Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 129

Văn bản gốc(Tây Tạng)

Trang 10 / 14 (50.000 ký tự/trang)
་ཡང་ནན་གྱིས་གནས་པ་དེ་དང་། ཐབས་དེས་དགེ་བའི་ལས་ལ་འཛུད་པར་བྱེད་དེ། དེ་ལྟ་བས་ན་འདི་ནི་ནན་ཏུར་ལས་བྱུང་བའི་ཐབས་ཞེས་བྱའོ།། །།བམ་པོ་བཅོ་ལྔ་པ།
དེ་ལ་བྱང་ཆུབ་སེམས་དཔའི་བྱས་པ་ལ་ལན་ལྡོན་པའི་ཐབས་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔས་སེམས་ཅན་གང་དག་ལ་སྔོན་སྦྱིན་པ་འམ། སྡུག་བསྔལ་བའི་སྐྱབས་སམ། འཇིགས་པའི་སྐྱབས་སམ། སྡུག་པ་དང་མི་སྡུག་པ་དང་ཕྲད་པ་དང་བྲལ་བར་བྱས་པ་འམ། ནད་ཞི་
བར་བྱ་བའི་ཕན་པ་ཉུང་ཡང་རུང་། མང་ཡང་རུང་བ་བྱས་ལ་བྱས་པ་གཟོ་ཞིང་བྱས་པ་ཤེས་ཏེ། ཕྱིར་ལན་དུ་ཕན་གདགས་པར་འདོད་པ་དེ་དག་ལ་བྱང་ཆུབ་སེམས་དཔས་དགེ་བ་ཡང་དག་པར་བླངས་པ་ཁོ་ནར་ལན་དུ་འཆོལ་བར་བྱེད་ལ། ཁས་ལེན་ཏེ། འཇིག་རྟེན་གྱི་ཟང་ཟིང་ནི་ཅུང་ཟད་ཀྱང་མ་
ཡིན་ནོ། །དེ་སྐད་དུ་གལ་ཏེ་ཁྱེད་ཀྱིས་ཕར་འཛིན་པ་དང་། མར་འཛིན་པ་ནས་རྒྱས་པར་ཚུལ་ཁྲིམས་ཡང་དག་པར་བླང་བའི་བར་དུ་བྱས་ན། དེ་ཉིད་ཁྱེད་ཀྱིས་ང་ལ་ལན་དུ་ཕན་བཏགས་པ་ཆེན་པོ་ཡིན་ནོ་ཞེས་ཟེར་ཞིང་། བྱས་པའི་ལན་གློན་པ་དགེ་བ་ཡང་དག་པར་བླངས་པ་གཞན་ལས་རེ་བར་
བྱེད་ལ། ཐབས་དེས་གཞན་དག་དགེ་བ་དེ་ལ་ཡང་དག་པར་འཛུད་པར་བྱེད་དེ། དེ་ལྟ་བས་ན་ཐབས་དེ་ནི་བྱས་པ་ལ་ལན་གློན་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་རྣམ་པར་དག་པའི་ཐབས་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་མཐར་ཐུག་པར་འགྱུར་བའི་བྱང་ཆུབ་སེམས་དཔའི་ས་ལ་
གནས་ཤིང་། བྱང་ཆུབ་སེམས་དཔའི་ལམ་ཤིན་ཏུ་རྣམ་པར་སྦྱངས་པ་ནི་བྱང་ཆུབ་སེམས་དཔའ་ཆེ་གེ་མོ་ཞིག་དགའ་ལྡན་གྱི་ལྷའི་རིགས་སུ་སྐྱེས་ཏེ། དེ་ནི་རིང་པོ་མི་ཐོགས་པར་འཛམ་བུའི་གླིང་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་གྱིས།
བདག་ཅག་གིས་དེ་མཉེས་པར་བྱ་སྟེ། མི་མཉེས་པར་མི་བྱའོ། །བྱང་ཆུབ་སེམས་དཔའ་དེའི་དྲུང་དུ་ཡང་བདག་ཅག་སྐྱེ་བར་གྱུར་ཅིག་སྙམ་དུ་སེམས་པར་འགྱུར་བར་སེམས་ཅན་དཔག་ཏུ་མེད་པའི་ཡང་དག་པའི་འདུན་པ་བསྐྱེད་པ་དང་། འདུན་པ་ཆེ་བར་བྱ་བའི་ཕྱིར་དགའ་ལྡན་གྱི་ལྷའི་རིགས་སུ་སྐྱེ་

བའོ། །ཡང་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་ལྷའི་རིགས་ནས་ཤི་འཕོས་ནས། རིགས་མཐོན་པོའམ། ཀུན་གྱིས་བཀུར་བའི་ཁྱིམ་འདི་ལྟ་སྟེ། རྒྱལ་པོའི་ཕོ་བྲང་ངམ། མདུན་ན་འདོན་གྱི་ཁྱིམ་དུ་སྐྱེ་བར་འགྱུར་ཏེ། དེར་སེམས་ཅན་རྣམས་ཀྱིས་གཅེས་པར་བྱ་བ་བསྐྱེད་པའི་ཕྱིར་འདོད་པ་
རྒྱ་ཆེན་པོ་དག་སྤངས་ནས་མངོན་པར་འབྱུང་བར་བྱེད་དོ། །ཡང་སེམས་ཅན་དཀའ་བ་སྤྱོད་པ་ལ་མོས་པ་རྣམས་ཀྱི་འདུན་པ་བཟློག་པའི་ཕྱིར་དཀའ་བ་སྤྱོད་པ་ཉམས་སུ་ལེན་པར་བྱེད་དོ། །ཡང་དེ་ལས་གཞན་པའི་སེམས་ཅན་རྣམས་བྱང་ཆུབ་དང་རྣམ་པར་གྲོལ་བ་ཐུན་མོང་དུ་འགྱུར་བའི་འདོད་པ་
བསྐྱེད་པའི་ཕྱིར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱེད་དོ། །ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། ད་ལྟར་གང་ལ་ཆོས་བསྟན་པར་བྱ་བའི་ཕྱིར་ཚངས་པ་ཉིད་བཅོམ་ལྡན་
འདས་ལ་གསོལ་བ་འདེབས་པ་ལས་ན། ཀྱེ་མ་ཆོས་བསྟན་པ་འདི་ནི་ངན་ངོན་ཙམ་མ་ཡིན་ནོ་སྙམ་སྟེ་སེམས་ཅན་དེ་དག་ཆོས་ལ་གུས་པ་བསྐྱེད་པའི་ཕྱིར། རེ་ཞིག་སེམས་ཅན་རྣམས་ལ་ཆོས་མི་སྟོན་པར་ཚངས་པས་གསོལ་བ་བཏབ་པ་ལ་གཞེས་པར་མཛད་དོ། །ཡང་འདིས་ནི་ཚངས་པས་
གསོལ་བ་བཏབ་པ་ཁོ་ནས་ཚངས་པའི་ངོར་བྱ་བ་དང་། གཞན་གྱིས་བསྐུལ་བའི་ཕྱིར་ཆོས་སྟོན་པར་ཟད་ཀྱི། བདག་ཉིད་སེམས་ཅན་རྣམས་ལ་སྙིང་རྗེའི་སེམས་དང་། བདག་ཉིད་ཀྱི་ཚུལ་གྱིས་ནི་མ་ཡིན་ནོ་སྙམ་དུ་ཤེས་ནས། སེམས་ཅན་ཁ་ཅིག་དེ་ལྟར་ལོག་པར་འཛིན་པ་བཙལ་བའི་ཕྱིར།
སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་སོ། །ཡང་ཆོས་ཀྱི་འཁོར་ལོ་འཇིག་རྟེན་དུ་སྔོན་མ་བསྐོར་བ་བསྐོར་བར་མཛད་དེ། དེ་ལྟར་ཆོས་སྟོན་པར་མཛད། བསླབ་པའི་གཞི་དག་ཀྱང་འཆའ་བར་མཛད་དེ། འདི་ནི་བྱང་ཆུབ་སེམས་དཔའི་རྣམ་པར་དག་པའི་ཐབས་ཞེས་བྱ་སྟེ།
ཐབས་འདི་ལས་གོང་ན་ཐབས་ཆེས་ལྷག་པ་དང་། ཆེས་གྱ་ནོམ་པ་གཞན་མེད་དོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་མཁས་པ་རྣམ་པ་དྲུག་པོ་འདི་དག་མདོ་དང་། རྒྱས་པར་བསྟན་པས། སེམས་ཅན་ཞེ་འགྲས་པ་རྣམས་ཀྱི་ཁོང་ཁྲོ་བ་ནི་སེལ། ཐ་མལ་པ་རྣམས་ནི་འཛུད་

པར་བྱེད། ཞུགས་པ་རྣམས་ནི་ཡོངས་སུ་སྨིན་པར་བྱེད། ཡོངས་སུ་སྨིན་པ་རྣམས་ནི་རྣམ་པར་གྲོལ་བར་བྱེད་དེ། འདི་ལས་གོང་ན་ཡང་མེད་དོ། །འདི་ལས་ལྷག་པ་ཡང་མེད་དོ། །འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་ལ་མཁས་པ་ཡིན་ནོ། །དེ་ལ་
བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཟུངས་གང་ཞེ་ན། དེ་ནི་མདོར་བསྡུ་ན་རྣམ་པ་བཞིར་བལྟ་བར་བྱ་སྟེ། ཆོས་ཀྱི་གཟུངས་དང་། དོན་གྱི་གཟུངས་དང་། གསང་སྔགས་ཀྱི་གཟུངས་དང་། བྱང་ཆུབ་སེམས་དཔའ་བཟོད་པ་འཐོབ་པར་བྱེད་པའི་གཟུངས་སོ། །དེ་ལ་ཆོས་ཀྱི་གཟུངས་གང་ཞེ་
ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་གང་གིས་ཐོས་པ་ཙམ་ཁོ་ནས་མ་གོམས་ཤིང་ཁ་ཏོན་བྱང་བར་མ་བྱས་པའི་མིང་དང་། ཚིག་དང་ཡི་གེར་གཏོགས་པ་རིམ་བཞིན་དུ་བསྡེབས་ཤིང་། རིམ་བཞིན་དུ་སྦྱར་བའི་ཡི་གེ་ཚད་མེད་པ་དག་ཏུ་ཚད་མེད་པར་འཛིན་པར་འགྱུར་བ་དེ་ལྟ་བུའི་དྲན་པ་དང་།
ཤེས་རབ་ཀྱི་སྟོབས་བསྐྱེད་པ་ཐོབ་པར་འགྱུར་རོ། །དེ་ལ་དོན་གྱི་གཟུངས་གང་ཞེ་ན། སྔ་མ་དང་འདྲ་བའམ། དེའི་ཁྱད་པར་ནི་འདི་ཡོད་དོ། །ཆོས་དེ་དག་ཉིད་ཀྱི་དོན་ཚད་མེད་པ་དག་མ་གོམས་ཤིང་། ཡིད་ཀྱིས་བྱང་བར་མ་བྱས་པར་དུས་ཚད་མེད་པ་དག་ཏུ་འཛིན་པའོ། །དེ་ལ་གསང་
སྔགས་ཀྱི་གཟུངས་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་གང་གིས་གསང་སྔགས་ཀྱི་གཞི་གང་དག་སེམས་ཅན་རྣམས་ཀྱི་ཡམས་ཀྱི་ནད་ཡང་དག་པར་ཞི་བར་བྱ་བའི་ཕྱིར་བྱིན་གྱིས་རློབ་པར་བྱེད་དེ། ཡམས་ཀྱི་ནད་རྣམ་པ་དུ་མ་ཡང་དག་པར་ཞི་བར་བྱ་བ་ལ། དེ་དག་གྲུབ་ཅིང་མཆོག་
ཏུ་གྲུབ་ལ་དོན་ཡོད་པ་དེ་ལྟ་བུའི་ཏིང་ངེ་འཛིན་གྱི་དབང་ཐོབ་པར་འགྱུར་བ་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་གསང་སྔགས་ཀྱི་གཟུངས་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་བཟོད་པ་འཐོབ་པར་བྱེད་པའི་གཟུངས་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་
དཔའ་བདག་ཉིད་ཀྱི་རྒྱུ་ལ་ཤིན་ཏུ་སྤྱད་པ། ཤེས་རབ་དང་ལྡན་པ། དབེན་པ་ན་གནས་ཤིང་། ཚིག་ཀྱལ་པ་མི་སྨྲ་ལ། སུ་དང་ཡང་མི་ཕྲད་ཅིང་། དེ་བཞིན་དུ་རན་པར་ཟ་བ་དང་། བབ་ཅོལ་དུ་མི་ཟ་བ་དང་། ཁ་ཟས་སྣ་གཅིག་ཟ་བ་དང་། སེམས་པ་ལྷུར་བྱེད་པ་དང་། མཚན་མོ་ཡུན་ཐུང་དུ་ཉལ་ཞིང་

ཡུན་རིང་དུ་མི་ཉལ་བ་ནི་བྱང་ཆུབ་སེམས་དཔའི་བཟོད་པ་ཐོབ་པར་འགྱུར་བའི་གསང་སྔགས་ཀྱི་གཞི་གང་དག་དེ་བཞིན་གཤེགས་པས་གསུངས་པ། ཏད་ཡ་ཐཱ། ཨི་ཊི། མི་ཊི། ཀི་ཊི། བྷིཿ ཀྵན་ཏི། པ་དཱ་ནི་སྭཱ་ཧཱ། ཞེས་བྱ་བའི་གསང་སྔགས་ཀྱི་གཞི་དེ་དག་གི་དོན་སེམས་ཤིང་འཇལ་ལ་ཉེ་བར་
རྟོགས་ཏེ། དེ་གསང་སྔགས་ཀྱི་གཞི་འདི་དག་ལ་ཡང་དག་པར་ཞུགས་ཏེ། སུ་ལས་ཀྱང་མ་ཐོས་པར་བདག་ཉིད་ཀྱིས་འདི་ལྟར་གསང་སྔགས་ཀྱི་གཞི་འདི་དག་ལ་ནི་དོན་ཡོངས་སུ་གྲུབ་པ་ཅི་ཡང་མེད་དེ། འདི་དག་ནི་དོན་མེད་པ་ཁོ་ནའོ། །འདི་དག་གི་དོན་ནི་འདི་ལྟ་སྟེ། དོན་མེད་པ་འདི་ཁོ་ན་ཉིད་དོ་
སྙམ་དུ་དེ་ལྟ་བུའི་དོན་ཁོང་དུ་ཆུད་པར་འགྱུར་ཏེ། དེའི་ཕ་རོལ་དུ་དོན་གཞན་ཚོལ་བར་ཡང་མི་བྱེད་དེ། དེ་ཙམ་གྱིས་ན་དེས་གསང་སྔགས་གཞི་དེ་དག་གི་དོན་ལེགས་པར་ཁོང་དུ་ཆུད་པ་ཡིན་ནོ། །དེས་གསང་སྔགས་གཞི་དེ་དག་གི་དོན་ཡང་དག་པར་ཁོང་དུ་ཆུད་ནས། དོན་དེ་ཉིད་ཀྱི་རྗེས་སུ་
འབྲང་བས་ཆོས་ཐམས་ཅད་ཀྱི་དོན་ཡང་ལེགས་པར་ཁོང་དུ་ཆུད་པར་འགྱུར་རོ། །གཞན་ལས་མ་ཐོས་པར་བདག་ཉིད་ཀྱིས། དོན་འདི་ལྟ་བུ་ཡང་ཁོང་དུ་ཆུད་པར་འགྱུར་ཏེ། བརྗོད་པ་ཐམས་ཅད་ཀྱིས་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་དོན་ཡོངས་སུ་གྲུབ་པ་མེད་དོ། །དེ་དག་གི་བརྗོད་དུ་མེད་
པའི་ངོ་བོ་ཉིད་གང་ཡིན་པ་དེ་ནི་དེ་དག་གི་ངོ་བོ་ཉིད་ཀྱི་དོན་ཡིན་ནོ་སྙམ་མོ། །དེས་དེ་ལྟར་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་དོན་ལེགས་པར་ཁོང་དུ་ཆུད་ནས། དེ་ལས་དོན་གཞན་མི་ཚོལ་ལ་དོན་དེ་ཁོང་དུ་ཆུད་པས་དགའ་བ་དང་། མཆོག་ཏུ་དགའ་བ་རྒྱ་ཆེན་པོ་ཡང་ཐོབ་པར་འགྱུར་རོ། །བྱང་ཆུབ་
སེམས་དཔའ་དེས་གཟུངས་ཀྱི་ཚིག་ཐོབ་པ་དེ་དག་ལ་བརྟེན་ནས། བྱང་ཆུབ་སེམས་དཔའི་བཟོད་པ་ཞེས་བྱ་སྟེ། དེ་ཐོབ་པས་ཀྱང་བྱང་ཆུབ་སེམས་དཔའ་དེ་རིང་པོར་མི་ཐོགས་པར་ལྷག་པའི་བསམ་པ་དག་པ་ཐོབ་པར་འགྱུར་ཞིང་མོས་པས་སྤྱོད་པའི་སའི་བཟོད་པ་ཆེན་པོ་ལ་གནས་པར་
འགྱུར་ཏེ། འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་བཟོད་པ་ཐོབ་པར་བྱེད་པའི་གཟུངས་ཡིན་པར་རིག་པར་བྱའོ། །དེ་ལ་ཆོས་ཀྱི་གཟུངས་དང་། དོན་གྱི་གཟུངས་ནི་བྱང་ཆུབ་སེམས་དཔའ་བསྐལ་པ་གྲངས་མེད་པ་དང་པོ་འདས་ནས། ལྷག་པའི་བསམ་པ་དག་པའི་

ས་ལ་ཞུགས་པའི་ཚེ་ཐོབ་པར་འགྱུར་ཏེ། ངེས་པ་དང་། བརྟན་པ་དང་། རྒྱ་ཆེ་བ་ཡིན་ནོ། །དེ་ཚུན་ཆད་ནི་སྨོན་ལམ་གྱི་དབང་ངམ། བསམ་གཏན་ལ་བརྟེན་ནས་ཐོབ་པར་འགྱུར་ཏེ། ངེས་པ་ཡང་མ་ཡིན། བརྟན་པ་ཡང་མ་ཡིན། རྒྱ་ཆེ་བ་ཡང་མ་ཡིན་ནོ། །ཆོས་དང་དོན་གྱི་གཟུངས་
ཇི་ལྟ་བ་བཞིན་དུ། གསང་སྔགས་ཀྱི་གཟུངས་ཀྱང་དེ་དང་འདྲ་བར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའི་བཟོད་པ་ཐོབ་པར་བྱེད་པའི་གཟུངས་ནི་ཇི་སྐད་བརྗོད་པ་དེ་ཁོ་ན་བཞིན་དུ་ཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཡོན་ཏན་བཞི་དང་ལྡན་ན་གཟུངས་འདི་དག་ཐམས་ཅད་འཐོབ་སྟེ།
གང་ཡང་རུང་བ་མ་ཚང་བས་ནི་མ་ཡིན་ནོ། །བཞི་གང་ཞེ་ན། འདོད་པ་རྣམས་ལ་ལྷག་པར་ཞེན་པ་མེད་པ་དང་། གཞན་མ་ཐོས་པ་དག་ལ་ཕྲག་དོག་མི་སྐྱེད་དེ། ཕྲག་དོག་མེད་པ་དང་། བསླངས་པ་ཐམས་ཅད་རབ་ཏུ་སྦྱིན་ཞིང་འགྱོད་པ་མེད་པར་སྦྱིན་པ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་
དམ་སྡེ་སྣོད་ཀྱི་མ་མོ་ལས་བརྩམས་ཏེ། ཆོས་ལ་ཀུན་དུ་དགའ་ཞིང་། ཆོས་ལ་དགའ་བ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་སྨོན་ལམ་གང་ཞེ་ན། དེ་ནི་མདོར་བསྡུ་ན་རྣམ་པ་ལྔར་བལྟ་བར་བྱ་སྟེ། སེམས་བསྐྱེད་པའི་སྨོན་ལམ་དང་། སྐྱེ་བའི་སྨོན་
ལམ་དང་། སྤྱོད་ཡུལ་གྱི་སྨོན་ལམ་དང་། ཡང་དག་པའི་སྨོན་ལམ་དང་། སྨོན་ལམ་ཆེན་པོའོ། །དེ་ལ་དང་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི། བྱང་ཆུབ་སེམས་དཔའི་སེམས་བསྐྱེད་པའི་སྨོན་ལམ་ཞེས་བྱའོ། །ཕྱི་མ་ལ་སེམས་ཅན་གྱི་དོན་དང་མཐུན་
པའི་འགྲོ་བ་རྣམས་སུ་སྐྱེ་བར་སྨོན་པ་ནི། བྱང་ཆུབ་སེམས་དཔའི་སྐྱེ་བའི་སྨོན་ལམ་ཞེས་བྱའོ། །ཆོས་ཡང་དག་པར་རབ་ཏུ་རྣམ་པར་འབྱེད་པར་སྨོན་པ་དང་། ཚད་མེད་པ་ལ་སོགས་པ་དགེ་བའི་ཆོས་བསྒོམ་པའི་ཡུལ་ལ་སྨོན་པ་ནི། བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་གྱི་སྨོན་ལམ་ཞེས་བྱའོ། །
ཕྱི་མ་ལ་མདོའམ། རྒྱས་པར་བྱང་ཆུབ་སེམས་དཔའི་དགེ་བ་ཐམས་ཅད་བསྡུས་པ་དང་། ཡོན་ཏན་ཐམས་ཅད་བསྡུ་བའི་ཕྱིར་སྨོན་པ་ནི་བྱང་ཆུབ་སེམས་དཔའི་ཡང་དག་པའི་སྨོན་ལམ་ཞེས་བྱའོ། །བྱང་ཆུབ་སེམས་དཔའི་སྨོན་ལམ་ཆེན་པོ་ནི་ཡང་དག་པའི་སྨོན་ལམ་དེ་ཉིད་ལས་རིག་པར་བྱའོ། །

དེ་ཡང་རྣམ་པ་བཅུ་སྟེ། ཕྱི་མ་ལ་དེ་བཞིན་གཤེགས་པ་ལ་མཆོད་པ་དང་། རིམ་གྲོ་བྱ་བའི་རྣམ་པ་ཐམས་ཅད་དཔག་ཏུ་མེད་པར་བྱ་བ་ནི་སྨོན་ལམ་ཆེན་པོ་དང་པོ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དམ་པའི་ཆོས་ཡོངས་སུ་གཟུང་ཞིང་བསྲུང་བར་བྱ་བ་དང་། ཆོས་ཀྱི་ཚུལ་ཡང་
དག་པར་གཟུང་བར་བྱ་བའི་ཕྱིར་སྨོན་ལམ་ཆེན་པོ་དང་། དགའ་ལྡན་གྱི་གནས་ན་བཞུགས་པ་ནས། སྔ་མ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདའ་བའི་བར་གྱི་སྨོན་ལམ་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པའི་རྣམ་པ་ཐམས་ཅད་ལེགས་པར་སྤྱད་པར་བྱ་བའི་སྨོན་ལམ་ཆེན་པོ་
དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་སྨོན་ལམ་ཆེན་པོ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་ཡང་དག་པར་བསྟན་པར་བྱ་བའི་སྨོན་ལམ་ཆེན་པོ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་སྨོན་ལམ་ཆེན་པོ་དང་། ཐེག་པ་ཆེན་པོ་ལ་འཇུག་པར་བྱ་བའི་ཕྱིར་
བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། བསམ་པ་དང་སྦྱོར་བ་གཅིག་པར་བྱ་བའི་སྨོན་ལམ་ཆེན་པོ་དང་། ཡང་དག་པའི་སྦྱོར་བ་ཐམས་ཅད་འབྲས་བུ་ཡོད་པར་བྱ་བའི་སྨོན་ལམ་ཆེན་པོ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་བྱང་ཆུབ་པར་བྱ་བའི་
སྨོན་ལམ་ཆེན་པོའོ། །དེ་ལ་བྱང་ཆུབ་སེམས་དཔའི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའི་བརྗོད་པ་ཐམས་ཅད་ཀྱི་བདག་ཉིད་ཀྱི་ངོ་བོ་ཉིད་དང་བྲལ་བ། བརྗོད་དུ་མེད་པའི་ངོ་བོ་ཉིད་ཀྱི་དངོས་པོ་མཐོང་ནས། སེམས་གནས་པ་གང་ཡིན་པ་དེ་ནི་དེའི་སྟོང་པ་ཉིད་
ཀྱི་ཏིང་ངེ་འཛིན་ཅེས་བྱའོ། །སྨོན་པ་མེད་པའི་ཏིང་ངེ་འཛིན་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་བརྗོད་དུ་མེད་པའི་ངོ་བོ་ཉིད་ཀྱི་དངོས་པོ་དེ་ཉིད་ལ་ལོག་པར་རྣམ་པར་བརྟགས་པ་ལས་བྱུང་བའི་ཉོན་མོངས་པ་དང་། སྡུག་བསྔལ་གྱིས་ཡོངས་སུ་ཟིན་པའི་ཕྱིར་ཉེས་པ་དུ་མའི་སྐྱོན་ཆགས་
པར་ཡང་དག་པར་མཐོང་ནས། ཕྱིས་དེ་ལ་མི་སྨོན་པ་སྔོན་དུ་འགྲོ་བའི་སེམས་གནས་པ་གང་ཡིན་པ་དེ་ནི་དེའི་སྨོན་པ་མེད་པའི་ཏིང་ངེ་འཛིན་ཞེས་བྱའོ། །མཚན་མ་མེད་པའི་ཏིང་ངེ་འཛིན་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་བརྗོད་དུ་མེད་པའི་ངོ་བོ་ཉིད་ཀྱི་དངོས་པོ་དེ་ཉིད་ཀྱི་རྣམ་པར་

རྟོག་པ་དང་། སྤྲོས་པའི་མཚན་མ་ཐམས་ཅད་བསལ་ནས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཞི་བར་ཡིད་ལ་བྱེད་པས་སེམས་གནས་པ་གང་ཡིན་པ་དེ་ནི་དེའི་མཚན་མ་མེད་པའི་ཏིང་ངེ་འཛིན་ཞེས་བྱའོ། །ཅིའི་ཕྱིར་ཏིང་ངེ་འཛིན་གསུམ་པོ་འདི་དག་གཞག་གི །འདི་ལས་
གོང་ན་ཡང་མེད་ལ་འདི་ལས་ལྷག་པ་ཡང་མེད་ཅེ་ན། ཡོད་པ་དང་མེད་པ་འདི་གཉིས་ཡིན་ཏེ། དེ་ལ་འདུས་བྱས་དང་། འདུས་མ་བྱས་ནི་ཡོད་པའོ། །བདག་གམ་བདག་གི་ནི་མེད་པའོ། །དེ་ལ་འདུས་བྱས་ལ་མི་མཐུན་པར་བདེན་པར་སྨོན་པ་ལས་ནི་སྨོན་པ་མེད་པའི་ཏིང་ངེ་འཛིན་རྣམ་པར་
གཞག་གོ། །འདུས་མ་བྱས་མྱ་ངན་ལས་འདས་པ་ལ་སྨོན་ཅིང་ཡང་དག་པར་མངོན་པར་དགའ་བར་འཛིན་པ་ལས་ནི་མཚན་མ་མེད་པའི་ཏིང་ངེ་འཛིན་རྣམ་པར་གཞག་གོ། །མེད་པ་ཁོ་ནའི་དངོས་པོ་གང་ཡིན་པ་དེ་ལ་ནི། བྱང་ཆུབ་སེམས་དཔའ་སྨོན་པའམ། མི་སྨོན་པར་མི་བྱ་བར་དེ་མེད་
པ་ཁོ་ནར་ཡང་དག་པ་ཇི་ལྟ་བ་བཞིན་དུ་བལྟ་བར་བྱ་སྟེ། ལྟ་བ་དེའི་དབང་དུ་བྱས་ནས། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་རྣམ་པར་གཞག་པར་རིག་པར་བྱའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་གསུམ་པོ་འདི་དག་ལ་སྦྱོར་བར་བྱེད་དེ། དེ་ལྟར་རྣམ་པར་གཞག་པ་ཡང་ཡང་དག་པ་ཇི་ལྟ་
བ་བཞིན་དུ་རབ་ཏུ་ཤེས་ལ། དེ་ལས་གཞན་པའི་རྣམ་པ་གང་དག་ལ་ཉན་ཐོས་རྣམས་སློབ་ཅིང་། ཡང་དག་པར་འགྲུབ་པའི་ཏིང་ངེ་འཛིན་གསུམ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྣམ་པར་གཞག་པའི་ཚུལ་ལ་འཇུག་པ་དང་། སྒོམ་པའི་ཚུལ་ལ་འཇུག་པས་ཡང་དག་པ་ཇི་ལྟ་བ་བཞིན་
དུ་རབ་ཏུ་ཤེས་སོ། །ཆོས་ཀྱི་མདོ་བཞི་ནི་འདི་དག་ཡིན་ཏེ། དེ་དག་ནི་སེམས་ཅན་རྣམས་རྣམ་པར་དག་པར་བྱ་བའི་ཕྱིར་སངས་རྒྱས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་སྟོན་པར་མཛད་དོ། །བཞི་གང་ཞེ་ན། འདུ་བྱེད་ཐམས་ཅད་ལ་མི་རྟག་གོ་ཞེས་བྱ་བ་ཆོས་ཀྱི་མདོ་དང་འདུ་
བྱེད་ཐམས་ཅད་སྡུག་བསྔལ་བའོ་ཞེས་བྱ་བ་ཆོས་ཀྱི་མདོ་དང་། ཆོས་ཐམས་ཅད་བདག་མེད་པའོ་ཞེས་བྱ་བ་ཆོས་ཀྱི་མདོ་དང་མྱ་ངན་ལས་འདས་པ་ནི་ཞི་བའོ་ཞེས་བྱ་བ་ཆོས་ཀྱི་མདོའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་རྣམས་ལ་དེ་དག་དང་ལྡན་པའི་དོན་གྱི་

ཆོས་ཕལ་ཆེར་སྟོན་ཏེ། དེའི་ཕྱིར་དེ་དག་ནི་ཆོས་ཀྱི་མདོ་ཞེས་བྱའོ། །དུས་རྟག་ཏུ་འབྱུང་ཞིང་འབྱུང་བའི་ཕྱིར་ཡང་ཐུབ་པ་ཐུགས་ཞི་བ་སྔ་མ་རྣམས་ཀྱིས་རྟག་ཏུ་བརྗོད་ཅིང་བརྗོད་པའི་ཕྱིར་ཡང་མདོ་ཞེས་བྱའོ། །འདི་ནི་འབྱོར་པ་ཆེན་པོར་འགྱུར་བ་དང་། སྲིད་པའི་རྩེ་མོའི་གོང་དུ་འགྲོ་བའི་ལམ་
ཡིན་ཏེ་དེའི་ཕྱིར་མདོ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་འདུ་བྱེད་ཐམས་ཅད་མི་རྟག་པར་ཇི་ལྟར་ཡང་དག་པར་མཐོང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔས་འདུ་བྱེད་ཐམས་ཅད་ཀྱི་བརྗོད་དུ་མེད་པའི་ངོ་བོ་ཉིད་རྟག་ཏུ་མེད་པ་ཁོ་ནར་དམིགས་ནས། འདུ་བྱེད་ཐམས་ཅད་མི་རྟག་པར་མཐོང་
ངོ་། །ཡང་བརྗོད་དུ་མེད་པའི་དངོས་པོ་ཉིད་ཡང་དག་པར་ཡོངས་སུ་མ་ཤེས་པའི་ཕྱིར། ཡོངས་སུ་མ་ཤེས་པའི་རྒྱུ་ལས་བྱུང་བའི་སྐྱེ་བ་དང་། འཇིག་པ་དམིགས་ནས། བརྗོད་དུ་མེད་པའི་ངོ་བོ་ཉིད་ཀྱི་འདུ་བྱེད་ཐམས་ཅད་མི་རྟག་པར་ཡང་དག་པར་མཐོང་སྟེ། དེས་འདས་པའི་འདུ་བྱེད་རྣམས་
ནི་སྐྱེས་ནས་འགག་པར་ཡང་དག་པར་མཐོང་ལ། དེ་དག་གི་རྒྱུ་དང་། ངོ་བོ་ཉིད་ཀྱང་མི་དམིགས་སོ། །དེ་ལྟ་བས་ན་དེ་དག་ནི་རྒྱུ་དང་ངོ་བོ་ཉིད་ཀྱིས་ཀྱང་ཡོད་པར་ཡང་དག་པར་མཐོང་ངོ་། །ད་ལྟར་བྱུང་བ་རྣམས་ནི་སྐྱེས་ལ་མ་འགགས་པར་ཡང་དག་པར་མཐོང་ངོ་། །དེ་དག་གི་རྒྱུ་ནི་མི་
དམིགས་ཏེ། འབྲས་བུ་སྐྱེད་ཟིན་པའི་ཕྱིར་རོ། །ངོ་བོ་ཉིད་ནི་མི་དམིགས་ཏེ། མ་འགགས་པའི་ཕྱིར་རོ། །དེ་ལྟ་བས་ན་དེ་དག་ངོ་བོ་ཉིད་ཀྱིས་ཡོད་པར་ཡང་དག་པར་མཐོང་གི་རྒྱུ་ལས་ནི་མ་ཡིན་ནོ། །མ་འོངས་པའི་འདུ་བྱེད་རྣམས་ནི་མ་སྐྱེས་པ་དང་མ་འགགས་པར་མཐོང་ངོ་། །དེ་དག་གི་
རྒྱུ་ནི་དམིགས་ཏེ། འབྲས་བུ་མ་བསྐྱེད་པའི་ཕྱིར་རོ། །ངོ་བོ་ཉིད་ནི་མི་དམིགས་ཏེ་མ་སྐྱེས་པའི་ཕྱིར་རོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་དེ་དག་རྒྱུ་ལས་ནི་ཡོད་པར་མཐོང་གི་ངོ་བོ་ཉིད་ལས་ནི་མ་ཡིན་ནོ། །དེས་དེ་ལྟར་དུས་གསུམ་དུ་འདུ་བྱེད་ཀྱི་རྒྱུད་རྒྱུན་མི་འཆད་པར་འཇུག་པར་མཐོང་
ནས་འདུ་བྱེད་ཀྱི་སྐད་ཅིག་པ་རེ་རེ་ལ་འདུས་བྱས་རྣམས་ཀྱི་འདུས་བྱས་ཀྱི་མཚན་ཉིད་གསུམ་མཐོང་ལ་སྐད་ཅིག་གི་འོག་ཏུ་ནི་འདུས་བྱས་ཀྱི་མཚན་ཉིད་བཞི་པ་ཡང་དག་པར་མཐོང་ངོ་། །དེ་ལ་འདུ་བྱེད་ཀྱི་སྐད་ཅིག་པ་དང་པོ་ལ་ངོ་བོ་ཉིད་ཞིག་མ་ཐག་ཏུ་སྔ་ནས་མེད་པའི་འདུ་བྱེད་ཀྱི་སྐད་ཅིག་

གི་ངོ་བོ་ཉིད་འབྱུང་བ་གང་ཡིན་པ་དེ་ནི་སྐྱེ་བར་མཐོང་ངོ་། །སྐྱེས་ཟིན་པ་དེ་ཉིད་ཀྱི་ཚེ་ན་མ་ཞིག་པ་གང་ཡིན་པ་དེ་ནི་གནས་པར་མཐོང་ངོ་། །སྔར་འགགས་པའི་འདུ་བྱེད་ཀྱི་སྐད་ཅིག་གི་ངོ་བོ་ཉིད་སྔར་འགགས་པ་དེ་ལ་ལྟོས་ནས་སྐྱེས་པ་དེ་གཞན་ནམ་གཞན་དུ་འགྱུར་བ་གང་
ཡིན་པ་དེ་ནི་རྒ་བར་མཐོང་ངོ་། །སྐྱེ་བའི་སྐད་ཅིག་དེའི་འོག་ཏུ་འདུ་བྱེད་ཀྱི་སྐད་ཅིག་འབྱུང་བ་དེ་ཉིད་ཀྱི་ངོ་བོ་ཉིད་འཇིག་པ་གང་ཡིན་པ་དེ་ནི་འཇིག་པར་མཐོང་ངོ་། །དེས་འདུ་བྱེད་ཀྱི་སྐད་ཅིག་བྱུང་བ་དེའི་ངོ་བོ་ཉིད་ཡང་དག་པར་མཐོང་བ་གང་ཡིན་པ་དེའི་སྐྱེ་བ་དང་གནས་པ་དང་། རྒ་བ་ཡང་དེ་
ཉིད་ཀྱི་ངོ་བོ་ཉིད་ཡིན་གྱི། དེ་ལས་གཞན་པའི་ངོ་བོ་ཉིད་མ་ཡིན་པར་མཐོང་ངོ་། །སྐད་ཅིག་དེའི་འོག་ཏུ་འདུ་བྱེད་ཀྱི་སྐད་ཅིག་གི་ངོ་བོ་ཉིད་མེད་པར་འགྱུར་བ་གང་ཡིན་པ་དེ་ཡང་སྐྱེ་བ་ལ་སོགས་པ་དེ་དག་གི་ཡང་དེ་ཉིད་ཡིན་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་ངོ་། །འདུས་བྱས་ཀྱི་མཚན་
ཉིད་བཞི་པོ་དེ་དག་བསྡུས་ན་འདུ་བྱེད་རྣམས་ཀྱི་གནས་སྐབས་ནི་མདོར་བསྡུ་ན་གཉིས་ཀྱིས་རབ་ཏུ་ཕྱེ་བ་སྟེ། ཡོད་པས་རབ་ཏུ་ཕྱེ་བ་དང་། མེད་པས་རབ་ཏུ་ཕྱེ་བའོ། །དེ་ལ་བཅོམ་ལྡན་འདས་ཀྱིས་ཡོད་པ་གང་ཡིན་པ་དེ་ནི་འདུས་བྱས་ཀྱི་མཚན་ཉིད་གཅིག་ཏུ་རྣམ་པར་གཞག་གོ། །ངོ་བོ་ཉིད་
གང་ཡིན་པ་དེ་ནི་འདུས་བྱས་ཀྱི་མཚན་ཉིད་གཉིས་པར་རྣམ་པར་གཞག་གོ། །འདུ་བྱེད་དེ་དག་གི་ཡོད་པ་དེ་ནི་གནས་པ་ལས་གཞན་དུ་འགྱུར་བས་རབ་ཏུ་ཕྱེ་བའི་ཕྱིར། འདུས་བྱས་ཀྱི་མཚན་ཉིད་གསུམ་པར་རྣམ་པར་གཞག་གོ། །དེ་ལ་བྱང་ཆུབ་སེམས་དཔའ་ནི་འདུ་བྱེད་ཙམ་མ་
གཏོགས་པར་དེའི་སྐྱེ་བ་དང་གནས་པ་དང་། རྒ་བ་དང་། མི་རྟག་པའི་རྫས་ཀྱི་ངོ་བོ་ཉིད་ཡོངས་སུ་གྲུབ་པ་རྟག་ཏུ་མ་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེས་འདུ་བྱེད་ཙམ་ཞིག་འབྱུང་བར་དམིགས་པར་ཟད་ཀྱི། དེའི་སྐྱེ་བ་དང་། གནས་པ་དང་། རྒ་བ་དང་། མི་རྟག་པ་གཞན་ནི་མ་དམིགས་ཏེ། འདུ་
བྱེད་ཙམ་ཁོ་ན་ཞིག་གནས་པ་དང་། རྒ་བ་དང་འཇིག་པར་དམིགས་པར་ཟད་ཀྱི་དེའི་སྐྱེ་བ་དང་། གནས་པ་དང་། རྒ་བ་དང་། མི་རྟག་པ་ཉིད་ནི་མ་དམིགས་པའི་ཕྱིར་རོ། །རིགས་པས་དཔྱད་ན་ཡང་བྱང་ཆུབ་སེམས་དཔས་སྐྱེ་བ་ལ་སོགས་པ་འདི་དག་རྫས་སུ་མི་དམིགས་སོ། །འདི་ལྟར་དཔྱད་ན་

མི་དམིགས་ཏེ། གལ་ཏེ་གཟུགས་ལ་སོགས་པའི་འདུ་བྱེད་མ་གཏོགས་པར་སྐྱེ་བའི་ཆོས་གཞན་ཞིག་ཡོད་པར་གྱུར་ན་ནི་དེ་གཟུགས་ལ་སོགས་པའི་འདུ་བྱེད་ཇི་སྐད་བདག་ཉིད་ཀྱིས་སྐྱེ་བ་དེ་བཞིན་དུ་དེ་ཡང་སྐྱེ་བར་འགྱུར་བའི་རིགས་སོ། །དེ་ལྟ་ན་ནི་འདུ་བྱེད་ཀྱི་སྐྱེ་བ་གང་ཡིན་པ་དང་། སྐྱེ་བའི་
སྐྱེ་བ་གང་ཡིན་པའི་སྐྱེ་བ་གཉིས་སུ་འགྱུར་རོ། །དེ་ལ་འདུ་བྱེད་ཀྱི་སྐྱེ་བའི་སྐྱེ་བ་དེ་ལས་གཞན་མ་ཡིན་པ་ཞིག་གམ་གཞན་ཞིག་ཏུ་འགྱུར་གྲང་ན། གལ་ཏེ་གཞན་མ་ཡིན་ན་ནི་དེ་ལྟར་ན་སྐྱེ་བ་རྫས་སུ་ཡོད་པར་རྟག་པར་དོན་མེད་པར་འགྱུར་ཏེ། སྐྱེ་བ་གཞན་ཞིག་རྫས་སུ་ཡོད་དོ་ཞེས་བྱར་མི་
རུང་ངོ་། །ཇི་སྟེ་གཞན་ཡིན་ན་ནི་དེ་ལྟ་ན་འདུ་བྱེད་ཀྱི་སྐྱེ་བ་ནི་སྐྱེ་བ་ཡིན་པར་མི་འགྱུར་ཏེ། འདུ་བྱེད་ཀྱི་སྐྱེ་བ་ལ་སྐྱེ་བ་ཞེས་བྱར་མི་རུང་ངོ་། །སྐྱེ་བ་ཇི་ལྟ་བ་བཞིན་དུ་གནས་པ་དང་། རྒ་བ་དང་། འཇིག་པ་ཡང་རྒྱས་པར་དེ་དང་འདྲ་བར་རིག་པར་བྱའོ། །གལ་ཏེ་འཇིག་པ་ཞེས་བྱ་བའི་ཆོས་ངོ་བོ་
ཉིད་ཀྱིས་ཡོངས་སུ་གྲུབ་པ་ཞིག་ཡོད་ན་ནི་དེ་ཡང་སྐྱེ་བའམ། འགག་པར་འགྱུར་རོ། །གང་གི་ཚེ་འཇིག་པ་སྐྱེས་པར་འགྱུར་བ་དེའི་ཚེ། འདུ་བྱེད་ཐམས་ཅད་འགག་པར་འགྱུར་ཏེ། དེ་ལྟ་ན་ནི་འགོག་པའི་སྙོམས་པར་ཞུགས་པ་ལྟར་ཚེགས་ཆུང་ངུས་སེམས་དང་སེམས་ལས་བྱུང་བའི་ཆོས་
རྣམས་འཇུག་པར་མི་འགྱུར་རོ། །འཇིག་པ་དེ་འགག་པར་འགྱུར་ན་ནི་འདུ་བྱེད་འགགས་ཟིན་པ་དེ་དག་ཀྱང་ཡང་འབྱུང་བར་འགྱུར་ཏེ། དེ་དག་གི་འཇིག་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་འཇིག་པ་སྐྱེ་ཞེས་བྱ་བའམ། འགག་ཅེས་བྱ་བར་མི་རུང་ངོ་། །རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་རྫས་
སུ་ཡོད་པ་དུས་ཐམས་ཅད་ན་ཡོད་པ་དང་། བཏགས་པའི་ཡོད་པ་ཡང་ངོ་བོ་ཉིད་ཀྱིས་ཡོངས་སུ་གྲུབ་པར་མཐོང་བའི་སྐྱོ་བ་དང་། འདོད་ཆགས་དང་བྲལ་བ་དང་། རྣམ་པར་གྲོལ་བ་ཡང་མི་རུང་ངོ་། །དེ་ལས་བཟློག་པ་ནི་རུང་སྟེ། དེ་ལྟར་རྣམ་པ་དེ་དག་གིས་བྱང་ཆུབ་སེམས་དཔའ་འདུ་བྱེད་
ཐམས་ཅད་མི་རྟག་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཡང་བྱང་ཆུབ་སེམས་དཔས་དེ་ལྟར་འདུ་བྱེད་ཀྱི་རྒྱུན་གྱིས་འཇུག་སྟེ། མི་རྟག་པ་དེ་དག་སྡུག་བསྔལ་རྣམ་པ་གསུམ་པོ་འདུ་བྱེད་ཀྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ་དང་། སྡུག་བསྔལ་གྱི་སྡུག་བསྔལ་གྱི་

གནས་ཀྱི་དངོས་པོར་མཐོང་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔས་འདུ་བྱེད་ཐམས་ཅད་སྡུག་བསྔལ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཡང་བྱང་ཆུབ་སེམས་དཔས་འདུ་བྱེད་དང་། འདུས་མ་བྱས་ཀྱི་ཆོས་ཐམས་ཅད་བདག་མེད་པ་རྣམ་པ་གཉིས་སུ་
ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། གང་ཟག་ལ་བདག་མེད་པ་དང་། ཆོས་ལ་བདག་མེད་པའོ། །དེ་ལ་གང་ཟག་ལ་བདག་མེད་པ་དེ་ནི་འདི་ཡིན་ཏེ། འདི་ལྟར་ཆོས་ཡོད་པ་འདི་དག་ནི་གང་ཟག་མ་ཡིན་ལ་ཆོས་ཡོད་པ་ལ་མ་གཏོགས་པའི་གང་ཟག་གཞན་ཡང་མེད་དོ། །དེ་ལ་ཆོས་
ལ་བདག་མེད་པ་ནི་འདི་ཡིན་ཏེ། འདི་ལྟར་བརྗོད་པར་བྱ་བའི་དངོས་པོ་ཐམས་ཅད་ལ་བརྗོད་པའི་ངོ་བོ་ཉིད་ཀྱི་ཆོས་ཐམས་ཅད་མེད་པ་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔས་ཆོས་ཐམས་ཅད་བདག་མེད་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཡང་འདུ་བྱེད་དེ་དག་ཉིད་ཀྱིས་རྒྱུ་
སྔར་ཡང་དག་པར་ཆད་ལ་ཕྱིས་མ་ལུས་པར་མེད་པར་གྱུར་ནས་དེ་ལས་གཞན་པ་རྣམས་ཀྱང་གཏན་དུ་མངོན་པར་མི་འགྲུབ་ཅིང་། འབྱུང་བར་མི་འགྱུར་བ་གང་ཡིན་པ་འདི་ནི་མྱ་ངན་ལས་འདས་པ་ཞེས་བྱ་སྟེ། དེ་ཡང་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་ཉེ་བར་ཞི་བ་དང་། སྡུག་བསྔལ་ཉེ་བར་
ཞི་བའི་ཕྱིར་ཞི་བར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའི་ལྷག་པའི་བསམ་པ་མ་དག་པའམ། ཉན་ཐོས་ཀྱི་ཐེག་པ་པ་བདེན་པ་མ་མཐོང་བ་ནི་དེ་ལྟར་རེ་ཞིག་མྱ་ངན་ལས་འདས་པ་ལ་མོས་པར་འགྱུར་ཏེ། མྱ་ངན་ལས་འདས་པ་ནི་ཞི་བའོ་ཞེས་དེ་སྐད་ཀྱང་ཟེར་མོད་ཀྱི། འོན་ཀྱང་དེ་ནི་མྱ་ངན་
ལས་འདས་པ་དེ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པའམ། ཇི་ལྟ་བ་བཞིན་དུ་ཡེ་ཤེས་མཐོང་བ་ལ་འཇུག་པ་ནི་མ་ཡིན་ནོ། །ཚུལ་བཞིན་ཡིད་ལ་བྱེད་པ་དེ་ནི་ཡོད་དེ། འདི་ལྟ་སྟེ། དཔེར་ན་རྒྱལ་པོའི་བུའམ། ཁྱིམ་བདག་གི་བུ་ཡང་རུང་སྟེ། རྒྱལ་པོའམ། ཁྱིམ་བདག་གི་ཁྱིམ་གྱི་ནང་དུ་
བསྐྱེད་པར་གྱུར་ལ་བྱིས་པ་གཞོན་ནུར་འདུག་པ་དེ་ལ་རྒྱལ་པོའམ། ཁྱིམ་བདག་དེས་བཅོས་མའི་རི་དགས་ཀྱི་ཤིང་རྟའམ། བ་ལང་དང་། རྟའི་ཤིང་རྟའམ། གླང་པོ་ཆེའི་ཤིང་རྟ་བྱིན་ལ་རྒྱལ་པོའི་བུའམ། ཁྱིམ་བདག་གི་བུ་དེ་ཡང་དེ་དག་གིས་རྩེ་ཞིང་དགའ་ལ་དགའ་དགུར་སྤྱོད་དེ། བཅོས་པའི་

རི་དགས་དེ་དག་ལ་རི་དགས་ཀྱི་འདུ་ཤེས་སྐྱེད་ཅིང་བཅོས་མའི་བ་ལང་དང་། རྟ་དང་གླང་པོ་ཆེ་དེ་དག་ལ་གླང་པོ་ཆེའི་འདུ་ཤེས་བསྐྱེད་པར་བྱའོ། །དེ་ནས་རེ་ཞིག་ན། རྒྱལ་པོའམ་ཁྱིམ་བདག་དེས་བདག་གི་བུ་ཆེར་སྐྱེས་ཤིང་དབང་པོ་ཡོངས་སུ་སྨིན་པར་གྱུར་པས། ཡང་དག་པའི་རི་དགས་ཀྱི་བསྔགས་
པ་བརྗོད་ཅིང་། ཡང་དག་པའི་གླང་པོ་ཆེའི་བར་གྱི་བསྔགས་པ་བརྗོད་པར་བྱེད་དེ། རྒྱལ་པོའི་བུའམ། ཁྱིམ་བདག་གི་བུ་དེས་ཀྱང་བསྔགས་པ་བརྗོད་པ་དེ་ཐོས་ནས་འདི་སྙམ་དུ་སེམས་ཏེ། རྒྱལ་པོ་འམ་ཁྱིམ་བདག་འདི་ནི་བདག་ལ་རི་དགས་ཀྱི་ཤིང་རྟ་རྣམས་ནས། གླང་པོ་ཆེའི་ཤིང་རྟའི་བར་འདི་
དག་གི་བསྔགས་པ་རྗོད་དོ་སྙམ་མོ། །དེ་ནས་དུས་གཞན་ཞིག་ན་རྒྱལ་པོའམ། ཁྱིམ་བདག་དེས་བདག་གི་བུ་ཁྱིམ་གྱི་ཕྱི་རོལ་དུ་ཕྱུང་སྟེ། དེ་ལ་ཡང་དག་པའི་རི་དགས་བསྟན་ཅིང་། ཡང་དག་པའི་གླང་པོ་ཆེའི་བར་དུ་བསྟན་ཏེ། དེས་དེ་དག་མཐོང་ནས། དེའི་ཚེ་བདག་ཉིད་ཀྱིས་སོ་སོར་རིག་པ་
ཡང་དག་པ་ཇི་ལྟ་བ་བཞིན་དུ་སྐྱེས་ཏེ། བདག་གི་ཕས་ཡུན་རིང་པོ་ཞིག་ནས་གང་དག་གི་བསྔགས་པ་བརྗོད་པའི་རི་དགས་ཀྱི་ཤིང་རྟ་ནས། རྒྱས་པར་གླང་པོ་ཆེའི་ཤིང་རྟའི་བར་དེ་དག་གི་ཡང་དག་པའི་དོན་ནི་འདི་དག་ཡིན་པར་ལྟ་ཞིག་ན། བདག་ཉིད་ནི་ཡང་དག་པ་མ་ཡིན་པའི་དོན་དེ་ལྟ་བུར་བཅོས་
པ་ཙམ་གྱི་གཟུགས་བརྙན་སྣང་བ་ཙམ་དེ་ལ་མོས་པར་གྱུར་ཏོ་སྙམ་སྟེ། སྔོན་གྱི་མོས་པ་དེས་ངོ་ཚ་བར་འགྱུར་རོ། །དེ་བཞིན་དུ་འཁོར་བའི་ཁྱིམ་གྱི་ནང་ནས་སྐྱེས་པ་བསམ་པ་མ་དག་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། ཉན་ཐོས་བདེན་པ་མ་མཐོང་བ་བུ་དང་འདྲ་བ་རྣམས་ཀྱང་། ཕ་ལྟ་
བུའི་སངས་རྒྱས་རྣམས་དང་། ས་ཆེན་པོ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་མྱ་ངན་ལས་འདས་པ་མངོན་སུམ་དུ་གཟིགས་པ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དེ་དག་གི་མདུན་དུ་ཇི་ལྟར་གཟིགས་པའི་མྱ་ངན་ལས་འདས་པའི་བསྔགས་པ་བརྗོད་ལ་དེ་དག་གིས་ཀྱང་། མྱ་ངན་
ལས་འདས་པ་དེ་ཡོན་ཏན་ལས་སྒྲ་ཙམ་གྱི་རྗེས་སུ་འབྲང་བའི་བློས་ཡུན་རིང་མོ་ནས་མོས་ལ། གང་གི་ཚེ་དེ་དག་གི་ཚོགས་ཡོངས་སུ་སྨིན་ཅིང་འཕེལ་བར་གྱུར་པ་ན་ནི། བསམ་པ་དག་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། ཉན་ཐོས་བདེན་པ་མཐོང་བ་རྣམས་མྱ་ངན་ལས་འདས་པ་ལ་མངོན་སུམ་

གྱི་ཤེས་པ་སྐྱེ་བར་འགྱུར་ཏེ། དེའི་ཚེ་དེ་དག་གི་སོ་སོ་ཡང་དག་པར་རིག་པ་ཡང་། ཡང་དག་པ་ཇི་ལྟ་བ་བཞིན་དུ་སྐྱེ་བར་འགྱུར་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གང་ཞིག་བསྔགས་པ་བརྗོད་པ་དེ་ནི། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་མྱ་
ངན་ལས་འདས་པ་འདི་ཡིན་པ་ལྟ་ཞིག་ན་བདག་གིས་ནི་སྔོན་བྱིས་པའི་ཤེས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མོས་པར་མ་གྱུར་ཏེ། དེ་ལྟ་བུར་བཅོས་པ་དེ་ཡང་ཡོད་ལ། སྣང་བ་ཙམ་ཡང་ཡོད་དོ་སྙམ་སྟེ། ཕྱི་མའི་ཡང་དག་པ་ཇི་ལྟ་བའི་མོས་པ་ལ་བརྟེན་ནས། སྔ་མའི་མོས་པ་དེས་ངོ་ཚ་བར་
འགྱུར་རོ། །དཔེར་ན་མི་ནད་ཀྱིས་ཐེབས་པ་ལ་ལ་ཞིག་ལ་སྨན་པ་ཆེན་པོ་ལ་ལ་ཞིག་གིས་དེ་ལ་ཡོད་པའི་ནད་ཞི་བར་བྱ་བའི་ཕྱིར། དེ་དང་མཐུན་པའི་སྨན་དག་གིས་རིམ་གྲོ་བྱས་ནས། མི་ནད་པ་དེས་སྨན་དེ་དག་ཡུན་རིང་པོར་བསྟེན་པས། དེ་དག་ལ་མོས་ཤིང་དེ་དག་ལ་དགའ་བར་འགྱུར་ཏེ། དེ་
དག་ཉིད་ལ་སྙིང་པོར་འཛིན་པར་གྱུར་ལ། དེ་ནས་མི་ནད་ཀྱིས་ཐེབས་པ་དེའི་ནད་སྔ་མ་དེ་ཡང་སྨན་བསྟེན་པ་དེས་ཞི་བར་གྱུར་པའི་འོག་ཏུ་དེ་མ་ཡིན་པའི་ནད་སྔ་ན་མེད་པའི་སྨན་གཞན་དག་གིས་གསོ་དགོས་པ་ཞིག་བྱུང་ལ། དེ་ནས་སྨན་པ་ཆེན་པོ་དེ་ལ། ནད་སྔ་མ་ནི་ཞི་བར་གྱུར་ལ། ཕྱི་མ་སྨན་
གཞན་དག་གིས་གསོ་དགོས་པ་ནི་བྱུང་བར་ཤེས་ནས། སྨན་གྱི་སྦྱོར་བ་སྔ་མ་དེ་བཏང་སྟེ། མཐུན་པ་གཞན་བསྟན་ན། བྱིས་པ་ལྟ་བུའི་མི་ནད་པ་སྨན་སྔ་མ་ལ་མོས་ཤིང་། དེ་དག་ཉིད་ལ་ཕན་པར་འདུ་ཤེས་པ་དེ། སྨན་པ་ཆེན་པོ་གང་གིས་སྨན་སྔ་མ་དེ་དང་ཕྱི་མ་དེ་དག་བསྟན་ནས། དེས་
མངོན་སུམ་དུ་སྨན་སྔ་མ་དེ་དག་ནི་ནད་ཕྱི་མ་ལ་མི་ཕན་ནོ་ཞེས་དེ་སྐད་དུ་ཡང་སྟོན་པ་དེ་ལ་ཡིད་ཆེས་པར་མི་བྱེད་ཅིང་། དེའི་ཚིག་ལ་མངོན་པར་དད་པར་མི་འགྱུར་བ་དེ་བཞིན་དུ། བྱིས་པ་ལྟ་བུའི་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་རྣམས་ཀྱང་དེ་དང་འདྲ་བར་རིག་པར་བྱ་སྟེ། མི་ནད་ཀྱིས་
ཐེབས་པ་ལྟ་བུ་ཉོན་མོངས་པས་ཟིན་པ་དེ་དག་ཀྱང་། སྨན་པ་ཆེན་པོ་དེ་བཞིན་གཤེགས་པའི་ཆོས་བསྟན་པ་བླ་མ་ལས་ཀྱང་ཆེས་བླ་མར་གྱུར་ཅིང་། ཤིན་ཏུ་བླ་མར་གྱུར་པ་གསལ་བ་བས་གསལ་ཞིང་། ཟབ་པ་བས་ཆེས་ཟབ་པ་ཤིན་ཏུ་ཟབ་པ། དམའ་བ་བས་རྒྱ་ཆེ་ལ་ཆེས་རྒྱ་ཆེ་ཤིང་ཤིན་

ཏུ་རྒྱ་ཆེ་བ། ཡང་དག་པར་བསྟན་ཞིང་། གཏམས་ཏེ་རྗེས་སུ་བསྟན་པ་ལ་མི་འཇུག་ཅིང་། མ་མོས་ཏེ། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ཁོང་དུ་མི་ཆུད་དོ། །དེ་ལ་བྱང་ཆུབ་སེམས་དཔའ་འམ། ཉན་ཐོས་དད་པ་དང་ལྡན་པའི་དེ་བཞིན་གཤེགས་པས་གསུངས་པ་གང་ལ་ཡང་ཡིད་གཉིས་
དང་། སོམ་ཉི་མི་སྐྱེད་པ་དེ་ནི། ཅང་ཤེས་དང་ལྡན་པའི་ཤིང་རྟ་ཡན་ལག་དང་། ཉིང་ལག་དང་ཡོ་བྱད་ཐམས་ཅད་དང་ཤིན་ཏུ་ལྡན་པ་དང་འདྲ་བའི་དེ་བཞིན་གཤེགས་པས་གསུངས་པའི་ཆོས་ཀྱི་ཤིང་རྟ་དེ་ལ་ཞོན་ནས། ཁ་ལོ་པ་མཁས་པ་བཞིན་དུ་དེས་ས་ཇི་སྲིད་བགྲོད་པར་བྱ་བ་དང་སོན་
པར་བྱ་བ་དེར་མི་བུལ་བར་མྱུར་བ་མྱུར་བར་འགྲོ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའི་སའི་གཞིའི་རྣལ་འབྱོར་གྱི་གནས་ལས། བྱང་ཆུབ་ཀྱི་ཕྱོགས་ཀྱི་ལེའུ་སྟེ་བཅུ་བདུན་པའོ།། །།སྡོམ་ནི། ངོ་མཚར་ངོ་མཚར་མ་ཡིན་དང་། །སྙོམས་པའི་སེམས་དང་ཕན་འདོགས་དང་། །ལན་དུ་
ཕན་འདོགས་དེ་བཞིན་སྨོན། །སྦྱོར་བ་འབྲས་བུ་ཡོད་པ་ཉིད། །ལྔ་པོ་འདི་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཐེག་པ་ལ་སློབ་པའི་བྱང་ཆུབ་སེམས་དཔའི་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཡིན་པར་རིག་པར་བྱ་སྟེ། ལྔ་གང་ཞེ་ན། རྒྱུ་མེད་པར་སེམས་ཅན་ཐམས་ཅད་ལ་
མཉེས་གཤིན་པ་དང་། སེམས་ཅན་རྣམས་ཁོ་ནའི་དོན་དུ་འཁོར་བ་ན་སྡུག་བསྔལ་དཔག་ཏུ་མེད་པས་མི་མཇེད་པ་དང་། སེམས་ཅན་ཉོན་མོངས་པ་ཤས་ཆེ་ཞིང་གདུལ་དཀའ་བ་རྣམས་ཀྱི་གདུལ་བའི་ཐབས་ཤེས་པ་དང་། མཆོག་ཏུ་རྟོགས་པར་དཀའ་བའི་དེ་ཁོ་ནའི་དོན་ལ་འཇུག་པ་དང་། མཐུ་
བསམ་གྱིས་མི་ཁྱབ་པ་སྟེ། ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཏེ། དེ་ལས་གཞན་པའི་སེམས་ཅན་ཐམས་ཅད་དང་ཐུན་མོང་མ་ཡིན་པའོ། །ལྔ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་ངོ་མཚར་མ་ཡིན་ལ་གང་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་
ངོ་མཚར་རྨད་དུ་བྱུང་བའི་ཆོས་དང་ལྡན་པ་ཞེས་བྱ་སྟེ། ལྔ་གང་ཞེ་ན། བྱང་ཆུབ་སེམས་དཔའ་ནི་གཞན་ལ་ཕན་པའི་རྒྱུ་ལས་བྱུང་བའི་སྡུག་བསྔལ་གྱིས་བདེ་བའི་བདག་ཉིད་ཁོ་ནར་གྱུར་ནས་གཞན་ལ་ཕན་པའི་རྒྱུ་ལས་བྱུང་བའི་སྡུག་བསྔལ་ཟད་པར་ཉམས་སུ་ལེན་ཏེ། དེ་ནི་བྱང་ཆུབ་སེམས་དཔའི་

ངོ་མཚར་མ་ཡིན་པ་དང་པོ་སྟེ། དེ་དང་ལྡན་ན་བྱང་ཆུབ་སེམས་དཔའ་ངོ་མཚར་རྨད་དུ་བྱུང་བའི་ཆོས་དང་ལྡན་པ་ཞེས་བྱའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་ནི་འཁོར་བའི་ཉེས་པ་ཤེས་ཤིང་མྱ་ངན་ལས་འདས་པའི་ཡོན་ཏན་ཡང་ཤེས་བཞིན་དུ། སེམས་ཅན་
ཡོངས་སུ་དག་པར་དགའ་ཞིང་། དེ་ཉིད་ཀྱིས་བདེ་བའི་བདག་ཉིད་དུ་འགྱུར་ཏེ། སེམས་ཅན་ཡོངས་སུ་དག་པར་བྱ་བ་ཁོ་ནའི་དབང་དུ་བྱས་ནས་འཁོར་བ་ཉམས་སུ་ལེན་ཏེ། དེ་ནི་བྱང་ཆུབ་སེམས་དཔའི་ངོ་མཚར་མ་ཡིན་པ་གཉིས་ཏེ་སྔ་མ་བཞིན་ནོ། །གཞན་ཡང་བྱང་ཆུབ་སེམས་དཔའ་ནི་མི་སྨྲ་
བའི་ཚུལ་གྱིས་བདེ་བའི་ཉམས་ཤེས་བཞིན་དུ་སེམས་ཅན་ཡོངས་སུ་དག་པར་དགའ་ཞིང་དེ་ཉིད་ཀྱིས་བདེ་བའི་བདག་ཉིད་དུ་འགྱུར་ཏེ། སེམས་ཅན་ཡོངས་སུ་དག་པར་བྱ་བ་ཁོ་ནའི་དབང་དུ་བྱས་ནས་སེམས་ཅན་རྣམས་ལ་ཆོས་སྟོན་པར་སྦྱོར་བར་བྱེད་དེ། དེ་ནི་བྱང་ཆུབ་སེམས་དཔའི་ངོ་མཚར་མ་
ཡིན་པ་གསུམ་པ་སྟེ། སྔ་མ་བཞིན་ནོ། །གཞན་ཡང་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཡོངས་སུ་དག་པར་དགའ་ཞིང་། དེ་ཉིད་ཀྱིས་དགའ་བའི་བདག་ཉིད་དུ་འགྱུར་ཏེ། སེམས་ཅན་ཡོངས་སུ་དག་པར་བྱ་བ་ཁོ་ནའི་དབང་དུ་བྱས་ནས། ཕ་རོལ་ཏུ་ཕྱིན་པ་དྲུག་བསགས་པའི་དགེ་བའི་
རྩ་བ་སེམས་ཅན་ཐམས་ཅད་ལ་བསམ་པ་ཐག་པ་ནས་ཡང་དག་པར་གཏོང་ལ། ཡང་དག་པར་གཏང་བ་དེའི་རྣམ་པར་སྨིན་པ་ཡང་མི་འདོད་དེ། དེ་ནི་བྱང་ཆུབ་སེམས་དཔའི་ངོ་མཚར་མ་ཡིན་པ་བཞི་པ་སྟེ། སྔ་མ་བཞིན་ནོ། །གཞན་ཡང་བྱང་ཆུབ་སེམས་དཔའ་ནི་གཞན་གྱི་བྱ་བ་བདག་གི་བྱ་
བ་ཉིད་དུ་བྱེད་ཅིང་གཞན་གྱི་བྱ་བའི་དོན་བྱེད་པ་ཐམས་ཅད་ལ་སྣང་སྟེ། དེ་ནི་བྱང་ཆུབ་སེམས་དཔའི་ངོ་མཚར་མ་ཡིན་པ་ལྔ་པ་སྟེ། དེ་དང་ལྡན་ན་བྱང་ཆུབ་སེམས་དཔའི་ངོ་མཚར་རྨད་དུ་བྱུང་བའི་ཆོས་དང་ལྡན་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ནི་རྣམ་པ་ལྔས་སེམས་ཅན་ཐམས་
ཅད་ལ་སེམས་སྙོམས་པར་རིག་པར་བྱ་སྟེ། ལྔ་གང་ཞེ་ན། དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སྨོན་ལམ་གྱིས་འགྱུར་ཏེ། འདི་ལྟར་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་ལ་སྙོམས་པར་སེམས་དེ་བསྐྱེད་པ་ཡིན། བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཐམས་ཅད་ལ་སྙིང་

བརྩེ་བ་དང་ལྡན་པའི་སེམས་ཀྱིས་སེམས་སྙོམས་པ་ཡིན། བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་བཞིན་དུ་སྡུག་པ་དང་ལྡན་པའི་སེམས་ཀྱིས་སེམས་སྙོམས་པ་ཡིན། བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཐམས་ཅད་ལ་རྟེན་ཅིང་འབྲེལ་པར་འབྱུང་བའི་འདུ་བྱེད་
རྣམས་ལ་སེམས་ཅན་ཞེས་བྱ་བར་རིག་ནས་སེམས་ཅན་གཅིག་གི་ཆོས་ཉིད་གང་ཡིན་པ་དེ་ནི་ཐམས་ཅད་ཀྱི་ཡིན་ནོ་ཞེས་ཆོས་མཉམ་པ་ཉིད་དང་ལྡན་པའི་སེམས་ཀྱིས་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པར་གནས་པ་ཡིན། ཇི་ལྟར་སེམས་ཅན་གཅིག་གི་དོན་ཀུན་དུ་སྤྱོད་པ་བཞིན་དུ་
ཐམས་ཅད་ལ་ཡང་དེ་དང་འདྲ་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའ་དོན་བྱེད་པ་དང་ལྡན་པའི་སེམས་ཀྱིས་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པར་གནས་ཏེ། རྣམ་པ་ལྔ་པོ་དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ལ་སེམས་སྙོམས་པ་ཡིན་ནོ། །སེམས་ཅན་རྣམས་ལ་
བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕན་འདོགས་པའི་བྱ་བ་ཐམས་ཅད་ནི་རྣམ་པ་ལྔར་རིག་པར་བྱ་སྟེ། ལྔ་གང་ཞེ་ན། ཡང་དག་པའི་འཚོ་བ་སྟོན་པར་སྒྲུབ་པ་དང་། དོན་དང་ལྡན་པའི་བྱ་བ་མི་མཐུན་པ་དག་ལ་མཐུན་པ་སྟོན་པར་སྒྲུབ་པ་དང་། མགོན་མེད་པ་སྡུག་བསྔལ་བ་བཀྲེན་པ། རྟེན་
མེད་པ་རྣམས་ལ་མགོན་ཡོད་པར་བྱེད་པ་དང་། བདེ་འགྲོར་འགྲོ་བའི་ལམ་སྟོན་པར་སྒྲུབ་པ་དང་། ཐེག་པ་གསུམ་སྟོན་པར་སྒྲུབ་པ་སྟེ། སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕན་འདོགས་པའི་བྱ་བ་ནི་ལྔ་པོ་དེ་དག་ཡིན་པར་རིག་པར་བྱའོ། །རྣམ་པ་ལྔས་སེམས་ཅན་
དག་བྱང་ཆུབ་སེམས་དཔའ་ཕན་འདོགས་འདོགས་པ་ལ་ལན་དུ་ཕན་འདོགས་པར་ཉེ་བར་གནས་པ་ཡིན་ཏེ། རྣམ་པ་ལྔ་གང་ཞེ་ན། བདག་ཉིད་ཡོན་ཏན་རྣམས་དང་ཡང་དག་པར་སྦྱོར་བ་དང་། གཞན་གྱི་ཡོན་ཏན་བསྐྱེད་པ་ལ་སྦྱོར་བ་དང་། སེམས་ཅན་མགོན་མེད་པ་སྡུག་བསྔལ་བ་བཀྲེན་པ་རྟེན་
མེད་པ་རྣམས་ལ་སྟོང་བར་བྱེད་པ་དང་། དེ་བཞིན་གཤེགས་པ་རྣམས་ལ་མཆོད་པ་བྱེད་པ་དང་། དེ་བཞིན་གཤེགས་པས་གསུངས་པའི་ཆོས་ཁ་ཏོན་དུ་བྱེད་པ་དང་། འདྲིར་བཅུག་སྟེ། འཆང་ཞིང་དེ་ལ་མཆོད་པ་བྱེད་པའོ། །ལྔ་པོ་འདི་དག་ནི་བྱང་ཆུབ་སེམས་དཔས་རྟག་ཏུ་སྨོན་པར་བྱ་བ་

ཡིན་ཏེ། ལྔ་གང་ཞེ་ན། སངས་རྒྱས་འབྱུང་བ་མཉེས་པར་བྱ་བ་དང་། སངས་རྒྱས་དེ་དག་ཉིད་ལས་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་མཉན་པ་དང་། རྣམ་པ་ཐམས་ཅད་དུ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་མཐུ་ཡོད་པ་དང་། བླ་ན་
མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་བ་དང་། བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་། ཉན་ཐོས་དང་མཐུན་པར་འགྱུར་བའོ། །བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ལ་དོན་བྱ་བའི་སྦྱོར་བ་ནི་རྣམ་པ་ལྔས་འབྲས་བུ་ཡོད་པར་འགྱུར་ཏེ། ལྔ་གང་
ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི། ཐོག་མ་ཁོ་ནར་སེམས་ཅན་རྣམས་ལ་ཕན་པ་དང་། བདེ་བར་འདོད་པ་ཡིན། ཕན་པ་དང་བདེ་བ་དེ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ཡིན། བློ་ཕྱིན་ཅི་མ་ལོག་པ་ཡིན་ཏེ། འདི་ལྟ་སྟེ་མཆོད་པ་དང་། བརྟེན་པ་དང་། ཚད་མེད་པའི་
ལེའུ་ལས་སྔར་ཇི་སྐད་བསྟན་པ་བཞིན་དུ་རིག་པར་བྱའོ།། །།སྡོམ་ནི། ཡང་དག་སྦྱོར་དང་འབྲི་བ་དང་། །དེ་བཞིན་ཁྱད་པར་འགྲོ་བ་དང་། །ཡོན་ཏན་འདྲ་བར་བཅོས་རྣམས་དང་། །ཡང་དག་རྣམས་དང་དེ་བཞིན་འདུལ། །བྱང་ཆུབ་སེམས་དཔའི་ཡང་དག་པའི་སྦྱོར་བ་ཐམས་ཅད་ནི། སྦྱོར་བ་
རྣམ་པ་ལྔས་བསྡུས་པར་རིག་པར་བྱ་སྟེ། ལྔ་གང་ཞེ་ན། རྗེས་སུ་བསྲུང་བའི་སྦྱོར་བ་དང་། ཁ་ན་མ་ཐོ་བ་མེད་པའི་སྦྱོར་བ་དང་། །སོ་སོར་རྟོག་པའི་སྟོབས་ཀྱི་སྦྱོར་བ་དང་། །ལྷག་པའི་བསམ་པ་དག་པའི་སྦྱོར་བ་དང་། །ངེས་པར་འགྱུར་བའི་སྦྱོར་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་ནི་རྗེས་སུ་
བསྲུང་བའི་སྦྱོར་བས་ཡིད་གཞུངས་པ་བསྲུང་སྟེ། ལྷན་ཅིག་སྐྱེས་པའི་ཤེས་པ་དེས་ཆོས་རྣམས་མྱུར་བ་མྱུར་བར་ཁོ་ནར་འཛིན་ཏོ། །དྲན་པ་སྲུང་སྟེ་དྲན་པ་དེས་ནི་བླངས་པའི་ཆོས་རྣམས་འཛིན་པར་བྱེད་དོ། །ཤེས་པ་སྲུང་སྟེ་ཤེས་པ་དེས་ནི་གཟུང་བའི་ཆོས་རྣམས་ཀྱི་དོན་ལ་ཉེ་བར་རྟོག་གོ། །
ཡང་དག་པའི་ཤེས་པ་སྲུང་སྟེ། དེ་ནི་ཡིད་གཞུངས་པ་དང་། དྲན་པ་དང་བློ་འགྲིབ་པ་དང་། མཐུན་པའི་གཞི་ཡོངས་སུ་སྤང་བ་དང་། གནས་པ་དང་། འཕེལ་བ་དང་མཐུན་པའི་གཞི་སོ་སོར་བརྟེན་པས་སོ་སོར་རྟོགས་པར་འགྱུར་རོ། །དབང་པོ་རྣམས་ཀྱི་སྒོ་བསྡམས་པ་ནི་རང་གི་སེམས་ཀུན་དུ་

བསྲུང་ངོ་། །ལེགས་པར་གཞན་གྱི་སེམས་དང་མཐུན་པར་འཇུག་པ་ནི་གཞན་གྱི་སེམས་ཀུན་དུ་བསྲུང་ངོ་། །དེ་ལ་བྱང་ཆུབ་སེམས་དཔའི་ཁ་ན་མ་ཐོ་བ་མེད་པའི་སྦྱོར་བ་ནི། དགེ་བའི་ཆོས་རྣམས་ལ་ཕྱིན་ཅི་མ་ལོག་པ་དང་། འབར་བ་ལྟ་བུ་དང་། ཚད་མེད་པ་དང་། རྟག་པ་དང་། བྱང་ཆུབ་ཏུ་
ཡོངས་སུ་བསྔོས་པའོ། །སོ་སོར་རྟོག་པའི་སྟོབས་ཀྱི་སྦྱོར་བ་ནི་མོས་པས་སྤྱོད་པའི་ས་སྟེ་ཐམས་ཅད་ལས་བལྟ་བར་བྱའོ། །ལྷག་པའི་བསམ་པ་དག་པའི་སྦྱོར་བ་ནི། ལྷག་པའི་བསམ་པ་དག་པའི་ས་དང་། སྦྱོར་བ་སྒྲུབ་པའི་ས་ལས་བལྟ་བར་བྱའོ། །ངེས་པར་གྱུར་པའི་སྦྱོར་བ་ནི། ངེས་པའི་ས་དང་།
སྤྱོད་པ་ངེས་པའི་ས་དང་། མཐར་ཐུག་པར་འགྲོ་བའི་ས་ལས་བལྟ་བར་བྱ་སྟེ། དེ་ལྟར་ན་སྦྱོར་བ་ལྔ་པོ་འདི་དག་གིས་བྱང་ཆུབ་སེམས་དཔའི་ཡང་དག་པའི་སྦྱོར་བ་ཐམས་ཅད་བསྡུས་སོ། །ལྔ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་འབྲི་བ་དང་མཐུན་པའི་ཆོས་ཡིན་པར་རིག་པར་བྱ་སྟེ། ལྔ་གང་ཞེ་ན། ཆོས་
དང་ཆོས་སྨྲ་བ་ལ་མ་གུས་པ་དང་། བག་མེད་པ་དང་། ལེ་ལོ་དང་། ཉོན་མོངས་པ་ལ་སྟེན་པ་དང་དུ་ལེན་པ་དང་། ཉེས་པར་སྤྱོད་པ་ལ་སྟེན་པ་དང་དུ་ལེན་པ་དང་། དེ་ལས་གཞན་པའི་བྱང་ཆུབ་སེམས་དཔའ་རྣམས་དང་དཔོག་པར་བྱེད་ཅིང་མངོན་པའི་ང་རྒྱལ་བྱེད་པ་དང་། ཆོས་ལ་ཕྱིན་ཅི་ལོག་ཏུ་མངོན་
པའི་ང་རྒྱལ་བྱེད་པའོ། །ལྔ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་ཆོས་རྣམས་ཁྱད་པར་དུ་འགྲོ་བ་དང་མཐུན་པ་ཡིན་པར་རིག་པར་བྱ་སྟེ། དེ་དག་ཀྱང་ནག་པོའི་ཕྱོགས་ལྔ་པོ་དེ་དག་ཉིད་ལས་གོ་རིམས་བཞིན་དུ་བཟློག་པ་ཡིན་པར་རིག་པར་བྱའོ། །ལྔ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོན་ཏན་
ལྟར་བཅོས་པའི་བྱང་ཆུབ་སེམས་དཔའི་སྐྱོན་ཡིན་པར་རིག་པར་བྱ་སྟེ། ལྔ་གང་ཞེ་ན། སེམས་ཅན་མ་རུངས་པ་ཚུལ་ཁྲིམས་འཆལ་པ་དག་ལ་གཞི་དེས་གནོད་པ་བྱེད་པ་དང་། ཚུལ་འཆོས་ཤིང་སྤྱོད་ལམ་ཕུན་སུམ་ཚོགས་པར་བྱེད་པ་དང་། འཇིག་རྟེན་རྒྱང་འཕེན་པའི་གསང་ཚིག་རྣམས་དང་། མུ་སྟེགས་
ཅན་གྱི་བསྟན་བཅོས་དང་ལྡན་པ་དག་གིས་ཤེས་ཀྱི་ཁེ་ཐོབ་ཅིང་། མཁས་པའི་གྲངས་སུ་ཆུད་པར་བྱེད་པ་དང་། ཁ་ན་མ་ཐོ་བ་དང་བཅས་པའི་སྦྱིན་པ་ལ་སོགས་པའི་དགེ་བ་ལ་ལྷག་པར་སྤྱོད་པ་དང་། དམ་པའི་ཆོས་ལྟར་བཅོས་པ་རྣམས་ལ་སྲེད་ཅིང་སྟོན་ལ་རྣམ་པར་འཇོག་པའོ། །ལྔ་པོ་འདི་དག་ནི་

བྱང་ཆུབ་སེམས་དཔའི་ཡང་དག་པའི་ཡོན་ཏན་དུ་རིག་པར་བྱ་སྟེ། ལྔ་གང་ཞེ་ན། སེམས་ཅན་མ་རུངས་པ་ཚུལ་ཁྲིམས་འཆལ་པ་རྣམས་ལ་ལྷག་པར་སྙིང་རྗེ་བའི་སེམས་དང་། རང་བཞིན་གྱིས་སྤྱོད་ལམ་ཕུན་སུམ་ཚོགས་པ་དང་། དེ་བཞིན་གཤེགས་པས་གསུངས་པའི་
ལུང་ཁོང་དུ་ཆུད་པས་ཤེས་ཀྱི་ཁེ་འཐོབ་ཅིང་མཁས་པའི་གྲངས་སུ་ཆུད་པ་དང་། ཁ་ན་མ་ཐོ་བ་མེད་པའི་སྦྱིན་པ་ལ་སོགས་པའི་དགེ་བ་བྱེད་པ་དང་དམ་པའི་ཆོས་སྟོན་ཅིང་དམ་པའི་ཆོས་ལྟར་བཅོས་པ་རྣམས་སྤོང་བའོ། །བྱང་ཆུབ་སེམས་དཔའ་རྣམས་ནི་མདོར་ན་འདུལ་བའི་སྐྱེ་བོ་རྣམས་གནས་བཅུར་
ལེགས་པ་ཁོ་ནར་འདུལ་བར་བྱེད་དེ། བཅུ་གང་ཞེ་ན། ཉེས་པར་སྤྱོད་པ་ལས་དབེན་པ་དང་། འདོད་པ་ལས་དབེན་པ་དང་། ཉེས་པར་མི་སྤྱོད་ཅིང་འབྱུང་བར་བྱེད་པ་དང་། དབང་པོ་རྣམས་ཀྱི་སྒོ་བསྡམས་པ་དང་། ཤེས་བཞིན་དུ་གནས་པ་དང་། འདུ་འཛི་ལས་དབེན་པ་དང་། རབ་ཏུ་དབེན་པར་གྱུར་ནས་
རྟོགས་པ་ངན་པ་ལས་དབེན་པ་དང་། སྒྲིབ་པ་ལས་དབེན་པ་དང་། ཉོན་མོངས་པའི་ཀུན་ནས་དཀྲིས་པ་ལས་དབེན་པ་དང་། ཉོན་མོངས་པའི་ཕྱོགས་ཀྱི་གནས་ངན་ལེན་ལས་དབེན་པའོ།། །།བམ་པོ་བཅུ་དྲུག་པ། སྡོམ་ནི། ལུང་བསྟན་པ་དང་ངེས་པར་ཞུགས། །ངེས་པ་ཁོ་ནར་བྱ་བ་དང་། །
རྟག་པར་ཡང་ནི་བྱ་བ་དང་། །གཙོ་བོར་བྱ་བ་ཐ་མ་ཡིན། །དེ་བཞིན་གཤེགས་པ་རྣམས་ནི་མདོར་བསྡུ་ན། རྣམ་པ་དྲུག་གིས་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་མཛད་དེ། དྲུག་གང་ཞེ་ན། རིགས་ལ་གནས་ལ་སེམས་མ་བསྐྱེད་པ་དང་། དེ་བཞིན་དུ་
སེམས་བསྐྱེད་པ་དང་། མངོན་སུམ་དུ་འདུག་པ་དང་། ལྐོག་ན་འདུག་པ་དང་། དུས་དཔག་ཏུ་རུང་བ་ལ་དུས་དེ་སྲིད་ཅིག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་བྱ་བ་དང་། དུས་དཔག་ཏུ་མི་རུང་བ་ལ་ཡང་ལུང་སྟོན་ཏེ། དུས་ངེས་པར་
ནི་མི་མཛད་དོ། །བྱང་ཆུབ་སེམས་དཔའི་ངེས་པར་ཞུགས་པ་ནི་རྣམ་པ་གསུམ་སྟེ། གསུམ་གང་ཞེ་ན། བྱང་ཆུབ་སེམས་དཔའི་རིགས་ལ་གནས་པ་ཉིད་ལ་ངེས་པར་ཞུགས་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་རྐྱེན་དང་ཕྲད་ན་ངེས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་

རྫོགས་པར་འཚང་རྒྱ་བའི་སྐལ་བ་ཅན་ཡིན་པའི་ཕྱིར་རོ། །ཡང་བྱང་ཆུབ་སེམས་དཔའ་ལ་ལ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་སེམས་བསྐྱེད་དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་དེ་ལས་ཕྱིར་ལྡོག་པར་
མི་འགྱུར་རོ། །ཡང་བྱང་ཆུབ་སེམས་དཔའ་དབང་ཐོབ་པ་ནི། སེམས་ཅན་གྱི་དོན་སྤྱོད་པ་ཐམས་ཅད་ལ་ཇི་ལྟར་འདོད་པ་དང་། ཇི་ལྟར་བརྩོན་པ་དེ་བཞིན་དུ་འབྲས་བུ་ཡོད་པར་བྱེད་དོ། །ངེས་པར་ཞུགས་པ་གསུམ་པོ་དེ་དག་གི་རིགས་ལ་གནས་པའི་ངེས་པར་ཞུགས་པ་དང་། སེམས་བསྐྱེད་པའི་ངེས་
པར་ཞུགས་པ་དང་། སྤྱོད་པ་འབྲས་བུ་ཡོད་པའི་ངེས་པར་ཞུགས་པའོ། །དེ་ལ་དེ་བཞིན་གཤེགས་པ་རྣམས་ནི་ངེས་པར་ཞུགས་པ་ཐ་མ་ལས་བརྩམས་ཏེ། ངེས་པར་ཞུགས་པར་བྱང་ཆུབ་སེམས་དཔའ་ལུང་སྟོན་པས་ལུང་སྟོན་པར་མཛད་དོ། །བྱང་ཆུབ་སེམས་དཔའི་ངེས་པར་བྱ་བ་ནི་ལྔ་པོ་འདི་
དག་ཡིན་ཏེ། དེ་དག་མ་བྱས་ན་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བའི་སྐལ་བ་མེད་པར་འགྱུར་ཏེ། ལྔ་གང་ཞེ་ན། དང་པོ་སེམས་བསྐྱེད་པ་དང་། སེམས་ཅན་རྣམས་ལ་སྙིང་བརྩེ་བ་དང་། བརྩོན་འགྲུས་འབར་བ་དང་། རིག་པའི་གནས་
ཐམས་ཅད་ལ་སྦྱོར་བ་དང་། སྐྱོ་བ་མེད་དེ། བྱང་ཆུབ་སེམས་དཔའི་རྟག་པར་བྱ་བའི་གནས་ནི་ལྔ་པོ་འདི་དག་ཡིན་ཏེ། ལྔ་གང་ཞེ་ན། བྱང་ཆུབ་སེམས་དཔའི་རྟག་པར་བྱ་བ་ནི་བག་ཡོད་པ་དང་། སེམས་ཅན་མགོན་མེད་པ་རྣམས་དང་། སྡུག་བསྔལ་བ་རྣམས་དང་། རྟེན་མེད་པ་རྣམས་ལ་བཏང་བར་བྱ་བ་དང་།
དེ་བཞིན་གཤེགས་པ་ལ་མཆོད་པ་དང་། འཁྲུལ་པ་ཡོངས་སུ་ཤེས་པ་དང་། བྱ་བ་དང་། སྤྱོད་པ་དང་། གནས་པ་དང་། ཡིད་ལ་བྱེད་པ་ཐམས་ཅད་ལ་བྱང་ཆུབ་ཀྱི་སེམས་སྔོན་དུ་འགྲོ་བ་ནི་བྱང་ཆུབ་སེམས་དཔའི་རྟག་པར་བྱ་བ་ལྔ་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཙོ་བོར་འདོད་པ་ནི་ཆོས་བཅུ་པོ་
འདི་དག་ཡིན་ཏེ། དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཆོག་ཏུ་འཛིན་ཅིང་། མཆོག་ཏུ་འདོགས་པ་རྣམས་ལ་འདོགས་པར་བྱེད་པ་སྟེ། བཅུ་གང་ཞེ་ན། བྱང་ཆུབ་སེམས་དཔའི་རིགས་ནི་རིགས་ཐམས་ཅད་ཀྱི་གཙོ་བོ་ཡིན་པ་དང་། དང་པོ་སེམས་བསྐྱེད་པ་ནི་ཡང་དག་པའི་སྨོན་ལམ་ཐམས་ཅད་ཀྱི་གཙོ་བོ་

ཡིན་པ་དང་། བརྩོན་འགྲུས་དང་ཤེས་རབ་ནི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་གཙོ་བོ་ཡིན་པ་དང་། སྙན་པར་སྨྲ་བ་ནི་བསྡུ་བའི་དངོས་པོ་ཐམས་ཅད་ཀྱི་གཙོ་བོ་ཡིན་པ་དང་། དེ་བཞིན་གཤེགས་པ་ནི་སེམས་ཅན་ཐམས་ཅད་ཀྱི་གཙོ་བོ་ཡིན་པ་དང་། སྙིང་རྗེ་ནི་ཚད་མེད་པ་རྣམས་
ཀྱི་གཙོ་བོ་ཡིན་པ་དང་། བསམ་གཏན་བཞི་པ་ནི་བསམ་གཏན་ཐམས་ཅད་ཀྱི་གཙོ་བོ་ཡིན་པ་དང་། ཏིང་ངེ་འཛིན་གསུམ་གྱི་ནང་ན་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གཙོ་བོ་ཡིན་པ་དང་། སྙོམས་པར་འཇུག་པ་ཐམས་ཅད་ཀྱི་ནང་ན་ནི་འགོག་པའི་སྙོམས་པར་འཇུག་པ་གཙོ་བོ་ཡིན་པ་དང་། ཐབས་
ལ་མཁས་པ་ཐམས་ཅད་ཀྱི་ནང་ན་ནི་ཇི་སྐད་བསྟན་པའི་ཐབས་ལ་མཁས་པ་རྣམ་པར་དག་པ་གཙོ་བོ་ཡིན་པའོ།། །།སྡོམ་ནི། གདགས་པ་རྣམ་པར་གཞག་པ་དང་། །དེ་བཞིན་ཆོས་རྣམས་ཚོལ་བ་དང་། །ཡང་དག་ཇི་བཞིན་ཡོངས་སུ་ཤེས། །དེ་བཞིན་དཔག་ཏུ་མེད་པ་དང་། །བསྟན་པ་ཡི་ནི་འབྲས་བུ་
དང་། །ཚེ་དང་ཐེག་པ་བསྡུ་བ་དང་། །བྱང་ཆུབ་སེམས་དཔའ་བཅུར་ཤེས་བྱ། །མིང་དང་གདགས་པ་དེ་བཞིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་གདགས་པ་རྣམ་པར་གཞག་པ་ནི་བཞི་པོ་འདི་དག་ཡིན་ཏེ། དེ་དག་ནི་བྱང་ཆུབ་སེམས་དཔའ་འམ། དེ་བཞིན་གཤེགས་པ་ཁོ་ན་ཡང་དག་པར་
འདོགས་ཤིང་། རྣམ་པར་འཇོག་པར་མཛད་ཀྱི། ལྷར་གྱུར་པའམ། མིར་གྱུར་པའམ། དགེ་སྦྱོང་དང་། བྲམ་ཟེར་གྱུར་པ་གཞན་དག་གང་གིས་ཀྱང་མི་ནུས་ཏེ། དེ་དག་ཉིད་ལས་ཐོས་པ་ནི་མ་གཏོགས་སོ། །བཞི་གང་ཞེ་ན། ཆོས་གདགས་པ་རྣམ་པར་གཞག་པ་དང་། བདེན་པ་གདགས་པ་རྣམ་
པར་གཞག་པ་དང་། རིག་པ་གདགས་པ་རྣམ་པར་གཞག་པ་དང་། ཐེག་པ་གདགས་པ་རྣམ་པར་གཞག་པའོ། །དེ་ལ་མདོའི་སྡེ་ལ་སོགས་པ་གསུང་རབ་ཏུ་གཏོགས་པ་ཡན་ལག་བཅུ་གཉིས་པོ་གོ་རིམས་བཞིན་དུ་སྦྱོར་བ་དང་། གོ་རིམས་བཞིན་དུ་རྣམ་པར་གཞག་ཅིང་བསྡེབས་པ་གང་ཡིན་པ་
འདི་ནི་ཆོས་གདགས་པ་རྣམ་པར་གཞག་པའོ། །བདེན་པ་གདགས་པ་རྣམ་པར་གཞག་པ་ནི་རྣམ་པ་དུ་མར་ཡོད་དེ། ཕྱིན་ཅི་མ་ལོག་པའི་དོན་གྱིས་ནི་བདེན་པ་གཅིག་ཁོ་ན་སྟེ་གཉིས་སུ་མེད་དོ། །བདེན་པ་རྣམ་པ་གཉིས་ནི་ཀུན་རྫོབ་ཀྱི་བདེན་པ་དང་། དོན་དམ་པའི་བདེན་པའོ། །བདེན་པ་རྣམ་

པ་གསུམ་ནི། མཚན་ཉིད་ཀྱི་བདེན་པ་དང་། ངག་གི་བདེན་པ་དང་། བྱ་བའི་བདེན་པའོ། །བདེན་པ་རྣམ་པ་བཞི་ནི། སྡུག་བསྔལ་གྱི་བདེན་པ་ནས། ལམ་གྱི་བདེན་པའི་བར་དག་གོ། །བདེན་པ་རྣམ་པ་ལྔ་ནི་རྒྱུའི་བདེན་པ་དང་། འབྲས་བུའི་བདེན་པ་དང་། ཤེས་པའི་བདེན་པ་དང་། ཤེས་བྱའི་
བདེན་པ་དང་། མཆོག་གི་བདེན་པའོ། །བདེན་པ་རྣམ་པ་དྲུག་ནི། བདེན་པའི་བདེན་པ་དང་། བརྫུན་པའི་བདེན་པ་དང་། ཡོངས་སུ་ཤེས་པར་བྱ་བའི་བདེན་པ་དང་། སྤང་བར་བྱ་བའི་བདེན་པ་དང་། མངོན་སུམ་དུ་བྱ་བའི་བདེན་པ་དང་། བསྒོམ་པར་བྱ་བའི་བདེན་པའོ། །བདེན་པ་རྣམ་པ་བདུན་
ནི་རོ་མྱོང་བའི་བདེན་པ་དང་། ཉེས་དམིགས་ཀྱི་བདེན་པ་དང་། ངེས་པར་འབྱུང་བའི་བདེན་པ་དང་། ཆོས་ཉིད་ཀྱི་བདེན་པ་དང་། མོས་པའི་བདེན་པ་དང་། འཕགས་པ་རྣམས་ཀྱི་བདེན་པ་དང་། འཕགས་པ་མ་ཡིན་པ་རྣམས་ཀྱི་བདེན་པའོ། །བདེན་པ་རྣམ་པ་བརྒྱད་ནི་འདུ་བྱེད་ཀྱི་སྡུག་བསྔལ་གྱི་
བདེན་པ་དང་། འགྱུར་བའི་སྡུག་བསྔལ་གྱི་བདེན་པ་དང་། སྡུག་བསྔལ་གྱི་སྡུག་བསྔལ་གྱི་བདེན་པ་དང་། འཇུག་པའི་བདེན་པ་དང་། ལྡོག་པའི་བདེན་པ་དང་། ཀུན་ནས་ཉོན་མོངས་པའི་བདེན་པ་དང་། རྣམ་པར་བྱང་བའི་བདེན་པ་དང་། ཡང་དག་པའི་སྦྱོར་བའི་བདེན་པའོ། །བདེན་པ་རྣམ་པ་
དགུ་ནི། མི་རྟག་པའི་བདེན་པ་དང་། སྡུག་བསྔལ་བའི་བདེན་པ་དང་། སྟོང་པའི་བདེན་པ་དང་། བདག་མེད་པའི་བདེན་པ་དང་། འབྱུང་བ་ལ་སྲེད་པའི་བདེན་པ་དང་། འཇིག་པ་ལ་སྲེད་པའི་བདེན་པ་དང་། དེ་སྤང་བའི་ཐབས་ཀྱི་བདེན་པ་དང་། ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་
པའི་བདེན་པ་དང་། ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་བདེན་པའོ། །བདེན་པ་རྣམ་པ་བཅུ་ནི། གནོད་པ་ལས་བྱུང་བའི་སྡུག་བསྔལ་གྱི་བདེན་པ་དང་། ལོངས་སྤྱོད་དང་མི་ལྡན་པའི་སྡུག་བསྔལ་གྱི་བདེན་པ་དང་། ཁམས་མ་སྙོམས་པའི་སྡུག་བསྔལ་གྱི་བདེན་པ་དང་། སྡུག་པ་
འགྱུར་བའི་སྡུག་བསྔལ་གྱི་བདེན་པ་དང་། གནས་ངན་ལེན་གྱི་སྡུག་བསྔལ་གྱི་བདེན་པ་དང་། ལས་ཀྱི་བདེན་པ་དང་། ཉོན་མོངས་པའི་བདེན་པ་དང་། དེ་བཞིན་དུ་ཐོས་པ་ཚུལ་བཞིན་དུ་ཡིད་ལ་བྱེད་པའི་བདེན་པ་དང་། ཡང་དག་པའི་ལྟ་བའི་བདེན་པ་དང་། ཡང་དག་པའི་ལྟ་བའི་འབྲས་བུའི་བདེན་

པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདེན་པ་གདགས་པ་རྣམ་པར་གཞག་པ་ཞེས་བྱའོ། །དེའི་རྣམ་པར་དབྱེ་བ་ནི་ཚད་མེད་པར་རིག་པར་བྱའོ། །རིག་པ་བཞི་ནི། རིག་པ་གདགས་པ་རྣམ་པར་གཞག་པ་ཞེས་བྱ་སྟེ། དེ་དག་གི་རབ་ཏུ་དབྱེ་བ་ཡང་སྔ་མ་བཞིན་དུ་
རིག་པར་བྱའོ། །ཐེག་པ་གསུམ་པོ་དག་ལས། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོ་དག་ནི་རེ་རེ་ཡང་རྣམ་པ་བདུན་བདུན་གྱིས་གདགས་པ་རྣམ་པར་གཞག་པ་ནི་ཐེག་པ་གདགས་པ་རྣམ་པར་གཞག་པ་ཞེས་བྱའོ། །འཕགས་པའི་བདེན་པ་བཞི་པོ་དག་
ལས་ཤེས་རབ་གང་ཡིན་པ་དང་། ཤེས་རབ་དེ་ཉིད་ཀྱི་རྟེན་དང་། དམིགས་པ་དང་། གྲོགས་དང་། ལས་དང་། ཚོགས་གང་ཡིན་པ་དང་། ཤེས་རབ་དེ་ཉིད་ཀྱི་འབྲས་བུ་གང་ཡིན་པ་སྟེ། རྣམ་པ་བདུན་པོ་འདི་མཐའ་དག་གིས་ཉན་ཐོས་ཀྱི་ཐེག་པ་གདགས་པ་རྣམ་པར་གཞག་པར་རིག་པར་བྱའོ། །ཉན་
ཐོས་ཀྱི་ཐེག་པ་གདགས་པ་རྣམ་པར་གཞག་པ་ཇི་ལྟ་བ་བཞིན་དུ་རང་སངས་རྒྱས་ཀྱི་ཐེག་པ་གདགས་པ་རྣམ་པར་གཞག་པ་ཡང་དེ་དང་འདྲའོ། །བརྗོད་དུ་མེད་པའི་དངོས་པོ་ལ་དམིགས་པར་བྱས་ནས། ཆོས་ཐམས་ཅད་ལ་དེ་བཞིན་ཉིད་རྣམ་པར་མི་རྟོག་པ་མཉམ་པ་ཉིད་ལས་བྱུང་བའི་ཤེས་རབ་
གང་ཡིན་པ་དང་། ཤེས་རབ་དེ་ཉིད་ཀྱི་རྟེན་དང་། དམིགས་པ་དང་། གྲོགས་དང་། ལས་དང་ཚོགས་གང་ཡིན་པ་དང་། ཤེས་རབ་དེ་ཉིད་ཀྱི་འབྲས་བུ་གང་ཡིན་པ་དང་། རྣམ་པ་བདུན་པོ་འདི་དག་གིས་ཐེག་པ་ཆེན་པོའི་གདགས་པ་རྣམ་པར་གཞག་པའང་རིག་པར་བྱའོ། །འདས་པ་དང་། མ་འོངས་པ་
དང་། ད་ལྟར་བྱུང་བའི་དུས་དག་ན། བྱང་ཆུབ་སེམས་དཔའ་གང་ཡང་རུང་བ་དེ་དག་ཐམས་ཅད་ཀྱིས་དངོས་པོ་བཞི་པོ་འདི་དག་གིས་ཡང་དག་པར་གདགས་པ་རྣམ་པར་གཞག་པར་རིག་པར་བྱས་ཤིང་བྱེད་པར་འགྱུར་ལ་བྱེད་དེ། འདི་ལས་ལྷག་པ་ཡང་མེད་དོ། །འདི་ལས་གོང་ན་ཡང་མེད་དོ། །བཞི་
པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་ཡོངས་སུ་བཙལ་བའི་དངོས་པོ་ཡིན་ཏེ། མིང་ཡོངས་སུ་ཚོལ་བ་དང་། དངོས་པོ་ཡོངས་སུ་ཚོལ་བ་དང་། ངོ་བོ་ཉིད་དུའང་གདགས་པ་ཡོངས་སུ་ཚོལ་བ་དང་། བྱེ་བྲག་ཏུ་

གདགས་པ་ཡོངས་སུ་ཚོལ་བའོ། །འདི་རྣམས་ཀྱི་རྣམ་པར་དབྱེ་བ་ནི་འདི་ལྟ་སྟེ། དེ་ཁོ་ནའི་དོན་གྱི་ལེའུ་ལས་རིག་པར་བྱའོ། །བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་སྟེ། བཞི་གང་ཞེ་ན། མིང་ཡོངས་སུ་ཚོལ་བར་
གྱུར་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་དང་། དངོས་པོ་ཡོངས་སུ་ཚོལ་བར་གྱུར་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་དང་། ངོ་བོ་ཉིད་དུ་གདགས་པ་ཡོངས་སུ་ཚོལ་བར་གྱུར་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་དང་། བྱེ་བྲག་གདགས་པ་ཡོངས་སུ་
ཚོལ་བར་གྱུར་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་སྟེ། འདི་དག་གི་རྣམ་པར་དབྱེ་བ་ཡང་སྔ་མ་བཞིན་དུ་འདི་ལྟ་སྟེ། དེ་ཁོ་ནའི་དོན་གྱི་ལེའུ་ལས་རིག་པར་བྱའོ། །དཔག་ཏུ་མེད་པ་ལྔ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐམས་ཅད་ལ་མཁས་པར་བྱེད་པར་འགྱུར་
བ་སྟེ། ལྔ་གང་ཞེ་ན། སེམས་ཅན་གྱི་ཁམས་དཔག་ཏུ་མེད་པ་དང་། འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་དང་། ཆོས་ཀྱི་ཁམས་དཔག་ཏུ་མེད་པ་དང་། འདུལ་བའི་ཁམས་དཔག་ཏུ་མེད་པ་དང་། འདུལ་བའི་ཐབས་དཔག་ཏུ་མེད་པའོ། །དེ་ལ་སེམས་ཅན་གྱི་ཁམས་ནི་སེམས་ཅན་གྱི་
རིགས་དྲུག་ཅུ་རྩ་བཞི་ནི། འདི་ལྟ་སྟེ། ཡིད་ཀྱི་ས་ལས་འབྱུང་བ་བཞིན་ཏེ། རྒྱུད་ཀྱི་བྱེ་བྲག་གིས་ནི་དཔག་ཏུ་མེད་པའོ། །འཇིག་རྟེན་གྱི་ཁམས་རྣམས་ནི་ཕྱོགས་བཅུ་དག་ཏུ་དཔག་ཏུ་མེད་ཅིང་མིང་ཡང་དཔག་ཏུ་མེད་དེ། དཔེར་ན་འདི་ནི་འཇིག་རྟེན་གྱི་ཁམས་མི་མཇེད་དེ། དེའི་མིང་ལས་མི་
མཇེད་ཀྱི་བདག་པོ་ཚངས་པ་ཞེས་བྱ་བ་བཞིན་ནོ། །དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པའི་ཆོས་རྣམས་ནི་རབ་ཏུ་དབྱེ་བའི་ཚུལ་གྱིས་དཔག་ཏུ་མེད་པར་རིག་པར་བྱའོ། །སེམས་ཅན་ཐམས་ཅད་འདུལ་བ་ཡིན་པའི་ཕྱིར། འདུལ་བ་ནི་གཅིག་ཏུ་འགྱུར་རོ། །རྣམ་པ་གཉིས་ཀྱང་ཡོད་དེ། །
མཐའ་དག་གིས་བཅིངས་པ་དང་། མཐའ་དག་མ་ཡིན་པས་བཅིངས་པའོ། །རྣམ་པ་གསུམ་ཡང་ཡོད་དེ། དབང་པོ་རྟུལ་པོ་དང་། དབང་པོ་འབྲིང་དང་། དབང་པོ་རྣོན་པོའོ། །རྣམ་པ་བཞི་ནི། རྒྱལ་རིགས་དང་། བྲམ་ཟེ་དང་། རྗེའུ་རིགས་དང་། དམངས་རིགས་སོ། །རྣམ་པ་ལྔ་ནི་འདོད་ཆགས་སྤྱོད་

པ་དང་། ཞེ་སྡང་སྤྱོད་པ་དང་། གཏི་མུག་སྤྱོད་པ་དང་། ང་རྒྱལ་སྤྱོད་པ་དང་། རྣམ་པར་རྟོག་པ་སྤྱོད་པའོ། །རྣམ་པ་དྲུག་ནི་ཁྱིམ་པ་དང་། རབ་ཏུ་བྱུང་བ་དང་། ཡོངས་སུ་མ་སྨིན་པ་དང་། ཡོངས་སུ་སྨིན་པ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་མ་གྲོལ་བའོ། །རྣམ་པ་བདུན་ནི་
ཞེ་འགྲས་པ་དང་། ཐ་མལ་པ་དང་། སྤྲོས་པས་ཤེས་པ་དང་། མགོ་གླེངས་པས་ཤེས་པ་དང་། དེའི་མོད་ལ་འདུལ་བར་འགྱུར་བ་དང་། ཕྱིས་འདུལ་བར་འགྱུར་བ་དང་། རྐྱེན་ལས་གྱུར་པའི་འདུལ་བ་སྟེ། རྐྱེན་ཇི་ལྟ་བུ་དང་ཕྲད་པ་དེ་ལྟ་དེ་ལྟར་འགྱུར་བའོ། །རྣམ་པ་བརྒྱད་ནི་འཁོར་བརྒྱད་དེ། རྒྱལ་རིགས་
ཀྱི་འཁོར་ལ་སོགས་པ་ནས། ཚངས་པའི་འཁོར་གྱི་བར་དག་གོ། །རྣམ་པ་དགུ་ནི་དེ་བཞིན་གཤེགས་པས་འདུལ་བ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱིས་འདུལ་བ་དང་། བྱང་ཆུབ་སེམས་དཔས་འདུལ་བ་དང་། བསྒྲུབ་པར་དཀའ་བ་དང་། བསྒྲུབ་པར་སླ་བ་དང་། འཇམ་པོར་བསྒྲུབ་པར་
བྱ་བ་དང་། ཚར་གཅད་པས་བསྒྲུབ་པར་བྱ་བ་དང་། རྒྱང་རིང་པོ་ནས་འདུལ་བ་དང་། དྲུང་ནས་འདུལ་བའོ། །རྣམ་པ་བཅུ་ནི་སེམས་ཅན་དམྱལ་པ་དང་། དུད་འགྲོའི་སྐྱེ་གནས་པ་དང་། གཤིན་རྗེའི་འཇིག་རྟེན་པ་དང་། འདོད་པ་ན་སྤྱོད་པའི་ལྷ་དང་། མི་དང་། བར་མ་དོའི་སྲིད་པ་དང་། གཟུགས་
ཅན་དང་། གཟུགས་མེད་པ་དང་། འདུ་ཤེས་ཅན་དང་། འདུ་ཤེས་མེད་པ་དང་། འདུ་ཤེས་ཅན་ཡང་མ་ཡིན། འདུ་ཤེས་ཅན་མ་ཡིན་པ་ཡང་མ་ཡིན་པ་སྟེ། འདི་ཡང་རྣམ་པའི་རབ་ཏུ་དབྱེ་བས་ནི་རྣམ་པ་ལྔ་བཅུ་རྩ་ལྔའོ། །རྒྱུད་ཀྱི་རབ་ཏུ་དབྱེ་བས་ནི་ཚད་མེད་པར་རིག་པར་བྱའོ། །དེ་ལ་སེམས་
ཅན་གྱི་ཁམས་དང་། འདུལ་བའི་ཁམས་ལ་ཐ་དད་དུ་བྱ་བ་ཅི་ཡོད་ཅེ་ན། རིགས་ལ་གནས་པ་དང་། རིགས་ལ་གནས་པ་མ་ཡིན་པའི་སེམས་ཅན་ཐམས་ཅད་ནི་སེམས་ཅན་གྱི་ཁམས་སུ་བྱེ་བྲག་མེད་དོ། །རིགས་ལ་གནས་པ་གནས་སྐབས་དེ་དང་དེ་དག་ཏུ་གནས་པ་གང་དག་ཡིན་པ་དེ་ནི་
འདུལ་བའི་ཁམས་ཞེས་བྱའོ། །འདུལ་བའི་ཐབས་ནི་སྔར་ཇི་སྐད་བསྟན་པ་བཞིན་དུ་རིག་པར་བྱའོ། །དེ་ཡང་རྣམ་པར་དབྱེ་བས་དཔག་ཏུ་མེད་དེ། དེ་དག་བསྡུས་ན་དཔག་ཏུ་མེད་པ་ལྔར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ན་བྱང་ཆུབ་སེམས་དཔའ་སེམས་ཅན་གང་དག་གི་དོན་ལ་སྦྱོར་བ་དེ་ནི།

དཔག་ཏུ་མེད་པ་དང་པོའོ། །སེམས་ཅན་དེ་དག་གང་ལ་གནས་པ་ཡང་དམིགས་པ་དེ་ནི་དཔག་ཏུ་མེད་པ་གཉིས་པའོ། །སེམས་ཅན་དེ་དག་འཇིག་རྟེན་གྱི་ཁམས་དེ་དང་དེ་དག་ན་ཆོས་གང་དག་གིས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་དག་པར་གྱུར་པ་དམིགས་པ་དེ་ནི་དཔག་ཏུ་མེད་པ་
གསུམ་པའོ། །སེམས་ཅན་དེ་དག་གི་ནང་ནས་སེམས་ཅན་གང་དག་སྐལ་བ་དང་ལྡན་ཞིང་། གཏན་དུ་སྡུག་བསྔལ་ལས་རྣམ་པར་ཐར་པར་བྱེད་ནུས་པར་མཐོང་བ་དེ་ནི་དཔག་ཏུ་མེད་པ་བཞི་པའོ། །སེམས་ཅན་དེ་དག་ཉིད་རྣམ་པར་ཐར་པར་བྱ་བའི་ཐབས་གང་ཡིན་པ་དེ་ནི་དཔག་ཏུ་མེད་པ་
ལྔ་པའོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དཔག་ཏུ་མེད་པ་ལྔ་པོ་དེ་དག་ནི་ཐམས་ཅད་ལ་མཁས་པར་བྱེད་པར་འགྱུར་རོ། །ལྔ་པོ་འདི་དག་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་རྣམས་ལ་ཆོས་བསྟན་པའི་འབྲས་བུའི་ཕན་ཡོན་རྒྱ་ཆེ་བ་ཡིན་པར་
རིག་པར་བྱ་སྟེ། ལྔ་གང་ཞེ་ན། དེ་དག་ལས་སེམས་ཅན་ཁ་ཅིག་ནི་དམ་པའི་ཆོས་བསྟན་པ་དེ་ཉིད་ཀྱི་ཚེ། ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེད་པར་འགྱུར་རོ། །དེ་དག་ལས་སེམས་ཅན་ཁ་ཅིག་ནི་དམ་པའི་ཆོས་བསྟན་པའི་མོད་ལ་ཟག་པ་ཟད་པ་ཐོབ་པར་འགྱུར་
རོ། །དེ་དག་ལས་སེམས་ཅན་ཁ་ཅིག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པར་བྱེད་དོ། །དེ་དག་ལས་སེམས་ཅན་ཁ་ཅིག་ནི་དམ་པའི་ཆོས་ཐོས་པ་དེ་ཉིད་ཀྱི་མོད་ལ་བྱང་ཆུབ་སེམས་དཔའི་བཟོད་པ་མཆོག་ཐོབ་པར་འགྱུར་རོ། །སངས་རྒྱས་རྣམས་དང་། བྱང་
ཆུབ་སེམས་དཔའ་རྣམས་ཀྱིས་དམ་པའི་ཆོས་བསྟན་པས། ལུང་འབོགས་པ་དང་། ཁ་ཏོན་བྱེད་པ་དང་། ཡང་དག་པར་བསྒྲུབ་པ་གཅིག་ནས་གཅིག་ཏུ་བརྒྱུད་པའི་ཚུལ་གྱིས། དམ་པའི་ཆོས་ཀྱི་ཚུལ་ཡུན་རིང་དུ་གནས་པར་བྱེད་པར་འགྱུར་ཏེ། ལྔ་པོ་འདི་དག་ནི་བསྟན་པའི་འབྲས་བུའི་
ཕན་ཡོན་རྒྱ་ཆེན་པོ་ཡིན་པར་རིག་པར་བྱའོ། །ཆེན་པོ་བདུན་པོ་འདི་དག་ནི་གང་དང་ལྡན་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ལ་ཐེག་པ་ཆེན་པོ་ཞེས་བྱ་བར་འགྱུར་བ་སྟེ། བདུན་གང་ཞེ་ན། ཆོས་ཆེན་པོ་ནི་འདི་ལྟ་སྟེ། གསུང་རབ་ཏུ་གཏོགས་པ་ཡན་ལག་བཅུ་གཉིས་ལས་འབྱུང་བའི་

བྱང་ཆུབ་སེམས་དཔའི་སྡེ་སྣོད་ཤིན་ཏུ་རྒྱས་པའི་སྡེའོ། །སེམས་བསྐྱེད་པ་ཆེན་པོ་ནི་འདི་ལྟ་སྟེ། འགའ་ཞིག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་ཟད་པའོ། །མོས་པ་ཆེན་པོ་ནི་འདི་ལྟ་སྟེ། འགའ་ཞིག་ནི་ཆོས་ཆེན་པོ་དེ་ཉིད་ལ་མོས་
པར་ཟད་པའོ། །ལྷག་པའི་བསམ་པ་ཆེན་པོ་ནི་འདི་ལྟ་སྟེ། འགའ་ཞིག་གིས་མོས་པས་སྤྱོད་པའི་ས་ལས་ཡང་དག་པར་འདས་ཏེ། ལྷག་པའི་བསམ་པ་དག་པའི་ས་ལ་འཇུག་པར་ཟད་དོ། །ཚོགས་ཆེན་པོ་ནི་བསོད་ནམས་ཀྱི་ཚོགས་དང་། ཡེ་ཤེས་ཀྱི་ཚོགས་གང་ཡང་དག་པར་འགྲུབ་པས་བླ་
ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའོ། །དུས་ཆེན་པོ་ནི་བསྐལ་པ་གྲངས་མེད་པ་གསུམ་པོ་གང་ཡིན་པའི་དུས་དེས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའོ། །ཡང་དག་པར་འགྲུབ་པ་
ཆེན་པོ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟེ། སྐུ་ཡང་དག་པར་འགྲུབ་པ་དེ་ལ་ནི་ལུས་ཡང་དག་པར་འགྲུབ་པ་གཞན་མཚུངས་པ་ཡང་མེད་ན། གོང་དུ་ཕྱིན་པ་ལྟ་ག་ལ་ཡོད་དེ། ལྷག་པ་ལྟ་ཡང་ག་ལ་ཡོད། དེ་ལ་ཆོས་ཆེན་པོ་གང་ཡིན་པ་དང་། སེམས་བསྐྱེད་པ་ཆེན་པོ་གང་
ཡིན་པ་དང་། མོས་པ་ཆེན་པོ་གང་ཡིན་པ་དང་། ལྷག་པའི་བསམ་པ་ཆེན་པོ་གང་ཡིན་པ་དང་། ཚོགས་ཆེན་པོ་གང་ཡིན་པ་དང་། དུས་ཆེན་པོ་གང་ཡིན་པ་དང་། ཆེན་པོ་དྲུག་པོ་འདི་དག་ནི་ཡང་དག་པར་འགྲུབ་པ་ཆེན་པོའི་རྒྱུར་གྱུར་པ་ཡིན་ནོ། །ཡང་དག་པར་འགྲུབ་པ་ཆེན་པོ་དེ་དག་གཅིག་པུ་ནི་
དྲུག་པོ་དེ་དག་གི་འབྲས་བུའི་གནས་ཡིན་པར་རིག་པར་བྱའོ། །ཆོས་བརྒྱད་པོ་འདི་དག་ནི་ཐེག་པ་ཆེན་པོ་ཐམས་ཅད་སྡུད་པར་བྱེད་པ་སྟེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་བསྟན་པ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་དེ་ཉིད་དུ་ཆོས་ཐམས་ཅད་ཀྱི་དེ་ཁོ་ནའི་དོན་བསྟན་པ་གང་ཡིན་པ་དང་། བྱང་
ཆུབ་སེམས་དཔའི་སྡེ་སྣོད་དེ་ཉིད་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐུ་བསམ་གྱིས་མི་ཁྱབ་ཅིང་མཆོག་ཏུ་རྒྱ་ཆེ་བ་བསྟན་པ་གང་ཡིན་པ་དང་། དེ་ཚུལ་བཞིན་དུ་ཉན་པ་དང་། ཚུལ་བཞིན་དུ་སེམས་པ་སྔོན་དུ་འགྲོ་བའི་ལྷག་པའི་བསམ་པ་ཉམས་སུ་བླང་བ་གང་ཡིན་པ་དང་།

ལྷག་པའི་བསམ་པ་ཉམས་སུ་བླང་བ་སྔོན་དུ་འགྲོ་བའི་བསྒོམ་པའི་རྣམ་པས་འཇུག་པ་དང་། བསྒོམ་པའི་རྣམ་པས་འཇུག་པ་སྔོན་དུ་འགྲོ་བའི་བསྒོམས་པའི་འབྲས་བུ་ཡོངས་སུ་འགྲུབ་པ་དང་། བསྒོམས་པའི་འབྲས་བུ་ཡོངས་སུ་འགྲུབ་པ་དེ་ཉིད་ཀྱིས་གཏན་དུ་ངེས་པར་འབྱིན་པ་སྟེ། བྱང་ཆུབ་
སེམས་དཔའ་དེ་ལྟར་སློབ་པ་རྣམས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །བྱང་ཆུབ་སེམས་དཔའ་གང་དག་དེ་ལྟར་སློབ་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དེ་དག་གང་ཞེ་ན།
དེ་དག་ནི་མདོར་བསྡུ་ན་རྣམ་པ་བཅུར་རིག་པར་བྱ་སྟེ། རིགས་ལ་གནས་པ་དང་། ཞུགས་པ་དང་། བསམ་པ་མ་དག་པ་དང་། བསམ་པ་དག་པ་དང་། ཡོངས་སུ་མ་སྨིན་པ་དང་། ཡོངས་སུ་སྨིན་པ་དང་། ངེས་པར་ཞུགས་པ་མ་ཡིན་པ་དང་། ངེས་པར་ཞུགས་པ་དང་སྐྱེ་བ་གཅིག་གིས་ཐོགས་པ་དང་།
སྲིད་པ་ཐ་མ་པའོ། །དེ་ལ་རིགས་ལ་གནས་པའི་བྱང་ཆུབ་སེམས་དཔའ་སློབ་པ་ན་སེམས་སྐྱེད་པར་བྱེད་པ་དེ་ནི་ཞུགས་པ་ཞེས་བྱའོ། །ཞུགས་པ་དེ་ཉིད་ཇི་སྲིད་དུ་བསམ་པ་དག་པའི་ས་ལ་མ་ཞུགས་པ་དེ་སྲིད་དུ་ནི་བསམ་པ་མ་དག་པ་ཞེས་བྱའོ། །ཞུགས་པ་ནི་བསམ་པ་དག་པ་ཡིན་ནོ། །
བསམ་པ་དག་པ་དེ་ཉིད་ཇི་སྲིད་དུ་མཐར་ཐུག་པར་འགྲོ་བའི་ས་ལ་མ་ཞུགས་པ་དེ་སྲིད་དུ་ནི་ཡོངས་སུ་མ་སྨིན་པ་ཞེས་བྱའོ། །ཞུགས་པ་ནི་ཡོངས་སུ་སྨིན་པ་ཡིན་ནོ། །ཡོངས་སུ་མ་སྨིན་པ་དེ་ཡང་ཇི་སྲིད་དུ་ངེས་པ་དང་། སྤྱོད་པ་ངེས་པའི་ས་ལ་ངེས་པར་མ་ཞུགས་པ་དེ་སྲིད་དུ་ནི་མ་ངེས་པ་ཞེས་
བྱའོ། །ཞུགས་པ་ནི་ངེས་པ་ཡིན་ནོ། །ཡོངས་སུ་སྨིན་པ་དེ་ཡང་རྣམ་པ་གཉིས་ཏེ། སྐྱེ་བ་གཅིག་གིས་ཐོགས་པ་ནི་ཚེ་ཕྱི་མ་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་གང་ཡིན་པ་དང་། སྲིད་པ་ཐ་མ་པ་ནི་ཚེ་འདི་ཉིད་ལ་གནས་བཞིན་དུ་བླ་ན་
མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་གང་ཡིན་པའོ། །རིགས་ཡན་ཆད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་བྱང་ཆུབ་སེམས་དཔའ་བཅུ་པོ་དེ་དག་བསྟན་པ་གང་ཡིན་པ་དག་བྱང་ཆུབ་སེམས་དཔའི་བསླབ་པ་རྣམས་

ལ་སློབ་པ་དེ་དག་གི་བསླབ་པ་ནི་གང་ལ་སློབ་པ་དང་། ཇི་ལྟར་སློབ་པ་དེ་ལས་གོང་ན་ཡང་མེད་དོ། །དེ་ལས་ལྷག་པ་ཡང་མེད་དོ། །ཇི་སྐད་བསྟན་པའི་བྱང་ཆུབ་སེམས་དཔའ་དེ་དག་ལས་གོང་ན་ཡང་གང་དག་བྱང་ཆུབ་སེམས་དཔའི་བསླབ་པ་རྣམས་ལ་སློབ་པའི་བྱང་ཆུབ་
སེམས་དཔའ་མེད་དོ། །ཡང་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱི་མིང་དབྱེར་མེད་པ་འདི་ལྟ་བུ་འདི་དག་ནི་ཡོན་ཏན་ལས་བཏགས་པར་རིག་པར་བྱ་སྟེ། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །བློ་དང་ལྡན་པ་གསལ་བའི་མཆོག །རྒྱལ་བའི་སྲས་དང་རྒྱལ་བའི་
གཞི། །རྒྱལ་བའི་མྱུ་གུ་རྣམ་རྒྱལ་བྱེད། །རྩལ་དང་ལྡན་པ་འཕགས་པའི་མཆོག །དེད་དཔོན་གྲགས་པ་ཆེན་པོ་སྟེ། །སྙིང་རྗེ་ཅན་དང་བསོད་ནམས་ཆེ། །དབང་ཕྱུག་དེ་བཞིན་ཆོས་དང་ལྡན། །ཡང་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་འཇིག་རྟེན་གྱི་ཁམས་དག་ན་བྱང་ཆུབ་སེམས་དཔའ་མུ་
མེད་པ་གནས་པ་དེ་དག་སོ་སོ་རང་གི་མིང་དུ་གདགས་པ་ནི་དཔག་ཏུ་མེད་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་གང་དག་བདག་ནི་བྱང་ཆུབ་སེམས་དཔའོ་ཞེས་ཁས་འཆེ་བར་གནས་ལ། བྱང་ཆུབ་སེམས་དཔའི་བསླབ་པ་རྣམས་ལ་ལེགས་པར་མི་སྒྲུབ་པ་དེ་དག་ནི་བྱང་ཆུབ་སེམས་དཔའ་
ལྟར་བཅོས་པ་ཡིན་པར་རིག་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་ཡང་དག་པ་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་གང་དག་བདག་ནི་བྱང་ཆུབ་སེམས་དཔའ་ཡིན་ནོ་ཞེས་ཁས་འཆེ་བར་གནས་ལ་བྱང་ཆུབ་སེམས་དཔའི་བསླབ་པ་རྣམས་ལ་ཡང་ལེགས་པར་སློབ་པ་དེ་དག་ནི་ཡང་དག་པའི་བྱང་ཆུབ་
སེམས་དཔའ་ཡིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའི་སའི་གཞིའི་རྣལ་འབྱོར་གྱི་གནས་ལས་བྱང་ཆུབ་སེམས་དཔའི་ཡོན་ཏན་གྱི་ལེའུ་སྟེ་བཅོ་བརྒྱད་པའོ། །གཞིའི་རྣལ་འབྱོར་གྱི་གནས་རྫོགས་སྷོ།། །།སྡོམ་ནི། ངོ་བོ་ཉིད་དང་གནས་དང་ནི། །འབྲས་བུ་གོ་རིམས་བསྡུ་བ་
ཡིན། ལྔ་པོ་འདི་དག་ནི་ཡང་དག་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་རྟགས་ཡིན་ཏེ། དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་གྲངས་སུ་འགྲོའོ། །ལྔ་གང་ཞེ་ན། སྙིང་བརྩེ་བ་དང་། སྙན་པར་སྨྲ་བ་དང་། བརྟན་པ་དང་། ལག་རྐྱོང་

བ་དང་། དོན་དང་དགོངས་པ་ཟབ་མོ་ངེས་པར་འགྲེལ་པའོ། །ཆོས་ལྔ་པོ་འདི་དག་ནི་ལྔར་བསྒྲེ་བར་རིག་པར་བྱ་སྟེ། ངོ་བོ་ཉིད་དང་། གནས་དང་། འབྲས་བུའི་ཕན་ཡོན་དང་། གོ་རིམས་དང་བསྡུ་བའོ། །དེ་ལ་སྙིང་བརྩེ་བའི་ངོ་བོ་ཉིད་ནི་རྣམ་པ་གཉིས་ཏེ། བསམ་པར་གཏོགས་པ་དང་། སྒྲུབ་
པར་གཏོགས་པའོ། །དེ་ལ་བསམ་པར་གཏོགས་པ་ནི། བྱང་ཆུབ་སེམས་དཔའི་ཕན་པའི་བསམ་པ་དང་། བདེ་བའི་བསམ་པ་སྟེ། སེམས་ཅན་རྣམས་ལ་སྙིང་བརྩེ་བ་ཞེས་བྱའོ། །སྙིང་བརྩེ་བའི་སྒྲུབ་པར་གཏོགས་པའི་ངོ་བོ་ཉིད་ནི། སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་བསམ་
པ་གང་ཡིན་པ་དེ་ཉིད་ཅི་ནུས་ཅི་ལྕོགས་ཀྱིས་ལུས་དང་ངག་གིས་ཉེ་བར་སྒྲུབ་པའོ། །དེ་ལ་སྙེན་པར་སྨྲ་བའི་ངོ་བོ་ཉིད་ནི་སྔ་མ་བཞིན་དུ་ཡང་དག་པར་དགའ་བར་བྱེད་པ་དང་། ཀུན་དུ་དགའ་བར་བྱེད་པ་དང་། ཕན་འདོགས་པའི་ཚིག་ཡིན་ཏེ། འདི་ལྟ་སྟེ། བསྡུ་བའི་དངོས་པོའི་ལེའུ་ལས་རིག་
པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་སྙིང་སྟོབས་དང་། སྲན་ཐུབ་པ་དང་། ཞུམ་པ་མེད་པའི་སྟོབས་དང་ལྡན་པ་གང་ཡིན་པ་དེ་ནི་བརྟན་པའི་ངོ་བོ་ཉིད་ཅེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་རྒྱ་ཆེར་སྦྱིན་པ་དང་། ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་སྦྱིན་པ་གང་ཡིན་པ་འདི་
ནི་ལག་རྐྱོང་བའི་སྦྱིན་པའི་ངོ་བོ་ཉིད་ཡིན་པར་རིག་པར་བྱའོ། །སོ་སོ་ཡང་དག་པར་རིག་པ་བཞི་དང་། དེ་དག་ཉིད་མངོན་པར་སྒྲུབ་པའི་ཕྱིར་ཡང་དག་པའི་སྦྱོར་བ་ལས་བྱུང་བའི་ཤེས་པ་འདི་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་དང་དགོངས་པ་ཟབ་མོ་ངེས་པར་འགྲེལ་བའི་ངོ་བོ་ཉིད་ཡིན་
པར་རིག་པར་བྱའོ། །དེ་ལ་སྙིང་བརྩེ་བའི་གནས་ནི་ལྔ་སྟེ། ལྔ་གང་ཞེ་ན། སེམས་ཅན་སྡུག་བསྔལ་བ་རྣམས་དང་། ཉེས་པར་སྤྱད་པ་སྤྱོད་པ་རྣམས་དང་། བག་མེད་པ་རྣམས་དང་། ལོག་པར་ཞུགས་པ་རྣམས་དང་། ཉོན་མོངས་པའི་བག་ལ་ཉལ་བ་དང་ལྡན་པ་རྣམས་སོ། །དེ་ལ་
སེམས་ཅན་དམྱལ་བའི་སེམས་ཅན་ཡན་ཆད་གང་སུ་ཡང་རུང་བ་དག་གི་སྡུག་བསྔལ་གྱི་ཚོར་བ་རྒྱུན་དུ་གནས་ཤིང་། རྒྱུད་ལ་ཞེན་པར་འདུག་པའི་སེམས་ཅན་དེ་དག་ནི་སྡུག་བསྔལ་བ་ཞེས་བྱའོ། །གང་དག་སྡུག་བསྔལ་བར་ངེས་པ་ནི་མེད་མོད་ཀྱི། ཤས་ཆེར་ལུས་ཀྱི་ཉེས་པར་སྤྱོད་པ་

ལྷག་པར་སྤྱོད་ཅིང་། ངག་གི་ཉེས་པར་སྤྱོད་པ་དང་། ཡིད་ཀྱི་ཉེས་པར་སྤྱོད་པ་ལྷག་པར་སྤྱོད་དེ། དེ་ལ་མངོན་པར་དགའ་བའི་རང་བཞིན་དུ་གནས་པའི་སེམས་ཅན་དེ་དག་ནི་ཉེས་པར་སྤྱད་པ་སྤྱོད་པ་ཞེས་བྱ་སྟེ། འདི་ལྟ་སྟེ། ཤན་པ་དང་། ཕག་གསོད་པ་དང་། བྱ་གང་
གསོད་པ་ལ་སོགས་པ་ལྟ་བུའོ། །གང་དག་སྡུག་བསྔལ་བ་དང་། ཉེས་པར་སྤྱད་པ་སྤྱོད་པར་ངེས་པར་མེད་མོད་ཀྱི། འདོད་པ་རྣམས་ལ་ལྷག་པར་ཞེན་ཅིང་སྤྱོད་པ་དང་། ཟློས་གར་མཁན་དང་། བྲོ་གར་མཁན་དང་། བཞད་གད་མཁན་དང་། འཇོ་སྒེག་མཁན་དང་། ལྟད་མོ་ལྷུར་འཛིན་
པར་གནས་ཤིང་། བདག་གི་བྱི་དོར་ལྷུར་ལེན་པའི་སེམས་ཅན་དེ་དག་ནི་བག་མེད་པ་ཞེས་བྱ་སྟེ། འདི་ལྟ་སྟེ། ཁ་ཅིག་འདོད་པ་ལ་ལོངས་སྤྱོད་པ་ལྟ་བུའོ། །གང་དག་སྡུག་བསྔལ་བ་དང་། ཉེས་པར་སྤྱད་པ་སྤྱོད་པ་དང་། བག་མེད་པར་སྤྱོད་པ་ནི་མེད་མོད་ཀྱི། ལྟ་བ་ཉམས་པ་ལ་བརྟེན་ནས་
སྡུག་བསྔལ་ལས་རྣམ་པར་ཐར་པར་བྱ་བའི་ཕྱིར་ཞུགས་པའི་སེམས་ཅན་དེ་དག་ནི་ལོག་པར་ཞུགས་པ་ཞེས་བྱ་སྟེ། འདི་ལྟ་སྟེ། འདོད་པ་རྣམས་སྤངས་ནས་ཉེས་པར་བཤད་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་ལྟ་བུའོ། །སེམས་ཅན་གང་དག་སྡུག་བསྔལ་བ་ནས་རྒྱས་པར་ལོག་པར་
ཞུགས་པའི་བར་དུ་ངེས་པ་ནི་མེད་མོད་ཀྱི། ཉོན་མོངས་པ་མཐའ་དག་གིས་བཅིངས་པ་དང་། མཐའ་དག་མ་ཡིན་པས་བཅིངས་པའི་སེམས་ཅན་དེ་དག་ནི་ཉོན་མོངས་པའི་བག་ལ་ཉལ་བ་དང་ལྡན་པ་ཞེས་བྱ་སྟེ། འདི་ལྟ་སྟེ། ཡང་དག་པར་ཞུགས་པའི་སོ་སོའི་སྐྱེ་བོ་དགེ་བ་གང་ཡིན་པ་དག་དང་།
སློབ་པ་གང་ཡིན་པ་དག་ལྟ་བུའོ། །འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་བརྩེ་བའི་གནས་ཡིན་ཏེ། གནས་དེ་དང་དམིགས་པ་དེས་སྙིང་བརྩེ་བ་འབྱུང་བར་འགྱུར་ཏེ། དེ་ལས་གོང་ན་ཡང་མེད་དོ། །དེ་ལས་ལྷག་པ་ཡང་མེད་དོ། །ལྔ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་
སྙན་པར་སྨྲ་བའི་གནས་ཡིན་ཏེ། ལྔ་གང་ཞེ་ན། ལེགས་པར་སྨྲ་བར་བྱ་བ་དང་། ལེགས་པར་ཀུན་དུ་