་གྲུབ་པ་ལ་སྒྲོ་འདོགས་པ་ནི་ཇི་ལྟར་བརྗོད་པ་དེ་ཁོ་ན་བཞིན་དུ་དེ་ཁོ་ན་ཉིད་དུ་ཡོངས་སུ་འཛིན་པའི་ཕྱིར་རོ། །སྐུར་པ་འདེབས་པ་ནི་སྔ་མ་བཞིན་ནོ། །གཞན་དག་ནི་གཞན་གྱི་དབང་ལ་སྒྲོ་འདོགས་པ་བཞིན་དུ་འཆད་དེ། ཇི་ལྟར་འཛིན་པའི་བདག་ཉིད་དུ་གྲགས་པ་དེ་ལྟར་མངོན་པར་ཞེན་པའི་

ཕྱིར་ཡིན་གྱི། ཡོད་པའི་ཕྱིར་གཟུང་བ་དང་འཛིན་པས་དབེན་པའི་བདག་ཉིད་དུ་ནི་མ་ཡིན་ཏེ། དེ་ལྟར་སྒྲོ་འདོགས་པའི་ཕྱིར་སྒྲོ་འདོགས་པ་ཡིན་ནོ་ཞེས་སོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་དེ་དག་ལ་ཞེས་བྱ་བས་འདིར་བརྒལ་བ། གལ་ཏེ་རྟེན་ཅིང་འབྲེལ་པར་འབྱུང་བ་དག་ལ་སྒྲོ་འདོགས་པ་དང་
སྐུར་པ་འདེབས་པ་སྤངས་པ་ཉིད་ཀྱིས་མཚན་ཉིད་ལ་མཁས་པ་ཡིན་ན་བརྟགས་པ་དང་ཡོངས་སུ་གྲུབ་པ་དག་ལ་མཁས་པ་གོ་སྐབས་སུ་ཅི་འབབ་སྟེ། གཅིག་ནི་མེད་པ་ཉིད་ཀྱིས་རྟེན་ཅིང་འབྲེལ་པར་འབྱུང་བ་མ་ཡིན་པའི་ཕྱིར་ལ། ཅིག་ཤོས་དེ་བཞིན་ཉིད་ཀྱི་མཚན་ཉིད་ཀྱང་རྟག་པའི་ཕྱིར་རོ། ཞེ་ན་དེ་ནི་
མ་ཡིན་ཏེ། མཚན་ཉིད་ལ་མཁས་པ་ཞེས་བཤད་པ་མཚན་ཉིད་ནི། འདིས་མཚོན་པས་ན་གཞན་གྱི་དབང་ལ་ཀུན་བརྟགས་པ་དང་ཡོངས་སུ་གྲུབ་པ་ཡིན་ཏེ། འདི་ལྟར་སེམས་ཅན་མ་དག་པ་རྣམས་ཀྱིས་ནི་བརྟགས་པའི་བདག་ཉིད་དུ་དག་པ་རྣམས་ཀྱིས་ནི་བདག་མེད་པའི་བདག་ཉིད་དུ་མཚོན་ཏོ། །
གཞན་གྱི་དབང་རང་ཉིད་ནི་མཚོན་པར་བྱ་བ་ཡིན་པས་ན་མཚན་ཉིད་དེ་དེ་ཉིད་སྦྱར་བར་བྱའོ། །འདི་ལ་ཐམས་ཅད་ཀྱི་ཀུན་རྫོབ་ཀྱི་བདེན་པ་བཞི་དང་། དོན་དམ་པའི་བདེན་པ་བཞིའོ། །དེ་ལ་འཇིག་རྟེན་གྱི་ཀུན་རྫོབ་ཏུ་ནི་བརྟགས་པ་ལ་སྒྲོ་ཡང་མི་འདོགས་སྐུར་པ་ཡང་མི་འདེབས་སོ། །རིགས་པའི་
ཀུན་རྫོབ་ཏུ་ནི་སེམས་དང་སེམས་ལས་བྱུང་བའི་ངོ་བོ་ཉིད་གཞན་གྱི་དབང་ལ་སྒྲོ་ཡང་མི་འདོགས་སྐུར་པ་ཡང་མི་འདེབས་སོ། །རྟོགས་པའི་ཀུན་རྫོབ་ཏུ་ནི་བདེན་པའི་ལུགས་ཇི་ལྟར་རྣམ་པར་གཞག་པ་ལ་མངོན་པར་ཞེན་པ་ཉིད་ཀྱིས་སྒྲོ་ཡང་མི་འདོགས་ལ། མངོན་པར་རྟོགས་པ་དང་མཐུན་པ་
མེད་པར་སྐུར་པ་ཡང་མི་འདེབས་སོ། །དོན་དམ་པའི་ཀུན་རྫོབ་ཏུ་ནི་ཇི་སྐད་བརྗོད་པའི་ཡོངས་སུ་གྲུབ་པ་ལ། སྒྲོ་ཡང་མི་འདོགས་སྐུར་པ་ཡང་མི་འདེབས་ཏེ། དེ་བཞིན་དུ་འཇིག་རྟེན་གྱི་དོན་དམ་པ་དང་རིགས་པའི་དོན་དམ་པ་དང་། རྟོགས་པའི་དོན་དམ་པ་དང་། དོན་དམ་པའི་དོན་དམ་པས་དེ་ཁོ་
ན་བཞིན་དུ་སྒྲོ་འདོགས་པ་དང་། སྐུར་པ་འདེབས་པ་སྤངས་པ་ཉིད་སྦྱར་བར་བྱའོ། །གཞན་དག་ནི་ཕུང་པོ་ལ་སོགས་པ་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམས་ལ་བདེ་བ་དང་སྡུག་བསྔལ་བ་དང་རྨོངས་པ་ཡོངས་སུ་འགྱུར་བ་ལ་སོགས་པ་ཉིད་དུ་སྒྲོ་འདོགས་པའི་ཕྱིར་སྒྲོ་འདོགས་པའོ། །

བདག་ཉིད་ཐམས་ཅད་དུ་མེད་པར་རྟོགས་པའི་ཕྱིར་སྐུར་པ་འདེབས་པའོ་ཞེས་བརྗོད་དེ། བརྟགས་པ་ལ་སོགས་པ་ངོ་བོ་ཉིད་གསུམ་དང་སྦྱོར་བས་ནི་མ་ཡིན་ནོ། །རྟོགས་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་ལ། མཁས་པ་དང་པོ་ལ་ནི་ཕན་ཡོན་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་
མཁས་པ་ཡིན་ལ། གཉིས་པ་ལ་ཡང་མཐའ་གཉིས་སྤང་བ་ལ་མཁས་པ་མ་ཡིན་ནམ། མཁས་པ་ནི་ཤེས་པ་ཡིན་པས་དེ་ཉིད་རྟོགས་པ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། མཁས་པ་ནི་མོས་པས་སྤྱོད་པའི་ཐོས་པ་ལས་བྱུང་བ་དང་། བསམས་པ་ལས་བྱུང་བ་དང་། བསྒོམས་པ་ལས་བྱུང་བ་ཟག་
པ་དང་བཅས་པ་ཡིན་པར་བཞེད་ལ། རྟོགས་པ་ནི་ཟག་པ་མེད་པའི་ཡེ་ཤེས་ཡིན་ནོ། །དེས་སྒྲིབ་པ་རྣམས་ལས་ཞེས་བྱ་བ་ལ་སོགས་པ་ནི། དེ་ལ་དྲོ་བའི་གནས་སྐབས་ན་ནི་ཕ་རོལ་ཏུ་ཕྱིན་པའི་མི་མཐུན་པའི་ཕྱོགས་སེར་སྣ་ལ་སོགས་པ་རྣམ་པར་གནོན་པའི་སྤོང་བས་ཀུན་དུ་མི་འབྱུང་བ་ཙམ་རྣམ་པར་གྲོལ་བ་
ཡིན་ཏེ། དེ་དག་ནི་བསྒོམ་པས་སྤང་བར་བྱ་བ་ཡིན་པའི་ཕྱིར་རོ། །རྩེ་མོ་དང་བཟོད་པ་དང་ཆོས་ཀྱི་མཆོག་གི་གནས་སྐབས་ན་ནི། མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་ཀུན་བརྟགས་པ་རྣམ་པར་གནོན་པ་རྣམ་པར་གྲོལ་བ་ཡིན་ནོ། །མཐོང་བའི་
ལམ་གྱི་གནས་སྐབས་ན་ནི་སྒྲིབ་པ་རྣམ་པ་དེ་གཉི་གའི་ས་བོན་ཡང་དག་པར་བཅོམ་པ་རྣམ་པར་གྲོལ་བ་ཡིན་ནོ། །དེ་ཡན་ཆད་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་བར་དུ་ནི་ཤེས་བྱའི་སྒྲིབ་པའི་ས་བོན་ལྷན་ཅིག་སྐྱེས་པ་རིམ་གྱིས་ཡང་དག་པར་འཇོམས་ཏེ། འཇིག་ཚོགས་ལ་ལྟ་བ་དང་མཐར་འཛིན་པར་
ལྟ་བ་ལྷན་ཅིག་སྐྱེད་པ་ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པ་དག་ནི་ས་བཞི་པ་ལ་ཐམས་ཅད་ཀྱི་ཐམས་ཅད་དུ་རྣམ་པར་མནན་ཏོ། །དེ་ལས་གཞན་པ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམས་རྣམ་པ་ཐམས་ཅད་དུ་རྣམ་པར་མནན་པ་དང་། ཉོན་མོངས་པ་ཅན་གྱི་ཡིད་ནི་ས་
བརྒྱད་པ་ལ་རྣམ་པར་མནན་ཏོ། །ཐམས་ཅད་ཀྱི་ས་བོན་དང་ཉོན་མོངས་པས་འཕངས་པའི་བག་ཆགས་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཅིག་ཅར་ཀུན་ནས་འཇོམས་སོ། །ལྷག་པའི་བསམ་པ་དག་པ་ལ་བརྟེན་ནས་ཞེས་བྱ་བ་ནི། ས་བཅུ་པ་ལས་བསྟན་པ་དྲང་པོའི་བསམ་པ་ཉིད་ལ་

སོགས་པས་སོ། །སྔར་སྦྱོར་བ་ཅན་གྱི་ཞེས་བྱ་བ་ལ་སོགས་པ་ནི། རྒྱུན་གཅིག་པའི་ཕྱིར་དེ་སྐད་བརྗོད་དེ། རྒྱུར་གྱུར་པ་གང་དག་ཡིན་པ་དེ་དག་རྟོགས་པའི་སྒོ་ནས་བསྒྲུབ་པར་བྱ་བ་ཡིན་ནོ། །རྟོགས་པར་བསྒྲུབ་པ་ཡང་ཕ་རོལ་ཏུ་ཕྱིན་པའི་མི་མཐུན་པའི་ཕྱོགས་སེར་སྣ་ལ་སོགས་པའི་ས་བོན་
བཅོམ་པ་དང་། འཁོར་གསུམ་ཡོངས་སུ་དག་པས་ཡོངས་སུ་ཟིན་པའི་སྒོ་ནས་ཕ་རོལ་ཏུ་ཕྱིན་པ་རྣམས་གགས་མེད་པར་འཇུག་པ་གང་ཡིན་པའོ། །དེའི་འོག་ཏུ་ལྷག་པའི་བསམ་པ་དག་པའི་རྒྱུ་ཅན་ས་བཅུའི་མཚན་ཉིད་བསྒོམ་པ་རབ་ཏུ་དབྱེ་བ་ཡིན་པས་དེ་བསྟན་ཏོ། །དེ་ཡང་ཡོང་ནི་བསྐལ་པ་
གྲངས་མེད་པ་གཉིས་ཀྱིས་ཡིན་མོད་ཀྱི། འོན་ཀྱང་གསུམ་ཉིད་ནི་དེར་ཡོངས་སུ་རྫོགས་པ་ཡིན་པས་གྲངས་མེད་པ་གསུམ་དུ་ཞེས་བཤད་དོ། །བསླབ་པ་ཡོངས་སུ་རྫོགས་པ་ནི་ས་ལ་བརྟེན་པ་ཡིན་པའི་ཕྱིར། དེའི་འོག་ཏུ་བསླབ་པ་གསུམ་སྟེ། འདི་དག་གི་ནང་གོ་རིམས་ནི་སྔ་མ་བཞིན་ནོ། །
ལྷག་མའི་གོ་རིམས་ཀྱང་སྔ་མ་བཞིན་ནོ། །ཐེག་པ་ཆེན་པོ་ཐམས་ཅད་ཡོངས་སུ་རྫོགས་པ་ཡིན་ནོ་ཞེས་བྱ་བ་ནི། དམིགས་པ་ལ་སོགས་པའི་བྱེ་བྲག་ཅི་སྐད་བཤད་པའི་སྒོ་ནས་སོ། །འདི་ནི་བཅུ་པོ་མདོར་བསྡུས་ནས་རྣམ་པར་བཤད་པ་ཡིན་ཏེ། །རྒྱས་པར་ནི་འདི་མན་ཆད་ནས་སྟོན་ཏོ། །དེར་
ཡང་རྣམ་གྲངས་དང་རང་གི་མཚན་ཉིད་དང་རིགས་པ་དང་རབ་ཏུ་དབྱེ་བ་དང་རྣམ་པ་བཞི་རྣམ་པར་བཤད་པར་བྱ་སྟེ། ཉན་པ་པོ་རྣམས་ཀྱིས་བྱེ་བྲག་ཏུ་རྟོགས་པར་བྱ་བའི་ཕྱིར་དང་པོར་རྣམ་གྲངས་ཙམ་ཞིག་བསྙད་དོ། །དེའི་འོག་ཏུ་བརྗོད་པར་བྱ་བར་འདོད་པ་རྣམས་ལ་མཚན་ཉིད་བརྗོད་དོ། །རང་
གི་མཚན་ཉིད་རབ་ཏུ་གྲུབ་པར་བྱ་བའི་ཕྱིར་རིགས་པ་རྒྱས་པའོ། །རིགས་པས་བསྒྲུབས་པ་རང་གི་གྲུབ་པའི་མཐའ་ལ་རྣམ་པར་གནས་པར་བྱ་བའི་ཕྱིར་རབ་ཏུ་དབྱེ་བའོ། །རྣམ་གྲངས་ལ་ཡང་ཁྱད་པར་རྣམ་པ་བཞི་སྟེ། ཐེག་པ་ཆེན་པོའི་ཐུན་མོང་མ་ཡིན་པ་དང་། ཉན་ཐོས་ཀྱི་ཐེག་པ་དང་
ཐེག་པ་ཆེན་པོ་ཐུན་མོང་པ་དང་། ཉན་ཐོས་ཀྱི་ཐེག་པའི་ཐུན་མོང་མ་ཡིན་པ་དང་། དེའི་བརྩད་པའོ། །དེ་ལ་བརྩད་པ་ནི་འདི་ཡིན་ཏེ། ཅི་འཇུག་པའི་རྣམ་པར་ཤེས་པའི་རྒྱུད་ལ་ཀུན་གཞི་རྣམ་པར་ཤེས་པ་ཞེས་བྱ་བས་རྣམ་གྲངས་ཤིག་ཡིན་ནམ་འོན་ཏེ་དེ་དང་ཐ་དད་པ་ཞིག་ཡིན་ཞེས་བྱ་བའོ། །དེ་ལ་

རེ་ཞིག་རྣམ་གྲངས་དང་པོའི་དབང་དུ་མཛད་ནས། བཅོམ་ལྡན་འདས་ཀྱིས་ཀུན་གཞི་རྣམ་པར་ཤེས་པ་ཞེས་བསྟན་པས་ཀུན་གཞིའི་རྣམ་པར་ཤེས་པ་གང་དུ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདིར་ནི་འདྲི་བའི་ལན་འཆད་པར་འགྱུར་བ་དང་སྦྱར་ན་འདྲི་བ་འདི་ཐེག་པ་ཆེན་པོ་
པ་མི་མཁས་པ་ཞིག་ཡིན་པར་མངོན་ཏེ། འདི་ལྟར་དྲིས་པའི་དོན་ཐེག་པ་ཆེན་པོར་གཏོགས་པའི་མདོ་བརྗོད་པས་གཏན་ལ་དབབ་པ་མཛད་དོ། །འོན་ཏེ་སྡེ་པ་ཞིག་འདྲི་ན་འོན་ཀྱང་ཉེས་པ་མེད་དེ། འདི་ལྟར་དེ་ལྟར་ཚད་མས་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་གསུང་ཡིན་པར་ཁས་ལེན་དུ་བཅུག་པས་སོ། །
ཡང་ན་སློབ་དཔོན་ཉིད་ཀྱིས་མ་འོངས་པའི་སྐྱེ་བོ་ལ་བལྟས་ནས། བདག་ཉིད་ཀྱིས་དྲིས་ནས་ལན་གདབ་པ་བྱས་པ་ཡིན་ནོ། །ཐོག་མ་མེད་པའི་ཞེས་བྱ་བ་ལ་སོགས་པ་ནི། འདིར་ཡང་ཀུན་གཞི་རྣམ་པར་ཤེས་པ་ཞེས་བྱ་བའི་རྣམ་གྲངས་འདི་བྲིས་ན་ཤེས་བྱའི་གནས་ཞེས་བྱ་བའི་སྒྲ་ཆོས་ཀུན་གྱི་གནས་
ཡིན་པ་ཉིད་དུ་སྟོན་པ་མཛད་དེ། ཀུན་གཞི་རྣམ་པར་ཤེས་པ་དྲིས་ན། དེ་ཡང་དྲི་བ་བྱས་པ་ཡིན་ནོ་སྙམ་དུ་དགོངས་པས་སོ། །དེའི་ཕྱིར་འདི་ནི་སྐབས་སུ་མ་བབ་པ་མ་ཡིན་གྱི་སྐབས་སུ་བབ་པ་ཡིན་ནོ། །རྣམ་པ་གཅིག་ཏུ་ན་ཀུན་གཞིའི་རྣམ་པར་ཤེས་པའི་ལན་གདབ་པར་མཛད་པ་ཡིན་ན་ཡང་ཅི་ལྟར་སྔར་
ཤེས་བྱའི་གནས་བསྟན་ནས་ཀུན་གཞིའི་རྣམ་པར་ཤེས་པ་བསྟན་པ་དེ་བཞིན་དུ་འདིར་ཡང་ཤེས་བྱའི་གནས་ཀྱི་ངོ་བོ་ཉིད་དཔྱད་པས་ཀུན་གཞི་རྣམ་པར་ཤེས་པའི་སྒྲ་དཔྱོད་པར་མཛད་པ་ཡིན་ནོ། །རྣམ་གྲངས་ཀྱི་སྐབས་སུ་དོན་གྱི་སྐབས་ལ་ཅི་འབབ་ཅེས་བརྗོད་པར་ཡང་མི་ནུས་ཏེ། རང་གི་མཚན་ཉིད་བསྟན་པ་འདི་ལྟར་
མ་ཡིན་པ་ནི་འོག་ནས་འཆད་པར་འགྱུར་པའི་ཕྱིར་རོ། །ཐོག་མ་མེད་པའི་དུས་ཀྱི་ཞེས་བྱ་བ་ནི་གློ་བུར་དུ་བྱུང་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དབྱིངས་ཞེས་བྱ་བ་ནི་རྒྱུ་ཞེས་བྱ་བའི་ཐ་ཚིག་གོ། །ཆོས་རྣམས་ཀུན་གྱི་འདྲི་བའི་གནས། །ཞེས་བྱ་བ་ནི། འདི་ལ་རེ་ཞིག་ལས་དགེ་བ་དང་མི་དགེ་བ་ནི་གནས་མ་
ཡིན་ནོ། །དེ་དག་གནས་ཤིག་ཡིན་ན་རྣམ་པར་སྨིན་པའི་འབྲས་བུའི་ཡིན་པར་འགྱུར་གྲང་ན་རྣམ་པར་སྨིན་པའི་འབྲས་བུ་ལྷན་ཅིག་པའམ། དེ་མ་ཐག་པ་ནི་མེད་པས་གང་གི་ཚེ་འབྲས་བུ་དེ་བྱུང་བ་ན་ལས་དེ་འདས་སོ། །འདས་པ་ཡང་གནས་མ་ཡིན་ཏེ་བྱེད་པ་ཞིག་པའི་ཕྱིར་ནམ་མཁའི་མེ་ཏོག་བཞིན་ནོ། །

སྐལ་བ་མཉམ་པ་དང་སྲོག་གི་དབང་པོ་དག་ཀྱང་གནས་ཉིད་མ་ཡིན་ཏེ། རྫས་སུ་མེད་པའི་ཕྱིར་རོ། །གལ་ཏེ་དེ་ཐམས་ཅད་ཡིན་པ་ཞིག་ཏུ་གྱུར་ན་ཡང་ཚད་ཡོད་པ་ཞིག་གི་གནས་ཡིན་པར་འགྱུར་རོ། །བགེགས་མི་བྱེད་པའི་ངོ་བོ་ཙམ་གྱིས་ཀུན་གྱི་གནས་སོ་ཞེས་བརྟགས་པར་ཡང་མི་ནུས་ཏེ། འདི་ལྟར་གནས་
མེད་པ་ཡང་གནས་ཉིད་དུ་ཐལ་བར་འགྱུར་རོ། །དེ་བཞིན་དུ་རང་གི་སྡེ་པས་ཀུན་བརྟགས་པ་གཞན་ཡང་གནས་ཡིན་པ་ཉིད་དགག་པ་དང་། ཤུགས་ཀྱིས་ཆོས་ཀུན་གྱི་གནས་ནི་ཀུན་གཞིའི་རྣམ་པར་ཤེས་པ་ཡིན་ནོ། །ཀུན་གཞི་གང་གི་གནས་ཡིན་པའི་ཀུན་དེ་བརྟགས་པའི་ཕྱིར། དེ་ཡོད་པས་ན་འགྲོ་ཀུན་
དང་། །མྱ་ངན་འདས་པའང་ཐོབ་པར་འགྱུར། །ཞེས་བྱ་བ་སྨོས་ཏེ། འགྲོ་ཀུན་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པའི་གནས་ཉིད་ཡིན་པས་སོ། །མྱ་ངན་འདས་པའང་ཐོབ་པར་འགྱུར། །ཞེས་བྱ་བ་ནི། ཐོས་པ་དང་བསམས་པ་ལ་སོགས་པའི་རིམ་གྱིས་རྣམ་པར་བྱང་བའི་གནས་ཉིད་ཡིན་པར་སྟོན་ཏོ། །
རྒྱུ་མེད་པར་སྨྲ་བ་དགག་པའི་ཕྱིར་ཐོག་མ་མེད་པའི་དུས་ཞེས་བྱ་བ་སྨོས་སོ། །སྨྲ་བ་གང་དག་ཁ་ཅིག་མི་མཐུན་པའི་རྒྱུ་གཙོ་བོ་ལ་སོགས་པ་རྟག་པ་ཉིད་ཀྱིས་ཐོག་མ་མེད་པའི་དུས་པར་རྟོག་པ་ཡོད་པ་དེ་དག་ཡོངས་སུ་སྤང་བའི་ཕྱིར་འདྲ་བའི་གནས་ཞེས་བྱ་བ་སྨོས་སོ། །འབྲས་བུ་དག་དང་འདྲ་ན་གནས་
ཡིན་ནོ་ཞེས་བྱ་བའི་དོན་ཏེ། ཇི་ལྟར་འབྲས་བུ་སྐྱེ་བ་དང་འབྲེལ་པ་དེ་ཁོ་ན་བཞིན་དུ་རྒྱུ་གང་ཞིག་སྐྱེ་བ་དང་འཇིག་པ་དང་ལྡན་པ་དེ་ནི་འབྲས་བུ་དང་འདྲ་བར་དགོངས་པ་ཡིན་ནོ། །དེ་བཞིན་དུ་སྨྲ་བ་གང་ཁ་ཅིག་རྒྱུ་རྟག་པ་ལས་ཀྱང་འབྲས་བུ་སྐྱེ་ལ། རྒྱུ་ནི་བྱེད་པ་དང་ལྡན་པ་ཉིད་དུ་རྟོགས་པར་བྱེད་པ་ཡོད་དེ།
དཔེར་ན་བྱེ་བྲག་པ་དག་ལྟ་བུའོ། །དེ་དགག་པའི་ཕྱིར་དེ་ཡོད་པས་ན་ཞེས་བྱ་བ་སྨོས་ཏེ། བྱེད་པ་མེད་པ་ཁོ་ནར་ཡོད་པ་ཙམ་གྱིས་རྒྱུ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་ཡང་དེ་ཁོ་ན་ཡོད་པས་ཞེས་བྱ་བ་དང་དེ་ཡོད་པ་ཁོ་ནས་ཤེས། གཉི་གར་ངེས་པར་གཟུང་བར་བྱ་རིག་པར་བྱ་སྟེ། གང་དག་
རྒྱུ་རྟག་པ་ཡིན་ལ་བདག་ལ་སོགས་པའི་རྫས་དང་གཞན་གཙོ་བོ་ལས་འབྲས་བུ་འབྱུང་བར་རྟོག་པར་བྱེད་པ་དེ་དག་ནི་ངེས་པར་བཟུང་བ་དང་པོས་བསལ་ཏོ། །གང་དག་ཡོད་པ་ཙམ་དང་བྱེད་པ་དང་ལྡན་པ་ཉིད་ཀྱིས་རྒྱུའི་དངོས་པོར་རྟོག་པར་བྱེད་པ་དེ་དག་ནི་ངེས་པར་གཟུང་བ་གཉིས་པས་སོ། །ཡང་

དཔྱད་པར་བྱ་སྟེ་འདིར་གང་གི་ཚེ་ཀུན་ནས་ཉོན་མོངས་པའི་གནས་ཉིད་ཀྱིས་ཀུན་གཞི་རྣམ་པར་ཤེས་པར་ཐ་སྙད་གདགས་ཏེ། ཇི་སྐད་དུ་ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་སྦྱོར་བ་ཞེས་འཆད་པར་འགྱུར་བ་ལྟ་བུ་ཞིག་ཡིན་ན་ནི་ཕྱོགས་དེ་ལ་ནི་ཐོག་མ་མེད་པའི་དུས་ཀྱི་དབྱིངས་
ཞེས་བྱ་བ་ཀུན་ནས་ཉོན་མོངས་པའི་གནས་ཉིད་ཀྱིས་དབྱིངས་ཡིན་པར་དགོངས་ཏེ། དེའི་ཚེ་ནི་རྒྱུའི་རྐྱེན་ཡིན་པའི་ཕྱིར་དེ་ཡོད་པས་ན་འགྲོ་ཀུན་དང་ཞེས་བྱའོ། །རྣམ་པར་བྱང་བ་ལ་ལྟོས་ན་ནི་ཀུན་ནས་ཉོན་མོངས་པའི་ས་བོན་ཏེ། བདག་པོའི་རྐྱེན་ཡིན་ཏེ་མི་མཐུན་པའི་ཕྱོགས་མེད་པར་གཉེན་པོ་
མེད་པའི་ཕྱིར་རོ། །དེ་བས་ན་བདག་པོའི་རྐྱེན་ཡིན་པའི་ཕྱིར་མྱ་ངན་ལས་འདས་པའང་ཐོབ་པར་འགྱུར་ཞེས་གསུངས་སོ། །གང་གི་ཚེ་ཀུན་ནས་ཉོན་མོངས་པའི་ས་བོན་ལ་ཡང་ལྟོས་རྣམ་པར་བྱང་བ་རང་བཞིན་གྱི་རིགས་ལ་ཡང་ལྟོས་ནས་ཀུན་གཞིའི་རྣམ་པར་ཤེས་པར་ཐ་སྙད་གདགས་ཏེ། དཔལ་
ཕྲེང་སེང་གེའི་ང་རོའི་མདོ་ལས། རྣམ་པར་བྱང་བའི་ས་བོན་ལ་ལྟོས་ནས་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ་ཞེས་འབྱུང་བ་དང་། མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། ཀུན་གཞི་རྣམ་པར་ཤེས་པ་དང་། འཇུག་པའི་རྣམ་པར་ཤེས་པ་དག་གིས་ལོངས་སྤྱོད་རྫོགས་པའི་སྐུ་
བསྡུས་སོ་ཞེས་གང་འབྱུང་བ་ལྟ་བུ་ཞིག་ཡིན་ན་ནི་དེའི་ཕྱིར་འདི་ལྟ་བུ་ཡིན་ཏེ། ཐོག་མ་མེད་པ་དུས་ཀྱི་དབྱིངས། །ཞེས་བྱ་བ་གཉི་གའི་ས་བོན་ལ་ལྟོས་ཏེ་ཐ་སྙད་གདགས་སོ། །དེའི་ཚེ་ཡང་བདེ་འགྲོར་འགྱུར་བའི་ཀུན་ནས་ཉོན་མོངས་པའི་ས་བོན་རྒྱུའི་རྐྱེན་ཡིན་པའི་ཕྱིར་དང་། ཐར་པའི་ཆ་དང་མཐུན་པ་
ཐོས་པ་ལས་བྱུང་བ་ལ་སོགས་པའི་དགེ་བའི་རྩ་བ་བསགས་པ་རྣམ་པར་བྱང་བའི་ས་བོན་འཕེལ་ཞིང་ཀུན་ནས་ཉོན་མོངས་པའི་ས་བོན་ཡང་བསལ་བར་བྱས་ནས། སྐད་ཅིག་མ་བཅུ་གཉིས་འདུས་པས་ཉེ་བར་གཟུང་བའི་བདག་གི་ངོ་བོ་མངོན་པར་གྲུབ་པའི་སྒོ་ནས་རྣམ་པར་བྱང་བའི་ས་བོན་བདག་
པོའི་རྐྱེན་ཡིན་པའི་ཕྱིར། དེ་ཡོད་པས་ན་འགྲོ་ཀུན་དང་། །ཞེས་བྱ་བ་གསུངས་ལ་ཀུན་ནས་ཉོན་མོངས་པ་མི་མཐུན་པའི་ཕྱོགས་ཀྱི་ངོ་བོས་བདག་པོའི་རྐྱེན་ཡིན་པའི་ཕྱིར་དང་། རྣམ་པར་བྱང་བའི་ས་བོན་རྒྱུའི་རྐྱེན་ཡིན་པའི་ཕྱིར། མྱ་ངན་འདས་པའང་ཐོབ་པར་འགྱུར། །ཞེས་བྱ་བ་གསུངས་སོ། །

ཡང་ན་ཀུན་ནས་ཉོན་མོངས་པའི་ས་བོན་རྒྱུའི་རྐྱེན་ཡིན་པའི་ཕྱིར་དང་། རྣམ་པར་བྱང་བའི་ས་བོན་ཡང་རྣམ་པར་བྱང་བའི་རྒྱུའི་རྐྱེན་ཡིན་པའི་ཕྱིར་གོ་རིམས་བཞིན་དུ་སྦྱར་བ་ཉིད་དུ། དེ་ཡོད་པས་ན་འགྲོ་ཀུན་དང་། །མྱ་ངན་འདས་པའང་འཐོབ་པར་འགྱུར། །ཞེས་གསུངས་སོ། །རྣམ་པ་གཅིག་ཏུ་རྒྱུ་རྟག་པ་
དགག་པའི་ཕྱིར། ཐོག་མ་མེད་པའི་དུས་ཞེས་བྱ་བ་གསུངས་ཏེ། དུས་ཞེས་བྱ་བ་ནི་སྐྱེ་བ་དང་འཇིག་པའི་མཚན་ཉིད་དོ། །གང་ལ་དེ་རྒྱུན་ཆགས་པར་འཇུག་པའི་སྒོ་ནས། ཐོག་མ་མེད་པ་ཡོད་པ་དེ་ནི་ཐོག་མ་མེད་པའི་དུས་ཀྱི་དབྱིངས། གཞན་གྱིས་ཀུན་བརྟགས་པའི་གཙོ་བོ་ལ་སོགས་པ་ནི་དེ་ལྟར་བུ་
མ་ཡིན་ནོ། །ཁ་ཅིག་ནི་སྔོན་བྱས་པའི་རྒྱུར་སྨྲ་བ་ཁས་ལེན་ལ་རང་གི་སྡེ་པ་ཉིད་དག་ལ་ཡང་ཁ་ཅིག་རྒྱུ་ནི་སྔ་ལ་འབྲས་བུ་ནི་འཕྱི་བར་རྟོག་པར་བྱེད་དེ། འདི་གཉི་གའང་རྒྱུ་དང་འབྲས་བུ་དག་སྔ་ཕྱི་ཡོད་པ་ཉིད་དུ་མངོན་པར་ཞེན་ཏོ། །འདས་པ་དང་མ་འོངས་པའི་ལྟ་བ་ངན་པ་དེ་དག་བསལ་བའི་ཕྱིར།
ཆོས་རྣམས་ཀུན་གྱི་འདྲ་བའི་གནས། །ཞེས་བྱ་བ་གསུངས་སོ། །དུས་མཉམ་པའི་གནས་ནི་འདྲ་བའི་གནས་ཏེ། འབྲས་བུ་དང་དུས་མཉམ་དུ་རྒྱུ་ཡོད་པ་ཞེས་བྱ་བའི་དོན་ཡིན་ན། དེ་ལ་ཡང་ངེས་པར་མི་ཟིན་ཏེ། ལ་ལས་རྒྱུ་དང་འབྲས་བུའི་དངོས་པོ་དུས་ཐ་དད་པར་ཡང་ཁས་བླངས་པའི་ཕྱིར་རོ། །ཆད་
པར་སྨྲ་བ་གང་དག་ཁ་ཅིག་འདི་སྐད་དུ། འདི་ཉིད་དུ་བདག་འདི་ཆད་པར་འགྱུར་རོ་ཞེས་ཟེར་བ་ཡོད་པས་དེ་དགག་པའི་ཕྱིར། དེ་ཡོད་པས་ན་འགྲོ་ཀུན་དང་། །ཞེས་བྱ་བ་གསུངས་ཏེ། དེ་ཡོད་པས་འགྲོ་བ་ཐམས་ཅད་དུ་འཕོ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྟག་པར་སྨྲ་བ་གང་དག་ཁ་ཅིག་འཁོར་བའི་
བཙོན་ར་བའི་བདག་ནི་རྟག་པ་ཉིད་དུ་རྟོག་པར་བྱེད་པ་ཡོད་པས་དེ་དགག་པའི་ཕྱིར། མྱ་ངན་འདས་པའང་ཐོབ་པར་འགྱུར། །ཞེས་བྱ་བ་གསུངས་སོ། །ཡང་ན་ཤེས་བྱའི་གནས་དཔྱད་པས་ཀུན་གཞི་རྣམ་པར་ཤེས་པའི་སྒྲ་དཔྱོད་པར་མཛད་པ་ཡིན་ཞེས་བཤད་པ་ཤེས་བྱའི་གནས་དེ་ནི་རང་གི་ངོ་བོས་
ཤེས་བྱའི་མཚན་ཉིད་རྣམ་པ་གསུམ་གྱི་གནས་ཡིན་ལ། དེ་ཡང་ཚིགས་སུ་བཅད་པས་སྟོན་ཏོ། །ཐོག་མ་མེད་པ་དུས་ཀྱི་དབྱིངས། །ཞེས་བྱ་བ་ནི་རང་གི་ངོ་བོའོ། །ཆོས་རྣམས་ཀུན་གྱི་འདྲ་བའི་གནས། །ཞེས་བྱ་བ་ནི། གཞན་གྱི་དབང་སེམས་དང་སེམས་ལས་བྱུང་བ་ཐམས་ཅད་ཀྱི་གནས་

ཡིན་པའོ། །དེ་ཡོད་པས་ན་འགྲོ་ཀུན་དང་། །ཞེས་བྱ་བ་ནི་བརྟགས་པའི་བདག་ཉིད་དེ། ཀུན་ནས་ཉོན་མོངས་པའི་ཆོས་ཀུན་བརྟགས་པ་ཉིད་དོ་ཞེས་འཆད་པར་ཡང་འགྱུར་རོ། །མྱ་ངན་འདས་པའང་ཐོབ་པར་འགྱུར། །ཞེས་བྱ་བ་ནི་ཡོངས་སུ་གྲུབ་པའི་རྟེན་ཉིད་དེ། རྣམ་པར་བྱང་བའི་ཆོས་
ཡོངས་སུ་གྲུབ་པ་ཉིད་དོ་ཞེས་འཆད་པར་ཡང་འགྱུར་རོ། །ཆོས་ཀུན་ས་བོན་ཐམས་ཅད་པ། །ཞེས་བྱ་བ་ལ་སོགས་པ་ནི་ཉན་ཐོས་ཀྱི་ཐེག་པ་ལས་གྲགས་པ་ཀུན་གཞི་ལ་ཀུན་དུ་དགའ་བ་ཞེས་བྱ་བ་འདི་ཉིད་སྦྱར་བར་བྱ་བ་མ་ཡིན་ནམ་ཞེ་ན། འདི་ལས་རྣམ་པར་ཤེས་པ་སྨོས་པ་མི་འབྱུང་བ་སྔར་ནི་རྣམ་པར་
ཤེས་པ་དྲིས་ཏེ། དེ་ལྟ་བས་ན་གང་ལས་རྣམ་པར་ཤེས་པ་སྨོས་པ་འབྱུང་བ་དེ་ཉིད་ཉེ་བར་སྦྱར་རོ། །དེ་ལྟར་ན་འོ་ན་དགེ་འདུན་ཕལ་ཆེན་སྡེ་ལས་གྲགས་པ་སྲིད་པའི་ཡན་ལག་གི་རྣམ་པར་ཤེས་པ་ཉེ་བར་སྦྱར་བར་བྱ་བ་མ་ཡིན་ནོ་ཞེ་ན། དེ་ལས་ཀྱང་ཀུན་གཞི་སྨོས་པ་མི་འབྱུང་ལ་སྔར་ནི་ཀུན་གཞི་དྲིས་ཏེ། དེ་ལྟ་
བས་ན་གང་ལས་གཉི་ག་འབྱུང་བ་དེ་ཁོ་ན་ཐེག་པ་ཆེན་པོའི་ཐུན་མོང་མ་ཡིན་པར་བཤད་དོ། །ཆོས་ཀུན་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པ་ཐམས་ཅད་ཀྱིའོ། །གྲངས་ཅན་གྱིས་བརྟགས་པ་གཙོ་བོ་ལ་སོགས་པ་ཡང་དེ་ལྟ་བུ་ཡིན་པས་དེ་རྣམ་པར་བཅད་པའི་ཕྱིར་རྣམ་པར་ཤེས་པ་ཞེས་བྱ་བ་གསུངས་སོ། །
འདི་དེ་དག་གི་གནས་སུ་འགྱུར་བ་ན་རྟེན་དང་བརྟེན་པ་ཉིད་ཀྱི་གནས་སུ་འགྱུར་རམ་ཞེ་ན། ས་བོན་ཐམས་ཅད་པའི་ཞེས་བྱ་བ་གསུངས་ཏེ། རྒྱུ་ཉིད་ཀྱིས་གནས་སུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་རྣམ་པར་ཤེས་པ་ཡིན་ན་འདིའི་དམིགས་པ་ཅི་ཞིག་ཡིན་ཞེ་ན། ས་བོན་དང་མིགས་ལ་སོགས་པ་
དང་ཡུལ་གཟུགས་ལ་སོགས་པའོ། །ས་བོན་དེ་ཡང་རྣམ་པ་གཉིས་ཏེ། དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟེན་པའི་ས་བོན་ཡོངས་སུ་སྨིན་པ་དང་ཡོངས་སུ་མ་སྨིན་པའོ། །ས་བོན་རྣམ་པ་དེ་དག་གཉི་ག་ཡང་ཁམས་གསུམ་ན་འདིའི་དམིགས་པ་ཡིན་ནོ། །མིག་ལ་སོགས་པ་དང་། གཟུགས་
ལ་སོགས་པ་ནི་འདོད་པ་དང་གཟུགས་ཀྱི་ཁམས་ཁོ་ནའོ། །མིག་ལ་སོགས་པ་ཞེས་བྱ་བ་ཡང་མིག་ལ་སོགས་པ་གང་དག་ཡིན་ཞེ་ན་མིག་ལ་སོགས་པའི་ས་བོན་ཡོངས་སུ་མ་སྨིན་པ་འཁོར་བ་ཐོག་མ་མེད་པ་ནས་གནས་པ་གང་གི་ཚེ་ཡོངས་སུ་སྨིན་པར་གྱུར་པ་དེའི་ཚེ་མིག་ལ་སོགས་པ་ཞེས་

བྱའོ། །ཡང་ཇི་ལྟར་ཡོངས་སུ་སྨིན་པར་འགྱུར་ཞེ་ན། མིག་ལ་སོགས་པ་འགྲུབ་པར་འགྱུར་བའི་ལས་སྲིད་པའི་ཡན་ལག་གི་བག་ཆགས་དང་། མིག་མིག་ཅེས་བྱ་བ་ནས་ལུས་ལུས་ཞེས་བྱ་བའི་བར་གྱི་མངོན་པར་བརྗོད་པའི་བག་ཆགས་ལ་ཡང་བརྟེན་ནས་གང་གི་ཚེ་གཟུགས་ཅན་གྱི་ཁམས་སུ་སྔོན་པོ་ལ་སོགས་
པའི་རྣམ་པར་ཤེས་པ་རྣམས་ཀྱི་བདག་པོའི་རྐྱེན་གྱི་དངོས་པོར་ཡོངས་སུ་གྱུར་པ་དེའི་ཚེ་ཡོངས་སུ་སྨིན་པ་ཞེས་བྱའོ། །ཡང་དེ་ལྟར་ས་བོན་ཡོངས་སུ་སྨིན་པ་རྣམས་མིག་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་ལ་ཁྱད་པར་ཅི་ཞིག་བྱད་ཅེ་ན། རེ་ཞིག་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་ས་བོན་
ལས་མིག་གི་རྣམ་པར་ཤེས་པ་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་ངོ་བོར་སྐྱེ་བ་ལ་མིག་ཡོངས་སུ་སྨིན་པ་སྒྲ་ལ་སོགས་པའི་ཡུལ་ལ་ལྡོག་པས་རང་གི་ཡུལ་ལ་འཇུག་པའི་ཁྱད་པར་བྱེད་དོ། །ཡང་མཐོང་བར་འགྱུར་བའི་སྲིད་པའི་ཡན་ལག་གི་བག་ཆགས་མིག་གིས་ས་བོན་ལ་ཅི་ཞིག་བྱེད་
ན་ཡོངས་སུ་སྨིན་པར་བྱེད་ཅེས་བྱ་ཞེ་ན། བདེ་འགྲོ་དང་ངན་འགྲོའི་ངོ་བོར་བྱེད་པ་ལ་དེ་སྐད་ཅེས་བྱའོ། །མིག་མིག་ཅེས་མངོན་པར་བརྗོད་པའི་བག་ཆགས་ཀྱི་མཐུ་ལས་ནི་ཅི་ནས་ཀྱང་མིག་མིག་ཅེས་ཐ་སྙད་འདོགས་པའི་རྒྱུར་འགྱུར་ན་དེ་ལྟར་མིག་གིས་ས་བོན་ཡོངས་སུ་འགྱུར་རོ། །མིག་གི་རྣམ་པར་ཤེས་
པ་ནི། མིག་གི་རྣམ་པར་ཤེས་པའི་མིག་གི་རྣམ་པར་ཤེས་པ་ཞེས་མངོན་པར་བརྗོད་པའི་བག་ཆགས་ཀྱི་ཁྱད་པར་དེ་དང་། གཟུགས་གཟུགས་ཞེས་མངོན་པར་བརྗོད་པའི་བག་ཆགས་ཀྱི་ཁྱད་པར་དེ་ལས་ཇི་ལྟ་ཇི་ལྟར་འཛིན་པར་མངོན་པར་ཞེན་པ་དང་། གཟུང་བ་མངོན་པར་ཞེན་པའི་རྒྱུར་འགྱུར་བ་དེ་
ལྟ་དེ་ལྟར་ཡོངས་སུ་འགྱུར་བར་འགྱུར་ཏེ། དེ་བཞིན་དུ་རྣ་བའི་རྣམ་པར་ཤེས་པ་ལ་སོགས་པ་ལ་ཡང་བསམ་པ་འདི་བྱའོ། །ཀུན་གཞི་རྣམ་པར་ཤེས་པའི་དམིགས་པ་མིག་ལ་སོགས་པ་ཡིན་ནོ་ཞེས་བཤད་པ་ཅི་རང་གི་རྒྱུད་དུ་གཏོགས་པ་ཁོ་ན་དམིགས་སམ་ཞེ་ན། སྨྲས་པ་མ་ཡིན་ཏེ། གཞན་གྱི་རྒྱུད་དུ་
གཏོགས་པ་དག་ལ་ཡང་དམིགས་ཏེ། དེ་སྐད་དུ་སེམས་ཅན་དུ་སྣང་བ་ནི་དབང་པོ་ལྔར་རང་དང་གཞན་གྱི་རྒྱུད་དག་ལ་ཡང་ཡིན་པའོ་ཞེས་བཤད་དོ། །ཡང་ཇི་ལྟར་མིག་ལ་སོགས་པ་དམིགས་པར་འགྱུར་ཞེ་ན། ཀུན་གཞི་རྣམ་པར་ཤེས་པ་དེ་ནི་རང་གི་མིག་ལ་སོགས་པ་དང་འབྲེལ་བ་དང་། གཞན་

དང་འབྲེལ་བར་འགྱུར་བའི་ལས་ཀྱིས་གང་གིས་ན་འཁྲུལ་པ་ཅན་གྱི་རང་གི་རྒྱུད་ལ་ནི་སེམས་ཅན་གྱི་རྣམ་པར་རིག་པ་གཞན་གྱི་རྒྱུད་ལ་ནི་སེམས་ཅན་གཞན་དུ་རྣམ་པར་རིག་པའི་རྒྱུད་འགྱུར་བ་དེ་ལྟ་བུར་སོ་སོར་སྣང་བའི་ཁྱད་པར་ཅན་དུ་འགྱུར་རོ། །ཁ་དོག་དང་དབྱིབས་ཉིད་འབའ་ཞིག་
དམིགས་པར་བྱས་པ་མ་ཡིན་ནམ་ཞེ་ན། དེ་ནི་མ་ཡིན་ཏེ་དེ་དག་ལ་དམིགས་ཀྱང་དེ་དག་དང་ཐ་མི་དད་པར་གྲགས་པ་ལ་སོགས་པ་ཡང་དམིགས་པར་བྱས་སོ་ཞེས་ཐ་སྙད་གདགས་སོ། །འོ་ན་གལ་ཏེ་གཞན་གྱི་རྒྱུད་དུ་གཏོགས་པའི་མིག་ལ་སོགས་པ་ཡང་དམིགས་པ་ཡིན་ལ། དེ་དག་ཀྱང་ནུས་པས་
རབ་ཏུ་<ཕྱ་‚ཕྱེ་>བ་ཡིན་ན་གོ། །ཅིའི་ཕྱིར་རང་གི་རྒྱུད་ལས་གཞན་གྱི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་སྐྱེ་བར་མི་འགྱུར་ཏེ། དམིགས་པར་བྱས་པ་མིག་ལ་སོགས་པའི་ནུས་པ་ཡོད་པའི་ཕྱིར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། དཔེར་ན་ཡིད་ཀྱི་རྣམ་པར་ཤེས་པ་གཞན་གྱི་མིག་ལ་སོགས་པར་སྐྱེ་ལ། མིག་གི་རྣམ་
པར་ཤེས་པ་ལ་སོགས་པའི་རྒྱུ་མ་ཡིན་པ་དང་ཡང་དཔེར་ན་རང་གི་རྒྱུད་ལ་ཡང་ཀུན་གཞི་རྣམ་པར་ཤེས་པའི་རྣམ་པ་མིག་ལ་སོགས་པའི་ནུས་པར་སྣང་བའི་དམིགས་པ་ལ་དེ་དང་མཚུངས་པར་ལྡན་པའི་རེག་པ་ལ་སོགས་པ་དམིགས་པ་མཚུངས་པ་ཉིད་ཀྱིས་དམིགས་ལ། མིག་གི་རྣམ་པར་ཤེས་པ་
ལ་སོགས་པའི་རྒྱུ་ཡང་མ་ཡིན་པ་ལྟར་འདི་ཡང་དེ་དང་འདྲ་བར་འགྱུར་རོ། །ནུས་པའི་རྟེན་ཉིད་ཀྱང་གཞན་དུ་ཡིན་ལ་དམིགས་པའི་དངོས་པོ་ཡང་གཞན་དུ་ཡིན་ཏེ། རྟེན་ཉིད་ཀྱིས་ནི་མིག་ལ་སོགས་པའི་རྣམ་པར་ཤེས་པའི་རྒྱུ་ཡིན་ནོ། །འོ་ན་གལ་ཏེ་རྣམ་པར་ཤེས་པ་ཡིན་ན་འདི་ལ་སེམས་ལས་བྱུང་བ་
དག་ཀྱང་ཡོད་པར་འགྱུར་རོ་ཞེ་ན། དེ་ལྟར་ཡིན་ཏེ། རེག་པ་ལ་སོགས་པ་ལྔ་ཀུན་དུ་འགྲོ་བ་ཡོད་དོ། །ཅིའི་ཕྱིར་རེག་པ་ལ་སོགས་པ་ཁོ་ན་ཡིན་ཞེ་ན། ཐམས་ཅད་དུ་འགྲོ་བ་ཡིན་པའི་ཕྱིར་རོ། །ཁ་ཅིག་ནི་རེག་པ་མ་འོངས་པ་ཁོ་ན་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་རྣམས་ཕན་ཚུན་འབྲེལ་པའི་བྱེད་
པ་སེམས་ཐམས་ཅད་ལ་བྱུང་བས་ཀུན་དུ་འགྲོ་བ་ཉིད་ཡིན་པར་ཁས་ལེན་ཏོ། །དེ་ནི་རིགས་པ་མ་ཡིན་ཏེ། མ་འོངས་པ་ལ་སྐྱེས་བུའི་བྱེད་པ་མེད་པའི་ཕྱིར་རོ། །དེ་ལྟ་བས་ན་རེག་པ་ནི་ཡུལ་གྱི་ཁྱད་པར་ཕན་པ་དང་གནོད་པ་དང་། གཉི་ག་ལས་བཟློག་པའི་མཚན་ཉིད་ཁོ་ན་ལ་རེག་པ་དབང་པོ་འགྱུར་བ་

བྱེད་པས་འབྱུང་བ་ཡིན་ལ། དེ་ཡང་ཕན་པ་དང་གནོད་པ་དང་། བར་མར་གནས་པའི་ཡུལ་རྣམས་ལས་གང་ཡང་རུང་བ་ཞིག་ལ་ངེས་པར་འབྱུང་བའི་ཕྱིར་ཀུན་དུ་འགྲོ་བ་ཡིན་ནོ། །ཚོར་བ་ཡང་བྱེ་བྲག་ཏུ་སྨྲ་བ་ཁ་ཅིག་སེམས་དང་སེམས་ལས་བྱུང་བ་ཐམས་ཅད་ལ་འབྱུང་བ་ཡུལ་ཉམས་སུ་མྱོང་བའི་མཚན་
ཉིད་ཡོངས་སུ་གཅོད་པ་ཡིན་ལ། རང་རིག་པ་ཁས་མི་ལེན་པའི་ཕྱིར་རང་ཉམས་སུ་མྱོང་བ་ཡོངས་སུ་བོར་ནས་ཕན་པ་དང་། གནོད་པ་དང་གཉི་ག་ལས་བཟློག་པའི་ཡུལ་ཡོངས་སུ་གཟུང་བའི་རྣམ་པ་ཅན་གྱི་རེག་པའི་གཟུགས་བརྙན་གྱི་ཚུལ་དུ་རྣམ་པར་རྗེས་སུ་བྱེད་པ་མྱོང་བའི་མཚན་ཉིད་ཡིན་
པར་བརྗོད་དེ། དེའི་ཕྱིར་རེག་པའི་རྐྱེན་གྱིས་ཚོར་བ་ཡིན་ནོ་ཞེའོ། །དེ་ཡང་རིགས་པ་མ་ཡིན་ཏེ། ཚོར་བ་རེག་པའི་རྗེས་སུ་བྱེད་པ་ཉིད་ཀྱིས་དེ་ལ་དམིགས་པར་ཐལ་བར་འགྱུར་དུ་འོང་ངོ་། །སེམས་དང་སེམས་ལས་བྱུང་བ་རྣམས་ནི་ཕན་ཚུན་མི་དམིགས་ཏེ། དམིགས་པ་ཉིད་ཉམས་པར་ཐལ་
བར་འགྱུར་བའི་ཕྱིར་རོ། །དེ་ལྟ་བས་ན་ཚོར་བ་ནི་རེག་པས་ཡོངས་སུ་བཅད་པའི་ཡུལ་གྱི་ཁྱད་པར་ཕན་པ་དང་གནོད་པ་དང་། གཉི་ག་ལས་བཟློག་པའི་མཚན་ཉིད་ཁོ་ན་རང་གིར་བྱེད་པ་ཉམས་སུ་མྱོང་བའི་མཚན་ཉིད་ཡིན་ཏེ། རེག་པའི་རྐྱེན་ཅན་ཞེས་ཀྱང་བྱ་ལ། དེ་ཡང་རང་གིར་བྱེད་པ་མེད་
ན་མི་འབྱུང་བ་ཡིན་པས་ཐམས་ཅད་དུ་འགྲོ་བ་ཉིད་དོ། །འདུ་ཤེས་ནི་གཞན་སེལ་བར་སྒྲུབ་པར་བྱེད་པ་མངོན་པར་བརྗོད་པའི་བག་ཆགས་ཡོངས་སུ་སྨིན་པ་ལས་བྱུང་བ། རང་གི་ཡུལ་ལ་ཡུལ་གཞན་སེལ་བར་བྱེད་ཅིང་འཇུག་པའོ་ཞེས་བྱ་བར་ཐམས་ཅད་ཀྱིས་ཤེས་པ་ཉིད་དོ། །ཡུལ་གཞན་སེལ་པ་
ཡང་དམིགས་པར་བྱ་བའི་ཡུལ་ཐམས་ཅད་ལ་ཡོད་པས་ཀུན་དུ་འགྲོ་བ་ཉིད་ཡིན་ནོ། །ཡིད་ལ་བྱེད་པ་ཡང་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་ལྟར་ན་ཆོས་ཐམས་ཅད་བཞི་ཚན་དུ་ངེས་པའི་ཕྱིར་རྣམ་པར་ཤེས་པ་ཡུལ་གཞན་དང་ཕྲལ་ནས་ཡུལ་གཞན་ལ་གཏོད་པ་མ་ཡིན་གྱི་འོན་ཀྱང་རང་གི་ཡུལ་ལ་འཇུག་པ་
ཙམ་ཞིག་བྱེད་པར་ཟད་དོ། །རྣལ་འབྱོར་སྤྱོད་པ་རྣམས་ཀྱི་ལྟར་ན་ཡང་། གཟུང་བ་དང་འཛིན་པའི་ས་བོན་ལས་བྱུང་བའི་རྣམ་པར་ཤེས་པ་ལ་བདག་པོའི་རྐྱེན་ཉིད་ཀྱིས་གཟུང་བར་སྣང་བ་ལ་གཏོད་པ་ཡིན་ཏེ། དོན་འདིས་ན་སེམས་ཀྱིས་འཇུག་པ་ཞེས་བྱའོ། །དོན་འདི་ཡང་ཐམས་ཅད་དུ་འབྱུང་བས་

ཐམས་ཅད་དུ་འགྲོ་བ་ཉིད་ཡིན་ནོ། །སེམས་པ་ཡང་དགེ་བ་དང་མི་དགེ་བ་དང་གཉི་ག་ལས་བཟློག་པའི་རྣམ་པར་མངོན་པར་འདུ་བྱེད་ཅིང་འབྱུང་བ་ཡིན་པས་ཐམས་ཅད་དུ་འགྲོ་བ་ཉིད་ལས་མི་འདའོ། །ལུང་ཡང་ཡོད་དེ་གསུམ་འདུས་པ་གང་ཡིན་པ་དེ་ནི་རེག་པའོ། །རེག་པ་དང་ལྷན་ཅིག་སྐྱེས་པ་ནི་
ཚོར་བ་དང་སེམས་དང་འདུ་ཤེས་ཡིན་པས་དབང་པོ་ཐ་མི་དད་པ་ཡིན་ལ། དེ་ལས་བྱུང་བ་ཡིད་ལ་བྱེད་པ་ཡང་ཉེ་བར་གནས་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཡང་བྱེ་བྲག་ཏུ་སྨྲ་བས་འདུན་པ་ལ་སོགས་པ་ཀུན་དུ་འགྲོ་བ་གཞན་སྔར་བཤད་པ་གང་ཡིན་པ་དེ་དག་ཅིའི་ཕྱིར་མི་འབྱུང་ཞེ་ན། ཡུལ་ངེས་པ་
ཉིད་ཀྱིས་ཀུན་དུ་འགྲོ་བ་ཉིད་མེད་པའི་ཕྱིར་རོ། །དེ་དག་གི་ལྟར་ན་འདུན་པ་ནི་བྱེད་འདོད་པ་ཉིད་དེ་ཡུལ་ལ་གཏོད་པ་ཡིན་ན་དེ་ཡང་ཡིད་ལ་བྱེད་པ་ལས་མཚན་ཉིད་ཐ་དད་པ་མ་ཡིན་པས་དེ་ལྟ་བུ་ཡིན་པར་མི་བཟུང་ངོ་། །དེ་ལྟ་བས་ན་བསམས་པའི་དངོས་པོ་ལ་འདོད་པ་ནི་འདུན་པ་ཡིན་ན། དེ་ཡང་མི་འདོད་པ་དང་བར་མར་
གནས་པའི་དམིགས་པ་དག་ལ་མི་འབྱུང་བས་ཀུན་དུ་འགྲོ་བ་མ་ཡིན་ནོ། །མོས་པ་ནི་ལྷག་པར་མོས་པ་སྟེ། ངེས་པ་ཞེས་བྱ་བའི་དོན་ཏོ། །དེ་ཡང་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་ལྟར་ན་ཐེ་ཚོམ་ཡོད་པའི་གནས་སྐབས་ནི་ཐེ་ཚོམ་དང་མཚུངས་པར་ལྡན་པའི་སེམས་ལ་ཡང་འབྱུང་སྟེ། ཡུལ་གཞན་ལས་ལྡོག་པའི་རྣམ་པ་
ཅན་ཡིན་པར་ཡོངས་སུ་གཟུང་བའི་ཕྱིར་རོ། །དེ་ནི་མཚན་ཉིད་དེ་ལྟ་བུ་མ་ཡིན་ཏེ། འདུ་ཤེས་ཀྱི་བྱེད་པ་ཁོ་ནས་གྲགས་པའི་ཕྱིར་རོ། །དེ་ལྟ་བས་ན་མོས་པ་ན་མོས་པ་ནི་ཐེ་ཚོམ་ལོག་པ་ངེས་པའི་དངོས་པོ་ལ་དེ་ཁོ་ན་བཞིན་དུ་ངེས་པར་འཛིན་པ་ཡིན་ཏེ། དེ་བས་ན་ཀུན་དུ་འགྲོ་བ་མ་ཡིན་ནོ། །ཏིང་ངེ་འཛིན་ཡང་ཁ་ཅིག་ནི་
རྩེ་གཅིག་པ་ཉིད་ཀྱི་མཚན་ཉིད་སྐད་ཅིག་མ་གཅིག་གནས་པ་ཡིན་པར་སེམས་སོ། །དེ་ནི་དེ་ལྟ་ཡིན་པར་མ་བཟུང་སྟེ། སེམས་ལ་རང་གིས་སྐད་ཅིག་མ་གཅིག་གནས་པ་ཡོད་པའི་ཕྱིར་རོ། །གཞན་དག་ནི་སེམས་དང་སེམས་ལས་བྱུང་བ་རྣམས་ཡུལ་སོ་སོ་ལ་གྱེས་པ་ཡོངས་སུ་སྤོང་བས་ཡུལ་གཅིག་
ལ་སྡུད་ཅིང་འཇོག་པ་ནི་ཏིང་ངེ་འཛིན་ཡིན་པར་སེམས་སོ། །དེ་ཡང་དེ་ལྟར་ཡིན་པར་མི་གཟུང་སྟེ། འདུ་ཤེས་ཁོ་ནས་གྲགས་པའི་ཕྱིར་རོ། །དེ་ལྟ་བས་ན་ཏིང་ངེ་འཛིན་ནི་བརྟག་པར་བྱ་བའི་ཡུལ་ཁོ་ན་སྐད་ཅིག་མ་གཅིག་དང་། གཉིས་དང་གསུམ་ལ་སོགས་པའི་རྒྱུན་འཇུག་པ་ཉིད་ཀྱིས་སེམས་རྩེ་གཅིག་

པ་ཉིད་ཀྱི་རྒྱུ་ཡིན་པར་ཁས་བླངས་ལ། དེ་ཡང་བརྟག་པར་བྱ་བ་མ་ཡིན་པའི་ཡུལ་ལ་རྒྱུན་དང་བྲལ་བའི་གནས་སྐབས་ན་མི་འབྱུང་བས་ཀུན་དུ་འགྲོ་བ་མ་ཡིན་ནོ། །དྲན་པ་ནི་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་ལྟར་ན་སེམས་ཀྱི་མངོན་པར་བརྗོད་པ་ཉིད་དེ། དེ་ཡང་ཡུལ་གསལ་བར་བྱེད་པའམ། མཚན་མར་འཛིན་པ་
གཅིག་ཡིན་གྲང་ན། གཉི་ག་ལྟར་ན་ཡང་ཤེས་རབ་དང་འདུ་ཤེས་དག་གི་དོན་གྲགས་པའི་ཕྱིར་དེ་ནི་ཡང་དག་པ་མ་ཡིན་ནོ། །དེ་བས་ན་དྲན་པ་ནི་ཡུལ་འདྲིས་པ་ལ་དེའི་རྗེས་སུ་འགྲོ་བའི་སེམས་ཀྱི་མངོན་པར་བརྗོད་པ་ཡིན་ལ། དེ་ཡང་མ་འདྲིས་པ་ལ་མེད་པས་ཀུན་དུ་འགྲོ་བ་མ་ཡིན་ནོ། །དེ་ལྟར་ན་ཡང་དྲན་པ་ཡང་
དག་བྱང་ཆུབ་ཀྱི་ཡན་ལག་ཏུ་མི་འགྱུར་ཏེ། མཐོང་བའི་ལམ་ལ་དེ་བཞིན་ཉིད་སྔོན་ཉམས་སུ་མ་མྱོང་བའི་ཕྱིར་རོ་ཞེ་ན། དེ་ནི་ཉེས་པ་མེད་དེ། སྐད་ཅིག་མ་དང་པོ་ལ་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཡོད་པ་མ་ཡིན་ནོ། །གཉིས་ལ་སོགས་པ་ལ་ནི་ཡོད་དོ། །དེའི་ཚེ་ནི་དེ་བཞིན་ཉིད་སྔར་ཉམས་སུ་མྱོང་བ་ཉིད་དོ། །
མཐོང་བའི་ལམ་ལ་བྱང་ཆུབ་ཀྱི་ཡན་ལག་བདུན་ཞེས་བཤད་པ་ནི་རྒྱུན་ལས་དགོངས་པ་ཡིན་གྱི། སྐད་ཅིག་མ་ནི་མ་ཡིན་པས་འགལ་བ་མེད་དོ། །ཡང་ན་སྦྱོར་བའི་དུས་ན་དེ་བཞིན་ཉིད་སྤྱིའི་རྣམ་པ་ཉམས་སུ་མྱོང་བས་སྐད་ཅིག་མ་དང་པོ་ལ་ཡང་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་མི་འགལ་ལོ། །ཤེས་
རབ་ཀྱང་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་ལྟར་ན་ཆོས་རབ་ཏུ་རྣམ་པར་འབྱེད་པ་ཡིན་ནོ། །རབ་ཏུ་འབྱེད་པ་ཡང་གལ་ཏེ་ཡུལ་ཡོངས་སུ་གཅོད་པ་ཙམ་ཞིག་ཡིན་ན་དེ་ནི་སེམས་དང་སེམས་ལས་བྱུང་བ་ཐམས་ཅད་ལ་མཚུངས་སོ། །དེ་ལྟ་བས་ནི་ཤེས་རབ་ནི་ཉེ་བར་བརྟག་པར་བྱ་བ་ཁོ་ན་ལ་རིགས་པ་དང་རིགས་པ་
མ་ཡིན་པ་དང་གཉི་ག་ལས་བཟློག་པའི་མཚན་ཉིད་ཀྱི་རབ་ཏུ་རྣམ་པར་འབྱེད་པ་ཡིན་ཏེ། དེ་བས་ན་ཤེས་རབ་ནི་ཀུན་དུ་འགྲོ་བ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་མིག་ལ་སོགས་པའི་རྣམ་པར་ཤེས་པའི་ཚོགས་ཉེ་བར་གནས་པ་ལས་བྱུང་བ་རྣམས་ལ་ཤེས་རབ་མི་སྲིད་དེ། དེ་དག་ཡོངས་སུ་རྟོགས་པར་མི་ནུས་
པའི་ཕྱིར་རོ། །མཚུངས་པ་དེ་མ་ཐག་པ་ཡིད་ཀྱི་རྣམ་པར་ཤེས་པས་འཕངས་པ་རྣམས་ནི་ཡོད་དོ། །ཀུན་དུ་འགྲོ་བ་མ་ཡིན་པ་དེ་དག་ཀྱང་རྣམ་པར་ཤེས་པ་གསལ་བ་དང་མཚུངས་པར་ལྡན་པའི་ཕྱིར་ཀུན་གཞི་རྣམ་པར་ཤེས་པ་མི་གསལ་བ་དང་ལྷན་ཅིག་མཚུངས་པར་མི་ལྡན་ནོ། །འཕེན་པར་བྱེད་

པའི་ལས་ཀྱི་རྣམ་པར་སྨིན་པ་ཀུན་གཞི་རྣམ་པར་ཤེས་པ་ནི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡིན་པའི་ཕྱིར་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་ཅན་དང་དད་པ་ལ་སོགས་དགེ་བ་རྣམས་ཀྱང་མི་སྲིད་དོ། །གཉིད་ལ་སོགས་པ་མ་ངེས་པ་གཞན་བཞི་པོ་གང་དག་ཡིན་པ་དེ་དག་ཡང་
མཚུངས་པར་མི་ལྡན་ཏེ། རེ་ཞིག་གཉིད་ན་ཉེ་བའི་ཉོན་མོངས་པའི་ངོ་བོ་ཉིད་གང་ཡིན་པ་དེ་ནི་གཏི་མུག་གི་ཁྱད་པར་འགའ་ཁོ་ན་ལ་གདགས་ཏེ། མི་གསལ་བའི་ངོ་བོ་ཉིད་ཀྱིས་སེམས་མངོན་པར་སྡུད་པར་བྱེད་པའི་ཕྱིར་རོ། །དགེ་བ་དང་ལུང་དུ་མ་བསྟན་པའི་གནས་སྐབས་ཀྱི་གང་ཡིན་པ་དེ་ཡང་ཤེས་
རབ་ཀྱི་རྫས་མ་ངེས་པ་གཉི་གའི་གནས་སྐབས་སུ་འབྱུང་བ་ལ་གདགས་ཏེ། མ་ངེས་པ་ཉིད་ཀྱི་ཕྱིར་དང་གསལ་བ་ཉིད་དུ་འབྱུང་བའི་ཕྱིར་རོ། །འགྱོད་པ་ཡང་རྟོག་པའི་རྣམ་པར་ཡིད་ལ་གཅགས་པ་འདྲེན་པའི་ཕྱིར་ཤེས་རབ་ཁོ་ན་ལ་གདགས་སོ། །རྟོག་པ་དང་དཔྱོད་པ་དག་ཀྱང་རྟོག་པའི་རྣམ་པར་ཞུགས་པ་
ཡིན་པས་དེ་དག་ཀྱང་ཤེས་རབ་ཁོ་ན་ལ་གདགས་སོ། །ཤེས་རབ་ཀྱང་མ་རིག་པ་དག་ནི་ཀུན་གཞི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པ་མ་ཡིན་ཏེ། ཉོན་མོངས་པ་ཅན་མ་ཡིན་པའི་ཕྱིར་དང་ཀུན་དུ་འགྲོ་བ་མ་ཡིན་པའི་ཕྱིར་རོ། །རྟོག་པ་དང་དཔྱོད་པ་དག་སེམས་པ་ལ་གདགས་པ་དེ་དག་ཀྱང་ཐམས་
ཅད་ལ་མ་ཡིན་གྱི། ཚོལ་ཞིང་སོ་སོར་རྟོག་པའི་རྣམ་པ་ཅན་ལ་ཡིན་ན་སེམས་པ་དེ་ལྟ་བུ་ནི་ཀུན་གཞི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པ་མ་ཡིན་ཏེ། མི་གསལ་པའི་ཕྱིར་རོ། །སྤྲོས་པ་བཏང་ལ་དེ་དཀྱུས་མ་ཁོ་ན་བརྗོད་པར་བྱ་སྟེ། ཡང་ན་ཆོས་རྣམས་ཀྱི་ཀུན་གཞི་ནི་ཞེས་བྱ་བ་འདི་ལ་ཀུན་གཞི་
རྣམ་པར་ཤེས་པ་ནི་རྣམ་པ་གཉིས་ཏེ། འབྲས་བུའི་གནས་སྐབས་རྣམ་པར་སྨིན་པ་གང་ཡིན་པ་དང་། རྒྱུའི་གནས་སྐབས་རྣམ་པར་སྨིན་པ་གང་ཡིན་པ་སྟེ། རྣམ་པར་སྨིན་པའི་དབང་དུ་མཛད་ནས། ཆོས་རྣམས་ཀུན་གྱི་ཀུན་གཞི་ནི། །ཞེས་བྱ་བ་གསུངས་སོ། །རྣམ་པར་མ་སྨིན་པའི་དབང་མཛད་ནས།
ས་བོན་ཀུན་པའི་ཞེས་བྱ་བ་གསུངས་སོ། །གཉི་གའི་དབང་དུ་མཛད་ནས། དེ་བས་ཀུན་གཞི་རྣམ་ཤེས་ཏེ། །ཞེས་བྱ་བ་གསུངས་སོ། །དེ་ལ་དམིགས་པར་གྱུར་པ་མིག་ལ་སོགས་པ་དང་། གཟུགས་ལ་སོགས་པ་གང་དག་ཡིན་པ་དེ་དག་ནི་དེའི་སོ་སོར་སྣང་བའི་ངོ་བོ་ཡིན་པ་ཉིད་ཀྱིས་ཀུན་གཞི་

རྣམ་པར་ཤེས་པ་དེ་རྟེན་ཉིད་ཀྱིས་ཀུན་གཞི་ཡིན་ནོ། །རང་དང་མཚུངས་པར་ལྡན་པའི་ཚོར་བ་ལ་སོགས་པ་དང་། རྣམ་པར་ཤེས་པ་བདུན་གྱི་ཚོགས་རྣམས་ཀྱི་ནི་དེ་ལ་རག་ལས་ཏེ། སྐྱེ་བ་ཉིད་ཀྱི་ཕྱིར་ཀུན་གཞི་ཡིན་ནོ། །སྐྱེ་བ་ཅན་ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་འབྲས་བུའི་དངོས་པོར་དེར་སྦྱོར་
བའམ་ཞེས་བྱ་བ་ནི། ཕལ་ཆེ་བའི་ཕྱིར་དེ་སྐད་བརྗོད་དེ། སེམས་ཅན་གྱི་ཁམས་ནི་ཕལ་ཆེར་ཀུན་ནས་ཉོན་མོངས་པར་འགྱུར་རོ། །ཁ་ཅིག་ཀུན་ནས་ཉོན་མོངས་པར་མི་འགྱུར་བ་ནི་མི་སློབ་པ་རྣམས་དང་། བྱང་ཆུབ་སེམས་དཔའ་ས་བརྒྱད་པ་ལ་གནས་པ་ལ་སོགས་པ་རྣམས་ཏེ། དེ་དག་གི་ཀུན་གཞི་
རྣམ་པར་ཤེས་པ་གྱུར་པ་དེ་རྣམ་པར་བྱང་བའི་ཆོས་ཀྱི་རྟེན་དུ་མི་འགྱུར་བ་ནི་མ་ཡིན་ནོ། །གང་ཡང་ཀུན་ནས་ཉོན་མོངས་པའི་གནས་སྐབས་ན་རང་བཞིན་དུ་གནས་པའི་རིགས་དང་ཡང་དག་པར་བསྒྲུབས་པ་དེ་ཡང་རྣམ་པར་བྱང་བའི་ཆོས་ཀྱི་རྒྱུ་ཉིད་ཡིན་ཡང་ཀུན་གཞི་ཉིད་དུ་ནི་མི་འདོད་དེ། གནས་སྐབས་
དེ་ན་གཙོ་བོ་མ་ཡིན་པའི་ཕྱིར་དང་རྫས་སུ་མེད་པའི་ཕྱིར་རོ། །གང་གི་ཕྱིར་ཀུན་གཞི་ཞེས་བྱ་བའི་ཐ་སྙད་བྱེ་བྲག་མེད་པའི་རྒྱུའི་དངོས་པོ་ཙམ་ལ་བཏགས་པར་སྣང་བ་དེའི་ཚེ་ནི་ཡོངས་སུ་གྱུར་པ་ལ་ཡང་བྱ་བ་ཉིད་དེ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས་ཇི་སྐད་དུ། ཀུན་གཞི་
རྣམ་པར་ཤེས་པ་དང་འཇུག་པའི་རྣམ་པར་ཤེས་པ་དག་གིས་ལོངས་སྤྱོད་རྫོགས་པའི་སྐུ་བསྡུས་སོ་ཞེས་བྱུང་བ་ལྟ་བུའོ། །འདིར་ཡང་གལ་ཏེ་གཞན་དག་དེར་སྦྱོར་རོ་ཞེའམ། དེ་གཞན་དུ་སྦྱོར་རོ་ཞེས་བྱས་ཀྱང་རུང་། གཉི་ག་ལྟར་ན་ཡང་ཀུན་གཞི་ནི་རྒྱུའི་ངོ་བོ་ཁོ་ན་ཡིན་ཏེ། སྒྲ་འཇུག་པའི་རྒྱུ་མཚན་
ངེས་པའི་ཚིག་གིས་བྱས་པ་ཐ་སྙད་པར་ཟད་དོ། །འཇུག་པའི་རྣམ་པར་ངེས་པ་དག་དང་། ལྷན་ཅིག་ཕན་ཚུན་རྒྱུ་དང་འབྲས་བུའི་ངོ་བོ་ཡིན་པ་ནི་རྐྱེན་རྣམ་པར་དཔྱོད་པར་འགྱུར་རོ། །སེམས་ཅན་རྣམས་ལ་དེའི་བདག་ཉིད་དུ་སྦྱོར་བས་ཞེས་བྱ་བ་ནི་གནས་པ་སྟེ། སེམས་ཅན་རྣམས་ནི་ཀུན་གཞི་
རྣམ་པར་ཤེས་པའི་ངོ་བོར་གནས་སོ། །ཇི་ལྟར་ཞེ་ན། བདག་ཉིད་དུ་ཞེས་བྱ་བ་སྨོས་ཏེ། བདག་ཉིད་ཡིན་པའི་ཕྱིར་རོ། །དེ་ནི་སེམས་ཅན་རྣམས་ཀྱི་བདག་ཉིད་ཡིན་ཏེ། བདག་ཉིད་ཤིན་ཏུ་དུལ་བ་ཡིས། །ཞེས་འབྱུང་བའི་ཕྱིར་རོ། །གཞན་འཇུག་པའི་རྣམ་པར་ཤེས་པ་ལ་ནི་བདག་ཅེས་ཉེ་

བར་མི་འདོགས་ཏེ། སྐབས་སྐབས་སུ་རྒྱུན་འཆད་པས་བདག་དང་ཆོས་མི་མཐུན་པའི་ཕྱིར་རོ། །རྣམ་པར་གཅིག་ཏུ་ན་སེམས་ཅན་རྣམས་དེའི་བདག་ཉིད་དུ་སྦྱོར་བས་ཞེས་བྱ་བ་ནི། ཉོན་མོངས་པ་ཅན་གྱི་ཡིད་དང་མཚུངས་པར་ལྡན་པའི་འཇིག་ཚོགས་ལ་ལྟ་བས་དམིགས་པ་ཡིན་ནོ། །རྣམ་
པ་གང་དུ་ཞེ་ན། བདག་ཉིད་དུ་སྟེ། བདག་གི་རྣམ་པ་ཞེས་བྱ་བའི་ཐ་ཚིག་གོ། །འཇུག་པའི་རྣམ་པར་ཤེས་པ་གཞན་དང་གཞན་དག་ཀྱང་ཉེ་བར་ལེན་པའི་ཕུང་པོ་ལྔའི་ཁོངས་སུ་མ་གཏོགས་པ་མ་ཡིན་པའི་ཕྱིར་ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་འཇིག་ཚོགས་ལ་ལྟ་བ་རྣམ་པ་ཉི་ཤུས་
བདག་ཏུ་དམིགས་པ་མ་ཡིན་ནམ། དེ་དག་ཀྱང་ཀུན་གཞི་ཡིན་པར་འགྱུར་རོ་ཞེ་ན། ཕལ་ཆེར་དམིགས་པ་ལ་ཀུན་གཞིར་དགོངས་པ་ཡིན་ན་ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་འཇིག་ཚོགས་ལ་ལྟ་བ་ནི་ཕལ་ཆེར་དམིགས་པ་མ་ཡིན་ཏེ། དུས་དཔག་ཏུ་ཡོད་པ་ཞིག་ཏུ་ཀུན་དུ་འབྱུང་བའི་
ཕྱིར་རོ། །ཡང་ཉོན་མོངས་པ་ཅན་གྱི་ཡིད་ཀྱིས་ཀུན་གཞི་རྣམ་པར་ཤེས་པ་ལ་ཇི་ལྟར་དམིགས་ཤེ་ན། དེའི་དབང་གིས་བདག་གི་རྣམ་པར་སྐྱེ་བའི་སྒོ་ནས་ཡིན་གྱི། རང་གི་ངོ་བོ་འཇོག་པའི་སྒོ་ནས་ནི་མ་ཡིན་ནོ། །ཡང་འདིར་གང་དག་འདི་སྐད་དུ་མིག་ལ་སོགས་པ་ནི་ཀུན་གཞིའི་ངོ་བོ་ཉིད་མ་ཡིན་ཏེ། དབང་
པོ་ཡིན་པའི་ཕྱིར་ཡིད་ཀྱི་དབང་པོ་བཞིན་ནོ་ཞེས་ཟེར་བ་དེ་ནི་ཀུན་གཞིའི་ངོ་བོ་ཉིད་མ་ཡིན་པ་ཡིད་ཀྱི་དབང་པོ་དང་དེའི་ངོ་བོ་ཉིད་ཡིན་ན་སྲོག་གི་དབང་བོས་མ་ངེས་པ་ཡིན་ནོ། །མིག་ལ་སོགས་པ་ནི་རྣམ་པར་ཤེས་པའི་ངོ་བོ་ཉིད་མ་ཡིན་ཏེ། རྣམ་པར་ཤེས་པ་གྲགས་པའི་རྟེན་ཡིན་པའི་ཕྱིར་ཡིད་ཀྱི་དབང་པོ་
བཞིན་ནོ་ཞེས་ཀྱང་བརྗོད་པར་མི་ནུས་སོ། །དགོངས་པ་ངེས་པར་འགྲེལ་པའི་མདོ་ལས་ཞེས་བྱ་བ་ལ་དགོངས་པ་ནི་ལྡེམ་པོར་དགོངས་པའོ། །དེ་ལ་ཉན་ཐོས་རྣམས་ཀྱི་དབང་དུ་མཛད་ནས་བསྟན་པ་གང་ཡིན་པ་དེ་ནི་དེ་ལས་གཟུགས་ལ་སོགས་པ་བརྟགས་པ་ཡིན་པར་ལྡེམ་པོར་དགོངས་པ་མ་བཀྲོལ་ལོ། །
གང་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་བརྒྱད་བསྟན་པ་དེ་ཡང་། འདི་ནི་ཀུན་བརྟགས་པ་དགག་པ་ལྷུར་མཛད་པ་ཡིན་ནོ་ཞེས་བྱ་བར་ལྡེམ་པོར་དགོངས་པ་མ་བཀྲོལ་ལོ། །འདི་ལས་ནི་ལྡེམ་པོར་དགོངས་པ་བཀྲོལ་བས་ན་དགོངས་པ་ངེས་པར་འགྲེལ་པ་ཞེས་བྱའོ། །དེ་ལ་ཟག་པ་ནི་རྣམ་

པར་སྨིན་པ་གང་ཡིན་པ་སྟེ། འཇིག་རྟེན་གྱི་མཁས་པ་རྣམས་ཀྱིས་གཏིང་དཔག་པར་མི་ནུས་པའི་ཕྱིར་རོ། །ཕྲ་བ་ནི་ས་བོན་གྱི་གནས་སྐབས་གང་ཡིན་པ་སྟེ། རྫས་སུ་མེད་པས་དེ་ཉིད་དང་གཞན་ཉིད་དག་ཏུ་བརྗོད་པར་བྱ་བ་མ་ཡིན་པ་ཉིད་ཀྱིས་བརྟགས་པར་དཀའ་བའི་ཕྱིར་རོ། །རྣམ་པ་གཅིག་ཏུ་ན་ཐོས་
པ་ལས་བྱུང་བ་དང་བསམས་པ་ལས་བྱུང་བ་དང་། སྐྱེས་ནས་ཐོབ་པའི་ཤེས་པ་དག་གིས་མངོན་སུམ་དུ་མ་བྱས་པའི་ཕྱིར་ཟབ་པའོ། །འཇིག་རྟེན་པའི་བསྒོམས་པ་ལས་བྱུང་བའི་མངོན་སུམ་མ་ཡིན་པའི་ཕྱིར་ཕྲ་བའོ། །རྣམ་པ་གཅིག་ཏུ་ན་ཉན་ཐོས་དང་རང་སངས་རྒྱས་དང་། སོ་སོའི་སྐྱེ་བོ་ཐམས་ཅད་ཀྱི་
ཤེས་པས་ཡོངས་སུ་མ་ཤེས་པའི་ཕྱིར་ཟབ་པའོ། །བྱང་ཆུབ་སེམས་དཔའ་མོས་པས་སྤྱོད་པའི་ཤེས་པས་ཤེས་པར་དཀའ་བའི་ཕྱིར་ཕྲ་བའོ། །ས་བོན་ཐམས་ཅད་ཅེས་བྱ་བ་འདིས་ནི། གྲངས་ཅན་གྱི་སྨྲ་བ་སེལ་ཏེ། ས་བོན་རྣམས་དང་ལྷན་ཅིག་སྐྱེ་བ་དང་འགག་པའི་ཚུལ་གྱིས་ས་བོན་བཟུང་བ་
བྱས་པ་རྣམ་པར་ཤེས་པ་དེ་ས་བོན་གྱི་དངོས་པོར་འགྱུར་གྱི། གཙོ་བོ་བཞིན་དུ་གཞན་ལ་མི་ལྟོས་པར་ས་བོན་ཡོངས་སུ་འཛིན་པར་ནི་མ་ཡིན་ནོ། །རླུང་གི་རྒྱུན་ཤུགས་དྲག་པོ་ཆུའི་རླབས་འབྱུང་བ་དང་མཐུན་པ་ནི་ཆུ་བོའོ། །དེ་བཞིན་དུ་ཀུན་གཞི་རྣམ་པར་ཤེས་པ་སྐད་ཅིག་མ་བརྒྱུད་པ་བྲེང་ཆགས་
པའི་རྒྱུན་ཡང་རིམ་དང་རིག་ཅར་དག་ཏུ་འཇུག་པའི་རྣམ་པར་ཤེས་པ་བདུན་གྱི་རླབས་འབྱུང་བ་དང་མཐུན་པའི་ཕྱིར་ཆུ་བོའོ། །རྣམ་པ་གཅིག་ཏུ་ན་རང་གི་སྡེ་པ་ཁ་ཅིག་རྒྱུ་དང་འབྲས་བུ་དག་དེ་ཉིད་དང་གཞན་ཉིད་དུ་སེམས་པ་དེའི་གཉེན་པོར་ཆུ་བོ་བཞིན་དུ་ཞེས་གསུངས་པ་ཡིན་ཏེ། ཇི་ལྟར་ཀླུང་
གི་ཆུ་བོ་ལས་དེ་ཉིད་དང་གཞན་དུ་བརྗོད་པར་བྱ་བ་མ་ཡིན་པ་རླབས་འབྱུང་བ་དེ་བཞིན་དུ་ཀུན་གཞིའི་རྣམ་པར་ཤེས་པའི་རྒྱུན་གྱི་རྒྱུན་ལས་ཀྱང་དེ་ཉིད་དང་གཞན་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པ་སེམས་དང་སེམས་ལས་བྱུང་བའི་རླབས་རྣམས་འབྱུང་ངོ་། །འདི་ལྟར་རྒྱུ་ལས་འབྲས་བུ་གཞན་ཉིད་དུ་ནི་
བརྗོད་པར་མི་ནུས་ཏེ། ཐམས་ཅད་ལས་ཐམས་ཅད་འབྱུང་བར་ཐལ་བར་འགྱུར་དུ་འོང་བས་སོ། །གཞན་མ་ཡིན་པ་ཉིད་ཀྱང་མ་ཡིན་ཏེ། གྲངས་ཅན་གྱི་སྨྲ་བར་ཐལ་བར་འགྱུར་དུ་འོང་བས་སོ། །བྱིས་པ་རྣམས་ལ་ཞེས་བྱ་བ་ལ། བྱིས་པ་ནི་འདིར་ཉན་ཐོས་ཀྱི་རིགས་ཅན་གང་དག་དེའི་དུས་ཀྱི་

སྐལ་བ་མེད་པ་ཀུན་གཞི་རྣམ་པར་ཤེས་པའི་ལྡེམ་པོར་དགོངས་པ་ངེས་པར་འགྲེལ་པ་བསྟན་པའི་དོན་ལ་ལོག་པར་བརྟགས་པས་མ་ཐོབ་པར་ཡོངས་སུ་ཉམས་པའི་སྒོ་ནས་རང་གི་འབྲས་བུ་ལས་ཡོངས་སུ་ཉམས་པར་འགྱུར་བ་དེ་དག་ཡིན་ནོ། །དབང་པོ་