Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 117

Văn bản gốc(Tây Tạng)

Trang 18 / 18 (50.000 ký tự/trang)
གང་གསུངས་པ། ཞིང་རྣམས་རྒྱ་མཚོ་ཞེས་པ་ལ་སོགས་པ་ལ། སངས་རྒྱས་ཀྱི་ཞིང་རྒྱ་མཚོ་དག་བདེ་བ་ཅན་དང་པདྨ་ཅན་དང་འདྲ་བར་སྐད་ཅིག་ལ་ཡོངས་སུ་
དག་པར་བྱའོ། །དེ་བཞིན་དུ་འཁོར་བའི་བཙོན་ར་ན་ཉོན་མོངས་པའི་ལྕགས་སྒྲོག་གི་བཅིང་བས་བཅིངས་པའི་སེམས་ཅན་རྒྱ་མཚོ་དག་རྫུ་འཕྲུལ་དང་ཀུན་བརྗོད་པའི་ཆོ་འཕྲུལ་གཉིས་ཀྱིས་དད་པར་བྱས་ནས། རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་སྐད་ཅིག་ལ་དག་པར་བྱེད་པའོ། །ཆོས་རྣམས་རྒྱ་མཚོ་
ཞེས་པ་ནི་བསྟན་པའི་ཆོས་རྒྱ་མཚོ་དང་། རྟོགས་པའི་ཆོས་རྒྱ་མཚོ་སྟེ། ཤེས་རབ་ཀྱི་མིག་གིས་སྐད་ཅིག་ལ་མཐོང་བའི་ལྟ་བའོ། །ཤེས་བྱ་མཐའ་ཡས་པའི་ཕྱིར་ཡེ་ཤེས་ཀྱང་མཐའ་ཡས་པ་སྟེ། དེའི་ཕྱིར་གསུངས་པ། ཡེ་ཤེས་རྒྱ་མཚོ་ཞེས་སོ། །དེ་སྐད་ཅིག་ལ་ཡེ་ཤེས་རྒྱ་མཚོ་རྟོགས་པ་
ནི་ཡིད་ཀྱིས་རྟོགས་པར་བྱ་བའོ་ཞེས་པའི་བར་དུའོ། །སྤྱོད་པ་རྒྱ་མཚོ་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་མཚོ་དང་། བཟང་པོ་སྤྱོད་པའི་སྤྱོད་པ་རྒྱ་མཚོ་སྟེ། བྱེ་བྲག་ཏུ་མ་བྱས་པའི་ཕྱིར་ན་གཉི་ག་ཡང་ཉེ་བར་བསྟན་པའོ། །དེ་ལ་བྱང་ཆུབ་ཀྱི་སྤྱོད་པ་ནི་སངས་རྒྱས་ཀྱི་ཆོས་འཕེལ་བར་བྱེད་
པ་ཡེ་ཤེས་ཀྱི་ཚོགས་སོ། །བཟང་པོ་སྤྱོད་པ་ཡང་འགྲོ་བ་ཐམས་ཅད་ལ་ཕན་པ་དང་བདེ་བ་སྐྱེད་པ་བསོད་ནམས་ཀྱི་ཚོགས་སོ། །འོན་ཀྱང་བཟང་པོ་སྤྱོད་པ་ཡང་བྱང་ཆུབ་ཀྱི་སྤྱོད་པ་ཉིད་དེ། གཉི་ག་ཡང་བྱང་ཆུབ་ཐོབ་པར་བྱེད་པའི་ཕྱིར་རོ། །འོན་ཀྱང་དངོས་དང་བརྒྱུད་པའི་བྱེ་བྲག་ཉིད་དོ། །དེ་སྤྱོད་པ་རྒྱ་

མཚོ་ནི་མངོན་པར་ཤེས་པའི་སྟོབས་ཀྱིས་སྐད་ཅིག་ལ་དག་པར་བྱེད་པ་སྟེ། དྲི་མ་མེད་པར་བྱེད་པའོ། །སྨོན་ལམ་རྒྱ་མཚོ་ནི་སྐད་ཅིག་གཅིག་ལ་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ཡོངས་སུ་རྫོགས་པར་བྱེད་པའོ། །སངས་རྒྱས་རྒྱ་མཚོ་ནི་ཕྱོགས་བཅུ་ན་བཞུགས་
པའི་སངས་རྒྱས་རྒྱ་མཚོ་ལ་མཆོད་པའི་སྤྲིན་ནམ་མཁའ་ཁྱབ་པ་དག་གིས་སྐད་ཅིག་ལ་མཆོད་པར་བྱ་བའོ། །བསྐལ་པ་རྒྱ་མཚོར་མི་སྐྱོ་སྤྱད་པ་ནི་མི་སྐྱོ་བའི་ཡིད་ཀྱིས་བྱ་བའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རྗེས་སུ་བསླབ་པར་ཡོངས་སུ་བསྔོ་བར་ནི་རྣམ་པ་བཅོ་ལྔ་པ་སྟེ། དེ་ཡང་རྣམ་པ་
གཉིས་ལས། དེ་ལ་དེ་བཞིན་གཤེགས་པའི་རྗེས་སུ་ཡོངས་སུ་བསྔོ་བར་བསླབ་པར་གང་གསུངས་པ་ནི། གང་ཡང་དུས་གསུམ་གཤེགས་པ་རྒྱལ་བ་ཡིས། །ཞེས་བྱ་བ་ལ། གང་ཡང་དུས་གསུམ་བཞུགས་པ་རྒྱལ་བ་ཡི་ཞེས་བྱང་ཆུབ་སེམས་དཔའི་སྤྱོད་པ་ནི། སྨོན་ལམ་ཁྱད་པར་ཅན་དེ་
ཐམས་ཅད་མ་ལུས་པར་བདག་གིས་ཡོངས་སུ་རྫོགས་པར་བགྱི་ཞེས་པ་ནི། ཡོངས་སུ་རྫོགས་པར་བྱ་བའོ། །བཟང་པོ་སྤྱོད་པ་ཞེས་པ་ནི་བཟང་པོ་སྤྱོད་པའོ། །བྱང་ཆུབ་སངས་རྒྱས་ཞེས་པ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུའོ། །ལུས་དང་ངག་དང་ཡིད་ཀྱི་སྤྱོད་པ་དང་
ཞིང་རྣམ་པར་དག་པའི་སྨོན་ལམ་རྣམ་པར་དག་པ་དག །འཕགས་པ་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོའི་རྗེས་སུ་བསླབ་པ་དང་། ཡོངས་སུ་བསྔོ་བའི་ཚིགས་སུ་བཅད་པ་གསུམ་གྱིས་གང་གསུངས་པ་ནི། སྲས་ཀྱི་ཐུ་བོ་ཞེས་བྱ་བ་ལ། གང་ཀུན་དུ་བཟང་པོའི་སྤྱོད་པའི་བྱང་ཆུབ་སེམས་
དཔའ་དག །དེ་བཞིན་དུ་ཇི་སྲིད་དུ་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་དང་། ཇི་སྲིད་དུ་ཏིང་ངེ་འཛིན་དང་། མདོར་བསྡུས་ན་ཇི་སྲིད་དུ་བྱང་ཆུབ་སེམས་དཔའི་ཡོན་ཏན་འདི་དག་མ་ལུས་པ་དེ་སྲིད་དུ་ཐམས་ཅད་ཉིད་ལས་བྱང་ཆུབ་སེམས་དཔའ་འཕགས་པ་ཀུན་དུ་བཟང་པོ་མཆོག་ཏུ་གྱུར་པ་
དེས་ན་ཐུ་བོ་ཞེས་གསུངས་སོ། །རྒྱལ་བ་ཐམས་ཅད་ཀྱི་སྲས་ཀྱི་ཐུ་བོ་འཕགས་པ་ཀུན་དུ་བཟང་པོ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་དེ་ལ་མཁས་པ་ཞེས་སོ། །དེ་ཉིད་མཁས་པ་སྟེ། གང་དེ་དང་མཚུངས་པར་སྤྱད་པའི་ཞེས་པ་ནི་མཉམ་དུ་སྤྱད་པའོ། །དེ་ལྟར་དགེ་བའི་རྩ་བ་ཇི་ལྟར་བསྟན་པ་དེ་སྐད་

ཅིག་ལ་དེ་ཡོངས་སུ་བསྔོ་ཞེས་པ་ནི་ཡོངས་སུ་བསྔོ་བར་བྱའོ། །ལུས་དང་ངག་རྣམས་དང་ནི་སེམས་ཀྱིས་ཞེས་བྱ་བ་ནི་ལུས་དང་ངག་དང་ཡིད་རྣམ་པར་དག་པ་དང་། སྤྱོད་པ་རྣམ་པར་དག་པ་དང་ཞིང་ཡོངས་སུ་དག་པའོ། །གང་དང་འདྲ་བར་ཞེ་ན། གང་གི་མིང་ནི་ཞེས་པ་སྟེ་མིང་གང་ཡོངས་སུ་བསྔོ་བ།
བཟང་པོ་ལ་མཁས་པ་ཞེས་པ་སྟེ། འཕགས་པ་ཀུན་དུ་བཟང་པོ་ནི་བཟང་པོ་ལ་མཁས་པའོ། །དེ་འདྲར་ཞེས་པ་ནི་དེ་དང་མཚུངས་པ་ཉིད་དུ་བདག་གྱུར་ཅིག་པའོ། །མཚུངས་ཞེས་པ་ནི་འདྲ་བར་རོ། །དེས་ན་ཞེས་པ་ནི་འཕགས་པ་ཀུན་དུ་བཟང་པོའོ། །བཟང་པོ་སྤྱོད་པ་ཞེས་ཏེ་བཟང་པོའི་སྤྱོད་པའོ། །ཀུན་ནས་
དགེ་བ་ཞེས་པ་ནི་ཐོག་མ་དང་བར་མ་དང་ཐར་མར་རོ། །འཇམ་དཔལ་གྱི་སྨོན་ལམ་ཞེས་པ་ནི་འཕགས་པ་འཇམ་དཔལ་གྱི་སྨོན་ལམ་གྱི་སྤྱོད་པའོ། །དེའི་སྨོན་ལམ་ཇི་ལྟ་བུ་ཞེ་ན། འཕགས་པ་འཇམ་དཔལ་ཆོས་ཀྱི་རྒྱལ་པོར་གྱུར་པ་ན་གསུངས་པ། ཇི་སྲིད་དང་པོའི་མཐའ་ནས་ནི། །འཁོར་བའི་མཐའ་མ་སྤངས་པ་
རུ། །དེ་སྲིད་སེམས་ཅན་ཕན་པ་ཉིད། །བདག་ནི་སྤྱོད་པ་སྤྱོད་པར་ཤོག །ཅེས་པ་ལ་སོགས་པ་རྒྱས་པར་གསུངས་སོ། །མ་འོངས་བསྐལ་པ་ཀུན་དུ་མི་སྐྱོ་བར། །ཞེས་པ་ནི། མ་འོངས་པའི་བསྐལ་པ་མ་ལུས་པ་ཐམས་ཅད་དུ་ཡང་མ་དུབ་པའི་སེམས་ཀྱི་བསམ་པས་བྱ་བའོ། །དེ་དག་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་
བྱ་བའི་ལས་ཡོངས་སུ་རྫོགས་པར་བྱ་བ་ནི་ཕུན་སུམ་ཚོགས་པར་བྱ་བའོ་ཞེས་པའོ། །ཚད་མེད་པ་དང་། སྦྱོར་བ་དང་། ཡོན་ཏན་དང་། སྤྱོད་པ་དང་། གནས་སྐབས་ཀྱི་ཁྱད་པར་གྱིས་བསྡུས་པ་རྣམ་པ་བཅུ་དྲུག་པོ་གང་གསུངས་པ་ནི། སྤྱོད་པ་དག་ནི་ཞེས་བྱ་བ་ལ་སོགས་པ་ལ། བདག་གི་སྤྱོད་པ་ཚད་ཡོད་པར་
མ་གྱུར་པ་དང་། ཡོན་ཏན་ཚད་གཟུང་དུ་མེད་པར་གྱུར་པ་དང་། སྤྱོད་པ་ཚད་མེད་པར་གྱུར་པ་དང་། ཡོན་ཏན་ཚད་མེད་པར་གྱུར་པ་ལ་གནས་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་གི་རྣམ་པར་འཕྲུལ་པ་རྫུ་འཕྲུལ་ལ་སོགས་པ་གང་ངོ་མཚར་དུ་གྱུར་པ་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་འཚལ་བར་
བགྱིའོ་ཞེས་སོ། །འདི་ནི་དེའི་རབ་ཏུ་དབྱེ་བ་རྣམ་པ་བཅུ་དྲུག་སྟེ་དོན་བརྒྱད་པའོ། །ད་ནི་དེའི་མཐར་ཐུག་པའི་དོན་དགུ་པ་སྟེ། དེ་ནི་ཀུན་དུ་བཟང་པོའི་སྨོན་ལམ་གྱི་མཐར་ཐུག་པ་སྟེ། ནམ་མཁའི་མཐར་ཐུག་པ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ། ནམ་མཁའི་ཁམས་མཐར་ཐུག་པ་ཞེས་བྱ་བ་ལ་

སོགས་པ་ལ། ཇི་སྲིད་དུ་ནམ་མཁའི་ཁམས་ཀྱི་མཐར་ཐུག་པར་གྱུར་པ། སེམས་ཅན་གྱི་ཁམས་ཀྱི་མཐར་ཐུག་པ་དེ་སྲིད་དང་། ལས་དང་ཉོན་མོངས་པ་ཡང་འགྲོ་བ་ཇི་སྲིད་པའི་མཐར་ཐུག་པ་དེ་སྲིད་ཀྱི་བར་དུ། བདག་གིས་ཀུན་དུ་བཟང་པོའི་སྤྱོད་པའི་སྨོན་ལམ་འདི་ཡང་གྱུར་ཅིག་
པའོ། །ནམ་མཁའ་མཐར་ཐུག་པ་མེད་པ་དང་ཡོངས་སུ་རྫོགས་པ་མེད་པ་དེ་བཞིན་དུ། བདག་གི་སྨོན་ལམ་ཡང་མཐར་ཐུག་པ་མེད་པ་དང་། ཡོངས་སུ་རྫོགས་པ་མེད་པར་གྱུར་ཅིག་ཅེས་པའོ། །དོན་བཅུ་པ་ནི་སྨོན་ལམ་གྱི་ཕན་ཡོན་ནོ། །དེ་ཡང་རྣམ་པ་གཉིས་ཏེ་མཐོང་བའི་ཆོས་དང་། ཕ་རོལ་
གྱིའོ། །དེ་ལ་མཐོང་བའི་ཆོས་ལ་བཞི་སྟེ། འདི་ལྟ་སྟེ། བསོད་ནམས་ཁྱད་པར་ཅན་ཡོངས་སུ་གཟུང་བ་དང་། དེ་བཞིན་གཤེགས་པ་བལྟ་བ་དང་། བྱང་ཆུབ་སེམས་དཔའི་གྲོགས་མཐུན་པ་རྙེད་པ་དང་། ལས་ཀྱི་སྒྲིབ་པ་ཐམས་ཅད་ཡོངས་སུ་ཟད་པའོ། །དེ་ལ་རབ་ཏུ་མང་བར་གྱུར་པ་རྒྱ་ཆེ་བ་
རྣམ་པ་སྣ་ཚོགས་པའི་རྗེས་སུ་བཟུང་བའི་དངོས་པོ་ཞིང་ཁྱད་པར་དུ་འཕགས་པའི་གཏམ་བྱང་ཆུབ་ཀྱི་དོན་དུ་གྱུར་པའི་སྨོན་ལམ་ལ། མོས་པའི་མཆོག་ཁྱད་པར་དུ་འཕགས་པའི་བསོད་ནམས་ཡོངས་སུ་བསྔོ་བ་གང་གསུངས་པ་ནི། གང་ཡང་ཕྱོགས་བཅུའི་ཞིང་རྣམས་ཞེས་བྱ་བ་ལ་སོགས་པ་
ལ། གང་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་ཕྱོགས་བཅུའི་མཐའ་ཡས་པ་མཐར་ཐུག་པའི་སངས་རྒྱས་ཀྱི་ཞིང་སྣ་ཚོགས་པ། རིན་པོ་ཆེ་དང་། གོས་དང་། བླ་རེ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། རོལ་མོ་དང་། རིན་པོ་ཆེའི་དྲིལ་བུ་དང་། ཕྲེང་བ་དང་། དྲི་དང་། མེ་
ཏོག་དང་། མར་མེའི་ཕྲེང་བ་དག་མི་དང་ལྷའི་དག་ལས་ཤིན་ཏུ་འདས་པས་བརྒྱན་པ། ལྷ་དང་མི་དག་གི་ཁྱད་པར་དུ་འཕགས་པའི་བཟའ་བ་དང་བཏུང་བ་ལ་སོགས་པ་རོ་ལྔ་བརྒྱ་དང་ལྡན་པ་མཆོག་ཏུ་བདེ་བ་སྐྱེད་པར་བྱེད་པ། སངས་རྒྱས་ཀྱི་ཞིང་རྡུལ་དང་མཉམ་པའི་བསྐལ་པ་དང་སངས་རྒྱས་བཅོམ་
ལྡན་འདས་དག་ལ་དབུལ་བར་བྱའོ། །གང་ཡང་གཞན་འདི་ལྟ་བུའི་བསྔོ་བའི་རྒྱལ་པོ་འདི་ཐོས་ནས་ལན་ཅིག་ཙམ་ཡང་མོས་པ་སྟེ། མངོན་པར་ཡིད་ཆེས་པ་ཉིད་ཀྱིས་འདི་ཉིད་ངེས་པ་སྐྱེས་ནས་གང་བྱེད་པའོ། །དེ་གང་ཞེ་ན། བྱང་ཆུབ་མཆོག་གི་རྗེས་སུ་རབ་མོས་ཏེ། །ཞེས་པ་ནི་ཐེག་པ་ཆེན་པ་པའོ། །དེ་ཡང་བསྔོ་བས་

བཟང་བའི་བསོད་ནམས་ཁྱད་པར་དུ་འཕགས་པ་འདི་ཐོབ་པར་འགྱུར་བའོ། །འགྱུར་རོ་ཞེས་བྱ་བར་བསྟན་པ་ནི་དེ་དག་གི་དོན་གྲུབ་པའི་རྣམ་པར་དབྱེ་བར་ཡོངས་སུ་འགྱུར་བ་སྟེ། དེའི་བསོད་ནམས་ཀྱི་མཆོག་ཁྱད་པར་དུ་འཕགས་པ་འདི་ལྟ་བུར་འགྱུར་བའོ། །སྡིག་པའི་གྲོགས་པོ་ངན་པ་སྤོང་བ་དང་། དེ་བཞིན་གཤེགས་
པ་ལ་བལྟ་བ་གང་གསུངས་པ། །གྲོགས་པོ་ངན་པ་སྤངས་པ་ཡིན། །ཞེས་བྱ་བ་ལ་སོགས་པ་ལ། གྲོགས་པོ་ངན་པ་ནི་མི་དགེ་བའི་བཤེས་གཉེན་ཏེ་ཉན་ཐོས་ལ་སོགས་པའོ། །འཆི་བའི་དུས་ན་ངེས་པར་བཅོམ་ལྡན་འདས་སྣང་བ་མཐའ་ཡས་དེ་བཞིན་གཤེགས་པ་མྱུར་དུ་མཐོང་བའོ། །གང་གིས་མཐོང་ཞེ་ན། གང་འདི་
ལྟ་བུའི་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་སྙིང་པོར་གྱུར་པའི་གཞུང་དང་དོན་དག་བློ་ལ་གནས་པའོ། །སྐྱེ་བ་འདི་ཐོབ་པ་ལ་བསྔགས་པའི་གྲོགས་པོ་བྱང་ཆུབ་སེམས་དཔའ་དང་གང་ཕྲད་པར་གསུངས་པ་ནི། རྙེད་པ་རབ་རྙེད་ཅེས་བྱ་བ་ལ་སོགས་པ་ལ། རྙེད་པ་ནི་བླ་ན་མེད་པའི་སྨོན་ལམ་རིན་པོ་ཆེ་རྙེད་པའོ། །རབ་ཏུ་རྙེད་པ་ནི་
དེས་བདེ་བར་འཚོ་བ་དང་། དེ་དག་སྨོན་ལམ་རིན་པོ་ཆེ་འདི་ཉིད་རྙེད་པ་སྟེ། འདི་ཉིད་ཀྱིས་ཀྱང་སྐྱེ་བ་ན་མཆོག་ཏུ་གྱུར་པ་ཐོབ་པར་བྱ་བའི་དངོས་པོ་ཐོབ་པའི་ཕྱིར་རོ། །ལེགས་པར་འོངས་པ་ནི་མིའི་སྐྱེ་བར་རོ། །གང་འཕགས་པ་ཀུན་དུ་བཟང་པོའི་སྤྱོད་པ་དེ་ཅི་འདྲ་བར་དེ་ཡང་མྱུར་བ་ཉིད་དུ་དེ་བཞིན་དུ་དེ་དང་འདྲ་བར་གྱུར་ཅིག་ཅེས་པའོ། །
ལས་ཀྱི་སྒྲིབ་པ་ཡོངས་སུ་ཟད་པའི་ཕན་ཡོན་བཞི་པ་གང་གསུངས་པ་ནི་མཚམས་མེད་པ་ལྔ་པོ་ཞེས་བྱ་བ་ལ་སོགས་པ་ལ། མཚམས་མེད་པ་ལྔ་ནི་མ་བསད་པ་ལ་སོགས་པ་སྟེ། གང་མི་ཤེས་པའི་དབང་གིས་བྱས་པའོ། །མི་ཤེས་པ་རྩ་བར་གྱུར་པའི་ཕྱིར་ན། གཞན་འདོད་ཆགས་ལ་སོགས་པ་ཡང་མི་ཤེས་པའི་དབང་
གིས་ཞེས་བརྗོད་དོ། །དེ་ཀུན་དུ་བཟང་པོའི་སྤྱོད་པའི་སྨོན་ལམ་ཇི་སྐད་དུ་བཤད་པ་འདི་འདོན་པ་ལ་དད་པའི་ཆུས་སྙིང་གང་བར་གྱུར་པས། འདོན་པ་དང་། སྟོན་པ་དང་། ཡིད་ཀྱིས་མོས་པ་དང་། ཀློག་པ་དང་། འཛིན་པ་དང་། བསྒོམ་པ་ལ་སྐྲག་པའི་ཤུགས་ཀྱིས་ཉིན་མཚན་དུ་ཡི་དམ་དུ་བྱེད་ན་མཚམས་མེད་པ་ཡང་མྱུར་དུ་མ་
ལུས་པར་ཡོངས་སུ་ཟད་པ་སྟེ་རྩ་ནས་འབྱིན་པའོ། །ཕ་རོལ་གྱི་ནི་རྣམ་པ་གཉིས་ཏེ། ཕ་རོལ་གྱི་རྒྱུ་དང་འབྲས་བུའོ། །དེ་ལ་ཡེ་ཤེས་དང་མཚན་དང་དཔེ་བྱད་དང་རིགས་ཀྱི་མི་མཐུན་པའི་ཕྱོགས་ཀྱིས་མ་བཅིངས་པར་གྱུར་བའི་མཚན་ཉིད་གང་གསུངས་པ། ཡེ་ཤེས་དང་ནི་གཟུགས་དང་ཞེས་བྱ་བ་ལ་སོགས་པ་ལ། ཡེ་

ཤེས་ཞེས་པ་ནི་ཡེ་ཤེས་ཀྱི་སྤྱོད་པ་རྒྱ་མཚོས་འགྲོ་བའི་གཟུགས་ཞེས་པ་ནི། གཟུགས་ཡིད་དུ་འོང་བའོ། །མཚན་ཞེས་བྱ་བ་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཏེ། སྤྱི་གཙུག་བལྟར་མི་མངོན་པ་ལ་སོགས་པ་དག་དང་མཚན་གྱི་འཁོར་དཔེ་བྱད་དག་སྟེ། གཞན་ལ་མེད་པ་དེ་དང་ལྡན་པར་
གྱུར་པ་ཞེས་གོ་བར་བྱའོ། །རིགས་ཞེས་པ་ནི་བྲམ་ཟེ་དང་། རྗེའུ་རིགས་དང་། གཞན་པའི་རིགས་སོ། །རུས་ཞེས་པ་ནི་རྟོགས་པ་ཁྱད་པར་ཅན་མངོན་པར་ཤེས་པ་ལ་སོགས་པའོ། །འགྱུར་ཞེས་པ་ནི་འགྱུར་བ་སྟེ་སྐྱེ་བར་རོ། །ལྡན་ཞེས་པ་ནི་ཡང་དག་པར་ལྡན་པར་གྱུར་པའོ། །བདུད་དང་མུ་སྟེགས་མང་པོས་དེ་མི་ཐུབ། །
ཅེས་པ་ནི་མུ་སྟེགས་ཀྱི་ཚོགས་དང་བདུད་ཀྱི་ཚོགས་ཀྱིས་ཀྱང་མི་ཐུབ་སྟེ། ཟིལ་གྱིས་མི་ནོན་ཞིང་ངོ་། །འཇིག་རྟེན་གསུམ་པོ་ཐམས་ཅད་ཀྱིས་ཀྱང་མཆོད་པར་འགྱུར་བའོ། །གང་ཀུན་དུ་བཟང་པོའི་སྤྱོད་པའི་སྨོན་ལམ་འདི་འཛིན་པར་བྱེད་པ་དང་། ཀློག་པར་བྱེད་པ་དང་། སྟོན་པར་བྱེད་པའི་འབྲས་བུ་ཡང་དག་པར་
བསྡུས་པ་ནི། བྱང་ཆུབ་ཀྱི་སྙིང་པོར་སོང་ནས་སེང་གེའི་གདན་ལ་འདུག་སྟེ། བདུད་ཕམ་པར་བྱས་ནས་མངོན་པར་བྱང་ཆུབ་སྟེ། ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པའི་མཚན་ཉིད་གང་གསུངས་པ་ནི། མྱུར་དུ་འགྲོ་ཞེས་བྱ་བ་ལ་སོགས་པ་ལ། གང་ཀུན་དུ་བཟང་པོའི་སྤྱོད་པ་རིན་པོ་ཆེ་བླ་ན་མེད་པ་འདིའི་
ཡང་དག་པར་སྡུད་པ་ནི། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་མྱུར་དུ་འགྲོ་བ་ཞེས་པ་སྟེ། བྱང་ཆུབ་ཀྱི་ཤིང་གི་རྒྱལ་པོའོ། །སོང་ནས་ཀྱང་སྐྱིལ་མོ་ཀྲུང་གིས་འགྲོ་བ་ཐམས་ཅད་ལ་ཕན་པ་དང་། བདེ་བའི་དོན་དུ་སེང་གེའི་གདན་ལ་བཞུགས་པའོ། །གཞུགས་ནས་ཀྱང་བདུད་ཀྱི་དཔུང་ཕམ་པར་བྱས་
ནས། དེའི་རྗེས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་སྟེ། སྟོན་པར་བྱེད་པ་ཞེས་བྱ་བའི་བར་དུའོ། །ཡང་མདོར་བསྡུས་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མ་ལུས་པའི་ཕུན་སུམ་ཚོགས་པའི་ཕན་ཡོན་
གང་གསུངས་པ། གང་གིས་བཟང་པོ་སྤྱོད་པ་ཞེས་བྱ་བ་ལ་སོགས་པའོ། །གང་བཟང་པོ་སྤྱོད་པའི་སྨོན་ལམ་འདི་འཛིན་པ་དང་། ཀློག་པ་དང་། གང་ཞིག་སྟོན་པ་དེའི་རྣམ་པར་སྨོན་པ་དེ་སངས་རྒྱས་བཅོམ་ལྡན་འདས་རྗེ་བཙུན་གྱིས་མཁྱེན་གྱི། གཞན་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པས་ནི་མ་

ཡིན་ནོ། །སྨོན་ལམ་རིན་པོ་ཆེ་འདིའི་རྣམ་པར་སྨིན་པ་ཇི་ལྟ་བུ་ཞིག་མཁྱེན་ཞེ་ན། གསུངས་པ། བྱང་ཆུབ་མཆོག་སྟེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་འབྲས་བུ་འཇིག་རྟེན་ལས་འདས་པ་མ་ལུས་པའི་ཕུན་སུམ་ཚོགས་པ་རྟོགས་པ་དང་། དེ་ཉིད་ཀྱི་ཕན་ཡོན་འདི་ཡང་བརྗོད་པ་གོ་
བར་བྱ་སྟེ། དེ་མེད་ན་མི་འབྱུང་བའི་ཕྱིར་འདི་ལས་འཇིག་རྟེན་གྱི་ཕུན་སུམ་ཚོགས་པ་འཐོབ་པར་འགྱུར་རོ། །དེའི་ཕྱིར་སྨོན་ལམ་གྱི་རྒྱལ་པོ་འདི་ལ་ཡིད་གཉིས་བསྐྱེད་པར་མི་བྱའོ། །ད་ནི་གང་ཀློག་པའི་ཡོངས་སུ་བསྔོ་བ་གསུངས་པ། འཇམ་དཔལ་ཇི་ལྟར་མཁྱེན་ཞིང་ཞེས་བྱ་བ་ལ་སོགས་པ་
ལ། འཕགས་པ་འཇམ་དཔལ་གྱིས་ཇི་ལྟར་མཁྱེན་པ་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོ་འདི་ཡང་དེ་བཞིན་ཞེས་པའོ། །དེ་དག་གི་རྗེས་སུ་བདག་གིས་བསླབ་པར་བྱ་བ་ནི། དགེ་བའི་ཕུང་པོ་འདི་དག་བྱང་ཆུབ་སེམས་དཔའ་འདི་ལྟར་ཡོངས་སུ་བསྔོ་བའོ། །ད་ནི་དེ་བཞིན་
གཤེགས་པའི་ཡོངས་སུ་བསྔོ་བ་གཉིས་པ་ནི། དུས་གསུམ་གཤེགས་པ་རྒྱལ་བ་ཐམས་ཅད་ཀྱིས། །ཞེས་བྱ་བ་ལ་སོགས་པ་ལ། དུས་གསུམ་དུ་བཞུགས་པའི་རྒྱལ་བ་བཅོམ་ལྡན་འདས་དག་གིས་གང་ཡོངས་སུ་བསྔོ་བ་བསྔགས་ཤིང་བསྟོད་པ་མཆོག་ཏུ་གྱུར་པ་བླ་ན་མེད་པ་དེས་སོ། །
བདག་གིས་ཞེས་པ་ནི་བདག་གིས་ཀྱང་ཡོངས་སུ་བསྔོ་བར་བྱ་བ་སྟེ། བསོད་ནམས་ཀྱི་ཕུང་པོ་བསགས་པ་འདི་དག་ཐམས་ཅད་སྤྱོད་པ་བླ་ན་མེད་པ་བཟང་པོའི་སྤྱོད་པས་སོ། །ད་ནི་ཚིགས་སུ་བཅད་པ་ཕྱེད་ཀྱིས་ནི་སྒྲིབ་པ་སྤངས་པ་དང་། གཞན་ཕྱེད་ཀྱིས་ནི་ཕ་རོལ་ཏུ་ཕྱིན་པ་དང་རྗེས་སུ་
མཐུན་པའི་བདག་ཉིད་དུ་བསྒོམ་པའི་ཡོངས་སུ་གཟུང་བ་གང་གསུངས་པ་ནི། དུས་བྱེད་ཅེས་བྱ་བ་ལ་སོགས་པ་ལ། དུས་བྱེད་པ་ནི་འཆི་བའོ། །དེའི་དུས་བྱེད་པ་ནི་འཆི་བའི་དུས་ནའོ། །གང་ཅུང་ཟད་སྒྲིབ་པ་ཡོད་པ་དེ་དག་བཟང་པོའི་སྤྱོད་པས་དེ་ཐམས་ཅད་མ་ལུས་བསལ་བའོ། །མངོན་སུམ་
མཐོང་ཞེས་པ་ནི་བཅོམ་ལྡན་འདས་སྣང་བ་མཐའ་ཡས་མཐོང་བའོ། །དེར་ཞེས་པ་ནི་བདེ་བ་ཅན་གྱི་སངས་རྒྱས་ཀྱི་ཞིང་དེར་རོ། །འགྲོ་བ་ཞེས་པ་ནི་དེ་རུ་འགྲོ་བ་ཞེས་པའོ། །དེ་ལྟར་བདེ་བ་ཅན་གྱི་སངས་རྒྱས་ཀྱི་ཞིང་དེར་སོང་ནས་ཀྱང་རྣམ་པ་འདི་ལྟ་བུའི་ཇི་སྐད་བསྟན་པའི་སྨོན་ལམ་གྱི་ཚོགས་བདག་གིས་མངོན་

དུ་གྱུར་ཅིག་པའོ། །སེམས་ཅན་མ་ལུས་པ་ཐམས་ཅད་ཉིད་ལ་ཕན་པར་བྱ་བའི་ཕྱིར། དེ་དག་ཐམས་ཅད་བདག་གིས་ཡོངས་སུ་རྫོགས་པར་བྱ་བའོ། །དུས་ཇི་སྲིད་དུ་ཞེ་ན། གསུངས་པ་འཇིག་རྟེན་ཇི་སྲིད་ཅེས་པ་སྟེ། འཇིག་རྟེན་ཇི་སྲིད་པའི་འགྲོ་བ་ཞེས་པའི་དོན་ཏོ། །
ལུང་བསྟན་པ་ཡང་དག་པར་ཐོབ་པ་དང་། སེམས་ཅན་གྱི་དོན་ཕུན་སུམ་ཚོགས་པ་མཆོག་ཏུ་བྱ་བ་ནི། རྒྱལ་བའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ་དེར་ཞེས་པ་ནི་དེ་ལའོ། །རྒྱལ་བའི་དཀྱིལ་འཁོར་ཞེས་པ་ནི། དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་རོ། །བཟང་ཞེས་པ་ནི་མཛེས་པ་ཡིད་དུ་འོང་
ཞིང་ཡིད་དང་འཐད་པའོ། །པདྨ་དམ་པ་ཞེས་པ་ནི་པདྨའི་མཆོག་སྟེ། རིན་པོ་ཆེ་སྣ་ཚོགས་པས་སྤྲས་པའི་རང་བཞིན་མཛེས་པ་ཡིད་དུ་འོང་བ། འོད་གསལ་བ་སྣ་ཚོགས་པའི་འོད་ཟེར་མང་པོ་འཕྲོ་བའོ། སྐྱེས་ཞེས་པ་ནི་འབྱུང་བར་འགྱུར་བའོ། །ལུང་བསྟན་ཞེས་པ་ནི་ལུང་སྟོན་པར་བྱེད་པ་སྟེ། འདིས་ལུང་
སྟོན་པའོ། །འདིའི་དུས་སུ་འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ཏུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། མིང་འདི་ཞེས་བྱ་བར་འགྱུར་རོ་ཞེས་རྣམ་པ་འདི་ལྟ་བུར་ལུང་བསྟན་པའོ། དེ་ལས་བདག་གིས་ལུང་བསྟན་པ་ཐོབ་པ་ནི། བཅོམ་ལྡན་འདས་སྣང་བ་མཐའ་ཡས་དེའི་མངོན་
སུམ་དུ་དངོས་སུའོ། །དེར་ནི་ཞེས་པ་ནི་བཅོམ་ལྡན་འདས་སྣང་བ་མཐའ་ཡས་ལས་ལུང་བསྟན་པ་ཐོབ་ནས། དེ་ནས་སྤྲུལ་པ་བྱེ་བ་བརྒྱའི་སྤྲུལ་པའི་སྤྲིན་དུ་མས་ཕྱོགས་བཅུ་ཐམས་ཅད་ཁྱབ་པར་བྱས་ནས། འགྲོ་བ་སེམས་ཅན་འདི་དག་ལ་ཕན་པ་མང་པོ་གྲངས་ལས་འདས་པ་སྐད་ཅིག་ལ་བྱའོ། །ཉེ་བར་
བསྡུས་པ་ནི། ཕྱོགས་བཅུར་བྱེད་པ་དང་། འཁོར་བ་མ་སྟོངས་ཀྱི་བར་དུའོ། །བློ་ཡི་སྟོབས་ཞེས་པ་ནི་ཡེ་ཤེས་ཀྱི་སྟོབས་ཏེ། ཡེ་ཤེས་ཀྱི་ཆེ་བའི་བདག་ཉིད་དོ། །ཆགས་པ་མེད་པར་སྤྱད་པར་བྱའོ་ཞེས་བྱ་བའི་བར་དུའོ། །སྨོན་ལམ་རྒྱལ་པོ་འདིའི་འགྲེལ་པ་བྱས་པ་ཡིས། །བསོད་ནམས་བདག་གིས་ཐོབ་ལས་འགྲོ་
བའི་དོན་གྲུབ་ཅིང་། །ཡང་དང་ཡང་དུ་དགེ་བ་འདི་ནི་བྱེད་པ་དང་། །འདི་ཡི་རྒྱུ་མཐུན་སྦྱིན་པར་ཡོངས་སུ་བསྔོ་བར་ཤོག །འཕགས་པ་བཟང་པོ་སྤྱོད་པའི་འགྲེལ་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཨཱ་ཙརྱ་ཨཱ་ནནྡ་དང་ལོ་ཙཱ་བ་དགེ་སློང་བྷ་དྲ་པཱ་ལས་བསྒྱུར་བའོ།། །།