Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 102
Văn bản gốc(Tây Tạng)
Trang 3 / 22 (50.000 ký tự/trang)
ོད་པ་མ་ཡིན་ལ། འགྲོ་བ་མེད་ན་རྒྱུ་མེད་པའི། །འགྲོ་བ་ཡོད་པར་ག་ལ་འགྱུར། །དེའི་ཕྱིར་འགྲོ་བ་མེད་དོ། །འདིར་ སྨྲས་པ། འགྲོ་བ་ནི་ཡོད་པ་ཉིད་དེ། དེའི་སྒོ་ནས་དེ་དང་ལྡན་པ་བརྗོད་པའི་ཕྱིར་རོ། །འདི་ན་འགྲོ་བ་པོ་ནི་འགྲོ་བ་དང་ལྡན་པ་ཡིན་ལ། །དེ་དང་ལྡན་པ་ལས་ཀྱང་འགྲོ་བ་ཡིན་ནོ། །གལ་ཏེ་འགྲོ་བ་མེད་པར་གྱུར་ན་ནི། འགྲོ་བ་དང་མི་ལྡན་པའི་ལྷ་སྦྱིན་ལ་འགྲོའོ་ཞེས་བརྗོད་པར་མི་འགྱུར་ ཏེ། ཁར་བ་མེད་ན་ཁར་བ་ཅན་དུ་བརྗོད་པ་མེད་པ་བཞིན་ནོ། །བརྗོད་པར་བྱ་སྟེ། གལ་ཏེ་འགྲོའོ་ཞེས་བྱ་བའི་བརྗོད་པ་འདི་ཉིད་ཡོད་ན། འགྲོ་བ་ཡོད་པར་འགྱུར་ན་དེ་ནི་མེད་དེ། གང་གི་ཕྱིར། རེ་ཞིག་འགྲོ་པོ་མི་འགྲོ་སྟེ། །འགྲོ་བ་པོ་མིན་འགྲོ་བ་མིན། །འགྲོ་པོ་འགྲོ་པོ་མིན་ལས་གཞན། ། གསུམ་པ་གང་ཞིག་འགྲོ་བར་འགྱུར། །འདིར་འགྲོ་བར་བྱེད་པས་ན་འགྲོ་བ་པོ་ཡིན་ན། དེ་ནི་རེ་ཞིག་མི་འགྲོའོ། །ཇི་ལྟར་མི་འགྲོ་བ་དེ་ལྟར་ནི་ཚིགས་སུ་བཅད་པ་འོག་མ་གསུམ་གྱིས་སྟོན་པར་འགྱུར་རོ། །འགྲོ་བ་པོ་མ་ཡིན་པ་ཡང་མི་འགྲོ་སྟེ། འགྲོ་བ་པོ་མ་ཡིན་པ་ཞེས་བྱ་བ་ནི་གང་ ཞིག་འགྲོ་བའི་བྱ་བ་དང་བྲལ་བ་ཡིན་ལ། འགྲོའོ་ཞེས་བྱ་བའི་སྒྲ་འདི་ནི་འགྲོ་བའི་བྱ་བ་དང་ལྡན་པ་ལ་འཇུག་པ་ཡིན་ཏེ། དེའི་ཕྱིར་འདི་གལ་ཏེ་འགྲོ་བ་པོ་མ་ཡིན་ན་ནི་ཇི་ལྟར་འགྲོ་ལ། འོན་ཏེ་འགྲོ་ན་ནི་འདི་འགྲོ་བ་པོ་མ་ཡིན་ཞེས་བྱ། གལ་ཏེ་དེ་གཉིས་ལས་ཐ་དད་པ་ཞིག་འགྲོའོ་ཞེ་ན། དེ་ལྟར་ མ་ཡིན་ཏེ། གང་ཞིག་ལ་འགྲོའོ་ཞེས་བྱ་བར་རྟོག་པ་འགྲོ་བ་པོ་དང་འགྲོ་བ་པོ་མ་ཡིན་པ་ལས་མ་གཏོགས་པའི་གསུམ་པ་ཞེས་བྱ་བ་ཡང་གང་ཞིག་ཡོད། དེའི་ཕྱིར་འགྲོ་བ་མེད་དོ། །འདིར་སྨྲས་པ། འགྲོ་བ་པོ་མ་ཡིན་པ་མི་འགྲོ་ལ། གཉི་ག་མ་གཏོགས་པ་ཡང་མི་འགྲོ་སྟེ། འོ་ན་ཅི་ ཞེ་ན། འགྲོ་བ་པོ་ཁོ་ན་འགྲོ་བ་ཡིན་ནོ། །འདི་ཡང་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདི་ལྟར། གང་ཚེ་འགྲོ་བ་མེད་པར་ནི། །འགྲོ་པོ་འཐད་པར་མི་འགྱུར་ན། །རེ་ཞིག་འགྲོ་པོ་འགྲོའོ་ཞེས། །ཇི་ལྟར་འཐད་པ་ཉིད་དུ་འགྱུར། །འགྲོ་བ་པོ་འགྲོའོ་ཞེས་བྱ་བའི་ངག་འདིར་འགྲོ་བའི་བྱ་བ་ནི་གཅིག་ ཉིད་ཡིན་ལ། དེས་ཀྱང་འགྲོའོ་ཞེས་བྱ་བར་བརྗོད་པར་འགྱུར་ཞིང་། འགྲོ་བ་པོ་ཞེས་བྱ་བའི་བརྗོད་པ་ལ་ནི་འགྲོ་བའི་བྱ་བ་གཉིས་པ་ཡོད་པ་མ་ཡིན་པས་གང་གི་ཚེ་འགྲོ་བ་མེད་པར་འགྲོ་བ་པོ་སྟེ། མི་འགྲོ་བར་འགྲོ་བ་པོ་ཞེས་བྱ་བ་ཡོད་པ་མ་ཡིན་པ་དེའི་ཚེ་འགྲོ་བ་པོ་འགྲོའོ་ཞེས་བྱ་བ་མི་རིགས་སོ། ། འགྲོའོ་ཞེས་བྱ་བ་ནི་ཡིན་དུ་ཆུག་ན། འགྲོ་བ་པོ་ཞེས་བྱ་བ་འདི་མི་སྲིད་པས། རིགས་པ་མ་ཡིན་ནོ། །ཅི་སྟེ་འགྲོ་བ་དང་ལྡན་པ་ལས་འགྲོ་བ་པོ་འགྲོ་བ་དང་བཅས་པ་ཡིན་ནོ་ཞེ་ན། དེ་ལྟར་ན་ཡང་འགྲོ་བའི་བྱ་བ་གཉིས་པ་མེད་པའི་ཕྱིར་འགྲོའོ་ཞེས་བརྗོད་པ་ཡོད་པར་མི་འགྱུར་རོ་ཞེས་བཤད་པ། གང་ གི་ཕྱོགས་ལ་འགྲོ་བ་པོ། །འགྲོ་བ་དེ་ལ་འགྲོ་མེད་པའི། །འགྲོ་པོ་ཡིན་པར་ཐལ་འགྱུར་ཏེ། །འགྲོ་པོ་འགྲོ་བར་འདོད་ཕྱིར་རོ། །རྒོལ་བ་གང་གི་འགྲོ་བ་དང་ལྡན་པ་ཉིད་ལས་འགྲོ་བ་པོ་ཡིན་ནོ་ཞེས་བྱ་བའི་ཕྱོགས་ཡིན་ཞིང་། འགྲོ་བ་པོ་འགྲོ་བར་འདོད་པ་དེ་ལ། འགྲོ་བ་པོའི་བརྗོད་པ་འགྲོ་བ་དང་ བཅས་པས། འགྲོ་བ་མེད་པར་འགྲོ་བ་པོ་འགྲོའོ་ཞེས་བྱ་བར་འགྱུར་ཏེ། འགྲོ་བའི་བྱ་བ་གཉིས་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་འགྲོ་བ་པོ་འགྲོའོ་ཞེས་བྱ་བ་མི་རིགས་སོ། །འགྲོ་བ་མེད་པའི་འགྲོ་པོ་ཡིན་པར་ཞེས་བྱ་བའི་ངག་འདིའི་འགྲོ་བ་པོ་ཞེས་བྱ་བའི་སྒྲ་ནི་འགྲོ་བའི་བྱ་བ་འདིའི་དོན་ལ་ འཇུག་གོ། །ཅི་སྟེ་འགྲོ་བ་པོ་འགྲོའོ་ཞེས་གཉི་ག་ཡང་། འགྲོ་བ་དང་ལྡན་པར་འདོད་དོ་ཞེ་ན། དེ་ལྟ་ན་ཡང་། གལ་ཏེ་འགྲོ་པོ་འགྲོ་འགྱུར་ན། །འགྲོ་བ་གཉིས་སུ་ཐལ་འགྱུར་ཏེ། །གང་གིས་འགྲོ་པོར་མངོན་པ་དང་། །འགྲོ་པོར་གྱུར་ནས་གང་འགྲོ་བའོ། །འགྲོ་བ་གང་དང་ལྡན་པས་ འགྲོ་བ་པོ་ཞེས་བྱ་བར་མངོན་ཞིང་བརྗོད་པ་འགྲོ་བ་གཅིག་པོ་དེ་དང་། འགྲོ་བ་པོར་གྱུར་ནས་གང་འགྲོ་བ་སྟེ། འགྲོ་བའི་བྱ་བ་གང་ཞིག་བྱེད་པ་སྟེ། འགྲོ་བ་གཉིས་པོ་འདི་དག་ཏུ་ཐལ་བར་འགྱུར་རོ། །དེའི་ཕྱིར་འགྲོ་བ་པོ་གཉིས་སུ་ཡང་ཐལ་བར་འགྱུར་རོ་ཞེས་གོང་མ་བཞིན་དུ་སྐྱོན་བརྗོད་ པར་བྱའོ། །དེའི་ཕྱིར་འགྲོའོ་ཞེས་བྱ་བར་བརྗོད་པ་དོན་མེད་པར་འགྱུར་རོ། །འདིར་སྨྲས་པ། གལ་ཏེ་ཡང་དེ་ལྟར་ཡིན་མོད་ཀྱི། དེ་ལྟ་ན་ཡང་ལྷ་སྦྱིན་འགྲོའོ་ཞེས་བྱ་བའི་བརྗོད་པ་ཡོད་པའི་ཕྱིར་འགྲོ་བ་ཡོད་དོ། །དེ་ལྟར་ནི་མ་ཡིན་ཏེ། གང་གི་ཕྱིར་ཅི་འདི་འགྲོ་བ་ པོར་གྱུར་པ་ཞིག་གམ། འོན་ཏེ་འགྲོ་བ་པོ་མ་ཡིན་པ་ཞིག་གམ། དེ་གཉིས་ལས་ཐ་དད་པ་ཞིག་འགྲོ་གྲང་། ཞེས་དཔྱད་པ་འདི་ནི་ལྷ་སྦྱིན་གྱི་རྟེན་ཅན་ཡིན་ལ། རྣམ་པ་ཐམས་ཅད་དུ་འཐད་པ་ཡང་མ་ཡིན་པས་འདི་ནི་གྱི་ནའོ། །འདིར་སྨྲས་པ། འགྲོ་བ་ནི་ཡོད་པ་ཉིད་དེ། དེའི་རྩོམ་པ་ ཡོད་པའི་ཕྱིར་རོ། །འདི་ན་ལྷ་སྦྱིན་སྡོད་པ་བཏང་ནས་འགྲོ་བར་རྩོམ་ལ། རུས་སྦལ་གྱི་སྤུ་ཡོད་པ་མ་ཡིན་པའི་གོས་ནི་རྩོམ་པ་ཡང་མ་ཡིན་ནོ། །བརྗོད་པར་བྱ་སྟེ། གལ་ཏེ་དེའི་རྩོམ་པ་ཉིད་ཡོད་ན། འགྲོ་བ་ཡོད་པར་འགྱུར་བ་ཞིག་ན། དེ་ནི་མེད་དོ། །སོང་ལ་འགྲོ་བ་རྩོམ་མེད་དེ། །མ་སོང་བ་ ལའང་འགྲོ་རྩོམ་མེད། །བགོམ་ལ་རྩོམ་པ་ཡོད་མིན་ན། །གང་དུ་འགྲོ་བ་རྩོམ་པར་བྱེད། །གལ་ཏེ་འགྲོ་བའི་རྩོམ་པ་དེ་ཡོད་ན། དེའི་ཚེ་སོང་བའི་ལམ་ལའམ། མ་སོང་བའམ་བགོམ་པ་ཞིག་ལ་རྩོམ་པར་འགྱུར་བ་ཞིག་ན། དེ་ལ་སོང་བ་ལ་ནི་འགྲོ་བའི་རྩོམ་པ་མེད་དེ། སོང་བ་ནི་འགྲོ་བའི་བྱ་བ་འགགས་ པ་ཡིན་ན། གལ་ཏེ་དེར་འགྲོ་བ་རྩོམ་ན་ནི་དེ་སོང་བ་ཉིད་དུ་མི་འགྱུར་ཏེ། འདས་པ་དང་ད་ལྟར་བ་དག་ནི་འགལ་བའི་ཕྱིར་རོ། །མ་སོང་བ་ལ་ཡང་འགྲོ་བའི་རྩོམ་པ་མེད་དེ། མ་འོངས་པ་དང་དེ་ལྟ་བ་དག་ནི་འགལ་བའི་ཕྱིར་རོ། །བགོམ་པ་ལ་ཡང་ཡོད་པ་མ་ཡིན་ཏེ། དེ་མེད་པའི་ཕྱིར་དང་། བྱ་ བ་གཉིས་སུ་ཐལ་བར་འགྱུར་བའི་ཕྱིར་དང་། བྱེད་པ་པོ་གཉིས་སུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་དེ་ལྟར་ཐམས་ཅད་དུ་འགྲོ་བའི་རྩོམ་པ་མ་གཟིགས་ནས། །གང་དུ་འགྲོ་བ་རྩོམ་པར་བྱེད། །ཅེས་གསུངས་སོ། །ཇི་ལྟར་འགྲོ་བ་ཡོད་པ་མ་ཡིན་པ་དེ་ལྟར་བསྟན་པར་བྱ་བའི་ཕྱིར་ བཤད་པ། འགྲོ་བ་རྩོམ་པའི་སྔ་རོལ་ན། །གང་དུ་འགྲོ་བ་རྩོམ་འགྱུར་བ། །བགོམ་པ་མེད་ཅིང་སོང་བ་མེད། །མ་སོང་འགྲོ་བ་ག་ལ་ཡོད། །འདི་ལྟར་གང་གི་ཚེ་ལྷ་སྦྱིན་འདུག་པར་གྱུར་པ་དེའི་ཚེ་འགྲོ་བ་རྩོམ་པ་ཡོད་པ་མ་ཡིན་ཏེ། དེ་ལ་འགྲོ་བ་རྩོམ་པའི་སྔ་རོལ་དུ་ནི་གང་དུ་འགྲོ་བ་ རྩོམ་པར་འགྱུར་བ་བགོམ་པའི་ལམ་གྱི་རྣམ་པ་ཡོད་པ་མ་ཡིན་ལ། སོང་བ་ཡང་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་སོང་བ་དང་བགོམ་པ་མེད་པའི་ཕྱིར་འདི་གཉིས་ལ་འགྲོ་བའི་རྩོམ་པ་མེད་དོ། །ཅི་སྟེ་གལ་ཏེ་ཡང་འགྲོ་བ་རྩོམ་པའི་སྔ་རོལ་དུ་སོང་བ་མེད་ཅིང་བགོམ་པ་མེད་མོད་ཀྱི། དེ་ལྟ་ན་ཡང་གང་དུ་ འགྲོ་བ་རྩོམ་པར་འགྱུར་བ་མ་སོང་བ་ནི་ཡོད་པ་ཡིན་ཏེ། དེར་འགྲོ་བ་རྩོམ་པར་འགྱུར་རོ་སྙམ་ན་བརྗོད་པར་བྱ་སྟེ། མ་སོང་འགྲོ་བ་ག་ལ་ཡོད། །མ་སོང་བ་ནི་འགྲོ་བའི་བྱ་བ་མ་སྐྱེས་ཤིང་འགྲོ་བའི་བྱ་བ་མ་བརྩམས་པ་ཡིན་ན། དེར་འགྲོ་བ་རྩོམ་མོ་ཞེས་བྱ་བ་འདི་ནི་མ་འབྲེལ་པ་ཡིན་ནོ་ཞེས་བཤད་ པ་ནི། མ་སོང་འགྲོ་བ་ག་ལ་ཡོད། །ཅེས་བྱ་བའོ། །གལ་ཏེ་ཡང་སོང་བ་དང་མ་སོང་བ་དང་བགོམ་པ་དག་ལ་འགྲོ་བའི་རྩོམ་པ་མེད་མོད་ཀྱི། སོང་བ་དང་མ་སོང་བ་དང་བགོམ་པ་དག་ནི་ཡོད་པ་ཡིན་ལ། འགྲོ་བ་མེད་ན་ནི་འདི་དག་མི་རུང་ངོ་ཞེ་ན། བརྗོད་པར་བྱ་སྟེ། གལ་ཏེ་འདི་དག་ཉིད་ཡོད་ ན་འགྲོ་བ་ཡོད་པར་འགྱུར་བ་ཞིག་གོ། །འགྲོ་བའི་རྩོམ་པ་ཡོད་ན་ནི། གང་དུ་འགྲོ་བའི་བྱ་བ་འགགས་པ་དེ་ནི་སོང་བ་ཞེས་བརྟག་པར་བྱ་ལ། གང་དུ་ད་ལྟ་བར་གྱུར་པ་དེ་ནི་བགོམ་པ་ཡིན་ཞིང་། གང་དུ་མ་སྐྱེས་པ་དེ་ནི་མ་སོང་བ་ཡིན་ནོ་ཞེས་བརྟག་ན། གང་གི་ཚེ་འགྲོ་བའི་བྱ་བ་རྩོམ་པ་ཉིད་ཡོད་པ་ མ་ཡིན་པ་དེའི་ཚེ། འགྲོ་རྩོམ་རྣམ་པ་ཐམས་ཅད་དུ། །སྣང་བ་མེད་པ་ཉིད་ཡིན་ནོ། །སོང་བ་ཅི་ཞིག་བགོམ་པ་ཅི། །མ་སོང་ཅི་ཞིག་རྣམ་པར་བརྟག །ཐམས་ཅད་དུ་འགྲོ་བའི་རྩོམ་པ་ཉིད་དམིགས་པ་མེད་ན། ཕྱིན་ཅི་ལོག་ཏུ་དུས་གསུམ་དུ་རྟོག་པར་ཅི་སྟེ་བྱེད། དེའི་བརྗོད་པའི་རྒྱུ་ འགྲོ་བ་ཡང་ལྟ་ག་ལ་ཡོད། དེའི་ཕྱིར་འདི་ནི་རིགས་པ་མ་ཡིན་ནོ། །འདིར་སྨྲས་པ་འགྲོ་བ་ནི་ཡོད་པ་ཉིད་དེ། དེའི་གཉེན་པོ་ཡོད་པའི་ཕྱིར་རོ། །གང་ལ་གཉེན་པོ་ཡོད་པ་དེ་ནི་ཡོད་པ་ཡིན་ཏེ། སྣང་བ་དང་མུན་པ་བཞིན་དང་། ཕ་རོལ་དང་ཚུ་རོལ་དང་ཐེ་ཚོམ་དང་གཏན་ལ་ཕེབས་པ་བཞིན་ ནོ། །འགྲོ་བ་ལ་ཡང་གཉེན་པོ་གནས་པ་ཡོད་པ་ཡིན་ནོ། །བརྗོད་པར་བྱ་སྟེ། གལ་ཏེ་དེའི་གཉེན་པོ་གནས་པ་ཡོད་ན་ནི་འགྲོ་བ་ཡོད་པར་འགྱུར་བ་ཞིག་ན་དེ་ནི་མེད་དོ། །ཇི་ལྟར་ཞེ་ན། འདིར་གནས་པ་འདི་འགྲོ་བ་པོའམ། འགྲོ་བ་པོ་མ་ཡིན་པའམ། དེ་གཉིས་ལས་གཞན་པ་ཞིག་ལ་བརྟག་ གྲང་ན། རྣམ་པ་ཐམས་ཅད་དུ་མི་རུང་ངོ་ཞེས་བཤད་པ། རེ་ཞིག་འགྲོ་པོ་མི་སྡོད་དེ། །འགྲོ་བ་པོ་མིན་སྡོད་པ་མིན། །འགྲོ་པོ་འགྲོ་པོ་མིན་ལས་གཞན། །གསུམ་པ་གང་ཞིག་སྡོད་པར་འགྱུར། །འགྲོ་བ་པོ་ཇི་ལྟར་མི་སྡོད་པ་དེ་ལྟར་ནི་ཚིགས་སུ་བཅད་པ་ཕྱི་མས་སྟོན་པར་ འགྱུར་རོ། །འགྲོ་བ་པོ་མ་ཡིན་པ་ཡང་མི་སྡོད་དེ། དེ་ནི་སྡོད་པ་ཉིད་ཡིན་ན། དེ་ལ་གནས་པ་གཞན་གྱིས་དགོས་པ་ཅི་ཞིག་ཡོད། གནས་པ་གཅིག་གིས་ནི་འགྲོ་བ་པོ་མ་ཡིན་པར་འགྱུར་ལ། གཞན་གྱིས་ནི་སྡོད་པར་འགྱུར་རོ་ཞེས་གནས་པ་གཉིས་སུ་ཐལ་བར་འགྱུར་བའི་ཕྱིར་གནས་པ་པོ་ཡང་ གཉིས་སུ་ཐལ་བར་འགྱུར་བས་ཉེས་པ་སྔ་མ་བཞིན་དུ་འགྱུར་རོ། །འགྲོ་བ་པོ་དང་འགྲོ་བ་པོ་མ་ཡིན་པ་ལས་མ་གཏོགས་པའི་དོན་ཡང་མེད་དོ། །འདིར་སྨྲས་པ། འགྲོ་བ་པོ་མ་ཡིན་པ་མི་སྡོད་ལ། འགྲོ་བ་པོ་དང་འགྲོ་བ་པོ་མ་ཡིན་པ་ལས་གཞན་པ་ཡང་མི་སྡོད་དེ། འོ་ན་ཅི་ཞེ་ན། འགྲོ་བ་ པོ་ཉིད་སྡོད་དོ། །དེ་ལྟར་ནི་མ་ཡིན་ཏེ་གང་གི་ཕྱིར། གང་ཚེ་འགྲོ་བ་མེད་པར་ནི། །འགྲོ་པོ་འཐད་པར་མི་འགྱུར་ན། །རེ་ཞིག་འགྲོ་པོ་སྡོད་དོ་ཞེས། །ཇི་ལྟར་འཐད་པ་ཉིད་དུ་འགྱུར། །གང་གི་ཚེ་འདི་སྡོད་དོ་ཞེས་བརྗོད་པ་དེའི་ཚེ་དེ་ལ་གནས་པ་དང་། འགལ་བའི་འགྲོ་བ་ཡོད་པ་མ་ཡིན་ལ། འགྲོ་ བ་མེད་པར་ཡང་འགྲོ་བ་པོར་བརྗོད་པ་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་འགྲོ་བ་པོ་སྡོད་དོ་ཞེས་བྱ་བ་ནི་མི་འཐད་དོ། །འདིར་སྨྲས་པ། འགྲོ་བ་ནི་ཡོངས་སུ་ཡོད་པ་ཉིད་དེ་ལྡོག་པར་ཡོད་པའི་ཕྱིར་རོ། །འདི་ན་འགྲོ་བ་ལས་ལྡོག་པ་ན་གནས་པ་རྩོམ་པར་བྱེད་ན། འགྲོ་བ་མེད་ན་ནི་དེ་ལས་ལྡོག་པར་ མི་འགྱུར་རོ་ཞེ་ན། བརྗོད་པར་བྱ་སྟེ། གལ་ཏེ་དེ་ལས་ལྡོག་པ་ཉིད་ཡོད་ན། འགྲོ་བ་ཡོད་པར་འགྱུར་ན་དེ་ནི་མེད་དེ། འདི་ལྟར། བགོམ་ལས་ལྡོག་པར་མི་འགྱུར་ཏེ། །སོང་དང་མ་སོང་ལས་ཀྱང་མིན། །དེ་གཉིས་འགྲོ་བ་པོ་སོང་བའི་ལམ་ལས་ནི་མི་ལྡོག་སྟེ། འགྲོ་བ་མེད་ པའི་ཕྱིར་རོ། །མ་སོང་བ་ལས་ཀྱང་མ་ཡིན་ཏེ། འགྲོ་བ་མེད་པ་ཉིད་ཀྱི་ཕྱིར་རོ། །བགོམ་པ་ལས་ཀྱང་མི་ལྡོག་སྟེ། དེ་མ་དམིགས་པའི་ཕྱིར་དང་། འགྲོ་བའི་བྱ་བ་མེད་པའི་ཕྱིར་རོ། །དེའི་ཕྱིར་འགྲོ་བ་ལས་ལྡོག་པ་མེད་དོ། །འདིར་སྨྲས་པ། གལ་ཏེ་འགྲོ་བའི་འགྲན་ཟླ་གནས་ པ་མེད་པས་འགྲོ་བ་མེད་པ་ཡིན་ན། དེ་ལྟ་ན་འོ་ན་འགྲོ་བ་གྲུབ་པར་བྱ་བའི་ཕྱིར་གནས་པ་གྲུབ་པར་བྱ་སྟེ། དེ་གྲུབ་པས་འགྲོ་བ་གྲུབ་པ་ཡིན་ནོ། །དེའི་ཕྱིར་གནས་པ་ནི་ཡོད་པ་ཉིད་དེ་འགྲན་ཟླ་ཡོད་པའི་ཕྱིར་རོ། །གནས་པའི་འགྲན་ཟླ་ནི་འགྲོ་བ་ཡིན་ལ། དེ་ནི་ཡོད་པ་ཡིན་ནོ། །དེའི་ ཕྱིར་གནས་པ་ཡང་ཡོད་པ་ཡིན་ཏེ། འགྲན་ཟླ་ཡོད་པའི་ཕྱིར་རོ་ཞེ་ན། འདི་ཡང་མི་རུང་སྟེ། འདི་ལྟར། འགྲོ་བ་དང་ནི་འཇུག་པ་དང་། །ལྡོག་པ་ཡང་ནི་འགྲོ་དང་མཚུངས། །འདིར་གནས་པ་བསྒྲུབ་པའི་ཕྱིར་བཀོད་པའི་འགྲོ་བ་གང་ཡིན་པ་དེ་ནི་འགྲོ་བ་དང་མཚུངས་ཏེ། འགྲོ་ བ་སུན་འབྱིན་པ་དང་འདྲའོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར། རེ་ཞིག་འགྲོ་པོ་མི་སྡོད་དེ། །ཞེས་བྱ་བ་ལ་སོགས་པས། འགྲོ་བ་རབ་ཏུ་བསྒྲུབ་པའི་ཕྱིར་གཏན་ཚིགས་ཉིད་དུ་ཉེ་བར་བཀོད་པའི་གནས་པ་ལ་སུན་འབྱིན་པ་བརྗོད་པ་དེ་བཞིན་དུ་འདིར་ཡང་གནས་པ་བསྒྲུབ་པའི་ཕྱིར་གཏན་ ཚིགས་ཉིད་དུ་ཉེ་བར་བཀོད་པའི་འགྲོ་བ་ལ་ཡང་། རེ་ཞིག་གནས་པོ་མི་འགྲོ་སྟེ། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་འདོན་པ་གོ་བསྣོར་ཏེ་སུན་འབྱིན་པ་བརྗོད་པར་བྱའོ། །དེས་ན་འགྲོ་བ་མེད་ལ་དེ་མེད་པས་འགྲན་ཟླ་གནས་པ་ཡང་མེད་དོ། །དེ་ལྟར་རེ་ཞིག་འགྲོ་བ་ ནི་འགྲོ་བ་དང་འདྲ་བར་གསལ་བར་བྱའོ། །ཅི་སྟེ་གནས་པ་ནི་ཡོད་པ་ཉིད་དེ། དེའི་རྩོམ་པ་ཡོད་པའི་ཕྱིར་རོ། །འདིར་འགྲོ་བ་བཏང་ནས་གནས་པ་རྩོམ་པར་འགྱུར་ལ། རྩོམ་པ་གང་ཡིན་པ་དེ་ཡང་ཡོད་པར་ཇི་ལྟར་མི་འགྱུར་སྙམ་ན། བརྗོད་པར་བྱ་སྟེ། འཇུག་པ་ཡང་འགྲོ་བ་དང་ མཚུངས་པར་བརྗོད་པར་བྱའོ། །དེ་ལ་ཇི་ལྟར་སྔར། སོང་ལ་འགྲོ་བའི་རྩོམ་མེད་དེ། །ཞེས་བྱ་བ་ལ་སོགས་པས་འགྲོ་བའི་རྩོམ་པ་བཀག་པ་དེ་བཞིན་དུ། འདིར་ཡང་། གནས་ལ་གནས་པའི་རྩོམ་མེད་དེ། ཞེས་བྱ་བ་ལ་སོགས་པས་ཚིགས་སུ་བཅད་པ་གསུམ་གོ་བསྣོར་ཏེ་གནས་པའི་ འཇུག་པ་ལ་ཡང་འགྲོ་བ་དང་མཚུངས་པར་བསལ་བར་བྱའོ། །ཅི་སྟེ་གནས་པ་ནི་ཡོད་པ་ཉིད་དེ་དེ་ལས་ལྡོག་པ་ཡོད་པའི་ཕྱིར་རོ། །འདིར་ལྷ་སྦྱིན་གནས་པར་གྱུར་ནས་གནས་པ་ལས་ལྡོག་པ་ན་འགྲོ་བ་རྩོམ་པར་འགྱུར་ཏེ། གལ་ཏེ་གནས་པ་ཡོད་པར་མ་གྱུར་ན་ནི་དེ་ལས་ལྡོག་པར་ ཡང་མི་འགྱུར་རོ་སྙམ་ན། བརྗོད་པར་བྱ་སྟེ། གལ་ཏེ་དེའི་ལྡོག་པ་ཡོད་པར་གྱུར་ན་ནི་གནས་པ་ཡོད་པར་འགྱུར་ན། དེ་ནི་མེད་དེ། གང་གི་ཕྱིར་ལྡོག་པར་ཡང་ནི་འགྲོ་དང་མཚུངས་ཏེ། གནས་པ་ལས་ལྡོག་པ་ཡང་འགྲོ་བ་ལས་ལྡོག་པ་དང་མཚུངས་པར་བསལ་ བར་བྱ་བ་ཡིན་ནོ། །ཇི་ལྟར་འགྲོ་བ་འགོག་པ་ན། །བགོམ་ལས་ལྡོག་པར་མི་འགྱུར་ཏེ། །སོང་དང་མ་སོང་ལས་ཀྱང་མིན། །ཞེས་འགྲོ་བ་ལ་སུན་འབྱིན་པ་བརྗོད་པ་དེ་བཞིན་དུ་གནས་པ་དགག་པ་ལ་ཡང་། གནས་བཞིན་པ་ལས་མི་ལྡོག་སྟེ། །གནས་དང་མི་གནས་ལས་ཀྱང་མིན། ། ཞེས་འགྲོ་བ་དང་སུན་འབྱིན་པ་འདྲ་བ་ཡིན་ཏེ། དེའི་ཕྱིར་གནས་པ་མེད་དོ། །དེ་མེད་པས་འགྲོ་བའི་གཉེན་པོ་གནས་པ་ཡོད་པར་སྨྲ་བ་རྣམས་ཀྱིས་འགྲོ་བ་གྲུབ་པར་ག་ལ་འགྱུར་ཏེ། དེའི་ཕྱིར་འགྲོ་བ་རྣམ་པ་ཐམས་ཅད་དུ་མེད་པ་ཉིད་དོ། །གཞན་ཡང་གལ་ཏེ་འགྲོ་བ་ཡོད་པར་གྱུར་ན། དེ་འགྲོ་ བ་པོ་ལས་ཐ་དད་པར་རམ་ཐ་མི་དད་པར་ཡོད་པར་འགྱུར་བ་ཞིག་ན། རྣམ་པར་དཔྱད་པ་ན་རྣམ་པ་ཐམས་ཅད་དུ་ཡོད་པ་མ་ཡིན་ནོ་ཞེས་བཤད་པ། འགྲོ་བ་དེ་དང་འགྲོ་བ་པོ། །དེ་ཉིད་ཅེས་ཀྱང་བྱར་མི་རུང་། །འགྲོ་བ་དང་ནི་འགྲོ་བ་པོ། །གཞན་ཉིད་ཅེས་ཀྱང་བྱར་མི་རུང་། །ཡང་ཇི་ལྟར་མི་ རུང་ཞེ་ན། །བཤད་པ། གལ་ཏེ་འགྲོ་བ་གང་ཡིན་པ། །དེ་ཉིད་འགྲོ་པོ་ཡིན་འགྱུར་ན། །བྱེད་པ་པོ་དང་ལས་ཉིད་ཀྱང་། །གཅིག་པ་ཉིད་དུ་ཐལ་བར་འགྱུར། །འགྲོ་བའི་བྱ་བ་གང་ཡིན་པ་དེ་གལ་ཏེ་འགྲོ་བ་པོ་ལས་ཐ་མི་དད་པར་འགྱུར་ན་ནི། དེའི་ཚེ་བྱེད་པ་པོ་དང་བྱ་བ་ཡང་གཅིག་པ་ཉིད་དུ་འགྱུར་རོ། ། དེའི་ཕྱིར་འདི་ནི་བྱ་བའོ་འདི་ནི་བྱེད་པ་པོའོ་ཞེས་བྱ་བའི་ཁྱད་པར་དུ་ཡང་མི་འགྱུར་ན། གཅོད་པའི་བྱ་བ་དང་གཅོད་པ་པོ་ནི་གཅིག་པ་ཡང་མ་ཡིན་ཏེ། དེའི་ཕྱིར་འགྲོ་བ་གང་ཡིན་པ་དེ་ནི་འགྲོ་བ་པོ་ཡིན་ནོ་ཞེས་བྱ་བར་མི་རུང་ངོ་། །འགྲོ་བ་དང་འགྲོ་བ་པོ་གཞན་པ་ཉིད་དུ་ཡང་ཇི་ལྟར་མེད་པ་དེ་ལྟར་ བསྟན་པའི་ཕྱིར་བཤད་པ། གལ་ཏེ་འགྲོ་དང་འགྲོ་བ་པོ། །གཞན་པ་ཉིད་དུ་རྣམ་བརྟག་ན། །འགྲོ་པོ་མེད་པའི་འགྲོ་བ་དང་། །འགྲོ་བ་མེད་པའི་འགྲོ་པོར་འགྱུར། །གལ་ཏེ་འགྲོ་བ་པོ་དང་འགྲོ་བ་དག་གཞན་ཉིད་དུ་གྱུར་ན་ནི། དེའི་ཚེ་འགྲོ་བ་ལ་མ་ལྟོས་པའི་འགྲོ་བ་པོར་འགྱུར་ཞིང་། བུམ་པ་ལས་སྣམ་བུ་ལྟར་འགྲོ་བ་པོ་ལ་ལྟོས་པ་མེད་པ་གཞན་དུ་གྲུབ་པའི་འགྲོ་བ་གཟུང་བར་བྱ་བར་འགྱུར་ན། བྱེད་པ་པོ་ལས་ལོགས་སུ་གྲུབ་པའི་འགྲོ་བ་ནི་འཛིན་པ་ཡང་མ་ཡིན་པས། འགྲོ་བ་ལས་འགྲོ་བ་པོ་གཞན་ཉིད་ཡིན་ནོ་ཞེས་བྱ་བ་ནི་མི་རིགས་སོ་ཞེས་བྱ་བ་འདི་ནི་རབ་ཏུ་བསྒྲུབས་པ་ ཡིན་ནོ། །དེའི་ཕྱིར་དེ་ལྟར། གང་དག་དངོས་པོ་གཅིག་པ་དང་། །དངོས་པོ་གཞན་པ་ཉིད་དུ་ནི། །གྲུབ་པར་གྱུར་པ་ཡོད་མིན་ན། །དེ་གཉིས་གྲུབ་པ་ཇི་ལྟར་ཡོད། །འགྲོ་བ་དང་འགྲོ་བ་པོ་གང་དག་ལ་ཇི་སྐད་བཤད་པའི་ཚུལ་གྱིས་གཅིག་གི་ངོ་བོ་དང་གཞན་གྱི་ངོ་བོ་གྲུབ་པར་འགྱུར་ བ་ཇི་ལྟར་ཡང་ཡོད་པ་མ་ཡིན་ན། དེ་གཉིས་རྣམ་པ་གཞན་གང་དུ་གྲུབ་པར་འགྱུར། དེ་ཉིད་ཀྱི་ཕྱིར། དེ་གཉིས་གྲུབ་པ་ཇི་ལྟར་ཡོད། །ཅེས་གསུངས་ཏེ། འགྲོ་བ་དང་འགྲོ་བ་པོ་གཉིས་གྲུབ་པ་མེད་དེ་སྙམ་དུ་དགོངས་པའོ། །འདིར་སྨྲས་པ། འདི་ནི་འགྲོ་བ་པོ་ལྷ་སྦྱིན་འགྲོའོ་ ཞེས་བྱ་བར་ནི་འཇིག་རྟེན་དུ་གྲགས་པ་ཡིན་ནོ། །དེ་ལ་སྨྲ་བ་པོ་ཚིག་སྨྲའོ། །བྱེད་པ་པོ་བྱ་བ་བྱེད་དོ་ཞེས་ཇི་ལྟར་གྲགས་པ་དེ་བཞིན་དུ་འགྲོ་བ་གང་གིས་འགྲོ་བ་པོར་མངོན་པ་དེ་འགྲོའོ་ཞེས་བྱ་བ་ཡང་ཡིན་པས། ཇི་སྐད་དུ་བརྗོད་པའི་ཉེས་པར་མི་འགྱུར་རོ། །འདི་ཡང་ཡོད་པ་མ་ཡིན་ ཏེ་གང་གི་ཕྱིར། འགྲོ་བ་གང་གིས་འགྲོ་པོར་མངོན། །འགྲོ་བ་དེ་ནི་དེ་འགྲོ་མིན། །འགྲོ་བ་གང་གིས་ལྷ་སྦྱིན་འགྲོའོ་ཞེས་བྱ་བར་མངོན་པར་གསལ་བ་དེ་ནི་འགྲོ་བ་པོར་གྱུར་པ་དེ་འགྲོ་བ་མ་ཡིན་ཏེ། ཡིན་པར་མི་འགྱུར་བའམ། བྱེད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་ལྟར། གང་ ཕྱིར་འགྲོ་བའི་སྔ་རོལ་མེད། །དེའི་འགྲོ་བའི་སྔ་རོལ་ནི་དེ་འགྲོ་བའི་སྔོན་རོལ་ལོ། །གལ་ཏེ་འགྲོ་བའི་སྔ་རོལ་དུ་འགྲོ་བ་པོ་གྲུབ་པར་འགྱུར་ན་ནི། དེ་དེར་འགྲོ་བར་འགྱུར་བ་ཞིག་གོ། །ཇི་ལྟར་ཞེ་ན། གང་གི་ཕྱིར་གང་ཞིག་གང་དུ་འགྲོ་བར་འགྱུར། ལྷ་སྦྱིན་གང་ཞིག་དོན་གཞན་དུ་གྱུར་ པའི་གྲོང་ངམ། གྲོང་ཁྱེར་གང་ཞིག་ཏུ་འགྲོ་བར་མཐོང་བ་ཡིན་ན། དེ་བཞིན་དུ་འགྲོ་བ་གང་གིས་འགྲོ་བ་པོ་ཞེས་བརྗོད་པ་དེའི་སྔ་རོལ་དུ་གང་ཞིག་དེ་འགྲོ་བར་འགྱུར་བ་འགྲོ་བ་ལ་མི་ལྟོས་པའི་འགྲོ་བ་པོ་ཞེས་བྱ་བ་ནི་ཡོད་པ་ཡང་མ་ཡིན་ནོ། །ཅི་སྟེ་འགྲོ་བ་གང་གིས་འགྲོ་བ་པོ་ཞེས་མངོན་ པ་དེ་ཉིད་ནི་འདིར་འགྲོ་བ་མ་ཡིན་ཏེ། འོ་ན་ཅི་ཞེ་ན། དེ་ལས་གཞན་འགྲོའོ་སྙམ་དུ་སེམས་ན། འདི་ཡང་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར། འགྲོ་བ་གང་གིས་འགྲོ་པོར་མངོན། །དེ་ལས་གཞན་པ་དེ་འགྲོ་མིན། །གང་ཕྱིར་འགྲོ་པོ་གཅིག་པོ་ལ། །འགྲོ་ བ་གཉིས་སུ་མི་འཐད་དོ། །འགྲོ་བ་པོར་གྱུར་པ་དེ་ནི་འགྲོ་བ་གང་གིས་འགྲོ་བ་པོར་མངོན་པ་དེ་ལས་གཞན་ཡང་འགྲོ་བ་མ་ཡིན་ཏེ། འགྲོ་བ་གཉིས་སུ་ཐལ་བར་འགྱུར་བའི་ཕྱིར་རོ། །འགྲོ་བ་གང་གིས་འགྲོ་བ་པོར་མངོན་པར་གསལ་བ་དང་། འགྲོ་བ་པོར་གྱུར་ནས་གཞན་གང་ཞིག་འགྲོའོ་ ཞེས་བྱ་བ་སྟེ། འགྲོ་བ་འདི་གཉིས་སུ་ཐལ་བར་འགྱུར་ན། འགྲོ་བ་པོ་གཅིག་ལ་འགྲོ་བ་གཉིས་ཀྱང་མེད་པས་འདི་ནི་མི་རིགས་སོ། །འདིས་ནི་སྨྲ་བ་པོ་ཚིག་སྨྲའོ་ཞེས་པ་དང་། བྱེད་པ་པོ་བྱ་བ་བྱེད་དོ་ཞེས་བྱ་བ་ཡང་བསལ་བ་ཡིན་ནོ། །དེའི་ཕྱིར་དེ་ལྟར། འགྲོ་པོ་ཡིན་པར་གྱུར་པ་ནི། ། འགྲོ་རྣམས་གསུམ་དུ་འགྲོ་མི་བྱེད། །མ་ཡིན་པར་ནི་གྱུར་དེ་ཡང་། །འགྲོ་རྣམ་གསུམ་དུ་འགྲོ་མི་བྱེད། །ཡིན་དང་མ་ཡིན་གྱུར་པ་ཡང་། །འགྲོ་རྣམ་གསུམ་དུ་འགྲོ་མི་བྱེད། །དེ་ལ་འདིར་འགྲོ་བར་བྱ་བ་ནས་འགྲོ་བ་ཞེས་བྱའོ། །དེ་ལ་འགྲོ་བ་པོ་ཡིན་པར་གྱུར་པ་ནི། གང་ཞིག་ འགྲོ་བའི་བྱ་བ་དང་ལྡན་པའོ། །འགྲོ་བ་པོ་མ་ཡིན་པར་གྱུར་པ་ནི་འགྲོ་བའི་བྱ་བ་དང་བྲལ་བའོ། །ཡིན་པ་དང་མ་ཡིན་པར་གྱུར་པ་ནི་གཉི་གའི་ངོ་བོ་གང་ཡིན་པའོ། །དེ་བཞིན་དུ་འགྲོ་བ་ཡང་འགྲོ་བའི་བྱ་བ་དང་འབྲེལ་པའི་སྒོ་ནས་རྣམ་པ་གསུམ་དུ་རིག་པར་བྱའོ། །དེ་ལ་འགྲོ་བ་པོ་ཡིན་པར་ གྱུར་པ་ནི་ཡིན་པར་གྱུར་པ་དང་མ་ཡིན་པར་གྱུར་པ་དང་། ཡིན་པ་དང་མ་ཡིན་པར་གྱུར་པའི་འགྲོ་བ་རྣམ་པ་གསུམ་དུ་འགྲོ་བར་མི་བྱེད་དེ། འདི་ཡང་ལས་དང་བྱེད་པ་བརྟག་པ་ལས་འཆད་པར་འགྱུར་རོ། །དེ་བཞིན་དུ་འགྲོ་བ་པོ་མ་ཡིན་པར་གྱུར་པ་ཡང་འགྲོ་བ་རྣམ་པ་གསུམ་དུ་འགྲོ་ བར་མི་བྱེད་ལ། ཡིན་པ་དང་མ་ཡིན་པར་གྱུར་པར་ཡང་མི་བྱེད་དོ་ཞེས་དེ་ཉིད་ལས་སྟོན་པར་འགྱུར་རོ། །གང་གི་ཕྱིར་དེ་ལྟར་རྣམ་པར་དཔྱད་ན། འགྲོ་བ་པོ་དང་བགྲོད་པ་དང་འགྲོ་བ་རྣམས་ཡོད་པ་མ་ཡིན་པ། དེ་ཕྱིར་འགྲོ་དང་འགྲོ་པོ་དང་། །བགྲོད་པར་བྱ་བ་ཡོད་མ་ཡིན། །ཞེས་བྱའོ། ། ཇི་སྐད་དུ། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས། བཙུན་པ་ཤྭ་ར་དྭ་ཏིའི་བུ་འོང་བ་ཞེས་བྱ་བ་དེ་ནི་བསྡུ་བའི་ཚིག་གོ། །བཙུན་པ་ཤྭ་ར་དྭ་ཏིའི་བུ་འགྲོ་བ་ཞེས་བྱ་བ་དེ་ནི་བསལ་བའི་ཚིག་གོ། །གང་ལ་བསྡུ་བའི་ཚིག་མེད་པ་དང་། བསལ་བའི་ཚིག་མེད་པ་དེ་ལ་འོང་བ་ཡང་མེད། འགྲོ་བ་ཡང་མེད་དོ། །འོང་བ་དང་འགྲོ་བ་མེད་པ་ནི། འཕགས་པ་རྣམས་ཀྱི་འགྲོ་བའོ་ཞེས་གསུངས་པ་ལྟ་བུའོ། །གལ་ཏེ་ས་བོན་ཉིད་མྱུ་གུར་འཕོ་བ་ཡིན་ན་ནི་དེ་ས་བོན་ཉིད་ཡིན་གྱི་མྱུ་གུ་མ་ཡིན་པ་དང་། རྟག་པའི་སྐྱོན་དུ་ཐལ་བར་འགྱུར་རོ། །འོན་ཏེ་མྱུ་གུ་གཞན་ནས་འོང་ན་ནི་རྒྱུ་མེད་པའི་སྐྱོན་ དུ་ཐལ་བར་འགྱུར་ན། རྒྱུ་མེད་པ་ནི་སྐྱེ་བ་ཡང་མ་ཡིན་ཏེ། བོང་བུའི་རྭ་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་ཀྱང་། ས་བོན་ཡོད་ན་མྱུ་གུ་ཇི་བཞིན་ཏེ། །ས་བོན་གང་ཡིན་མྱུ་གུ་དེ་ཉིད་མིན། །དེ་ལས་གཞན་མིན་དེ་ཡང་མ་ཡིན་ཏེ། །དེ་ལྟར་རྟག་མིན་ཆད་མིན་ཆོས་ཉིད་དོ། །ཞེས་ བྱ་བ་དང་། རྒྱ་ལས་རྒྱའི་འབུར་ནི་སྣང་མོད་ཀྱི། །རྒྱ་དེ་འཕོས་པར་དམིགས་པའང་ཡོད་མ་ཡིན། །དེ་ལ་དེ་མེད་གཞན་ལ་མ་ཡིན་ཏེ། །དེ་ལྟར་འདུས་བྱས་རྟག་མེད་ཆད་པ་མེད། །ཅེས་བྱ་བ་དང་། མེ་ལོང་ངོས་དང་འབྲུ་མར་སྣོད་རྣམས་ལ། །བུད་མེད་ཁ་བཞིན་བརྒྱན་པས་བལྟས་པ་ ན། །བྱིས་པ་དེ་ནི་དེ་ལ་ཆགས་བསྐྱེད་ནས། །འདོད་པ་ཚོལ་བའི་ཕྱིར་ཡང་ཤིན་ཏུ་རྒྱུག །བཞིན་ནི་དེར་ཡང་འཕོ་བ་མ་ཡིན་ཏེ། །གཟུགས་བརྙན་ལ་ནི་ནམ་ཡང་བཞིན་མི་རྙེད། །རྨོངས་པ་དེ་དག་འདོད་ཆགས་བསྐྱེད་པ་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། ། ཞེས་གསུངས་སོ། །ཇི་སྐད་དུ། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་ཀྱང་། དེ་ཚེ་སྡིག་མེད་སྟོབས་བཅུ་ལྡན་པ་ཡི། །རྒྱལ་བ་དེ་ནི་ཏིང་འཛིན་མཆོག་འདི་འཆད། །སྲིད་པའི་འགྲོ་བ་རྨི་ལམ་ལྟ་བུ་སྟེ། །འདི་ལ་སུ་ཡང་མི་སྐྱེ་འཆི་བ་མེད། །སེམས་ཅན་མི་དང་སྲོག་ཀྱང་མི་རྙེད་དེ། ། ཆོས་འདི་རྣམས་ནི་དབུ་བ་ཆུ་ཤིང་འདྲ། །སྒྱུ་མ་ལྟ་བུ་ནམ་མཁའི་གློག་འདྲ་སྟེ། །ཆུ་ཡི་ཟླ་བ་འདྲ་ཞིང་སྨིག་རྒྱུ་བཞིན། །མི་འགའ་འཇིག་རྟེན་འདིར་ཡང་ཤི་ནས་ནི། །འཇིག་རྟེན་གཞན་དུ་འཕོ་ཞིང་འགྲོ་མེད་ཀྱང་། །ལས་བྱས་རྣམས་ནི་ནམ་ཡང་ཆུད་མི་ཟ། །འཁོར་བ་ན་ཡང་ དཀར་ནག་འབྲས་བུ་སྨིན། །རྟག་པ་མ་ཡིན་ཆད་པར་མི་འགྱུར་ཏེ། །ལས་བསགས་མེད་ཅིང་གནས་པ་དག་ཀྱང་མེད། །དེ་ཡང་བྱས་ནས་རེག་པར་མི་འགྱུར་མིན། །གཞན་གྱིས་བྱས་པ་ཚོལ་བར་གྱུར་པའང་མེད། །འཕོ་བ་མེད་ཅིང་ཕྱིར་ཡང་འོང་བ་ མེད། །ཐམས་ཅད་ཡོད་པ་མ་ཡིན་མེད་པའང་མིན། །འདི་ནི་ལྷ་གནས་འཇུག་པ་དག་པ་མིན། །སེམས་ཅན་སྤྱོད་པ་རབ་ཞི་འཇུག་པ་མེད། །སྲིད་གསུམ་རྨི་ལམ་དང་འདྲ་སྙིང་པོ་མེད། །མྱུར་དུ་འཇིག་ཅིང་མི་རྟག་སྒྱུ་མ་བཞིན། །འོང་བ་མེད་ཅིང་འདི་ནས་འགྲོ་བའང་མེད། ། རྒྱུན་རྣམས་རྟག་ཏུ་སྟོང་ཞིང་མཚན་མ་མེད། །བདེ་གཤེགས་སྤྱོད་ཡུལ་རྒྱལ་བའི་ཡོན་ཏན་ནི། །སྐྱེ་མེད་ཞི་བ་མཚན་མ་མེད་པའི་གནས། །སྟོབས་དང་གཟུངས་རྣམས་དང་ནི་སྟོབས་བཅུའི་སྟོབས། །འདི་ནི་སངས་རྒྱས་ཁྱུ་མཆོག་གྱུར་པའི་མཆོག །དཀར་པོའི་ཆོས་མཆོག་ཡོན་ ཏན་བསགས་པ་སྟེ། །ཡོན་ཏན་ཡེ་ཤེས་གཟུངས་དང་སྟོབས་མཆོག་དང་། །རྫུ་འཕྲུལ་རྣམ་པར་འཕྲུལ་པར་བྱ་བའི་མཆོག །མངོན་ཤེས་མཆོག་ལྔ་ཐོབ་པ་དམ་པའི་ཚུལ། །ཞེས་རྒྱ་ཆེར་གསུངས་པ་ལྟ་བུའོ། །དེ་བཞིན་དུ། ཚེ་དང་ལྡན་པ་དག་གར་དོང་། གང་ནས་ལྷགས། དེ་དག་གིས་སྨྲས་པ། བཙུན་པ་རབ་འབྱོར་གང་དུ་ཡང་འགྲོ་བ་མེད་པ་དང་། གང་ནས་ཀྱང་འོང་བ་མེད་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་ཏོ་ཞེས་གསུངས་སོ། །སློབ་དཔོན་ཟླ་བ་གྲགས་པའི་ཞལ་སྔ་ནས་སྦྱར་བའི་ཚིག་གསལ་བ་ལས། འགྲོ་བ་དང་འོང་བ་བརྟག་པ་ཞེས་བྱ་བ་ སྟེ། རབ་ཏུ་བྱེད་པ་གཉིས་པའི་འགྲེལ་པའོ།། །།འདིར་སྨྲས་པ། གལ་ཏེ་ཡང་འགྲོ་བ་དང་འགྲོ་བ་པོ་དང་བགྲོད་པ་ཡོད་པ་མ་ཡིན་མོད་ཀྱི། དེ་ལྟ་ན་ཡང་གསུང་རབ་ལས་རབ་ཏུ་གྲུབ་པ་ལ་ལྟོས་ནས་ལྟ་བ་པོ་དང་བལྟ་བར་བྱ་བ་དང་། ལྟ་བ་ལ་སོགས་པ་རྣམས་ཡོད་པར་ཁས་བླང་དགོས་ སོ། །དེ་སྐད་དུ་ཡང་། ཆོས་མངོན་པ་ལས། ལྟ་དང་ཉན་དང་སྣོམ་པ་དང་། །མྱོང་བར་བྱེད་དང་རེག་བྱེད་ཡིད། །དབང་པོ་དྲུག་སྟེ་དེ་དག་གི། །སྤྱོད་ཡུལ་བལྟ་བར་བྱ་ལ་སོགས། །ཞེས་གསུངས་སོ། །དེའི་ཕྱིར་ལྟ་བ་ལ་སོགས་པ་དག་ནི་རང་བཞིན་གྱིས་ཡོད་པ་ཡིན་ནོ། །ཡོད་པ་མ་ཡིན་ཏེ། འདིར་ མིག་ནི་ལྟ་བས་ན་ལྟ་བར་བྱེད་པ་ཡིན་ལ། གཟུགས་ནི་དེའི་ཡུལ་ཉིད་ཡིན་པར་ཉེ་བར་བསྟན་ཏོ། །ཇི་ལྟར་ལྟ་བ་གཟུགས་ལ་མི་ལྟ་བ་དེ་ལྟར་བསྟན་པའི་ཕྱིར་བཤད་པ། ལྟ་དེ་རང་གི་བདག་ཉིད་ནི། །དེ་ལ་ལྟ་བ་མ་ཡིན་ཉིད། །གང་ཞིག་བདག་ལ་མི་ལྟ་བ། །དེ་གཞན་དག་ལ་ཇི་ལྟར་ལྟ། ། དེ་ལ་ལྟ་བ་དེ་རང་གི་བདག་ཉིད་ལ་ལྟ་བ་མ་ཡིན་པ་ཉིད་དེ། རང་གི་བདག་ཉིད་ལ་བྱ་བ་འགལ་བའི་ཕྱིར་རོ། །དེའི་ཕྱིར་རང་གི་བདག་ཉིད་ལ་མི་ལྟ་བའི་ཕྱིར་རྣ་བ་ལ་སོགས་པ་བཞིན་དུ་སྔོན་པོ་ལ་སོགས་པ་ལའང་མི་ལྟ་བར་འགྱུར་རོ། །དེའི་ཕྱིར་ལྟ་བ་ཡོད་པ་མ་ཡིན་ནོ། །གལ་ཏེ་ཡང་ལྟ་བ་རང་ གི་བདག་ཉིད་ལ་མི་ལྟ་མོད་ཀྱི། དེ་ལྟ་ན་ཡང་གཞན་ལ་ལྟ་བ་ཡིན་ཏེ་མེ་བཞིན་ནོ། །འདི་ལྟར་མེ་ནི་གཞན་གྱི་བདག་ཉིད་ཁོ་ན་སྲེག་པར་བྱེད་ཀྱི། རང་གི་བདག་ཉིད་ནི་མ་ཡིན་ནོ། །དེ་བཞིན་དུ་ལྟ་བ་ཡང་གཞན་ཁོ་ན་ལ་ལྟའི། རང་གི་བདག་ཉིད་ནི་མ་ཡིན་ནོ་ཞེ་ན། འདི་ཡང་རིགས་པ་ མ་ཡིན་ཏེ་གང་གི་ཕྱིར། ལྟ་བ་རབ་ཏུ་བསྒྲུབ་པའི་ཕྱིར། །མེ་ཡི་དཔེས་ནི་ནུས་མ་ཡིན། །ལྟ་བ་རབ་ཏུ་བསྒྲུབ་པར་བྱ་བའི་ཕྱིར་ཁྱོད་ཀྱིས་མེའི་དཔེ་ཉེ་བར་བཀོད་པ་གང་ཡིན་པ་དེས་ནི་ནུས་པ་མ་ཡིན་ཏེ། མི་ཆོག་པ་དང་། མཐུ་མེད་པ་དང་། མི་རིགས་སོ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར། སོང་དང་མ་སོང་བགོམ་པ་ཡིས། །དེ་ནི་ལྟར་བཅས་ལན་བཏབ་པོ། །ལྟ་བ་དང་ལྷན་ཅིག་གནས་པས་ནི་ལྟར་བཅས་སོ། །ཁྱོད་ཀྱིས་ལྟ་བ་རབ་ཏུ་བསྒྲུབ་པའི་ཕྱིར་མེའི་དཔེ་བསྟན་པ་གང་ཡིན་པ་དེ་ཡང་དངོས་ཀྱི་དོན་ལྟ་བ་དང་ལྷན་ཅིག་ལན་བཏབ་པོ་སྟེ་སུན་ཕྱུང་བ་ཡིན་ནོ། །གང་ གིས་ཤེ་ན། སོང་དང་མ་སོང་བགོམ་པ་ཡིས། །ཞེས་གསུངས་ཏེ། གང་གི་ཕྱིར་ཇི་ལྟར་སོང་བ་ལ་མི་འགྲོ་ཞིང་། མ་སོང་བ་ལ་ཡང་མ་ཡིན་ལ། བགོམ་པ་ལ་མ་ཡིན་པ་དེ་བཞིན་དུ། མེས་ཀྱང་བསྲེགས་པ་ལ་མི་སྲེག་ལ། མ་བསྲེགས་པ་ལ་ཡང་མི་སྲེག་གོ་ཞེས་བྱ་བ་ ལ་སོགས་པས་མཚུངས་པ་བརྗོད་པར་བྱའོ། །ཡང་ཇི་ལྟར་སོང་བ་དང་མ་སོང་བ་དང་བགོམ་པ་ལ་མི་འགྲོ་བ་དེ་བཞིན་དུ། རེ་ཞིག་བལྟས་ལ་མི་ལྟ་སྟེ། །མ་བལྟས་པ་ལའང་ལྟ་བ་མིན། །བལྟས་དང་མ་བལྟས་མ་གཏོགས་པར། །ལྟ་བཞིན་ཤེས་པར་མི་འགྱུར་རོ། །ཞེས་བྱ་བ་ལ་ སོགས་པ་བརྗོད་པར་བྱའོ། །ཇི་ལྟར། རེ་ཞིག་འགྲོ་པོ་མི་འགྲོ་སྟེ། །ཞེས་བྱ་བ་ལ་སོགས་པ་བཤད་པ་དེ་བཞིན་དུ། རེ་ཞིག་སྲེག་པོ་མི་སྲེག་སྟེ། །ཞེས་བྱ་བ་ལ་སོགས་པ་བརྗོད་པར་བྱ་ཞིང་། རེ་ཞིག་ལྟ་པོ་མི་ལྟ་སྟེ། །ཞེས་བྱ་བ་ལ་སོགས་པས་མེའི་དཔེ་དང་ ལྷན་ཅིག་ཏུ་སོང་བ་དང་མ་སོང་བ་དང་བགོམ་པ་དག་དང་སུན་དབྱུང་བ་མཚུངས་པ་དེའི་ཕྱིར་མེ་བཞིན་དུ་ལྟ་བ་གྲུབ་པོ་ཞེས་བྱ་བ་མི་རིགས་སོ། །དེའི་ཕྱིར་ལྟ་བ་རང་གི་བདག་ཉིད་བཞིན་དུ་གཞན་དག་ལ་ཡང་ལྟ་བ་མ་ཡིན་ནོ་ཞེས་བྱ་བ་འདི་གྲུབ་པ་མ་ཡིན་ནོ། །གང་གི་ཚེ་དེ་ལྟ་ཡིན་པ་དེའི་ཚེ། གང་ཚེ་ ཅུང་ཟད་མི་ལྟ་བ། །ལྟ་བར་བྱེད་པ་མ་ཡིན་ནོ། །ལྟ་བས་ལྟ་བར་བྱེད་ཅེས་བྱར། །དེ་ནི་ཇི་ལྟར་རིགས་པར་འགྱུར། །གང་གི་ཚེ་དེ་ལྟར་ཅུང་ཟད་ཀྱང་མི་ལྟ་བས་ལྟ་བར་བྱེད་པ་མ་ཡིན་པ་དེའི་ཚེ་མི་ལྟ་བ་ལྟ་བར་བྱེད་པ་ཉིད་མི་རིགས་པའི་ཕྱིར་ལྟ་བས་ན། ལྟ་བར་བྱེད་པའོ་ཞེས་བརྗོད་པ་མི་ རིགས་ཏེ། ཀ་བ་ལ་སོགས་པ་བཞིན་ནོ། །གལ་ཏེ་ཡང་ཚིགས་སུ་བཅད་པ་སྡེབ་པའི་ངོར་ལྟ་བར་བྱེད་པ་མ་ཡིན་ནོ་ཞེས་བྱ་བའི་མཇུག་ཐོགས་སུ། ལྟ་བྱེད་ལྟ་བས་ཡིན་ཞེས་བྱར། །ཞེས་བྱ་བར་འདོན་མོད་ཀྱི་དེ་ལྟ་ན་ཡང་འཆད་པའི་དུས་སུ། ལྟ་བས་ལྟ་བར་བྱེད་ཅེས་བྱར། །དེ་ནི་ ཇི་ལྟར་རིགས་པར་འགྱུར། །ཞེས་གདོན་པར་བྱའོ། །གཞན་ཡང་འདིར་ལྟ་བས་ན་ལྟ་བར་བྱེད་པའོ་ཞེས་བརྗོད་པ་ནི་ལྟ་བའི་བྱ་བ་དང་མི་ལྟ་བའི་རང་བཞིན་ཅན་ཞིག་གམ། ལྟ་བའི་རང་བཞིན་ཅན་མ་ཡིན་པ་ཞིག་འབྲེལ་པར་རྟོག་གྲང་། གཉི་ག་ལྟར་ཡང་མི་རུང་ངོ་ཞེས་བཤད་ པ། ལྟ་བ་ལྟ་ཉིད་མ་ཡིན་ཏེ། །ལྟ་བ་མིན་པ་མི་ལྟ་ཉིད། །རེ་ཞིག་ལྟ་བའི་རང་བཞིན་ཅན་ལྟ་བའི་བྱ་བ་དང་ལྡན་པ་ནི་ཡང་ལྟ་བས་ན་ཞེས་བྱ་བ་དང་འབྲེལ་བར་མི་འཐད་དེ། ལྟ་བའི་བྱ་བ་གཉིས་སུ་ཐལ་བར་འགྱུར་བའི་ཕྱིར་དང་། ལྟ་བར་བྱེད་པ་གཉིས་སུ་ཐལ་བར་འགྱུར་བའི་ཕྱིར་ རོ། །ལྟ་བའི་རང་བཞིན་མ་ཡིན་པ་ཡང་མི་ལྟ་སྟེ། ལྟ་བའི་བྱ་བ་དང་བྲལ་བའི་ཕྱིར་སོར་མོའི་རྩེ་མོ་བཞིན་ནོ་ཞེས་བྱ་བར་དགོངས་པའོ། །གང་གི་ཚེ་དེ་ལྟར། ལྟ་བ་ལྟ་ཉིད་མ་ཡིན་ཏེ། །ལྟ་བ་ཡིན་པ་མིན་ལྟ་ཉིད། །ཡིན་པ་དེའི་ཚེ། ལྟ་བས་ལྟ་བར་བྱེད་ཅེས་བྱར། །དེ་ནི་ཇི་ལྟར་ རིགས་པར་འགྱུར། །ཞེས་བྱ་བ་འདི་ཉིད་དང་སྦྱར་བར་བྱའོ། །ཁ་ཅིག་སྐྱེ་བཞིན་པར་འགྱུར་བ་ཆོས་ཙམ་པོ་འདི་ནི་བྱ་བ་མེད་པར་སྐྱེ་བས་འགག་ཀྱང་ཡུལ་ཅུང་ཟད་ཀྱང་མི་ལྟ་སྟེ། བྱ་བ་མེད་པའི་ཕྱིར་རོ། །དེའི་ཕྱིར་ལྟ་བ་མི་ལྟའོ་ཞེས་བྱ་བ་འདི་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ནོ་སྙམ་དུ་སེམས་སོ། ། འདི་ལ་བརྗོད་པར་བྱ་སྟེ། གལ་ཏེ་ཐ་སྙད་ཀྱི་ཡན་ལག་ཏུ་གྱུར་པའི་བྱ་བ་མེད་ན་ནི། དེའི་ཚེ་ཆོས་ཙམ་པོ་ཡང་མེད་པར་འགྱུར་ཏེ། བྱ་བ་དང་བྲལ་བའི་ཕྱིར་ནམ་མཁའི་མེ་ཏོག་བཞིན་ནོ། །དེས་ན་བྱ་བ་དང་བྲལ་བའི་ཆོས་ཙམ་དུ་གོ་ག་ལ་འགྱུར། དེའི་ཕྱིར་གལ་ཏེ་ཐ་སྙད་ཀྱི་བདེན་པ་ཡིན་ན་ནི་ ཆོས་ཙམ་པོ་བཞིན་དུ་བྱ་བ་ཡང་ཁས་ལོང་ལ། །འོན་ཏེ་དེ་ཁོ་ན་ཉིད་སེམས་ན་ནི་བྱ་བ་བཞིན་དུ་ཆོས་ཙམ་པོ་ཡང་ཡོད་པ་མ་ཡིན་ནོ་ཞེས་ཁས་བླང་བར་བྱའོ། །ཇི་སྐད་དུ་བརྒྱ་པ་ལས། བྱ་བ་དང་ལྡན་རྟག་པ་ཉིད། །ཀུན་ཏུ་འགྲོ་ལ་བྱ་བ་མེད། །བྱ་བ་མེད་པ་མེད་དང་མཚུངས། །བདག་ མེད་ལ་ཁྱོད་ཅིས་མི་དགའ། །ཞེས་བཤད་དོ། །དེའི་ཕྱིར་གཞན་གྱི་ཚུལ་འདི་གནོད་པར་བྱེད་པ་མ་ཡིན་ལ། ཁོ་བོ་ཅག་ལ་གྲུབ་པ་ལ་སྒྲུབ་པའི་སྐྱོན་དུ་ཡང་མི་འགྱུར་རོ། །འདིར་སྨྲས་པ། ལྟ་བས་ན་ལྟ་བར་བྱེད་པའོ་ཞེས་བྱེད་པ་པོ་སྒྲུབ་པ་ནི་ཁས་མི་ལེན་གྱི། འོ་ན་ཅི་ཞེ་ན། འདིར་ ལྟ་བར་བྱེད་པས་ན་ལྟ་བའོ་ཞེས་བྱེད་པ་སྒྲུབ་པ་ཡིན་ཏེ། དེས་ན་ཇི་སྐད་སྨྲས་པའི་སྐྱོན་དུ་ཐལ་བར་མི་འགྱུར་རོ། །གང་ཞིག་བྱེད་པར་གྱུར་པའི་ལྟ་བ་འདིས་ལྟ་བར་བྱེད་པ་དེ་ནི་ལྟ་བ་པོ་ཡིན་ལ། འདི་ཡང་རྣམ་པར་ཤེས་པ་འམ་བདག་ཡིན་ཡང་རུང་སྟེ་ཡོད་པ་ཉིད་དོ། །བྱེད་པ་པོ་ཡོད་པ་ལས་ཀྱང་ལྟ་བ་ གྲུབ་པ་ཡིན་ནོ། །བརྗོད་པར་བྱ་སྟེ། ལྟ་བ་ཉིད་ཀྱིས་ལྟ་བ་པོའང་། །རྣམ་པར་བཤད་པར་ཤེས་པར་བྱ། །དེ་ལ་ཇི་ལྟར། ལྟ་དེ་རང་གི་བདག་ཉིད་ནི། །ཞེས་བྱ་བ་ལ་སོགས་པས་ལྟ་བ་ལ་སུན་འབྱིན་པར་བརྗོད་པ་དེ་བཞིན་དུ་ལྟ་བ་པོ་ཡང་སུན་འབྱིན་པ་ལྟ་བ་དང་འདྲ་བར་རིག་པར་ བྱའོ། །འདི་ལྟ་སྟེ། ལྟ་པོ་རང་གི་བདག་ཉིད་ནི། །ལྟ་བས་ལྟ་བ་མ་ཡིན་ཉིད། །གང་ཞིག་བདག་ལ་མི་ལྟ་བ། །དེ་གཞན་དག་ལ་ཇི་ལྟར་ལྟ། །ཞེས་བྱ་བ་ལ་སོགས་པས་བརྗོད་པར་བྱ་སྟེ། དེའི་ཕྱིར་ལྟ་བ་བཞིན་དུ་ལྟ་བ་པོ་ཡང་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་གྲུབ་བོ། །འདིར་ སྨྲས་པ། ལྟ་བ་པོ་ནི་ཡོད་པ་ཉིད་དེ། དེའི་ལས་དང་བྱེད་པ་ཡོད་པའི་ཕྱིར། འདིར་གང་མེད་པ་དེ་ལ་ནི་ལས་དང་བྱེད་པ་མེད་དེ། དཔེར་ན་མོ་གཤམ་གྱི་བུ་བཞིན་ནོ། །བྱེད་པ་པོ་ལ་ནི་བྱེད་པ་ལྟ་བ་དང་བལྟ་བར་བྱ་བ་ལས་ཀྱང་ཡོད་པ་ཡིན་ཏེ། དེའི་ཕྱིར་གཅོད་པ་ པོ་བཞིན་དུ་ལས་དང་བྱེད་པ་པོ་ཡོད་པའི་ཕྱིར་ལྟ་བ་པོ་ཡོད་པ་ཉིད་དོ། །བརྗོད་པར་བྱ་སྟེ། བལྟ་བར་བྱ་བ་དང་ལྟ་བ་ནི་ཡོད་པ་མ་ཡིན་པ་ཉིད་དེ། དེའི་ཕྱིར་ལྟ་བ་པོ་ཡོད་པར་ག་ལ་འགྱུར། བལྟ་བར་བྱ་བ་དང་ལྟ་བ་ནི་ལྟ་བ་པོ་ལ་ལྟོས་པ་ཡིན་ལ། དེ་ཡང་ངེས་པར་དཔྱད་པ་ན། །མ་ སྤངས་ལྟ་པོ་ཡོད་མིན་ཏེ། །ལྟ་བ་སྤངས་པར་གྱུར་ཀྱང་ངོ་། །འདིར་ལྟ་བ་པོ་ཞེས་བྱ་བ་འགའ་ཞིག་ཡོད་ན་ནི་དེ་ལྟ་བ་ལ་ལྟོས་པ་དང་བཅས་པའམ། ལྟོས་པ་མེད་པ་ཞིག་ཏུ་འགྱུར་གྲང་། དེ་ལ་གལ་ཏེ་ལྟ་བ་ལ་ལྟོས་པ་དང་བཅས་པ་མ་སྤངས་པའི་ལྟ་བ་པོ་འདོད་ན་ནི། དེའི་ཚེ་གྲུབ་ པ་ཞིག་གམ་མ་གྲུབ་པ་ཞིག་ལྟ་བ་ལ་ལྟོས་པར་འགྱུར་བ་ཞིག་ན། དེ་ལ་གྲུབ་པའི་ལྟ་བ་པོ་ནི་ལྟ་བ་ལ་ལྟོས་པ་མ་ཡིན་ཏེ། གྲུབ་པར་གྱུར་ནས་ལྟ་བ་པོ་ཡང་ལྟ་བ་ལ་ལྟོས་པས་ཅི་ཞིག་བྱེད། གྲུབ་པ་ནི་སླར་ཡང་བསྒྲུབ་པར་བྱ་བ་མ་ཡིན་ནོ། །ཅི་སྟེ་མ་གྲུབ་པའི་ལྟ་བ་པོ་ལྟ་བ་ལ་ལྟོས་ སོ་ཞེ་ན། མ་གྲུབ་པའི་ཕྱིར་མོ་གཤམ་གྱི་བུ་བཞིན་དུ་ལྟ་བ་ལ་ལྟོས་པ་མེད་དོ། །དེ་ལྟར་རེ་ཞིག་མ་སྤངས་པ་སྟེ་ལྟ་བ་ལ་ལྟོས་ནས་ལྟ་བ་པོར་གྱུར་པ་མེད་པ་ཡིན་ནོ། །ལྟ་བ་པོ་ལྟ་བ་སྤངས་པར་གྱུར་པ་ཡང་མི་འགྲུབ་སྟེ། ལྟ་བ་ལ་ལྟོས་པ་མེད་པའི་ཕྱིར་ཏེ་སྔར་བཤད་པ་ཡིན་ནོ། །དེའི་ ཕྱིར་དེ་ལྟར་གང་གི་ཚེ་ལྟ་བ་སྤངས་པ་དང་། མ་སྤངས་པའི་ལྟ་བ་པོ་ཡོད་པ་མ་ཡིན་པ་དེའི་ཚེ། ལྟ་པོ་མེད་ན་བལྟ་བྱ་དང་། །ལྟ་བ་དེ་དག་ག་ལ་ཡོད། །ལྟ་བ་པོ་མེད་ན་རྒྱུ་མེད་པའི་བལྟ་བྱ་དང་ལྟ་བ་དག་ནི་སྲིད་པས་དེ་དག་ཡོད་པ་ལས་ལྟ་བ་པོ་གྲུབ་པར་ག་ལ་འགྱུར། །འདིར་སྨྲས་པ། བལྟ་བར་བྱ་བ་དང་ལྟ་བ་དག་ནི་ཡོད་པ་ཉིད་དེ། དེ་དག་གི་འབྲས་བུ་ཡོད་པའི་ཕྱིར་རོ། །དེ་ལ་ཇི་ལྟར་ཕ་དང་མ་དག་ལ། །བརྟེན་ནས་བུ་ནི་འབྱུང་བཤད་པ། །དེ་བཞིན་མིག་དང་གཟུགས་བརྟེན་ནས། །རྣམ་པར་ཤེས་པ་འབྱུང་བར་བཤད། །ཅེས་བྱ་བ་ལ། བལྟ་བར་བྱ་བ་དང་ལྟ་བ་ལ་ བརྟེན་ནས་རྣམ་པར་ཤེས་པ་འབྱུང་ལ། གསུམ་འདུས་པར་གྱུར་པ་ལས་རེག་པ་ཟག་པ་དང་བཅས་པ་འབྱུང་ཞེས། རེག་པ་དང་ལྷན་ཅིག་འབྱུང་བ་ནི་ཚོར་བ་ཡིན་ལ། དེའི་རྐྱེན་གྱིས་སྲིད་པ་ཡིན་ནོ། །དེ་ལྟར་ན་སྲིད་པའི་ཡན་ལག་བཞི་པོ་བལྟ་བར་བྱ་བ་དང་ལྟ་བའི་རྒྱུ་ཅན་དག་ནི་ཡོད་པ་ཡིན་ ཏེ། དེའི་ཕྱིར། དེ་དག་གི་འབྲས་བུ་ཡོད་པའི་ཕྱིར་བལྟ་བར་བྱ་བ་དང་ལྟ་བ་གཉིས་ཡོད་དོ། །བརྗོད་པར་བྱ་སྟེ། གལ་ཏེ་རྣམ་པར་ཤེས་པ་ལ་སོགས་པ་བཞི་པོ་ཉིད་ཡོད་ན། དེ་གཉིས་ཡོད་པར་འགྱུར་ན་ཡོད་པ་ནི་མ་ཡིན་ཏེ། འདི་ལྟར་བལྟ་བྱ་ལྟ་བ་མེད་པའི་ཕྱིར། །རྣམ་པར་ཤེས་ལ་སོགས་ པ་བཞི། །ཡོད་མིན། འདིར་ལྟ་བ་པོ་མེད་པས་བལྟ་བར་བྱ་བ་དང་ལྟ་བ་གཉིས་ཀྱང་མེད་དོ་ཞེས་བཤད་ཟིན་ཏོ། །དེའི་ཕྱིར་རྣམ་པར་ཤེས་པ་དང་རེག་པ་དང་ཚོར་བ་དང་སྲེད་པ་ཞེས་བྱ་བ་རྣམ་པར་ཤེས་པ་ལ་སོགས་པ་བཞི་པོ་ཡོད་པར་ག་ལ་འགྱུར། དེའི་ཕྱིར་རྣམ་པར་ཤེས་པ་ལ་སོགས་པ་བཞི་ པོ་རྣམས་མེད་དོ། །འདིར་སྨྲས་པ། དེ་དག་ནི་ཡོད་པ་ཉིད་དེ་དག་གི་འབྲས་བུ་ཡོད་པའི་ཕྱིར་རོ། །འདིར་སྲེད་པའི་རྐྱེན་གྱིས་ལེན་པ་ཞེས་བྱ་བ་ལ་སོགས་པས་ལེན་པ་དང་སྲིད་པ་དང་སྐྱེ་བ་དང་རྒ་ཤི་ལ་སོགས་པ་ནི་རྣམ་པར་ཤེས་པ་ལ་སོགས་པ་བཞི་ལས་སྐྱེ་སྟེ། དེའི་ཕྱིར་རྣམ་པར་ཤེས་པ་ལ་སོགས་ པ་དག་ཡོད་དེ་དེ་དག་གི་འབྲས་བུ་ཡོད་པའི་ཕྱིར་རོ། །བརྗོད་པར་བྱ་སྟེ། གལ་ཏེ་རྣམ་པར་ཤེས་པ་ལ་སོགས་པ་བཞི་པོ་ཡོད་ན་ནི་ལེན་པ་ལ་སོགས་པ་དག་ཡོད་པར་འགྱུར་ན། གང་གི་ཚེ་བལྟ་བར་བྱ་བ་དང་ལྟ་བ་མེད་པས་རྣམ་པར་ཤེས་པ་ལ་སོགས་པ་བཞི་པོ་ཡོད་པ་མ་ཡིན་པ་དེའི་ཚེ། ཉེ་བར་ ལེན་ལ་སོགས། ཇི་ལྟ་བུར་ན་ཡོད་པར་འགྱུར། །ཉེ་བར་ལེན་པ་ལ་སོགས་པ་རྣམས་ཡོད་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ད་ནི་དབང་པོ་ལྷག་མ་རྣམས་ཀྱི་རྣམ་པར་བཤད་པ་ལྟ་བ་དང་འདྲ་བར་བསྒྲེ་བར་བྱ་བའི་ཕྱིར། ལྟ་བས་ཉན་དང་སྣོམ་པ་དང་། །མྱོང་བར་བྱེད་དང་རེག་ བྱེད་ཡིད། །ཉན་པ་པོ་དང་མཉན་ལ་སོགས། །རྣམ་པར་བཤད་པར་ཤེས་པར་བྱ། །ཞེས་བྱ་བ་གསུངས་སོ། །བཅོམ་ལྡན་འདས་ཀྱིས། མིག་གིས་གཟུགས་རྣམས་མི་མཐོང་ཞིང་། །ཡིད་ཀྱིས་ཆོས་རྣམས་མི་ཤེས་ཏེ། །གང་དུ་འཇིག་རྟེན་མི་འཇུག་པ། །འདི་ནི་བདེན་པའི་ མཆོག་ཡིན་ནོ། །གང་དུ་རྐྱེན་ཚོགས་པས་མཐོང་བ། །འདྲེན་པ་རབ་ཏུ་སྟོན་མཛད་པའི། །ས་དེ་དོན་དམ་འཛིན་པ་ནི། །ཉེ་བར་བརྟགས་པར་ཆུབ་པར་འགྱུར། །ཞེས་བྱ་བ་དང་། དེ་བཞིན་དུ། མིང་དང་གཟུགས་ལ་བརྟེན་ནས་ནི། །མིག་གི་རྣམ་ཤེས་འདིར་སྐྱེ་ཡང་། ། གཟུགས་ནི་མིག་ལ་བརྟེན་མ་ཡིན། །གཟུགས་ནི་མིག་ལས་འཕོ་བའང་མིན། །བདག་མེད་མི་སྡུག་ཆོས་འདི་དག །སླར་ཡང་བདག་དང་སྡུག་ཅེས་བརྟགས། །མེད་ལ་ལོག་པར་བརྟགས་པ་སྟེ། །དེ་ལས་མིག་གི་རྣམ་ཤེས་འབྱུང་། །རྣམ་ཤེས་འགག་དང་འབྱུང་བ་ལས། །རྣམ་ཤེས་ཟད་དང་ འཕེལ་བར་འཐོང་། །འགར་ཡང་འགྲོ་འོང་མེད་སྟོང་དང་། །སྒྱུ་འདྲར་རྣལ་འབྱོར་པ་ཡིས་མཐོང་། །ཞེས་གསུངས་སོ། །དེ་བཞིན་དུ་འཕགས་པ་ཉེ་བ་འཁོར་གྱིས་ཞུས་པ་ལས་ཀྱང་། མིག་ནི་ཐམས་ཅད་ལྡན་ན་མཐོང་འགྱུར་ཏེ། །མིག་གིས་གཟུགས་རྣམས་མཐོང་བ་གང་ཡིན་པའང་། ། མཚན་མོ་རྐྱེན་རྣམས་མེད་ན་མཐོང་མི་འགྱུར། །དེ་ཕྱིར་ལྡན་དང་བྲལ་བ་རྣམ་རྟོག་ཡིན། །མིག་ནི་སྣང་ལ་བརྟེན་ཏེ་ཡིད་འོང་དང་། །ཡིད་དུ་མི་འོང་སྣ་ཚོགས་གཟུགས་མཐོང་བས། །དེ་ལྟར་སྣང་ལ་བརྟེན་ཏེ་མཐོང་བས་ན། །དེ་ཕྱིར་མིག་གིས་ནམ་ཡང་མཐོང་བ་མེད། །ཡིད་དུ་འོང་བའི་སྒྲ་ གྲག་གང་ཡིན་པ། །དེ་ཡང་ནམ་ཡང་ནང་དུ་ཞུགས་པ་མེད། །དེར་འགྲོ་དམིགས་སུ་ཡོད་པ་མ་ཡིན་ཏེ། །རྟོག་པའི་དབང་གིས་སྒྲ་རྣམས་འབྱུང་བ་ཡིན། །ཞེས་གསུངས་སོ། །དེ་བཞིན་དུ། གླུ་དང་གར་དང་རོལ་མོའི་སྒྲ་ཡང་གཟུང་བྱ་མིན། །རྨི་ལམ་ལྟ་བུ་མི་མཁས་རྨོངས་དང་ ཆགས་པའི་རྒྱུ། །མི་མཁས་ཀུན་དུ་རྟོག་ལ་ཞེན་རྣམས་བརླག་འགྱུར་ཞིང་། །སྐྱེ་བོ་བྱིས་པ་ཉོན་མོངས་བྲན་བཞིན་བདག་གྱུར་ཏམ། །ཞེས་གསུངས་སོ། །སློབ་དཔོན་ཟླ་བ་གྲགས་པའི་ཞལ་སྔ་ནས་སྦྱར་བའི་ཚིག་གསལ་བ་ལས། དབང་པོ་བརྟག་པ་ཞེས་བྱ་བ་རབ་ཏུ་བྱེད་པ་གསུམ་པའི་ འགྲེལ་པའོ།། །།འདིར་སྨྲས་པ། གལ་ཏེ་དེ་ལྟར་དབང་པོ་རྣམས་མེད་ན། །ཕུང་པོ་ལྔ་མ་བཀག་པའི་ཕྱིར་དང་། དབང་པོ་རྣམས་ཀྱང་དེའི་ཁོངས་སུ་འདུས་པ་དེའི་ཕྱིར་དེ་རྣམས་ཀྱང་ཡོད་པར་འགྱུར་རོ། །བརྗོད་པར་བྱ་སྟེ། གལ་ཏེ་ཕུང་པོ་རྣམས་ཡོད་ན་དེ་ལྟར་འགྱུར་བ་ཞིག་ན་དེ་ རྣམས་ནི་མེད་དོ། །དེ་ལ་གཟུགས་ཀྱི་ཕུང་པོའི་དབང་དུ་མཛད་ནས་བཤད་པ། གཟུགས་ཀྱི་རྒྱུ་ནི་མ་གཏོགས་པར། །གཟུགས་ནི་དམིགས་པར་མི་འགྱུར་རོ། །གཟུགས་ཞེས་བྱ་བ་མ་གཏོགས་པར། །གཟུགས་ཀྱི་རྒྱུ་ཡང་མི་སྣང་ངོ་། །དེ་ལ་གཟུགས་ནི་འབྱུང་བ་ལས་གྱུར་པའོ། །དེའི་ རྒྱུ་ནི་འབྱུང་བ་ཆེན་པོ་བཞིའོ། །དེ་དག་ལས་ཐ་དད་ཅིང་གཞན་དུ་གྱུར་པ་འབྱུང་བ་ལས་གྱུར་པའི་གཟུགས་ནི་བུམ་པ་ལས་སྣམ་བུ་ལྟར་དམིགས་པར་མི་འགྱུར་རོ། །གཟུགས་ཞེས་བྱ་བ་མ་གཏོགས་པར་ཏེ། གཟུགས་ལས་གཞན་དུ་གྱུར་པའི་གཟུགས་ཀྱི་རྒྱུ་ཡང་དམིགས་པར་མི་འགྱུར་རོ། ། དམ་བཅའ་བ་འདི་གཉིས་སྒྲུབ་པར་བཞེད་ནས་བཤད་པ། གཟུགས་ཀྱི་རྒྱུ་ནི་མ་གཏོགས་པར། །གཟུགས་ན་གཟུགས་ནི་རྒྱུ་མེད་པར། །ཐལ་བར་འགྱུར་ཏེ་དོན་གང་ཡང་། །རྒྱུ་མེད་པ་ནི་གང་ནའང་མེད། །ཇི་ལྟར་བུམ་པ་ལས་དོན་གཞན་དུ་གྱུར་པའི་སྣམ་བུ་བུམ་པའི་རྒྱུ་ཅན་མ་ཡིན་པ་ དེ་བཞིན་དུ། གཟུགས་ཀྱི་རྒྱུ་འབྱུང་བ་ཆེན་པོ་ལས་ཐ་དད་པར་གྱུར་པ་འབྱུང་བ་ལས་གྱུར་པའི་གཟུགས་འདོད་ན་ཡང་འབྱུང་བའི་རྒྱུ་ཅན་དུ་མི་འགྱུར་ཏེ། །རྒྱུ་མེད་པ་ཅན་དུ་འགྱུར་ན། དོན་གང་ཞིག་རྒྱུ་མེད་པ་ནི་གང་ན་ཡང་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་རྒྱུ་མེད་པར་ཐལ་བར་འགྱུར་བའི་ཕྱིར་ན་ གཟུགས་ཀྱི་རྒྱུ་ལས་མ་གཏོགས་པའི་གཟུགས་ཁས་བླང་བར་བྱ་བ་མ་ཡིན་ནོ། །དེ་ནི་གཟུགས་ལས་མ་གཏོགས་པར་གཟུགས་ཀྱི་རྒྱུ་ཡང་ཇི་ལྟར་མེད་པ་དེ་ལྟར་བསྟན་པའི་ཕྱིར་བཤད་པ། །གལ་ཏེ་གཟུགས་ནི་མ་གཏོགས་པར། །གཟུགས་ཀྱི་རྒྱུ་ཞིག་ཡོད་ན་ནི། །འབྲས་བུ་མེད་པའི་ རྒྱུར་འགྱུར་ཏེ། །གལ་ཏེ་འབྲས་བུའི་གཟུགས་མ་གཏོགས་པའི་གཟུགས་ཀྱི་རྒྱུ་ཞིག་ཡོད་པར་གྱུར་ན་ནི་དེའི་ཚེ་ཇི་ལྟར་སྣམ་བུ་ལས་ཐ་དད་པར་གྲུབ་པའི་འཁར་གཞོང་སྣམ་བུའི་རྒྱུ་ཅན་མ་ཡིན་པ་དེ་བཞིན་དུ་འབྲས་བུ་ལས་ཐ་དད་པར་འདོད་པའི་རྒྱུ་ཡང་རྒྱུ་མེད་པར་འགྱུར་རོ། །རྒྱུ་རྒྱུ་ཉིད་དུ་བྱ་བའི་ རྒྱུ་ནི་འབྲས་བུ་འཇུག་པ་ཡིན་ན། །ཐ་དད་པར་གྲུབ་པ་ཉིད་ཀྱི་ཕྱིར་འབྲས་བུ་ལ་མི་ལྟོས་པའི་རྒྱུ་ལས་ནི་འབྲས་བུ་འཇུག་པ་ཡོད་པ་མ་ཡིན་ནོ། །འབྲས་བུ་མེད་པའི་རྒྱུ་གང་ཡིན་པ་དེ་ནི་རྒྱུ་མེད་པ་ཅན་ཡིན་པའི་ཕྱིར་ནམ་མཁའི་མེ་ཏོག་ལྟར་མེད་པ་ཉིད་ཡིན་ནོ་ཞེས་བཤད་པ་ནི། འབྲས་བུ་མེད་ པའི་རྒྱུ་མེད་དོ། །ཞེས་བྱ་བའོ། །གཞན་ཡང་གཟུགས་ཀྱི་རྒྱུ་འདི་འདོད་པ་ན། གཟུགས་ཡོད་པ་ན་རྒྱུ་ཉིད་དུ་འདོད་དམ། མེད་པ་ན་འདོད་གྲང་ན། གཉི་ག་ལྟར་ཡང་མི་འཐད་དོ་ཞེས་བཤད་པ། གཟུགས་ཡོད་ན་ཡང་གཟུགས་ཀྱི་ནི། །རྒྱུ་ཡང་འཐད་པར་མི་འགྱུར་ ཉིད། །གཟུགས་མེད་ན་ཡང་གཟུགས་ཀྱི་ནི། །རྒྱུ་ཡང་འཐད་པར་མི་འགྱུར་ཉིད། །དེ་ལ་གཟུགས་ཡོད་པ་ན་སྟེ་བདོག་པ་ན་ནི་གཟུགས་ཀྱི་རྒྱུས་དགོས་པ་ཅི་ཞིག་ཡོད། མེད་ན་ཡང་སྟེ་གཟུགས་ཡོད་པ་མ་ཡིན་ན་ཡང་གཟུགས་ཀྱི་རྒྱུས་དགོས་པ་ཅི་ཞིག་ཡོད། ཡང་ན་དེ་གང་གི་རྒྱུ་ ཡིན་པར་བརྟག །དེའི་ཕྱིར་གཟུགས་མེད་ན་ཡང་གཟུགས་ཀྱི་རྒྱུ་ནི་འཐད་པར་མི་འགྱུར་རོ། །ཅི་སྟེ་གལ་ཏེ་ཡང་དེ་ལྟར་གཟུགས་ཀྱི་རྒྱུ་མི་སྲིད་མོད་ཀྱི་དེ་ལྟ་ན་ཡང་འབྲས་བུའི་གཟུགས་ནི་ཡོད་ལ། དེ་ཡོད་པ་ལས་རྒྱུ་ཡང་ཡོད་པར་འགྱུར་རོ་སྙམ་ན། གལ་ཏེ་འབྲས་བུའི་གཟུགས་ཡོད་ ན་དེ་ལྟར་འགྱུར་ན། ཡོད་པ་ཡང་མ་ཡིན་ཏེ། གང་གི་ཕྱིར། རྒྱུ་མེད་པ་ཡི་གཟུགས་དག་ནི། །འཐད་པར་མི་རུང་རུང་མིན་ཉིད། །གཟུགས་ཀྱི་རྒྱུ་ནི་ཇི་ལྟར་མེད་པ་དེ་ལྟར་བཤད་ཟིན་ཏོ། །རྒྱུ་མེད་ན་ནི་འབྲས་བུའི་གཟུགས་རྒྱུ་མེད་པ་ག་ལ་ཡོད། མི་རུང་རུང་མིན་ཉིད་ཅེས་བྱ་བ་ངེས་པར་ གཟུང་བ་དང་བཅས་པའི་དགག་པ་གཉིས་པོ་འདིས་ནི་རྒྱུ་མེད་པར་སྨྲ་བ་པོ་ཤིན་ཏུ་ཐ་ཆད་ཡིན་པར་སྟོན་པར་མཛད་པའོ། །གང་གི་ཕྱིར། དེ་ལྟར་གཟུགས་རྣམ་པར་དཔྱད་པ་ན་རྣམ་པ་ཐམས་ཅད་དུ་མེད་པ་དེའི་ཕྱིར་རྣལ་འབྱོར་པ་དེ་ཁོ་ན་ཉིད་གཟིགས་པས། གཟུགས་ཀྱི་རྣམ་པར་རྟོག་ པ་ནི། །འགའ་ཡང་རྣམ་པར་བརྟག་མི་བྱ། །ཐོགས་པ་དང་བཅས་པ་དང་ཐོགས་པ་མེད་པ་དང་། བསྟན་དུ་ཡོད་པ་དང་བསྟན་དུ་མེད་པ་དང་། འདས་པ་དང་མ་འོངས་པ་དང་། སྔོན་པོ་དང་སེར་པོ་ལ་སོགས་པའི་རྣམ་པར་རྟོག་པ་གཟུགས་ལ་དམིགས་པ་འགའ་ཡང་བརྟག་པར་མི་ འོས་སོ་ཞེས་བྱ་བའི་དོན་ཏོ། །གཞན་ཡང་འདི་གཟུགས་ཀྱི་རྒྱུར་འདོད་པ་ན། འབྲས་བུ་འདྲ་བའམ་མི་འདྲ་བ་ཞིག་སྒྲུབ་པར་བྱེད་གྲང་། གཉི་ག་ལྟར་ཡང་མི་འཐད་དོ་ཞེས་བཤད་པ། འབྲས་བུ་རྒྱུ་དང་འདྲ་བ་ཞེས། །བྱ་བ་འཐད་པ་མ་ཡིན་ཏེ། །འབྲས་བུ་རྒྱུ་དང་མི་འདྲ་ཞེས། ། བྱ་བའང་འཐད་པ་མ་ཡིན་ནོ། །དེ་ལ་གཟུགས་ཀྱི་རྒྱུ་ནི་སྲ་བ་དང་གཤེར་བ་དང་དྲོ་བ་དང་གཡོ་བའི་ངོ་བོ་ཡིན་ལ། འབྱུང་བ་ལས་གྱུར་པ་ནང་གི་བདག་ཉིད་མིག་ལ་སོགས་པ་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་རྟེན་གཟུགས་དང་བའི་བདག་ཉིད་ཅན་ཡིན་ཞིང་། ཕྱི་རོལ་གཟུགས་ལ་སོགས་པའི་ སྐྱེ་མཆེད་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པས་གཟུང་བར་བྱ་བའི་མཚན་ཉིད་ཅན་ཡིན་གྱི། འབྱུང་བ་ཆེན་པོའི་རང་བཞིན་ཅན་མ་ཡིན་པ་དེའི་ཕྱིར་མཚན་ཉིད་ཅན་ཐ་དད་པས་མྱ་ངན་ལས་འདས་པ་བཞིན་དུ་རྒྱུ་དང་འབྲས་བུ་གཉིས་ལ་འདྲ་བ་ཉིད་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་འབྲས་བུ་རྒྱུ་དང་ འདྲ་བ་ཞེས་བྱ་བ་འཐད་པ་མ་ཡིན་ནོ། །སཱ་ལུའི་ས་བོན་ལ་སོགས་པ་འདྲ་བར་གྱུར་པ་རྣམས་ལ་ཕན་ཚུན་རྒྱུ་དང་འབྲས་བུའི་དངོས་པོ་མ་མཐོང་སྟེ། འདིའི་ཕྱིར་ཡང་། འབྲས་བུ་རྒྱུ་དང་འདྲ་བ་ཞེས་བྱ་བ་འཐད་པ་མ་ཡིན་ནོ། །འབྲས་བུ་རྒྱུ་དང་མི་འདྲ་བ་ཞེས་བྱ་བ་ཡང་འཐད་པ་མ་ཡིན་ཏེ། མཚན་ཉིད་ཐ་དད་པའི་ཕྱིར་མྱ་ངན་ལས་འདས་པ་བཞིན་ནོ་ཞེས་བྱ་བར་དགོངས་པའོ། །ཇི་ལྟར་གཟུགས་འདི་རྣམ་པར་དཔྱད་པ་ན་རྣམ་པ་ཐམས་ཅད་དུ་མི་འཐད་པ་དེ་བཞིན་དུ་ཚོར་བ་ལ་སོགས་པ་ཡང་ཡིན་ནོ་ཞེས་བྱ་བར་བསྒྲེ་བའི་ཕྱིར་བཤད་པ། ཚོར་དང་འདུ་ཤེས་འདུ་བྱེད་དང་། །སེམས་ དང་དངོས་པོ་ཐམས་ཅད་ཀྱང་། །རྣམ་པ་དག་ནི་ཐམས་ཅད་དུ། །གཟུགས་ཉིད་ཀྱི་ནི་རིམ་པ་མཚུངས། །ཚོར་བ་ལ་སོགས་ཐམས་ཅད་ཀྱང་གཟུགས་རྣམ་པར་དཔྱད་པ་དང་མཚུངས་པར་སྦྱར་བར་བྱའོ། །དབུ་མ་པས་ནི་ཇི་ལྟར་ཆོས་གཅིག་སྟོང་པ་ཉིད་དུ་བསྟན་པར་འདོད་པ་དེ་བཞིན་དུ་ཆོས་ ཐམས་ཅད་ཀྱང་ཡིན་པ་དེའི་ཕྱིར། སྟོང་པ་ཉིད་ཀྱིས་བརྩད་བྱས་ཚེ། །གང་ཞིག་ལན་འདེབས་སྨྲ་བྱེད་པ། །དེ་ཡི་ཐམས་ཅད་ལན་བཏབ་མིན། །བསྒྲུབ་པར་བྱ་དང་མཚུངས་པར་འགྱུར། །དེ་ལ་བརྩད་པ་ནི་གཞན་གྱི་ཕྱོགས་སུན་འབྱིན་པའོ། །སྟོང་པ་ཉིད་རྒྱུར་གྱུར་པས་གཟུགས་རང་ བཞིན་མེད་དོ་ཞེས་བྱ་བས་དེ་ལྟར་རང་བཞིན་དང་བཅས་པར་སྨྲ་བ་བཀག་པ་ན། གལ་ཏེ་གཞན་ལན་དུ་ཚོར་བ་ལ་སོགས་པ་ནི་རེ་ཞིག་ཡོད་ལ། དེ་བཞིན་དུ་གཟུགས་ཀྱང་ཡོད་དོ་ཞེས་སྨྲ་ན། དེའི་དེ་ལྟ་བུ་དེ་ཐམས་ཅད་ནི་ལན་བཏབ་པ་མ་ཡིན་ཏེ། གང་གི་ཕྱིར་ཚོར་བ་ལ་སོགས་པ་རྣམས་ཀྱི་ཡོད་ པ་ཡང་བསྒྲུབ་བྱ་གཟུགས་ཀྱི་ཡོད་པ་དང་མཚུངས་པར་རིག་པར་བྱའོ། །ཇི་ལྟར་གཟུགས་ནི་རང་གི་རྒྱུ་ལས་དེ་ཉིད་དང་གཞན་ཉིད་དུ་རྣམ་པར་དཔྱད་པ་ན་མེད་པ་དེ་བཞིན་དུ། རེག་པའི་རྐྱེན་གྱིས་ཚོར་བ་དང་། རྣམ་པར་ཤེས་པ་དང་ལྷན་ཅིག་འབྱུང་བའི་འདུ་ཤེས་དང་། མ་རིག་པའི་རྐྱེན་གྱིས་འདུ་བྱེད་དང་། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཡང་། རེག་པ་ལ་སོགས་པ་རང་གི་རྒྱུ་ལས་དེ་ཉིད་དང་གཞན་ཉིད་དུ་རྣམ་པར་དཔྱད་ན། ཡོད་པ་མ་ཡིན་པས་འདི་དག་ཐམས་ཅད་བསྒྲུབ་པར་བྱ་བ་དང་མཚུངས་པ་ཡིན་ནོ། །ཇི་ལྟར་ཚོར་བ་ལ་སོགས་པ་དག་ བསྒྲུབ་པར་བྱ་བ་དང་མཚུངས་པ་དེ་བཞིན་དུ་མཚན་ཉིད་དང་། མཚན་གཞི་དང་། རྒྱུ་དང་འབྲས་བུ་དང་། ཡན་ལག་དང་ཡན་ལག་ཅན་ལ་སོགས་པ་དངོས་པོ་ཐམས་ཅད་ཀྱང་བསྒྲུབ་པར་བྱ་བ་གཟུགས་དང་མཚུངས་པ་ཡིན་ནོ། །དེའི་ཕྱིར་གཞན་གྱིས་ལན་གདབ་པ་ལྟ་ཡོད་པར་ག་ལ་ འགྱུར་ཏེ་འདིའི་ཚིག་ཐམས་ཅད་བསྒྲུབ་པར་བྱ་བ་དང་མཚུངས་པར་འགྱུར་བས། བསྟན་བཅོས་སུ་སྨྲས་པའི་ལན་ཐམས་ཅད་ལ་དབུ་མ་པས་བསྒྲུབ་པར་བྱ་བ་དང་མཚུངས་པ་ཉིད་བརྗོད་པར་བྱའོ་ཞེས་སློབ་དཔོན་སློབ་པར་མཛད་དོ། །ཇི་ལྟར་གཞན་གྱི་ཕྱོགས་སུན་འབྱིན་པ་ལ་ཚུལ་འདི་བརྗོད་པ་དེ་བཞིན་ དུ་བཤད་པ་བྱེད་པའི་ཚེ་ན་ཡང་ཡིན་ནོ་ཞེས་བཤད་པ། སྟོང་པ་ཉིད་ཀྱིས་བཤད་བྱས་ཚེ། །གང་ཞིག་སྐྱོན་འདོགས་སྨྲ་བྱེད་པ། །དེ་ཡིས་ཐམས་ཅད་སྐྱོན་བཏགས་མིན། །བསྒྲུབ་པར་བྱ་དང་མཚུངས་པར་འགྱུར། །བཤད་པ་བྱེད་པའི་དུས་སུ་ཡང་སློབ་མ་ལྟ་བུ་གང་ཞིག་རྒོལ་ བར་བྱེད་པ་དེའི་ཚེ་བརྒལ་བ་དེ་ཡང་སྔ་མ་བཞིན་དུ་བསྒྲུབ་པར་བྱ་བ་དང་མཚུངས་པར་རིག་པར་བྱའོ། །ཇི་སྐད་དུ། དངོས་པོ་གཅིག་གི་ལྟ་པོ་གང་། །དེ་ནི་ཀུན་གྱི་ལྟ་པོར་བརྗོད། །གཅིག་གི་སྟོང་ཉིད་གང་ཡིན་པ། །དེ་ནི་ཀུན་གྱི་སྟོང་པ་ཉིད། །ཅེས་གསུངས་པ་ལྟ་བུའོ། །འཕགས་པ་ནམ་མཁའ་ མཛོད་ཀྱི་ཏིང་ངེ་འཛིན་གྱི་མདོ་ལས་ཀྱང་། །ཆོས་གཅིག་གིས་ནི་ཆོས་རྣམས་ཐམས་ཅད་སྒྱུ་མ་དང་། །སྨིག་རྒྱུ་དང་འདྲ་གཟུང་བྱར་མེད་ཅིང་གསོག་དང་ནི། །བརྫུན་ཞིང་ཐེར་ཟུག་མིན་པར་རྗེས་སུ་རྟོགས་གྱུར་པ། །དེ་ནི་རིང་པོར་མི་ཐོགས་བྱང་ཆུབ་སྙིང་པོར་འགྲོ། །ཞེས་གསུངས་སོ། ། དེ་བཞིན་དུ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་ལས་ཀྱང་། ཇི་ལྟར་ཁྱོད་ཀྱིས་བདག་གི་འདུ་ཤེས་ནི། །ཤེས་པ་དེ་བཞིན་ཀུན་ལ་བློས་སྦྱར་བྱ། །ཆོས་རྣམས་ཐམས་ཅད་དེ་ཡི་ངོ་བོ་ཉིད། །རྣམ་པར་དག་པ་ནམ་མཁའ་ལྟ་བུ་ཡིན། །གཅིག་གིས་ཀྱང་ནི་ཐམས་ཅད་ཤེས། །གཅིག་གིས་ཀྱང་ནི་ ཐམས་ཅད་མཐོང་། །ཇི་སྙེད་མང་པོ་བཤད་བྱས་ཀྱང་། །དེ་ལ་དྲེགས་པ་སྐྱེ་བ་མེད། །ཅེས་གསུངས་སོ། །སློབ་དཔོན་ཟླ་བ་གྲགས་པའི་ཞལ་སྔ་ནས་སྦྱར་བའི་ཚིག་གསལ་བ་ལས། ཕུང་པོ་བརྟག་པ་ཞེས་བྱ་བ་རབ་ཏུ་བྱེད་པ་བཞི་པའི་འགྲེལ་པའོ།། །།འདིར་སྨྲས་པ། ཁམས་ རྣམས་ནི་ཡོད་དེ། བཀག་པ་མ་བྱས་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་ཀྱང་། རྒྱལ་པོ་ཆེན་པོ་སྐྱེས་བུ་གང་ཟག་འདི་ནི་ཁམས་དྲུག་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེའི་ཕྱིར་གསུང་རབ་འདོན་པ་ལས་ན་ཁམས་བཞིན་དུ་ཕུང་པོ་དང་སྐྱེ་མཆེད་ཀྱང་ཡོད་དོ། །བརྗོད་པར་བྱ་ སྟེ། གལ་ཏེ་ཁམས་རྣམས་ཉིད་ཡོད་ན་ཕུང་པོ་དང་སྐྱེ་མཆེད་རྣམས་ཡོད་པར་འགྱུར་ན་དེ་དག་ནི་མེད་དོ། །ཇི་ལྟར་ཞེ་ན་བཤད་པ། ནམ་མཁའི་མཚན་ཉིད་སྔ་རོལ་ན། །ནམ་མཁའ་ཅུང་ཟད་ཡོད་མ་ཡིན། །གལ་ཏེ་མཚན་ལས་སྔར་གྱུར་ན། །མཚན་ཉིད་མེད་པར་ཐལ་བར་འགྱུར། །དེ་ལ་ ཁམས་དྲུག་གསུངས་པ་ནི། །ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་དང་། རྣམ་པར་ཤེས་པ་ཞེས་བྱ་བ་རྣམས་སོ། །དེ་ལ་ནམ་མཁའི་དབང་དུ་བྱས་ནས་སུན་དབྱུང་བ་བརྗོད་པར་བྱ་སྟེ། འདིར་ནམ་མཁའི་མཚན་ཉིད་ནི་སྒྲིབ་པ་མེད་པ་ཞེས་བྱ་ལ། གལ་ཏེ་སྒྲིབ་པ་མེད་པའི་ མཚན་ཉིད་འདི་ལས་སྔར་མཚན་གཞི་ནམ་མཁའ་ཡོད་པར་གྱུར་ན། དེ་ལ་མཚན་ཉིད་འཇུག་པར་འགྱུར་ན། མཚན་ཉིད་སྒྲིབ་པ་མེད་པའི་སྔ་རོལ་དུ་ནམ་མཁའ་ཡོད་པ་ཡང་མ་ཡིན་ནོ། །གང་གི་ཚེ་དེ་ལྟར། ནམ་མཁའི་མཚན་ཉིད་སྔ་རོལ་ན། །ནམ་མཁའ་ཅུང་ཟད་ཡོད་མ་ཡིན་པ་དེའི་ ཚེ་གང་དུ་མཚན་ཉིད་འཇུག་པར་འགྱུར། དེ་མེད་ན་ནམ་མཁའི་མེ་ཏོག་ལྟར་ནམ་མཁའ་མེད་དོ་ཞེས་བཤད་པ། གལ་ཏེ་མཚན་ལས་སྔར་གྱུར་ན། །མཚན་ཉིད་མེད་པར་ཐལ་བར་འགྱུར། །མཚན་ཉིད་མེད་པའི་དངོས་པོ་ནི། །འགའ་ཡང་གང་ནའང་ཡོད་མ་ཡིན། །འདིར་སྨྲས་པ། རེ་ཞིག་མཚན་ཉིད་འཇུག་པ་ནི་ཡོད་ལ། །དེ་ཡང་མཚན་གཞི་ལ་ཡིན་པས། །དེ་ཡོད་པས་ན་མཚན་གཞི་ཡང་ཡོད་དོ། །འདི་ཡང་ཡོད་པ་མ་ཡིན་ཏེ། འདི་ལྟར། མཚན་ཉིད་མེད་པའི་དངོས་མེད་ན། །མཚན་ཉིད་གང་དུ་འཇུག་པར་འགྱུར། །མཚན་ཉིད་ཀྱི་སྔ་རོལ་ན་ མཚན་ཉིད་མེད་པའི་དངོས་པོ་མེད་དོ་ཞེས་བཤད་ཟིན་ཏོ། །དེའི་ཕྱིར་མཚན་ཉིད་མེད་པའི་དངོས་པོ་མེད་ཅིང་མི་བདོག་ན། ད་ནི་མཚན་ཉིད་གང་དུ་འཇུག་པར་འགྱུར་ཏེ། དེས་ན་མཚན་ཉིད་འཇུག་པ་མེད་དོ། །གཞན་ཡང་། མཚན་ཉིད་ལ་འཇུག་པ་ན་མཚན་ཉིད་དང་བཅས་པའམ། མཚན་ཉིད་ མེད་པ་ལ་འཇུག་པར་འགྱུར་བ་ཞིག་ན། གཉི་ག་ལྟར་ཡང་མི་འཐད་དོ་ཞེས་བཤད་པ། མཚན་ཉིད་མེད་ལ་མཚན་ཉིད་ནི། །མི་འཇུག་མཚན་ཉིད་བཅས་ལ་མིན། །མཚན་བཅས་མཚན་ཉིད་མེད་པ་ལས། །གཞན་ལའང་འཇུག་པར་མི་འགྱུར་རོ། །དེ་ལ་མཚན་ཉིད་མེད་པ་ལ་ནི་མཚན་ ཉིད་འཇུག་པ་མ་ཡིན་ཏེ། བོང་བུའི་རྭ་ལ་བྱ་བ་བཞིན་ནོ། །མཚན་ཉིད་དང་བཅས་པའི་དངོས་པོ་ལ་ཡང་མཚན་ཉིད་འཇུག་པ་མི་འཐད་དེ་དགོས་པ་མེད་པའི་ཕྱིར་རོ། །མཚན་ཉིད་དང་ལྡན་པར་གྲུབ་པ་ལ་སླར་ཡང་མཚན་ཉིད་དང་ལྡན་པས་བྱ་བ་ཅི་ཡོད་ན། དེ་ལྟར་ན་ཐུག་པ་མེད་པར་ཐལ་བར་ ཡང་འགྱུར་རོ། །འདི་ནི་ནམ་ཡང་མཚན་ཉིད་དང་བཅས་པ་མ་ཡིན་པར་མི་འགྱུར་བས། རྟག་ཏུ་མཚན་ཉིད་འཇུག་པར་ཐལ་བར་འགྱུར་ན། དེ་ལྟར་ནི་འདོད་པ་ཡང་མ་ཡིན་ནོ། །དེའི་ཕྱིར་མཚན་ཉིད་དང་བཅས་པའི་དངོས་པོ་ལ་ཡང་མཚན་ཉིད་འཇུག་པར་འཐད་པ་མ་ཡིན་ཏེ། དགོས་ པ་མེད་པའི་ཕྱིར་རོ། །དེ་ལ་འདི་སྙམ་དུ་མཚན་ཉིད་དང་བཅས་པ་དང་མཚན་ཉིད་མེད་པ་གཉིས་ལས་གཞན་པ་ཞིག་ལ་འཇུག་པར་འདོད་པར་འགྱུར་རོ་སྙམ་ན། བརྗོད་པར་བྱ་སྟེ། མཚན་བཅས་མཚན་ཉིད་མེད་པ་ལས། །གཞན་ལའང་འཇུག་པར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། མི་སྲིད་ པའི་ཕྱིར་རོ། །གལ་ཏེ་མཚན་ཉིད་དང་བཅས་པ་ཡིན་ན་ནི། མཚན་ཉིད་མེད་པ་མ་ཡིན་ནོ། །དེ་སྟེ་མཚན་ཉིད་མེད་པ་ཡིན་ན་ནི་མཚན་ཉིད་དང་བཅས་པ་མ་ཡིན་ཏེ། དེའི་ཕྱིར་མཚན་ཉིད་དང་བཅས་པ་ཡང་ཡིན་ལ། མཚན་ཉིད་མེད་པ་ཡང་ཡིན་ནོ་ཞེས་བྱ་བ་འདི་ནི་འགལ་བ་ཡིན་ན། འགལ་ བ་དག་ནི་སྲིད་པ་ཡང་མ་ཡིན་ནོ། །དེའི་ཕྱིར་མི་སྲིད་པས་མཚན་ཉིད་དང་བཅས་པ་ཡང་ཡིན་ལ། མཚན་ཉིད་མེད་པ་ཡང་ཡིན་པ་ལ་མཚན་ཉིད་འཇུག་པ་མི་འཐད་དོ། །ཅི་སྟེ་ཡང་གལ་ཏེ་མཚན་ཉིད་འཇུག་པ་མེད་པ་དེ་ལྟར་ན་ཡང་མཚན་གཞི་ཡོད་དོ་སྙམ་ན། འདི་ཡང་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར། མཚན་ཉིད་འཇུག་པ་མ་ཡིན་ན། །མཚན་གཞི་འཐད་པར་མི་འགྱུར་རོ། །གང་གི་ཚེ་མཚན་ཉིད་འཇུག་པ་ཉིད་མེད་པ་དེའི་ཚེ་ཇི་ལྟར་མཚན་གཞིར་འགྱུར་ཏེ། ཡོད་པ་མ་ཡིན་པ་ཉིད་དོ་སྙམ་དུ་དགོངས་པའོ། །འདིར་སྨྲས་པ། ཁྱོད་ཀྱིས་འཇུག་པ་བཀག་པ་ཡིན་ གྱི་མཚན་ཉིད་ནི་མ་ཡིན་ཏེ། དེའི་ཕྱིར་མཚན་ཉིད་ཡོད་པས་མཚན་གཞི་ཡང་ཡོད་པ་ཡིན་ནོ། །བརྗོད་པར་བྱ་སྟེ། མཚན་གཞི་འཐད་པ་མ་ཡིན་ན། །མཚན་ཉིད་ཀྱང་ནི་ཡོད་མ་ཡིན། །ཞེས་བྱ་བའོ། །མཚན་ཉིད་འཇུག་པ་མ་ཡིན་ན། །མཚན་གཞི་འཐད་པར་མི་འགྱུར་རོ། ། ཞེས་བསྟན་པ་དེའི་ཚེ། མཚན་གཞི་འཐད་པ་མ་ཡིན་དང་། །མཚན་ཉིད་ཀྱང་ཡོད་པ་མ་ཡིན་ཏེ་རྟེན་མེད་པའི་ཕྱིར་རོ། །གང་གི་ཚེ་དེ་ལྟར་མཚན་ཉིད་ཡོད་པ་མ་ཡིན་པ་དེའི་ཚེ། མཚན་ཉིད་ཡོད་པའི་ཕྱིར་མཚན་གཞི་ཡང་ཡོད་དོ་ཞེས་གང་སྨྲས་པ་དེ་མེད་དོ། །གང་གི་ཕྱིར་འདི་དེ་ལྟར་ ཡིན་པ། དེའི་ཕྱིར་མཚན་གཞི་ཡོད་མིན་ཏེ། །མཚན་ཉིད་ཡོད་པ་ཉིད་མ་ཡིན། །ཞེས་མཇུག་བསྡུས་པ་ཡིན་ནོ། །འདིར་སྨྲས་པ། གལ་ཏེ་ཡང་མཚན་ཉིད་དང་མཚན་གཞི་དག་མེད་པ་དེ་ལྟ་ན་ཡང་དངོས་པོའི་རང་བཞིན་གྱི་ནམ་མཁའ་ཡོད་པ་ཡིན་ལ། ནམ་མཁའ་དངོས་པོའི་རང་ བཞིན་ཅན་དུ་གྱུར་ན་ནི་མཚན་གཞི་འམ་མཚན་ཉིད་དུ་ཡང་འགྱུར་ཏེ། དེའི་ཕྱིར་མཚན་གཞི་དང་མཚན་ཉིད་དག་ཀྱང་ཡོད་དོ། །འདི་ཡང་མི་རིགས་སོ་ཞེས་བཤད་པ། །མཚན་གཞི་མཚན་ཉིད་མ་གཏོགས་པའི། །དངོས་པོ་ཡང་ནི་ཡོད་མ་ཡིན། །མཚན་གཞི་དང་མཚན་ཉིད་དག་ཇི་ལྟར་ མེད་པ་དེ་ལྟར་ནི་གོང་དུ་བཤད་ཟིན་ཏོ། །གང་གི་ཚེ་འདི་དག་མེད་པ་དེའི་ཚེ་མཚན་གཞི་དང་མཚན་ཉིད་དང་བྲལ་བའི་ཕྱིར་ནམ་མཁའི་མེ་ཏོག་ལྟར་ནམ་མཁའ་མེད་དོ། །གལ་ཏེ་ནམ་མཁའ་དངོས་པོར་གྱུར་པ་མེད་ན། འོ་ན་དངོས་པོ་མེད་པ་ཡོད་པར་འགྱུར་རོ་ཞེ་ན། འདི་ཡང་ཡོད་པ་མ་ཡིན་ ཏེ། འདི་ལྟར། དངོས་པོ་ཡོད་པ་མ་ཡིན་ན། །དངོས་མེད་གང་གི་ཡིན་པར་འགྱུར། །གང་གི་ཚེ་ནམ་མཁའ་དངོས་པོ་མ་ཡིན་པ་དེའི་ཚེ་དངོས་པོ་ཡོད་པ་མ་ཡིན་ན། དངོས་པོ་མེད་པ་གང་གི་ཡིན་པར་བརྟག་པར་བྱ་སྟེ། གལ་ཏེ་དངོས་པོ་མ་གྲུབ་ན། །དངོས་པོ་ མེད་པ་འགྲུབ་མི་འགྱུར། །དངོས་པོ་གཞན་དུ་གྱུར་པ་ལ། །དངོས་པོ་མེད་ཅེས་སྐྱེ་བོ་སྨྲ། ཞེས་འཆད་པར་འགྱུར་རོ། །དེའི་ཕྱིར་དངོས་པོ་མེད་པས་ནམ་མཁའ་དངོས་པོ་མེད་པ་ཡང་མེད་དོ། །ནམ་མཁའ་དངོས་པོ་ཞེས་བྱ་བ་ནི་གཟུགས་མེད་པ་ལ་རྣམ་པར་གཞག་སྟེ། །དེའི་ཕྱིར་གལ་ ཏེ་གཟུགས་ཡོད་ན་ནི་དེའི་ཚེ་གཟུགས་མེད་པ་ལ་ནམ་མཁའ་ཞེས་བྱ་བར་འགྱུར་ན། གང་གི་ཚེ་ཇི་སྐད་བཤད་པ་རིགས་པས་གཟུགས་ཉིད་ཡོད་པ་མ་ཡིན་པ་དེའི་ཚེ་གང་གི་དངོས་པོ་མེད་པ་ནམ་མཁར་འགྱུར། འདིར་དེ་དག་ནི་ཡོངས་སུ་རྟོགས་པར་བྱེད་པ་པོ་ཡོད་པའི་ཕྱིར། དངོས་པོ་ དང་དངོས་པོ་མེད་པ་གཉིས་ནི་ཡོད་པ་ཉིད་ཡིན་ལ། གང་ཞིག་འདི་སྐད་དུ། དངོས་པོ་ཡོད་པ་མ་ཡིན་ན། །དངོས་མེད་གང་གི་ཡིན་པར་འགྱུར། །ཞེས་སྨྲ་བ་དངོས་པོ་དང་དངོས་པོ་མེད་པ་དག་གི་ཡོངས་སུ་རྟོག་པར་བྱེད་པ་ཁྱོད་ཡོད་པ་ཡང་ཡིན་ཏེ། དེའི་ཕྱིར་དངོས་པོ་དང་དངོས་པོ་མེད་ པར་རྟོག་པར་བྱེད་པ་ཁྱོད་ཡོད་པས་བརྟག་བྱ་དངོས་པོ་དང་དངོས་པོ་མེད་པ་གཉིས་ཀྱང་ཡོད་པ་ཡིན་ནོ་ཞེས་སྨྲའོ། །བརྗོད་པ་འདི་ཡང་མི་རུང་སྟེ། །གང་གི་ཕྱིར། དངོས་དང་དངོས་མེད་མི་མཐུན་ཆོས། །གང་གིས་དངོས་དང་དངོས་མེད་ཤེས། །གལ་ཏེ་དེ་གཉིས་ཀྱི་རྟོག་པར་བྱེད་པ་པོ་ཡོད་ ན་ནི། དངོས་པོ་དང་དངོས་པོ་མེད་པ་དག་ཏུ་ཡང་འགྱུར་ན། ཡོད་པ་ཡང་མ་ཡིན་ནོ། །ཡོད་ན་ཡོངས་སུ་རྟོག་པར་བྱེད་པ་གང་ཡིན་པ་དེ་དངོས་པོ་འམ་དངོས་པོ་མེད་པ་ཞིག་ཏུ་འགྱུར་གྲང་། གལ་ཏེ་དངོས་པོ་ཡིན་པར་འདོད་ན་ནི། མཚན་གཞི་མཚན་ཉིད་མ་གཏོགས་པའི། །དངོས་པོ་ཡང་ནི་ ཡོད་མ་ཡིན། །ཞེས་འདིའི་སུན་འབྱིན་པ་བསྟན་ཟིན་ཏོ། །འོན་ཏེ། དངོས་པོ་མེད་པ་ཡིན་ན་ནི། །དངོས་པོ་ཡོད་པ་མ་ཡིན་ན། །དངོས་མེད་གང་གི་ཡིན་པར་འགྱུར། །ཞེས་བྱ་བ་དེར་སུན་འབྱིན་པ་བཤད་ཟིན་ཏོ། །གང་ཞིག་འདི་གཉིས་ཀྱི་རྟོག་པར་བྱེད་པར་འགྱུར་བ། དངོས་པོ་མེད་ པ་དང་ཆོས་མི་མཐུན་པ་གསུམ་པ་འགའ་ཞིག་ཡོད་པ་ཡང་མ་ཡིན་ཏེ། དེའི་ཕྱིར་དངོས་པོ་དང་དངོས་པོ་མེད་པ་དག་གི་ཡོངས་སུ་རྟོག་པར་བྱེད་པ་མེད་དོ། །དེ་ཉིད་ཀྱི་ཕྱིར། བཅོམ་ལྡན་འདས་ཀྱིས་ཀྱང་། གང་གིས་དངོས་རྣམས་དངོས་མེད་ཤེས་པ་དེ། །ནམ་ཡང་དངོས་པོ་ཀུན་ལ་ ཆགས་མི་འགྱུར། །གང་ཞིག་ནམ་ཡང་དངོས་ཀུན་ཆགས་མེད་པ། །དེ་ནི་ཏིང་འཛིན་མཚན་མ་མེད་ལ་རེག །ཅེས་བྱ་བ་དང་། དེ་བཞིན་དུ། གང་དག་ཆོས་རྣམས་སྟོང་ལ་སེམས་བྱེད་པའི། །བྱིས་པ་དེ་དག་ལམ་ངན་ཞུགས་པ་ཡིན། །ཆོས་རྣམས་སྟོང་པ་ཡི་གེས་བརྗོད་པ་ཡིན། ། དེ་དག་ཡི་གེ་མེད་པར་ཡི་གེས་བསྟན། །གང་དག་ཞི་ཞིང་རབ་ཞིའི་ཆོས་སེམས་པའི། །སེམས་དཔའ་དེ་ཡང་ནམ་ཡང་བྱུང་མ་ཡིན། །སྤྲོས་ཀུན་སེམས་ཀྱི་རྣམ་པར་རྟོག་ཡིན་ཏེ། །དེའི་ཕྱིར་ཆོས་རྣམས་བསམ་ཡས་རྟོགས་པར་གྱིས། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ད་ནི་ ཇི་ལྟར་བསྟན་པ་དེ་ལྟར་མཇུག་བསྡུ་བའི་ཕྱིར། དེ་ཕྱིར་ནམ་མཁའི་དངོས་པོ་མིན། །དངོས་མེད་མ་ཡིན་མཚན་གཞི་མིན། །མཚན་ཉིད་མ་ཡིན་ཞེས་བྱ་བ་གསུངས་སོ། །ནམ་མཁའ་ཇི་ལྟ་བ་དེ་བཞིན་དུ་ཁམས་ལྔ་པོ་གཞན་གང་དག་ཀྱང་ནམ་མཁའ་མཚུངས། ས་ལ་སོགས་པའི་ ཁམས་ལྔ་པོ་གཞན་གང་དག་ལྷག་མར་གྱུར་པ་དེ་དག་ཀྱང་ནམ་མཁའ་ལྟར་དངོས་པོ་དང་དངོས་པོ་མེད་པ་དང་མཚན་གཞི་དང་། མཚན་ཉིད་དང་བྲལ་བར་ཤེས་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཕྱིར་དངོས་པོ་རྣམས་ཀྱི་རང་བཞིན་དེ་ལྟར་རྣམ་པར་གནས་པ་ཡིན་དང་། མ་རིག་པའི་རབ་ རིབ་ཀྱིས་བློ་གྲོས་ཀྱི་མིག་ཉམས་པར་གྱུར་པ་ཉིད་ཀྱིས་འཁོར་བ་ཐོག་མ་མེད་པ་ནས་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པ་ཕྱིན་ཅི་ལོག་ཏུ་ལྟ་བ་གོམས་པ་རང་བཞིན་མེད་པ་ཕྱིན་ཅི་མ་ལོག་པར་མཐོང་བའི་ལམ་མྱ་ངན་ལས་འདས་པ་དང་མཐུན་པར་འགྲོ་བ་ལས་ཉམས་པ། བློ་ཆུང་གང་དག་དངོས་ རྣམས་ལ། །ཡོད་པ་ཉིད་དང་མེད་ཉིད་དུ། །ལྟ་བ་དེ་ནི་བལྟ་བྱ་བ། །ཉེ་བར་ཞི་བ་ཞི་མི་མཐོང་། །བློ་ཞན་པ་ཉིད་ཀྱིས་ཡོད་པ་ཉིད་དང་མེད་པ་ཉིད་དུ་མངོན་པར་ཞེན་པ་དེ་དག་གིས་མྱ་ངན་ལས་འདས་པ་བལྟ་བར་བྱ་བ་ཉེ་བར་ཞི་ཞིང་ཞི་བའི་མཚན་ཉིད་རྟོག་པ་ཐམས་ཅད་དང་བྲལ་བ། ཤེས་པ་ དང་ཤེས་བྱ་ལོག་པའི་ངོ་བོ་དོན་དམ་པ། སྟོང་པ་ཉིད་ཀྱི་རང་བཞིན་ཅན་མི་མཐོང་ངོ་། །ཇི་སྐད་དུ། རིན་པོ་ཆེའི་ཕྲེང་བ་ལས། མེད་པ་པ་ནི་ངན་འགྲོར་འགྲོ། །ཡོད་པ་པ་ནི་བདེ་འགྲོར་འགྲོ། །ཡང་དག་ཇི་བཞིན་ཡོངས་ཤེས་ཕྱིར། །གཉིས་ལ་མི་བརྟེན་ཐར་པར་ འགྱུར། །ཞེས་བཤད་དོ། །མདོ་ལས་ཀྱང་བཅོམ་ལྡན་འདས་ཀྱིས། ཡོད་དང་མེད་ཅེས་བྱ་བ་གཉི་ག་མཐའ། །དག་དང་མ་དག་འདི་ཡང་མཐའ་ཡིན་ནོ། །དེའི་ཕྱིར་གཉི་གའི་མཐའ་ནི་རྣམ་སྤངས་ནས། །མཁས་པས་དབུས་ལའང་གནས་པར་ཡོང་མི་བྱེད། །ཡོད་དང་མེད་ཅེས་བྱ་ བ་རྩོད་པ་སྟེ། །དག་དང་མ་དག་འདི་ཡང་རྩོད་པ་ཡིན། །རྩོད་པར་གྱུར་པ་སྡུག་བསྔལ་ཞི་མི་འགྱུར། །རྩོད་པ་མེད་པར་འགྱུར་བ་སྡུག་བསྔལ་འགག །ཅེས་གསུངས་སོ། །དེའི་ཕྱིར་འཁོར་བའི་ལམ་གྱིས་མྱ་ངན་ལས་འདས་པ་དམ་པ་འཐོབ་པ་ཞེས་བྱ་བ་གང་ཡིན་པ་ནི་སྲིད་པ་མ་ཡིན་ནོ། ། སློབ་དཔོན་ཟླ་བ་གྲགས་པའི་ཞལ་སྔ་ནས་སྦྱར་བའི་ཚིག་གསལ་བ་ལས། ཁམས་བརྟག་པ་ཞེས་བྱ་བ་རབ་ཏུ་བྱེད་པ་ལྔ་པའི་འགྲེལ་པའོ།། །།འདིར་སྨྲས་པ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ནི་ཡོད་པ་ཉིད་དེ། དེའི་རྟེན་ཅན་ཀུན་ནས་ཉོན་མོངས་པ་དམིགས་པའི་ ཕྱིར་རོ། །འདི་ན་གང་ཡོད་པ་མ་ཡིན་པ་དེའི་རྟེན་ཅན་གྱི་ཀུན་ནས་ཉོན་མོངས་པ་ནི་དམིགས་པ་མེད་དེ། དཔེར་ན་མོ་གཤམ་གྱི་བུ་དང་མོ་གཤམ་གྱི་བུ་མོའི་ཀུན་ནས་ཉོན་མོངས་པ་བཞིན་ནོ། །འདོད་ཆགས་ལ་སོགས་པའི་ཀུན་ནས་ཉོན་མོངས་པའི་རྒྱུ་དག་ནི་ཡོད་པ་ཡིན་ཏེ། ཇི་སྐད་དུ། བཅོམ་ལྡན་འདས་ཀྱིས་དགེ་སློང་དག་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་རྟག་པར་ལྷུང་བ་ནི་མིག་གི་གཟུགས་རྣམས་མཐོང་ནས་ཡིད་བདེ་བའི་གནས་སུ་མངོན་པར་ཞེན་པར་འགྱུར་རོ། །དེ་མངོན་པར་ཞེན་པར་གྱུར་ནས་འདོད་ཆགས་སྐྱེད་པར་བྱེད་དོ། །ཆགས་པར་གྱུར་ནས་ལུས་དང་ངག་དང་ཡིད་ཀྱི་འདོད་ ཆགས་ལས་བྱུང་བའི་ལས་མངོན་པར་འདུ་བྱེད་པར་འགྱུར་རོ། །ཞེས་རྒྱ་ཆེར་གསུངས་སོ། །བརྗོད་པར་བྱ་སྟེ། གལ་ཏེ་འདོད་ཆགས་ལ་སོགས་པ་དག་ཉིད་ཡོད་ན། ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཡོད་པར་འགྱུར་ན། ཡོད་པ་ནི་མ་ཡིན་ཏེ། འདིར་འདོད་ཆགས་འདི་ཡོངས་སུ་ བརྟགས་པ་ན། ཆགས་པ་ཡོད་པའམ། མེད་པ་ན་རྟོག་པ་ཞིག་ན། གཉི་ག་ལྟར་ཡང་མི་རུང་ངོ་ཞེས་བཤད་པ། གལ་ཏེ་འདོད་ཆགས་སྔ་རོལ་ན། །འདོད་ཆགས་མེད་པའི་ཆགས་ཡོད་ན། །དེ་ལ་བརྟེན་ནས་འདོད་ཆགས་ཡོད། །ཆགས་ཡོད་འདོད་ཆགས་ཡོད་པར་འགྱུར། ། འདོད་ཆགས་དང་། ཆགས་ཞེན་དང་། ལྷག་པར་ཞེན་པ་དང་། ཕྲད་ཞེན་དང་། མངོན་པར་ཞེན་པ་ཞེས་བྱ་བ་དག་ནི་རྣམ་གྲངས་སོ། །ཆགས་པ་ནི་འདོད་ཆགས་ཀྱི་རྟེན་ཡིན་ཏེ། གལ་ཏེ་འདོད་ཆགས་ཀྱི་སྔ་རོལ་ན། འདོད་ཆགས་མེད་པ་སྟེ། འདོད་ཆགས་དང་བྲལ་བ་ཞིག་ཡོད་ པར་གྱུར་ན་ནི། འདོད་ཆགས་དང་བྲལ་བའི་ཆགས་པ་དེ་ལ་བརྟེན་ནས་འདོད་ཆགས་ཡོད་པར་འགྱུར་རོ། །དེ་ལྟ་ན་ནི་ཆགས་པ་ཡོད་ན་འདོད་ཆགས་ཡོད་དོ་ཞེས་བྱ་བ་རིགས་པར་འགྱུར་ན། འདོད་ཆགས་དང་བྲལ་ཡང་ཆགས་པ་ཡིན་པར་འགྱུར་བ་གང་ཡིན་པ་དེ་ལྟ་བུ་ནི་མེད་དེ། དགྲ་ བཅོམ་པ་དག་ལ་ཡང་ཆགས་པ་ཡོད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་དེ་ལྟར་ཆགས་པ་ཡོད་པ་ན་འདོད་ཆགས་མེད་ན། འོ་ན་ཆགས་པ་མེད་པ་ཡིན་ནོ་ཞེ་ན། འདི་ཡང་རིགས་པ་མ་ཡིན་ནོ་ཞེས་བཤད་པ། ཆགས་པ་ཡོད་པར་མ་གྱུར་ནའང་། །འདོད་ཆགས་ཡོད་པར་ག་ལ་ འགྱུར། །གང་གི་ཚེ་ཆགས་པ་ཡོད་པ་ན་འདོད་ཆགས་ཡོད་པ་མ་ཡིན་པ་དེའི་ཚེ། ཇི་ལྟར་ཆགས་པ་ཡོད་པར་མ་གྱུར་པ་ན། རྟེན་མེད་པའི་འདོད་ཆགས་གྲུབ་པར་ག་ལ་འགྱུར་ཏེ། ཤིང་ཐོག་མེད་པར་དེའི་སྨིན་པ་ཉིད་ཡོད་པ་ནི་མ་ཡིན་ནོ། །འདིར་སྨྲས་པ། གལ་ཏེ་ཡང་ཁྱོད་ཀྱིས་འདོད་ ཆགས་བཀག་མོད་ཀྱི། དེ་ལྟ་ན་ཡང་ཆགས་པ་ནི་ཡོད་པ་ཡིན་ཏེ། མ་བཀག་པའི་ཕྱིར་རོ། །ཆགས་པ་ཡང་འདོད་ཆགས་མེད་པར་ནི་མི་རིགས་ཏེ་དེའི་ཕྱིར་འདི་ཡང་ཡོད་དོ། །བརྗོད་པར་བྱ་སྟེ། གལ་ཏེ་ཆགས་པ་ཡོད་ན་འདོད་ཆགས་ཡོད་པར་འགྱུར་བ་ཞིག་ན། ཡོད་པ་ནི་མ་ཡིན་ཏེ། འདི་ལྟར་ཆགས་པ་འདི་འདོད་པ་ན། འདོད་ཆགས་ཡོད་པའང་མེད་པ་ན་རྟོག་གྲང་ན། གཉི་ག་ལྟར་ཡང་འཐད་པ་མ་ཡིན་ནོ་ཞེས་བཤད་པ། ཆགས་པ་ལ་ཡང་འདོད་ཆགས་ནི། །ཡོད་དམ་མེད་ཀྱང་རིམ་པ་མཚུངས། །དེ་ལ་གལ་ཏེ་འདོད་ཆགས་ཡོད་པ་ན་ཆགས་པ་ཡོད་པར་རྟོག་པར་བྱེད་ ན་ནི། དེ་ལྟ་ན་ཡང་། གལ་ཏེ་ཆགས་པའི་སྔ་རོལ་ན། །ཆགས་མེད་འདོད་ཆགས་ཡོད་ན་ནི། །ཞེས་བྱ་བ་ལ་སོགས་པས་ཆགས་པ་ལ་ཡང་བཤད་མ་ཐག་པ་འདོད་ཆགས་མི་འཐད་པའི་རིམ་པ་འདི་ཉིད་མཚུངས་སོ། །ཅི་སྟེ་འདོད་ཆགས་མེད་པར་ཆགས་པ་འདོད་ ན་ནི། འདི་ཡང་མི་རིགས་ཏེ། འདི་ལྟར་འདོད་ཆགས་ཡོད་པར་མ་གྱུར་ནའང་། །ཆགས་པ་ཡོད་པར་ག་ལ་འགྱུར། །དེའི་ཕྱིར་ཆགས་པ་ཡང་མེད་དོ། །འདོད་ཆགས་དང་ཆགས་པ་མེད་པའི་ཕྱིར་ན་ཕུང་པོ་ལ་སོགས་པ་དག་ཀྱང་མེད་དོ། །འདིར་སྨྲས་པ། གང་ལས་སྐྱོན་འདིར་ འགྱུར་བ་འདོད་ཆགས་དང་ཆགས་པ་དག་སྔ་ཕྱིར་འབྱུང་བ་ནི་མ་ཡིན་པ་ཉིད་དོ། །འོ་ན་ཅི་ཞེ་ན། འདོད་ཆགས་དང་ཆགས་པ་དག་ནི་ལྷན་ཅིག་ཁོ་ནར་འབྱུང་སྟེ། སེམས་དང་ལྷན་ཅིག་འབྱུང་བའི་འདོད་ཆགས་ཀྱིས། སེམས་ཆགས་པར་བྱས་ལ། དེ་ལ་ཆགས་པ་ཡིན་ཏེ། དེའི་ ཕྱིར་འདོད་ཆགས་དང་ཆགས་པ་དག་ཡོད་དོ་ཞེ་ན། བརྗོད་པར་བྱ་སྟེ། དེ་ལྟ་ན་ཡང་། འདོད་ཆགས་དང་ནི་ཆགས་པ་དག །ལྷན་ཅིག་ཉིད་དུ་སྐྱེ་མི་རིགས། །འདོད་ཆགས་དང་ཆགས་པ་གཉིས་ལྷན་ཅིག་སྐྱེ་བ་ཡང་མི་རིགས་ཏེ། གང་གི་ཕྱིར། འདི་ལྟར་འདོད་ཆགས་ཆགས་ པ་དག །ཕན་ཚུན་ལྟོས་པ་མེད་པར་འགྱུར། །ལྷན་ཅིག་འབྱུང་བའི་ཕྱིར་བ་ལང་གི་རྭ་གཡས་གཡོན་བཞིན་ནོ་སྙམ་དུ་དགོངས་པའོ། །གཞན་ཡང་འདོད་ཆགས་དང་ཆགས་པ་འདི་དག་ལྷན་ཅིག་པ་ཉིད་དུ་གཅིག་ཉིད་དམ། ཐ་དད་པ་ཞིག་ལ་རྟོག་གྲང་། དེ་ལ་གལ་ཏེ་གཅིག་ ཉིད་ལ་ཡིན་ན་ནི་དེ་མི་རུང་ངོ་། །གང་གི་ཕྱིར། གཅིག་ཉིད་ལྷན་ཅིག་ཉིད་མེད་དེ། ཡང་ཅིའི་ཕྱིར་མེད་ཅེ་ན། དེ་ཉིད་དེ་དང་ལྷན་ཅིག་མིན། །འདི་ལྟར་འདོད་ཆགས་ཀྱི་རང་གི་བདག་ཉིད་འདོད་ཆགས་ལས་ཐ་མི་དད་པ་ནི་འདོད་ཆགས་དང་ལྷན་ཅིག་པ་ཡིན་ནོ་ཞེས་བརྗོད་པ་མ་ཡིན་ནོ། ། ད་ནི་ཐ་དད་པ་ཉིད་ལ་ཡང་ལྷན་ཅིག་པ་ཉིད་མེད་པར་བཤད་པ། ཅི་སྟེ་ཐ་དད་ཉིད་མེད་ན། །ལྷན་ཅིག་ཏུ་ནི་ཇི་ལྟར་འགྱུར། །སྣང་བ་དང་མུན་པ་འམ་འཁོར་བ་དང་མྱ་ངན་ལས་འདས་པ་ཐ་དད་པར་གྱུར་པ་དག་ལ་ནི་ལྷན་ཅིག་པ་ཉིད་མ་མཐོང་ངོ་། །གཞན་ཡང་། གལ་ཏེ་གཅིག་པུ་ལྷན་ ཅིག་ན། །གྲོགས་མེད་པར་ཡང་དེར་འགྱུར་རོ། །གལ་ཏེ་ཐ་དད་ལྷན་ཅིག་ན། །གྲོགས་མེད་པར་ཡང་དེར་འགྱུར་རོ། །གལ་ཏེ་གཅིག་ཉིད་ལ་ལྷན་ཅིག་པ་ཉིད་དུ་འགྱུར་ན་ནི། དེའི་ཚེ་གང་དང་གང་ན་གཅིག་ཉིད་ཡོད་པ་དེ་དང་དེ་ན་ལྷན་ཅིག་པ་ཉིད་ཡོད་དོ་ཞེས་བྱ་བས་གཅིག་པུ་ཞིག་ལ་ ཡང་ལྷན་ཅིག་པ་ཉིད་ཡོད་པར་འགྱུར་རོ། །ཐ་དད་པ་ཉིད་ལ་ལྷན་ཅིག་པ་ཉིད་འདོད་ན་ཡང་། གང་དང་གང་ན་ཐ་དད་པ་ཉིད་ཡོད་པ་དེ་དང་དེ་ན་ལྷན་ཅིག་པ་ཉིད་ཡོད་དོ་ཞེས་བྱ་བས་བ་ལང་རྟ་ལ་སོགས་པ་ལས་ཐ་དད་ཅིང་སོ་སོར་གནས་པ་གྲོགས་མེད་པ་ལ་ཡང་ལྷན་ཅིག་པ་ཉིད་ཡང་ཡོད་པར་ འགྱུར་རོ། །གཞན་ཡང་། གལ་ཏེ་ཐ་དད་ལྷན་ཅིག་ན། །ཅི་གོ་འདོད་ཆགས་ཆགས་པ་དག །ཐ་དད་ཉིད་དུ་འགྲུབ་འགྱུར་རམ། །དེ་ནས་དེ་གཉིས་ལྷན་ཅིག་འགྱུར། །གལ་ཏེ་ཡང་འདོད་ཆགས་དང་ཆགས་པ་དག་ཐ་དད་པ་ཉིད་ལ་ལྷན་ཅིག་པ་ཉིད་དུ་རྟོག་ན་ནི། ཅི་འདི་གཉིས་ཐ་དད་ པ་ཉིད་དུ་གྲུབ་བམ། གང་ལས་དེ་དག་ལྷན་ཅིག་པ་ཉིད་དུ་འགྱུར་བ། ཅི་གོ་འདོད་ཆགས་ཆགས་པ་ལ་མི་ལྟོས་པ་འམ། ཆགས་པ་ཡང་འདོད་ཆགས་ལ་མི་ལྟོས་པ་ཞེས་བྱ་བར་གྲུབ་བམ། འདི་ལྟར་ཐ་དད་པར་གྲུབ་པའི་བ་ལང་དང་རྟ་དག་ཁོ་ན་ལ་ལྷན་ཅིག་པ་ཉིད་དུ་མཐོང་བ་ལྟ་བུ་ ཡིན་ན། འདོད་ཆགས་དང་ཆགས་པ་དག་ནི་དེ་ལྟར་ཐ་དད་པར་གྲུབ་པ་མ་ཡིན་པས་འདི་གཉིས་ལ་ལྷན་ཅིག་པ་ཉིད་མེད་དོ། །ཅི་སྟེ་ཡང་ཐ་དད་པར་མ་གྲུབ་པ་དག་ལ་ལྷན་ཅིག་པ་ཉིད་མེད་པའི་ཕྱིར། གལ་ཏེ་འདོད་ཆགས་ཆགས་པ་དག །ཐ་དད་ཉིད་དུ་གྲུབ་གྱུར་ན་སྟེ་ཁྱོད་རྟོག་ པར་འགྱུར་ན་ད་ནི་ཅུང་ཟད་ཀྱང་མི་བྱེད་པའི་ལྷན་ཅིག་པ་ཉིད་བརྟགས་པས་ཅི་ཞིག་བྱ་ཞེས་བཤད་པ། དེ་དག་ལྷན་ཅིག་ཉིད་དུ་ནི། །ཅི་ཡི་ཕྱིར་ན་ཡོངས་སུ་རྟོག །འདོད་ཆགས་དང་ཆགས་པ་དག་གྲུབ་པར་བྱ་བའི་ཕྱིར་ལྷན་ཅིག་པ་ཉིད་རྟོག་པར་བྱེད་ལ། དེ་ཡང་ཐ་དད་པར་མ་གྲུབ་ པ་དག་ལ་ཡོད་པ་མ་ཡིན་པས་ཐ་དད་པར་གྲུབ་པར་ཁས་ལེན་ན་ནི། དེ་ལྟར་གྲུབ་པའི་ཕྱིར་འདི་དག་གི་ལྷན་ཅིག་པ་ཉིད་ཀྱིས་ཅི་ཞིག་བྱ། འོན་ཏེ། ཐ་དད་གྲུབ་པར་མ་གྱུར་པས། །དེ་ཕྱིར་ལྷན་ཅིག་འདོད་བྱེད་ན་སྟེ། །འདོད་ཆགས་དང་ཆགས་པ་དག་ཐ་དད་པར་གྲུབ་པ་ཡོད་པ་མ་ཡིན་པའི་ ཕྱིར། གལ་ཏེ་འདི་དག་ལྷན་ཅིག་པ་ཉིད་དུ་འདོད་ན་ནི། དེ་ཡང་ཐ་དད་པར་མ་གྲུབ་པ་དག་ལ་ཡོད་པ་མ་ཡིན་པས། ལྷན་ཅིག་རབ་ཏུ་བསྒྲུབ་པའི་ཕྱིར། །ཐ་དད་ཉིད་དུ་ཡང་འདོད་དམ། །དེ་ལྟར་ཡིན་ན་ནི། གྲུབ་པ་ཕན་ཚུན་རྟེན་པར་གནས་པ་ཡིན་དང་། དེ་ གང་གྲུབ་པས་གང་ཞིག་གྲུབ་པར་འགྱུར་ཏེ། གང་གི་ཕྱིར། ཐ་དད་དངོས་པོར་མ་གྲུབ་པས། །ལྷན་ཅིག་དངོས་པོ་འགྲུབ་མི་འགྱུར། །ཐ་དད་དངོས་པོ་གང་ཡོད་ན། །ལྷན་ཅིག་དངོས་པོར་འདོད་པར་བྱེད། །ཐ་དད་པའི་དངོས་པོ་གང་ཞིག་ཡོད་ན། ལྷན་ཅིག་པའི་དངོས་པོ་ གྲུབ་པར་འགྱུར་བ་ལྷན་ཅིག་པའི་དངོས་པོ་ལ་མི་ལྟོས་པ་ཐ་དད་པའི་དངོས་པོ་དེ་ནི་ཡོད་པ་མ་ཡིན་པ་ཉིད་དོ། །དེའི་ཕྱིར་མི་སྲིད་པར་དགོངས་ནས་བཤད་པ། ཐ་དད་དངོས་པོ་གང་ཡོད་ན། །ལྷན་ཅིག་དངོས་པོར་འདོད་པར་བྱེད། །དེའི་ཕྱིར་དེ་ལྟར་ཇི་སྐད་བཤད་པའི་རྣམ་པར་དཔྱད་པས་གཞིགས་ པས་འདོད་ཆགས་དང་ཆགས་པ་གཉིས་མ་གྲུབ་པ་མཇུག་བསྡུ་བའི་ཕྱིར། དེ་ལྟར་འདོད་ཆགས་ཆགས་པ་དག །ལྷན་ཅིག་ལྷན་ཅིག་མིན་མི་འགྲུབ། །ཅེས་གསུངས་སོ། །ཇི་ལྟར་འདོད་ཆགས་དང་ཆགས་པ་དག་སྔ་ཕྱིར་མ་གྲུབ་ལ། ལྷན་ཅིག་པ་ཉིད་དུ་ཡང་མ་གྲུབ་པ་དེ་ བཞིན་དུ་དངོས་པོ་ཐམས་ཅད་ཀྱང་ཡིན་ནོ་ཞེས་བསྒྲེ་བའི་ཕྱིར་བཤད་པ། །འདོད་ཆགས་བཞིན་དུ་ཆོས་རྣམས་ཀུན། །ལྷན་ཅིག་ལྷན་ཅིག་མིན་མི་འགྲུབ། །ཞེ་སྡང་དང་སྡང་བ་དང་། གཏི་མུག་དང་རྨོངས་པ་རྣམས་ལ་ཡང་འདོད་ཆགས་དང་ཆགས་པ་ལྟར་མ་གྲུབ་པར་སྦྱར་བར་བྱའོ། ། དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས། གང་འདོད་ཆགས་པ་དང་། གང་ལ་འདོད་ཆགས་པ་དང་། གང་གིས་འདོད་ཆགས་པ་དང་། གང་ཞེ་སྡང་བ་དང་། གང་ལ་ཞེ་སྡང་བ་དང་། གང་གིས་ཞེ་སྡང་བ་དང་། གང་གཏི་མུག་པ་དང་། གང་ལ་གཏི་མུག་པ་དང་། གང་གིས་གཏི་ མུག་པར་འགྱུར་བའི་ཆོས་དེ་དེས་ཡང་དག་པར་རྗེས་སུ་མི་མཐོང་ཞིང་ཆོས་དེ་མི་དམིགས་སོ། །དེས་ཆོས་དེ་ཡང་དག་པར་རྗེས་སུ་མ་མཐོང་ཞིང་མ་དམིགས་པས། འདོད་ཆགས་མེད་པ་ཞེ་སྡང་མེད་པ། གཏི་མུག་མེད་པ་སེམས་ཕྱིན་ཅི་མ་ལོག་པ། མཉམ་པར་གཞག་པ་ ཞེས་བྱའོ། །བརྒལ་བ་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །བདེ་བར་སོན་པ་ཞེས་བྱའོ། །མི་འཇིགས་པ་ཐོབ་པ་ཞེས་བྱ་བ་ནས་ཟག་པ་ཟད་པ་ཞེས་བྱའོ། །ཉོན་མོངས་པ་མེད་པ་དབང་དང་ལྡན་པར་གྱུར་པ། སེམས་ཤིན་ཏུ་རྣམ་པར་གྲོལ་བ། ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ། ཅང་ ཤེས་པ། གླང་པོ་ཆེན་པོ། བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། བདག་གི་དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་དུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ། སེམས་ཀྱི་དབང་ཐམས་ཅད་ཀྱི་དམ་པའི་ཕ་རོལ་ཏུ་ཕྱིན་པའི་ དགེ་སྦྱོང་ཞེས་བྱའོ་ཞེས་བྱ་བའི་བར་དུ་རྒྱ་ཆ