Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 129

Văn bản gốc(Tây Tạng)

Trang 14 / 14 (50.000 ký tự/trang)
ྦྱོང་དང་། བྲམ་ཟེ་རྣམས་ཀྱང་ཚར་གཅོད་པར་མཛད་དེ། འདི་ནི་དེ་བཞིན་གཤེགས་པའི་སྟོབས་བཅུའི་ལས་ཡིན་པར་རིག་པར་བྱའོ། །དེ་ལ་དེ་བཞིན་གཤེགས་པའི་སྟོབས་བཅུ་པོ་འདི་དག་གི་གོ་རིམས་གང་ཞེ་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་
སངས་རྒྱས་མ་ཐག་ཏུ་དེ་བཞིན་གཤེགས་པས་སྟོབས་བཅུ་ཐམས་ཅད་ཅིག་ཅར་བརྙེས་ཏེ། ཅིག་ཅར་བརྙེས་ནས་ཀྱང་དེ་དག་རིམ་གྱིས་མངོན་སུམ་དུ་འགྱུར་ཏེ། མངོན་པར་རྫོགས་པར་སངས་རྒྱས་པ་ཉིད་ཀྱི་མོད་ལ། དེ་བཞིན་གཤེགས་པས་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ཀྱིས་
ཆོས་རྣམས་ཀྱི་རྒྱུ་དང་འབྲས་བུ་རྣམ་པར་གཞག་པ་ལ་ལེགས་པ་ཁོ་ནར་རྣམ་པར་གཟིགས་སོ། །རྣམ་པར་གཟིགས་ནས་འདོད་པའི་ཁམས་ཉིད་དུ་སྐལ་བ་མཉམ་པའི་ཁམས་ཀྱི་སྡུག་པའི་འབྲས་བུའི་ཁྱད་པར་འདོད་པ་རྣམས་ལ་ནི་ལས་བདག་གིར་བྱ་བ་མཁྱེན་པའི་སྟོབས་ཀྱིས་མི་དགེ་བའི་ལས་

ཡོངས་སུ་སྤངས་པ་དང་། དགེ་བའི་ལས་སྤྱོད་པར་བྱ་བ་རྣམ་པར་སྟོན་ཏོ། །འཇིག་རྟེན་པའི་འདོད་ཆགས་དང་བྲལ་བ་འདོད་པའི་སེམས་ཅན་རྣམས་ལ་ནི། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་མཁྱེན་པའི་སྟོབས་ཀྱིས་འཇིག་རྟེན་པའི་འདོད་ཆགས་དང་
བྲལ་བར་འགྱུར་བར་བྱ་བ་དང་། ཇི་ལྟ་བ་བཞིན་དུ་ལམ་ཐོབ་པར་བྱ་བའི་གདམས་ངག་སྦྱིན་པར་མཛད་དོ། །འཇིག་རྟེན་ལས་འདས་པའི་འདོད་ཆགས་དང་བྲལ་བར་འདོད་པ་རྣམས་ལ་ནི་དེ་མ་ཡིན་པའི་དེ་བཞིན་གཤེགས་པའི་སྟོབས་བདུན་གྱིས་འཇིག་རྟེན་ལས་འདས་པའི་འདོད་ཆགས་དང་བྲལ་
བར་འགྱུར་བའི་ལམ་རྣམ་པར་སྟོན་ཏོ། །དེ་ལ་ཐོག་མར་ནི་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་ཀྱིས་འཇིག་རྟེན་ལས་འདས་པའི་འདོད་ཆགས་དང་བྲལ་བར་འདོད་པ་རྣམས་ཀྱི་དབང་པོ་རྣམ་པར་གཟིགས་སོ། །དེའི་འོག་ཏུ་མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་ཀྱིས་ནི་
དབང་པོ་སྔོན་དུ་འགྲོ་བའི་བསམ་པ་ལ་རྣམ་པར་གཟིགས་སོ། །དེའི་འོག་ཏུ་ཁམས་སྣ་ཚོགས་མཁྱེན་པའི་སྟོབས་ཀྱིས་ནི་བསམ་པ་སྔོན་དུ་འགྲོ་བའི་བག་ལ་ཉལ་རྣམ་པར་གཟིགས་སོ། །དེ་ལྟར་དབང་པོ་དང་། བསམ་པ་དང་། བག་ལ་ཉལ་མཁྱེན་པ་དེས། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་
སྟོབས་ཀྱིས་ཅི་རིགས་པར་དམིགས་པ་ལ་འཇུག་པའི་སྒོ་རྣམས་ལ་འཛུད་པར་མཛད་དོ། །དེའི་འོག་ཏུ་ཡང་སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་དང་། འཆི་འཕོ་བ་དང་། སྐྱེ་བ་མཁྱེན་པའི་སྟོབས་ཀྱིས་ནི་ཉོན་མོངས་པ་ཐམས་ཅད་སྤང་བར་བྱ་བའི་ཕྱིར་མཚན་མའི་དམིགས་པ་ལ་འཇུག་པའི་
སྒོའི་སྦྱོར་བ་སེམས་གནས་པ་ཡང་འཛིན་དུ་འཇུག་ལ། སྤྱོད་པ་རྣམས་ཀྱང་རྣམ་པར་དག་པར་མཛད་ནས། འཇིག་ཚོགས་ལ་ལྟ་བའི་རྩ་བ་དང་རྟག་པ་དང་། ཆད་པ་དང་མཐར་འཛིན་པ་རྣམ་པར་སྤངས་པའི་དབུ་མའི་ལམ་རྣམ་པར་སྟོན་ཏོ། །དེའི་འོག་ཏུ་དེ་ལྟར་ཡང་དག་པར་བརྩོན་ཞིང་ཞི་གནས་
ཀྱིས་ཉེ་བར་བརྟེན་ཏེ། ཉོན་མོངས་པ་མ་སྤངས་པ་ཀུན་དུ་མི་སྤྱོད་པ་དང་ལྡན་པས་མ་བྱས་པ་ལ་བྱས་པས་མངོན་པའི་ང་རྒྱལ་འཛིན་པའི་ང་རྒྱལ་ཟག་པ་ཟད་པ་མཁྱེན་པའི་སྟོབས་ཀྱིས་འདོར་དུ་འཇུག་སྟེ། འདི་ནི་སྟོབས་རྣམས་ཀྱི་གོ་རིམས་ཀྱི་རྣམ་གྲངས་གཅིག་གོ། །། བམ་པོ་ཉི་ཤུ་

རྩ་གཉིས་པ་སྟེ་ཐ་མའོ། །རྣམ་གྲངས་གཞན་ཡང་འདི་ལ་དེ་བཞིན་གཤེགས་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། ཐོག་མ་ཁོ་ནར་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་མངོན་སུམ་དུ་མཛད་དེ། རྟེན་ཅིང་
འབྲེལ་པར་འབྱུང་བའི་ཆོས་རྣམས་ལ་ཆོས་གནས་པའི་ཡེ་ཤེས་དམ་པ་རྣམ་པར་སྤྱོད་པར་མཛད་དོ། །ཆོས་གནས་པའི་ཡེ་ཤེས་དེ་ལ་བརྟེན་ནས་ལས་བདག་གིར་བྱ་བ་མཁྱེན་པའི་སྟོབས་ཀྱིས་ཁྱིམ་པའི་ཕྱོགས་ལ་རྣམ་པར་གཟིགས་ཏེ། ལས་རྣམ་པ་སྣ་ཚོགས་གང་དང་གང་གིས་ཁྱིམ་པའི་
ཕྱོགས་ལ་གནས་པ་དེ་དག་ཡང་དག་པར་གྲུབ་པར་གྱུར་པ་དང་། གྲུབ་པར་འགྱུར་བ་དང་། འགྲུབ་པར་གཟིགས་སོ། །ཁྱིམ་པའི་ཕྱོགས་ལ་གཟིགས་ནས། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་མཁྱེན་པའི་སྟོབས་ཀྱིས་རབ་ཏུ་བྱུང་བའི་ཕྱོགས་ལ་
རྣམ་པར་གཟིགས་ཏེ། ཅི་རབ་ཏུ་བྱུང་བའི་ཕྱོགས་འདི་ལ་སྡུག་བསྔལ་ལས་བྱུང་བ་དང་། སྡུག་བསྔལ་ལས་འབྱུང་བའི་ལམ་སྟོན་པ་འགའ་ལྟ་ཡོད་དམ། འོན་ཏེ་མེད་ཞིག་གུ་སྙམ་སྟེ། དེས་མེད་པར་མཁྱེན་ནས་སྐྱབས་མེད་ཅིང་སྐྱོབ་པ་མེད་པའི་འཇིག་རྟེན་ཐམས་ཅད་ལ་བརྟགས་ཏེ་སྙིང་རྗེ་ཆེན་
པོ་ལ་བརྟེན་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་སོ། །དེས་རྣམ་པར་གཟིགས་ཏེ་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པ་མངོན་སུམ་དུ་མཛད་ནས་རབ་ཏུ་མཁྱེན་ཏེ། འཇིག་རྟེན་ན་སེམས་ཅན་བྱུང་བ་དང་། འཇིག་རྟེན་ན་སེམས་ཅན་སྐྱེས་པ་དང་དབང་པོ་རྟུལ་
པོ་དང་དབང་པོ་འབྲིང་པོ་དང་དབང་པོ་རྣོན་པོ་དག་ཀྱང་ཡོད་པར་ཐུགས་སུ་ཆུད་ནས་དེ་ཆོས་བསྟན་པ་ལ་སེམས་འཇུག་གོ། །དེའི་འོག་ཏུ་སྔ་མའི་གོ་རིམས་བཞིན་དུ་དེ་མ་ཡིན་པ་མཁྱེན་པའི་སྟོབས་མོས་པ་སྣ་ཚོགས་མཁྱེན་པ་ལ་སོགས་པ་ཐམས་ཅད་ཀྱང་འབྱུང་བར་རིག་པར་བྱ་སྟེ། འདི་ནི་སྟོབས་
རྣམས་ཀྱི་གོ་རིམས་ཀྱི་རྣམ་གྲངས་གཉིས་པའོ། །རྣམ་གྲངས་གཞན་ཡང་ཐོག་མ་ཁོ་ནར་དེ་བཞིན་གཤེགས་པ་མངོན་པར་རྫོགས་པར་སངས་རྒྱས་མ་ཐག་ཏུ་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ཀྱིས་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཀྱི་ཁམས་དཔྱོད་པར་མཛད་དོ། །དེའི་འོག་

ཏུ་ལས་བདག་གིར་བྱ་བ་མཁྱེན་པའི་སྟོབས་ཀྱིས་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་གང་དག་ལ་སེམས་ཅན་དུ་མིང་དུ་བཏགས་པའི་སེམས་ཅན་གྱི་ཁམས་དེ་ལ་སེམས་ཅན་འདི་དག་ནི་རང་གིས་བྱས་པའི་ལས་འདི་ལྟ་བུའི་འབྲས་བུ་འདི་འདྲ་བ་སོ་སོར་ཉམས་སུ་མྱོང་ངོ་སྙམ་དུ་རྣམ་པར་དཔྱོད་པར་མཛད་དེ།
ཆོས་ཀྱི་ཁམས་དང་། སེམས་ཅན་གྱི་ཁམས་ཅི་ལྟ་བ་བཞིན་དུ་རྣམ་པར་དཔྱད་ནས་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་མཁྱེན་པའི་སྟོབས་ཀྱིས་སེམས་ཅན་དེ་དག་ཉིད་སྡུག་བསྔལ་ལས་རྣམ་པར་ཐར་པར་བྱ་བའི་ཕྱིར་ཆོ་འཕྲུལ་གསུམ་གྱིས་ལེགས་པར་གདམས་
པར་མཛད་དོ། །གདམས་ནས་ཀྱང་སྔ་མའི་གོ་རིམས་བཞིན་དུ་སྟོབས་ལྷག་མ་རྣམས་ཀྱིས་དབང་པོ་ལ་སོགས་པ་ཡང་མཁྱེན། ལམ་ལ་ཡང་བཙུད་ནས་སེམས་ཅན་དེ་དག་སྡུག་བསྔལ་ལས་རྣམ་པར་ཐར་པར་མཛད་དེ། འདི་ནི་སྟོབས་རྣམས་ཀྱི་གོ་རིམས་ཀྱི་རྣམ་གྲངས་གསུམ་པའོ། །དེ་ལ་གནས་དང་
གནས་མ་ཡིན་པ་མཁྱེན་པའི་སྟོབས་དང་། ལས་བདག་གིར་བྱ་བ་མཁྱེན་པའི་སྟོབས་ལ་བྱེ་བྲག་ཅི་ཡོད་ཅེ་ན། དགེ་བ་དང་མི་དགེ་བའི་ལས་ཀྱི་འབྲས་བུ་སྡུག་པ་དང་མི་སྡུག་པ་འགྲུབ་པ་གང་ཡིན་པ་འདི་ནི་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ཀྱིས་མཁྱེན་ཏོ། །དགེ་བ་དང་མི་དགེ་བའི་ལས་བྱེད་པ་
གང་ཡིན་པ་དེ་ཉིད་ཀྱིས་སྡུག་པ་དང་མི་སྡུག་པའི་འབྲས་བུ་དེ་སོ་སོར་ཉམས་སུ་མྱོང་བར་འགྱུར་བ་གང་ཡིན་པ་འདི་ནི། ལས་བདག་གིར་བྱ་བ་མཁྱེན་པའི་སྟོབས་ཀྱིས་མཁྱེན་ཏོ། །བསམ་གཏན་དང་རྣམ་པར་ཐར་པ་ལ་སོགས་པ་སྙོམས་པར་འཇུག་པ་གང་ཡིན་པ་དེ་ཉིད་ལ་དེ་དག་འབྱུང་བར་འགྱུར་གྱི། གཞན་
ལ་མ་ཡིན་པ་གང་ཡིན་པ་དེ་ནི་ལས་བདག་གིར་བྱ་བ་མཁྱེན་པའི་སྟོབས་ཀྱིས་སོ། །བསམ་གཏན་ལ་སོགས་པ་དེ་དག་ཉིད་ལ་བརྟེན་ནས་གདུལ་བ་རྣམས་ལ་ཆོ་འཕྲུལ་གསུམ་གྱིས་འདོམས་པར་མཛད་པ་གང་ཡིན་པ་དེ་ནི་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་ལ་སྙོམས་པར་
འཇུག་པ་མཁྱེན་པའི་སྟོབས་ཀྱིས་སོ། །དད་པ་ལ་སོགས་པ་དང་ལྷན་ཅིག་སྐྱེས་ཤིང་མཚུངས་པར་ལྡན་པའི་སེམས་ཐུགས་སུ་ཆུད་པ་གང་ཡིན་པ་འདི་ནི་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་མཁྱེན་པའི་སྟོབས་ཀྱིས་སོ། །དབང་པོ་དེ་དག་ཉིད་

ཆུང་ངུ་དང་། འབྲིང་དང་། ཆེན་པོའི་བྱེ་བྲག་འབྱེད་པ་གང་ཡིན་པ་འདི་ནི་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་ཀྱིས་སོ། །ཆོས་དེ་དང་དེ་དག་ལ་དབང་པོ་སྔོན་དུ་འགྲོ་བའི་བསམ་པ་ཐུགས་སུ་ཆུད་པ་གང་ཡིན་པ་འདི་ནི་དབང་པོ་མཆོག་དང་མཆོག་མ་ཡིན་
པ་མཁྱེན་པའི་སྟོབས་ཀྱིས་སོ། །བསམ་པ་དེ་ཉིད་སྣ་ཚོགས་སུ་བྱེ་བྲག་འབྱེད་པ་གང་ཡིན་པ་འདི་ནི་མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་ཀྱིས་སོ། །བསམ་པ་དེ་ཡང་མདོར་བསྡུ་ན་རྣམ་པར་དབྱེ་བ་རྣམ་པ་དྲུག་ཡོད་པར་རིག་པར་བྱ་སྟེ། ངེས་པར་འབྱུང་བ་མ་ཡིན་པའི་བསམ་པ་ནི་འདི་ལྟ་སྟེ།
དབང་ཕྱུག་ཆེན་པོ་དང་། སྲེད་མེད་ཀྱི་བུ་དང་། ཚངས་པའི་འཇིག་རྟེན་ལ་སོགས་པ་ལ་མོས་པ་ཐ་དད་པ་རྣམས་ཀྱིའོ། །ངེས་པར་འབྱུང་བའི་བསམ་པ་ནི་འདི་ལྟ་སྟེ། ཐེག་པ་གསུམ་པོ་དག་ལ་མོས་པ་རྣམས་ཀྱིའོ། །རྣམ་པར་དག་པ་ལས་རིང་བའི་བསམ་པ་ནི་འདི་ལྟ་སྟེ། ཡོངས་སུ་སྨིན་པ་ཆུང་ངུ་
དང་། འབྲིང་ལ་གནས་པ་རྣམས་ཀྱིའོ། །རྣམ་པར་དག་པ་དང་ཉེ་བའི་བསམ་པ་ནི་འདི་ལྟ་སྟེ་ཡོངས་སུ་སྨིན་པ་ཆེན་པོ་ལ་གནས་པ་རྣམས་ཀྱིའོ། །ཚེ་འདི་ཉིད་ལ་མྱ་ངན་ལས་འདས་པ་འཐོབ་པར་མོས་པ་རྣམས་ཀྱིའོ། །ཚེ་འདི་ཉིད་ལ་མྱ་ངན་ལས་འདས་པ་འཐོབ་པའི་བསམ་པ་ནི་འདི་ལྟ་སྟེ་ཉན་ཐོས་
ཀྱི་ཐེག་པས་མྱ་ངན་ལས་འདས་པ་འཐོབ་པར་མོས་པ་རྣམས་ཀྱིའོ། །ཕྱིས་མྱ་ངན་ལས་འདས་པ་ཐོབ་པའི་བསམ་པ་ནི་འདི་ལྟ་སྟེ་ཐེག་པ་ཆེན་པོས་ཡོངས་སུ་མྱ་ངན་ལས་འདའ་པ་འཐོབ་པར་མོས་པ་རྣམས་ཀྱིའོ། །མོས་པས་བསྐྱེད་པ་དེ་དང་འདྲ་བའི་ས་བོན་ཐུགས་སུ་ཆུད་པ་གང་ཡིན་པ་འདི་ནི་
མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་ཀྱིས་སོ། །ས་བོན་དེ་ཉིད་བྱེ་བྲག་ཕྱེ་ནས་རྣམ་པ་དུ་མར་ཐུགས་སུ་ཆུད་པ་གང་ཡིན་པ་འདི་ནི་ཁམས་སྣ་ཚོགས་མཁྱེན་པའི་སྟོབས་ཀྱིས་སོ། །ཁམས་རབ་ཏུ་དབྱེ་བ་དེ་ཡང་མདོར་བསྡུ་ན་རྣམ་པ་བཞིར་རིག་པར་བྱ་སྟེ། རང་བཞིན་དུ་གནས་པའི་ས་བོན་དང་།
སྔོན་གོམས་པ་ལས་བྱུང་བའི་ས་བོན་དང་། རྣམ་པར་དག་པར་བྱར་རུང་བའི་ས་བོན་ནི་འདི་ལྟ་སྟེ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བའི་ཆོས་ཅན་རྣམས་ཀྱིའོ། །རྣམ་པར་དག་པར་བྱར་མི་རུང་བའི་ས་བོན་ནི་འདི་ལྟ་སྟེ་མྱ་ངན་ལས་འདའ་བར་འགྱུར་བའི་ཆོས་ཅན་མ་ཡིན་པ་རྣམས་ཀྱིའོ། །

ཁམས་ཇི་ལྟ་བ་བཞིན་དུ་འཚམ་པའི་ལམ་ལ་འཇུག་པ་རབ་ཏུ་མཁྱེན་པ་གང་ཡིན་པ་འདི་ནི་ཁམས་སྣ་ཚོགས་མཁྱེན་པའི་སྟོབས་ཀྱིས་སོ། །ལམ་དེ་ཉིད་རྣམ་པ་ཐམས་ཅད་དུ་རབ་ཏུ་རྣམ་པར་འབྱེད་དོ། ལམ་འདི་ནི་ཀུན་ནས་ཉོན་མོངས་པར་འགྱུར་བའོ། །འདི་ནི་རྣམ་པར་བྱང་བར་འགྱུར་
བའོ། །འདི་ནི་གཏན་དུ་རྣམ་པར་བྱང་བར་འགྱུར་བའོ། །འདི་ནི་གཏན་དུ་རྣམ་པར་བྱང་བར་འགྱུར་བ་མ་ཡིན་ནོ་ཞེས་བྱ་བ་གང་ཡིན་པ་དེ་ནི་ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་ཀྱིས་སོ། །སྔོན་གྱི་མཐའ་རྗེས་སུ་དྲན་ཏེ་འགྲོ་བ་ཐམས་ཅད་ཀྱི་རྒྱུ་སྔོན་གྱི་མཐའ་དང་ལྡན་པ་རྣམས་ཡང་དག་
པ་ཅི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པ་གང་ཡིན་པ་འདི་ནི་ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་ཀྱིས་སོ། །རྣམ་པར་ཕྱེ་ནས་སྔ་མ་བཞིན་དུ་ཐ་སྙད་ཀྱི་གཞི་ལ་བརྟེན་པའི་སྤྱོད་པ་རྣམ་པ་དྲུག་རབ་ཏུ་མཁྱེན་པ་གང་ཡིན་པ་འདི་ནི་སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་ཀྱིས་སོ། །
སྔོན་གྱི་མཐའ་ལས་བརྩམས་ཏེ་སེམས་ཅན་རྣམས་ཀྱི་འཆི་འཕོ་དང་། སྐྱེ་བ་རབ་ཏུ་མཁྱེན་པ་གང་ཡིན་པ་འདི་ནི་སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་ཀྱིས་སོ། །ཕྱི་མའི་མཐའི་སེམས་ཅན་རྣམས་ཀྱི་ཤི་འཕོ་དང་སྐྱེ་བ་མཁྱེན་པ་གང་ཡིན་པ་འདི་ནི་ཤི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས་
ཀྱིས་སོ། །སེམས་ཅན་རང་གི་དོན་མཐར་ཕྱིན་པ་མ་ཡིན་པ་རྣམས་ཀྱི་ཕྱི་མའི་མཐར་སྐྱེ་བ་དང་། ཉིང་མཚམས་སྦྱོར་བ་རབ་ཏུ་མཁྱེན་པ་གང་ཡིན་པ་འདི་ནི་ཤི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས་ཀྱིས་སོ། །རང་གི་དོན་མཐར་ཕྱིན་ཏེ་སེམས་ཤིན་ཏུ་རྣམ་པར་གྲོལ་བ་རྣམས་ཀྱི་ཚེ་འདི་ལ་མྱ་ངན་ལས་འདས་
པ་འཐོབ་པ་རབ་ཏུ་མཁྱེན་པ་གང་ཡིན་པ་འདི་ནི་ཟག་པ་ཟད་པ་མཁྱེན་པའི་སྟོབས་ཀྱིས་ཏེ། འདི་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་པོ་དག་ཕན་ཚུན་བྱེ་བྲག་ཡོད་པ་དང་། བྱེ་བྲག་མེད་པ་ཡིན་པར་རིག་པར་བྱའོ། །མི་འཇིགས་པ་བཞིའི་གཞུང་ནི་མདོ་འདི་ཉིད་ལས་ཇི་སྐད་འབྱུང་བ་བཞིན་དུ་
རིག་པར་བྱའོ། །དེ་ལ་གནས་བཞི་པོ་འདི་དག་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་འཁོར་གྱི་ནང་དུ་དམ་བཅའ་བར་བྱ་བ་ཡིན་ཏེ། ཉན་ཐོས་དང་ཐུན་མོང་མ་ཡིན་པ་ཤེས་བྱའི་སྒྲིབ་པ་ལས་རྣམ་པར་ཐར་པར་བྱ་བའི་ཕྱིར་རྣམ་པ་ཐམས་ཅད་དུ་ཆོས་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པ་འདི་ནི་

གནས་དང་པོའོ། །ཉན་ཐོས་དང་ཐུན་མོང་པ་ཉོན་མོངས་པའི་སྒྲིབ་པ་ལས་རྣམ་པར་ཐར་པ་འདི་ནི་གནས་གཉིས་པའོ། །རྣམ་པར་ཐར་པ་འདོད་པའི་སེམས་ཅན་རྣམ་པར་སྡུག་བསྔལ་ལས་ཡང་དག་པར་འདའ་བར་འགྱུར་བའི་ངེས་པར་འབྱིན་པའི་ལམ་འདི་ནི་གནས་
གསུམ་པའོ། །ལམ་དེ་ཉིད་ཐོབ་པར་བྱ་བ་ལ་གགས་སུ་གྱུར་པ་བར་དུ་གཅོད་པར་བྱེད་པའི་ཆོས་རྣམས་ཡོངས་སུ་སྤང་བར་བྱ་བ་འདི་ནི་གནས་བཞི་པའོ། །གནས་བཞི་པོ་འདི་དག་ལ་དེ་བཞིན་གཤེགས་པས་དོན་ཇི་ལྟ་བ་བཞིན་དུ་དམ་བཅའ་བ་ཡིན་ཏེ། དེ་བས་ན་གནས་སྔ་མ་
གཉིས་ཀྱི་དམ་བཅའ་བ་དང་མི་མཐུན་པའི་སྐུ་དང་། གསུང་དང་། ཐུགས་ཀྱི་སྤྱོད་པ་དང་། གནས་ཕྱི་མ་གཉིས་ཀྱིས་དམ་བཅའ་བ་དང་། མི་མཐུན་པའི་སྔ་ཕྱི་འགལ་བ་དང་། མི་རིགས་པར་འགྱུར་བ་ཡོད་དོ་ཞེས་དམ་བཅས་པའི་གནས་ཀྱི་གཉེན་པོར་ལྷའི་མིག་དང་ལྡན་པ་དང་། ལྷའི་
མིག་དང་ལྡན་པ་མ་ཡིན་པ་དང་། ཕ་རོལ་གྱི་སེམས་ཤེས་པ་དང་། ཕ་རོལ་གྱི་སེམས་ཤེས་པ་མ་ཡིན་པ་གཞན་དག་གིས་བརྒལ་བའི་རྒྱུར་འགྱུར་བ་ཡང་དག་པར་རྗེས་སུ་མ་གཟིགས་ཏེ། གནས་འདི་དག་ལ་མི་བསྙེངས་པ་དང་། ཐུགས་ཞུམ་པ་མི་མངའ་བ་དང་། དོགས་པ་མི་མངའ་བ་
དང་། བག་ཚ་བ་མི་མངའ་བར་དམ་བཅའ་བར་མཛད་དོ། །སྟོན་པས་དམ་བཅའ་བར་བྱ་བ་ནི་འདི་ཡིན་ཏེ། འདི་ལྟ་སྟེ། བདག་ལ་ཕན་པ་སྒྲུབ་པ་དང་། གཞན་ལ་ཕན་པ་སྒྲུབ་པ་ཡོངས་སུ་རྫོགས་པའོ། །དེ་ལ་གནས་དང་པོ་གཉིས་ཀྱིས་ནི་བདག་ལ་ཕན་པ་སྒྲུབ་པ་ཡོངས་སུ་རྫོགས་པར་
དམ་བཅས་པ་ཡིན་ནོ། །གནས་ཕྱི་མ་གཉིས་ཀྱིས་ནི་གཞན་ལ་ཕན་པ་སྒྲུབ་པ་ཡོངས་སུ་རྫོགས་པར་དམ་བཅས་པ་ཡིན་ནོ། །དེ་ལ་བདག་ཉིད་ཀྱིས་ཆོས་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པས་ཡང་དག་པར་རྫོགས་པར་སངས་རྒྱས་པ་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་
ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་དུ་མཛད་ནས། དེ་བཞིན་གཤེགས་པས་དམ་བཅས་པ་ཡིན་ནོ། །ཟག་པ་ཐམས་ཅད་ཟད་པ་ནི། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པའི་སེམས་ཅན་རྣམས་ཀྱི་དབང་དུ་མཛད་དེ་དམ་བཅས་པ་ཡིན་ནོ། །

ངེས་པར་འབྱིན་པའི་ལམ་དང་། བར་དུ་གཅོད་པའི་ཆོས་རྣམས་ནི་དེ་གཉི་གའི་དབང་དུ་མཛད་དེ་དམ་བཅས་པ་ཡིན་ནོ། །དེ་བཞིན་གཤེགས་པས་མདོའི་ཚིག་འདི་སྐད་དུ། ངས་བྱང་ཆུབ་སེམས་དཔའ་རྣམས་དང་། ཉན་ཐོས་རྣམས་ཀྱི་ངེས་པར་འབྱུང་བའི་ལམ་བསྟན་པ་གང་ཡིན་པ་ཞེས་
རྒྱས་པར་གསུངས་པ་ལས་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་ཚིག་དེ་ཡང་དག་པར་སྡུད་པར་བྱེད་པ་རྣམས་ཀྱིས་ཉན་ཐོས་ཀྱི་སྡེ་སྣོད་ཀྱི་སྐབས་ནས་བྱུང་ངོ་། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་ཀྱང་བྱང་ཆུབ་སེམས་དཔའི་ཚིག་ཁོ་ན་འབའ་ཞིག་སྨོས་སོ། །དྲན་པ་ཉེ་བར་གཞག་པ་གསུམ་གྱི་གཞུང་ནི་མདོ་
ལས་ཇི་སྐད་འབྱུང་བ་བཞིན་ཏེ། དེ་བཞིན་གཤེགས་པ་ནི་ཡུན་རིང་པོ་ནས་འདི་ལྟར་ངས་ལེགས་པར་བསྟན་པའི་ཆོས་འདུལ་བ་རྣམས་ལ་ནན་ཏན་བྱེད་ཅིང་། ཇི་ལྟ་བ་བཞིན་དུ་གནས་ཀྱང་ཅི་མ་རུང་སྙམ་དུ་བཞེད་དེ། ཡུན་རིང་པོ་ནས་དེ་ལྟར་བཞེད་པ་ཆོས་ཀྱི་མངའ་བདག་ཚོགས་ཡོངས་སུ་སྡུད་པ་དེའི་
བཞེད་པ་དེ་དག་གྲུབ་པ་དང་། མ་གྲུབ་པ་དག་གིས་ཀུན་ནས་ཉོན་མོངས་པ་མེད་པ་ནི་མདོར་བསྡུ་ན་དྲན་པ་ཉེ་བར་གཞག་པ་གསུམ་གྱིས་རབ་ཏུ་ཕྱེ་བ་ཡིན་ནོ། །དེ་དག་ཀྱང་འཁོར་གསུམ་གྱི་བྱེ་བྲག་གིས་གསུམ་དུ་རྣམ་པར་གཞག་སྟེ། འཁོར་གསུམ་པོ་གང་ཞེ་ན། ཐམས་ཅད་ཀྱང་གཅིག་ཏུ་ངེས་པར་
ཡང་དག་པར་སྒྲུབ་པར་བྱེད་པ་འདི་ནི་འཁོར་གཅིག་གོ། །ཐམས་ཅད་ཀྱང་གཅིག་ཏུ་ངེས་པར་ལོག་པར་སྒྲུབ་པར་བྱེད་པ་འདི་ནི་འཁོར་གཉིས་པའོ། །འཁོར་གསུམ་པ་ནི་གང་ལས་ཁ་ཅིག་ནི་ཡང་དག་པར་སྒྲུབ་ལ། ཁ་ཅིག་ནི་ལོག་པར་སྒྲུབ་པའོ། །བསྲུང་བ་མེད་པ་གསུམ་གྱི་གཞུང་ནི་མདོ་ཉིད་
ལས་ཇི་སྐད་འབྱུང་བ་བཞིན་དུ་རིག་པར་བྱ་སྟེ། མདོར་བསྡུ་ན་རྣམ་པ་ཐམས་ཅད་དུ་ཉེས་པ་བྱས་པ་འཆབ་པ་སྤངས་པ་འདི་ནི་དེ་བཞིན་གཤེགས་པའི་བསྲུང་བ་མེད་པ་གསུམ་གྱིས་བསྟན་ཏེ། དགྲ་བཅོམ་པ་ལ་ཡང་བརྗེད་པའི་ཕྱིར་བརྒྱ་ལ་བརྒྱ་ལམ་ན་ལུང་དུ་མ་བསྟན་པའི་ཉེས་པ་བྱས་པ་ཙམ་ཅུང་ཟད་
འབྱུང་བ་གང་ཡིན་པ་འདི་ནི་དེ་བཞིན་གཤེགས་པ་ལ་དེ་ཡང་ཐམས་ཅད་དུ་མི་མངའོ། །དེ་བས་ན་དེ་བཞིན་གཤེགས་པ་ནི་ཇི་ལྟར་དམ་བཅས་པ་དེ་ལྟ་བུའི་རང་བཞིན་ཡིན་ཏེ། ཉན་ཐོས་རྣམས་ཚར་བཅད་ཅིང་ཚར་བཅད་ཅིང་བཀའ་སྩལ་ཏོ། །ཐིབས་ཀྱིས་མནན་ཅིང་ཐིབས་ཀྱིས་མནན་ཅིང་ཁ་

ཅིག་ལ་ནི་སྨ་འབེབས་མཛད། ཁ་ཅིག་ལ་ནི་སྤངས་པར་མཛད་ཅིང་བརླང་པོར་ཡང་མཛད་དེ། འགྲོགས་པའི་རྒྱུ་ལས་ངའི་ཉན་ཐོས་རྣམས་ཀྱི་ལུས་དང་། ངག་གི་ཀུན་དུ་སྤྱོད་པ་ཡོངས་སུ་མ་དག་པར་ཤེས་ནས། དངོས་པོ་དེས་ཡིད་དུ་མི་འོང་ཞིང་མི་དགའ་བར་གྱུར་ནས་
གླེང་བ་འམ། གཞན་དག་ལ་སྒྲོགས་པར་མི་འགྱུར་གྲང་སྙམ་དུ་དེ་དག་ལ་རྗེས་སུ་བསྲུང་བ་དེ་ལ་མི་མངའོ། །དེ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་རྗེ་ཆེན་པོ་ནི་རྣམ་པ་ཐམས་ཅད་དུ་མཆོད་པ་དང་། བརྟེན་པ་དང་། ཚད་མེད་པའི་ལེའུ་ལས་སྔར་ཇི་སྐད་བསྟན་པ་བཞིན་དུ་རིག་པར་བྱ་སྟེ།
དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་དེ་ནི་ཚད་མེད་པ་དང་བླ་ན་མེད་པར་རིག་པར་བྱའོ། །དེ་ལ་དེ་བཞིན་གཤེགས་པའི་ནན་ཏན་དུ་མཛད་པ་ནི་གང་དང་གང་དུ་དང་། ཇི་ལྟར་དང་། གང་གི་ཚེ་སྟེ་དེ་དང་། དེར་དང་། དེ་ལྟར་དང་། དེའི་ཚེ་ཡང་དག་པར་ནན་ཏན་མཛད་པས་ན། འདི་ནི་དེ་བཞིན་གཤེགས་
པའི་བསྙེལ་བ་མི་མངའ་བའི་ཆོས་ཉིད་ཅེས་བྱ་སྟེ། འདི་ལྟར་དེ་བཞིན་གཤེགས་པའི་མཛད་པ་ཐམས་ཅད་དང་། ཡུལ་ཐམས་ཅད་དང་། མཛད་པའི་ཐབས་ཐམས་ཅད་དང་། དུས་ཐམས་ཅད་དུ་བསྙེལ་བ་མི་མངའ་སྟེ། རྟག་ཏུ་དགོངས་པ་ཉེ་བར་གནས་པ་འདི་ནི་བསྙེལ་བ་མི་མངའ་བའི་
ཆོས་ཉིད་ཡིན་པར་བལྟ་བར་བྱའོ། །དེ་ལ་དེ་བཞིན་གཤེགས་པའི་བསྐྱོད་པ་འམ། གཟིགས་པ་འམ། སྲུང་བ་འམ། གནས་པ་ལ་ཉོན་མོངས་པ་མངའ་བ་འདྲ་བའི་ཀུན་དུ་སྤྱོད་པ་མི་མངའ་བ་འདི་ནི་དེ་བཞིན་གཤེགས་པའི་བག་ཆགས་ཡང་དག་པར་བཅོམ་པ་ཞེས་བྱའོ། །དགྲ་བཅོམ་
པ་རྣམས་ནི་ཉོན་མོངས་པ་སྤངས་པ་ཡིན་མོད་ཀྱི། གཟིགས་པ་འམ། སྲུང་བ་འམ། ཉོན་མོངས་པ་ཡོད་པ་འདྲ་བའི་སྤྱོད་པ་དང་། བསྐྱོད་པ་དང་། ལྟ་བ་དང་། སྨྲ་བ་དང་། གནས་པ་ཡང་ཡོད་དོ། །མདོར་བསྡུ་ན་དེ་བཞིན་གཤེགས་པ་ནི་ཆོས་རྣམས་ཀྱི་ཚོགས་གསུམ་
མངོན་པར་རྫོགས་པར་སངས་རྒྱས་ཏེ། གསུམ་གང་ཞེ་ན། དོན་དང་ལྡན་པའི་ཆོས་རྣམས་དང་། དོན་དང་ལྡན་པ་མ་ཡིན་པ་རྣམ་པ་དང་། དོན་དང་ལྡན་པ་ཡང་མ་ཡིན་དོན་དང་མི་ལྡན་པ་ཡང་མ་ཡིན་པ་རྣམས་སོ། །དེ་ལ་དེ་བཞིན་གཤེགས་པའི་དོན་དང་ལྡན་པ་མ་ཡིན་པ་དང་། དོན་

དང་ལྡན་པ་ཡང་མ་ཡིན་དོན་དང་མི་ལྡན་པ་ཡང་མ་ཡིན་པའི་ཆོས་ཐམས་ཅད་མཁྱེན་པ་གང་ཡིན་པ་འདི་ནི་དེ་བཞིན་གཤེགས་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཞེས་བྱའོ། །དེ་ལ་དེ་བཞིན་གཤེགས་པའི་དོན་དང་ལྡན་པའི་ཆོས་ཐམས་ཅད་མཁྱེན་པ་གང་ཡིན་པ་འདི་ནི་དེ་བཞིན་གཤེགས་
པའི་མཆོག་མཁྱེན་པ་ཞེས་བྱའོ། །དེ་ལ་རྣམ་པ་ཐམས་ཅད་མཁྱེན་པ་གང་ཡིན་པ་དང་། མཆོག་མཁྱེན་པ་གང་ཡིན་པ་དེ་གཉིས་གཅིག་ཏུ་བསྡུས་པ་ནི་རྣམ་པ་ཐམས་ཅད་དང་མཆོག་མཁྱེན་པ་ཞེས་བྱའོ། །དེ་དག་ཐམས་ཅད་བསྡོམས་པ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་
པ་བརྒྱ་བཞི་བཅུ་ཡིན་ནོ། །དེ་ལ་མཚན་དང་དཔེ་བྱད་བཟང་པོ་རྣམས་ནི་བྱང་ཆུབ་སེམས་དཔར་གྱུར་པ་དེས་སྲིད་པ་ཐ་མ་ལ་ཤིན་ཏུ་ཡོངས་སུ་དག་པར་ཐོབ་པར་འགྱུར་རོ། །གང་གི་ཚེ་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་ཏེ། བྱང་ཆུབ་ཀྱི་ཚོགས་ཀྱི་ལམ་
ཤིན་ཏུ་ཡོངས་སུ་རྫོགས་པ་དེས་ནི་སྲིད་པ་ཐ་མ་དེའི་ཚེ་སློབ་དཔོན་མེད་པར་ཕྱི་མ་ལ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བསྒོམས་ནས། སྐད་ཅིག་གཅིག་གིས་སྒྲིབ་པ་མེད་པའི་ཡེ་ཤེས་སྦྱིན་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་པར་འགྱུར་ཏེ། སློབ་པར་གྱུར་
པའི་བྱང་ཆུབ་སེམས་དཔའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཏུ་གཏོགས་པ་དེའི་མཇུག་ཐོགས་སུ་སྐད་ཅིག་གཉིས་པ་ལ་ལྷག་མ་སྟོབས་བཅུ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་རྣམས་རྣམ་པ་ཐམས་ཅད་དང་མཆོག་མཁྱེན་པ་ལ་ཐུགས་ཤིན་ཏུ་རྣམ་པར་དག་ཅིང་བླ་ན་མེད་པ་རྣམས་
ཅིག་ཅར་ཐོབ་པར་འགྱུར་རོ། །དེ་དག་ཐོབ་པས་ཆགས་པ་མེད་ཅིང་སྒྲིབ་པ་མེད་ལ་ཤིན་ཏུ་རྣམ་པར་དག་ཅིང་དྲི་མ་མེད་པའི་ཡེ་ཤེས་བཙལ་བ་ཙམ་ལ་ཐོགས་པ་མེད་པ་ཤེས་བྱ་ཐམས་ཅད་ལ་འཇུག་གོ། །བརྣག་པ་ཡང་ཡོངས་སུ་རྫོགས་སོ། །དེ་ལྟར་ཐུགས་ལ་དགོངས་
པ་ཡོངས་སུ་རྫོགས་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། བྱང་ཆུབ་སེམས་དཔའི་ས་ལས་ཡང་དག་པར་འདས་ནས། དེ་བཞིན་གཤེགས་པའི་སྤྱོད་པ་དང་། དེ་བཞིན་གཤེགས་པའི་ས་ལ་བཞུགས་པ་ཡིན་ནོ། །ཤེས་བྱའི་སྒྲིབ་པའི་ཕྱོགས་གནས་ངན་ལེན་སྙིང་པོ་ཡོད་པ་ལྟ་བུ་

ཡང་མ་ལུས་པར་སྤངས་ནས་དེའི་གནས་གྱུར་པ་ཡིན་ནོ། །དེའི་གནས་གྱུར་པ་དེ་ནི་བླ་ན་མེད་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་གནས་པ་མཆོག་ལ་ཐུག་པ་མན་ཆད་རྣམས་ཀྱི་གནས་གྱུར་པ་གཞན་ཐམས་ཅད་ནི་བླ་ན་མེད་པ་ཉིད་དུ་རིག་པར་བྱའོ། །དེ་ལ་
མཐར་ཐུག་པར་འགྲོ་བའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པའི་ཡེ་ཤེས་ཁྱད་པར་ཡོད་པ་ཡེ་ཤེས་ཇི་ལྟ་བུ་ཞིག་གིས་བྱེ་བྲག་ཏུ་གྱུར་པར་རིག་པར་བྱ་ཞེ་ན། འདི་ལ་མཐར་ཐུག་པར་འགྲོ་བའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའི་ཡེ་ཤེས་ནི་ཤེས་
བྱ་ཐམས་ཅད་ལ་མིག་དང་ལྡན་པ་སེང་རས་ཀྱིས་བར་དུ་ཆོད་པའི་གཟུགས་ལ་ལྟ་བ་དང་འདྲ་བར་རིག་པར་བྱའོ། །དེ་བཞིན་གཤེགས་པའི་ཡེ་ཤེས་ནི་ཅིས་ཀྱང་བར་དུ་མཆོད་པ་དང་འདྲ་བར་བལྟ་བར་བྱའོ། །དཔེར་ན་རི་མོ་རྣམ་པ་ཐམས་ཅད་དུ་ཚོན་ཚང་བར་བཀྱེ་ལ། མཇུག་གི་ཚོན་གྱིས་
གཅད་པ་ཤིན་ཏུ་རྣམ་པར་དག་པས་ཡོངས་སུ་དག་པར་མ་བྱས་པ་དང་འདྲ་བར་ནི་བྱང་ཆུབ་སེམས་དཔའ་དེའི་ཡེ་ཤེས་བལྟ་བར་བྱའོ། །དེ་བཞིན་གཤེགས་པའི་ཡེ་ཤེས་ནི་ཤིན་ཏུ་རྣམ་པར་དག་པར་བྱས་པ་དང་འདྲ་བར་བལྟ་བར་བྱའོ། །དཔེར་ན་མིག་དང་ལྡན་པའི་མི་མུན་པ་མི་
གནག་པའི་ནང་ན་གཟུགས་ལ་ལྟ་བ་དང་འདྲ་བར་ནི་བྱང་ཆུབ་སེམས་དཔའི་སྔ་མ་བཞིན་དུ་སྦྱར་རོ། །དེ་བཞིན་གཤེགས་པའི་ཡེ་ཤེས་ནི་རྣམ་པ་ཐམས་ཅད་དུ་མུན་པ་མེད་པ་དང་འདྲ་བར་བལྟ་བར་བྱའོ། །དཔེར་ན་མིག་དང་ལྡན་པ་ཐག་རིང་པོ་ནས་གཟུགས་ལ་ལྟ་བ་དང་འདྲ་བར་ནི་བྱང་ཆུབ་
སེམས་དཔའི་སྔ་མ་བཞིན་ནོ། །དེ་བཞིན་གཤེགས་པའི་ནི་ཉེ་བ་ནས་ལྟ་བ་དང་འདྲ་སྟེ་སྔ་མ་བཞིན་ནོ། །བྱང་ཆུབ་སེམས་དཔའི་ནི་རབ་རིབ་ཚབས་ཆུང་ངུ་གཟུགས་ལ་ལྟ་བ་དང་འདྲ་སྟེ་སྔ་མ་བཞིན་ནོ། །དེ་བཞིན་གཤེགས་པའི་ནི་མིག་ཤིན་ཏུ་རྣམ་པར་དག་པ་དང་འདྲ་སྟེ་སྔ་མ་བཞིན་ནོ། །མཐར་
ཐུག་པར་འགྲོ་བའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་མངལ་ན་འདུག་པའི་ལུས་དང་འདྲ་བར་བལྟ་བར་བྱའོ། །དེ་བཞིན་གཤེགས་པ་ནི་སྐྱེ་བའི་སྲིད་པར་སྐྱེ་བའི་ལུས་དང་འདྲ་བར་བལྟ་བར་བྱའོ། །དགྲ་བཅོམ་པའི་རྨི་ལམ་གྱི་སེམས་ཀྱི་རྒྱུ་བ་ཅི་འདྲ་བ་དེ་ལྟ་བུར་ནི་མཐར་ཐུག་པར་འགྲོ་

བའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའི་བལྟ་བར་བྱའོ། །དེ་ཉིད་སད་པའི་སེམས་ཀྱི་རྒྱུ་བ་ཅི་འདྲ་བ་དེ་ལྟ་བུར་ནི་དེ་བཞིན་གཤེགས་པ་བལྟ་བར་བྱའོ། །མར་མེ་རྣམ་པར་མ་དག་པའི་རང་བཞིན་ཅི་འདྲ་བ་དེ་ལྟ་བུར་ནི་མཐར་ཐུག་པར་འགྲོ་བའི་ས་ལ་གནས་པའི་བྱང་ཆུབ་སེམས་
དཔའི་ཡེ་ཤེས་ཀྱི་རང་བཞིན་བལྟ་བར་བྱའོ། །ཤིན་ཏུ་རྣམ་པར་དག་པའི་མར་མེའི་རང་བཞིན་ཅི་འདྲ་བ་དེ་ལྟ་བུར་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་རང་བཞིན་བལྟ་བར་བྱ་སྟེ། དེ་བས་ན་དེ་བཞིན་གཤེགས་པ་དང་མཐར་ཐུག་པར་འགྲོ་བའི་ས་ལ་གནས་པའི་བྱང་ཆུབ་སེམས་
དཔའ་གཉིས་ནི་ཡེ་ཤེས་ཀྱི་ཁྱད་པར་དང་། སྐུའི་ཁྱད་པར་དང་། དགོངས་པའི་ཁྱད་པར་ཁྱད་ཆེ་བར་རེག་པར་བྱའོ། །དེ་ལྟར་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་དེ་བཞིན་གཤེགས་པ་ནི་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་སངས་རྒྱས་ཀྱི་མཛད་པ་
ཐམས་ཅད་མཛད་དོ། །དེ་ལ་སངས་རྒྱས་ཀྱི་མཛད་པ་གང་ཞེ་ན། མདོར་བསྡུ་ན་བཅུ་པོ་འདི་དག་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་མཛད་པ་དང་། དེ་བཞིན་གཤེགས་པའི་ཕྲིན་ལས་སུ་མཛད་པ་ཡིན་ཏེ། དེ་བཞིན་གཤེགས་པའི་མཛད་པ་རེ་རེ་ཡང་
སེམས་ཅན་ཚད་མེད་པ་དག་གི་དོན་མཛད་པ་ཡིན་ཏེ། དེ་ལས་གོང་ན་ཡང་མེད་དོ། །དེ་ལས་ལྷག་པ་ཡང་མེད་དོ། །བཅུ་གང་ཞེ་ན། ཐོག་མ་ཁོ་ནར་བདག་ཉིད་ཀྱི་སྐྱེས་བུ་ཆེན་པོའི་སྐུ་ལ་སེམས་དགའ་བར་བྱེད། སྐྱེས་བུ་ཆེན་པོའི་དངོས་པོ་ལ་ཡིད་ཆེས་པ་བསྐྱེད་པ་ནི་དེ་བཞིན་
གཤེགས་པའི་མཛད་པ་དང་པོ་སྟེ། དེ་ནི་དེ་བཞིན་གཤེགས་པས་མཚན་དང་དཔེ་བྱད་བཟང་པོ་རྣམས་ཀྱིས་སྒྲུབ་པར་མཛད་དོ། །སེམས་ཅན་ཐམས་ཅད་ལ་རྣམ་པ་ཐམས་ཅད་དུ་གདམས་པའི་སྦྱོར་བ་ནི་དེ་བཞིན་གཤེགས་པའི་མཛད་པ་གཉིས་པ་སྟེ། དེ་ནི་དེ་བཞིན་གཤེགས་
པས་རྣམ་པ་ཐམས་ཅད་ཡོངས་སུ་དག་པ་བཞིས་སྒྲུབ་པར་མཛད་དོ། །དེ་སེམས་ཅན་ཐམས་ཅད་ཀྱི་དགོས་པ་བྱེད་ནུས་པ་དང་། ཐེ་ཚོམ་ཐམས་ཅད་གཅོད་ནུས་པ་ནི། དེ་བཞིན་གཤེགས་པའི་མཛད་པ་གསུམ་པ་སྟེ། དེ་ནི་དེ་བཞིན་གཤེགས་པས་དེ་བཞིན་གཤེགས་

པའི་སྟོབས་བཅུས་སྒྲུབ་པར་མཛད་དོ། །འདི་ལྟར་དེ་བཞིན་གཤེགས་པ་ནི་སྔར་བསྟན་པའི་སྟོབས་བཅུ་པོ་དག་གིས་སེམས་ཅན་རྣམས་ཀྱི་དོན་སྒྲུབ་པར་སྤྱོད་དེ། གང་གིས་དེ་བཞིན་གཤེགས་པའི་སྟོབས་བཅུ་ལས་བརྩམས་ཏེ། དེ་
ལ་ཞུས་ན་ཇི་ལྟར་གང་དག་དེ་བཞིན་གཤེགས་པས་མཁྱེན་པ་དང་། གཟིགས་པ་དང་། བྱེ་བྲག་ཕྱེད་པ་དང་། རྣམ་པར་མཁྱེན་པ་དེ་ལྟར་དེ་དག་དེ་བཞིན་གཤེགས་པས་དེ་དག་གི་ཞུ་བ་ཞུས་པ་ལན་འདེབས་པར་མཛད་དོ། །ཕ་རོལ་གྱི་སྨྲ་བ་ཐམས་ཅད་ཚར་གཅོད་ཅིང་
རང་གི་གཞུང་འཛུགས་པ་ནི་དེ་བཞིན་གཤེགས་པའི་མཛད་པ་བཞི་པ་སྟེ། དེ་ནི་དེ་བཞིན་གཤེགས་པའི་མི་འཇིགས་པ་རྣམས་ཀྱིས་སྒྲུབ་པར་མཛད་དོ། །དེ་བཞིན་གཤེགས་པས་བཀའ་སྩལ་པ་ལ་གནས་པ་དང་། མི་གནས་པའི་གདུལ་བ་རྣམས་ལ་ཡང་ཐུགས་ཀུན་
ནས་ཉོན་མོངས་པ་ཅན་དུ་འགྱུར་བ་མེད་པ་ནི་དེ་བཞིན་གཤེགས་པའི་མཛད་པ་ལྔ་པ་སྟེ། དེ་ནི་དེ་བཞིན་གཤེགས་པས་དྲན་པ་ཉེ་བར་གཞག་པ་རྣམས་ཀྱིས་སྒྲུབ་པར་མཛད་དོ། །ཇི་སྐད་གསུངས་པ་དེ་བཞིན་དུ་མཛད་པ་ནི་དེ་བཞིན་གཤེགས་པའི་མཛད་པ་དྲུག་པ་སྟེ། 
དེ་བཞིན་གཤེགས་པས་བསྲུང་བ་མེད་པ་རྣམས་ཀྱིས་སྒྲུབ་པར་མཛད་དོ། །སངས་རྒྱས་ཀྱི་སྤྱན་གྱིས་ཉིན་མཚན་དུ་འཇིག་རྟེན་ཐམས་ཅད་ལ་རྣམ་པར་གཟིགས་པ་ནི་དེ་བཞིན་གཤེགས་པའི་མཛད་པ་བདུན་པ་སྟེ། དེ་ནི་དེ་བཞིན་གཤེགས་པས་ཐུགས་རྗེ་ཆེན་
པོས་སྒྲུབ་པར་མཛད་དོ། །སེམས་ཅན་ཐམས་ཅད་ཀྱི་བྱ་བ་ཐམས་ཅད་ལས་མི་ཉམས་པ་ནི་དེ་བཞིན་གཤེགས་པའི་མཛད་པ་བརྒྱད་པ་སྟེ། དེ་ནི་དེ་བཞིན་གཤེགས་པས་བསྙེལ་བ་མི་མངའ་བའི་ཆོས་ཉིད་ཀྱིས་སྒྲུབ་པར་མཛད་དོ། །དེ་བཞིན་གཤེགས་པའི་ཚུལ་
ཇི་ལྟ་བ་བཞིན་དུ་ཉམས་སུ་བླངས་ཤིང་ཉམས་སུ་སྤྱད་པར་བྱ་བ་ནི་དེ་བཞིན་གཤེགས་པའི་མཛད་པ་དགུ་པ་སྟེ། དེ་ནི་དེ་བཞིན་གཤེགས་པས་བག་ཆགས་ཡང་དག་པར་བཅོམ་པས་སྒྲུབ་པར་མཛད་དོ། །ཆོས་གང་དོན་དང་ལྡན་པ་མ་ཡིན་པ་རྣམས་དང་། གང་དོན་

དང་ལྡན་པ་ཡང་མ་ཡིན་དོན་དང་ལྡན་པ་མ་ཡིན་པ་རྣམས་གཏན་སྤངས་ནས། ཆོས་གང་དོན་དང་ལྡན་པ་དེ་དག་ཡང་དག་པར་སྟོན་ཅིང་འགྲེལ་ལ་གསལ་བར་མཛད་པ་ནི། དེ་བཞིན་གཤེགས་པའི་མཛད་པ་བཅུ་པ་སྟེ། དེ་ནི་དེ་བཞིན་གཤེགས་པས་རྣམ་པ་ཐམས་ཅད་དང་། མཆོག་མཁྱེན་པས་
སྒྲུབ་པར་མཛད་དེ། དེ་ལྟར་ན་དེ་བཞིན་གཤེགས་པས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བརྒྱ་བཞི་བཅུ་པོ་འདི་དག་གིས་དེ་བཞིན་གཤེགས་པའི་མཛད་པ་བཅུ་མཛད་ཅིང་། སངས་རྒྱས་ཀྱི་ཕྲིན་ལས་ཐམས་ཅད་མཛད་དོ། །རྒྱས་པར་དབྱེ་བ་ནི་བསྐལ་པ་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་གྱི་བར་
དུ་ཡང་སངས་རྒྱས་ཀྱི་ཕྲིན་ལས་འདི་ཉིད་ཀྱི་གྲངས་བཅད་པར་སླ་བ་མ་ཡིན་ནོ། །འདི་ནི་དེ་བཞིན་གཤེགས་པའི་གནས་པ་དང་། དེ་བཞིན་གཤེགས་པའི་ས་འདི་ནི་རབ་ཏུ་གནས་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལ་བརྟེན་འདི་ལ་རབ་ཏུ་གནས་ནས་འདི་འདོད་པའི་བྱང་ཆུབ་སེམས་དཔའ་
རྣམས་བྱང་ཆུབ་སེམས་དཔའི་བསླབ་པ་དག་ལ་སློབ་པ་དང་། རབ་ཏུ་གནས་པ་དེ་ཐོབ་ནས་ཀྱང་དེ་ཉིད་ལ་བརྟེན། དེ་ཉིད་ལ་རབ་ཏུ་གནས་ནས། སེམས་ཅན་ཐམས་ཅད་ཀྱི་དོན་ཐམས་ཅད་སྒྲུབ་པར་མཛད་དེ། དེ་ལྟ་བས་ན་རབ་ཏུ་གནས་པ་ཞེས་བྱའོ། །དེ་བཞིན་གཤེགས་པ་རྣམས་
ཀྱི་སངས་རྒྱས་ཀྱི་ཆོས་འདི་དག་ཐམས་ཅད་ནི་ཤིན་ཏུ་གཞན་གྱི་དོན་བྱ་བ་དང་། མཐུན་པ་དང་། གཞན་གྱི་དོན་བྱ་བས་རབ་ཏུ་ཕྱེ་བ་ཡིན་གྱི། ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་ནི་དེ་ལྟ་མ་ཡིན་ཏེ། དེ་ལྟ་བས་ན་དེའི་དེ་དག་ལ་མ་འདྲེས་པ་ཞེས་བྱའོ། །སངས་རྒྱས་ཀྱི་གང་དག་
ཐམས་ཅད་ཀྱི་ཐམས་ཅད་དུ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ལ་དམིགས་པ་དེ་དག་ཀྱང་ཡོད་དེ། འདི་ལྟ་སྟེ། ཐུགས་རྗེ་ཆེན་པོ་དང་། བསྙེལ་བ་མི་མངའ་བའི་ཆོས་ཉིད་དང་། བག་ཆགས་ཡང་དག་པར་བཅོམ་པ་དང་། རྣམ་པ་ཐམས་ཅད་དང་མཆོག་མཁྱེན་པའོ། །གང་དག་
དམིགས་པ་དེ་དག་ཀྱང་། རྣམ་པ་ཐམས་ཅད་དུ་ཡོངས་སུ་རྫོགས་པ་མ་ཡིན་ནོ། །དེ་བཞིན་གཤེགས་པ་ལ་ནི་ཐམས་ཅད་ཀྱང་དམིགས་ལ། རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པ་དང་། ཤིན་ཏུ་འདས་པ་དང་། ཆེས་གྱ་ནོམ་པ་ཡིན་ནོ། །དེ་ལྟ་བས་ན་དེའི་མ་འདྲེས་པ་ཞེས་བྱའོ། །འབའ་

ཞིག་གི་དོན་ནི་མ་འདྲེས་པའི་དོན་ཡིན་པར་རིག་པར་བྱའོ། །དེ་ལྟར་ན་འདིས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པའི་ལམ་ཡོངས་སུ་རྫོགས་པ་དང་། བསླབ་པའི་ལམ་གྱི་འབྲས་བུ་ཡང་བསྟན་ཏེ། བྱང་ཆུབ་སེམས་དཔའི་བསླབ་པའི་ལམ་
ཐམས་ཅད་དང་། བསླབ་པའི་ལམ་གྱི་འབྲས་བུ་རྣམ་པ་ཐམས་ཅད་ཀྱིས་བསྟན་པའི་གནས་སུ་གྱུར་པ་ཡང་ཡིན་ནོ། །བྱང་ཆུབ་སེམས་དཔའི་ས་འདི་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མ་མོ་ཞེས་ཀྱང་བྱའོ། །ཐེག་པ་ཆེན་པོ་བསྡུས་པ་ཞེས་ཀྱང་བྱའོ། །ཆུད་ཟ་བ་དང་ཆུད་ཟ་བ་མ་ཡིན་པའི་ལམ་འགྲེལ་
པ་ཞེས་ཀྱང་བྱའོ། །སྒྲིབ་པ་མེད་པའི་ཡེ་ཤེས་རྣམ་པར་དག་པའི་རྩ་བ་ཞེས་ཀྱང་བྱའོ། །ལྷ་དང་མིར་བཅས་པའི་འཇིག་རྟེན་གྱི་ནང་ནས་ལྷར་གྱུར་པའམ། མིར་གྱུར་པའམ། དགེ་སྦྱོང་ངམ། བྲམ་ཟེ་གང་ལ་ལས་བྱང་ཆུབ་སེམས་དཔའི་ས་འདི་ལ་བརྟན་པོར་མོས་པ་བསྐྱེད་ནས། འདི་ཉན་པའམ།
ལེན་པ་དང་། འཛིན་པའམ། བསྒོམ་པའི་རྣམ་པས་སྦྱོར་བར་བྱེད་དམ། གཞན་དག་ལ་རྒྱས་པར་སྟོན་པར་བྱེད་དམ། ཐ་ན་ཡི་གེར་འདྲིར་བཅུག་སྟེ། འཆང་བ་དང་། མཆོད་པ་དང་། བཀུར་སྟི་ཡང་བྱེད་པ་དེ་ལ་ནི་མདོར་བསྡུ་ན་བྱང་ཆུབ་སེམས་དཔའི་སྡེ་སྣོད་དུ་གཏོགས་པའི་མདོ་སྡེ་ཉན་པ་ལ་
སོགས་པའི་ལས་ཀྱི་བསོད་ནམས་ཀྱི་ཕུང་པོ་བཅོམ་ལྡན་འདས་ཀྱིས་གསུངས་ཤིང་གསལ་བར་མཛད་དེ། བཀྲོལ་ཞིང་བརྟགས་ནས་བསྟན་པ་ཇི་སྙེད་པ་དེ་སྙེད་ཀྱི་བསོད་ནམས་ཀྱི་ཕུང་པོར་གྱུར་པར་རེ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའི་ས་འདིར་ནི་བྱང་ཆུབ་
སེམས་དཔའི་སྡེ་སྣོད་དུ་བསྟན་པ་དང་། བཤད་པའི་སྒོ་རྣམས་བསྡུས་ཤིང་བཤད་པའི་ཕྱིར་ཏེ། བྱང་ཆུབ་སེམས་དཔའི་ས་འདིར་ཆོས་འདུལ་བ་རྒྱས་པར་བསྟན་པ་གང་ཡིན་པ་དེ་ལུང་ནོད་པ་དང་། ཁ་ཏོན་བྱེད་པ་དང་། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ནན་ཏན་དུ་སྒྲུབ་པ་དག་གིས་ཇི་སྲིད་དུ་
ཡུན་རིང་དུ་གནས་ཤིང་རྒྱ་ཆེར་འཕེལ་ལ། རྒྱས་པར་འགྱུར་བ་དེ་སྲིད་དུ་དམ་པའི་ཆོས་ནུབ་པར་བྱེད་པའི་དམ་པའི་ཆོས་ལྟར་བཅོས་པ་རྣམས་འཕེལ་བར་མི་འགྱུར་རོ། །ནམ་དམ་པའི་ཆོས་ལྟར་བཅོས་པ་རྣམས་འཕེལ་བར་གྱུར་པ་དེ་ཕྱིན་ཆད་ནི་དེའི་དམ་པའི་ཆོས་ཡང་དག་པར་དོན་དང་ལྡན་

པ་དེ་ནུབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་སའི་གཞིའི་རྣལ་འབྱོར་གྱི་གནས་ཐ་མ་ལས། རབ་ཏུ་གནས་པའི་ལེའུ་སྟེ་དྲུག་པའོ།། །།གཞིའི་རྣལ་འབྱོར་གྱི་གནས་ཐ་མ་རྫོགས་ཏེ་བྱང་ཆུབ་སེམས་དཔའི་ས་རྫོགས་སྷོ།། །།དེ་ལ་བྱང་ཆུབ་སེམས་དཔའི་སའི་གོ་རིམས་ནི་འདི་ཡིན་ཏེ།
རིགས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པར་བྱེད་དོ། །སེམས་བསྐྱེད་ནས་བདག་དང་གཞན་གྱི་དོན་ལ་སྦྱོར་རོ། །བདག་དང་གཞན་གྱི་དོན་ལ་སྦྱོར་བ་ཀུན་ནས་ཉོན་མོངས་པ་མེད་པར་བྱ་བའི་ཐབས་རྙེད་པར་འགྱུར་རོ། །ཀུན་
ནས་ཉོན་མོངས་པ་མེད་ན་མི་སྐྱོ་བར་བྱ་བའི་ཐབས་རྙེད་པར་འགྱུར་རོ། །སྐྱོ་བ་མེད་པའི་དགེ་བའི་རྩ་བ་འཕེལ་བར་བྱ་བའི་ཐབས་རྙེད་པར་འགྱུར་རོ། །དགེ་བའི་རྩ་བ་རྣམས་ཀྱིས་རྒྱས་པར་གྱུར་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ།
བདག་དང་གཞན་གྱི་དོན་ལ་སྦྱོར་བ་དང་། ཀུན་ནས་ཉོན་མོངས་པ་མེད་པར་བྱ་བའི་ཐབས་དང་། མི་སྐྱོ་བའི་ཐབས་དང་། དགེ་བའི་རྩ་བ་འཕེལ་བའི་ཐབས་དང་། བྱང་ཆུབ་ཐོབ་པར་བྱ་བ་ལ་སྒྲུབ་པ་ན། ཐོག་མ་ཁོ་ནར་ཟབ་ཅིང་རྒྱ་ཆེ་བའི་ཆོས་རྣམས་ལ་མོས་པ་འཇོག་གོ། །དེ་ལ་མོས་ན་
ཆོས་དེ་དག་ཡོངས་སུ་ཚོལ་ལོ། །ཡོངས་སུ་བཅལ་ནས་གཞན་དག་ལ་ཡང་སྟོན་ཅིང་། བདག་ཉིད་ཀྱིས་ཀྱང་ནན་ཏན་གྱིས་སྒྲུབ་པར་བྱེད་དོ། །བསྒྲུབས་ནས་ཀྱང་གང་གིས་དང་། གང་དུ་དང་། གང་གི་ཕྱིར་བསྒྲུབ་པར་བྱ་བ་དེས་དེར་དེའི་ཕྱིར་སྒྲུབ་པོ། །དེས་དེར་དེའི་ཕྱིར་སྒྲུབ་པ་ན་ཅི་ནས་བསོད་
ནམས་སོགས་པ་དང་། ཡེ་ཤེས་སོགས་པར་གྱུར་པ་དེ་ལྟ་བུར་སྒྲུབ་པོ། །བསོད་ནམས་དང་ཡེ་ཤེས་བསགས་ནས་འཁོར་བ་མི་སྤང་བའི་ཐབས་སྒྲུབ་པོ། །དེ་ལ་སྒྲུབ་པ་ན་འཁོར་བའི་ཀུན་ནས་ཉོན་མོངས་པ་མེད་པར་སྒྲུབ་བོ། །དེ་ལ་སྒྲུབ་པ་ནི་བདག་གི་བདེ་བ་ལ་ལྷག་པར་ཆགས་པ་མེད་
པར་སྒྲུབ་པོ། །དེ་ལ་སྒྲུབ་པ་ནི་འཁོར་བའི་སྡུག་བསྔལ་གྱིས་ཡོངས་སུ་མི་སྐྱོ་བར་སྒྲུབ་པོ། །དེས་ཡོངས་སུ་མི་སྐྱོ་ན་བསྟན་བཅོས་རྣམས་ལ་བརྟེན་ནས། བསྟན་བཅོས་ཐམས་ཅད་ལ་མི་འཇིགས་པར་འགྱུར་རོ། །བསྟན་བཅོས་ཤེས་ན་སུ་ལ་གང་ཅི་ལྟར་བསྟན་པར་བྱ་བ་དེ་ཤེས་པས། འཇིག་རྟེན་ཤེས་པར་

འགྱུར་རོ། །དེ་ལྟར་བསྟན་བཅོས་ཤེས་ཤིང་འཇིག་རྟེན་ཤེས་ན། ཚུལ་བཞིན་དུ་ཆོས་རྣམས་ཡོངས་སུ་ཚོལ་བར་བྱེད་དོ། །དེ་ལྟར་ཚོལ་བས་སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་ཐམས་ཅད་གཅོད་ནུས་པར་འགྱུར་རོ། །དེ་ལྟར་ནུས་ན་གཞན་གྱི་ཐེ་ཚོམ་གཅོད་པས་
བསོད་ནམས་ཀྱིས་མངོན་པར་སྐྱེ་ཞིང་བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱེད་དོ། །བདག་ཉིད་ཀྱང་ཡེ་ཤེས་ལས་མངོན་པར་སྐྱེ་བས་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱེད་དོ། །ཚོགས་ཡོངས་སུ་རྫོགས་ན་བདེན་པའི་རྣམ་པས་བྱང་ཆུབ་ཀྱི་ཕྱོགས་དང་
མཐུན་པའི་ཆོས་བསྒོམ་པ་ལ་སྦྱོར་བར་འགྱུར་ཞིང་བསྒོམ་པའི་ཐབས་རབ་ཏུ་ཤེས་སོ། །དེ་ལྟར་བརྩོན་ན་བསྒོམ་པ་དེས་ཐེག་པ་ཆེན་པོའི་ཡོངས་སུ་མྱ་ངན་ལས་འདས་པར་ཡོངས་སུ་སྔོ་བར་བྱེད་དེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པས་ཡོངས་སུ་མྱ་ངན་ལས་འདས་པར་ནི་མ་ཡིན་ནོ། །
དེ་ལྟར་ཐབས་ལ་མཁས་པས་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་གསུངས་པ་ཐོས་པ་ཡང་འཛིན་པར་འགྱུར་ལ། སྔོན་མ་ཐོས་པའི་ཆོས་རྣམས་ཀྱང་བསྒོམ་པའི་སྟོབས་ཀྱིས་དེ་ལ་རྣམ་པ་ཐམས་ཅད་དུ་སྣང་བར་འགྱུར་རོ། །དེ་ལ་གཟུངས་དང་སྤོབས་པ་དང་
ལྡན་པས་རྣམ་པར་ཐར་པའི་སྒོ་གསུམ་གྱིས་དམིགས་པ་ཐམས་ཅད་སྤངས་པའི་ཕྱིར་སྒྲུབ་བོ། །དེ་ལ་སྒྲུབ་ན་བདག་དང་གཞན་རྣམས་ཀྱི་ཕྱིན་ཅི་ལོག་གི་མངོན་པའི་ང་རྒྱལ་སྤོང་བ་ལ་ཞུགས་པ་ཡིན་ཏེ། འདི་ནི་དེའི་རྣམ་པ་ཐམས་ཅད་དུ་སྒྲུབ་པ་ཕུན་སུམ་ཚོགས་པ་ཡིན་ནོ། །དེ་ལྟར་ཞུགས་པ་དེ་ནི་
སྒྲུབ་པའི་ཡོན་ཏན་གྱི་ཁྱད་པར་དང་། ཕན་ཡོན་གྱི་ཡོན་ཏན་གྱི་ཁྱད་པར་གྱིས་སེམས་ཅན་ཐམས་ཅད་དང་། ཉན་ཐོས་དང་། རང་སངས་རྒྱས་རྣམས་ལ་ཁྱད་པར་དུ་འཕགས་པར་འགྱུར་རོ། །དེ་ལ་སྒྲུབ་པའི་ཡོན་ཏན་གྱི་ཁྱད་པར་ནི་བྱང་ཆུབ་སེམས་དཔའ་ནི་བདག་དང་གཞན་ལ་ཕན་པའི་ཕྱིར་ཞུགས་པ་དང་། གཞན་
གྱི་དོན་རང་གིས་དགོས་པ་ཡིན་ཏེ། ཉན་ཐོས་དང་། རང་སངས་རྒྱས་ནི་དེ་ལྟར་གཞན་གྱི་དོན་བདག་གིས་དགོས་པ་མ་ཡིན་ནོ། །སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་ཡིན་ཏེ། སེམས་སྙོམས་པས་ན་རྟག་ཏུ་ཕན་འདོགས་པའི་ཕྱིར་འཇུག་ལ། ལན་དུ་ཕན་འདོགས་པ་ལ་ཡང་རེ་བ་མེད་དོ། །དེ་ལྟར་བརྩོན་

པ་ནི་རྟག་ཏུ་དེ་དག་ལ་ཕན་པ་དང་བདེ་བར་འདོད་དོ། །དེ་ལྟར་ཕན་པ་དང་། བདེ་བའི་བསམ་པ་དང་ལྡན་པ་ནི་དེ་དག་ལ་འབྲས་བུ་ཡོད་པར་སྦྱོར་བར་བྱེད་དོ། །དེ་ལྟར་ན་འདིས་ནི་གོང་ནས་གོང་དུ་སྒྲུབ་པའི་ཡོན་ཏན་གྱི་ཁྱད་པར་བསྒྲུབས་སོ། །དེ་ལ་ཕན་ཡོན་གྱི་ཡོན་ཏན་གྱི་ཁྱད་པར་ནི་བྱང་ཆུབ་
སེམས་དཔའ་ནི་སངས་རྒྱས་རྣམས་ལུང་བསྟན་པ་འཐོབ་ཀྱི། ཉན་ཐོས་དང་། རང་སངས་རྒྱས་རྣམས་ནི་མ་ཡིན་ནོ། །ལུང་བསྟན་ན་ཕྱིར་མི་ལྡོག་པའི་ས་ལ་གནས་པར་འགྱུར་ཏེ། དེ་ལ་གནས་ན་ངེས་པར་བྱ་བ་དང་། རྟག་ཏུ་བྱ་དགོས་པ་ལ་བརྗེད་པ་མེད་པའི་ཆོས་ཉིད་ཐོབ་པར་འགྱུར་རོ། །དེ་ལྟར་
བརྗེད་པ་མེད་པའི་ཆོས་ཉིད་དུ་གྱུར་པ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་གདགས་པས་འདོགས་པར་མཛད་དོ། །བྱ་བ་ཐམས་ཅད་ཀྱང་ཡོངས་སུ་ཉམས་པར་མི་བྱེད་དོ། །མ་ཐོབ་པའི་ཡོངས་སུ་ཉམས་པས་ཀྱང་ཡོངས་སུ་ཉམས་པར་
མི་འགྱུར་རོ། །ཡོངས་སུ་མ་ཉམས་ན་རྟག་ཏུ་རྒྱུན་མི་འཆད་པར་དགེ་བའི་ཆོས་རྣམས་ཀྱིས་རྟག་ཏུ་སྐྱེ་བར་འགྱུར་ཏེ། ཟླ་བ་ཡར་གྱི་ངོ་བཞིན་དུ་སྐྱེ་བ་ན་ཡང་དག་པའི་བྱང་ཆུབ་སེམས་དཔར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་ལྟར་བཅོས་པ་མ་ཡིན་ནོ། །ཡང་དག་པའི་བྱང་
ཆུབ་སེམས་དཔར་གྱུར་ན་རྣམ་པ་ཐམས་ཅད་དུ་འདུལ་བའི་ཐབས་ཐམས་ཅད་ཤེས་སོ། །ཤེས་པར་གྱུར་ན་གང་ལ་ཡོངས་སུ་བཙལ་བ་དང་། གང་ཡོངས་སུ་བཙལ་བ་དང་། གང་གིས་ཡོངས་སུ་བཙལ་བ་རྣམ་པར་གཞག་པ་ཐམས་ཅད་ལ་མཁས་པར་འགྱུར་རོ། །ཡོངས་
སུ་བཙལ་བ་ཡང་གང་གིས་མཐར་ཐུག་པར་གྱུར་པ་དེ་རྣམ་པར་འཇོག་པར་མཛད་དོ། །རྣམ་པར་གཞག་པ་ལ་མཁས་ན་གདམས་ངག་ལ་མཁས་པར་འགྱུར་རོ། །གདམས་ངག་ལ་མཁས་པ་ན་དམིགས་པ་ཚད་མེད་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་ཐོབ་པར་འགྱུར་རོ། །ཏིང་ངེ་འཛིན་དེ་ཐོབ་པས་
འབྲས་བུ་ཡོད་པའི་ཆོས་སྟོན་པར་འགྱུར་རོ། །རྣམ་པ་སྣ་ཚོགས་ཀྱིས་སྟོན་པ་འབྲས་བུ་དང་བཅས་པར་བྱེད་དོ། །ཐེག་པ་ཆེན་པོས་ངེས་པར་འབྱུང་བར་ཡང་འགྱུར་རོ། །ཐེག་པ་ཆེན་པོས་ངེས་པར་འབྱུང་ན་ཐེག་པ་ཆེན་པོ་སྡུད་པར་ཡང་འགྱུར་རོ། །ཐེག་པ་ཆེན་པོས་ངེས་པར་འབྱུང་བའི་གནས་

སྐབས་དེ་དང་དེར་མིང་དེ་དང་དེ་ཐོབ་པར་འགྱུར་ལ། འཇིག་རྟེན་ཐམས་ཅད་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་ཐུན་མོང་དུ་གྱུར་པའི་མིང་འདོགས་ཤིང་བསྟོད་པར་ཡང་
མཛད་དེ། འདི་དག་ནི་ཕན་ཡོན་གྱི་ཁྱད་པར་ཡིན་པར་རིག་པར་བྱའོ། །དེ་ལྟ་བུའི་མིང་ཅན་ནི་བྱང་ཆུབ་སེམས་དཔའི་རྟགས་རྣམས་ཡིན་ཏེ་རྟགས་གང་དག་གིས་རྟགས་དེ་དང་ལྡན་ན་སྒྲུབ་པ་དེ་ཁྱིམ་པའི་ཕྱོགས་དང་། རབ་ཏུ་བྱུང་བའི་ཕྱོགས་ལ་ཡང་རྣམ་པ་ཐམས་ཅད་དུ་སྒྲུབ་པར་བྱེད་དོ། །
གཉི་གའི་ཕྱོགས་ལ་ཡང་སྒྲུབ་པར་བྱེད་ན་སྒྲུབ་པ་སྙིང་པོར་བྱེད་པ་གཅིག་ཏུ་ངེས་པར་དགེ་བའི་ཕྱོགས་ལ་ལྷག་པའི་བསམ་པ་ཅན་དུ་འགྱུར་ཏེ། དེ་ལྟ་བུའི་བསམ་པས་ཇི་སྲིད་གནས་ཀྱི་བར་དུ་ཁྱིམ་པ་ཡོངས་སུ་གཟུང་བའམ། རབ་ཏུ་བྱུང་བ་ཡོངས་སུ་གཟུང་བ་དགེ་བའི་ཕྱོགས་ལ་འཛུད་པར་བྱེད་
དོ། །དེ་ཕྱིན་ཆད་ནི་གང་དུ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་འགྲོགས་པར་འགྱུར་བ་དང་། སེམས་ཅན་གྱི་དོན་དུ་བསམས་བཞིན་དུ་སྐྱེ་བ་འཛིན་ཏོ། །དེ་ལ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྟག་ཏུ་རྒྱུན་མི་འཆད་པར་གདམས་ངག་གིས་ཉེ་བར་
བརྟེན་ཏེ་དགེ་བའི་ཕྱོགས་ཀྱི་ཁྱད་པར་ཐོབ་པའི་གནས་སྐབས་ཉམས་སུ་མྱོང་བར་འགྱུར་རོ། །དེ་ཉམས་སུ་མྱོང་བའི་ཕན་ཡོན་གཟུང་བས་ཁྱད་པར་ཐོབ་པའི་གནས་སྐབས་དེར་ཁྱིམ་གྱི་ཚུལ་གྱིས་འཇུག་གོ། །གནས་སྐབས་དེར་བློ་གནས་ན་གོང་ནས་གོང་དུ་མཐར་ཐུག་པར་འགྲོ་
བའི་བར་དུ་ཁྱད་པར་གྱི་གནས་སྐབས་རྣམས་ལ་རྣམ་པ་ཐམས་ཅད་དུ་རྟུལ་བར་བྱེད་ཅིང་ཆོག་མི་ཤེས་སོ། །དེ་ལྟར་བརྟུལ་ན་མཐར་ཐུག་པའི་གནས་ཐོབ་པར་འགྱུར་ཏེ། དེ་ཕྱིན་ཆད་ཡང་ཡོངས་སུ་བཙལ་དུ་མེད་དེ་བླ་ན་མེད་པ་ཐོབ་པ་ཡིན་ནོ། །བྱང་ཆུབ་སེམས་དཔའི་སའི་གོ་རིམས་
རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པྲཛྙཱ་ཝརྨ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།ཤློ་ཀ་དྲུག་སྟོང་བདུན་བརྒྱ་ལྔ་བཅུ་ཡོད་དོ། །