Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 134
Văn bản gốc(Tây Tạng)
Trang 12 / 24 (50.000 ký tự/trang)
པའི་རྣམ་པ་གང་ཡིན་ཞེ་ན། དེ་སྟོན་པའི་ཚིགས་སུ་བཅད་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས། །རྣམ་པར་མི་རྟོག་རྣམ་པ་ནི། །ཤེས་བྱ་དམིགས་པ་དེ་ཉིད་ལ། །མཚན་མ་མེད་པ་གང་ཡིན་པའོ། །ཞེས་བྱ་ བ་ལ། ཡེ་ཤེས་དེ་ནི་དེ་བཞིན་ཉིད་དེ་ལ་མཉམ་པས་མཉམ་པར་འབྱུང་བས་མཚན་མ་མེད་པ་ཐ་མི་དད་པའི་རྣམ་པ་སྟེ། འདི་ནི་རྣམ་པའོ། །ཇི་ལྟར་མིག་གིས་གཟུགས་རྣམས་འཛིན་པ་ན་དེ་ལ་སྔོན་པོ་ལ་སོགས་པ་མཐོང་བ་ཉིད་ཀྱི་རྣམ་པ་དང་། གཟུགས་སྔོན་པོ་ལ་སོགས་པ་ཉིད་གཞན་མ་ཡིན་ པ་དེ་བཞིན་དུ། འདིར་ཡང་ཡེ་ཤེས་དང་དེ་བཞིན་ཉིད་དག་གཞན་མ་ཡིན་པ་ནི་རྣམ་པའོ། །ཡང་གལ་ཏེ་ཆོས་ཐམས་ཅད་བརྗོད་དུ་མེད་པ་ཡིན་ན་དེ་ལྟ་ན་གང་ལ་རྣམ་པར་རྟོག་པར་བྱེད་ཅེ་ན། སྦྱོར་བ་ལས་བྱུང་བའི་རང་བཞིན་ཏེ། དོན་དུ། རྣམ་བརྟགས་དེ་ལས་གཞན་དུ་མིན། །དེ་བས་ན་དེ་ལས་གཞན་དུ་ མ་ཡིན་ནོ། །ཡང་ཇི་ལྟར་བྱས་ནས་ཤེ་ན། དེ་བསྒྲུབ་པར་བྱ་སྟེ། ཡི་གེ་ཕན་ཚུན་སྦྱོར་བས་ན། དོན་དེ་སྦྱོར་ལས་བྱུང་བ་ཡིན་ཏེ། ཡི་གེ་གཞན་དང་གཞན་དག་ལྷན་ཅིག་ཏུ་བརྗོད་པའི་དོན་ནི་སྦྱོར་བ་ལས་བྱུང་བའི་དོན་ཡིན་ཏེ། ཇི་ལྟར་མིག་ཅེས་བྱ་བ་ལྟ་བུའི་ཡི་གེ་རྣམ་པར་མ་ཆད་པར་ བརྗོད་པའི་དོན་ནི་འདི་ལྟར་སྦྱོར་བ་སྟེ། རྣམ་པར་བརྟག་པར་བྱ་བ་ནི་དེ་ཡིན་ནོ། །ཆོས་ཐམས་ཅད་བརྗོད་པར་བྱ་བ་མེད་པ་ཡིན་ནོ་ཞེས་བསྟན་པ་དེ་གང་གིས་གྲུབ་པ་ཡིན་ཞེ་ན། འདི་ལྟར། བརྗོད་པ་མེད་པར་བརྗོད་ཅེས་ལ། །ཤེས་པ་འཇུག་པ་མ་ཡིན་ནོ། །རྗོད་པར་བྱེད་པ་ལ་མ་བྱང་བའི་ཕྱིར་ བརྗོད་པར་བྱ་བ་ཡོད་ན་ཡང་དེའི་བློར་མི་འགྱུར་རོ། །ཡང་གལ་ཏེ་རྗོད་པར་བྱེད་པ་ནི་བརྗོད་པར་བྱ་བའི་བློར་འགྱུར་རོ་ཞེ་ན། འགལ་བའི་ཕྱིར་ན་བརྗོད་ལ་མིན་ཏེ། རྗོད་པར་བྱེད་པ་དང་། བརྗོད་པར་བྱ་བ་མཚན་ཉིད་གཞན་ཡིན་པའི་ཕྱིར་འགལ་བ་ཉིད་དོ། །རྗོད་པར་བྱེད་པ་དང་། བརྗོད་པར་བྱ་བ་ དག། དེ་ཕྱིར་ཐམས་ཅད་བརྗོད་དུ་མེད། །ཅེས་བྱ་བ་སྟེ། རྗོད་པར་བྱེད་པ་དང་། བརྗོད་པར་བྱ་བ་དག་རྒྱུ་དེའི་ཕྱིར་བརྗོད་དུ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་གང་གི་རྟེན་ཡིན་ཞེ་ན། རྣམ་པར་མི་རྟོག་ཡེ་ཤེས་དེ། །བྱང་ཆུབ་སེམས་དཔའི་དེ་རྗེས་ལ། །ཐོབ་ པར་བྱ་བའི་རྟེན་ཡིན་ཏེ། །གང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྗེས་ལ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐོབ་པར་འགྱུར་བས་དེའི་ཕྱིར་ཡེ་ཤེས་དེའི་རྟེན་དུ་འགྱུར་རོ། །དེ་ནི་འཕེལ་བར་འགྱུར་རོ་ཞེས་བྱ་བ་སྟེ། དེའི་ཕྱིར་དེ་ལྟ་བུའི་བྱང་ཆུབ་སེམས་དཔའི་སྤྱོད་པ་འཕེལ་བར་འགྱུར་བའི་ཕྱིར་ཡང་རྣམ་ པར་མི་རྟོག་པའི་ཡེ་ཤེས་ནི་རྟེན་དུ་འགྱུར་རོ། །ཡང་དེའི་གྲོགས་གང་ཡིན་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས། །རྣམ་པར་རྟོག་པ་མེད་པའི་གྲོགས། །ལམ་གཉིས་སུ་ནི་བརྗོད་པ་དེ། །ཕ་རོལ་ཕྱིན་ལྔའི་རང་བཞིན་ནོ། །དེ་ལ་ལམ་གཉིས་ནི་ཚོགས་ཀྱི་ལམ་དང་། །རྟེན་གྱི་ལམ་མོ། ། དེ་ལ་ཚོགས་ཀྱི་ལམ་ནི་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རྟེན་གྱི་ལམ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྟེ། གང་གི་ཕྱིར་སྔར་བསྟན་པའི་ཕ་རོལ་ཏུ་ཕྱིན་པ་ལས་ཡང་དག་པར་བྱུང་བའི་དགེ་བའི་རྩ་བ་དང་། བསམ་གཏན་ལ་ བརྟེན་ནས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་དེ་འབྱུང་བར་འགྱུར་བས་སོ། །སངས་རྒྱས་ཉིད་མ་ཐོབ་ཀྱི་བར་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་དེས་རྣམ་པར་སྨིན་པ་གང་སྒྲུབ་པར་འགྱུར་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས། །རྣམ་རྟོག་མེད་པའི་ རྣམ་སྨིན་ནི། སངས་རྒྱས་དཀྱིལ་འཁོར་གཉིས་སུ་སྟེ། །སངས་རྒྱས་རྣམས་ཀྱི་དཀྱིལ་འཁོར་གཉིས་ནི་ལོངས་སྤྱོད་རྫོགས་པའི་དཀྱིལ་འཁོར་དང་། སྤྲུལ་པའི་དཀྱིལ་འཁོར་ཏེ། གང་གི་ཚེ་གང་གིས་རྣམ་པར་མི་རྟོག་པའི་སྦྱོར་བ་ལ་ཞུགས་པའི་རྣམ་པར་སྨིན་པ་ནི་ སྤྲུལ་པའོ། །རྣམ་པར་མི་རྟོག་པའི་དོན་ཐོབ་པ་དེའི་རྣམ་པར་སྨིན་པ་ནི་ལོངས་སྤྱོད་རྫོགས་པར་འགྱུར་རོ། །དེ་དག་ཉིད་ཀྱི་དོན་བསྟན་པ་ནི། སྦྱོར་བ་དང་ནི་ཐོབ་པས་སོ། །ཞེས་བྱ་བ་ཡིན་ནོ། །ཡེ་ཤེས་དེའི་རྒྱུ་མཐུན་པ་གང་ཡིན་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས། །རྣམ་རྟོག་མེད་ པའི་རྒྱུ་མཐུན་ནི། །ཕྱི་མ་ཕྱི་མའི་ཚེ་རྣམས་སུ། །ཞེས་བྱ་བ་སྟེ། བཤད་མ་ཐག་པའི་དཀྱིལ་འཁོར་གཉིས་པོ་དག་ཕྱི་མ་ཕྱི་མའི་ཚེ་ལ་རྣམ་པར་རྟོག་པ་མེད་པའི་རྒྱུ་མཐུན་པས། ཁྱད་པར་དུ་ནི་འགྲོ་བར་འདོད། །ཅེས་བྱ་བ་སྟེ། གང་རྣམ་པར་མི་རྟོག་པའི་ཡེ་ཤེས་བྱེ་བྲག་ཏུ་གྱུར་པ་དེ་ཉིད་དེའི་རྒྱུ་ མཐུན་པར་བལྟ་བར་བྱའོ། །དེ་ཇི་ལྟར་ངེས་པར་འབྱུང་བར་འགྱུར་ཞེ་ན། དེ་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས། །རྣམ་རྟོག་མེད་པའི་ངེས་འབྱུང་ནི། །ཞེས་བྱ་བ་ལ། མཐར་ཐུག་པར་འགྲོ་བ་ནི་ངེས་པར་འབྱུང་བ་སྟེ། མྱ་ངན་ལས་འདས་པ་ཞེས་བྱ་བའི་ཐ་ཚིག་གོ། །ཐོབ་པ་དང་ནི་གྲུབ་ ཕྱིར་རོ། །ཞེས་བྱ་བ་ལ། ཡེ་ཤེས་དེ་དང་པོ་ཐོབ་པ་དང་ལྡན་པར་འགྱུར་རོ། །དེ་ནས་བསྐལ་པ་བརྒྱ་སྟོང་དུ་མ་ན་གྲུབ་པ་དང་ལྡན་པར་འགྱུར་རོ། །ས་བཅུ་དག་ཏུ་ཤེས་བྱ་སྟེ། །ཞེས་བྱ་བ་ལ། དང་པོ་ནས་བརྩམས་ནས་རིམ་པ་འདི་ཉིད་ཀྱིས་ས་དང་པོ་ལ་ནི་ཐོབ་པ་ཙམ་དུ་འགྱུར་རོ། །དུས་ཕྱིས་ ནི་ཆེན་པོ་ཉིད་དུ་འགྲུབ་པར་འགྱུར་ཏེ། དེའི་ཕྱིར་འདི་ལྟར་བསྐལ་པ་གྲངས་མེད་པ་གསུམ་གྱིས་མྱ་ངན་ལས་འདས་པར་འགྱུར་ཏེ། འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དེ་སྲིད་ཀྱིས་རྣམ་པར་མི་རྟོག་པའི་མཐར་ངེས་པར་འབྱུང་བར་འགྱུར་རོ། །མཐར་ཐུག་པར་འགྲོ་བ་གང་ཡིན་ཞེ་ན། འདི་ལྟར་ བཤད་མ་ཐག་པའི་རིམ་པ་འདི་ཉིད་ཀྱིས་ཐོབ་པར་གྱུར་པ་ནི་མཐར་ཐུག་པ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས། །རྣམ་རྟོག་མེད་པའི་མཐར་ཐུག་པ། །དག་པའི་སྐུ་གསུམ་ཐོབ་ཕྱིར་དང་། །ཞེས་བྱ་བའི་དོན་ཏེ། དག་པ་སྨོས་པ་ནི་འདིར་འདི་ལྟར་སྐུ་གསུམ་པོ་ས་དང་པོ་ཉིད་དུ་ཐོབ་པ་ཡིན་ལ། བཅུ་པ་ལ་ནི་ཤིན་ཏུ་རྣམ་པར་དག་པར་འགྱུར་རོ། །དབང་གི་མཆོག་ནི་ཐོབ་ཕྱིར་རོ། །ཞེས་བྱ་བ་ནི་དག་པའི་སྐུ་གསུམ་འབའ་ཞིག་ཐོབ་པས་མཐར་ཐུག་པར་འགྲོ་བ་མ་ཡིན་གྱི། གང་ཡང་ཡེ་ཤེས་རྣམ་པར་མི་རྟོག་པ་དང་། འཆད་པར་འགྱུར་བའི་དབང་བཅུ་པོ་དེ་དག་ཐོབ་པས་ཀྱང་ཡིན་པར་བལྟ་བར་བྱའོ། །རྣམ་ པར་མི་རྟོག་པ་དེའི་ཕན་ཡོན་གང་ཡིན་ཞེ་ན། དེ་ལ་རེ་ཞིག་རྣམ་པར་མི་རྟོག་པ་ནི་རྣམ་པ་གསུམ་སྟེ། སྦྱོར་བ་ལས་བྱུང་བའི་རྣམ་པར་མི་རྟོག་པ་དང་རྩ་བ་སྟེ། གང་རྣམ་པར་མི་རྟོག་པ་ཉིད་དང་། རྣམ་པར་མི་རྟོག་པའི་རྗེས་ལས་ཐོབ་པའོ། །དེ་ལས་སྦྱོར་བ་ལས་བྱུང་བའི་རྣམ་པར་མི་རྟོག་པ་ཉིད་ནི་གང་བྱང་ ཆུབ་སེམས་དཔའ་དེས་དང་པོར་ཕ་རོལ་པོ་ལས་རྣམ་པར་མི་རྟོག་པ་ཐོབ་ལ་དེ་ནས་བདག་ཉིད་ཀྱིས་རིགས་པས་དཔྱད་ནས་ལྷག་པར་མོས་པར་བྱེད་ཅིང་། ལྷག་པར་མོས་པ་དེ་ལ་བརྟེན་ནས་གང་ངེས་པར་ཞུགས་པའི་རྣམ་པར་མི་རྟོག་པ་དེ་ནི། སྦྱོར་བ་ལས་བྱུང་བའི་རྣམ་པར་མི་རྟོག་པ་ཞེས་བྱ་བས། དེ་ལྟ་བུ་ ཉིད་ནི་རྣམ་པར་མི་རྟོག་པ་ཉིད་དུ་འགྱུར་རོ། །སྦྱོར་བ་ལས་བྱུང་བ་དེའི་ཕན་ཡོན་གང་ཞེ་ན། རྣམ་རྟོག་མེད་པའི་ཡེ་ཤེས་དེ། །གོས་པ་མེད་དེ་ནམ་མཁའ་བཞིན། །གང་གིས་མ་གོས་ཤེ་ན། དེ་བསྟན་པ། སྡིག་པ་སྣ་ཚོགས་དྲག་རྣམས་ཀྱིས་སོ། །རྒྱུ་གང་གིས་མ་གོས་པ་དེ་བསྟན་པ། དད་པ་ཙམ་དང་ མོས་པ་ཡིས། །ཞེས་བྱ་བ་ལ། དད་པ་ཙམ་དང་། གང་རྣམ་པར་མི་རྟོག་པ་ལ་ལྷག་པར་མོས་པ་དེ་ནི་དེའི་ཕྱིར་ངན་འགྲོར་འགྲོ་བའི་གཉེན་པོ་ཉིད་ཡིན་ཞིང་། སྒྲིབ་པ་སྤངས་པར་གྱུར་པས་མི་གོས་པའོ། །རྩ་བ་རྣམ་པར་མི་རྟོག་པའི་ཕན་ཡོན་ཡང་། གོས་པ་མེད་དེ་ནམ་མཁའ་བཞིན། གང་ཞེ་ན། རྣམ་ རྟོག་མེད་པའི་ཡེ་ཤེས་དེ། །གང་གིས་ཤེ་ན། སྒྲིབ་པ་ཀུན་ལས་སོ། །ཇི་ལྟར་ཞེ་ན། ཐོབ་དང་གྲུབ་དང་ལྡན་པས་ན། །ཞེས་བྱ་བ་སྟེ། ས་རྣམས་ཐོབ་པ་དང་ལྡན་པ་དང་། གྲུབ་པ་དང་ལྡན་པའི་ཕྱིར་རོ། །འདིས་ནི་སྒྲིབ་པ་དེའི་གཉེན་པོ་ཉིད་བསྟན་པར་འགྱུར་རོ། །རྣམ་པར་མི་རྟོག་པའི་རྗེས་ལས་ཐོབ་ པའི་ཕན་ཡོན་ཇི་ལྟ་བུ་ཡིན་ཞེ་ན། དེ་ཡང་། རྣམ་རྟོག་མེད་པའི་ཡེ་ཤེས་དེ། །གོས་པ་མེད་དེ་ནམ་མཁའ་བཞིན། །འཇིག་རྟེན་དག་ན་རྣམ་རྒྱུ་ཡང་། །འཇིག་རྟེན་ཆོས་ཀྱིས་རྟག་མི་གོས། །ཞེས་བྱ་བ་ལ། ཡེ་ཤེས་དེ་ཉིད་ཀྱིས་ནི་སེམས་ཅན་གྱི་དོན་མཐོང་ནས་སྲིད་པ་དག་ཏུ་ཡང་སྐྱེ་བར་འགྱུར་ ལ། དེ་འཇིག་རྟེན་དུ་སྐྱེས་པར་གྱུར་ན་ཡང་དེ་ལ་འཇིག་རྟེན་གྱི་ཆོས་ཀྱིས་ནི་མི་གོས་ཏེ། འཇིག་རྟེན་གྱི་ཆོས་ནི་རྙེད་པ་དང་མ་རྙེད་པ་དང་། གྲགས་པ་དང་། མ་གྲགས་པ་དང་། བསྟོད་པ་དང་། སྨད་པ་དང་། བདེ་བ་དང་། སྡུག་བསྔལ་ཞེས་བྱའོ། །དེ་ཡང་རྣམ་ པར་མི་རྟོག་པ་ཉིད་ཡིན་ཏེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ལས་དེ་བྱུང་བའི་ཕྱིར་རོ། །གང་ཡེ་ཤེས་གསུམ་པོ་དེ་དག་ཉིད་ཀྱི་བྱེ་བྲག་ནི་ཇི་ལྟར་དེ་དག་བསྟན་པ་བཞིན་དུ་དེ་ཡང་བསྟན་པར་བྱའོ། །ཇི་ལྟར་ལྐུགས་པས་དོན་ནི་མྱོང་འདོད་ལྟར་ཏེ། བརྗོད་པ་མེད་པ་ལྟར་སྦྱོར་བ་ལས་བྱུང་བའི་རྣམ་ པར་མི་རྟོག་པ་ནི་དེ་བཞིན་ནོ། །ཇི་ལྟར་ལྐུགས་པས་དོན་མྱོང་དང་སྟེ་བརྗོད་པ་མེད་པ་དེ་ལྟ་བུ་ནི་དངོས་གཞི་རྣམ་པར་མི་རྟོག་པའོ། །མ་ལྐུགས་པས་ནི་དོན་མྱོང་ལྟར་ཏེ། བརྗོད་པ་ལྟར་དེ་བཞིན་དུ་རྣམ་པར་མི་རྟོག་པའི་རྗེས་ལས་ཐོབ་པའི་རྣམ་པར་མི་རྟོག་པ་བལྟ་བར་བྱའོ། །འདིར་བརྗོད་པ་ནི་ ཡི་གེ་བརྗོད་པ་ཡིན་པར་བཞེད་དོ། །རྨོངས་པས་དོན་ནི་མྱོང་འདོད་དང་། །ཞེས་བྱ་བ་ལ། འདིར་ཐ་སྙད་ལ་མ་བྱང་བ་ནི་རྨོངས་པ་ཡིན་པར་བཞེད་དོ། །རྨོངས་པ་འདི་དག་ཀྱང་ཡེ་ཤེས་གསུམ་དང་དཔེ་ཡང་ལྐུགས་པ་བཞིན་དུ་སྦྱར་བར་བྱའོ། །ལྔ་པོས་དོན་ནི་མྱོང་འདོད་དང་། །ཞེས་བྱ་བ་ལ། ལྔ་ སྨོས་པས་ནི་རྟོག་པ་མེད་པའི་མིག་ལ་སོགས་པ་རྣམས་བསྡུ་བར་བལྟ་བར་བྱའོ། །དེ་དག་གི་འདོད་པ་དང་མྱོང་བ་ཞེས་བྱ་བ་ནི་ཐམས་ཅད་ལྐུགས་པ་བཞིན་དུ་ཡེ་ཤེས་གསུམ་དང་སྦྱར་བའོ། །ཡིད་ཀྱིས་དོན་ནི་མྱོང་བ་ལྟར། །ཞེས་བྱ་བ་ལ། ཇི་ལྟར་ཡིད་ཀྱིས་དོན་ལ་རྣམ་པར་རྟོག་ཅིང་ ཉམས་སུ་མྱོང་བ་ལྟར་དེའི་རྗེས་ལས་ཐོབ་པས་ཉམས་སུ་མྱོང་བ་ཡང་དེ་བཞིན་ཏེ། རྣམ་པར་རྟོག་པར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །བསྟན་བཅོས་མ་ཤེས་པས་བསྟན་བཅོས་འདོད་པ་ལྟ་བུ་ནི་སྦྱོར་བ་ལས་བྱུང་བའོ། །ཇི་ལྟར་བསྟན་བཅོས་དེའི་ཆོས་དང་དོན་མྱོང་བ་ལྟ་བུ་ནི་རྣམ་པར་མི་རྟོག་པའོ། ། འདིར་ཆོས་ནི་ཡི་གེ་ཙམ་དུ་བཞེད་དོ། །ཇི་ལྟར་བསྟན་བཅོས་ཤེས་པས་ཆོས་དང་དོན་མྱོང་བ་དེ་ལྟ་བུར་ནི་དེའི་རྗེས་ལས་ཐོབ་པར་བལྟ་བར་བྱའོ། །གོ་རིམས་སྨོས་པ་ནི་འདིར་ཆོས་དང་དོན་དང་ཡེ་ཤེས་གཉིས་བསྟན་པ་ཡིན་ནོ། །མི་ཞིག་མིག་ནི་བཙུམས་པ་ལྟར། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་ བཅད་པ་ནི་རྣམ་པར་མི་རྟོག་པ་དང་། དེའི་རྗེས་ལས་ཐོབ་པ་གཉིས་པོ་དེ་དག་གི་བྱེ་བྲག་བསྟན་ཏོ། །ནམ་མཁའ་བཞིན་དུ་ཞེས་བྱ་བ་ནི། ཇི་ལྟར་ནམ་མཁའ་ཁྱབ་པ་དང་། མ་གོས་པ་དང་། མི་རྟོག་པ་དང་། བརྟག་པར་བྱ་བ་མ་ཡིན་པ་དེ་བཞིན་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱང་ཆོས་ཐམས་ཅད་ལ་རོ་ གཅིག་པ་སྟོང་པ་ཉིད་ཀྱིས་ཁྱབ་པས་ན་ཁྱབ་པའོ། །ཆོས་ཐམས་ཅད་ཀྱིས་མ་གོས་པས་ན་གོས་པ་མེད་པའོ། །རང་ཉིད་ཀྱིས་རྣམ་པར་མི་རྟོག་པས་ན་རྣམ་པར་རྟོག་པ་མེད་པའོ། །གཞན་གྱིས་བརྟག་པར་བྱ་བ་མ་ཡིན་པ་ཉིད་ཀྱིས་རྣམ་པར་བརྟག་པར་བྱ་བ་མ་ཡིན་པ་སྟེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་དེ་ལྟར་ བལྟ་བར་བྱའོ། །དེ་ལ་གཟུགས་ནི་སྣང་བ་ལྟར། །དེ་ཡི་རྗེས་ཐོབ་ཤེས་དེ་འདྲ། །ཇི་ལྟར་ནམ་མཁའ་ལ་གཟུགས་ཀྱི་སྣང་བ་རྣམ་པར་བརྟགས་པ་ལྟར། དེ་བཞིན་དུ་དེའི་རྗེས་ལས་ཐོབ་པའི་ཡེ་ཤེས་བལྟ་བར་བྱ་སྟེ། རྣམ་པར་བརྟག་པར་བྱ་བ་ལ་རྣམ་པར་རྟོག་པ་མེད་པ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་གལ་ ཏེ་དེ་ལྟ་བུའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་རབ་ཏུ་བསྒོས་པའི་སངས་རྒྱས་ཉིད་དེས་སེམས་ཅན་གྱི་རྣམ་པར་རྟོག་པ་མེད་པ་དེ་བཞིན་དུ། དེའི་སེམས་ཅན་གྱི་དོན་མཛད་པ་ཡང་རྣམ་པར་རྟོག་པ་མེད་པར་ཇི་ལྟར་འགྱུར་ཞེ་ན། དེ་ཚིགས་སུ་བཅད་པས་ནོར་བུ་དང་སིལ་སྙན་གྱི་དཔེས་བསྟན་པ། ཇི་ལྟར་ནོར་ བུ་སིལ་སྙན་དག །ཅེས་བྱ་བ་ལ། ཇི་ལྟར་ཡིད་བཞིན་གྱི་ནོར་བུ་རྣམ་པར་རྟོག་པ་མེད་པ་བཞིན་དུ་ཡང་སེམས་ཅན་རྣམས་ཀྱི་འདོད་པའི་དོན་གྱི་ལས་བྱེད་པ་དང་། ལྷ་རྫས་ཀྱི་སིལ་སྙན་རྣམས་མ་བརྡུངས་པར་ཡང་དེར་སྐྱེས་པའི་སེམས་ཅན་རྣམས་ཀྱི་འདོད་པ་བཞིན་དུ་སྒྲ་འབྱུང་བར་འགྱུར་བ་ལྟར། སངས་ རྒྱས་རྣམས་ཀྱང་རྣམ་པར་རྟོག་པ་མི་མངའ་བཞིན་དུ་ཡང་ཕྲིན་ལས་རྣམ་པ་སྣ་ཚོགས་འབྱུང་བར་འགྱུར་རོ་ཞེས་ཤེས་པར་བྱའོ། །རྣམ་པར་མི་རྟོག་པའི་ཟབ་པ་ཉིད་བརྗོད་པར་བྱ་སྟེ། ཅི་ཡེ་ཤེས་དེ་གཞན་གྱི་དབང་ཞེས་བརྗོད་པའི་རྣམ་པར་བརྟག་པར་བྱ་བའི་དངོས་པོ་ལ་འཇུག་གམ། འོན་ཏེ་གཞན་ ཞིག་ལ་དམིགས་དེས་ཅིར་འགྱུར། གལ་ཏེ་རྣམ་པར་བརྟག་པར་བྱ་བ་ལ་དམིགས་ན་ནི་དེའི་རྣམ་པར་མི་རྟོག་པ་ཉིད་མི་དམིགས་སོ། །གཞན་ལ་མི་དམིགས་སོ་ཞེ་ན། དེའི་དམིགས་པ་གཞན་ནི་མེད་པ་ཉིད་ཀྱི་ཕྱིར། དེ་ལ་མ་ཡིན་གཞན་ལ་མིན། །ཞེས་བྱ་སྟེ། དེ་ལ་རེ་ཞིག་དེ་ལ་ནི་མ་ཡིན་ ཏེ། རྣམ་པར་བརྟག་པར་བྱ་བ་ལ་དམིགས་པ་ནི་མི་འགྱུར་ཏེ། རྣམ་པར་མི་རྟོག་པ་ཡིན་པའི་ཕྱིར་རོ། །གཞན་ལ་ཡང་མ་ཡིན་ཏེ། གང་གི་ཕྱིར་གཞན་གྱི་དབང་ཞེས་བརྗོད་པའི་ཆོས་དེ་ཉིད་ཀྱི་ཆོས་ཉིད་ལ་དམིགས་པའི་ཕྱིར་ཏེ། དེའི་ཆོས་ཉིད་དང་ཆོས་དེ་དག་ནི་གཅིག་ པ་ཉིད་དང་གཞན་པ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པ་ཉིད་དོ། །དེའི་ཕྱིར་རྣམ་པར་བརྟག་པར་བྱ་བ་ལ་དམིགས་པའམ། གཞན་ལ་དམིགས་པ་ཡིན་ཞེས་བརྗོད་པར་མི་བྱའོ། །གཞན་ཡང་དེ་ཤེས་པ་ཡིན་ནམ། ཡང་ན་མ་ཡིན། དེས་ཅིར་འགྱུར། གལ་ཏེ་ཤེས་པ་ཡིན་ན་ནི་དེ་ཇི་ལྟར་རྟོག་པ་མེད་པར་ འགྱུར། འོན་ཏེ་མི་ཤེས་པའི་ངོ་བོ་ཡིན་ན་ནི་ཇི་ལྟར་ན་ཡེ་ཤེས་རྣམ་པར་མི་རྟོག་པ་ཞེས་བརྗོད་པར་བྱ་ཞེ་ན། ཤེས་དང་མི་ཤེས་པ་མ་ཡིན། །ཞེས་བྱ་བས་བསྟན་ཏེ། རེ་ཞིག་དེ་ཤེས་པ་ནི་མ་ཡིན་ཏེ། འདི་ལྟར་སྦྱོར་བ་ལས་བྱུང་བའི་རྣམ་པར་རྟོག་པ་དང་བཅས་པའི་ཡེ་ཤེས་ཀྱི་ངོ་བོ་ལྟར་མི་འཇུག་པས་ སོ། །དེ་མི་ཤེས་པ་ཡང་མ་ཡིན་ཏེ། གང་གི་ཕྱིར་སྦྱོར་བ་ལས་བྱུང་བ་རྣམ་པར་རྟོག་པ་དང་བཅས་པའི་ཡེ་ཤེས་རྒྱུར་གྱུར་པ་ལས་དེ་བྱུང་བའི་ཕྱིར་རོ། །དེ་ལ་མ་ཡིན་གཞན་ལ་མིན། །ཤེས་དང་མི་ཤེས་པ་མ་ཡིན། །ཞེས་བྱ་བའི་དོན་གཞན་ཡང་གང་གི་ཕྱིར་རྣམ་པར་རྟོག་པ་འཇུག་པ་དེ་ལ་ཡང་མ་ ཡིན་ཏེ། དེས་ན་ཤེས་པ་ཡང་མ་ཡིན་ནོ། །གང་གི་ཕྱིར་ཆོས་ཉིད་ལ་འཇུག་པས་དེ་ལས་གཞན་པ་ཡང་མ་ཡིན་ཏེ། དེས་ན་མི་ཤེས་པ་མ་ཡིན་ནོ། །དེ་ནི་སྔ་མ་ཕྱི་མས་བཤད་པར་གྱུར་པ་མ་ཡིན་ནོ། །ཤེས་བྱ་དང་ནི་ཁྱད་མེད་པའི། །ཤེས་གང་དེ་ནི་མི་རྟོག་ཉིད། །ཅེས་བྱ་བ་ལ། གང་ གཟུང་བ་དང་འཛིན་པའི་ངོ་བོར་འཇུག་པའི་སྦྱོར་བ་ལས་བྱུང་བ་ལྟ་བུ་ནི་རྣམ་པར་མི་རྟོག་པ་མ་ཡིན་གྱི། གང་ཡང་གཟུང་བ་དང་ཤེས་བྱ་ཐ་མི་དད་པར་འཇུག་པས་མཉམ་པ་ཉིད་དུ་འཇུག་པ་དེ་ནི་རྣམ་པར་མི་རྟོག་པ་ཉིད་དོ། །ཡེ་ཤེས་དེ་ནི་གཟུང་བ་དང་འཛིན་པའི་ངོ་བོ་ལ་མི་གནས་པ་ཉིད་དོ། །གང་ ཡང་བཅོམ་ལྡན་འདས་ཀྱིས་མདོ་གཞན་ལས། ཆོས་ཐམས་ཅད་རྣམ་པར་རྟོག་པ་མེད་པའོ་ཞེས་གསུངས་པ་དེ་བསྟན་པར་བྱ་བའི་ཕྱིར། ཆོས་རྣམས་ཐམས་ཅད་རང་བཞིན་གྱིས། །རྣམ་རྟོག་མེད་པ་ཞེས་བྱ་བ་ལ། ཆོས་ཐམས་ཅད་ནི་རང་བཞིན་གྱིས་རྣམ་པར་རྟོག་པ་མེད་པའོ་ཞེས་བྱ་བའི་ཐ་ ཚིག་གོ། །གང་གི་ཕྱིར་ཞེ་ན། རྣམ་པར་བརྟག་བྱ་མེད་པས་ན། །ཞེས་བྱ་བ་སྟེ། གང་གི་ཕྱིར་བརྟག་པར་བྱ་བའི་དངོས་པོ་མེད་པས་སོ། །གང་ཡང་དེ་ལྟར་རྣམ་པར་བརྟག་པར་བྱ་བ་མེད་པས་རང་བཞིན་གྱིས་ཆོས་རྣམས་རྣམ་པར་མི་རྟོག་པ་ཉིད་ཡིན་པ་དེའི་ཕྱིར་དེས་ན་སེམས་ཅན་ཐམས་ཅད་གང་གི་ ཕྱིར་ཐར་བར་མི་འགྱུར་ཞེ་ན། འདི་ལྟར། ཤེས་གང་དེ་ནི་མི་རྟོག་ཉིད། །ཅེས་བྱ་བས་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་རྟོག་པ་མེད་པ་ཉིད་ཡིན་ན་ཡང་སེམས་ཅན་ལ་ཐར་པ་མེད་པར་བསྟན་པ་ནི་གང་ཡང་རྣམ་པར་རྟོག་པ་མི་བརྟེན་པ་ཉིད་ཡོད་པའི་ཕྱིར་རོ། །དེས་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་ མི་རྟོག་པ་ཉིད་ཡིན་ན་ཡང་། གལ་ཏེ་དེར་རྟོགས་པའི་ཡེ་ཤེས་སྐྱེས་པར་གྱུར་ན་དེས་མངོན་སུམ་དུ་མཐོང་བར་འགྱུར་ལ། དེ་ནི་རྣམ་པར་མི་རྟོག་པ་ཉིད་དོ། །དེས་ཀྱང་གྲོལ་བར་འགྱུར་ཏེ་སྐྱེས་པར་མ་གྱུར་ན་ནི་གྲོལ་བར་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཕྱིར་ཡེ་ཤེས་དེ་ནི་རྣམ་པར་མི་རྟོག་པའོ། །ཡེ་ ཤེས་གསུམ་པ་དེ་རྣམས་ཀྱི་རབ་ཏུ་དབྱེ་བ་བསྟན་པར་བྱ་བའི་ཕྱིར་རྒྱུ་དང་འཕེན་པ་དང་། གོམས་པ་ལས་བྱུང་བས་རབ་ཏུ་དབྱེ་བའི་ཕྱིར་རོ་ཞེས་བྱ་བ་སྟེ། དེ་ལ་རྣམ་པར་མི་རྟོག་པའི་སྦྱོར་བ་ལས་བྱུང་བ་ནི་རྣམ་པ་གསུམ་སྟེ། འདི་ལྟར་ཁ་ཅིག་ནི་རིགས་ཀྱི་སྟོབས་ལས། ཁ་ཅིག་ནི་འཕེན་པའི་སྟོབས་ ལས། ཁ་ཅིག་ནི་ད་ལྟར་གྱི་དུས་སུ་གོམས་པའི་སྟོབས་ལས་འབྱུང་བར་འགྱུར་རོ། །དེ་ལ་རིགས་ཀྱི་སྟོབས་ལས་ནི་དེར་རྒྱུར་གྱུར་པ་ལས་འབྱུང་བར་འགྱུར་བ་ཉིད་དོ། །དེ་འཕེན་པའི་སྟོབས་ལས་ནི་དེ་སྐྱེ་བ་སྔ་མ་ལ་གོམས་པར་བྱས་པའི་རྒྱུ་ཉིད་ལས་འབྱུང་བར་འགྱུར་རོ། །གང་གོམས་པའི་སྟོབས་ ལས་ད་ལྟར་གྱི་སྐྱེ་བ་ཉིད་ལ་སྐྱེས་བུ་བྱེད་པའི་སྟོབས་ཀྱི་རྒྱུ་ལས་དེ་འབྱུང་བར་འགྱུར་བའོ། །ཆོག་ཤེས་པ་དང་། ཕྱིན་ཅི་མ་ལོག་པ་དང་། སྤྲོས་པ་མེད་པས་རྣམ་པར་མི་རྟོག་པའི་ཕྱིར་རོ་ཞེས་བྱ་བ་ལ། དེ་ལ་ཆོག་ཤེས་པས་རྣམ་པར་མི་རྟོག་པ་ནི་ཐོས་པ་དང་བསམས་པ་ལས་བྱུང་བའི་མཐར་ཕྱིན་པ་ ཡིན་པར་བལྟ་བར་བྱ་སྟེ། ཆོག་ཤེས་པ་ལས་རྣམ་པར་མི་རྟོག་པ་ནི་ཆོག་ཤེས་པས་རྣམ་པར་མི་རྟོག་པའོ་ཞེས་དེ་ལྟར་བྱས་ནས་ཐོས་པའམ་བསམས་པ་གང་གིས་བློ་གང་གི་མཐར་ཕྱིན་པར་གྱུར་པ་དེ་ནི་སོ་སོའི་སྐྱེ་བོའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའི་ཆོག་ཤེས་པ་འབྱུང་བར་འགྱུར་བ་ སྟེ། དེ་ནི་རེ་ཞིག་འདི་ཙམ་མོ་ཞེས་དེ་ལྟར་བྱས་པའི་དོན་འདིས་ཆོག་ཤེས་པའི་རྣམ་པར་མི་རྟོག་པའོ། །དོན་གཞན་ཡང་འཇིག་རྟེན་པའི་ཆོག་ཤེས་པའི་རྣམ་པར་མི་རྟོག་པར་བལྟ་བར་བྱ་སྟེ། གང་སྲིད་པའི་རྩེ་མོར་ཕྱིན་པར་གྱུར་པ་དེ་ནི་མྱ་ངན་ལས་འདའ་བར་བལྟ་བས་དེའི་ ཕ་རོལ་ན་རྟོགས་པར་བྱ་བ་གཞན་མེད་དོ་ཞེས་ཆོག་ཤེས་པ་འབྱུང་བར་འགྱུར་བའོ། །ཕྱིན་ཅི་མ་ལོག་པའི་རྣམ་པར་རྟོག་པ་ནི་ཉན་ཐོས་ལ་སོགས་པ་རྣམས་ཀྱི་ཡིན་པར་བལྟ་བར་བྱ་སྟེ། གང་གི་ཕྱིར་དེ་དག་རྣམས་ཀྱི་དེ་ཁོ་ན་ཉིད་རབ་ཏུ་རྟོགས་པའི་ཡེ་ཤེས་དེ་ནི་མི་རྟག་པ་ལ་སོགས་པའི་ཕྱིན་ཅི་མ་ ལོག་པ་རྣམ་པ་བཞི་ལས་དེ་རྟག་པ་ལ་སོགས་པའི་རྣམ་པ་ཕྱིན་ཅི་ལོག་ཏུ་རྣམ་པར་མི་རྟོག་པའི་ཕྱིར་རོ། །ཡང་སྤྲོས་པ་མེད་པས་རྣམ་པར་མི་རྟོག་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡིན་པར་བལྟ་བར་བྱ་སྟེ། གང་གི་ཕྱིར་ཆོས་ཐམས་ཅད་ནས་བྱང་ཆུབ་ཀྱི་བར་ལ་ཡང་སྤྲོས་པ་མེད་པར་ རྣམ་པར་མི་རྟོག་པ་ཉིད་ཀྱི་ཕྱིར་རྣམ་པར་རྟོག་པར་མི་བྱེད་དོ། །ཡང་སྤྲོས་པ་མེད་པ་ནི་ངག་གི་ཡུལ་ལས་ཡང་དག་པར་འདས་པ་དང་། འཇིག་རྟེན་པའི་ཤེས་པའི་ཡུལ་ལས་ཡང་དག་པར་འདས་པ་ཡིན་པར་རིག་པར་བྱ་སྟེ། གང་གི་ཕྱིར་ཚིག་གིས་བསྟན་པར་མི་ནུས་པ་དང་། འཇིག་རྟེན་ པའི་ཤེས་པས་ཤེས་པར་མི་ནུས་པའི་ཕྱིར་རོ། །ཡང་རྣམ་པར་མི་རྟོག་པའི་རྗེས་ལས་ཐོབ་པ་དེ་ཡང་རབ་ཏུ་དབྱེ་བ་རྣམ་པ་ལྔར་བལྟ་བར་བྱ་བ་ཡིན་པས་རྟོགས་པ་དང་། རྗེས་སུ་དྲན་པ་དང་། རྣམ་པར་གཞག་པ་དང་། འདྲེས་པ་དང་། འབྱོར་པ་ལ་དཔྱོད་པ་ཐ་དད་པའི་ཕྱིར་རོ་ཞེས་བྱ་བ་ལ། དེ་ཡང་རྟོགས་པ་ལ་དཔྱོད་པ་དང་། རྗེས་སུ་དྲན་པ་ལ་དཔྱོད་པ་དང་། རྣམ་པར་གཞག་པ་ལ་དཔྱོད་པ་དང་། འདྲེས་པ་ལ་དཔྱོད་པ་དང་། འབྱོར་པ་ལ་དཔྱོད་པ་ཞེས་བྱ་བ་སྟེ་རབ་ཏུ་དབྱེ་བ་རྣམ་པ་ལྔ་ཡིན་ནོ། །དེ་ལ་རྟོགས་པ་ལ་དཔྱོད་པ་ནི། གང་རྟོགས་པའི་དུས་ཉིད་ན་བདག་གིས་འདི་ ལྟར་རྟོགས་སོ་ཞེས་དཔྱོད་པ་སྟེ། ཁོང་དུ་ཆུད་པ་ནི་འདིར་དཔྱོད་པ་ཡིན་པར་འདོད་དོ། །རྗེས་སུ་དྲན་པ་ལ་དཔྱོད་པ་ནི་གང་ལངས་པ་ན་བདག་གིས་རྣམ་པར་མི་རྟོག་པ་རྟོགས་སོ་ཞེས་དྲན་པའོ། །རྣམ་པར་གཞག་པ་ལ་དཔྱོད་པ་ནི་གང་ཕ་རོལ་ལ་བདག་གིས་རྟོགས་པ་དེ་སྟོན་པར་བྱེད་པའོ། ། འདྲེས་པ་ལ་དཔྱོད་པ་ནི་གང་ཆོས་ཐམས་ཅད་འདྲེས་ཤིང་བསྡུས་པ་ལ་དམིགས་པའི་ཡེ་ཤེས་ཀྱིས་མཐོང་བ་སྟེ། འདི་ལྟར་རྟེན་གནས་གྱུར་པ་ཉིད་དོ། །རྟེན་གནས་གྱུར་པ་དེ་ཉིད་ལས་ནི་འབྱོར་པ་ལ་དཔྱོད་པར་འགྱུར་ཏེ། གང་ཅི་བསམས་པ་དེ་ཐམས་ཅད་འབྱོར་པར་འགྱུར་རོ། །དེ་ཡང་ཇི་ལྟར་ས་ལ་སོགས་པ་ ཡང་དེ་ལྟར་བརྟགས་ན་གཞན་གསེར་ལ་སོགས་པར་འགྱུར་བའོ། །ཡང་དེ་ནི་བརྟགས་པས་འབྱོར་པར་འགྱུར་བས་ན་འབྱོར་པ་ལ་དཔྱོད་པ་སྟེ། ཇི་ལྟར་དཔྱོད་པ་དེ་བཞིན་དུ་འབྱོར་པར་འགྱུར་བའོ། །རྣམ་པར་མི་རྟོག་པའི་རྣམ་པར་གཞག་པ་བསྟན་ཟིན་ཏོ། །སྒྲུབ་པར་བྱེད་པ་མ་བསྟན་པས་དེ་སྟོན་པར་བྱེད་པའི་ ཚིགས་སུ་བཅད་པ་ནི། ཡི་དྭགས་དུད་འགྲོ་མི་རྣམས་དང་། །ལྷ་རྣམས་ཇི་ལྟར་འོས་འོས་སུ། །ཞེས་བྱ་བ་སྟེ། དུད་འགྲོ་རྣམས་ཀྱིས་ཆུ་ལ། ཡི་དྭགས་རྣམས་ཀྱིས་ཐང་དུ་དང་། མི་རྣམས་ཀྱིས་མི་གཙང་བ་དང་། དུད་འགྲོ་ཕག་ལ་སོགས་པས་གཙང་བར་མཐོང་བ་དང་། མི་རྣམས་ལ་ཟས་དེ་དག་ གཙང་བ་ལ། ལྷ་རྣམས་ལ་དེ་དག་མི་གཙང་བ་དེ་ལྟར་བྱས་ནས། དངོས་གཅིག་ཡིད་ནི་ཐ་དད་པར་མཐོང་བས་ན་དོན་རྣམས་གྲུབ་པ་མེད་པར་འདོད་པར་བྱའོ། །དེ་ལ་བདེན་པ་ཉིད་དུ་མ་གྲུབ་པས་དོན་གང་ཡང་ཡོད་པ་མ་ཡིན་ཏེ། དེས་ན་རྣམ་པར་ཤེས་པ་དམིགས་པ་མེད་པ་ཉིད་དུ་འགྱུར་བ་ཡིན་ནོ། །དེའི་ ཕྱིར་འདི་ནི་དམིགས་པ་མེད་པ་ཡིན་ཏེ། འདིའི་དམིགས་པ་ནི་རྨི་ལམ་ཇི་ལྟ་བ་བཞིན་ནོ། །ཇི་ལྟར་འདས་པ་དང་མ་འོངས་པ་ལ་དེ་དམིགས་པ་དང་། ཇི་ལྟར་མེ་ལོང་དང་། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་ལྟ་བུ་ཡིན་པས་དེ་ཚིགས་སུ་བཅད་པས་སྟོན་པ་ནི། འདས་སོགས་དེ་བཞིན་རྨི་ལམ་དང་། །ཞེས་བྱ་བ་ ལ་སོགས་པ་སྟེ། དེ་ཡང་ཕྱེད་སྔ་མས་ཕྱི་མ་དང་གོ་རིམས་ཇི་ལྟ་བ་བཞིན་དུ་བལྟ་བར་བྱའོ། །འདི་ལྟར་ཡོད་པ་མ་ཡིན་པའི་དམིགས་པ་ནི། དམིགས་པ་ཡོད་པ་མ་ཡིན་པའི་ཕྱིར་ཏེ། དམིགས་པ་མེད་པ་ཉིད་དོ། །དེ་ཉིད་ལ་དམིགས་པ་ནི་དེ་ལ་དམིགས་པ་སྟེ། རང་གི་གཟུགས་བརྙན་ལ་དམིགས་པ་ ཉིད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཡང་འདས་པ་དང་། མ་འོངས་པ་དང་། རྨི་ལམ་དང་། གཟུགས་བརྙན་དག་གོ་རིམས་བཞིན་དུ་སྦྱར་བར་བྱའོ། །དོན་ནི་དོན་དུ་གྲུབ་ན་ནི། །ཡེ་ཤེས་རྟོག་པ་མེད་མི་འགྱུར། །ཞེས་བྱ་བ་ལ། གལ་ཏེ་དོན་གྱི་ངོ་བོ་ཉིད་དུ་ཡོད་ན་ནི་དེས་ན་རྣམ་པར་མི་རྟོག་ པའི་ཡེ་ཤེས་མེད་པར་འགྱུར་རོ། །འོན་ཏེ་དེ་མེད་པའི་ངོ་བོ་ཉིད་ནི་འདོད་པ་ཡིན་ནོ་ཞེ་ན། དེས་ན་རྣམ་པར་མི་རྟོག་པ་དེ་མེད་པས་ན་སངས་རྒྱས་ཉིད་ཀྱང་འཐོབ་པར་མི་འགྱུར་རོ། །དེས་ན་ངེས་པར་འདི་ལྟར་འདོད་པར་བྱ་བ་ཡིན་པས། བྱང་ཆུབ་སེམས་དཔའ་དབང་ཐོབ་དང་། ། ཞེས་བྱ་བ་སྟེ། དབང་ཐོབ་པར་གྱུར་པ་ཞེས་བྱ་བའི་ཐ་ཚིག་གོ། །མོས་དབང་གིས་ཞེས་བྱ་བ་ནི་བསམ་པའི་དབང་གིས་དེ་ལྟ་བུ་མེད་པའི་ས་ལ་སོགས་པ་དག་འདི་ལྟར་གསེར་ལ་སོགས་པའི་རང་བཞིན་དུ་འགྱུར་བ་ཞེས་བྱ་བའི་ཐ་ཚིག་གོ། །བསམ་གཏན་པའི་ཞེས་བྱ་བ་ནི་ཉན་ཐོས་ལ་སོགས་པ་གཞན་གྱི་ ཡང་ངོ་། །འདི་ལ་རྣམ་པར་འབྱེད་གྲུབ་པ། །ཞེས་བྱ་བ་ནི་ལྷག་མཐོང་གྲུབ་པ་ཞེས་བྱ་བའི་ཐ་ཚིག་གོ། །བློ་ལྡན་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའོ། །ཞི་བ་ཐོབ་པ་ཞེས་བྱ་བ་ནི་ཏིང་ངེ་འཛིན་ཐོབ་པ་ཞེས་བྱ་བའི་དོན་ཏེ་ནང་གི་བདག་ཉིད་ཀྱིའོ། །ཆོས་ཀུན་ཡིད་ལ་བྱེད་པ་ལ། །དེ་ལྟར་དོན་དུ་སྣང་ཕྱིར་རོ། །ཞེས་ བྱ་བ་ལ་འདི་ལྟར་ཇི་ལྟ་ཇི་ལྟར་མདོ་སྡེ་ལ་སོགས་པའི་ཆོས་རྣམས་ཀྱི་དོན་ཡིད་ལ་བྱེད་པ་ན་དེ་ལ་དེ་ལྟ་དེ་ལྟ་བུར་སྣང་བར་འགྱུར་ཏེ། གལ་ཏེ་སངས་རྒྱས་ཉིད་ཡིན་ནོ་ཞེས་ཆོས་དེ་དང་དེ་དག་ཡིད་ལ་བྱེད་པ་ན་སངས་རྒྱས་ཀྱི་དོན་དུ་སྣང་བར་འགྱུར་རོ། །དེ་བཞིན་དུ་གཟུགས་དང་ཚོར་བ་ལ་སོགས་པ་ཡང་དེ་ བཞིན་ནོ། །ཡེ་ཤེས་རྒྱུ་བ་རྟོག་མེད་ལ། །དོན་རྣམས་ཐམས་ཅད་མི་སྣང་ཕྱིར། །ཞེས་བྱ་བ་ལ། རྣམ་པར་རྟོག་པ་མེད་པའི་ཡེ་ཤེས་ཀྱི་རྒྱུ་བ་འཇུག་པ་ལ་འདི་ལྟར་དོན་ཐམས་ཅད་སྣང་བར་མི་འགྱུར་རོ། །དེའི་ཕྱིར། དོན་མེད་ཁོང་དུ་ཆུད་པར་བྱ་སྟེ། དེས་ན་གལ་ཏེ་དོན་མེད་པ་ཡིན་ན་རྣམ་པར་རིག་པ་ཡང་མེད་ པར་འགྱུར་རོ། །ཇི་ལྟར་ཞེ་ན། རྣམ་པར་རིག་པ་མེད་པ་བསྟན་པར་བྱ་བའི་ཕྱིར། དོན་མེད་པས་ན་རྣམ་རིག་མེད། །ཅེས་བྱ་བ་ལ། རྣམ་པར་རིག་པར་བྱ་བའི་དོན་མེད་ན། རྣམ་པར་རིག་པ་ཡང་རིགས་པར་མི་འགྱུར་བས་དེ་མེད་པར་བལྟ་བར་བྱའོ། །དོན་འདི་ནི་ཤེས་བྱའི་མཚན་ཉིད་དུ་གོ་སླ་བར་ ཕྱེ་ཟིན་ཏོ། །དེ་ལྟ་བུའི་རྣམ་པར་མི་རྟོག་པའི་ཡེ་ཤེས་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཏེ། གང་གི་ཕྱིར་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་གནས་པའི་ཚུལ་གྱིས་གནས་ནས་ཞེས་བྱ་བ་ལ་སོགས་པ་འབྱུང་བས་སོ། །དེ་དག་ཉིད་ཀྱི་དོན་གསལ་བར་བྱ་བར་འདོད་ནས་གཞུང་ འདི་དག་གིས་བསྟན་ཏེ། ཇི་ལྟར་མི་གནས་པའི་ཚུལ་གྱིས་གནས་ནས་ཕ་རོལ་ཏུ་ཕྱིན་པ་རྣམས་བསྒོམ་པ་ཡོངས་སུ་རྫོགས་པར་བྱེད་ཅེ་ན། མུ་སྟེགས་ཅན་གྱི་ངར་འཛིན་པའི་གནས་ཡོངས་སུ་སྤོང་བ་དང་ཞེས་བྱ་བ་ལ་མུ་སྟེགས་ཅན་ཤེས་རབ་ལ་གནས་ནས་ང་རྒྱལ་དང་བཅས་པར་འགྱུར་ཏེ། བདག་ ནི་ཤེས་རབ་ལ་གནས་པ། བདག་གི་ཤེས་རབ་ནི་འདི་ལྟ་བུ་ཞེས་མུ་སྟེགས་ཀྱི་གནས་པའི་རྣམ་པར་རྟོག་པ་སྤོང་བའི་ཕྱིར་ཤེས་རབ་ཀྱིས་གནས་པ་མེད་པའི་ཚུལ་གྱིས་གནས་པར་འགྱུར་རོ། །དེ་ཁོ་ན་མ་མཐོང་བའི་བྱང་ཆུབ་སེམས་དཔའི་རྣམ་པར་རྟོག་པ་གནས་ཡོངས་སུ་སྤོང་བ་དང་ཞེས་བྱ་བ་ལ། ཇི་ ལྟར་དེ་ཁོ་ན་མ་མཐོང་བའི་བྱང་ཆུབ་སེམས་དཔའ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་བརྟག་པར་བྱ་བ་མེད་པ་ལ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་རྣམ་པར་རྟོག་པར་བྱེད་པ་དེས་ན་མི་གནས་པའི་ཚུལ་གྱིས་དེ་བཞིན་དུ་རྣམ་པར་རྟོག་པར་མི་བྱེད་དོ། །འཁོར་བ་དང་མྱ་ངན་ལས་ འདས་པའི་མཐའ་གཉིས་ཀྱི་གནས་ཡོངས་སུ་སྤོང་བ་དང་ཞེས་བྱ་བ་ལ། ཇི་ལྟར་འཇིག་རྟེན་པ་འཁོར་བའི་མཐའ་ལ་གནས་པ་དང་། ཉན་ཐོས་མྱ་ངན་ལས་འདས་པའི་མཐའ་ལ་གནས་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་གནས་པ་མ་ཡིན་ཏེ། དེ་ལྟར་ན་མི་གནས་པས་གནས་པ་ནི་ཇི་ལྟར་རིགས་ པ་ཉིད་དུ་བལྟ་བར་བྱའོ། །ཉོན་མོངས་པའི་སྒྲིབ་པ་སྤངས་པ་ཙམ་གྱིས་ཆོག་པར་འཛིན་པའི་གནས་ཡོངས་སུ་སྤོང་བ་དང་ཞེས་བྱ་བ་ལ། ཇི་ལྟར་ཉན་ཐོས་རྣམས་ཉོན་མོངས་པའི་སྒྲིབ་པ་སྤངས་པ་ཙམ་གྱིས་ཆོག་པར་འཛིན་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ནི་མ་ཡིན་ཏེ། དེའི་ཕྱིར་ན་དགོངས་ པ་འདིར་བྱང་ཆུབ་སེམས་དཔའ་རྣམས་མི་གནས་པའི་ཚུལ་གྱིས་གནས་པར་རིག་པར་བྱའོ། །སེམས་ཅན་གྱི་དོན་ལ་མི་ལྟ་བ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ཀྱི་གནས་ཡོངས་སུ་སྤོང་བ་ཞེས་བྱ་བ་ལ། ཇི་ལྟར་ཉན་ཐོས་རྣམས་སེམས་ཅན་གྱི་དོན་ལ་ལྟོས་པ་མེད་པར་ ཕུང་པོ་དག་པ་དང་མ་དག་པ་ནི་རྟེན་ཉིད་ཡིན་ནོ། །དེ་དག་ནི་ཁམ་གྱི་ཟས་བོར་བ་རེག་པ་དང་། ཡིད་ལ་སེམས་པ་དང་། རྣམ་པར་ཤེས་པའི་ཟས་གསུམ་གྱིས་དེའི་རྟེན་གནས་པར་བྱེད་པར་འགྱུར་ཏེ། དེའི་ཕྱིར་དེའི་རྟེན་གནས་པར་བྱེད་པ་ནི་གསུམ་ཡིན་ནོ། །དག་པའི་རྟེན་གནས་པར་བྱེད་ པ་ནི་ཁམ་གྱི་ཟས་ལ་སོགས་པ་བཞི་པོ་དེ་དག་ཉིད་ཡིན་ཏེ། ཉན་ཐོས་ལ་སོགས་པ་དེ་དག་གི་རྟེན་ཡང་དག་པ་རྣམས་འདི་ལྟར་གནས་པར་བྱེད་པའི་ཕྱིར་རོ། །གནས་པར་སྟོན་པ་ཡང་བཞི་པོ་དེ་དག་ཉིད་དེ། དེ་ཡང་གནས་པ་ལྟར་སྟོན་པའི་ཟས་ནི་སངས་རྒྱས་རྣམས་ཀྱི་སྟེ་ བཞི་པའོ། །འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་དེས་སྟོན་པ་ལྟར་སྟོན་ཏེ། སེམས་ཅན་སྦྱིན་པ་པོ་རྣམས་དེས་རབ་ཏུ་མགུ་བར་བྱ་བའི་ཕྱིར་དང་། བསོད་ནམས་བསགས་པའི་དོན་དུ་ཡིན་གྱི་ཡང་དེ་དག་གི་ཟས་ཀྱི་བྱ་བ་མཛད་པར་མི་འགྱུར་ཏེ། ཟས་དེ་དག་བཞེས་པའི་དུས་སུ་སངས་ རྒྱས་ལས་ལྷ་རྣམས་ཀྱིས་བླངས་ནས་གཞན་སེམས་ཅན་རྣམས་ལ་སྦྱིན་པར་བྱེད་དེ། དེ་དག་ཀྱང་རྒྱུ་དེས་བྱང་ཆུབ་ཐོབ་པར་འགྱུར་རོ། །དེ་དག་ཐམས་ཅད་ཀྱང་ཟབ་པ་གཅིག་ཉིད་དུ་རིག་པར་བྱའོ། །དེ་ལྟ་མོད་ཀྱི་སངས་རྒྱས་ཀྱི་སྐྱེ་བ་མེད་པ་དང་སྐྱེ་བའི་མཚན་ཉིད་ནི་རྣམ་པ་བཅུར་རིག་པར་བྱ་སྟེ། ཀུན་ཏུ་རྨོངས་པ་རྣམ་པར་སེལ་བ་ཉིད་དང་། ཐ་དད་པ་རྣམ་པར་སེལ་བ་ཉིད་དང་། ལེན་པ་ལ་རང་དབང་ཉིད་དང་། གནས་པ་ལ་རང་དབང་ཉིད་དང་། གཏོང་བ་ལ་རང་དབང་ཉིད་དང་། གཉིས་སུ་མེད་པའི་མཚན་ཉིད་དང་། སྣང་བ་ཙམ་ཉིད་དང་། སྒྱུ་མ་ལྟ་བུ་ཉིད་དང་། མི་གནས་པར་རབ་ཏུ་གནས་ པ་ཉིད་དང་། དོན་ཆེན་པོ་སྒྲུབ་པ་ཉིད་དོ། །རྣམ་པ་བཅུས་དེ་བཞིན་གཤེགས་པ་རྣམས་འཁོར་བ་དང་མྱ་ངན་ལས་འདས་པ་ལ་རབ་ཏུ་མི་གནས་པར་རིག་པར་བྱ་སྟེ། ལགས་པར་ཡོངས་སུ་ཤེས་པ་ཉིད་དང་། ལེགས་པར་སྤངས་པ་ཉིད་དང་། དངོས་པོ་མེད་པ་ཤེས་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ ཉིད་ཤེས་པ་ཉིད་དང་། མི་དམིགས་ཤིང་མི་རྟོག་པ་ཉིད་དང་། སེམས་ཡོངས་སུ་སྤངས་པ་ཉིད་དང་། སེམས་སོ་སོར་ཐོབ་པ་ཉིད་དང་། སེམས་མཉམ་པ་ཉིད་དང་། དངོས་པོ་ལ་མི་དམིགས་པ་ཉིད་དང་། དམིགས་པ་ལ་དམིགས་པ་ཉིད་དོ། །སངས་རྒྱས་རྣམས་ཀྱིས་སངས་རྒྱས་ཀྱི་མཛད་པ་ལྷུན་ གྱིས་གྲུབ་པ་ཡང་རྣམ་པ་བཅུས་འགྲུབ་སྟེ་རབ་ཏུ་སྤངས་པ་ཉིད་དང་། བྱ་བ་ལ་ལྷུན་གྱིས་གྲུབ་པ་ཉིད་དང་། བྱེད་པ་ལྷུན་གྱིས་གྲུབ་པ་ཉིད་དང་། ལས་ལྷུན་གྱིས་གྲུབ་པ་ཉིད་དང་། མེད་པ་ལྷུན་གྱིས་གྲུབ་པ་ཉིད་དང་། ཡོད་པ་ལྷུན་གྱིས་གྲུབ་པ་ཉིད་དང་། སྔ་མ་ལས་ཁྱད་ཡོད་པ་ཉིད་དང་། བྱ་བ་ མཐར་ཕྱིན་པ་ཉིད་དང་། བྱ་བ་མཐར་མ་ཕྱིན་པ་ཉིད་དོ། །རྣམ་པ་བཅུས་ན་སངས་རྒྱས་ཟས་ཀྱིས་ཟས་ཀྱི་བྱ་བ་མི་མཛད་ཀྱང་སྐུ་ཟས་ཀྱིས་གནས་པར་སྟོན་ཏེ། སེམས་ཅན་རྣམས་ཀྱི་བསོད་ནམས་བསགས་པའི་ཕྱིར་དང་། ཆོས་མཐུན་པ་ཉིད་དུ་ཡང་དག་པར་བསྟན་པའི་ཕྱིར་དང་། རིགས་པ་ལ་ ལོངས་སྤྱད་པར་རྗེས་སུ་བསླབ་པར་བྱ་བའི་ཕྱིར་དང་། ཆགས་པ་མེད་པར་བསླབ་པར་བྱ་བའི་ཕྱིར་དང་། མཆོད་པ་ཉེ་བར་བསྡུ་བའི་ཕྱིར་དང་། བརྩོན་འགྲུས་བརྩམས་པ་ཡང་དག་པར་ཤེས་པར་བྱ་བའི་ཕྱིར་དང་། དགེ་བའི་རྩ་བ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དང་། བདག་ཉིད་ཆགས་པ་མེད་པར་བསྟན་ པར་བྱ་བའི་ཕྱིར་དང་། ལས་ལ་གུས་པ་ཉེ་བར་བསྟན་པར་བྱ་བའི་ཕྱིར་དང་། སྨོན་ལམ་འབྱུང་བ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་རོ། །དེ་ལ་གང་འོག་ནས་བརྗོད་པར་བྱ་བ་རྣམ་པར་གནས་པ་དང་། གྲངས་དང་ཕྲིན་ལས་ཟབ་པ་ཉིད་ཚིགས་སུ་བཅད་པས་བསྟན་པ། ཐ་དད་མེད་ཅིང་དཔག་ཏུ་མེད། །ཅེས་བྱ་ བ་སྟེ། རྣམ་པར་གནས་པ་ཟབ་པ་ཡིན་ནོ། །དེ་ལ་ཐ་དད་མེད་ཅེས་བྱ་བ་ནི་ཆོས་ཀྱི་སྐུ་ལ་དབྱེ་བ་མེད་པའོ། །དཔག་ཏུ་མེད་པ་ནི་རྟེན་དུ་མ་ལས་མངོན་པར་བྱང་ཆུབ་པས་སོ། །ཕྲིན་ལས་དཔག་ཏུ་མེད་ཅིང་གཅིག །ཅེས་བྱ་བ་ནི་གྲངས་ཟབ་པ་ཉིད་དེ། གང་གི་ཕྱིར་སངས་རྒྱས་རྣམས་དུ་མ་ཉིད་ཡིན་ན་ཡང་ཕྲིན་ ལས་ནི་གཅིག་པ་ཉིད་ཡིན་ནོ། །མི་བརྟན་བརྟན་པའི་ཕྲིན་ལས་ཅན། །སངས་རྒྱས་རྣམས་ནི་སྐུ་གསུམ་ལྡན། །ཞེས་བྱ་བ་ལ། སངས་རྒྱས་རྣམས་སྐུ་གསུམ་དང་ལྡན་པས་ལོངས་སྤྱོད་རྫོགས་པའི་ཕྲིན་ལས་ནི་བརྟན་པ་ཡིན་ལ། སྤྲུལ་པའི་ཕྲིན་ལས་ནི་མི་བརྟན་པ་ཡིན་ཏེ། དེ་ལྟ་བུ་དག་ནི་ཕྲིན་ལས་ཟབ་པ་ ཉིད་ཡིན་ནོ། །མངོན་པར་རྫོགས་པར་བྱང་ཆུབ་པ་ཟབ་པ་ཉིད་ཚིགས་སུ་བཅད་པས་བསྟན་པ་ནི། གང་ཡང་མངོན་རྫོགས་སངས་རྒྱས་མེད། །ཅེས་བྱ་བ་ནི། གང་ཟག་དང་ཆོས་དངོས་པོ་མེད་པའི་ཕྱིར་རོ། །ཐམས་ཅད་སངས་རྒྱས་མ་ཡིན་མིན། །ཞེས་བྱ་བ་ནི་འདི་ལྟར་གདགས་པ་ནི་ཡང་སངས་རྒྱས་ ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་པ་ཡིན་ནོ། །དེའི་མངོན་པར་རྫོགས་པ་ཇི་ལྟ་བུ་ཞེ་ན། སྐད་ཅིག་རེ་ལ་དཔག་ཏུ་མེད། །ཅེས་བྱ་བས་བསྟན་ཏེ། གང་གི་ཕྱིར་སྐད་ཅིག་རེ་རེ་ལ་ཡང་དཔག་ཏུ་མེད་པ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བས་སོ། །དངོས་པོའི་དངོས་མེད་རབ་ཏུ་ཕྱེ། ། ཞེས་བྱ་བ་ནི་འདིར་དེ་བཞིན་ཉིད་ནི་དངོས་པོའི་དངོས་པོ་མེད་པ་སྟེ། དེས་རབ་ཏུ་ཕྱེ་བ་ནི་སངས་རྒྱས་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདོད་ཆགས་དང་བྲལ་བ་ཟབ་པ་ཉིད་བསྟན་པར་བྱ་བའི་ཕྱིར། ཆགས་པ་མ་ཡིན་མི་ཆགས་མིན། །ཞེས་བྱ་བ་གསུངས་ཏེ། འདོད་ཆགས་མེད་ པས་ཆགས་པ་མ་ཡིན་ལ། ཆགས་པ་མེད་པ་ཉིད་ཀྱིས་ན་ཡང་མི་ཆགས་པ་ཡང་མ་ཡིན་ཏེ། འདི་ལྟར་ཆགས་པ་ཡོད་ན་མི་ཆགས་པ་ཡང་རིགས་པའི་ཕྱིར་རོ། །འདོད་ཆགས་ཉིད་ཀྱིས་བྱུང་བ་ཡིན། །ཞེས་བྱ་བ་ནི་གང་གི་ཕྱིར་འདོད་ཆགས་ཀྱི་ཀུན་ནས་དཀྲིས་པ་སྤངས་པས་འདོད་ཆགས་ཀྱི་བག་ལ་ ཉལ་དག་མ་བཟུང་བའི་ཕྱིར་གང་འདི་མ་བཟུང་བ་ཉིད་ཀྱིས་དེས་ན་ཉན་ཐོས་བཞིན་དུ་མྱ་ངན་ལས་འདའ་བར་འགྱུར་བས་སོ། །འདོད་ཆགས་འདོད་ཆགས་མིན་མཁྱེན་ནས། །འདོད་ཆགས་ཆོས་ཉིད་ལ་ཡང་ཞུགས། །ཞེས་བྱ་བ་ནི་ཀུན་ཏུ་བརྟགས་པའི་འདོད་ཆགས་ནི་འདོད་ཆགས་མ་ཡིན་ནོ་ཞེས་རྣམ་ པར་ཤེས་ནས། འདོད་ཆགས་ཀྱི་དེ་བཞིན་ཉིད་ལ་ཞུགས་སོ་ཞེས་བྱ་བའི་ཐ་ཚིག་གོ། །ཕུང་པོ་སྤངས་པ་ཟབ་པ་ཉིད་སྟོན་པའི་ཚིགས་སུ་བཅད་པ་ནི། སངས་རྒྱས་ཕུང་པོ་རྣམས་ལས་འདས། །ཕུང་པོ་རྣམས་ལའང་རྣམ་པར་བཞུགས། །ཞེས་བྱ་བ་སྟེ། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་གཟུགས་ལ་ སོགས་པ་ལས་ཤིན་ཏུ་འདས་ནས་དེ་དག་མི་དམིགས་པའི་ཆོས་ཉིད་ཀྱི་ཕུང་པོ་ལ་རབ་ཏུ་གནས་པའོ། །དེ་ལས་གཞན་མིན་གཞན་མིན་མིན། །ཞེས་བྱ་བ་ནི། ཀུན་ཏུ་བརྟགས་པའི་ཕུང་པོ་དེ་དག་སྤངས་པ་ལས་དེ་གཞན་མ་ཡིན་ཏེ། གང་གི་ཕྱིར་དེ་དག་ཉིད་ཀྱི་ཆོས་ཉིད་གང་ཡིན་པ་དེ་ལ་གནས་ པའི་ཕྱིར་རོ། །ཡང་གཞན་མ་ཡིན་པ་ཡང་མ་ཡིན་ཏེ། གང་གཅིག་ཉིད་ཡིན་ན་ཡང་ཀུན་ཏུ་བརྟགས་པ་རྣམ་པར་དག་པ་ལ་དམིགས་པ་དང་ལྡན་པའི་ཕྱིར་རོ། །དེ་མ་བཏང་བས་ལེགས་པར་འདས། །ཞེས་བྱ་བ་ནི་དེ་དག་གིས་ཡོངས་སུ་གྲུབ་པའི་ཕུང་པོ་མ་བཏང་བས་ལེགས་པར་འདས་སོ་ཞེས་བྱ་ བའི་ཐ་ཚིག་གོ། །ཡོངས་སུ་སྨིན་པར་མཛད་པ་སྟོན་པའི་ཚིགས་སུ་བཅད་པ་ནི། ཀུན་ཀྱང་འདྲེས་པའི་ཕྲིན་ལས་ཅན། །ཞེས་བྱ་བ་སྟེ། ཐམས་ཅད་ཀྱང་སེམས་ཅན་ཡོངས་སུ་སྨིན་པར་མཛད་པའི་ཕྲིན་ལས་མཉམ་པ་ཉིད་ཡིན་ནོ། །ཇི་ལྟ་བུར་ཞེ་ན། རྒྱ་མཚོར་ཆུ་འདྲ་ཞེས་བྱ་བ་སྟེ། ཇི་ལྟར་རྒྱ་ མཚོར་འཇུག་པའི་ཆུ་རྣམས་ནི་ཉ་དང་། རུས་སྦལ་ལ་སོགས་པ་རྣམས་ཀྱི་ཉེ་བར་སྤྱད་པར་འགྱུར་རོ། །དེ་བཞིན་དུ་ཆོས་ཀྱི་དབྱིངས་སུ་བཞུགས་པ་དེ་དག་ཀྱང་། སེམས་ཅན་ཡོངས་སུ་སྨིན་པར་མཛད་པ་ཉེ་བར་འབྱུང་བ་མཉམ་པ་ཉིད་ཡིན་ནོ། །བྱས་སོ་བྱེད་དོ་བྱའོ་ཞེས་བྱ་བ་ནི་དུས་གསུམ་དུ་སེམས་ཅན་ གཞན་གྱི་དོན་ལ་དགོངས་པ་མེད་ཅེས་བྱ་བ་སྟེ། དེ་ལྟ་ན་ཡང་ནོར་བུ་དང་སིལ་སྙན་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པར་འཇུག་པར་འགྱུར་བ་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །མཐོང་བ་ཟབ་པ་ཉིད་བསྟན་པར་བྱ་བའི་ཕྱིར། གང་། སངས་རྒྱས་རྟག་པའི་སྐུ་ཡིན་ནོ། །ཞེས་བརྗོད་པ་དེ་ལ་རྟག་པའི་ སྐུ་ཉིད་ཡིན་ན་འཇིག་རྟེན་གྱིས་མི་མཐོང་བ་དེ་རྒྱུ་གང་གིས་མི་མཐོང་ཞེ་ན། སེམས་ཅན་ཉེས་པས་མི་སྣང་སྟེ། །སྣོད་ཆག་པ་ཡི་ཟླ་བ་བཞིན། །ཇི་ལྟར་སྣོད་ཆག་པའི་ནང་དུ་ཆུ་གནས་པར་མི་འགྱུར་ལ། དེ་མེད་ན་ཡང་དེར་ཟླ་བ་མཐོང་བར་མི་འགྱུར་རོ། །དེ་བཞིན་དུ་ཞི་གནས་ཀྱི་རླན་མེད་པའི་སེམས་ཅན་གྱི་ རྒྱུད་ལ་ཡང་སངས་རྒྱས་ཀྱི་ཟླ་བ་མཐོང་བར་མི་འགྱུར་ཏེ། འདིར་ཆུ་ཟླ་ལྟ་བུ་ནི་ཏིང་ངེ་འཛིན་ཡིན་ཏེ། རླན་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །འཇིག་རྟེན་ཀུན་ལ་ཉི་བཞིན་དུ། །དེ་དག་ཆོས་འོད་ཁྱབ་པར་མཛད། །ཅེས་བྱ་བ་ནི། སངས་རྒྱས་རྣམས་ནི་མ་མཐོང་དུ་ཟིན་ཀྱང་ཕྲིན་ལས་མཛད་པ་ཉིད་ཡིན་ཏེ། འདི་ ལྟར་མདོའི་སྡེ་ལ་སོགས་པའི་ཆོས་བསྟན་པ་འོད་ཟེར་ལྟ་བུ་གང་ཡིན་པ་དེས། སངས་རྒྱས་ཀྱི་མཛད་པ་སེམས་ཅན་ཡོངས་སུ་སྨིན་པ་ལ་སོགས་པ་འཇིག་རྟེན་ལ་སྣང་བར་མཛད་པ་ཉིད་ཡིན་ནོ། །མངོན་པར་རྫོགས་པར་བྱང་ཆུབ་པ་དང་། མྱ་ངན་ལས་འདས་པ་ཀུན་ཏུ་སྟོན་པ་ཟབ་པ་ཉིད་ནི། ལ་ལར་རྫོགས་ པར་བྱང་ཆུབ་སྟོན། །ལ་ལར་མེ་བཞིན་མྱ་ངན་འདས། །ཞེས་བྱ་བ་སྟེ། ལ་ལར་རྫོགས་པར་བྱང་ཆུབ་པ་དང་། ལ་ལར་མྱ་ངན་ལས་འདས་པ་སྟོན་པ་ནི་མེ་བཞིན་དུ་སྟེ། ཇི་ལྟར་མེ་ནི་ལ་ལ་ན་འབར། ལ་ལ་ན་ཞི་བ་དེ་བཞིན་དུ་སངས་རྒྱས་ཀྱང་སེམས་ཅན་ཡོངས་སུ་སྨིན་པ་ཁ་ཅིག་ལ་ནི་མྱ་ངན་ལས་ འདས་པར་སྟོན་ལ། ཡོངས་སུ་མ་སྨིན་པ་ཁ་ཅིག་ལ་ནི་དེ་ཡོངས་སུ་གྲོལ་བར་བྱ་བའི་ཕྱིར་རྫོགས་པར་བྱང་ཆུབ་པར་སྟོན་ཏེ། མེར་ཐ་མི་དད་པ་གཅིག་ལ་ཇི་ལྟ་བ་དེ་བཞིན་དུ་ཆོས་ཀྱི་སྐུ་གཅིག་ལ་ཡང་དེ་བཞིན་དུ་བལྟ་བར་བྱའོ། །ཚིགས་སུ་བཅད་པ་ལྷག་མའི་དོན་ནི་གོ་སླའོ། །བཞུགས་པ་ཟབ་པ་ ཉིད་བསྟན་པའི་ཕྱིར། སངས་རྒྱས་འཕགས་མིན་ཆོས་རྣམས་དང་། །མི་དང་ངན་སོང་བ་རྣམས་དང་། །ཚངས་སྤྱོད་མ་ཡིན་ཆོས་རྣམས་ལས། །བདག་ཉིད་དང་ནི་བཞུགས་པ་མཆོག །ཅེས་བྱ་བ་ལ། བདག་ཉིད་མཆོག་དང་བཞུགས་པ་མཆོག་སྟེ། འཕགས་པ་ལ་སོགས་ པའི་བཞུགས་པས་བཞུགས་པའོ། །དེ་ལ་འཕགས་པའི་བཞུགས་པ་ནི་སྟོང་པ་ཉིད་ལ་བཞུགས་པ་གང་ཡིན་པའོ། །ལྷའི་བཞུགས་པ་ནི་བསམ་གཏན་གྱིས་བཞུགས་པའོ། །ཚངས་པའི་བཞུགས་པ་ནི་བྱམས་པ་ལ་སོགས་པ་ཚད་མེད་པ་དག་གིས་བཞུགས་པའོ། །དེ་ལ་འཕགས་མིན་ཆོས་རྣམས་ ཞེས་བྱ་བ་ནི་མི་དགེ་བ་སྟེ། དེས་དེ་དག་སྟོང་པ་ཉིད་ལ་བཞུགས་པས་དེའི་ཕྱིར་ཡང་འཕགས་པའི་བཞུགས་པའོ། །གང་མི་དང་ངན་སོང་བ་རྣམས་ཀྱི་སེམས་ཅན་དེ་དག་ལ་དམིགས་པའི་བསམ་གཏན་དེ་ནི་ལྷའི་བཞུགས་པའོ། །ཚངས་པར་སྤྱོད་པ་མ་ཡིན་པ་ལ་སོགས་པའི་ཆོས་རྣམས་ལས་ མཆོག་ཀྱང་ཡིན་ལ་བདག་ཉིད་ཀྱང་ཡིན་པས་འདི་ནི་བདག་ཉིད་མཆོག་སྟེ། སྟོང་པ་ཉིད་ལ་བཞུགས་པ་དེའི་བདག་ཉིད་དོ། །སྐུ་ཀུན་ཏུ་སྟོན་པ་ཟབ་པ་ཉིད་ནི། དེ་དག་ཀུན་ཏུ་རྣམ་པར་དཔྱོད། །གང་དུའང་རྣམ་པར་དཔྱོད་མི་མངའ། །ཞེས་བྱ་བ་ལ། དགེ་བ་དང་མི་དགེ་བ་ལ་བློ་འཇུག་པར་འགྱུར་བ་ སྟེ། དེའི་རྗེས་ལས་ཐོབ་པས་དེ་དག་ཡོངས་སུ་དཔྱོད་ལ། རྣམ་པར་མི་རྟོག་པས་ནི་གང་ལ་ཡང་དཔྱོད་པར་མི་བྱེད་དོ། །དོན་གཞན་གཉིས་པ་ནི་སྤྲུལ་པའི་སྐུས་ནི་ཐམས་ཅད་ལ་དཔྱོད་པར་བྱེད་ལ། སྐུ་གཞན་གྱིས་ནི་མ་ཡིན་ནོ། །ཞེས་བྱ་བའོ། །གནས་རྣམས་ཀུན་ནའང་མཐོང་མོད་ཀྱི། །ཞེས་ བྱ་བ་ནི་སྤྲུལ་པའི་ལུས་དེ་ཉིད་ཐམས་ཅད་དུ་མཐོང་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དབང་པོ་དྲུག་གི་སྤྱོད་ཡུལ་མིན། །ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་ལ་སོགས་པར་སྐྱེས་པས་མཐོང་བའི་སྤྲུལ་པ་དེ་ནི་དེར་སྐྱེས་པ་དེ་དག་འདུལ་བའི་ཕྱིར་ཡིན་གྱི། དེ་དག་ཉིད་ནི་སྤྲུལ་པའི་སྐུའི་ངོ་བོ་ཉིད་ ནི་མ་ཡིན་ཏེ། དམྱལ་བ་དེ་དག་གིས་དེ་མཐོང་བ་ན་འདི་ཡང་སེམས་ཅན་དམྱལ་བ་ཡིན་ནོ་ཞེས་ཤེས་པས་ཡང་དམྱལ་བ་དེ་དག་གིས་དེ་དབང་པོ་དྲུག་གི་སྤྱོད་ཡུལ་དུ་གྱུར་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཉོན་མོངས་པ་སྤངས་པ་ཟབ་པ་ཉིད་སྟོན་པ་ནི། ཉོན་མོངས་ཐུལ་ལ་སྤངས་པ་ མེད། །སྔགས་ཀྱིས་བསད་པའི་དུག་དང་འདྲ། །ཞེས་བྱ་བ་སྟེ། བྱང་ཆུབ་སེམས་དཔའི་གནས་སྐབས་ཀྱི་ཀུན་ནས་དཀྲིས་པའི་ཉོན་མོངས་པ་ཐུལ་ན་ཡང་ཉོན་མོངས་པ་སྤངས་པ་ནི་མ་ཡིན་ཏེ། དེའི་བག་ལ་ཉལ་ཡོད་པའི་ཕྱིར་རོ། །སྔགས་ཀྱིས་བསད་པའི་དུག་དང་འདྲ། །ཞེས་བྱ་བ་ནི་ཇི་ལྟར་ སྔགས་ཀྱིས་བསད་པའི་དུག་གིས་ནི་འཆི་བར་མི་ནུས་པ་དེ་བཞིན་དུ་དེ་དག་གིས་ཀྱང་ཉོན་མོངས་པ་ཡོངས་སུ་ཤེས་པས་ཀུན་ནས་ཉོན་མོངས་པར་མི་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །སངས་རྒྱས་རྣམས་ནི་ཉོན་མོངས་ལས། །ཉོན་མོངས་ཟད་པ་ཀུན་མཁྱེན་བརྙེས། །ཞེས་བྱ་བ་ནི་འདི་ལྟར་ཉོན་མོངས་པའི་ བག་ཆགས་བཟུང་བ་དང་ལྡན་པ་ནི་ཉན་ཐོས་བཞིན་དུ་མྱ་ངན་ལས་འདའ་བར་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །སངས་རྒྱས་རྣམས་ནི་ཞེས་བྱ་བ་ནི་ཉོན་མོངས་པ་ཟད་པ་དང་བཅས་པའི་ཐམས་ཅད་མཁྱེན་པ་ཉིད་བརྙེས་ཞེས་བྱ་བའི་དོན་ཏོ། །བསམ་གྱིས་མི་ཁྱབ་པ་ཟབ་པ་ཉིད་དེ་བསྟན་པར་བྱ་སྟེ། དེ་ཡང་ འདི་ལྟར། ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར། །ཞེས་བྱ་བ་སྟེ། ཀུན་འབྱུང་གི་བདེན་པའོ། །འཁོར་བའང་ཞེས་བྱ་བ་སྡུག་བསྔལ་གྱི་བདེན་པ་ནི་ཞི་བའི་བདག་ཉིད་དོ། །དེ་ལྟ་བུ་ཐམས་ཅད་ཀྱིས་ནི་དེ་བཞིན་གཤེགས་པའི་བསམ་གྱིས་མི་ཁྱབ་པ་སྔར་བསྟན་པ་རྒྱུ་གསུམ་གྱིས་སོ་སོར་རང་གིས་རིག་ པར་བྱ་བ་ཡིན་པར་བསྟན་པ་ཡིན་ནོ། །ད་ནི་ཇི་ལྟར་སངས་རྒྱས་རྣམས་ཆོས་ཀྱི་སྐུར་རྗེས་སུ་དྲན་ཞེ་ན། བྱང་ཆུབ་སེམས་དཔས་རྣམ་པ་བདུན་གྱིས་རྗེས་སུ་དྲན་པར་བྱེད་ཅིང་དེ་དག་གིས་དེ་བསྒོམ་པ་ཉིད་དོ། །དེ་ལ་ཆོས་ཐམས་ཅད་ལ་དབང་སྒྱུར་བ་ཞེས་བྱ་བ་ནི་མངོན་པར་ཤེས་པ་དག་གིས་ཆོས་ཐམས་ ཅད་ལ་དབང་སྒྱུར་བ་དེ་དག་ཉིད་ཀྱིས་གནས་པ་སྟེ། འདི་ལྟར་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཐོགས་པ་མེད་པའི་མངོན་པར་ཤེས་པ་ཅན་དུ་སངས་རྒྱས་རྣམས་འགྱུར་གྱི། ཉན་ཐོས་བཞིན་དུ་ཐོགས་པ་དང་བཅས་པ་ནི་མ་ཡིན་ནོ། །གལ་ཏེ་ཆོས་ཐམས་ཅད་ལ་དབང་སྒྱུར་བ་ཡིན་ན་དེ་ཅིའི་ཕྱིར་སེམས་ ཅན་ཐམས་ཅད་མྱ་ངན་ལས་འདས་པར་མི་བྱེད་ཅེ་ན། དེ་ཚིགས་སུ་བཅད་པས་སྟོན་པར་བྱེད་དེ། རྒྱུ་གང་གི་ཕྱིར་མྱ་ངན་ལས་བཟླ་བར་མི་ནུས་པ་ནི། བསྒྲིབས་ཤིང་རྒྱུ་དང་མི་ལྡན་ལ། །ཞེས་པ་ལ་སོགས་པ་སྟེ། དེ་ལ་བསྒྲིབས་ཤིང་ཞེས་བྱ་བ་ནི་གང་ལས་ལས་ལ་སོགས་པའི་སྒྲིབ་པས་བསྒྲིབས་པ་ སངས་རྒྱས་མང་པོས་ཀྱང་མྱ་ངན་ལས་བཟླ་བར་མི་ནུས་སོ། །རེ་ཞིག་དེ་དག་ལ་རྣམ་པ་དེ་ལྟ་བུར་སངས་རྒྱས་རྣམས་ལ་ཡང་ནུས་པ་མི་མངའ་བ་ཉིད་དོ། །རྒྱུ་དང་མི་ལྡན་ལ་ཞེས་བྱ་བ་ནི་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ནི་འདིར་རྒྱུ་དང་མི་ལྡན་པར་འདོད་དེ། གང་ ལ་དེའི་རིགས་མེད་པའོ། །ངེས་པ་གཉིས་དང་ལྡན་པའི་ཞེས་བྱ་བ་ལ། ངེས་པ་གཉིས་ནི་ལས་བྱས་པར་ངེས་པ་དང་། རྣམ་པར་སྨིན་པ་སོ་སོར་མྱོང་བར་ངེས་པ་ཡིན་པར་རིག་པར་བྱའོ། །དེའི་ཕྱིར་ན་ཡང་ངེས་པ་གཉིས་པོ་དེ་དག་ལ་སངས་རྒྱས་རྣམས་ལ་ནུས་པ་མི་མངའ་འོ། །དེ་ལ་རྣམ་པར་སྨིན་པའི་ སྒྲིབ་པ་ནི་ལྐུགས་པའི་དངོས་པོ་ལ་སོགས་པ་ཡིན་པར་བལྟ་བར་བྱའོ། །རྣམ་པར་སྨིན་པ་སོ་སོར་མྱོང་བ་ནི་ཡང་དམྱལ་བ་ལ་སོགས་པ་དག་ཏུ་ངེས་པར་འགྲོ་བར་འགྱུར་བ་སྟེ། དེ་ནི་དེ་དག་གི་བྱེ་བྲག་གོ། །སྐུ་རྟག་པའོ་ཞེས་བྱ་བ་ནི་དྲི་མ་ལས་རྣམ་པར་གྲོལ་བའི་དེ་བཞིན་ཉིད་རྒྱུན་མི་འཆད་པ་དེ་ནི་རྟག་ པ་ཡིན་ལ། དེ་ནི་དེ་བཞིན་གཤེགས་པའི་སྐུ་ཡིན་ཏེ། དེའི་ཕྱིར་ན་སྐུ་རྟག་པའོ། །དེ་བཞིན་གཤེགས་པ་རྣམས་ལོངས་སྤྱོད་ཆེན་པོ་མངའ་བའོ་ཞེས་བྱ་བ་ནི་གང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དེ་ནི་ཆེན་པོ་ཡིན་ལ། དེ་བཞིན་གཤེགས་པ་རྣམས་ཀྱིས་རྗེས་སུ་ལོངས་སྤྱོད་པར་མཛད་པ་ཡིན་ པར་རིག་པར་བྱའོ། །དོན་ཆེན་པོའོ་ཞེས་བྱ་བའི་དོན་ཆེན་པོ་ཉིད་ནི་སངས་རྒྱས་རྣམས་ཀྱིས་སེམས་ཅན་ཡོངས་སུ་སྨིན་པར་མཛད་པ་རྣམས་ཡོངས་སུ་གྲོལ་བར་མཛད་པ་དང་། མ་སྨིན་པ་རྣམས་སྨིན་པ་དང་། མངོན་པར་རྫོགས་པར་བྱང་ཆུབ་པའི་མྱ་ངན་ལས་འདའ་བར་བྱེད་པ་ཡིན་པར་བལྟ་ བར་བྱའོ། །སངས་རྒྱས་རྗེས་སུ་དྲན་པའི་རྣམ་པ་ལྷག་མ་རྣམས་ཀྱི་དོན་ནི་གོ་སླའོ། །སངས་རྒྱས་རྗེས་སུ་དྲན་པ་རྣམ་པ་བདུན་པོ་དེ་དག་ཉིད་ཡང་ཚིགས་སུ་བཅད་པ་གཉིས་ཀྱིས་བསྟན་པ་ནི། རང་གི་སེམས་ལ་རག་ལས་དང་། །ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་རྣམ་པ་བདུན་པོ་དེས་ནི་ཕུན་ སུམ་ཚོགས་པ་བསྟན་ཏེ། དེ་ལ་རེ་ཞིག་དང་པོར་རང་གི་སེམས་ལ་རག་ལས་པའོ་ཞེས་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཕུན་སུམ་ཚོགས་པ་དྲན་པར་བྱའོ། །དེ་ཡང་རྟག་དང་དགེ་ལྡན་ཏེ། །དེའི་ཕྱིར་ན་ཡང་མཆོག་ཏུ་ཁ་ན་མ་ཐོ་བ་མེད་པའོ། །བཙལ་མི་དགོས་ཞེས་བྱ་བ་ནི་ལྷུན་གྱིས་ གྲུབ་པར་སངས་རྒྱས་ཀྱི་མཛད་པ་མཛད་པའོ། །ཆོས་ཀྱི་ལོངས་སྤྱོད་ཆེན་པོ་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་རིག་པར་བྱའོ། །དབང་དུ་མ་གྱུར་རབ་ཏུ་རྒྱུ། །ཞེས་བྱ་བ་ནི་གང་སྡུག་བསྔལ་གྱི་དབང་དུ་མ་གྱུར་པ་ཡང་ཡིན་ལ། དེ་ནི་རབ་ཏུ་རྒྱུ་བ་ཡང་ཡོད་དེ། སངས་རྒྱས་རྣམས་ཀྱི་ཐ་སྙད་ཅེས་བྱ་ བའི་ཐ་ཚིག་གོ། །དེའི་ཕྱིར་འདི་ལྟར། སྐྱེ་བོ་མང་པོར་དེ་འདོད་དོ། །ཞེས་བྱ་བ་ནི་སྐྱེ་བོ་མང་པོའི་དོན་འདོད་པས་ཕུན་སུམ་ཚོགས་པ་རྗེས་སུ་དྲན་པ་གང་ཡིན་པའོ། །གང་ཡང་སྟོང་ཕྲག་བརྒྱ་པའི་མདོ་སྡེའི་གླེང་གཞི་ལས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་རབ་ཏུ་བསྟན་ཏེ། སངས་རྒྱས་ཀྱི་ཞིང་ཡོངས་སུ་ དག་པ་དེའི་ཡོན་ཏན་ཕུལ་དུ་བྱུང་བ་གང་ཡིན་པ་དེ་ཚིག་འདི་རྣམས་ཀྱིས་གསལ་བར་བྱེད་དེ། རེ་ཞིག་ཁ་དོག་ཕུན་སུམ་ཚོགས་པ་ནི་རིན་པོ་ཆེ་སྣ་བདུན་ཏེ། གསེར་དང་། དངུལ་དང་། བཻ་ཌཱུཪྻ་དང་། མུ་ས་ལ་གར་བ་དང་། རྡོའི་སྙིང་པོ་དང་། དེ་སྨོས་པས་མརྒད་ལ་སོགས་པ་ཡང་གཟུང་བར་ རིག་པར་བྱ་བ་དང་། མུ་ཏིག་དམར་པོ་སྟེ། དེ་ཡང་སྲོག་ཆགས་དམར་པོ་ཞིག་གི་ནང་ནས་འབྱུང་སྟེ། དེ་ཡང་ཐམས་ཅད་ཀྱི་མཆོག་ཡིན་ཏེ། འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་རིན་པོ་ཆེའི་རྒྱལ་པོས་ཀུན་ཏུ་སྣང་བར་བྱེད་དེ། བཤད་མ་ཐག་པའི་རིན་པོ་ཆེ་རྣམས་ལས་ཀུན་ཏུ་བྱུང་བས་ སོ། །ཚིག་གཅིག་གིས་ནི་དབྱིབས་ཕུན་སུམ་ཚོགས་པའོ། །ཚིག་གཅིག་གིས་ནི་ཚད་ཕུན་སུམ་ཚོགས་པའོ། །ཚིག་གཅིག་གིས་ནི་ཡུལ་ཕུན་སུམ་ཚོགས་པའོ། །ཇི་ལྟ་བུའི་རྒྱུ་ལས་ཤེ་ན། འཇིག་རྟེན་ལས་འདས་པ་རྣམ་པར་མི་རྟོག་པ་དང་། དེའི་བླ་མ་རྗེས་ལས་ཐོབ་པ་དང་། དེ་དག་ གཉི་གའི་དགེ་བའི་རྩ་བ་ལས་ཡང་དག་པར་བྱུང་བའི་དགེ་བའི་རྩ་བ་ནི་རྒྱུ་ཡིན་ཏེ། རྒྱུ་ཕུན་སུམ་ཚོགས་པ་དེ་ལྟ་བུ་ཡང་ཚིག་གཅིག་གིས་སོ། །འབྲས་བུ་ཕུན་སུམ་ཚོགས་པ་ཡང་ཚིག་གཅིག་གིས་སོ། །ཤིན་ཏུ་རྣམ་པར་དག་པའི་རིགས་ལ་གང་དབང་སྒྱུར་བའི་མཚན་ཉིད་དེ་ནི་བདག་པོ་ཕུན་ སུམ་ཚོགས་པ་སྟེ་ཚིག་གཅིག་གིས་སོ། །ཕྱོགས་ཕུན་སུམ་ཚོགས་པ་ནི་ཚིག་གཅིག་གིས་སོ། །ཞམ་རིང་བ་ཕུན་སུམ་ཚོགས་པ་ཡང་ཚིག་གཅིག་གིས་སོ། །དེ་དག་ཉིད་ལ་ཀླུ་སྨོས་པས་ནི་ལྟོ་འཕྱེ་ཆེན་པོ་ཡང་གཟུང་བར་བྱ་སྟེ། སྦྲུལ་ཆེན་པོ་བསྡུ་བའི་ཕྱིར་རོ། །དེ་ལ་ཉེ་བར་སྟོན་ པར་བྱེད་པ་ནི་སྟོན་པ་ཕུན་སུམ་ཚོགས་པ་ཡིན་ཏེ། ཚིག་གཅིག་གིས་བསྟན་ཏོ། །དེ་དག་བརྗོད་ནས་ཕྲིན་ལས་གང་ཡིན་ཞེ་ན། སེམས་ཅན་ཐམས་ཅད་ཀྱི་དོན་ཐམས་ཅད་མཛད་པ་སྟེ། ཕུན་སུམ་ཚོགས་པ་དེ་ཡང་ཚིག་གཅིག་གིས་སོ། །ཕན་འདོགས་པ་ཕུན་ སུམ་ཚོགས་པ་ཡང་ཚིག་གཅིག་གིས་ཏེ། གང་གི་ཕྱིར་དེར་ཉོན་མོངས་པ་ཡང་མི་འབྱུང་སྡུག་བསྔལ་ཡང་མི་འབྱུང་བའོ། །གང་ལ་དགྲ་མེད་པ་དེ་ནི་འཇིགས་པ་མེད་པ་ཡིན་ཏེ། བདུད་བཞི་མེད་པའི་ཕྱིར་རོ། །ཡང་དེ་ནི་སངས་རྒྱས་ཀྱི་ཞིང་དེ་ན་ཕུང་པོའི་བདུད་ཡོད་པ་མ་ཡིན། ཉོན་མོངས་པའི་ བདུད་ཡོད་པ་མ་ཡིན། འཆི་བདག་གི་བདུད་ཡོད་པ་མ་ཡིན། ལྷའི་བུའི་བདུད་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་འཇིགས་པ་མེད་པ་ཕུན་སུམ་ཚོགས་པ་ཞེས་བྱ་བ་སྟེ། དེ་ཡང་ཚིག་གཅིག་གིས་བསྟན་ཏོ། །གནས་ཕུན་སུམ་ཚོགས་པ་ཡང་གཅིག་གིས་བསྟན་ཏོ། །ཡང་ལམ་གང་གིས་སངས་ རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དེར་དེ་འཇུག་ཅེ་ན། ཐེག་པ་ཆེན་པོ་ཐོས་པ་དང་། བསམས་པ་དང་། བསྒོམས་པའི་ཤེས་རབ་ཀྱིས་ཏེ། དྲན་པ་དང་། བློ་གྲོས་དང་། རྟོགས་པ་ཆེན་པོ་དང་གོ་རིམས་བཞིན་དུ་སྦྱར་རོ། །ལམ་ཕུན་སུམ་ཚོགས་པ་དེ་ཡང་ཚིག་གཅིག་གིས་བསྟན་ཏོ། །བཞོན་ པ་ནི་ཞི་གནས་དང་ལྷག་མཐོང་སྟེ། དེས་འགྲོ་བ་ཡིན་པའི་ཕྱིར་རོ། །ཕུན་སུམ་ཚོགས་པ་དེ་ཡང་གཅིག་གིས་བསྟན་ཏོ། །སྒོ་གང་ནས་དེར་འཇུག་ཅེ་ན། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ཉིད་ནི་སྒོ་ཕུན་སུམ་ཚོགས་པ་སྟེ། དེ་ཡང་ཚིག་གཅིག་གིས་བསྟན་ཏོ། ། གཞི་ཕུན་སུམ་ཚོགས་པ་ཡང་ཚིག་གཅིག་གིས་བསྟན་ཏེ། ཇི་ལྟར་ས་གཞི་རླུང་གི་དཀྱིལ་འཁོར་ལ་རབ་ཏུ་བརྟེན་ཅིང་གནས་པ་དེ་བཞིན་དུ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དེ་གང་ལ་བརྟེན་ཅིང་གནས་ཤེ་ན། ཡོན་ཏན་གྱི་ཚོགས་ཚད་མེད་པས་བརྒྱན་པའི་རིན་པོ་ཆེའི་པདྨའི་རྒྱལ་པོ་ ཆེན་པོ་བཀོད་པ་ལ་བརྟེན་པ་ན་ཞེས་བྱའོ། །ཡོངས་སུ་དག་པ་དེའི་ལོངས་སྤྱོད་ནི་ཤིན་ཏུ་གཙང་བ་ཞེས་བྱ་བ་ལ། གང་གི་ཕྱིར་དེའི་གཙང་བ་ཉིད་ནི་དེ་ན་ཕྱི་ས་ལ་སོགས་པ་མི་གཙང་བ་མེད་པ་ཉིད་དོ། །ཤིན་ཏུ་བདེ་བ་ནི་གང་ཚོར་བ་བདེ་བ་འབའ་ཞིག་དང་ལྡན་གྱི་སྡུག་བསྔལ་ཡང་མེད་ཅིང་ བཏང་སྙོམས་ཀྱང་མེད་པའོ། །ཤིན་ཏུ་ཁ་ན་མ་ཐོ་བ་མེད་པ་ཞེས་བྱ་བ་ནི། འདི་ལྟར་དེ་ནི་མི་དགེ་བའམ། ལུང་དུ་མ་བསྟན་པ་མེད་པའོ། །ཤིན་ཏུ་དབང་སྒྱུར་བ་ཞེས་བྱ་བ་ནི། དེས་རང་གི་སེམས་ལ་དབང་སྒྱུར་བ་ཡིན་པའི་ཕྱིར་གང་རྐྱེན་གཞན་ལ་ནི་མི་ལྟོས་པའོ། །ཡང་སངས་རྒྱས་རྣམས་ཀྱི་ ཆོས་ཀྱི་དབྱིངས་དེ་ནི་ཞེས་བྱ་བ་ནི་ཆོས་ཀྱི་སྐུའོ། །དེ་ཡང་ཕྲིན་ལས་ལྔ་དང་ལྡན་པར་རིག་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱི་གནོད་པ་ལས་ཡོངས་སུ་སྐྱོབ་པའི་ཕྲིན་ལས་ཅན་ཞེས་བྱ་བ་ནི་གང་གིས་ཁམས་གསུམ་ལས་ཤིན་ཏུ་འདའ་བར་བྱེད་པའི་ལམ་དེ་འཇིག་རྟེན་ལ་སྟོན་པའོ། །ཁམས་གསུམ་ནི་ འདིར་འཇིག་ཚོགས་སྨོས་པས་བསྟན་པ་ཡིན་ནོ། །ཚིག་ལྷག་མ་རྣམས་ཀྱི་དོན་ནི་གོ་སླའོ། །སངས་རྒྱས་ཐམས་ཅད་ཕྲིན་ལས་ལྔ་པོ་འདི་དག་གིས་ཕྲིན་ལས་མཉམ་པ་ཡིན་པར་བལྟ་བར་བྱའོ། །འདིར་དོན་འདི་དག་གི་ཚིགས་སུ་བཅད་པ་ནི། རྒྱུ་དང་གནས་དང་བྱ་བ་དང་ནི་བསམ་པ་དང་། །ཞེས་བྱ་བ་ལ་ སོགས་པས་ནི་གང་སངས་རྒྱས་རྣམས་ཀྱི་ཕྲིན་ལས་མཉམ་པ་ཉིད་དེ་རྒྱུ་གང་གིས་ཡིན་པ་རྒྱས་པར་བསྟན་ཏོ། །གང་ཡང་འཇིག་རྟེན་པ་རྣམས་ཀྱི་ཡུལ་གྱི་ལས་ཉིད་གང་ཡིན་པ་དེ་ནི་ཚིགས་སུ་བཅད་པ་འདི་དག་གིས་བསྟན་ཏེ། འཇིག་རྟེན་པ་རྣམས་ཀྱི་རྒྱུ་ཐ་དད་པ་ཡིན་པ་དེའི་ཕྱིར་འདི་ལྟར་དམྱལ་བ་ཡང་རྒྱུ་གཞན་ ལས། མི་རྣམས་ཀྱང་རྒྱུ་གཞན་ལས་དེ་བཞིན་དུ་ཡི་དགས་ཀྱི་བར་དུ་ཡང་སྟེ། དེའི་ཕྱིར་རྒྱུ་ཐ་དད་པ་དེས་ན། འཇིག་རྟེན་རྣམས་ཀྱི་ལས་ནི་ཐ་དད་གྱུར་པར་འདོད། གནས་ཐ་དད་པ་ཉིད་ནི་འདི་ལྟར་འདི་དག་གིས་གནས་ཐ་དད་པ་སྟེ་ལུས་སོ། །དེས་ན་ལས་ཀྱང་ཐ་དད་དོ། །བྱ་བ་ཐ་དད་པ་ཞེས་བྱ་བ་ནི་འདི་ ལྟར་གཞན་དག་ནི་ཚོང་བྱེད། གཞན་དག་ནི་གར་བྱེད་པ་ལ་སོགས་པའི་ལས་ཐ་དད་པ་དང་རབ་ཏུ་ལྡན་པ་སྟེ། དེའི་ཕྱིར་བྱ་བ་ཐ་དད་པས་ཀྱང་འཇིག་རྟེན་པ་རྣམས་ཀྱི་ལས་ཐ་དད་པ་ཡིན་ནོ། །བསམ་པ་ཐ་དད་པ་ཞེས་བྱ་བ་ལ། བསམ་པ་ནི་འདིར་མོས་པ་སྟེ། དེ་ལྟ་བས་ན་བསམ་པ་ཐ་དད་པའི་ཕྱིར་ཡང་ འཇིག་རྟེན་པ་རྣམས་ཀྱི་ལས་ཐ་དད་དོ། །འདུ་བྱེད་རྣམས་ཀྱང་འདི་ལྟར་ཐ་དད་པ་ཉིད་དུ་འཇུག་པ་སྟེ། གང་འདུ་བྱེད་པ་རྣམས་ཀྱི་བྱ་བ་ཐ་དད་པ་གང་ཡིན་པ་དེ་ཡིན་ནོ། །གང་དག་གི་ཞེ་ན། འཇིག་རྟེན་པ་རྣམས་ཀྱིའོ། །སངས་རྒྱས་རྣམས་ཀྱི་ནི་ལྷུན་གྱིས་གྲུབ་པར་མཛད་པའི་བྱ་བ་ཡིན་པས་དེ་དག་ ཐམས་ཅད་མེད་པའི་ཕྱིར་སངས་རྒྱས་རྣམས་ཀྱི་རྒྱུ་ལ་སོགས་པ་ཐ་དད་པ་མེད་པས་དེའི་ཕྱིར་དེ་དག་རྣམས་ཀྱི་ཕྲིན་ལས་ཀྱི་མཛད་པ་ལ་ཐ་དད་པ་མེད་དོ། །ཐེག་པ་གཅིག་ཉིད་དུ་བསྟན་པ་དགོངས་པ་ཅན་དུ་གསུངས་པ་ཡིན་པར་སྟོན་པའི་ཚིགས་སུ་བཅད་པ་ནི། ཁ་ ཅིག་དག་ནི་དྲང་ཕྱིར་དང་། །ཞེས་བྱ་བ་ལ། ཉན་ཐོས་རིགས་མ་ངེས་པ་རྣམས་ཐེག་པ་ཆེན་པོར་དྲང་བར་བྱ་བའི་ཆེད་དུ་སྟེ། མ་ངེས་པ་དེ་ཅི་ནས་ཀྱང་ཐེག་པ་ཆེན་པོར་མྱ་ངན་ལས་འདའ་བར་བྱའོ་ཞེས་བྱའོ། །གཞན་ཡང་ཀུན་ཏུ་གཟུང་བའི་ཕྱིར། །ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རིགས་མ་ངེས་ པ་གང་ཡིན་པ་དེ་དག་ཅི་ནས་ཐེག་པ་ཆེན་པོ་ལ་ཐུན་མོང་དུ་འགྱུར་བ་དང་། ཐེག་པ་ཆེན་པོ་བོར་ནས་ཉན་ཐོས་ཀྱི་ཐེག་པས་མྱ་ངན་ལས་འདའ་བར་མ་གྱུར་ཅིག་ཅེས་བྱ་བས་སོ། །དོན་དེ་དག་གི་ཕྱིར་ཐེག་པ་གཅིག་ཉིད་དུ་བསྟན་པ་ཡིན་ནོ། །ཡང་མ་ངེས་པ་རྣམས་ཀྱི་དོན་ནི་གོ་སླའོ། །ཆོས་དང་བདག་མེད་གྲོལ་ མཐུན་ཕྱིར། །ཞེས་བྱ་བ་ལ་སོགས་པ་རྒྱས་པར་འབྱུང་བ་ལ། འདིར་ཡང་དགོངས་པའི་དབང་གིས་ཐེག་པ་གཅིག་ཉིད་དུ་གཅིག་པར་བསྟན་ཏོ། །ཡང་འདིའི་དགོངས་པ་གང་ཡིན་ཞེ་ན། ཆོས་མཐུན་པའི་ཕྱིར་དང་། བདག་མེད་པ་མཐུན་པའི་ཕྱིར་དང་གྲོལ་བ་མཐུན་པའི་ཕྱིར་རོ། །དེ་ལ་ཆོས་མཐུན་པ་ཉིད་ནི་རེ་ཞིག་འདིར་ ཆོས་ནི་དེ་བཞིན་ཉིད་དོ། །དེ་ནི་མཐུན་པ་ཉིད་དེ། ཉན་ཐོས་ལ་སོགས་པ་ཐམས་ཅད་འདིར་འགྲོ་བར་བྱ་བ་ཡིན་པས་ན་ཐེག་པ་ཆེན་པོ་ཞེས་བྱས་ནས་སོ། །དེ་མཐུན་པ་ཉིད་ཡིན་པའི་ཕྱིར་ཐེག་པ་གཅིག་ཉིད་དོ། །བདག་མེད་པ་མཐུན་པ་ཉིད་ནི་བདག་དང་གང་ཟག་མེད་པས་དེའི་ཕྱིར་མེད་པ་འདི་ལ་འདི་ནི་ ཉན་ཐོས་སོ། །འདི་ནི་བྱང་ཆུབ་སེམས་དཔའོ་ཞེས་བརྗོད་པར་མི་རིགས་ཏེ། དེའི་ཕྱིར་ན་ཡང་བདག་མེད་པ་ལ་དགོངས་ནས་ཐེག་པ་གཅིག་ཉིད་དོ། །གྲོལ་བ་མཐུན་པ་ཉིད་ཅེས་བྱ་བ་ནི་ཉན་ཐོས་ལ་སོགས་པ་རྣམས་ཀྱང་ཉོན་མོངས་པ་ལས་གྲོལ་བ་མཐུན་པ་ཉིད་ཡིན་ཏེ། དེའི་ཕྱིར་འདི་ལ་དགོངས་ ནས་ཀྱང་ཐེག་པ་གཅིག་ཉིད་དུ་བསྟན་ཏེ། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཀྱང་རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བ་ནི་ཐ་དད་དུ་བྱ་བ་མེད་དོ་ཞེས་གསུངས་སོ།། །།བམ་པོ་བརྒྱད་པའོ། །རིགས་ནི་ཐ་དད་ཅེས་བྱ་བ་ནི་གང་ལ་རིགས་ཐ་དད་པ་ཡོད་པ་སྟེ། རིགས་མ་ངེས་པའི་ ཉན་ཐོས་དག་སངས་རྒྱས་སུ་འགྱུར་བ་ལ་དགོངས་ནས་ཀྱང་ཐེག་པ་གཅིག་ཉིད་དུ་བསྟན་ཏེ། བསམ་གཉིས་རྙེད་ཕྱིར་ཞེས་བྱ་བ་ནི་བསམ་པ་གཉིས་ཐོབ་པའི་ཕྱིར་ཏེ། གཅིག་ནི་མཉམ་པ་ཉིད་ཀྱི་བསམ་པ་སྟེ། གང་གིས་སེམས་ཅན་ཐམས་ཅད་གང་ཡིན་པ་ཉིད་ནི་བདག་ཡིན་ལ། བདག་ཀྱང་དེ་ དག་ཉིད་ཡིན་ནོ་ཞེས་དེ་ལྟར་འཛིན་པ་སྟེ། དེ་ལྟར་འཛིན་པས་ཀྱང་དེ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་པས་དེ་དག་ཀྱང་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་པ་ཡིན་ཏེ། དགོངས་པ་དེའི་ཕྱིར་ཡང་ཐེག་པ་གཅིག་ཉིད་དོ། །ཡང་བསམ་པ་གཉིས་པ་ནི་གང་དམ་པའི་ཆོས་པདྨ་དཀར་པོ་ ལས་ཉན་ཐོས་ལུང་བསྟན་པ་དེ་དག་གིས་ནི་སངས་རྒྱས་ཀྱིས་ཀྱང་ཆོས་ཉིད་མཉམ་པ་ཉིད་ལ་དགོངས་ནས། ཆོས་ཀྱི་སྐུ་ཐོབ་པ་ཉིད་ཡིན་ནོ་ཞེས་བསམས་ནས་མཉམ་པ་ཉིད་ལ་དགོངས་པ་དང་། མཐུན་པའི་བསམ་པ་ཐོབ་པ་ནི་སངས་རྒྱས་ཀྱི་ཆོས་ཉིད་ཡང་དག་པར་ཐོབ་པ་ཡིན་ནོ་ཞེས་བྱ་བའོ། ། དོན་གཞན་ཡང་དེ་ལྟ་བུའི་མིང་ཅན་གྱི་བྱང་ཆུབ་སེམས་དཔའི་འཁོར་དེ་ལུང་བསྟན་པ་ཡིན་པས་སྤྲུལ་པའི་ཕྱིར་ཡང་ཞེས་བྱ་བ་སྨོས་ཏེ། ཇི་ལྟར་ངས་མངོན་པར་ཤེས་ཏེ། ང་ཉིད་ལན་བརྒྱ་སྟོང་དུ་མར་ཉན་ཐོས་ཀྱི་ཐེག་པར་མྱ་ངན་ལས་འདས་པར་གྱུར་ཏོ་ཞེས་པ་དེ་ལྟ་བུ་ལ་དགོངས་ནས་ཐེག་པ་ གཅིག་ཉིད་དུ་བསྟན་ཏེ། གང་ཉན་ཐོས་ཀྱི་ཐེག་པས་གདུལ་བའི་སེམས་ཅན་རྣམས་མྱ་ངན་ལས་བཟླ་བའི་ཕྱིར་བསྟན་པ་ཡིན་ནོ། །མཐར་ཕྱིན་པས་ན་ཞེས་བྱ་བ་ནི་འདི་ལྟར་ཐེག་པ་འདིས་མཐར་ཕྱིན་པར་གྲོལ་བར་བྱ་བའི་ཐེག་པ་གཞན་ནི་མེད་པས་སངས་རྒྱས་ཀྱི་ཐེག་པ་འདི་ནི་ཉན་ཐོས་ལ་སོགས་ པ་དེ་དག་ལས་ཁྱད་པར་དུ་འཕགས་པ་ཡིན་པས་དེ་ལས་དགོངས་ནས་ཀྱང་ཐེག་པ་གཅིག་ཉིད་དུ་བསྟན་ཏེ། ད་ནི་སངས་རྒྱས་ཐམས་ཅད་ཆོས་ཀྱི་སྐུ་མཉམ་པ་ཉིད་ཡིན་ན། ཡང་རྒྱུ་གང་གིས་གཅིག་ཉིད་དམ་མང་པོ་ཉིད་དུ་བལྟ་བར་བྱ་བ་དེ་བསྟན་པར་བྱ་སྟེ། དེ་ལ་རེ་ཞིག་གཅིག་ཉིད་དུ་བལྟ་བར་ བྱ་བ་ནི་དེ་དག་གཅིག་ཉིད་ནི་མཉམ་པ་ཉིད་ཡིན་ལ་སངས་རྒྱས་ཀྱང་དེའི་རང་བཞིན་ཡིན་པས་དེའི་ཕྱིར་དེ་ནི་གཅིག་ཉིད་ཡིན་ཏེ། ཆོས་ཀྱི་དབྱིངས་གཅིག་པ་ཉིད་དུ་བལྟ་བར་བྱའོ། །ཡང་གཅིག་ཉིད་དུ་བལྟ་བར་བྱ་སྟེ། གང་དུས་གཅིག་ལ་འཇིག་རྟེན་གྱི་ཁམས་གཅིག་ཏུ་སངས་རྒྱས་གཉིས་འབྱུང་ བ་ནི་མི་སྲིད་པས་དེའི་ཕྱིར་ཡང་གཅིག་ཉིད་དུ་བལྟ་བར་བྱའོ། །ཡང་མང་པོ་ཉིད་དང་གཅིག་ཉིད་ཚིགས་སུ་བཅད་པས་བསྟན་པ་ནི། ཁམས་གཅིག་ན་ནི་ཞེས་བྱ་བ་ལ་སོགས་པ་རྒྱས་པར་འབྱུང་སྟེ། ཁམས་གཅིག་ན་ནི་གཉིས་མེད་ཕྱིར། །ཞེས་བྱ་བའི་ཚིག་ གིས་ནི་གཅིག་པ་ཉིད་དུ་བསྟན་པའི་དོན་ཏེ། གང་འཇིག་རྟེན་གྱི་ཁམས་གཅིག་ཏུ་སངས་རྒྱས་གཉིས་འབྱུང་བ་ནི་མི་སྲིད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ལྷག་མས་ནི་མང་པོ་ཉིད་དུ་བསྟན་ཏེ། དཔག་མེད་ཅིག་ཅར་ཚོགས་བསགས་ཕྱིར། །ཞེས་བྱ་བ་ནི་གང་དུས་གཅིག་ཏུ་བྱང་ཆུབ་སེམས་ དཔའ་མང་པོ་རྣམས་ཚོགས་ཡོངས་སུ་བསགས་པར་འགྱུར་ལ། གལ་ཏེ་དེ་དག་གིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་ཀྱང་སངས་རྒྱས་ཉིད་ཐོབ་པར་མི་འགྱུར་ན་ཚོགས་བསགས་པ་དོན་མེད་པ་ཉིད་དུ་འགྱུར་རོ། །དེའི་ཕྱིར་ན་མང་པོ་རྣམས་ཀྱིས་ཚོགས་ཡོངས་སུ་ རྫོགས་པར་འགྲུབ་པས་སངས་རྒྱས་མང་པོ་ཉིད་དུ་བལྟ་བར་བྱའོ། །རིམ་གྱིས་འབྱུང་བར་མི་རིགས་ཕྱིར། །ཞེས་བྱ་བ་ནི་རིམ་གྱིས་མངོན་པར་རྫོགས་པར་བྱང་ཆུབ་པར་ཡང་མི་འགྲུབ་སྟེ། གལ་ཏེ་གང་གི་ཕྱིར་ཚོགས་ཡོངས་སུ་རྫོགས་པར་གྱུར་པ་རྣམས་རིམ་གྱིས་གཞེས་པར་གྱུར་ན། དེ་ དག་ཉིད་ཀྱི་རྗེས་སུ་རིམ་གྱིས་ཐོབ་པར་འགྱུར་ཏེ། གཞན་དག་ཀྱང་མངོན་པར་རྫོགས་པར་བྱང་ཆུབ་པར་འགྱུར་བ་ཡིན་ནོ་ཞེས་བྱ་བ་སྟེ། དེ་དག་མང་བ་ཉིད་ཀྱི་ཕྱིར་རིམ་གྱིས་རིགས་པ་མ་ཡིན་ཏེ། གཞན་དག་ཀྱང་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བས་སོ། །དེའི་ཕྱིར་ན་ ཡང་། སངས་རྒྱས་ཉིད་མང་པོ་ཡིན་ནོ། །ཡང་ཁ་ཅིག་ནི་སངས་རྒྱས་རྣམས་ལ་གཏན་དུ་ཡོངས་སུ་མྱ་ངན་ལས་འདའ་བ་མེད་དོ་ཞེས་ཟེར་ལ། ཉན་ཐོས་ཀྱི་ཐེག་པ་པའི་སྡེ་པ་གཞན་དག་ནི་གཏན་དུ་ཡོངས་སུ་མྱ་ངན་ལས་འདའ་བ་ཡིན་ནོ་ཞེས་ཟེར་ཏེ། འདི་ལྟར་དེ་དག་གཉི་གའི་ དགོངས་པ་ཚིགས་སུ་བཅད་པས་སྟོན་པ་ནི། སྒྲིབ་པ་ཀུན་ལས་ངེས་གྲོལ་ཕྱིར། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་འབྱུང་སྟེ། དེ་ལ་གང་གི་ཕྱིར་སངས་རྒྱས་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་ལས་རྣམ་པར་གྲོལ་བ་ཡིན་པའི་ཕྱིར་དེས་ན་གཏན་དུ་མྱ་ངན་ལས་འདས་པར་འགྱུར་བ་ ཡིན་ཏེ། དགོངས་པ་དེའི་ཕྱིར་རོ། །ཡང་གང་གི་ཕྱིར་མཛད་པ་རྣམས་ཀྱང་ཡོངས་སུ་མ་རྫོགས་པ་སྟེ་མ་སྨིན་པ་རྣམས་སྨིན་པར་བྱ་བ་དང་། སྨིན་པ་རྣམས་རྣམ་པར་གྲོལ་བར་བྱ་བ་དགོངས་པའི་ཕྱིར་དེའི་མཛད་པ་དེ་ལ་དགོངས་ནས་གཏན་དུ་ཡོངས་སུ་མྱ་ངན་ལས་འདའ་བ་མ་ཡིན་ན། །དེ་ལྟ་མ་ཡིན་ཏེ། ཉན་ཐོས་བཞིན་དུ་གཏན་དུ་ཡོངས་སུ་མྱ་ངན་ལས་འདའ་བ་མ་ཡིན་ན་སྨོན་ལམ་བཏབ་པ་འབྲས་བུ་མེད་པར་འགྱུར་རོ། །ད་ནི་གང་ལས་དགོངས་ནས་ངོ་བོ་ཉིད་ཀྱི་སྐུ་ལོངས་སྤྱོད་རྫོགས་པའི་སྐུ་མ་ཡིན་ཞེ་ན། དེ་བསྟན་པར་བྱ་སྟེ། དེ་གཟུགས་ཀྱི་སྐུར་སྣང་བ་དང་ཞེས་བྱ་བ་ལ། སངས་རྒྱས་ནི་ཆོས་ཀྱི་སྐུ་ ཡིན་ལ། དེ་ནི་གཟུགས་སུ་མཐོང་བའི་ཕྱིར། ཆོས་ཀྱི་སྐུ་མ་ཡིན་ཏེ། དེ་ལྟ་བུ་ནི་ཆོས་ཀྱི་སྐུ་མ་ཡིན་པས། དེའི་ཕྱིར་ན་ཆོས་ཀྱི་སྐུ་མ་ཡིན་ནོ། །ལོངས་སྤྱོད་རྫོགས་པའི་སྐུ་དེ་ནི་སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་ཚད་མེད་པ་དག་ན་ཐ་དད་པར་སྣང་ལ། ཆོས་ཀྱི་སྐུ་ལ་ནི་ཐ་དད་པ་མེད་དོ། །དེའི་ ཕྱིར་ཚུལ་འདིས་ཀྱང་ལོངས་སྤྱོད་རྫོགས་པའི་སྐུ་ངོ་བོ་ཉིད་ཀྱི་སྐུ་མ་ཡིན་ནོ། །མོས་པ་ཇི་ལྟ་བ་བཞིན་དུ་ལོངས་སྤྱོད་རྫོགས་པ་མཐོང་བས་ཀྱང་། ཇི་ལྟར་མདོ་ལས། ཁ་ཅིག་ནི་ཁ་དོག་སེར་པོ། ཁ་ཅིག་ནི་ཁ་དོག་སྔོན་པོ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་འབྱུང་བའི་ཕྱིར་རོ། །དེ་བཞིན་དུ་ལོངས་སྤྱོད་ རྫོགས་པའི་སྐུ་ནི་མ་ངེས་པའི་ངོ་བོ་ཉིད་དུ་སྣང་བ་ཡིན་གྱི། ངོ་བོ་ཉིད་ཀྱི་སྐུ་ནི་མ་ངེས་པའི་ངོ་བོ་ཉིད་དུ་མི་རིགས་ཏེ། དེའི་ཕྱིར་ཚུལ་དེས་ཀྱང་ལོངས་སྤྱོད་རྫོགས་པའི་སྐུ་ནི་ངོ་བོ་ཉིད་ཀྱི་སྐུ་མ་ཡིན་ནོ། །ཡང་ལོངས་སྤྱོད་རྫོགས་པ་དེ་ནི་གཅིག་ཉིད་ཡིན་ན་ཡང་གཞན་དང་གཞན་དུ་མཐོང་བར་འགྱུར་ལ། ཡང་དེ་ཉིད་ ཁོ་ན་དེ་ལས་ཀྱང་གཞན་དུ་མཐོང་བར་འགྱུར་བས་དེ་ནི་གཡོ་བའི་ངོ་བོའི་ངོ་བོ་ཉིད་ཡིན་པའི་ཕྱིར་ངོ་བོ་ཉིད་ཀྱི་སྐུ་ཡིན་པར་མི་རིགས་ཏེ། དེའི་ཕྱིར་ན་ཡང་ངོ་བོ་ཉིད་ཀྱི་སྐུ་མ་ཡིན་ནོ། །ཡང་ལོངས་སྤྱོད་རྫོགས་པ་དེ་ནི་ལྷ་ལ་སོགས་པའི་འཁོར་དང་རྟག་ཏུ་འདྲེས་ཤིང་བསྐོར་ནས་གནས་པ་ཡིན་གྱི། ངོ་བོ་ཉིད་ ནི་འདྲེས་པར་མི་འགྱུར་ཏེ། དེའི་ཕྱིར་ན་ཡང་ངོ་བོ་ཉིད་ཀྱི་སྐུ་མ་ཡིན་ནོ། །གང་ཡང་ཀུན་གཞི་རྣམ་པར་ཤེས་པ་ཡོངས་སུ་གྱུར་པ་ནི་ངོ་བོ་ཉིད་ཡིན་ལ། གལ་ཏེ་དེ་དག་ངོ་བོ་ཉིད་གཅིག་པ་ཉིད་ཡིན་ན་དེ་ནི་ལོངས་སྤྱོད་རྫོགས་པ་ཡང་ཡིན་པས་འཇུག་པ་རྣམ་པར་ཤེས་པ་ཡོངས་སུ་གྱུར་པ་ལས་སྐུ་གང་མངོན་ པར་འགྲུབ་པར་འགྱུར། དེའི་ཕྱིར་ན་ཡང་ལོངས་སྤྱོད་རྫོགས་པ་ནི་ངོ་བོ་ཉིད་མ་ཡིན་ཏེ། རྣམ་པ་དྲུག་པོ་དེ་དག་མི་རིགས་པའི་ཕྱིར་ན་ཡང་མི་རུང་ངོ་། །ད་ནི་གང་གི་ཕྱིར་སྤྲུལ་པའི་སྐུ་ངོ་བོ་ཉིད་ཀྱི་སྐུ་མ་ཡིན་པའི་ཚུལ་དེ་བསྟན་པར་བྱ་སྟེ། རྒྱུ་བརྒྱད་ཀྱི་ཕྱིར་རོ། །དེ་ལ་རེ་ ཞིག་མི་རིགས་པ་དང་པོ་ནི་བྱང་ཆུབ་སེམས་དཔའ་ཡུན་རིང་པོ་ནས་བསྐལ་པ་དུ་མར་ཡང་མི་མཉམ་པའི་ཏིང་ངེ་འཛིན་ཐོབ་པ་རྣམས་ནི་དགའ་ལྡན་གྱི་ལྷ་རྣམས་ཀྱི་ནང་དུ་ཡང་སྐྱེ་བར་མི་རིགས་ན་མི་རྣམས་ཀྱི་ནང་དུ་ལྟ་སྨོས་ཀྱང་ཅི་དགོས་ཏེ། སྤྲུལ་པ་དེ་ནི་ཡང་འཇིག་རྟེན་པ་ཡང་ཡིན་ནོ། །ཡང་ བྱང་ཆུབ་སེམས་དཔའ་སྐྱེ་བ་དྲན་པ་རྣམས་ནི་ཡི་གེ་དང་། རྩིས་དང་། གྲངས་ལ་སོགས་པ་མི་མཁྱེན་པ་ནི་མི་རིགས་ཏེ། དེའི་ཕྱིར་ན་ཡང་སྤྲུལ་པ་ཉིད་སེམས་ཅན་དེ་རྣམས་གདུལ་བའི་དོན་དུ་བྱུང་བ་ཡིན་ནོ། །ཡང་བསྐལ་པ་གྲངས་མེད་པ་གསུམ་དུ་བྱང་ཆུབ་སེམས་དཔའ་བསྒྲུབས་པར་གྱུར་ཀྱང་ ཉེས་པར་བཤད་པ་དང་། ལེགས་པར་བཤད་པའི་ཆོས་དེ་དག་རྣམ་པར་མ་མཁྱེན་ན་ཡང་། དེ་ལས་གཞན་པ་མངོན་པར་རྫོགས་པར་བྱང་ཆུབ་པའི་དུས་ན་མཁྱེན་པར་འགྱུར་བས་དེའི་ཕྱིར་ན་ཡང་སྤྲུལ་པ་ནི་ངོ་བོ་ཉིད་ཀྱི་སྐུ་མ་ཡིན་ནོ། །ཡང་འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱ་བོར་ཏེ། གཅིག་ཏུ་མངོན་པར་རྫོགས་ པར་བྱང་ཆུབ་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་མི་རིགས་པས། སྤྲུལ་པ་ཡིན་པར་མི་རིགས་ཏེ། གང་གི་ཕྱིར་དེ་དག་ཐམས་ཅད་ཀྱིས་སྤྲུལ་པ་མཐོང་བར་མཐུན་པའི་ཕྱིར་རོ། །གལ་ཏེ་གཅིག་ཏུ་མངོན་པར་རྫོགས་པར་བྱང་ཆུབ་ནས་གཞན་དག་ཏུ་སྤྲུལ་པ་རྣམས་འབྱུང་བར་མཛད་པ་ཡིན་ ནོ་ཞེས་བྱ་བའི་ཕྱོགས་ལེན་པར་བྱེད་པ་ཡིན་ན་ཡང་། དེ་ལྟ་ན་དགའ་ལྡན་ཉིད་ན་གནས་བཞིན་དུ། གླིང་བཞི་པ་ཐམས་ཅད་དུ་སྤྲུལ་པ་འགྱེད་པར་ཅིའི་ཕྱིར་མི་འདོད། ཡང་ལ་ལ་འདི་སྐད་དུ། སངས་རྒྱས་ཀྱི་ཞིང་དུ་གཏོགས་པའི་གླིང་བཞི་པ་ལ་ལ་ན་སངས་རྒྱས་མ་མཐོང་ངོ་ཞེས་ ཟེར་ན། གླིང་བཞི་པ་ཐམས་ཅད་ན་མངོན་པར་རྫོགས་པར་བྱང་ཆུབ་པ་མེད་པ་ལ་ནི་ཡང་ལུང་དང་རིགས་པ་མེད་དོ། །གལ་ཏེ་དེ་ལྟ་ཡིན་ན་མདོ་དང་འགལ་ཏེ། མདོ་ལས་ཀྱང་། སངས་རྒྱས་གཉིས་འབྱུང་བར་མི་འགྱུར་ཏེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་གཉིས་མི་འབྱུང་ བ་ཡིན་ནོ། །ཞེས་གསུངས་པས་སོ་ཞེ་ན། གང་གི་ཕྱིར་འདི་ལྟར་འཁོར་ལོས་སྒྱུར་བའི་རྒྱལ་པོ་གཉིས་མི་འབྱུང་ངོ་ཞེས་འབྱུང་བ་དེ་ནི། གླིང་བཞི་པ་གཅིག་ཏུ་མི་འབྱུང་བ་ཡིན་གྱི། ཡང་སངས་རྒྱས་ཀྱི་ཞིང་དུ་ནི་མ་ཡིན་ནོ། །དེ་བཞིན་དུ་སངས་རྒྱས་གཉིས་ མི་འབྱུང་བ་ཡང་གླིང་བཞི་པ་གཅིག་ཏུ་མི་རིགས་ཀྱི། འདི་ལྟར་འཇིག་རྟེན་གྱི་ཁམས་གཅིག་ཏུ་ནི་འདོད་དོ། །ད་ནི་མངོན་པར་རྫོགས་པར་བྱང་ཆུབ་པ་ཚིགས་སུ་བཅད་པས་བསྟན་པར་བྱ་བ་ནི། སངས་རྒྱས་རྣམ་འཕྲུལ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་འབྱུང་བ་སྟེ། དོན་ནི་ དུས་གང་གི་ཚེ་དགའ་ལྡན་ན་བཞུགས་པ་ལས། སངས་རྒྱས་མངལ་དུ་གཤེགས་པ་དེ་བཞིན་དུ་དུས་དེ་ཉིད་ཀྱི་ཚེ་ན། གནས་བརྟན་ཤཱ་རིའི་བུ་ལ་སོགས་པ་འཁོར་འདི་དག་ཀྱང་དེ་བཞིན་དུ་སྤྲུལ་པའི་གནས་སྐབས་ཀྱིས་དེ་དང་དེར་བཞུགས་པར་བལྟ་བར་བྱའོ། །དེ་དག་ རྣམ་པར་གཞག་པས་ཀྱང་དེ་ལྟར་བྱས་ན་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པར་བསྟན་པར་བྱའོ། །ད་ནི་གཏན་དུ་ཡོངས་སུ་མྱ་ངན་ལས་འདའ་བ་མི་རིགས་པར་བསྟན་པར་བྱ་སྟེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྨོན་ལམ་བཏབ་པར་བྱས་པ་དང་། སེམས་ ཅན་གྱི་དོན་དུ་སྒྲུབ་པ་ཉིད་བྱས་པ་ཇི་ལྟར་སེམས་ཅན་གྱི་དོན་བྱའོ་ཞེས་བྱ་བ་ལྟ་བུར་བྱས་པའོ། །གལ་ཏེ་གཏན་དུ་མྱ་ངན་ལས་འདའ་བས་མྱ་ངན་ལས་འདས་པ་ཡིན་ན་གང་སྨོན་ལམ་བཏབ་པ་དང་། སྒྲུབ་པ་དག་འབྲས་བུ་མེད་པར་འགྱུར་རོ། །གང་ཡང་དེ་བཞིན་གཤེགས་པའི་རྟག་ པའི་སྐུ་ཡིན་ནོ་ཞེས་བྱ་བ་དེ་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པ་དག་མི་རྟག་པ་ཡིན་པའི་ཕྱིར། ཇི་ལྟར་རྟག་པའི་སྐུ་ཡིན་ཞེ་ན། དེ་བསྒྲུབ་པར་བྱ་སྟེ། དེ་དག་ཉིད་རྟག་པ་ཉིད་ཡིན་ཏེ། གང་གི་ཕྱིར་རྟག་པའི་སྐུ་ཆོས་ཀྱི་སྐུ་ལ་བརྟེན་པའི་ཕྱིར་དེས་ན་རྟག་པ་ཡིན་ནོ། །ཡང་ལོངས་ སྤྱོད་རྫོགས་པ་ནི་རྫོགས་པའི་ལོངས་སྤྱོད་དེ་ལ་རྒྱུན་ཆད་པ་མེད་པའི་ཕྱིར་རྟག་པ་ཡིན་ནོ། །སྤྲུལ་པ་ཡང་མངོན་པར་རྫོགས་པར་བྱང་ཆུབ་པ་དང་། ཡོངས་སུ་མྱ་ངན་ལས་འདའ་བ་སྟོན་པའི་རྒྱུན་ཆད་པ་མེད་པས་རྟག་པ་ཡིན་ནོ། །དེ་དག་གཉི་ག་ཡང་རྟག་པ་ཉིད་ཡིན་ པའི་དཔེ་བསྟན་པ་ནི། ཇི་ལྟར་ན་འཇིག་རྟེན་ན་རྟག་ཏུ་བདེ་བ་ལ་སྤྱོད་དོ་ཞེས་བརྗོད་པ་ལྟ་བུ་སྟེ། དེ་ནི་རྟག་ཏུ་རྒྱུན་མི་འཆད་པར་བྱེད་པར་འགྱུར་བ་ནི་མ་ཡིན་ནོ། །འོན་ཀྱང་རྟག་ཏུ་བདེ་བ་ལ་སྤྱོད་དོ་ཞེས་ནི་རྗོད་པར་བྱེད་དོ། །ཡང་གང་དག་འདི་ནི་རྟག་ཏུ་སློང་མོ་སྦྱིན་པ་ ཡིན་ནོ་ཞེས་ཟེར་ན། ཡང་དེ་ནི་རྟག་ཏུ་སྦྱིན་པ་ནི་མ་ཡིན་ཏེ། རེས་འགའ་ཞིག་སྦྱིན་པར་བྱེད་པ་ཡིན་ན་ཡང་། འོན་ཀྱང་རྟག་ཏུ་སློང་མོ་སྦྱིན་པ་པོ་ཡིན་ནོ་ཞེས་རྗོད་པར་བྱེད་པ་ལྟར་རྟག་པ་དེ་དག་ཀྱང་དེ་བཞིན་ནོ། །འདིར་རྒོལ་བར་བྱེད་དོ། ཡང་གལ་ཏེ་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུ་ཐོག་མ་མེད་པའི་དུས་ ནས་བྱེ་བྲག་མེད་པ་དཔག་ཏུ་མེད་པ་དེ་དག་ཉིད་སེམས་ཅན་གྱི་དོན་བྱ་བ་ལ་ནུས་པ་ཡོད་པའི་ཕྱིར། ཡང་ཅིའི་ཕྱིར་སེམས་ཅན་གྱི་དོན་དུ་འབད་པར་བྱེད་ཅེ་ན། ལན་ཚིགས་སུ་བཅད་པས་བསྟན་པ་ཡིན་ནོ། །གལ་ཏེ་སངས་རྒྱས་བརྙེས་པ་ཁྱད་མེད་དཔག་མེད་པ། །ཞེས་བྱ་བའི་རྒྱུ་འདི་ཉིད་ཀྱིས་འབད་ པར་མི་བྱའོ་ཞེས་ཟེར་ན། དེའི་ཕྱིར་སངས་རྒྱས་རྣམས་ཐོག་མ་མེད་པའི་དུས་ཅན་ཡིན་པའི་ཕྱིར། སྐྱོན་ཐམས་ཅད་འབྱུང་བར་ཐལ་བར་འགྱུར་བ་ཐོབ་པའམ། ཐམས་ཅད་རྒྱུ་མེད་པ་ཉིད་དུ་འགྱུར་བའམ། རྒྱུ་རྒྱུན་ཆད་པ་མེད་པར་འགྱུར་རོ་ཞེས་བྱ་བའོ། །གཞན་ཡང་སྙིང་རྗེས་རྒྱུད་བསྒོས་ པའི་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་བཞིན་དུ་བརྩེ་བ་འབྱུང་བས། སེམས་ཅན་གྱི་དོན་ལ་གཞན་བྱེད་པར་འགྱུར་གྱི་ཞེའམ། གཞན་བྱེད་ཀྱང་རུང་། མི་བྱེད་ཀྱང་རུང་། བདག་གིས་ནི་མི་བྱའོ་ཞེས་བྱ་བ་མི་རིགས་སོ། །ཐེག་པ་ཆེན་པོ་བསྡུས་ པའི་འགྲེལ་པ། ཐེག་པ་ཆེན་པོ་ལ་རབ་ཏུ་གནས་པ། བསྟན་བཅོས་ཕུལ་དུ་བྱུང་བ་དུ་མ་མཛད་པའི་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང་། ལོ་ཙྪ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས། ཡུལ་བྲག་དམར་ ལྷ་སྡིངས། རི་ཁས་པོ་རིའི་རྩ། ཆུ་བོ་ལོ་ཧི་ཏའི་འགྲམ། དཔལ་བསམ་ཡས་ལྷུན་གྱིས་གྲུབ་པའི་གནས། དབྱིག་འདུལ་པེ་ཀར་གླིང་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །འདི་ལ་ཤློ་ཀ་ཉིས་སྟོང་ཆིག་བརྒྱ་བརྒྱད་ཅུ་ཡོད་དེ། བམ་པོ་ནི་བརྒྱད་དུ་བྱས་སོ།། །། ༄༅༅། །རྒྱ་གར་སྐད་དུ། མ་ཧཱ་ཡཱ་ན་སཾ་གྲ་ཧ་ཨུ་པ་ནི་བནྡྷ་ནཾ། བོད་སྐད་དུ། ཐེག་པ་ཆེན་པོ་བསྡུས་པའི་བཤད་སྦྱར། བམ་པོ་དང་པོ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །སློབ་དཔོན་སྔ་མས་རིགས་ཚུལ་དུ། །རྣམ་པར་ཕྱེ་ བས་བློ་ཞེན་རྣམས། །མི་རྟོགས་པས་ན་ཚིག་རེ་ནས། །བསྡུས་པ་རྣམ་པར་དབྱེ་བར་བྱ། །དོན་བཅུས་ཐེག་པ་ཆེན་པོ་མཐའ་དག་དོན་དུ་བསྡུ་བར་འདོད་པས་བསྟན་བཅོས་ཀྱི་ལུས་ཀྱི་བདག་ཉིད་དོན་བཅུ་པོ་དེ་དག་གཙུག་ལག་ཉིད་དུ་བརྗོད་པའི་སྒོ་ནས། ཐེག་པ་ཆེན་པོ་ལ་ཤིན་ཏུ་ ཞུགས་པ་ཞེས་བྱ་བ་ལ་སོགས་པ་གླེང་སློང་བར་བྱེད་དོ། །ཡོན་ཏན་གྱི་ཚིག་གམ་བཏགས་པ་ལ་ཐེག་པ་ཆེན་པོ་ལ་ཤིན་ཏུ་ཞུགས་པ་ཞེས་བྱ་སྟེ། འདིས་ཐེག་པ་ཆེན་པོ་ཤིན་ཏུ་རྟོགས་པའམ། དེ་ལ་ཤིན་ཏུ་ཞུགས་པའི་ཕྱིར་ཐེག་པ་ཆེན་པོ་ལ་ཤིན་ཏུ་ཞུགས་པའོ། །བྱང་ཆུབ་སེམས་ དཔའ་ཐེག་པ་ཆེན་པོ་ལ་ཤིན་ཏུ་ཞུགས་པ་གཟུངས་དང་སྤོབས་པའི་ཡོན་ཏན་ཐོབ་པ་ཐེག་པ་ཆེན་པོའི་དོན་འཛིན་པ་དང་རབ་ཏུ་སྟོན་པར་ནུས་པ་དེས་སམ། མིང་དེ་སྐད་ཅེས་བྱ་བས་གསུངས་པའོ། །བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནི་འདི་བྱང་ཆུབ་དང་སེམས་ཅན་ལ་དམིགས་པའི་ཕྱིར་ བྱང་ཆུབ་སེམས་དཔའ་སྟེ། སེམས་དཔའ་ཞེས་བྱ་བའི་སྒྲས་ནི་འདིར་སྲོག་ཆགས་བརྗོད་པ་ཡིན་ནོ། །དམིགས་པས་ཀྱང་དེ་སྐད་ཅེས་བྱ་བར་སྣང་སྟེ། དཔེར་ན་མི་སྡུག་པ་ལ་སོགས་པ་ལ་དམིགས་པའི་ཏིང་ངེ་འཛིན་ལ་མི་སྡུག་པ་དང་། སྟོང་པ་ཉིད་ཅེས་བྱ་བ་དང་། ངན་པར་བྱས་པ་ ལ་དམིགས་པའི་ཡིད་ལ་གཅགས་པ་ལ་འགྱོད་པ་ཞེས་བྱ་བ་ལྟ་བུའོ། །ཡང་ན་འདི་བྱང་ཆུབ་ཀྱི་ཕྱིར་སྲན་ཐུབ་པས་ན་བྱང་ཆུབ་སེམས་དཔའོ། །ཐེག་པ་ཆེན་པོའི་ཆེ་བའི་བདག་ཉིད་ཅེས་བྱ་བ་ནི་ཟབ་པ་དང་། རྒྱ་ཆེ་བ་གཉིས་ཀྱིས་བླ་ན་མེད་པའོ། །བདག་གི་སྒྲ་ནི་ངོ་བོ་ཉིད་དང་། བྱེད་པའི་ ཚིག་སྟེ། དཔེར་ན་མེ་ནི་ཚ་བའི་བདག་ཉིད། དུག་ནི་འཆི་བར་བྱེད་པའི་བདག་ཉིད་ཅེས་བྱ་བ་ལྟ་བུའོ། །འདི་ནི་ཆེ་བའི་བདག་ཉིད་ཡིན་པས་ཆེ་བ་སྟེ། དེའི་དངོས་པོ་ནི་ཆེ་བའི་བདག་ཉིད་དོ། །དེ་བརྗོད་པ་ཞེས་བྱ་བ་ནི་གཞན་དག་རང་གིས་མི་ཤེས་པས་དེ་རབ་ཏུ་བཤད་པའོ། །ཕྱིར་ཞེས་བྱ་ བས་ནི་དགོངས་པ་བསྟན་པའོ། །བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཞེས་བྱ་བ་ལ་བདུད་བཞི་བཅོམ་པ་དང་། དབང་ཕྱུག་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་ཕྱིར་བཅོམ་ལྡན་འདས་ཏེ་སངས་རྒྱས་སོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་ ཞེས་འོག་ནས་འབྱུང་བའི་ཕྱིར་རོ། །བཅོམ་ལྡན་འདས་དེའི་སྤྱན་སྔར་ཞེས་བྱ་བས་ནི་སངས་རྒྱས་ཀྱིས་གནང་བས་ཡིད་བརྟན་དུ་རུང་བ་ཉིད་དུ་སྟོན་ཏེ། སྟོན་པ་དང་ཉེ་ན་གཞན་དུ་མི་སྨྲ་བའི་ཕྱིར་རོ། །འདི་ལྟ་སྟེ་ཞེས་བྱ་བ་ནི་གནས་བཅུ་ཉེ་བར་འདོད་པར་འགོད་པ་སྟོན་ཏོ། །ཐེག་པ་ཆེན་ པོ་ལས་བརྩམས་ནས་ཞེས་བྱ་བ་ནི་དེའི་ཆེད་དུའམ། དབང་དུ་བྱས་པ་སྟེ། ཉན་ཐོས་ཀྱི་ཐེག་པའམ། འཇིག་རྟེན་པ་ལས་བརྩམས་པ་མ་ཡིན་པའོ། །ཡང་ཐེག་པ་ཆེན་པོ་སྨོས་པ་ནི་འདི་ཁོ་ན་ལས་བརྩམས་ཀྱི་གཞན་ལས་བརྩམས་པ་ནི་མ་ཡིན་ནོ་ཞེས་ངེས་པར་བྱ་བའི་ཕྱིར་ཏེ། འདི་ ལྟར་འཇིག་རྟེན་པ་ལས་བརྩམས་ནས། བདེན་པར་སྨྲ