Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 102
Văn bản gốc(Tây Tạng)
Trang 18 / 22 (50.000 ký tự/trang)
ོངས་སུ་གང་བར་མཐོང་བ་དེ་ཅི་ལྟར་བཤད་པ། རྣལ་འབྱོར་པ་ཡིས་བླ་མའི་མན་ངག་ལས། །ཀེང་རུས་ཀྱིས་གང་ས་གཞི་མཐོང་བ་གང་། །དེར་ཡང་གསུམ་ཆར་སྐྱེ་བ་མེད་པར་མཐོང་། །སྟེ་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པའོ། ། དེ་ཅིའི་ཕྱིར་ཞེ་ན། ཏིང་ངེ་འཛིན་དེ་ནི། ལོག་པ་ཡིད་ལ་བྱེད་པར་བསྟན་ཕྱིར་རོ། །འདི་ནི་དེ་ཁོ་ན་ཉིད་མ་ཡིན་པ་ཡིད་ལ་བྱེད་པའོ་ཞེས་འབྱུང་བའི་ཕྱིར་རོ། །འདི་ནི་གདོན་མི་ཟ་བར་དེ་ལྟར་ཁས་བླང་བར་བྱའོ། །དེ་ལྟ་མ་ཡིན་ཏེ། ཁྱོད་ཀྱི་དབང་བློའི་ཡུལ་རྣམས་ཇི་ལྟ་བ། ། དེ་ལྟར་མི་སྡུག་ཡིད་ཀྱི་ཡང་འགྱུར་ན། །དེ་བཞིན་ཡུལ་དེར་བློ་གཏད་ཅིག་ཤོས་ཀྱིས། །རྟོགས་འགྱུར་དེ་ནི་བརྫུན་པར་ཡང་མི་འགྱུར། །ཇི་ལྟར་ཁྱོད་ཀྱིས་ཟློས་གར་གྱི་ལྟད་མོ་ལ་སོགས་པ་ལྟ་བ་ན། ཡུལ་དེར་མིག་གཏད་པ་རྣམས་ལས་ཇི་ལྟར་གཅིག་ལ་མིག་གི་རྣམ་པར་ཤེས་ པ་དེའི་རྣམ་པ་ཅན་སྐྱེ་བ་དེ་བཞིན་དུ་གཞན་དག་ལ་ཡང་ཡིན་པ་དེ་བཞིན་དུ། །རྣལ་འབྱོར་པ་ལྟར་རྣལ་འབྱོར་པ་མ་ཡིན་པ་ཀེང་རུས་ལ་སོགས་པའི་ཡུལ་ལ་ལྟ་བ་རྣམས་ལ་ཡང་དེའི་རྣམ་པ་ཅན་གྱི་ཤེས་པ་སྐྱེ་བར་འགྱུར་ཏེ། སྔོན་པོ་ལ་སོགས་པའི་རྣམ་པར་ཤེས་པ་བཞིན་ནོ། ། ཏིང་ངེ་འཛིན་འདི་དེ་ཁོ་ན་ཉིད་མ་ཡིན་པ་ཡིད་ལ་བྱེད་པར་ཡིད་མི་འགྱུར་རོ། །དེ་བཞིན་དུ། རབ་རིབ་དང་ལྡན་དབང་པོ་ཅན་མཚུངས་པ། །ཆུ་འབབ་ཀླུང་ལ་ཡི་དྭགས་རྣག་བློ་ཡང་། །ཤེས་པར་བྱའོ། །རབ་རིབ་མཐུ་ལས་སྐྲ་རྣམས་གང་མཐོང་བ། །ཞེས་གང་བཤད་པ་དེ་ དང་མཚུངས་པ་དེ་ལྟ་བུའི་རིགས་ཅན་གཞན་ཡང་རིག་པར་བྱ་སྟེ་སྤྲོས་པས་ཆོག་གོ། །མདོར་ན་ཇི་ལྟར་ཤེས་བྱ་མེད་དེ་བཞིན། །བློ་ཡང་མེད་ཅེས་དོན་འདི་ཤེས་པར་གྱིས། །ཤེས་བྱ་རང་བཞིན་མེད་པ་ཇི་ལྟ་བ་དེ་བཞིན་དུ་ཤེས་བྱའི་རྣམ་པ་ཅན་གྱི་བློ་ཡང་རང་གི་བདག་ཉིད་ཀྱིས་མ་སྐྱེས་པར་ རིག་པར་བྱའོ། །ཇི་སྐད་དུ། མ་ཤེས་པ་ནི་ཤེས་བྱ་མིན། །དེ་མེད་རྣམ་པར་ཤེས་མེད་པ། །དེ་ཕྱིར་ཤེས་དང་ཤེས་བྱ་དག །རང་བཞིན་མེད་པར་ཁྱོད་ཀྱིས་གསུངས། །ཞེས་བྱ་བ་དང་། དེ་བཞིན་དུ། རྣམ་ཤེས་སྒྱུ་མ་དང་མཚུངས་པར། །ཉི་མའི་གཉེན་གྱིས་གསུངས་པ་ ཡིན། །དེ་ཡི་དམིགས་པའང་དེ་བཞིན་ཏེ། །ངེས་པར་སྒྱུ་མའི་དངོས་དང་འདྲ། །ཞེས་གསུངས་སོ། །དེའི་ཕྱིར་རྣམ་པར་ཤེས་པ་རྫས་སུ་སྨྲ་བའི་བརྗེད་བྱེད་ཀྱི་གདོན་གྱིས་གཟུང་བ་ཕྱི་རོལ་གྱི་ཡུལ་ལ་སྐུར་པ་འདེབས་པ་འདི་ནི་ཅི་ནས། བདག་ཉིད་གཡང་སར་ལྷུང་བར་བྱེད་ པར་མི་འགྱུར་བར་དམ་པ་སྙིང་རྗེ་སྤྱོད་པ་རྣམས་ཀྱིས་ལུང་དང་རིགས་པའི་གསང་སྔགས་བཟང་པོ་བཏབ་པས་ཚབས་ཆེར་མནན་ཏེ་གཟུང་བར་བྱའོ། །དེའི་ཕྱིར་དེ་ལྟར་ཕྱི་རོལ་མེད་པར་རྣམ་པར་ཤེས་པ་མི་སྲིད་པར་བསྟན་ནས་དངོས་པོ་ཙམ་ཞིག་ཏུ་ཡོད་པ་ཉིད་དགག་པར་བྱ་བའི་ ཕྱིར་བཤད་ལ། གལ་ཏེ་གཟུང་མེད་འཛིན་པ་ཉིད་བྲལ་ཞིང་། །གཉིས་ཀྱིས་སྟོང་པའི་གཞན་དབང་དངོས་ཡོད་ན། །འདི་ནི་ཡོད་པར་གང་གིས་ཤེས་པར་འགྱུར། །མ་བཟུང་བར་ཡང་ཡོད་ཅེས་བྱར་མི་རུང་། །གལ་ཏེ་གཟུང་བ་དང་འཛིན་པ་ཞེས་བྱ་བ་གཉིས་ཀྱིས་སྟོང་པ་ གཞན་གྱི་དབང་ཡོད་ན་དེའི་ཡོད་པ་དེ་ཁྱོད་ཀྱིས་ཤེས་པ་གང་གིས་དམིགས། དེ་ཉིད་ཀྱིས་དེ་འཛིན་པར་ནི་མི་འཐད་དེ། རང་གི་བདག་ཉིད་ལ་བྱེད་པར་འགལ་བའི་ཕྱིར་རོ། །འདི་ལྟར་རལ་གྲིའི་སོ་དེ་ཉིད་ཀྱིས་དེ་ཉིད་མི་གཅོད་ལ། སོར་མོའི་རྩེ་མོ་དེ་ཉིད་ཀྱིས་དེ་ཉིད་ལ་མི་རེག་ཅིང་། ། ལེགས་པར་བསླབས་པའི་གཡེར་ཞིང་ཡང་གཟོར་ཅན་གྱིས་ཀྱང་རང་གི་ཕྲག་པ་ལ་ཞོན་པར་མི་ནུས་ཤིང་། མེས་རང་གི་བདག་ཉིད་མི་སྲེག་ལ། མིག་གིས་རང་གི་བདག་ཉིད་ལ་ལྟ་བ་མ་ཡིན་ནོ། །དེ་ནི་ཤེས་པ་གཞན་གྱིས་འཛིན་པ་ཡང་མ་ཡིན་ཏེ། རང་གི་ གྲུབ་པའི་མཐའ་དང་འགལ་བའི་ཕྱིར་ཏེ། གལ་ཏེ་རྣམ་པར་རིག་པ་གཞན་ཞིག་རྣམ་པར་རིག་པའི་ཡུལ་ཡིན་ན་རྣམ་པར་རིག་པ་ཙམ་ཉིད་ཉམས་པར་འགྱུར་རོ་ཞེས་འབྱུང་བའི་ཕྱིར་རོ། །དེའི་ཕྱིར་དེ་ལྟར་དེའི་འཛིན་པ་རྣམ་པ་ཐམས་ཅད་དུ་ཡོད་པ་མ་ཡིན་ལ་མ་བཟུང་བ་ལ་ནི་ ཡོད་པ་ཉིད་མེད་དོ། །འདིར་སྨྲས་པ། གལ་ཏེ་ཡང་གཞན་གཞན་གྱིས་འཛིན་པ་ཡོད་པ་ནི་མ་ཡིན་མོད་ཀྱི། དེ་ལྟ་ན་ཡང་རང་རིག་པ་ནི་ཡོད་པ་ཡིན་ནོ། །དེའི་ཕྱིར་རང་རིག་པ་ཁོ་ནས་དེ་འཛིན་པའི་ཕྱིར་ཡོད་པ་ཉིད་དུ་འགྱུར་རོ་ཞེ་ན། དེ་ཡང་ཡོད་པ་མ་ཡིན་པར་བཤད་པ། དེ་ཉིད་ཀྱིས་དེ་མྱོང་བར་གྲུབ་མ་ཡིན། དེ་ཉིད་ ཀྱིས་དེ་འཛིན་ཏོ་ཞེས་བྱ་བ་འདི་ནི་མ་གྲུབ་པོ། །འདིར་ཁ་ཅིག་གིས་མདོ་སྡེ་པའི་ཕྱོགས་ཁས་བླངས་ནས་རང་རིག་པ་རབ་ཏུ་སྒྲུབ་པའི་ཕྱིར། ཇི་ལྟར་མེ་ནི་སྐྱེས་པ་ཉིད་ན་རང་གི་བདག་ཉིད་དང་བུམ་པ་ལ་སོགས་པ་དག་གཉིས་སུ་མི་འཇུག་པར་ཅིག་ཅར་གསལ་བར་བྱེད་ལ། སྒྲས་ ཀྱང་རང་གི་བདག་ཉིད་དང་དོན་སྟོན་པར་བྱེད་པ་དེ་བཞིན་དུ། རྣམ་པར་ཤེས་པ་ཡང་ཉེ་བར་སྐྱེ་བ་ཉིད་ན་གཉིས་སུ་མི་འཇུག་པར་རང་གི་བདག་ཉིད་དང་། ཡུལ་སོ་སོར་ཡང་དག་པར་རིག་པར་བྱེད་པ་ཡིན་ནོ། །དེའི་ཕྱིར་རང་རིག་པ་ཞེས་བྱ་བ་ཡོད་པ་ཁོ་ན་ཡིན་ནོ། །གང་ཞིག་ མི་འདོད་པ་དེས་ཀྱང་གདོན་མི་ཟ་བར་རང་རིག་པ་ཁས་བླང་བར་བྱ་དགོས་ཏེ། གཞན་དུ་མ་མཐོང་ངོ་ཞེས་དུས་ཕྱིས་འབྱུང་བའི་དྲན་པས་ཡུལ་དྲན་པ་ཉིད་དང་། ངས་མཐོང་ངོ་སྙམ་དུ་ཡུལ་གྱི་ཉམས་སུ་མྱོང་བ་དྲན་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དྲན་པ་ནི་ཉམས་སུ་མྱོང་ བའི་ཡུལ་ཅན་ཡིན་ན་ཤེས་པ་ཡང་ཉམས་སུ་མ་མྱོང་བས་དྲན་པ་ཡོད་པར་མི་འགྱུར་རོ། །རང་རིག་པ་མེད་པའི་ཕྱིར་ན་རེ་ཞིག་དེ་ཉིད་ཀྱིས་དེ་ཉམས་སུ་མྱོང་བ་ཡོད་པ་མ་ཡིན་ནོ། །ཤེས་པ་གཞན་གྱིས་ཀྱང་དེ་མྱོང་བར་མི་རིགས་ཏེ། ཅིའི་ཕྱིར་ཞེ་ན། ཤེས་པ་གཞན་ གྱིས་ཉམས་སུ་མྱོང་ན་ཐུག་པ་མེད་པར་ཐལ་བར་འགྱུར་རོ། །འདི་ལྟར་སྔོན་པོ་ཡོངས་སུ་གཅོད་པར་བྱེད་པའི་ཤེས་པ་གཅིག་དེའི་མཇུག་ཐོགས་སུ་འབྱུང་བའི་རྣམ་པར་ཤེས་པས་གཅོད་པར་ཁས་ལེན་ན། སྔོན་པོའི་ཤེས་པའི་ཤེས་པ་དེ་ལ་ཡང་མྱོང་བ་པོ་གཞན་ཡོད་པར་བྱ་ དགོས་ཤིང་། དེ་ལ་ཡང་གཞན་ཞིག་འགྱུར་དགོས་པས་ཐུག་པ་མེད་པའི་སྐྱོན་དུ་ཐལ་ལོ། །ཤེས་པས་ཡུལ་གཞན་ཡོངས་སུ་མི་གཅོད་པར་ཡང་འགྱུར་ཏེ། རྣམ་པར་ཤེས་པའི་རྒྱུན་ལུགས་མཐའ་དག་ཤེས་པ་གཞན་གྱི་ཡུལ་ཅན་ཡིན་པའི་ཕྱིར་དང་། སེམས་ཅན་རྣམས་རྣམ་ པར་ཤེས་པའི་རྒྱུད་གཅིག་ཡིན་པའི་ཕྱིར་རོ། །རྣམ་པར་ཤེས་པ་ཨུཏྤ་ལའི་འདབ་མ་བརྒྱ་འབིགས་པ་ལྟར་རིམ་གྱིས་འབྱུང་བ་རྣམས་འཇུག་པ་མྱུར་བས་ཅིག་ཅར་དུ་འཇུག་པ་ལྟ་བུར་མངོན་པ་ཡིན་ནོ། །དེའི་ཕྱིར་ཐུག་པ་མེད་པའི་སྐྱོན་ཡོངས་སུ་སྤང་བར་བྱ་བའི་ཕྱིར་གདོན་མི་ཟ་བར་ རང་རིག་པ་ཁས་བླངས་པར་བྱ་དགོས་སོ། །དེ་ལྟར་ན་ནི་ངས་མཐོང་ངོ་སྙམ་དུ་གཉི་གའི་ཡུལ་ཅན་གྱི་དྲན་པ་དུས་ཕྱིས་འབྱུང་བ་ཡང་འགྲུབ་སྟེ། ཤེས་པའི་རང་བཞིན་རང་རིག་པ་མ་རྟོགས་པར་ནི་དེའི་ཡུལ་ཅན་གྱི་དྲན་པ་དེ་མི་རིགས་སོ། །དེའི་ཕྱིར་ངས་མཐོང་ངོ་སྙམ་དུ་དུས་ཕྱིས་ དྲན་པའི་ཤེས་པ་སྐྱེས་པ་ལས་གང་ལས་དུས་ཕྱིས་གཉི་གའི་ཡུལ་ཅན་གྱི་དྲན་པ་སྐྱེ་བ་ཉམས་སུ་མྱོང་བའི་ཤེས་པའི་རང་གི་བདག་ཉིད་དང་ཡུལ་གྱི་བདག་ཉིད་མྱོང་ཞིང་སྐྱེས་པར་དཔོག་པར་བྱེད་དོ། །དེའི་ཕྱིར་དུས་ཕྱིས་ཀྱི་དྲན་པ་ལས་རང་ཉམས་སུ་མྱོང་བ་གྲུབ་པ་ཡིན་ལ། རང་ ཉམས་སུ་མྱོང་བ་ཡོད་ན་ཡང་གཞན་གྱི་དབང་ཡོད་པ་ཉིད་ཡིན་པས་དེ་ལ་འདི་ནི་ཡོད་པར་གང་གིས་ཤེས་པར་འགྱུར་ཞེས་གང་སྨྲས་པ་ལ། འདི་ཉེ་བར་བསྟན་པ་ཡིན་ནོ་ཞེས་སྨྲས་པ་དེ་ཡང་རིགས་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་བཤད་པ། དེ་ཉིད་ཀྱིས་དེ་མྱོང་བར་གྲུབ་མ་ཡིན། ། གལ་ཏེ་ཕྱི་དུས་དྲན་པ་ལས་གྲུབ་ན། །མ་གྲུབ་བསྒྲུབ་པར་བྱ་ཕྱིར་བརྗོད་པ་ཡི། །མ་གྲུབ་འདི་ནི་སྒྲུབ་པར་བྱེད་པ་མིན། །དེ་ལ་གལ་ཏེ་རེ་ཞིག་རྫས་སྒྲུབ་པར་བྱེད་པ་ཡིན་པའི་དབང་དུ་བྱས་ནས་དེ་སྐད་དུ་སྨྲ་ན་ནི། དེའི་ཚེ་བདག་དང་གཞན་ལས་སྐྱེ་བ་མེད་པའི་ཕྱིར་རྣམ་པ་ཐམས་ ཅད་དུ་དྲན་པ་མི་སྲིད་པས་ཇི་ལྟར་མ་གྲུབ་པའི་དྲན་པས་མ་གྲུབ་པའི་རང་རིག་པ་འགྲུབ་པར་འགྱུར། འོན་ཏེ་འཇིག་རྟེན་གྱི་ཐ་སྙད་ཀྱི་དབང་དུ་ཡིན་ན་དེ་ལྟ་ན་ཡང་རང་རིག་པའི་རྒྱུ་ཅན་གྱིས་དྲན་པ་མི་སྲིད་པ་ཉིད་དོ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་འདིར་མེ་བཞིན་དུ་ཤེས་པ་ འགའ་ཞིག་གིས་རང་རིག་པ་འགྲུབ་པར་འགྱུར་ན་ནི་དེ་ཡོད་པས་དུ་བས་མེ་ལྟར་དུས་ཕྱིས་འབྱུང་བའི་དྲན་པའི་སྒོ་ནས་ཡོད་པ་ཉིད་དུ་ངེས་པར་འགྱུར་བ་ཞིག་ན། རང་རིག་པ་དེ་ནི་ད་རུང་དུ་ཡང་མ་གྲུབ་པས། རང་རིག་པའི་རྒྱུ་ཅན་རང་རིག་པ་མེད་པར་མི་འབྱུང་བའི་དྲན་པ་ག་ལ་ཡོད། འདི་ ལྟར་ཆུ་ཙམ་མཐོང་བ་ལས་ནོར་བུ་ཆུ་ཤེལ་ལམ་མེ་ཙམ་མཐོང་བ་ལས་ནོར་བུ་མེ་ཤེལ་ཡོད་པ་ཉིད་ནི་མ་ཡིན་ཏེ། དེ་དག་མེད་པར་ཡང་ཆར་ལ་སོགས་པ་དང་གཙུབ་ཤིང་གཙུབས་པ་ལ་སོགས་པ་ལས་ཆུ་དང་མེ་དག་འབྱུང་བའི་ཕྱིར་ཏེ། དེ་བཞིན་དུ་འདིར་ཡང་རང་རིག་པ་མེད་པར་དྲན་པ་ ཇི་ལྟར་འབྱུང་བ་དེ་ལྟར་སྟོན་པར་འགྱུར་རོ། །དེའི་ཕྱིར་རང་རིག་པའི་རྒྱུ་ཅན་གྱི་དྲན་པ་ནི་དེ་མེད་པར་མེད་པས། མ་གྲུབ་བསྒྲུབ་པར་བྱ་ཕྱིར་ཏེ། །རང་རིག་པ་བསྒྲུབ་པར་བྱ་བའི་ཕྱིར་དྲན་པའི་ཚིག་བརྗོད་པའི་མ་གྲུབ་པ་འདི་སྒྲུབ་པའི་དགོས་པ་ཅན་དུ་མ་གྲུབ་སྟེ། སྒྲ་མི་རྟག་པ་ལ་མིག་གིས་ གཟུང་བྱ་ཉིད་བཞིན་ནོ་སྙམ་དུ་བསམ་པ་ཡིན་ནོ། །ཇི་སྟེ་དེ་ལྟར་རྣམ་པར་དཔྱོད་པ་བཏང་ནས་ཀྱང་། །རང་རིག་པ་ནི་གྲུབ་ལ་རག་མོད་ཀྱི། །དེ་ལྟའང་དྲན་པའི་དྲན་པ་རིགས་མིན་ཏེ། །གཞན་ཕྱིར་མ་ཤེས་རྒྱུད་ལ་སྐྱེས་པ་བཞིན། གཏན་ཚིགས་འདིས་ནི་ཁྱད་པར་དག་ཀྱང་འཇོམས། ། གལ་ཏེ་ཡང་ཤེས་པས་རང་གི་བདག་ཉིད་དང་ཡུལ་རིག་པར་བྱེད་མོད་ཀྱི། དེ་ལྟ་ན་ཡང་དྲན་པའི་ཤེས་པས་དེ་དག་དྲན་པ་ནི་མི་རིགས་ཏེ། དྲན་པའི་ཤེས་པ་ནི་ཡུལ་ཉམས་སུ་མྱོང་བའི་ཤེས་པ་ལས་གཞན་ཉིད་དུ་ཁས་བླངས་པའི་ཕྱིར་རོ། །འདི་ལྟར་བྱམས་པའི་ཤེས་པའི་ རང་རིག་པ་དང་ཡུལ་མྱོང་བ་ནི་སྔར་ཉམས་སུ་མ་མྱོང་བས་ཉེར་སྦས་ཀྱི་ཤེས་པས་དྲན་པ་མ་ཡིན་པ་དེ་བཞིན་དུ་མ་ཤེས་པའི་རྒྱུད་ལས་ཤེས་པ་ལྟར་གཞན་ཡིན་པའི་ཕྱིར་ན་རང་གི་རྒྱུད་དུ་གཏོགས་པའི་རྣམ་པར་ཤེས་པ་དུས་ཕྱིས་འབྱུང་བས་ཀྱང་ཤེས་པ་དང་དོན་དག་ཉམས་སུ་མ་ མྱོང་བའི་ཕྱིར་དྲན་པར་མི་འགྱུར་རོ། །ཅི་སྟེ་རྒྱུད་གཅིག་ཏུ་གཏོགས་པ་རྣམས་ལ་རྒྱུ་དང་འབྲས་བུའི་དངོས་པོ་གནས་པའི་ཕྱིར། དྲན་པ་ཡོད་པར་འགྱུར་རོ་སྙམ་དུ་སེམས་ན། དེ་ཡང་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར་གཏན་ཚིགས་འདིས་ནི་ཁྱད་པར་དག་ཀྱང་འཇོམས། གཞན་ ཡིན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་གང་ཡིན་པ་འདིས་ནི་རྒྱུད་གཅིག་ཏུ་གཏོགས་པ་ཉིད་དང་། རྒྱུ་དང་འབྲས་བུའི་དངོས་པོ་ལ་སོགས་པའི་ཁྱད་པར་ཐམས་ཅད་ཉེ་བར་འཇོམས་པར་བྱེད་དོ། །དྲན་པའི་ཤེས་པའི་སྐད་ཅིག་ཉམས་སུ་མྱོང་བའི་དུས་ཕྱིས་འབྱུང་བ་ནི་གཞན་ ཡིན་པའི་ཕྱིར། རྒྱུད་གཞན་གྱི་ཤེས་པ་བཞིན་དུ་ཉམས་སུ་མྱོང་བའི་ཤེས་པ་དང་། རྒྱུད་གཅིག་ཏུ་གཏོགས་པ་མ་ཡིན་ལ། རྒྱུ་དང་འབྲས་བུའི་དངོས་པོ་གནས་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གཞན་ཡིན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་འདི་ཉིད་ཀྱིས་རྒྱ་ཆེར་ དགག་པར་བྱ་བ་ཡིན་ནོ། །ཁྱོད་ཀྱི་ལྟར་ན་ཇི་ལྟར་ཞེ་ན། བརྗོད་པར་བྱ་སྟེ། གང་ཕྱིར་གང་གིས་ཡུལ་མྱོང་འགྱུར་དེ་ལས། །དྲན་པ་འདི་གཞན་ང་ལ་ཡོད་མིན་པ། །དེ་ཕྱིར་ང་ཡིས་མཐོང་སྙམ་དྲན་འགྱུར་ཏེ། །འདི་ཡང་འཇིག་རྟེན་ཐ་སྙད་ཚུལ་ལུགས་ཡིན། །གང་གིས་ཡུལ་མྱོང་ བ་དེ་ཡུལ་ཉམས་སུ་མྱོང་བའི་ཤེས་པ་དེ་ལས་དྲན་པའི་ཤེས་པ་གཞན་ཉིད་དུ་ཇི་ལྟར་མེད་པ་དེ་ལྟར་ན་སྔར་བཤད་ཟིན་ཏོ། །གང་གི་ཕྱིར་དྲན་པ་གཞན་ཉིད་ཡོད་པ་མ་ཡིན་པ་དེའི་ཕྱིར། གང་ཉམས་སུ་མྱོང་བས་མྱོང་བ་དེ་དྲན་པའི་ཤེས་པས་མྱོང་བ་མ་ཡིན་པ་མ་ཡིན་པས་དྲན་པ་ཡུལ་དང་ལྡན་ པར་འབྱུང་ལ། ཉམས་སུ་མྱོང་བའི་ཤེས་པས་ཡོངས་སུ་གཅོད་པ་གང་ཡིན་པ་དེ་དྲན་པས་ཡོངས་སུ་མ་བཅད་པ་མ་ཡིན་པས་བདག་གིས་མཐོང་ངོ་ཞེས་བྱ་བར་འགྱུར་རོ། །འདི་ཡང་འཇིག་རྟེན་ཚུལ་ལུགས་ཡིན་གྱི་ཤིན་ཏུ་དཔྱད་པར་བྱ་བ་ནི་མ་ཡིན་ཏེ། བརྫུན་པའི་དོན་ཅན་ཉིད་ ཀྱིས་འཇིག་རྟེན་གྱི་ཐ་སྙད་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་དེ་ལྟ་ཡིན་པ། དེའི་ཕྱིར་རང་རིག་ཡོད་པ་མ་ཡིན་ན། །ཁྱོད་ཀྱིས་གཞན་དབང་གང་གིས་འཛིན་པར་འགྱུར། །བྱེད་པོ་ལས་དང་བྱ་བ་གཅིག་མིན་པས། །དེ་ཉིད་ཀྱིས་དེ་འཛིན་པར་རིགས་མ་ཡིན། །བདག་རིག་ པར་བྱེད་དོ་ཞེས་རིག་པར་བྱ་བཞིན་པའི་བདག་ཉིད་ལས་ཀྱི་དངོས་པོར་འགྱུར་ལ་རིག་པར་བྱ་བ་དེ་ཉིད་ཀྱང་བྱེད་པ་པོ་ཡིན་ཞིང་དེའི་བྱ་བ་ཡང་ཐ་མི་དད་པ་ཉིད་ཡིན་པས་བྱེད་པ་པོ་དང་ལས་དང་བྱ་བ་གཅིག་ཏུ་ཐལ་བར་འགྱུར་ན། འདི་དག་གཅིག་པ་ཉིད་དུ་ནི་མ་ མཐོང་ངོ་། །འདི་ལྟར་གཅོད་པ་པོ་དང་ཤིང་དང་གཅོད་པའི་བྱ་བ་གཅིག་པ་ནི་མ་ཡིན་ནོ། །འདི་ལས་ཀྱང་རང་རིག་པ་ཡོད་པ་མ་ཡིན་པས་དེ་ཉིད་ཀྱིས་དེ་འཛིན་པ་མ་ཡིན་ནོ། །འཕགས་པ་ལང་ཀར་གཤེགས་པ་ལས་ཀྱང་། ཇི་ལྟར་རལ་གྱི་རང་གི་སོ། །གཅོད་པར་མི་བྱེད་སོར་མོ་ནི། ། རང་ལ་རེག་པར་མི་བྱེད་ལྟར། །རང་རིག་སེམས་ཀྱང་དེ་བཞིན་ནོ། །ཞེས་གསུངས་སོ། །དེའི་ཕྱིར་དེ་ལྟར་རང་རིག་པ་མེད་པའི་ཕྱིར། གལ་ཏེ་སྐྱེ་བ་མེད་ཅིང་མ་ཤེས་པའི། །བདག་ཅན་གཞན་དབང་ངོ་བོའི་དངོས་ཡོད་ན། །གང་གིས་ན་འདི་ཡོད་པར་མི་རིག་པ། །གཞན་ ལ་མོ་གཤམ་བུ་གནོད་ཇི་ཞིག་བྱ། །གཞན་གྱི་དབང་བདག་དང་གཞན་ལས་མི་སྐྱེ་བ་ནི་གོང་དུ་ཅིར་བསྟན་པ་ཡིན་ལ། དེ་ལྟ་ནི་མ་ཤེས་པའི་བདག་ཉིད་ཅན་ཉིད་དུ་ཡང་བསྟན་པ་ཡིན་ནོ། །དེའི་ཕྱིར་དེ་ལྟར་གལ་ཏེ་སྐྱེ་བ་མེད་ཅིང་མ་ཤེས་པའི་བདག་ཉིད་ཅན་གཞན་གྱི་དབང་ གི་ངོ་བོ་ཡོད་དོ་ཞེས་བྱ་བར་ཁས་ལེན་ན། གང་ལས་གཞན་གྱི་དབང་དང་མཚུངས་པའི་ཆོས་ཅན་ཡིན་དུ་ཟིན་ཀྱང་འདི་ཡོད་པ་ཉིད་དུ་འདོད་པར་མི་འགྱུར་བ། ཁྱོད་ལ་མོ་གཤམ་གྱི་བུས་གནོད་པ་ཅི་ཞིག་བྱས་ཏེ། མོ་གཤམ་གྱི་བུ་ཞེས་བྱ་བ་སྤྲོས་པ་ཐམས་ཅད་ལས་འདས་ཤིང་ འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པ་བརྗོད་དུ་མེད་པའི་རང་བཞིན་ཅན་ཅི་ཞིག་ཡོད་དོ་ཞེས་འདི་ཡང་ཡོད་པ་ཉིད་དུ་འདོད་པར་གྱིས་ཤིག་གང་ཡང་དངོས་པོ་བཏགས་པར་ཡོད་པའི་རྒྱུར་གྱུར་ཅིང་ཞེས་སྨྲས་པ་དེ་ཡང་གཞན་གྱི་དབང་ཡོད་པ་ཉིད་ཡིན་ན། རིགས་པ་ཞིག་ན། གང་ ཚེ་གཞན་དབང་ཅུང་ཟད་ཡོད་མིན་ན། །ཀུན་རྫོབ་པ་ཡི་རྒྱུར་ནི་གང་ཞིག་འགྱུར། །ཀུན་རྫོབ་པ་རྣམས་ལ་རྒྱུ་ཅུང་ཟད་ཀྱང་མེད་དོ་སྙམ་དུ་བསམས་པའོ། །དེའི་ཕྱིར་འདི་ལ་འཇིག་རྟེན་གྱི་ཐ་སྙད་ཀྱི་རྒྱུ་གང་ཡིན་པ་དེ་རང་ཉིད་ཀྱི་ཡོད་པ་མ་ཡིན་པས་ཀྱེ་མ་ཀྱི་ཧུད། གཞན་གྱི་ལྟར་ན་ རྫས་ལ་ཆགས་པ་ཡིས། །འཇིག་རྟེན་གྲགས་པའི་རྣམ་གཞག་ཀུན་ཀྱང་བརླག །ཤེས་རབ་མེད་པས་རྫས་ཤས་ཙམ་ལ་ཆགས་པའི་སྒོ་ནས་གཞན་གྱི་དབང་གི་བུམ་པ་སོ་མ་བཏང་བར་ཆུ་དང་འདྲ་བ་བླུགས་ནས་རང་གི་བློ་གྲོས་ཀྱི་ཚུལ་ངན་པའི་ཕྱིར་འཇིག་རྟེན་པའི་རྣམ་པར་གཞག་པ་ འཇིག་རྟེན་ཁོ་ན་ལས་གྲུབ་པ་འདུག་ཤིག །སོང་ཤིག་བྱོས་ཤིག་ཚོས་ཤིག་ཅེས་བྱ་བ་དེ་ལྟ་བུ་ལ་སོགས་པ་དང་། དེ་བཞིན་དུ་གཟུགས་དང་ཚོར་བ་ལ་སོགས་པ་གང་ཡིན་པ་དེ་དག་ཐམས་ཅད་འཇིག་པར་རྟོགས་ཏེ། དེའི་ཕྱིར་འདི་ལ་རྒུད་པ་ཉིད་འབའ་ཞིག་སྲིད་པར་འགྱུར་ གྱི། མངོན་པར་མཐོ་བ་ནི་མ་ཡིན་ནོ། །དེའི་ཕྱིར་དེ་ལྟར་སློབ་དཔོན་ཕྱིན་ཅི་ལོག་ལས་རང་གི་རྣམ་པར་རྟོག་པས་སྦྱར་བའི་ལུགས་ཀྱི་ལམ་ཁོ་ནར་ཞུགས་པ། སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱི་ལམ་ལས་ནི། །ཕྱི་རོལ་གྱུར་པ་ཞི་བའི་ཐབས་མེད་དོ། །ཅིའི་ཕྱིར་ཞེ་ན། འདི་ ལྟར་དེ་དག་ཀུན་རྫོབ་དེ་ཉིད་བདེན་ལས་ཉམས། །དེ་ལས་ཉམས་པས་ཐར་པ་གྲུབ་ཡོད་མིན། །ཡང་ཅིའི་ཕྱིར་བདེན་པ་གཉིས་ལས་ཡོངས་སུ་ཉམས་པས་ཐར་པ་མི་གྲུབ་ཅེ་ན། བཤད་པ། ཐ་སྙད་བདེན་པ་ཐབས་སུ་གྱུར་པ་དང་། །དོན་དམ་བདེན་པ་ཐབས་འབྱུང་གྱུར་ པ་དེ། །དེ་གཉིས་རྣམ་དབྱེ་གང་གིས་མི་ཤེས་པ། །དེ་ནི་རྣམ་རྟོག་ལོག་པས་ལམ་ངན་ཞུགས། །ཇི་སྐད་དུ། འཕགས་པ་དེ་ཁོ་ན་ཉིད་ངེས་པར་བསྟན་པའི་ཏིང་ངེ་འཛིན་ལས། འཇིག་རྟེན་མཁྱེན་པས་གཞན་ལ་མ་གསན་པར། །བདེན་པ་འདི་གཉིས་ཉིད་ཀྱིས་བསྟན་པར་ མཛད། །གང་ཞིག་ཀུན་རྫོབ་དེ་བཞིན་དོན་དམ་སྟེ། །བདེན་པ་གསུམ་པ་གང་ཡང་མ་མཆིས་སོ། །གང་གིས་བདེ་བར་གཤེགས་ལ་འགྲོ་བ་རྣམས། །བདེ་བའི་དོན་དུ་དད་པ་སྐྱེ་འགྱུར་བ། །རྒྱལ་བས་འགྲོ་བ་རྣམས་ཀྱི་དོན་སླད་དུ། །འཇིག་རྟེན་ཕན་ཕྱིར་ཀུན་རྫོབ་དེ་བསྟན་ཏོ། ། སེམས་ཅན་ཚོགས་ཀྱི་འགྲོ་དྲུག་གང་བསྟན་པ། །སེམས་ཅན་དམྱལ་དང་དུད་འགྲོ་ཡི་དྭགས་དང་། །ལྷ་མིན་རིས་དང་མི་དང་ལྷ་ཡི་རྣམས། །མི་ཡི་སེང་གེས་ཀུན་རྫོབ་བཏགས་པ་མཛད། །རིགས་དམའ་དེ་བཞིན་མཐོ་བའི་རིགས་རྣམས་དང་། །ཕྱུག་པོའི་ཁྱིམ་དང་དབུལ་ བའི་ཁྱིམ་རྣམས་དང་། །བྲན་གྱི་ཚོགས་དང་དེ་བཞིན་གཡོག་གི་ཚོགས། །བུད་མེད་ཚོགས་དང་སྐྱེས་པ་མ་ནིང་དང་། །འགྲོ་བའི་ཁྱད་པར་ཇི་སྙེད་གང་ཡང་རུང་། །མཚུངས་མེད་ཁྱོད་ཀྱིས་འཇིག་རྟེན་བསྟན་མཛད་པ། །ཀུན་རྫོབ་བདེན་པར་མཁས་<པས་, པས་ཐུགས་>ཆུད་ནས། །འཇིག་རྟེན་ཕན་པས་མི་ལ་དེ་བསྟན་ཏོ། །འདི་ལ་དགའ་བའི་འགྲོ་བ་འཁོར་བ་ན། །འགྲོ་བའི་ཆོས་བརྒྱད་ལ་ནི་འཇུག་འགྱུར་ཏེ། །ཐོབ་དང་མ་ཐོབ་སྙན་དང་མི་སྙན་དང་། །བསྟོད་དང་སྨད་དང་བདེ་དང་སྡུག་བསྔལ་ལོ། །ཐོབ་པ་རྙེད་ན་དེ་ལ་ ཆགས་པ་སྐྱེད། །མ་ཐོབ་གྱུར་ན་དེས་ཀྱང་འཁྲུག་པར་འགྱུར། །གང་གཞན་མ་བསྟན་ཚུལ་འདིས་ཤེས་པར་བྱ། །ནད་རྣམས་བརྒྱད་ཀྱིས་དེ་རྒྱུན་གནོད་པར་འགྱུར། །ཀུན་རྫོབ་དེ་ལ་དོན་དམ་སུ་སྨྲ་བ། །དེ་དག་ནོར་བའི་བློ་ལྡན་ཤེས་པར་བྱ། །མི་སྡུག་སྡུག་དང་སྡུག་བསྔལ་བདེ་ བ་དང་། །བདག་མེད་རང་བཞིན་བདག་ཏུ་སྨྲ་བ་དང་། །མི་རྟག་ཆོས་ལ་རྟག་ཅེས་སྨྲ་བགྱིད་ཅིང་། །དེ་ལྟར་དགའ་སྟེ་མཚན་མར་གང་གནས་པ། །དེ་དག་བདེ་གཤེགས་གསུང་ནི་ཐོས་གྱུར་ནས། །འཇིགས་ཤིང་ཇི་བཞིན་མི་རྟོགས་སྤོང་བར་བགྱིད། །དེ་དག་བདེ་གཤེགས་ གསུང་ནི་སྤངས་གྱུར་ནས། །སེམས་ཅན་དམྱལ་བར་སྡུག་བསྔལ་མི་བཟད་མྱོང་། །དེ་དག་ཚུལ་མིན་བདེ་བ་ཚོལ་བགྱིད་ཀྱང་། །སྡུག་བསྔལ་བརྒྱ་དག་བྱིས་པས་མྱོང་བར་འགྱུར། །འཇིག་རྟེན་ཕན་པའི་བསྟན་པ་སུ་ཞིག་གིས། །མ་ལོག་བློ་ཡིས་རྣམ་པར་རྟོགས་མྱུར་ན། ། སྦྲུལ་གྱི་པགས་པ་རྙིང་ལྟར་རབ་སྤངས་ཏེ། །སྲིད་པ་ཀུན་ལས་འདས་ནས་ཞི་བར་འགྱུར། །ཆོས་འདི་ཐམས་ཅད་རང་བཞིན་འབྱིན་པ་སྟེ། །སྟོང་པ་མཚན་མ་མེད་པ་དོན་དམ་ཞེས། །གང་གིས་ཐོས་ནས་དགའ་བ་སྐྱེ་འགྱུར་བ། །དེ་དག་བླ་མེད་བྱང་ཆུབ་ཐོབ་པར་འགྱུར། ། རྒྱལ་བ་ཁྱོད་ཀྱིས་ཕུང་པོ་དབེན་པར་གཟིགས། །ཁམས་དང་སྐྱེ་མཆེད་རྣམས་ཀྱང་དེ་བཞིན་ཏེ། །དབང་པོའི་གྲོང་ནི་མཚན་མས་དབེན་པ་དག །ཀུན་ཀྱང་ཐུབ་པ་ཁྱོད་ཀྱིས་ཇི་བཞིན་གཟིགས། །ཞེས་གསུངས་པ་ལྟ་བུའོ། །དེའི་ཕྱིར་དེ་ལྟར་ཀུན་རྫོབ་དང་དོན་དམ་པའི་བདེན་ པས་དབེན་པ་རྣམས་ལ་ཐར་པ་ལྟ་ག་ལ་ཡོད། དེའི་ཕྱིར་རྣམ་པར་ཤེས་པར་སྨྲ་བ་དེ་དག་ནི་རྣམ་པར་རྟོག་པ་ལོག་པ་དག་གིས་ལམ་གོལ་བར་ཞུགས་པ་ཁོ་ནའོ། །འདིར་ཐ་སྙད་ཀྱི་བདེན་པ་བསྟན་པ་ནི་ཐབས་སུ་གྱུར་པ་སྟེ། ཇི་སྐད་དུ། ཡི་གེ་མེད་པའི་ཆོས་ལ་ནི། །ཉན་པ་གང་ དང་སྟོན་པ་གང་། །འགྱུར་བ་མེད་ལ་སྒྲོ་བཏགས་པས། །འོན་ཀྱང་ཉན་ཞིང་སྟོན་པ་ཡིན། །ཞེས་གསུངས་སོ། །ཐ་སྙད་ཀྱི་བདེན་པ་ཁོ་ན་ལ་གནས་ཏེ་དོན་དམ་པ་སྟོན་པ་ཡིན་ལ། དོན་དམ་པ་བསྟན་པ་ཁོང་དུ་ཆུད་པ་ལས་ཀྱང་དོན་དམ་པ་འཐོབ་སྟེ། ཇི་སྐད་དུ་བསྟན་ བཅོས་ལས། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་བསྟན་མི་འགྱུར། །དམ་པའི་དོན་ལ་མ་བརྟེན་པར། །མྱ་ངན་འདས་པ་ཐོབ་མི་འགྱུར། །ཞེས་གསུངས་སོ། །དེ་ལ་དོན་དམ་པ་བསྟན་པ་ནི་ཐབས་ལས་བྱུང་བར་གྱུར་ཞིང་འབྲས་བུར་གྱུར་པ་སྟེ། ཐབས་ ལས་བྱུང་བ་དང་འབྲས་བུ་དང་ཐོབ་པར་བྱ་བ་དང་རྟོགས་པར་བྱ་བ་ཞེས་བྱ་བའི་དོན་ཏོ། །འདིར་སྨྲས་པ། གལ་ཏེ་ཁྱོད་ཀྱིས་དེ་སྐད་དུ་ཁོ་བོ་ཅག་ལ་ཤིན་ཏུ་ལྟོས་པ་མེད་པར་སྨྲ་ན། ད་ནི་ངེད་ཅག་ཀྱང་ཁྱོད་ལ་བཟོད་པ་མི་བྱེད་དེ། གལ་ཏེ་བདག་ཉིད་གཞན་གྱི་ཕྱོགས་ སུན་འབྱིན་པ་ཙམ་ལ་མཁས་པར་མངོན་པར་བྱེད་ཅིང་འཐད་པས་མི་རིགས་པའི་ཕྱིར་གཞན་གྱི་དབང་གི་ངོ་བོ་སེལ་བར་བྱེད་ན། འོ་ན་ད་ནི་ཇི་སྐད་སྨྲས་པའི་འཐད་པ་ཁོ་ནས་མི་རིགས་པའི་ཕྱིར་ཁྱོད་ལ་གྲགས་པའི་ཀུན་རྫོབ་སེལ་བར་བྱེད་པ་ཡིན་ནོ་ཞེ་ན། གལ་ཏེ་ཁྱོད་ཐོག་མ་ མེད་པའི་དུས་ནས་དཀའ་བ་བརྒྱ་ཕྲག་གིས་བསགས་པའི་ནོར་གྱི་ཚོགས་འཕྲོག་པ་པོ་མཛའ་བོའི་ཟོལ་གྱིས་དུག་དང་བཅས་པའི་ཁ་ཟས་བྱིན་ནས་སླར་ཕྲོགས་པ་བཞིན་དུ་ལན་དུ་གནོད་པ་བྱས་པས་རངས་པར་གྱུར་ན་འགྱུར་ལ་རག་སྟེ། ཁོ་བོ་ཅག་ནི་མངོན་པར་མཐོ་ཞིང་ དགེ་བ་ཉིད་དུ་འགྱུར་རོ། །འདི་ལྟར། ཇི་ལྟར་ཁྱོད་ཀྱིས་གཞན་དབང་དངོས་འདོད་ལྟར། །ཀུན་རྫོབ་ཀྱང་ནི་བདག་གིས་ཁས་མ་བླངས། །འབྲས་ཕྱིར་འདི་དག་མེད་ཀྱང་ཡོད་དོ་ཞེས། །འཇིག་རྟེན་ངོར་བྱས་བདག་ནི་སྨྲ་བར་བྱེད། །ཇི་ལྟར་ཁྱོད་ཀྱིས་རང་དབང་དུ་གནས་ནས། ། རང་གི་གཞུང་ལུགས་ཀྱིས་གཞན་གྱི་དབང་གི་ངོ་བོ་འཕགས་པའི་ཡེ་ཤེས་ཀྱིས་ཐུགས་སུ་ཆུད་པར་བྱ་བ་ཞིག་སྨྲ་བ་དེ་ལྟར་ནི་ཁོ་བོས་ཀུན་རྫོབ་མ་ཡིན་ཏེ། འོ་ན་ཅི་ཞེ་ན། ཡོད་པ་མ་ཡིན་ཡང་འཇིག་རྟེན་ཁོ་ན་ལ་གྲགས་པར་གྱུར་པས་ཡོད་དོ་ཞེས་འཇིག་རྟེན་གྱི་ངོ་ཁོ་ནར་བརྗོད་ པ་ཡིན་ཏེ། དེ་རྗེས་སུ་བརྗོད་པ་ནི་དེ་ལྡོག་པའི་ཐབས་ཡིན་པའི་ཕྱིར་རོ། །ཇི་སྐད་དུ། བཅོམ་ལྡན་འདས་ཀྱིས་འཇིག་རྟེན་ང་དང་ལྷན་ཅིག་རྩོད་ཀྱི། ང་ནི་འཇིག་རྟེན་དང་མི་རྩོད་དེ། གང་འཇིག་རྟེན་ན་ཡོད་པར་འདོད་པ་དེ་ནི་ངས་ཀྱང་ཡོད་པར་བཞེད་དོ། །གང་འཇིག་རྟེན་ན་མེད་པར་འདོད་པ་ དེ་ནི་ང་ཡང་མེད་པར་བཞེད་དོ་ཞེས་གསུངས་པ་ལྟ་བུའོ། །ཅི་སྟེ་ཀུན་རྫོབ་འདི། ཇི་ལྟར་ཕུང་པོ་སྤངས་ནས་ཞིར་ཞུགས་པས། །དགྲ་བཅོམ་རྣམས་ལ་ཡོད་པ་མིན་དེ་ལྟར། །འཇིག་རྟེན་ལ་ཡང་མེད་ན་དེ་བཞིན་འདི། །འཇིག་རྟེན་ལས་ཀྱང་ཡོད་ཅེས་བདག་མི་སྨྲ། །ཇི་ལྟར་དགྲ་བཅོམ་ པ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཞུགས་པ་རྣམས་ལ་བདག་ཉིད་ཐམས་ཅད་དུ་ཀུན་རྫོབ་ཡོད་པ་མ་ཡིན་པ་དེ་བཞིན་དུ། གལ་ཏེ་འཇིག་རྟེན་པ་ལ་ཡང་ཡོད་པར་མི་འགྱུར་ན་ནི་དེ་བཞིན་དུ་དགྲ་བཅོམ་པའི་ཕུང་པོ་ལ་སོགས་པ་བཞིན་དུ་འདི་དག་ཡོད་དོ་ཞེས་ འཇིག་རྟེན་ལ་ལྟོས་ནས་ཀྱང་ཁོ་བོ་མི་སྨྲ་སྟེ། དེའི་ཕྱིར་གཞན་ལ་རག་ལས་པ་ཉིད་ཀྱི་སྒོ་ནས་བདག་གིས་ཀུན་རྫོབ་ཁས་བླངས་ཀྱི་རང་དབང་དུ་ནི་མ་ཡིན་ནོ། །ཁས་ཀྱང་འཇིག་རྟེན་ཁོ་ནས་བླངས་པ་ཡིན་ཏེ། དེའི་ཕྱིར་གང་གིས་ཁས་བླངས་པ་དེ་ཁོ་ན་ལ་ལྟོས་ནས་སེལ་བ་ན་བསལ་བར་ འོས་པ་ཡིན་ཏེ། གཞན་ལ་ལྟོས་ནས་ནི་མ་ཡིན་ནོ་ཞེས་བཤད་པ། གལ་ཏེ་ཁྱོད་ལ་འཇིག་རྟེན་མི་གནོད་ན། །འཇིག་རྟེན་ཉིད་ལྟོས་འདི་ནི་དགག་པར་གྱིས། །ཁྱོད་དང་འཇིག་རྟེན་འདིར་ནི་རྩོད་གྱིས་དང་། །ཕྱི་ནས་སྟོབས་ལྡན་བདག་གིས་བསྟེན་པར་བྱ། །ཁོ་བོ་ཅག་ནི་འཇིག་ རྟེན་གྱི་ཀུན་རྫོབ་བཟློག་པར་བྱ་བའི་ཕྱིར་ཤིན་ཏུ་ཚེགས་ཆེ་བར་གནས་པར་འགྱུར་གྱི་ཁྱོད་ཀྱིས་འཇིག་རྟེན་གྱི་ཀུན་རྫོབ་སོལ་ཅིག །གལ་ཏེ་ཁྱོད་ལ་འཇིག་རྟེན་གྱིས་གནོད་པར་མི་འགྱུར་ན་ངས་ཀྱང་ཁྱོད་ལ་སྟོངས་གདབ་པར་བྱའོ། །འཇིག་རྟེན་གྱིས་ནི་གནོད་པ་ཡང་ཡིན་ཏེ། དེའི་ ཕྱིར་བཏང་སྙོམས་ཉིད་ལ་བརྟེན་པར་བྱའོ། །ཁྱོད་དང་འཇིག་རྟེན་འདིར་ནི་རྩོད་གྱིས་དང་། །དེ་ལ་གལ་ཏེ་ཁྱོད་རྒྱལ་ན་ནི་དེའི་ཕྱིར་འདི་ཁོ་བོ་ཅག་འདོད་པ་ཉིད་ཡོད་པས་ཁྱོད་ལ་བརྟེན་པར་བྱའོ། །འོན་ཏེ་ཁྱོད་འཇིག་རྟེན་གྱིས་ཕམ་པར་བྱས་ན་ནི་དེའི་ཚེ་ཤིན་ཏུ་སྟོབས་དང་ལྡན་པའི་འཇིག་ རྟེན་ཉིད་ལ་བདག་ཉིད་བརྟེན་པར་བྱའོ། །འདིར་སྨྲས་པ་གལ་ཏེ་འཐད་པ་དང་བྲལ་ཡང་འཇིག་རྟེན་གྱི་གནོད་པས་འཇིགས་ནས་ཁྱོད་ཀྱིས་ཀུན་རྫོབ་ཁས་བླངས་ན་ནི། ལུང་གི་གནོད་པས་འཇིགས་པས་སེམས་ཙམ་ཉིད་དུ་ཡང་ཁས་བླང་བར་བྱ་དགོས་ཏེ། ཇི་སྐད་དུ། དེ་འདི་སྙམ་དུ་ སེམས་ཏེ། འདི་ལྟར་ཁམས་གསུམ་པོ་འདི་ནི་སེམས་ཙམ་སྟེ་ཞེས་གསུངས་པ་ལྟ་བུའོ། །བརྗོད་པར་བྱ་སྟེ། བདེ་བར་གཤེགས་པའི་གསུང་གི་ནོར་བུ་ཨན་ད་རྙིལ་ལས་སྦྱར་བའི་མདོ་སྡེའི་ས་གཞི་བསྟར་བ་ལ། དེའི་རང་བཞིན་གྱི་ཁྱད་པར་མ་ཟིན་པར་བྱས་ནས་རྣམ་པར་ཤེས་པ་དངོས་ པོར་སྨྲ་བའི་ཆུའི་རྣམ་པར་ཡོངས་སུ་འགྱུར་བར་འཁྲུལ་པ་ཁྱོད་ནི་རྣམ་པར་ཤེས་པ་དངོས་པོར་སྨྲ་བའི་ཆུ་ཙམ་ཞིག་བཅུ་བར་འདོད་པས། རང་གི་བློ་གྲོས་ཀྱི་སའི་བུམ་པ་སོ་མ་བཏང་བ་བཤལ་ཞིང་བསྙུགས་ནས་དུམ་བུ་རྣམ་པ་བརྒྱར་ཀློག་པ་ན། བདག་ཉིད་དེའི་རང་བཞིན་ཤེས་པ་ རྣམས་ཀྱིས་བཞད་གད་དུ་བྱ་བ་ཉིད་དུ་འགྱུར་བར་བྱེད་པ་ཡིན་ནོ། །མདོའི་དགོངས་པ་འདི་ནི་ཇི་ལྟར་ཁྱོད་ཀྱི་བློ་ལ་སྣང་བ་དེ་ལྟར་མ་ཡིན་ནོ། །ཡང་འདིར་མདོའི་དོན་ཅི་ཡིན་ཞེ་ན། དེའི་ཕྱིར་བཤད་པ། མངོན་གྱུར་མངོན་ཕྱོགས་བྱང་ཆུབ་སེམས་དཔའ་ཡིས། །སྲིད་གསུམ་རྣམ་ ཤེས་ཙམ་དུ་གང་རྟོགས་པ། །རྟག་བདག་བྱེད་པོ་བཀག་པ་རྟོགས་ཕྱིར་དེས། །བྱེད་པ་པོ་ནི་སེམས་ཙམ་ཡིན་པར་རྟོགས། །གང་གི་ཕྱིར་མདོ་དེ་ཉིད་ལས་ལུགས་སུ་བྱུང་བའི་རྣམ་པར་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་རབ་ཏུ་རྟོག་གོ། །དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་སྡུག་ བསྔལ་གྱི་ལྗོན་པ་བྱེད་པ་པོ་དང་ཚོར་བ་པོ་མེད་པ་འབའ་ཞིག་པོ་འདི་མངོན་པར་འགྲུབ་པར་འགྱུར་རོ་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། བྱེད་པ་པོ་ལ་མངོན་པར་ཞེན་པས་ལས་རྣམས་ཡོད་པར་གྱུར་ཏོ། །གང་ན་བྱེད་པ་པོ་མེད་པ་དེ་ན་དོན་དམ་པར་ལས་ཀྱང་མི་དམིགས་སོ་སྙམ་ མོ། །དེ་འདི་སྙམ་དུ་སེམས་ཏེ། འདི་ལྟར་ཁམས་གསུམ་པོ་འདི་ནི་སེམས་ཙམ་སྟེ། སྲིད་པའི་ཡན་ལག་བཅུ་གཉིས་གང་དག་དེ་བཞིན་གཤེགས་པས་རབ་ཏུ་ཕྱེ་སྟེ་བཀའ་སྩལ་པ་དེ་དག་ཐམས་ཅད་ཀྱང་སེམས་གཅིག་ལ་བརྟེན་པ་དག་གོ་ཞེས་རྒྱ་ཆེར་གསུངས་སོ། ། དེའི་ཕྱིར་དེ་ལྟར་བདག་རྟག་པ་བྱེད་པ་པོ་བཀག་ནས་ཀུན་རྫོབ་ཏུ་སེམས་ཙམ་ཞིག་ཁོ་ན་བྱེད་པ་པོ་མཐོང་ཞིང་ཁམས་གསུམ་རྣམ་པར་ཤེས་པ་ཙམ་དུ་རྟོགས་པ་ཡིན་ནོ། །བྱང་ཆུབ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ། །དེར་སེམས་པ་སྟེ་སེམས་ཤིང་མནོ་བ་དེ་ལ་ཡོད་པས་བྱང་ཆུབ་སེམས་ དཔའ་འམ། ཡང་ན་བྱང་ཆུབ་ཏུ་ངེས་པར་ཡོད་པ་ཉིད་དེ་བདོག་པ་ཉིད་དེ་ལ་ཡོད་པས་བྱང་ཆུབ་སེམས་དཔའ་ཡིན་པའམ། བྱང་ཆུབ་ཏུ་ངེས་པའི་སེམས་ཅན་གང་ཟག་ནི་བྱང་ཆུབ་སེམས་དཔའ་སྟེ། བར་གྱི་ཚིག་མི་མངོན་པར་བྱས་པའི་ཚིག་བསྡུ་བའོ། །རྟོགས་པ་ནི་ཁོང་དུ་ཆུད་པ་ ཞེས་བྱ་བའི་དོན་ཏོ། །མངོན་ཕྱོགས་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ལ་མངོན་དུ་ཕྱོགས་པའོ། །མངོན་གྱུར་ཞེས་བྱ་བ་ནི་ས་དྲུག་པར་ཞེས་བྱ་བའི་དོན་ཏེ་དེ་ལྟར་ཡན་ལག་གི་དོན་ཡིན་ནོ། །དེའི་ཕྱིར་དེ་ལྟར་མདོའི་དོན་བཤད་ནས། དོན་འདི་ཉིད་མདོ་གཞན་གྱིས་ཀྱང་བསྟན་པའི་ཕྱིར་ བཤད་པ། དེ་ཕྱིར་བློ་ལྡན་བློ་ནི་འཕེལ་བྱའི་ཕྱིར། །ལང་ཀར་གཤེགས་མདོ་དེ་ལས་ཀུན་མཁྱེན་གྱིས། །མུ་སྟེགས་སྤོ་མཐོན་རི་འཇོམས་དག་རང་བཞིན། །རྡོ་རྗེ་འདི་ནི་དགོངས་པ་བཅད་ཕྱིར་གསུངས། །འདི་ནི་ཞེས་བྱ་བ་འདིས་བསྟན་པའི་ཚིགས་སུ་བཅད་པ་འདོན་པ་ནི། །གང་ ཟག་རྒྱུན་དང་ཕུང་པོ་དང་། །དེ་བཞིན་རྐྱེན་དང་རྡུལ་དག་དང་། །གཙོ་བོ་དབང་ཕྱུག་བྱེད་པོ་རྣམས། །སེམས་ཙམ་དུ་ནི་ངས་བཤད་དོ། །ཞེས་བྱ་བ་སྟེ། ཚིགས་སུ་བཅད་པ་འདི་ནི་འཕགས་པ་ལང་ཀར་གཤེགས་པ་ལས་འདོན་པ་ཡིན་ནོ། །འདིའི་དོན་དགྲོལ་བའི་ཕྱིར་བཤད་ པ། ཇི་བཞིན་རང་གི་བསྟན་བཅོས་དེ་དེ་ལས། །མུ་སྟེགས་རྣམས་ཀྱིས་གང་ཟག་སོགས་དེ་དག །སྨྲས་པ་དེ་དག་བྱེད་པོར་མ་གཟིགས་ནས། །རྒྱལ་བས་སེམས་ཙམ་འཇིག་རྟེན་བྱེད་པོར་གསུངས། །མུ་སྟེགས་རྣམས་ཀྱིས་ཞེས་བྱ་བ་ནི་ཕལ་ཆེར་བསྟན་པ་སྟེ་ཆོས་འདི་པ་དག་ གིས་ཀྱང་གང་ཟག་ལ་སོགས་པ་དག་བརྟགས་པ་ཁོ་ན་ཡིན་ནོ། །རྣམ་པ་གཅིག་ཏུ་ན་དེ་དག་ཀྱང་ཆོས་འདི་པ་མ་ཡིན་ཏེ། མུ་སྟེགས་ལྟར་བསྟན་པའི་དོན་ཕྱིན་ཅི་མ་ལོག་པར་ཁོང་དུ་མ་ཆུད་པའི་ཕྱིར་རོ། །དེའི་ཕྱིར་ངེས་པར་བསྟེན་པ་འདི་ནི་ཀུན་ལ་ཁྱབ་པར་བྱེད་པ་ཁོ་ནའོ། །ཇི་སྐད་དུ། གང་ཟག་ ཕུང་པོར་སྨྲ་བ་ཡི། །འཇིག་རྟེན་གྲངས་ཅན་འུག་ཕྲུག་དང་། །གོས་མེད་བཅས་ལ་གལ་ཏེ་ཞིག །ཡོད་མེད་འདས་པ་སྨྲ་ན་དྲིས། །དེ་ཕྱིར་སངས་རྒྱས་རྣམས་ཀྱི་ནི། །བསྟན་པ་འཆི་མེད་ཡོད་མེད་ལས། །འདས་པ་ཟབ་མོ་ཞེས་བསྟན་པ། །ཆོས་ཀྱི་ཁུད་པ་ཡིན་ཞེས་གྱིས། །ཞེས་ གསུངས་སོ། །ཕུང་པོ་ལ་སོགས་པར་མངོན་པར་ཞེན་པ་དེ་དག་ནི་ཕྱི་རོལ་པ་ཉིད་དུ་རིག་པར་བྱའོ། །ཇི་ལྟར་རང་གི་ཞེས་བྱ་བ་ནི་རང་རང་གི་གྲུབ་པའི་མཐར་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་མུ་སྟེགས་པ་རྣམས་ཀྱིས་ཕུང་པོ་ལ་སོགས་པ་དག་ཀྱང་བྱེད་པ་པོ་ཉིད་དུ་འདོད་པ་ཉེ་བར་མཚོན་པ་ ཡིན་ཏེ། འཁོར་བ་འདི་ནི་ཐོག་མ་མེད་པས་འདིར་རྟོག་པ་ཅི་ཞིག་མ་བྱུང་བར་གྱུར་ཅིང་ཅི་ཞིག་མི་འབྱུང་བར་འགྱུར། འདི་ལྟར་ད་ལྟ་ཉིད་དུ་ཡང་སྤོང་བ་དཀར་པོ་ལ་སོགས་པ་དག་ལ་ཕུང་པོ་ལ་སོགས་པ་སྟོན་པར་སྣང་བ་ཉིད་དོ། །བཅོམ་ལྡན་འདས་ཀྱིས་ནི་གང་ཟག་ལ་སོགས་པ་འདི་དག་བྱེད་ པ་པོ་ཉིད་དུ་མ་གཟིགས་པ་ན་སེམས་ཙམ་ཁོ་ན་འཇིག་རྟེན་གྱི་བྱེད་པ་པོ་ཉིད་དུ་བསྟན་ཏོ་ཞེས་བྱ་བ་ནི་མདོའི་དོན་ཡིན་ནོ། །དེ་ལྟར་ན་རེ་ཞིག་བྱེད་པ་པོ་གཞན་བཀག་པས་དོན་བྱས་ཟིན་པའི་ཕྱིར་ཙམ་གྱི་སྒྲས་ཤེས་བྱ་འགོག་པར་མི་ནུས་པར་བརྗོད་ནས། རྣམ་པ་གཞན་དུ་བཤད་པ་ ལས་ཀྱང་ཕྱི་རོལ་འགོག་པ་མི་སྲིད་པར་བསྟན་པའི་ཕྱིར་བཤད་པ། དེ་ཉིད་རྒྱས་ལ་སངས་རྒྱས་བསྙད་ཇི་བཞིན། །དེ་བཞིན་སེམས་ཙམ་གཙོར་གྱུར་འཇིག་རྟེན་ལ། །མདོ་ལས་སེམས་ཙམ་ཞེས་གསུངས་གཟུགས་ནི་འདིར། །འགོག་པ་དེ་ལྟར་མདོ་ཡི་དོན་མ་ཡིན། །ཇི་ལྟར་དེ་ཁོ་ ན་ཉིད་ལ་རྒྱས་པ་ལ་སངས་རྒྱས་ཞེས་ཚིག་སྔ་མ་མི་མངོན་པར་བྱས་ནས་ཀྱང་རྣམ་པར་བཤད་པ་ཡོད་པ་དེ་བཞིན་དུ། སེམས་ཙམ་གཙོ་བོར་གྱུར་པ་ལ་ཡང་གཞན་གཙོ་བོ་ཡིན་པ་བཀག་ནས་ཁམས་གསུམ་ན་སེམས་ཙམ་མོ་ཞེས་བྱ་བར་ཤེས་པར་བྱའོ། །དེའི་ཕྱིར་འདིས་ནི་གཟུགས་ ལ་སོགས་པ་རྣམས་གཙོ་བོ་ཉིད་ཡིན་པ་སེལ་བར་སྟོན་པ་ཡིན་གྱི། སེམས་ཙམ་ཞིག་ཁོ་ན་ཡོད་ཀྱི་གཟུགས་ནི་མེད་དོ་ཞེས་ཡོད་པ་ཉིད་འགོག་པ་ནི་མ་ཡིན་ནོ། །མདོའི་དོན་འདི་ནི་ཇི་སྐད་ཁོ་བོ་ཅག་གིས་བཤད་པ་དེ་བཞིན་དུ་གདོན་མི་ཟ་བར་འདོད་པར་བྱའོ། །ཁྱོད་ ཀྱི་ལུགས་ལྟར། གལ་ཏེ་འདི་དག་སེམས་ཙམ་ཞེས་མཁྱེན་ནས། །དེ་ལས་གཟུགས་ཉིད་དགག་པར་མཛད་ན་ནི། །སླར་ཡང་དེ་ལས་བདག་ཉིད་ཆེན་པོས་སེམས། །གཏི་མུག་ལས་ལས་སྐྱེས་པར་ཅི་ཕྱིར་གསུངས། །འཕགས་པ་ས་བཅུ་པ་དེ་ཉིད་ལས། རྣམ་པར་ཤེས་པ་མ་རིག་པ་ དང་འདུ་བྱེད་ཀྱི་རྒྱུ་ཅན་དུ་གསུངས་ཀྱི་རང་གི་མཚན་ཉིད་ཀྱིས་གྲུབ་པ་ནི་མ་ཡིན་ནོ། །གལ་ཏེ་རྣམ་པར་ཤེས་པ་རང་གི་བདག་ཉིད་ཀྱིས་གྲུབ་པར་གྱུར་ན་ནི་དེ་མ་རིག་པའམ་འདུ་བྱེད་ལ་མི་ལྟོས་པར་འགྱུར་བ་ཞིག་ན་ལྟོས་པ་ཡང་ཡིན་ནོ། །དེའི་ཕྱིར་རྣམ་པ་ཐམས་ཅད་དུ་རྣམ་པར་ཤེས་པ་རང་ བཞིན་གྱིས་ཡོད་པ་མ་ཡིན་པ་ཁོ་ན་སྟེ། རབ་རིབ་ཅན་གྱིས་དམིགས་པའི་སྐྲ་ཤད་ལ་སོགས་པ་ལྟར་ཕྱིན་ཅི་ལོག་གི་རྐྱེན་ཡོད་ན་ཡོད་པའི་ཕྱིར་ལ། དེ་ཁོ་ན་ལྟར་ཕྱིན་ཅི་ལོག་གི་རྐྱེན་མེད་ན་མེད་པའི་ཕྱིར་རོ་སྙམ་དུ་བསམས་པའོ། །ཇི་སྐད་དུ། དེ་ལྟར་བྱང་ཆུབ་སེམས་དཔའ་ལུགས་སུ་ འབྱུང་བའི་རྣམ་པར་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་རབ་ཏུ་རྟོག་གོ། །དེ་འདི་སྙམ་དུ་སེམས་ཏེ། བདེན་པ་རྣམས་མི་ཤེས་པ་ནི་དོན་དམ་པར་མ་རིག་པའོ། །མ་རིག་པས་བྱས་པའི་ལས་ཀྱི་རྣམ་པར་སྨིན་པ་ནི་འདུ་བྱེད་རྣམས་སོ། །འདུ་བྱེད་ལ་བརྟེན་པའི་སེམས་དང་པོ་ནི་རྣམ་པར་ ཤེས་པའོ། །རྣམ་པར་ཤེས་པ་དང་ལྷན་ཅིག་སྐྱེས་པ་ལེན་པའི་ཕུང་པོ་བཞི་ནི་མིང་དང་གཟུགས་སོ། །མིང་དང་གཟུགས་རྣམ་པར་འཕེལ་བ་ནི་སྐྱེ་མཆེད་དྲུག་གོ། །དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་གསུམ་ཕྲད་པས་ཟག་པ་དང་བཅས་པ་ནི་རེག་པའོ། །རེག་པ་དང་ལྷན་ཅིག་ སྐྱེས་པ་ནི་ཚོར་བའོ། །ཚོར་བ་ལ་ཆགས་པ་ནི་སྲེད་པའོ། །སྲེད་པ་རྣམ་པར་འཕེལ་བ་ནི་ལེན་པའོ། །ལེན་པ་ལས་བྱུང་བའི་ལས་ཟག་པ་དང་བཅས་པ་ནི་སྲིད་པའོ། །ལས་ཀྱི་རྒྱུ་མཐུན་པ་ནི་སྐྱེ་བ་སྟེ་ཕུང་པོ་རྣམས་འབྱུང་བའོ། །ཕུང་པོ་ཡོངས་སུ་སྨིན་པ་ནི་རྒ་བའོ། །རྒས་པའི་ ཕུང་པོ་འཇིག་པ་ནི་འཆི་བའོ། །འཆི་ཞིང་འབྲལ་བའི་ཚེ་མྱོས་ཤིང་ཆགས་པ་དང་བཅས་པས་སེམས་ཡོངས་སུ་གདུང་བ་ནི་མྱ་ངན་ནོ། །མྱ་ངན་ལས་བྱུང་བའི་ཚིག་ཏུ་བརྗོད་པ་ནི་སྨྲེ་སྔགས་འདོན་པའོ། །དབང་པོ་ལྔའི་ཉམས་སུ་བབ་པ་ནི་སྡུག་བསྔལ་ལོ། །ཡིད་ཀྱི་ལྟ་བ་ཉམས་སུ་བབ་པ་ནི་ཡིད་ མི་བདེ་བའོ། །སྡུག་བསྔལ་དང་ཡིད་མི་བདེ་བ་མང་པོ་འབྱུང་བ་ནི་འཁྲུག་པ་སྟེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་སྡུག་བསྔལ་གྱི་ལྗོན་པ་བྱེད་པ་པོ་དང་ཚོར་བ་པོ་མེད་པ་འདི་མངོན་པར་འགྲུབ་པར་འགྱུར་རོ་སྙམ་མོ། །དེ་ལ་མ་རིག་པ་ནི་བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ། སེམས་ ཅན་རྣམས་ཀྱང་དམིགས་པ་ལ་ཀུན་དུ་རྨོངས་པར་བྱེད་པ་དང་། འདུ་བྱེད་མངོན་པར་འགྲུབ་པའི་རྒྱུ་ཡང་འབྱིན་པའོ། །འདུ་བྱེད་རྣམས་ཀྱང་བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ། མ་འོངས་པའི་རྣམ་པར་སྨིན་པ་ཡང་མངོན་པར་འགྲུབ་པར་བྱེད་པ་དང་། རྣམ་པར་ཤེས་པ་མངོན་པར་ འགྲུབ་པའི་རྒྱུ་ཡང་འབྱིན་པའོ། །རྣམ་པར་ཤེས་པ་ཡང་བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ། སྲིད་པའི་ཉིང་མཚམས་སྦྱོར་བར་ཡང་བྱེད་པ་དང་། མིང་དང་གཟུགས་མངོན་པར་འགྲུབ་པའི་རྒྱུ་ཡང་འབྱིན་པའོ། །མིང་དང་གཟུགས་ཀྱང་བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ། ཕན་ཚུན་རྟེན་པར་ཡང་བྱེད་པ་དང་། སྐྱེ་མཆེད་དྲུག་མངོན་པར་འགྲུབ་པའི་རྒྱུ་ཡང་འབྱིན་པའོ། །སྐྱེ་མཆེད་དྲུག་ཀྱང་བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ། རང་གི་ཡུལ་རྣམ་པར་ཕྱེ་བ་ཡང་སྟོན་པ་དང་། རེག་པ་མངོན་པར་འགྲུབ་པའི་རྒྱུ་ཡང་འབྱིན་པའོ། །རེག་པ་ཡང་བྱ་བ་གཉིས་སུ་ ཉེ་བར་གནས་པ་ཡིན་ཏེ། དམིགས་པ་ལ་རེག་པར་ཡང་བྱེད་པ་དང་། ཚོར་བ་མངོན་པར་འགྲུབ་པའི་རྒྱུ་ཡང་འབྱིན་པའོ། །ཚོར་བ་ཡང་བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ། ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བ་དང་གཉི་ག་ལས་རྣམ་པར་གྲོལ་བས་མྱོང་བར་ཡང་བྱེད་པ་དང་། སྲིད་པ་ མངོན་པར་འགྲུབ་པའི་རྒྱུ་ཡང་འབྱིན་པའོ། །སྲིད་པ་ཡང་བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ། ཆགས་པར་འགྱུར་བའི་དངོས་པོ་ལ་ཀུན་ཏུ་ཆགས་པར་ཡང་བྱེད་པ་དང་། ལེན་པ་མངོན་པར་འགྲུབ་པའི་རྒྱུ་ཡང་འབྱིན་པའོ། །ལེན་པ་ཡང་བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ། གོང་མ་ལྟ་བུ་དང་། སྲིད་པ་མངོན་པར་འགྲུབ་པའི་རྒྱུ་ཡང་འབྱིན་པའོ། །སྲིད་པ་ཡང་བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ། སྲིད་པའི་རྒྱུ་གཞན་གནས་པར་བྱེད་པ་དང་། སྐྱེ་བ་མངོན་པར་འགྲུབ་པའི་རྒྱུ་ཡང་འབྱིན་པའོ། །སྐྱེ་བ་ཡང་བྱ་བ་གཉིས་སུ་ཉེ་བར་ གནས་པ་ཡིན་ཏེ། གོང་མ་ལྟ་བུ་དང་། རྒ་བ་མངོན་པར་འགྲུབ་པའི་རྒྱུ་ཡང་འབྱིན་པའོ། །རྒ་བ་ཡང་བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ། དབང་པོ་ཡོངས་སུ་འགྱུར་བར་ཡང་བྱེད་པ་དང་། འཆི་བ་དང་ཕྲད་པ་མངོན་པར་འགྲུབ་པའི་རྒྱུ་ཡང་འབྱིན་པའོ། །ཇི་སྲིད་དུ་འཆི་བ་ཡང་བྱ་ བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ། འདུ་བྱེད་འཇིག་པར་ཡང་བྱེད་པ་དང་། ཡོངས་སུ་མི་ཤེས་པ་རྒྱུན་མི་འཆད་པའི་རྒྱུ་ཡང་འབྱིན་པའོ་ཞེས་བྱ་བའི་བར་དུ་གསུངས་པ་ལྟ་བུ་སྟེ། དེ་ལྟ་བུ་ལ་སོགས་པས་རྣམ་པར་ཤེས་པ་མ་རིག་པ་དང་། འདུ་བྱེད་ཀྱི་རྒྱུ་ཅན་དུ་བསྟན་པ་ཡིན་ནོ། །དེ་ ལྟར་རེ་ཞིག་ཕྱིན་ཅི་ལོག་གི་རྐྱེན་ཡོད་པས་རྣམ་པར་ཤེས་པ་ཡོད་པར་གསལ་བར་བྱས་མོད་ཀྱི། དེ་མེད་པས་དེ་ཡང་མེད་པ་ཇི་ལྟར་ཞེ་ན། མ་རིག་པ་འགགས་པས་འདུ་བྱེད་རྣམས་འགག་གོ་ཞེས་བྱ་བ་ནི་རྐྱེན་མ་རིག་པ་མེད་པས་འདུ་བྱེད་རྣམས་ཉེ་བར་ཞི་ཞིང་རྟོན་པ་མེད་པའོ། །འདུ་ བྱེད་འགགས་པས་རྣམ་པར་ཤེས་པ་འགག་གོ་ཞེས་བྱ་བ་ནི་རྐྱེན་འདུ་བྱེད་མེད་པ་རྣམ་པར་ཤེས་པ་ཉེ་བར་ཞི་ཞིང་རྟོན་པ་མེད་པའོ་ཞེས་རྒྱས་པར་གསུངས་ནས། དེ་འདི་སྙམ་དུ་སེམས་ཏེ། འདུ་བ་ལས་ནི་འདུས་བྱས་འབྱུང་ངོ་། །བྲལ་བ་ལས་ནི་འདུས་བྱས་མི་འབྱུང་ངོ་། །ཚོགས་པ་ལས་ ནི་འདུས་བྱས་འབྱུང་ངོ་། །མ་ཚོགས་པ་ལས་ནི་མི་འབྱུང་ངོ་། །དེ་ལྟས་བདག་གིས་འདུས་བྱས་ཉེས་པ་མང་པོའི་སྐྱོན་ཆགས་པ་དེ་ལྟ་བུ་འདི་ཤེས་པར་བྱས་ལ་འདུ་བ་འདི་དང་ཚོགས་པ་འདིའི་རྒྱུན་གཅད་པར་ཡང་བྱ་ཞིང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འདུ་བྱེད་རྣམས་ཤིན་ཏུ་ ཞི་བ་ཐོབ་པར་ནི་མི་བྱའོ་སྙམ་མོ། །ཀྱེ་རྒྱལ་བའི་སྲས་དག་དེ་དེ་ལྟར་འདུ་བྱེད་དུ་གྱུར་པ་ཉེས་པ་མང་པོའི་སྐྱོན་ཆགས་ཤིང་ངོ་བོ་ཉིད་མེད་པ་དང་། མ་སྐྱེས་པ་མ་འགགས་པར་སོ་སོར་རྟོག་པ་ན་ཞེས་རྒྱས་པར་གསུངས་ཏེ། དེའི་ཕྱིར་དེ་ལྟར་ན་སེམས་དང་བཅས་པ་སུ་ཞིག་དེ་ཉིད་ལས་ གསུངས་པའི་ལུང་མཐོང་ནས་རྣམ་པར་ཤེས་པ་རྫས་སུ་ཡོད་པར་རྟོག་པར་བྱེད་དེ། ཡོངས་སུ་རྟོག་པར་བྱེད་པ་དེ་ནི་ལྟ་བས་བྱས་པ་ཉིད་དུ་འགྱུར་རོ། །དེའི་ཕྱིར་སེམས་ཙམ་དུ་གསུངས་པ་ནི་སེམས་ཙམ་ཞིག་ཁོ་ན་གཙོ་བོར་གྱུར་པ་ཉིད་དུ་ཡོངས་སུ་གསལ་བར་བྱ་བའི་ཕྱིར་ཡིན་གྱི། ལུང་ འདི་གཟུགས་མེད་པ་གསལ་བར་བྱེད་པ་ནི་རྣམ་པ་ཐམས་ཅད་དུ་མ་ཡིན་ནོ། །སེམས་ཀྱི་གཙོ་བོ་དེ་ཉིད་བསྟན་པའི་ཕྱིར་བཤད་པ། །སེམས་ཉིད་ཀྱིས་ནི་སེམས་ཅན་འཇིག་རྟེན་དང་། །སྣོད་ཀྱི་འཇིག་རྟེན་ཤིན་ཏུ་སྣ་ཚོགས་འགོད། །འགྲོ་བ་མ་ལུས་ལས་ལས་སྐྱེས་པར་གསུངས། ། སེམས་སྤངས་ནས་ནི་ལས་ཀྱང་ཡོད་མ་ཡིན། །དེ་ལ་སེམས་ཅན་གྱི་འཇིག་རྟེན་ནི་སེམས་ཅན་རང་གི་ལས་དང་ཉོན་མོངས་པས་བདག་གི་དངོས་པོ་རྙེད་པ་རྣམས་སོ། །སྣོད་ཀྱི་འཇིག་རྟེན་ནི་དེ་དག་ཁོ་ནའི་ཐུན་མོང་གི་ལས་ཀྱིས་བསྐྱེད་པའི་རླུང་གི་དཀྱིལ་འཁོར་ལ་སོགས་པའི་འོག་མིན་གྱི་ གཞལ་ཡས་ཁང་གི་མཐར་ཐུག་པ་དག་གོ། །དེ་ལ་རྨ་བྱ་ལ་སོགས་པ་རྣམས་ཀྱི་མདོངས་ལ་སོགས་པ་སྣ་ཚོགས་པ་གང་ཡིན་པ་དེ་ནི་རྨ་བྱ་ལ་སོགས་པ་ཁོ་ནའི་ལས་ཐུན་མོང་མ་ཡིན་པས་བསྐྱེད་པའོ། །པདྨ་ལ་སོགས་པ་སྣ་ཚོགས་པ་ནི་སེམས་ཅན་ཐམས་ཅད་ཀྱི་ལས་ཐུན་མོང་ བས་བསྐྱེད་པ་ཡིན་ཏེ། དེ་བཞིན་དུ་གཞན་ཡང་ཤེས་པར་བྱའོ། །ཇི་སྐད་དུ། སེམས་ཅན་ལས་ཀྱི་དབང་གིས་རི། །ནག་པོ་དུས་སུ་སྐྱེས་ཏེ་དཔེར། །སེམས་དམྱལ་མཐོ་རིས་འཇིག་རྟེན་དུ། །མཚོན་དང་རིན་ཆེན་ཤིང་བཞིན་ནོ། །ཞེས་གསུངས་སོ། །གང་གི་ཕྱིར་དེ་ལྟར་ ན་འགྲོ་བ་མ་ལུས་པ་ལས་ལས་སྐྱེས་ཤིང་ལས་ཀྱང་སེམས་ལ་བརྟེན་པ་ཡིན་ཏེ། སེམས་དང་བཅས་པ་ཁོ་ན་ལ་སོགས་པའི་ཕྱིར་ལ། སེམས་མེད་ན་ལས་མེད་པའི་ཕྱིར་རོ། །དེའི་ཕྱིར་འགྲོ་བ་རབ་ཏུ་འཇུག་པ་ལ། སེམས་ཉིད་གཙོ་བོའི་རྒྱུ་ཡིན་གྱི་གཞན་ནི་མ་ཡིན་པས་མདོ་ལས་ སེམས་ཙམ་ཞིག་ཁོ་ན་གཙོ་བོར་གཞག་གི་གཟུགས་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གལ་ཏེ་གཟུགས་ཡོད་མོད་ཀྱི་དེ་ལ་ནི། །སེམས་བཞིན་བྱེད་པ་པོ་ཉིད་ཡོད་མ་ཡིན། །གཟུགས་ནི་བེམས་པོ་ཡིན་ནོ་སྙམ་དུ་བསམས་པའོ། །དེས་ན་སེམས་ལས་གཞན་པའི་བྱེད་པ་པོ། ། བཟློག་གི་གཟུགས་ནི་བཀག་པ་མ་ཡིན་ནོ། །འདི་ན་ཁ་ཅིག་དག་གིས་ནི་གཙོ་བོ་ལ་སོགས་པ་རྣམས་བྱེད་པ་པོ་ཉིད་དུ་འདོད་ལ། ཁ་ཅིག་གིས་ནི་སེམས་ལ་འདོད་ཀྱི། གཟུགས་བྱེད་པ་པོ་ཉིད་མ་ཡིན་པ་ལ་ནི་རྩོད་པ་མེད་དོ། །དེའི་ཕྱིར་གཙོ་བོ་ལ་སོགས་པ་བྱེད་ པ་པོ་ཉིད་དུ་དོགས་པར་བྱས་པ་དེའི་མཚན་ཉིད་མེད་པ་ཁོ་ན་བསལ་བའི་ཕྱིར། བྱེད་པ་པོ་ཉིད་དུ་ནུས་པར་མཐོང་བའི་སེམས་ཙམ་ཞིག་བྱེད་པ་པོར་བརྗོད་པ་ན་གཙོ་བོ་ལ་སོགས་པ་བྱེད་པ་པོ་ཉིད་ཡིན་པ་བསལ་ནས་རྩོད་པའི་གནས་ཀྱི་ཡུལ་གནོན་ནོ་ཞེས་བྱ་བར་རིགས་ཏེ། ཡུལ་གཅིག་ལ་ དབང་བྱེད་པར་འདོད་པའི་རྒྱལ་པོ་གཉིས་ཀྱི་ནང་ནས་དགྲ་ཟླ་གཅིག་བཏོན་ནས་རང་གི་ཡུལ་འཐོབ་ཅིང་གཉི་ག་ལ་ཉེ་བར་མཁོ་བའི་ཕྱིར་སྐྱེ་བོ་ཕལ་པ་ལ་གནོད་པ་མེད་པ་ལྟར་དེ་བཞིན་དུ། འདིར་ཡང་གཉི་ག་ལ་ཉེ་བར་མཁོ་བའི་ཕྱིར་གཟུགས་ལ་རྟག་ཏུ་གནོད་པ་མེད་པས་གཟུགས་ཡོད་ པ་ཁོ་ན་ཡིན་ནོ་ཞེས་བྱ་བར་ངེས་པར་བྱའོ། །དེའི་ཕྱིར་དེ་ལྟར་ཇི་སྐད་བསྟན་པའི་ཚུལ་གྱིས། འཇིག་རྟེན་པ་ཡི་དེ་ཉིད་ལ་གནས་ལ། །ཕུང་པོ་འཇིག་རྟེན་གྲངས་ཏེ་ལྔ་ཆར་ཡོད། །དེ་ཉིད་ཡེ་ཤེས་འཆར་བར་འདོད་པ་ན། །རྣལ་འབྱོར་པ་ལ་དེ་ལྔ་འབྱུང་མི་འགྱུར། །གང་གི་ ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར། གཟུགས་མེད་ན་ནི་སེམས་ཡོད་མ་འཛིན་ཅིག །སེམས་ཡོད་ཉིད་ནའང་གཟུགས་མེད་མ་འཛིན་ཅིག །གང་གི་ཚེ་འཐད་པས་གཟུགས་མེད་པར་རྟོགས་ན་ནི། དེའི་ཚེ་གཉི་གའི་ཡོད་པ་འཐད་པ་དང་བྲལ་བའི་ཕྱིར་སེམས་མེད་པར་ཡང་རྟོགས་པར་ བྱ་དགོས་ལ། ཡང་གང་གི་ཚེ་སེམས་ཡོད་པ་ཉིད་དུ་རྟོགས་ན་ནི་དེའི་ཚེ་གཟུགས་ཀྱང་རྟོགས་པར་བྱ་དགོས་ཏེ། གཉི་ག་ཡང་འཇིག་རྟེན་ལ་གྲགས་པའི་ཕྱིར་རོ། །ལུང་ལས་ཀྱང་དེ་ལྟར་རྟོགས་པར་བྱ་སྟེ། འདི་ལྟར། དེ་དག་ཤེས་རབ་ཚུལ་མདོར་སངས་རྒྱས་ཀྱིས། །མཚུངས་ པར་སྤངས་ཤིང་མངོན་པའི་ཆོས་ལས་གསུངས། །གཟུགས་ལ་སོགས་པའི་ཕུང་པོ་དེ་དག་ནི་ཆོས་མངོན་པ་ལས་རང་དང་སྤྱིའི་མཚན་ཉིད་ལ་སོགས་པའི་རབ་ཏུ་དབྱེ་བའི་སྒོ་ནས་ལྔ་ཆར་ཡང་མཚུངས་པར་གསུངས་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ནི་ལྔ་ཆར་ཡང་མཚུངས་པར་ བཀག་པ་ཡིན་ཏེ། རབ་འབྱོར་གཟུགས་ནི་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བ་ནས་རྣམ་པར་ཤེས་པ་ནི་ཞེས་བྱ་བའི་བར་དུ་གསུངས་པའི་ཕྱིར་རོ། །དེ་ཕྱིར་དེ་ལྟར་ལུང་དང་རིགས་པས་གྲུབ་པ་ཡི། །བདེན་གཉིས་རིམ་པ་འདི་དག་བཤིག་ནས་ཀྱང་། །ཁྱོད་ཀྱི་རྫས་ནི་བཀག་པས་འགྲུབ་ མི་འགྱུར། །གཟུགས་མེད་པར་རྣམ་པར་ཤེས་པ་ཙམ་ཞིག་འདོད་པས་ནི་ཀུན་རྫོབ་དང་དོན་དམ་པ་དག་གི་རིམ་པ་ཇི་སྐད་དུ་སྨྲས་པ་བཤིག་པར་འགྱུར་ལ། དེ་ལྟར་བདེན་པ་དག་གི་རིམ་པ་དེ་དག་བཤིག་ནས་ཀྱང་ཁྱོད་ཀྱི་རྫས་ནི་འགྲུབ་པར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་ སྔར་རྫས་བཀག་པ་དེའི་ཕྱིར་ཁྱོད་ཀྱི་ངལ་བ་དོན་མེད་པ་ཉིད་དུ་འགྱུར་རོ། །དེ་ཕྱིར་དེ་ལྟའི་རིམ་པས་དངོས་གདོད་ནས། །དེ་ཉིད་མ་སྐྱེས་འཇིག་རྟེན་སྐྱེས་རིག་བྱ། །འདིར་སྨྲས་པ། གལ་ཏེ་ཡང་མདོའི་དོན་འདི་དེ་ལྟར་བཤད་མོད་ཀྱི། དེ་ལྟར་ན་ཡང་ལུང་གཞན་ལས་སེམས་ཙམ་ཡོད་པ་ཉིད་ དུ་ངེས་ཏེ། ཇི་སྐད་དུ། ཕྱི་རོལ་སྣང་བ་ཡོད་མེད་དེ། །སེམས་ནི་སྣ་ཚོགས་རྣམས་སུ་སྣང་། །ལུས་དང་ལོངས་སྤྱོད་གནས་འདྲ་བ། །སེམས་ཙམ་དུ་ནི་ངས་བཤད་དོ། །ཞེས་གསུངས་སོ། །དེ་ལ་ལུས་ནི་མིག་ལ་སོགས་པའི་སྐྱེ་མཆེད་རྣམས་སོ། །ལོངས་སྤྱོད་ནི་གཟུགས་ལ་ སོགས་པའི་ཡུལ་རྣམས་སོ། །གནས་ནི་སྣོད་ཀྱི་འཇིག་རྟེན་ནོ། །སེམས་ལས་ལོགས་ཤིག་ན་ཕྱི་རོལ་ཡོད་པ་མ་ཡིན་པའི་ཕྱིར། རྣམ་པར་ཤེས་པ་ཙམ་ཞིག་ཁོ་ན་ལུས་དང་ལོངས་སྤྱོད་དང་གནས་སུ་སྣང་བ་སྐྱེ་བ་ན་ཡུལ་གྱི་དངོས་པོར་གནས་པ་ལུས་ལ་སོགས་པ་རྣམ་པར་ཤེས་པ་ལས་ ཐ་དད་པར་ཕྱི་རོལ་ལྟ་བུར་མངོན་པ་ཡིན་ནོ། །དེའི་ཕྱིར་ཁམས་གསུམ་པོ་ནི་སེམས་ཙམ་ཡིན་ནོ་ཞེ་ན། མདོ་འདི་ཡང་དགོངས་པ་ཅན་ཉིད་དུ་བརྗོད་པའི་ཕྱིར་བཤད་པ། མདོ་སྡེ་གང་ལས་ཕྱི་རོལ་སྣང་ཡོད་མིན། །སེམས་ནི་སྣ་ཚོགས་སྣང་ངོ་ཞེས་གསུངས་པ། །དེའི་དགོངས་པ་ནི་འདི་ཡིན་ཏེ། གཟུགས་ལ་ཤིན་ཏུ་ཆགས་གང་དེ་དག་ལ། །གཟུགས་བཟློག་པ་སྟེ་དེ་ཡང་དྲང་དོན་ཉིད། །དེ་ལ་འདི་ནི་དྲང་བའི་དོན་ཡིན་ཏེ། །གང་དག་གཟུགས་ལ་ཤིན་ཏུ་རེ་བ་དང་བཅས་པ་དེའི་རྐྱེན་ཅན་གྱི་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་དང་ང་རྒྱལ་ལ་སོགས་པ་རྣམས་ཀྱིས་འཇུག་པ་རང་དབང་མེད་ པར་བྱས་པར་འགྱུར་ཞིང་། དེ་ལ་མངོན་པར་ཞེན་པས་དེ་དག་སྡིག་པ་ཆེན་པོ་དང་སྦྱར་བ་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་ལས་ཉམས་པར་འགྱུར་བ་དེ་དག་ལ་བཅོམ་ལྡན་འདས་ཀྱིས་གཟུགས་ཀྱི་རྐྱེན་ཅན་གྱི་ཉོན་མོངས་པ་གཞོམ་པའི་ཕྱིར་ཆགས་པ་ ཅན་དག་ལ་ཕྱི་རོལ་གྱི་ཡུལ་ལ་ཆགས་པ་འཇོམས་པའི་ཀེང་རུས་ལྟར། དེ་ལྟ་བུར་གྱུར་པ་མ་ཡིན་ཡང་དེ་ལྟ་བུ་ཉིད་དུ་སེམས་ཙམ་ཉིད་དུ་བསྟན་པ་ཡིན་ནོ་ཞེས་བྱ་བར་ཤེས་པར་བྱའོ། །ཡང་ལུང་འདི་དྲང་བའི་དོན་ཡིན་གྱི་ངེས་པའི་དོན་ནི་མ་ཡིན་ནོ་ཞེས་བྱ་བ་དེ་ལྟར་གང་ལས་ངེས་ཤེ་ན། ལུང་དང་ རིགས་པ་ལས་སོ། །དེ་ཉིད་སྟོན་པར་བྱེད་པ་ནི། འདི་ནི་སྟོན་པས་དྲང་དོན་ཉིད་གསུངས་ཤིང་། །འདི་ནི་དྲང་དོན་ཉིད་དུ་རིགས་པས་འཐད། །ཅེས་བྱ་བའོ། །མདོ་འདི་དྲང་བའི་དོན་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི་གཞན་ཡང་། རྣམ་པ་དེ་ལྟའི་མདོ་སྡེ་གཞན་ཡང་ནི། །དྲང་དོན་ཉིད་དུ་ ལུང་འདིས་གསལ་བར་བྱེད། །རྣམ་པ་དེ་ལྟ་བུའི་མདོ་སྡེ་གང་ཡིན་ཞེ་ན། ཇི་སྐད་དུ་དགོངས་པ་ངེས་པར་འགྲེལ་པའི་མདོ་ལས། བརྟགས་པ་དང་གཞན་གྱི་དབང་དང་ཡོངས་སུ་གྲུབ་པ་ཞེས་བྱ་བ་རང་བཞིན་གསུམ་བསྟན་པ་ལས། བརྟགས་པ་མེད་པ་ཉིད་དང་། གཞན་གྱི་དབང་ཡོད་པ་ ཉིད་དང་། དེ་བཞིན་དུ། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོའི་རྒྱུན་ལྟར་འབབ། །བདག་ཏུ་རྟོག་པར་གྱུར་ན་མི་རུང་ཞེས། །བྱིས་པ་རྣམས་ལ་ངས་ནི་དེ་མ་བསྟན། །ཞེས་བྱ་བ་ལ་སོགས་པ་སྟེ་འདི། ཇི་ལྟར་ནད་པ་ནད་པ་ལ། །སྨན་པས་སྨན་རྣམས་ གཏོང་བ་ལྟར། །སངས་རྒྱས་དེ་བཞིན་སེམས་ཅན་ལ། །སེམས་ཙམ་དུ་ཡང་རབ་ཏུ་གསུངས། །ཞེས་བྱ་བའི་ལུང་འདིས་དྲང་བའི་དོན་ཉིད་དུ་གསལ་བར་བྱེད་དོ། །དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་མདོ་བརྗོད་པ་ལས་དེ་བཞིན་གཤེགས་པའི་སྙིང་པོ་གསུངས་པ་དེ་བཅོམ་ལྡན་འདས་ཀྱིས་ རང་བཞིན་གྱིས་འོད་གསལ་བ་རྣམ་པར་དག་པས་ཐོག་མ་ནས་རྣམ་པར་དག་པ་ཉིད་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་ནང་ན་མཆིས་པར་བརྗོད་དེ། བཅོམ་ལྡན་འདས་ཀྱིས་རིན་པོ་ཆེ་རིན་ཐང་ཆེན་པོ་གོས་དྲི་མ་ཅན་གྱིས་ཡོངས་སུ་དཀྲིས་པ་ལྟར་ཕུང་པོ་དང་ ཁམས་དང་སྐྱེ་མཆེད་ཀྱི་གོས་ཀྱིས་ཡོངས་སུ་དཀྲིས་པ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གིས་ཟིལ་གྱིས་གནོན་པ། ཡོངས་སུ་རྟོག་པའི་དྲི་མས་དྲི་མ་ཅན་དུ་གྱུར་པ། རྟག་པ་བརྟན་པ་ཐེར་ཟུག་པར་མི་བརྗོད་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པའི་སྙིང་པོར་ སྨྲ་བ་འདི་ནི་མུ་སྟེགས་བྱེད་ཀྱི་བདག་ཏུ་སྨྲ་བ་དང་ཇི་ལྟར་འདྲ་བ་མ་ལགས། བཅོམ་ལྡན་འདས་མུ་སྟེགས་བྱེད་རྣམས་ཀྱང་རྟག་པ་བྱེད་པ་པོ་མ་ཡིན་པ་ཡོན་ཏན་མེད་པ་ཁྱབ་པ་མི་འཇིག་པའོ་ཞེས་བདག་ཏུ་སྨྲ་བ་སྟོན་པར་བྱེད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་ངའི་ དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་ནི་མུ་སྟེགས་ཅན་གྱི་བདག་ཏུ་སྨྲ་བ་དང་མཚུངས་པ་མ་ཡིན་ཏེ། བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི། སྟོང་པ་ཉིད་དང་། ཡང་དག་པའི་མཐའ་དང་། མྱ་ངན་ལས་འདས་པ་དང་། མ་སྐྱེས་པ་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་སོགས་པའི་ཚིག་གི་དོན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་པོར་བསྟན་པ་བྱས་ནས། བྱིས་པ་རྣམས་བདག་མེད་པས་འཇིགས་པར་འགྱུར་བའི་གནས་རྣམ་པར་སྤང་བར་བྱ་བའི་དོན་དུ་དེ་བཞིན་གཤེགས་པའི་སྙིང་པོའི་ སྒོ་བསྟན་པ་རྣམ་པར་མི་རྟོག་པའི་གནས་སྣང་བ་མེད་པའི་སྤྱོད་ཡུལ་སྟོན་ཏེ། བློ་གྲོས་ཆེན་པོ་མ་འོངས་པ་དང་ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བདག་ལ་མངོན་པར་ཞེན་པར་མི་བྱའོ། །བློ་གྲོས་ཆེན་པོ་དཔེར་ན་རྫ་མཁན་ནི་འཇིམ་པའི་རྡུལ་གྱི་ཕུང་པོ་ གཅིག་ལས་ལག་པ་དང་བཟོ་དང་། ལག་གཟུངས་དང་ཆུ་དང་སྲད་བུ་དང་ནན་ཏན་དང་ལྡན་པ་ལས་སྣོད་རྣམ་པ་སྣ་ཚོགས་བྱེད་དོ། །བློ་གྲོས་ཆེན་པོ་དེ་བཞིན་དུ། དེ་བཞིན་གཤེགས་པ་རྣམས་ཀྱང་ཆོས་ལ་བདག་མེད་པ་རྣམ་པར་རྟོག་པའི་མཚན་ཉིད་ཐམས་ཅད་རྣམ་པར་ལོག་པ་དེ་ཉིད་ ཤེས་རབ་དང་ཐབས་ལ་མཁས་པ་དང་ལྡན་པ་རྣམ་པ་སྣ་ཚོགས་ཀྱིས་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པའམ་བདག་མེད་པར་བསྟན་པས་ཀྱང་རུང་སྟེ། རྫ་མཁན་བཞིན་དུ་ཚིག་དང་ཡི་གེའི་རྣམ་གྲངས་རྣམ་པ་སྣ་ཚོགས་ཀྱིས་སྟོན་ཏོ། །དེ་ལྟར་དེའི་ཕྱིར་བློ་གྲོས་ཆེན་པོ་དེ་བཞིན་གཤེགས་ པའི་སྙིང་པོ་བསྟན་པ་ནི་མུ་སྟེགས་བྱེད་ཀྱི་བདག་ཏུ་སྨྲ་བའི་བསྟན་པ་དང་མི་འདྲའོ། །བློ་གྲོས་ཆེན་པོ་དེ་ལྟར་དེ་བཞིན་གཤེགས་པ་རྣམས་ཀྱིས་མུ་སྟེགས་བྱེད་བདག་ཏུ་སྨྲ་བ་ལ་མངོན་པར་ཞེན་པ་རྣམས་དྲང་བའི་ཕྱིར་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པས་དེ་བཞིན་གཤེགས་ པའི་སྙིང་པོ་སྟོན་ཏེ། ཡང་དག་པའི་བདག་ཏུ་རྣམ་པར་རྟོག་པའི་ལྟ་བར་རྣམ་པར་ལྷུང་བའི་བསམ་པ་ཅན་དག་རྣམ་པར་ཐར་པ་གསུམ་གྱི་སྤྱོད་ཡུལ་ལ་གནས་པའི་བསམ་པ་དང་ལྡན་ཞིང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་ཇི་ལྟར་འགྱུར་ཞེས་ ཏེ་ཞེས་བྱ་བ་དང་། ཡང་དེ་ཉིད་ལས་བློ་གྲོས་ཆེན་པོ་སྟོང་པ་ཉིད་དང་མི་སྐྱེ་བ་དང་མི་གཉིས་པ་དང་རང་བཞིན་མེད་པའི་མཚན་ཉིད་སངས་རྒྱས་ཐམས་ཅད་ཀྱི་མདོ་སྡེའི་ནང་དུ་ཆུད་པ་འདི་ཞེས་བསྟན་ཏོ། །དེའི་ཕྱིར་དེ་ལྟར་ན་རྣམ་པ་དེ་ལྟ་བུའི་མདོ་སྡེ་རྣམ་པར་ཤེས་པར་སྨྲ་བ་རྣམས་ཀྱིས་ངེས་པའི་ དོན་ཉིད་དུ་ཁས་བླངས་པ་ཐམས་ཅད་དྲང་བའི་དོན་ཉིད་ཡིན་པར་ལུང་འདིས་མངོན་པར་གསལ་བར་བྱས་ནས། རིགས་པས་དྲང་བའི་དོན་ཉིད་དུ་གསལ་བར་བྱ་བའི་ཕྱིར་བཤད་པ། ཤེས་བྱ་མེད་ན་ཤེས་པ་གསལ་བ་ནི། །བདེ་བླག་རྙེད་ཅེས་སངས་རྒྱས་རྣམས་ཀྱིས་གསུངས། །ཤེས་བྱ་ མེད་ན་ཤེས་པ་བཀག་འགྲུབ་པས། །དང་པོ་ཤེས་བྱ་དགག་པ་མཛད་པ་ཡིན། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ནི་གདུལ་བྱ་རྣམས་རིམ་གྱིས་རང་བཞིན་མེད་པ་ལ་འཛུད་པར་མཛད་དོ། །དེ་ལ་བསོད་ནམས་བྱས་པ་རྣམས་ཆོས་ཉིད་ལ་བདེ་བླག་ཏུ་འཇུག་པའི་ཕྱིར་ཆོས་ཉིད་ལ་ འཇུག་པའི་ཐབས་ཡིན་པས་ཇི་ལྟར་ཐོག་མར་སྦྱིན་པ་ལ་སོགས་པའི་གཏམ་སྦྱོར་བར་མཛད་པ་དེ་བཞིན་དུ། ཤེས་བྱ་བཀག་པ་ཡང་བདག་མེད་པར་ཁོང་དུ་ཆུད་པའི་ཐབས་ཡིན་པའི་ཕྱིར་བཅོམ་ལྡན་འདས་རྣམས་ཀྱིས་སྔར་ཤེས་བྱ་དགག་པ་ཁོ་ན་གསུངས་ཏེ། ཤེས་བྱའི་བདག་མེད་པར་ རིག་པ་རྣམས་ཤེས་པའི་བདག་མེད་པ་ལ་བདེ་བླག་ཏུ་འཇུག་པའི་ཕྱིར་རོ། །ཤེས་བྱ་རང་བཞིན་མེད་པར་རིག་པ་རྣམས་ཀྱིས་ཤེས་པ་རང་བཞིན་མེད་པར་རེས་འགའ་རང་ཉིད་ཁོ་ནས་རྟོགས་པར་འགྱུར་ལ་རེས་འགའ་ནི་ཅུང་ཟད་ཅིག་ཉེ་བར་བསྟན་པ་ཙམ་གྱིས་འགྱུར་བར་ཤེས་བྱ་དགག་པ་ ཉིད་སྔར་གསུངས་སོ། །ཤེས་རབ་ཅན་དག་གིས་གཞན་ཡང་དེ་བཞིན་དུ་བརྟག་པར་བྱའོ་ཞེས་བཤད་པ། དེ་ལྟར་ལུང་གི་ལོ་རྒྱུས་ཤེས་བྱས་ཏེ། །མདོ་གང་དེ་ཉིད་མ་ཡིན་བཤད་དོན་ཅན། །དྲང་དོན་གསུངས་པའང་རྟོགས་ནས་དྲང་བྱ་ཞིང་། །སྟོང་ཉིད་དོན་ཅན་ངེས་དོན་ཤེས་པར་གྱིས། །མདོ་ སྡེ་གང་དག་སྐྱེ་བ་མེད་པ་ལ་སོགས་པས་ཁྱད་པར་དུ་བྱས་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་དངོས་སུ་གསལ་བར་བྱེད་པ་མ་ཡིན་པ་དེ་དག་ནི་ཇི་ལྟར་རང་བཞིན་མེད་པ་ལ་འཇུག་པའི་རྒྱུར་འགྱུར་བ་དེ་ལྟར་བཤད་པར་བྱ་སྟེ། ཇི་སྐད་དུ། འབྱུང་རྣམས་མིག་བཟུང་མ་ཡིན་ན། །དེ་འབྱུང་མིག་ བཟུང་ཇི་ལྟར་ཞེས། །གཟུགས་ལ་དེ་སྐད་གསུངས་པ་ན། །ཁྱོད་ཀྱིས་གཟུགས་ཀྱི་འཛིན་པ་བཟློག །ཅེས་གསུངས་ལ། མདོ་ལས་ཀྱང་། མི་རྟག་དོན་ནི་མེད་དོན་ཞེས་གསུངས་སོ། །སྟོང་ཉིད་དོན་ཅན་ངེས་དོན་ཡང་ཤེས་པར་གྱིས་ཏེ། ཇི་སྐད་དུ། སྟོང་པ་བདེ་བར་གཤེགས་ པས་བཤད་པ་ལྟར། །ངེས་དོན་མདོ་སྡེ་དག་གི་བྱེ་བྲག་ཤེས། །གང་ལ་སེམས་ཅན་གང་ཟག་སྐྱེས་བུ་བསྟན། །ཆོས་དེ་ཐམས་ཅད་དྲང་བའི་དོན་དུ་ཤེས། །ཞེས་བྱ་བ་དང་། དེ་བཞིན་དུ། འཇིག་རྟེན་ཁམས་ནི་སྟོང་ཕྲག་ཏུ། །ང་ཡིས་མདོ་རྣམས་གང་གསུངས་པ། །ཡི་གེ་ཐ་དད་དོན་ གཅིག་སྟེ། །ཡོངས་སུ་བསྒྲག་པར་ནུས་མ་ཡིན། །དངོས་པོ་གཅིག་ནི་བསམ་བྱས་ནས། །དེ་དག་ཐམས་ཅད་བསྒོམས་འགྱུར་ཏེ། །སངས་རྒྱས་ཀུན་གྱི་ཆོས་མང་པོ། །ཇི་སྙེད་རབ་ཏུ་བསྟན་པ་རྣམས། །ཆོས་རྣམས་ཀུན་གྱི་བདག་མེད་ཡིན། །མི་གང་དོན་ལ་མཁས་རྣམས་ཀྱིས། ། གནས་འདི་ལ་ནི་བསླབ་བྱས་ན། །སངས་རྒྱས་ཆོས་རྣམས་རྙེད་མི་དཀའ། །ཞེས་གསུངས་སོ། །དེ་བཞིན་དུ་འཕགས་པ་བློ་གྲོས་མི་ཟད་པ་ལ་སོགས་པའི་མདོ་སྡེ་དག་ལས་རྒྱ་ཆེར་བསྟན་པ་ཡང་རྟོགས་པར་བྱའོ། །ཕྱོགས་ཙམ་ཞིག་ནི་བརྗོད་པར་བྱ་སྟེ། །དཔེར་ན་སྦྲུལ་ནི་ཐག་པས་ བསྡོམས་པ་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་བརྟགས་པ་ཡིན་ཏེ། དེ་དེ་ལ་ཡོད་པ་མ་ཡིན་པའི་ཕྱིར་རོ། །དེ་སྦྲུལ་དངོས་པོ་ལ་ནི་ཡོངས་སུ་གྲུབ་པ་ཡིན་ཏེ། ཀུན་དུ་མ་བརྟགས་པའི་ཕྱིར་རོ། །དེ་བཞིན་དུ་རང་བཞིན་ཡང་གཞན་གྱི་དབང་བྱས་པ་ཅན་ལ་ནི་ཀུན་ཏུ་བརྟགས་པ་ཡིན་ཏེ། རང་བཞིན་ དག་ནི་བཅོས་མིན་དང་། །གཞན་ལ་ལྟོས་པ་མེད་པ་ཡིན། །ཞེས་འབྱུང་བས་ངོ་བོ་ཉིད་ནི་བྱས་པ་ཅན་མ་ཡིན་ནོ། །བཟུང་བཞིན་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་བྱས་པ་ཅན་གཟུགས་བརྙན་དང་འདྲ་བ་ལ་བརྟགས་པ་གང་ཡིན་པ་དེ་ནི་སངས་རྒྱས་ཀྱི་སྤྱོད་ཡུལ་ལ་ནི་དངོས་ ཡིན་ཏེ། ཀུན་ཏུ་མ་བརྟགས་པའི་ཕྱིར་ཏེ། དངོས་པོ་བྱས་པ་ཅན་ལ་མ་རེག་པར་རང་བཞིན་འབའ་ཞིག་མངོན་སུམ་དུ་མཛད་པས་དེ་ཉིད་ཐུགས་སུ་ཆུད་པའི་ཕྱིར་སངས་རྒྱས་ཞེས་བརྗོད་དོ། །དེའི་ཕྱིར་དེ་ལྟར་བརྟགས་པ་དང་གཞན་གྱི་དབང་དང་ཡོངས་སུ་གྲུབ་པ་ཞེས་བྱ་བ་ངོ་བོ་ཉིད་གསུམ་རྣམ་པར་གཞག་ པ་རྟོགས་པར་བྱས་ནས་མདོའི་དགོངས་པ་རྣམ་པར་བཤད་པར་བྱའོ། །གཟུང་བ་དང་འཛིན་པ་གཉིས་ནི་གཞན་གྱི་དབང་ལས་མ་གཏོགས་པར་དངོས་པོ་མེད་པའི་ཕྱིར་ན། གཞན་གྱི་དབང་ལ་དེ་གཉིས་ཀུན་དུ་བརྟགས་པ་ཉིད་བསམ་པར་བྱས་ཏེ། སྤྲོས་པས་ཆོག་གོ། །དཀྱུས་མ་ཉིད་བཤད་ པར་བྱའོ། །དེའི་ཕྱིར་དེ་ལྟར་གཞན་ལས་ཀྱང་སྐྱེ་བ་བསལ་ནས། ད་ནི་གཉི་ག་ལས་སྐྱེ་བ་བསལ་བར་འདོད་པས་བཤད་པ། གཉིས་ལས་སྐྱེ་བའང་རིགས་པའི་ངོ་བོ་མ་ཡིན་གང་གི་ཕྱིར། །བཤད་ཟིན་ཉེས་པ་དེ་དག་ཐོག་ཏུ་འབབ་པ་ཡིན་ཕྱིར་རོ། །དེ་ལ་ཚིག་གལ་གཉིས་སུ་སྨྲ་བ་ རྣམས་ནི་སྐྱེ་བ་བདག་ལས་ཀྱང་འགྱུར་ཞིང་གཞན་ལས་ཀྱང་འགྱུར་བས་གཉི་ག་ལས་སྐྱེ་བར་སེམས་སོ། །དེ་ལ་འཇི་བའི་གོང་བུ་དང་དབྱུ་གུ་དང་འཁོར་ལོ་དང་། སྐུད་པ་དང་ཆུ་དང་རྫ་མཁན་ལ་སོགས་པ་དག་ལས་བུམ་པ་འབྱུང་བར་འདོད་པ་ན། གང་གི་ཕྱིར་འཇི་བ་དང་བུམ་པ་གཉིས་ གཞན་ཉིད་མ་ཡིན་པས་བུམ་པ་འཇི་བའི་བདག་ཉིད་དུ་ཡོད་པ་ཁོ་ན་སྐྱེ་བ་དེའི་ཕྱིར་བདག་ལས་ཀྱང་སྐྱེ་ལ། གང་གི་ཕྱིར་རྫ་མཁན་གྱི་བྱ་བ་ལ་སོགས་པ་གཞན་དུ་གྱུར་པ་དག་འདིའི་སྐྱེད་པར་བྱེད་པ་ཡིན་པ་དེའི་ཕྱིར། གཞན་ལས་ཀྱང་སྐྱེའོ་སྙམ་དུ་བདག་དང་གཞན་ལས་སྐྱེ་བར་སེམས་སོ། །ཕྱི་རོལ་ གྱི་བདག་ལ་ཇི་ལྟ་བ་དེ་བཞིན་དུ་ནང་གི་རྣམས་ལ་ཡང་བདག་དང་གཞན་ལས་འགྱུར་རོ། །དེ་ལ་སྲོག་དང་སྲོག་མ་ཡིན་པ་དང་། བསོད་ནམས་དང་སྡིག་པ་དང་། ཟག་པ་དང་སྡོམ་པ་ལ་སོགས་པ་ཚིག་གི་དོན་དགུ་ནི་དེ་ཉིད་དག་གོ་ཞེས་ཚིག་གི་དོན་གྱི་རྣམ་པར་གཞག་པ་བྱས་ནས་གང་གི་ཕྱིར་བྱམས་ པ་ཚེ་རབས་གཞན་དུ་ཡང་སྲོག་གི་བདག་ཉིད་དུ་ཡོད་པ་ཁོ་ནས་སྐྱེ་བ་འདི་ལེན་པ་དེའི་ཕྱིར་བདག་ལས་སྐྱེ་བ་ཡིན་ཏེ། བྱམས་པ་དང་སྲོག་གཉིས་གཞན་ཉིད་མ་ཡིན་པའི་ཕྱིར་རོ། །སྲོག་ནི་འགྲོ་བ་དང་ལྡན་པའི་ཕྱིར་ན་གཞན་གྱི་ལྷ་ལ་སོགས་པའི་འགྲོ་བར་རྒྱུ་བར་ཡང་འདོད་པ་ཡིན་ནོ། །གང་གི་ཕྱིར་ཕ་དང་མ་ དང་ཆོས་དང་ཆོས་མ་ཡིན་པ་དང་ཟག་པ་ལ་སོགས་པ་གཞན་དུ་གྱུར་པ་དག་ལས་སྐྱེ་བ་དེའི་ཕྱིར་གཞན་ལས་ཀྱང་སྐྱེ་བ་ཡིན་ཏེ། དེའི་ཕྱིར་བདག་ལས་སྐྱེ་བ་མ་ཡིན་ཞིང་གཞན་ལས་སྐྱེ་བ་ཡང་མ་ཡིན་ཏེ་ཞེས་བྱ་བ་འདི་ཁོ་བོ་ཅག་ལ་གནོད་པར་བྱེད་པ་མ་ཡིན་ཏེ། བདག་ཁོ་ན་ལས་སྐྱེ་བར་ཁས་མ་བླངས་ པའི་ཕྱིར་དང་གཞན་ཁོ་ན་ལས་སྐྱེ་བར་ཁས་མ་བླངས་པའི་ཕྱིར་རོ་ཞེའོ། །རྩོད་པ་འདི་ཡང་། མི་རིགས་པ་ཉིད་དུ་བཤད་པ། གཉིས་ལས་སྐྱེ་བའང་རིགས་པའི་ངོ་བོ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། གང་གི་ཕྱིར། བཤད་ཟིན་ཉེས་པ་དེ་དག་ཐོག་ཏུ་འབབ་པ་ཡིན་ཕྱིར་རོ། །གང་གི་ཕྱིར་ཕྱོགས་ གཉི་ག་དག་ལ་སྐྱོན་གང་དག་བསྟན་པ་དེ་དག་གཉི་གའི་ཕྱོགས་འདི་ལ་ཡང་འབབ་པ་དེའི་ཕྱིར་གཉི་ག་ལས་ཀྱང་སྐྱེ་བ་སྲིད་པ་མ་ཡིན་ནོ། །གང་གི་ཕྱིར་བུམ་པ་འཇི་བའི་བདག་ཉིད་དུ་ཡོད་པ་དེའི་ཕྱིར་སྐྱེ་བ་མ་ཡིན་ཏེ། ཡོད་པའི་ཕྱིར་རོ། །ཇི་སྐད་དུ། དེ་ནི་དེ་ལས་འབྱུང་ན་ཡོན་ཏན་འགའ་ཡང་ ཡོད་མ་ཡིན། །སྐྱེས་པར་གྱུར་པ་སླར་ཡང་སྐྱེ་བར་རིགས་པའང་མ་ཡིན་ཉིད། །ཅེས་བྱ་བ་ལ་སོགས་པ་བཤད་པ་ཡིན་ནོ། །དེ་བཞིན་དུ་སྲོག་གི་བདག་ཉིད་ཁོ་ནར་གནས་པའི་ཕྱིར་བྱམས་པ་ལ་ཡང་སྐྱེ་བ་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་རིག་པར་བྱའོ། །གང་གི་ཕྱིར་བུམ་པ་ཆུ་དང་སྐུད་པ་དང་ འཁོར་ལོ་ལ་སོགས་པའི་བདག་ཉིད་དུ་རྣམ་པར་གནས་པ་མ་ཡིན་པ་དེའི་ཕྱིར་དེ་དག་ལས་སྐྱེ་བ་མ་ཡིན་ཏེ། ཇི་སྐད་དུ། གཞན་ལ་བརྟེན་ནས་གལ་ཏེ་གཞན་ཞིག་འབྱུང་བར་འགྱུར་ན་ནི། །འོ་ན་མེ་ལྕེ་ལས་ཀྱང་མུན་པ་མཐུག་པོ་འབྱུང་འགྱུར་ཞིང་། །ཐམས་ཅད་ལས་ཀྱང་ཐམས་ཅད་སྐྱེ་བར་འགྱུར་ཏེ་ གང་གི་ཕྱིར། །སྐྱེད་པར་བྱེད་པ་མ་ཡིན་མ་ལུས་ལ་ཡང་གཞན་ཉིད་མཚུངས། །ཞེས་བྱ་བ་ལ་སོགས་པ་བཤད་ཟིན་ཏོ། །ཕ་དང་མ་ལ་སོགས་གཞན་དུ་གྱུར་པ་དག་ལས་བྱམས་པ་སྐྱེ་བ་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །དེ་ལས་ཇི་ལྟར་གོང་དུ་བདག་དང་གཞན་ལས་སྐྱེ་བ་འཇིག་རྟེན་གྱི་ ཀུན་རྫོབ་དང་དོན་དམ་པར་ཡང་མི་རིགས་སོ་ཞེས་བསྟན་པ་དེ་བཞིན་དུ། ཚིག་གལ་གཉིས་སུ་སྨྲ་བ་ལ་ཡང་ཇི་སྐད་དུ་བཤད་པའི་རིགས་པས་མི་སྲིད་དོ་ཞེས་གོང་དུ་བསྟན་པ་མཇུག་བསྡུ་བའི་ཕྱིར། འདི་ནི་འཇིག་རྟེན་ལས་མིན་དེ་ཉིད་དུ་ཡང་འདོད་མིན་ཏེ། །ཞེས་བྱ་བ་སྨོས་སོ། ། སྔར་བཤད་པའི་རིགས་པ་ཁོ་ནས་གཉི་གའི་ཕྱོགས་ལ་ཡང་གཉི་ག་ལས་སྐྱེ་བ་མི་རིགས་པ་འབའ་ཞིག་ཏུ་མ་ཟད་ཀྱི་འདིར་བཤད་པས་ཀྱང་ཡིན་ནོ་ཞེས་བསྟན་པའི་ཕྱིར་བཤད་པ། གང་ཕྱིར་རེ་རེ་ལས་ནི་སྐྱེ་བ་འགྲུབ་པ་ཡོད་མ་ཡིན། །དཔེར་ན་ཏིལ་གཅིག་གིས་འབྲུ་མར་འབྱིན་ནུས་པས། མང་པོ་རྣམས་ ཀྱིས་ཀྱང་འགྱུར་ལ། ནུས་པ་མ་མཐོང་བའི་བྱེ་མ་རྣམས་ཀྱིས་ནི་མ་ཡིན་པ་ལྟར་རེ་རེས་བསྐྱེད་པར་འགྱུར་ན་ནི། དེ་ལྟ་བུའི་རང་བཞིན་ཅན་མང་པོ་རྣམས་ཀྱིས་ཀྱང་འགྱུར་བ་ཞིག་གོ། །དེའི་ཕྱིར་གཉི་ག་ལས་སྐྱེ་བ་ཡང་རིགས་པ་མ་ཡིན་ནོ། །འདིར་ངོ་བོ་ཉིད་སྨྲ་བ་ནི། གལ་ཏེ་སྐྱེ་བ་རྒྱུ་ལས་ཡིན་ན་ནི་ རྒྱུ་དེ་འབྲས་བུའི་བདག་ཉིད་དུ་གྱུར་པ་དང་། གཞན་དུ་གྱུར་པ་དང་། གཉི་གར་གྱུར་པ་ཞིག་ཏུ་འགྱུར་བས་ཉེས་པ་དེ་དག་ཏུ་འགྱུར་བ་ཞིག་ན། བདག་གིས་ནི་རྒྱུ་ཁས་མ་བླངས་པས་བཤད་ཟིན་པའི་ཉེས་པའི་གོ་སྐབས་མེད་དོ། །དེའི་ཕྱིར་དངོས་པོ་རྣམས་ཀྱི་སྐྱེ་བ་ནི་ངོ་བོ་ཉིད་ལས་འབྱུང་བ་ཁོ་ ན་ཡིན་ཏེ། འདི་ལྟར་པད་མའི་ཆུ་བ་དང་དེའི་འདབ་མ་རྣམས་ཀྱི་རྩུབ་པ་དང་དེའི་འཇམ་ཤ་དག་འགའ་ཞིག་གིས་བསྒྲིམས་ཏེ་བྱེད་པར་མ་མཐོང་ལ། དེའི་འདབ་མ་དང་ཟེའུ་འབྲུ་དང་ལྟེ་བ་རྣམས་ཀྱི་ཁ་དོག་དང་དབྱིབས་སྣ་ཚོགས་པ་དག་ཀྱང་བྱེད་པར་མཐོང་བ་མ་ཡིན་ནོ། །དེ་བཞིན་དུ་པ་ན་ས་ དང་བལ་པོ་སེའུ་ལ་སོགས་པའི་སྣ་ཚོགས་པ་ཡང་ཡིན་ནོ། །ཕྱི་རོལ་དག་ལ་ཇི་ལྟར་ཡིན་པ་དེ་བཞིན་དུ་རྨ་བྱ་དང་བྱ་ཏི་ཏི་རི་དང་། བྱ་གག་ལ་སོགས་པ་ནང་གི་བདག་ཉིད་ཅན་དག་ལ་ཡང་འགའ་ཞིག་གིས་འབད་པས་བཟུང་ནས་ཁ་དོག་དང་དབྱིབས་ལ་སོགས་པ་འགོད་པར་མ་དམིགས་པ་ ཉིད་དོ། །དེའི་ཕྱིར་དངོས་པོ་རྣམས་ཀྱི་སྐྱེ་བ་ནི་ངོ་བོ་ཉིད་ལས་འབྱུང་བ་ཁོ་ནའོ་ཞེས་སྨྲའོ། །འདི་ལ་བཤད་པར་བྱ་སྟེ། གལ་ཏེ་རྒྱུ་མེད་ཁོ་ནར་སྐྱེ་བར་ལྟ་ཞིག་འགྱུར་ན་ནི། །དེ་ཚེ་མཐའ་དག་རྟག་ཏུ་ཐམས་ཅད་ལས་ཀྱང་སྐྱེ་འགྱུར་ཞིང་། །འབྲས་འབྱུང་ཆེད་དུ་འཇིག་རྟེན་འདི་ཡིས་ས་བོན་ལ་ སོགས་ནི། །བརྒྱ་ཕྲག་དག་གི་སྒོ་ནས་སྡུད་པར་བྱེད་པར་ཡང་མི་འགྱུར། །གལ་ཏེ་དངོས་པོ་རྣམས་ཀྱི་སྐྱེ་བ་གློ་བུར་བར་འགྱུར་ན་ནི་ཇི་ལྟར་བ་ན་སའི་ཤིང་དེའི་ཤིང་ཐོག་གི་རྒྱུ་མ་ཡིན་པ་དེ་བཞིན་དུ། ནིམ་པ་དང་ཨ་མྲ་ལ་སོགས་པ་དངོས་པོ་ཐམས་ཅད་ཀྱང་དེའི་རྒྱུ་མ་ཡིན་པས་དེ་དག་ལས་ཀྱང་ སྐྱེ་བར་འགྱུར་ཏེ། རྒྱུ་མ་ཡིན་པ་ཉིད་དུ་འདྲ་བའི་ཕྱིར་རོ། །ཡང་ཇི་ལྟར་ཤིང་ཐོག་པ་ན་ས་དེའི་ཤིང་རྒྱུ་མ་ཡིན་པ་ལས་སྐྱེ་བ་དེ་བཞིན་དུ་ཁམས་གསུམ་ལས་ཀྱང་འགྱུར་རོ། །ཡང་གང་ཞིག་ཨ་མྲ་དང་ལ་ཀུ་ཙ་ལ་སོགས་པ་རྣམས་ཀྱི་སྨིན་པ་ལས་སྐྱེས་པའི་སྐྱེ་བ་དུས་ཚིགས་ལ་ལྟོས་ཤིང་རེས་འགའ་ མངོན་པ་དེ་ཡང་དེ་དག་ལ་རྟག་ཏུ་ཁོ་ནར་ཡོད་པར་འགྱུར་ཏེ། དུས་ཚིགས་ཀྱི་ལྟོས་པ་ལ་མི་ལྟོས་པའི་ཕྱིར་རོ། །དེ་བཞིན་དུ་རྨ་བྱ་རྨ་བྱའི་མདོངས་ཀྱི་ཚོགས་ཀྱི་རྒྱུ་མ་ཡིན་པས་བྱ་རོག་ལ་ཡང་མདོངས་ཀྱི་ཚོགས་ཡོད་པར་འགྱུར་ལ། རྨ་བྱ་ལ་ཡང་དུས་ཐམས་ཅད་ཀྱི་ཚེ་སྟེ་མངལ་གྱི་གནས་སྐབས་ ན་ཡང་ནེ་ཚོའི་སྒྲོ་ཡང་ཡོད་པར་འགྱུར་རོ། །དེ་ལྟར་འགྲོ་བའོ་ཅོག་རྟག་ཏུ་སྐྱེ་བར་འགྱུར་ན་དེ་ནི་ཡོད་པ་ཡང་མ་ཡིན་པས་ངོ་བོ་ཉིད་དུ་སྨྲ་བ་མི་རིགས་སོ། །དེ་ལྟར་རིགས་པ་དང་འགལ་བ་བརྗོད་ནས། མཐོང་བ་དང་འགལ་བ་བརྗོད་པའི་ཕྱིར་བཤད་པ། འབྲས་འབྱུང་ཆེད་དུ་འཇིག་རྟེན་འདི་ ཡིས་ས་བོན་ལ་སོགས་ནི། བརྒྱ་ཕྲག་དག་གི་སྒོ་ནས་སྡུད་པར་བྱེད་པར་ཡང་མི་འགྱུར་བ་ཞིག་ན་བྱེད་པ་ཡང་ཡིན་པ་དེའི་ཕྱིར་སྐྱེ་བ་ངོ་བོ་ཉིད་ལས་བྱུང་བ་མ་ཡིན་ནོ། །གཞན་ཡང་། གལ་ཏེ་འགྲོ་བ་རྒྱུ་ཡིས་སྟོང་པར་གྱུར་ན་ནམ་མཁའ་ཡི། །ཨུཏྤ་ལ་ཡི་དྲི་མདོག་ཇི་བཞིན་གཟུང་དུ་མེད་ཉིད་ ན། །ཤིན་ཏུ་ཆེས་བཀྲའི་འཇིག་རྟེན་འཛིན་པའང་ཡིན་དེའི་ཕྱིར། །རང་གི་བློ་བཞིན་འཇིག་རྟེན་རྒྱུ་ལས་ཡིན་པར་ཤེས་པར་གྱིས། །གལ་ཏེ་འགྲོ་བ་རྒྱུས་སྟོང་པར་གྱུར་ན་ནི་ནམ་མཁའི་ཨུཏྤ་ལའི་དྲི་དང་ཁ་དོག་བཞིན་དུ་འཛིན་པའི་ལམ་དུ་མི་འགྱུར་བ་ཉིད་ན་འགྱུར་བ་ཡང་ཡིན་ཏེ། དེའི་ཕྱིར་ རང་གི་བློ་ལྟར་འགྲོ་བ་མཐའ་དག་རྒྱུ་ཁོ་ན་ལས་སྐྱེའོ་ཞེས་བྱ་བར་རིག་པར་གྱིས་ཤིག །ཁྱོད་ཀྱི་ལྟར་ན་ནི་སྔོན་པོའི་རྣམ་པ་ཅན་གྱི་བློ་ཡུལ་སྔོན་པོ་གསལ་ནས་ཉེ་བར་སྐྱེ་བ་མ་ཡིན་ཏེ། སྔོན་པོའི་རྣམ་པ་ཅན་གྱི་བློ་ནི་སྔོན་པོ་ཁོ་ན་ལས་ཡིན་གྱི་ངོ་བོ་ཉིད་ལས་མ་ཡིན་པས་ངོ་བོ་ཉིད་སྨྲ་བ་ནི་མི་རིགས་སོ། ། སེམས་པ་འབྱུང་བ་ལས་གྱུར་པ་དག་ནི་རྒྱུ་དམིགས་བཞིན་པ་ལ་ནི་བསྙོན་པར་མི་ནུས་ཏེ། མཐོང་བའི་ཕྱིར་དང་། ཇི་སྐད་བཤད་པའི་སྐྱོན་དུ་ཐལ་བར་འགྱུར་བའི་ཕྱིར་ཏེ། རྒྱུ་དང་འབྲས་བུའི་དངོས་པོ་འཇིག་རྟེན་ལ་གྲགས་པ་འདི་ནི་ཡོད་པ་ཉིད་དོ། །དེ་ཉིད་ནི་བཞི་ ཁོ་ན་སྟེ། འགྲོ་བ་སྣ་ཚོགས་པ་མཐའ་དག་གི་རྒྱུར་གྱུར་པ་ས་དང་ཆུ་དང་མེ་དང་རླུང་ཞེས་བྱ་བ་རྣམས་སོ། །དེ་རྣམས་ཀྱི་ཡོངས་སུ་སྨིན་པའི་ཁྱད་པར་ལས་པད་མ་དང་བལ་པོ་སེའུ་ལ་སོགས་པ་དག་དང་། རྨ་བྱ་དང་བྱ་གག་གི་ཚོགས་པ་དག་གི་སྣ་ཚོགས་པ་ཇི་ལྟར་མཐོང་བཞིན་པ་འཐད་པ་འགའ་ ཞིག་ཏུ་མ་ཟད་ཀྱི། བློ་དངོས་པོའི་དེ་ཁོ་ན་ཉིད་སྣ་ཚོགས་ཡོངས་སུ་གཅོད་པ་པོར་གྱུར་པ་ཡང་དེ་ཁོ་ན་ལས་སྐྱེ་བ་ཡིན་ནོ། །དེ་ལ་ཇི་ལྟར་ཆང་དག་ལས་འབྱུང་བའི་བྱེ་བྲག་ཕྲད་པ་ཡོངས་སུ་འགྱུར་བའི་ཁྱད་པར་ལས་སྲོག་ཆགས་རྣམས་ཀྱི་མྱོས་པ་དང་བརྒྱལ་བའི་རྒྱུ་མྱོས་པར་འགྱུར་བའི་ནུས་པ་སྐྱེ་བ་ དེ་བཞིན་དུ། ནུར་ནུར་པོ་ལ་སོགས་པའི་འབྱུང་བ་ཆེན་པོའི་ཁྱད་པར་ཅན་ཡོངས་སུ་སྨིན་པ་ལས་བློ་དག་སྐྱེ་ཞིང་། དེ་དག་དངོས་པོ་མཐའ་དག་ཡོངས་སུ་གཅོད་པར་བྱེད་པའི་བར་དུ་ཡང་འགྱུར་རོ། །དེའི་ཕྱིར་ཕྱི་རོལ་དང་ནང་གི་དངོས་པོ་རྣམས་ནི་འཇིག་རྟེན་འདིའི་རྒྱུ་ལས་འབྱུང་བ་ཁོ་ན་ཡིན་ གྱི། གང་དུ་བྱས་པའི་ལས་ཀྱི་རྣམ་པར་སྨིན་པ་འདིར་རམ། འདིར་བྱས་པའི་རྣམ་པར་སྨིན་པ་འཇིག་རྟེན་གཞན་དུ་འབྱུང་བ་འཇིག་རྟེན་ཕ་རོལ་དག་ཡོད་པ་ཉིད་ནི་མ་ཡིན་ནོ་སྙམ་དུ་སེམས་སོ། །མཛེས་མ་ལེགས་པར་སྤྱོད་ཅིང་བཟའ་བར་གྱིས། །ལུས་མཆོག་འདས་གང་དེ་ཁྱོད་ལ་མི་ འབྱུང་། །ལུས་འདི་ཚོགས་པར་གྱུར་པ་ཙམ་ཞིག་སྟེ། །འཇིགས་མ་སོང་བ་ལྡོག་པར་མི་འགྱུར་རོ། །ཞེས་སྨོས་ཏེ། འདི་ནི་བུ་མོ་ལ་མངོན་པར་བགྲོད་པར་འདོད་ཅིང་བུ་མོས་འཇིག་རྟེན་ཕ་རོལ་མེད་པར་རྟོགས་པར་འདོད་ནས་སྨྲས་པ་ཡིན་ནོ། །འདི་ལ་བརྗོད་པར་བྱ་སྟེ། ཁྱོད་ཀྱི་འཇིག་རྟེན་ཕ་ རོལ་ཡོད་པ་མ་ཡིན་ནོ་སྙམ་པའི་ངེས་པ་འདི་ག་ལས་ཡིན། མངོན་སུམ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ་ཞེ་ན། ཁྱོད་ཀྱི་འཇིག་རྟེན་ཕ་རོལ་མངོན་སུམ་མ་ཡིན་པ་ཉིད་ཅི་མངོན་སུམ་ཞིག་གམ་འོན་ཏེ་མངོན་སུམ་མ་ཡིན་པ་ཞིག་ཡིན་གྲང་། མངོན་སུམ་མོ་ཞེ་ན་འཇིག་རྟེན་ཕ་རོལ་མངོན་སུམ་དུ་གྱུར་པ་ཉིད་མེད་པ་ མངོན་སུམ་ཡིན་པས་དངོས་པོ་མེད་པ་ཡང་མངོན་སུམ་ཉིད་དུ་འགྱུར་རོ། །དེའི་ཕྱིར་དངོས་པོ་མེད་པ་ཡང་ཁྱོད་ལ་དངོས་པོར་འགྱུར་ཏེ། མངོན་སུམ་ཡིན་པའི་ཕྱིར་དངོས་པོ་བཞིན་ནོ། །དེའི་ཕྱིར་དངོས་པོ་མེད་པ་ཞེས་བྱ་བ་འགའ་ཡང་མེད་པས་ཟླ་བོ་མེད་པའི་ཕྱིར་དངོས་པོ་ཡང་མེད་པར་འགྱུར་རོ། ། དངོས་པོ་དང་དངོས་པོ་མེད་པ་མེད་ན་ཡང་འབྱུང་བ་རྣམས་ཀྱི་ཡོད་པ་ཉིད་དང་། འཇིག་རྟེན་ཕ་རོལ་མེད་པ་ཉིད་ཉམས་པར་འགྱུར་རོ། །ཅི་སྟེ་མངོན་སུམ་མ་ཡིན་ན་ནི་རེ་ཞིག་མངོན་སུམ་མ་ཡིན་པ་དེ་ཉིད་མངོན་སུམ་མ་ཡིན་པའི་ཕྱིར་མ་བཟུང་བས། ཅི་ལྟར་མ་བཟུང་བ་དེའི་སྒོ་ནས་འཇིག་རྟེན་ཕ་ རོལ་མེད་པར་རྗེས་སུ་དཔོག་པར་འགྱུར། ཅི་སྟེ་རྗེས་སུ་དཔག་པས་བཟུང་བ་ཡིན་ནོ་ཞེ་ན། རྗེས་སུ་དཔག་པ་ལས་རབ་ཏུ་གྲུབ་པས་ཀྱང་དོན་སྒྲུབ་པ་ཡིན་ན་འདི་ནི། ཇི་ཙམ་དབང་པོའི་སྤྱོད་ཡུལ་བས། །སྐྱེས་བུ་དེ་ཙམ་ཁོ་ནར་ཟད། །བཟང་མོ་མང་ཐོས་གང་སྨྲ་བ། །དེ་ནི་སྤྱང་ཀིའི་རྗེས་དང་ འདྲ། །ཞེས་ཁྱོད་ཀྱིས་ཁས་བླངས་པ་ཡང་ཡིན་ནོ། །དེའི་ཕྱིར་འདིར་ཐམས་ཅད་ལ་སྐུར་པ་འདེབས་པར་བྱེད་པ་ན། སེམས་པ་ཡོད་པ་འབྱུང་བ་ལས་གྱུར་པ་པ་ལ་སུན་འབྱིན་པ་བཤད་ཟིན་པའི་ལམ་གྱི་རྗེས་སུ་འབྲངས་ཏེ་ཐམས་ཅད་དུ་སུན་འབྱིན་པ་བརྗོད་པར་བྱའོ། །གཞན་ཡང་ཇི་ལྟར་ རབ་རིབ་ཅན་ཟླ་བ་གཉིས་ལ་སོགས་པའི་ངོ་བོ་ཡོད་པ་མ་ཡིན་པ་ཡོད་དོ་སྙམ་དུ་འཛིན་པའི་མཐོང་བ་སྐྲ་ཤད་དང་སྦྲང་མ་ལ་སོགས་པ་ཡང་དག་པ་མ་ཡིན་པའི་ཡུལ་ཅན་དུ་རྣམ་པ་དེ་ལྟ་བུ་གཞན་ཡང་མི་བདེན་པ་ཁོ་ན་ཡིན་པ་དེ་བཞིན་དུ་ཁྱོད་ཀྱི་འཇིག་རྟེན་ཕ་རོལ་ལ་སོགས་པ་མེད་པར་ཤེས་པ་གཞན་ཡང་ མཐོང་བའི་དངོས་པོ་ཕྱིན་ཅི་ལོག་ཏུ་རྟོགས་པའི་སྒོ་ནས་ཕྱིན་ཅི་ལོག་ཉིད་ཡིན་ནོ་ཞེས་བསྟན་པའི་ཕྱིར་བཤད་པ། འབྱུང་བ་དེ་དག་བདག་ཉིད་གང་ཞིག་གིས་ནི་ཁྱོད་ཀྱི་བློའི། །ཡུལ་དུ་འགྱུར་བ་དེ་ཡི་བདག་ཉིད་ཅན་ནི་མ་ཡིན་ན། །གང་ལ་ཡིད་ཀྱི་མུན་པ་མཐུག་པོ་འདི་ཉིད་དུ་ཡོད་པ། །དེས་ན་ཇི་ལྟར་ འཇིག་རྟེན་ཕ་རོལ་ཡང་དག་རྟོགས་པར་འགྱུར། །ས་ལ་སོགས་པ་དེ་ཁོ་ན་ཉིད་བཞི་པོ་གང་དག་སྨྲས་པ་དེ་དག་ནི་ཇི་ལྟར་ཁྱོད་ཀྱི་ཤེས་པའི་ཡུལ་ཉིད་དུ་འགྱུར་བའི་བདག་ཉིད་དེར་ཡོད་པ་མ་ཡིན་ནོ། །གང་གི་ཚེ་དེ་ལྟར་ཁྱོད་འཇིག་རྟེན་འདི་ཉིད་ལ་ཕྱིན་ཅི་ལོག་ཏུ་མཐོང་བ་ཡིན་པ་དེའི་ཚེ། འཇིག་རྟེན་ ཕ་རོལ་ཏེ་པོར་ཕྲ་བ་ལྷའི་མིག་གི་ཤེས་པའི་སྤྱོད་ཡུལ་དུ་གྱུར་པ་ཇི་ལྟར་རྟོགས་པར་འགྱུར་ཏེ་མི་སྲིད་པ་ཉིད་དོ། །གཞན་ཡང་། འཇིག་རྟེན་ཕ་རོལ་འགོག་པར་བྱེད་པའི་དུས་སུ་བདག་ཉིད་ནི། །ཤེས་བྱའི་རང་བཞིན་ཕྱིན་ཅི་ལོག་ཏུ་ལྟ་བར་རྟོགས་བྱ་སྟེ། །དེ་ཡི་ལྟ་བའི་རྣམ་པའི་རྟེན་ མཚུངས་ལུས་དང་ལྡན་ཉིད་ཕྱིར། །གང་ཚེ་འབྱུང་བའི་བདག་ཉིད་ཡོད་ཉིད་ཁས་ལེན་དེ་ཚེ་བཞིན། །མཚུངས་པ་ནི་མཉམ་པ་སྟེ་འདྲ་བ་ཞེས་བྱ་བའི་དོན་ཏོ། །རྟེན་ནི་གནས་པའི་རྒྱུའོ། །ལུས་ནི་ཁོག་པའོ། །དེའི་ལྟ་བའི་རྣམ་པ་ནི་འཇིག་རྟེན་ཕ་རོལ་ལ་སྐུར་པ་འདེབས་པ་དེའི་ལྟ་བའི་རྣམ་པའོ། །རྟེན་ ཡང་དེ་ཡིན་ལ་མཚུངས་པ་ཡང་དེ་ཡིན་པས་ཞེས་ཁྱད་པར་གྱི་ཚིག་བསྡུ་བའོ། །རྟེན་དུ་མཚུངས་པ་ཉིད་ལུས་ཡིན་པས་ན་དེའི་ལྟ་བའི་རྣམ་པའི་རྟེན་དུ་མཚུངས་པའི་ལུས་ཞེས་ཚིག་རྣམ་པར་སྦྱར་རོ། །དེ་འདི་ལ་ཡོད་པས་ན་མ་ཏུབ་ཀྱི་རྐྱེན་ནོ། །དེའི་དངོས་པོ་ནི། དེ་ཡི་ལྟ་བའི་རྣམ་པའི་རྟེན་མཚུངས་ ལུས་དང་ལྡན་ཉིད་ཕྱིར། །ཞེས་བྱ་བ་སྟེ་གཏན་ཚིགས་སོ། །རྟེན་དེ་ནི་ཇི་སྲིད་སེམས་པ་འབྱུང་བ་ལས་གྱུར་པའི་འཇིག་རྟེན་ཕ་རོལ་ཡོད་པ་ཉིད་དུ་ལྟ་བའམ། ཐེ་ཚོམ་གྱི་རྟེན་ཉིད་དུ་མ་གྱུར་པ་དེ་སྲིད་དུ་ལོག་པར་ལྟ་བ་འཇིག་རྟེན་ཕ་རོལ་ལ་སྐུར་པ་འདེབས་པའི་རྟེན་དུ་མཚུངས་པ་ཉིད་དུ་འགྱུར་བས་འབྱུང་ བའི་བདག་ཉིད་ཡོད་པ་ཉིད་དུ་རྟོགས་པ་ན་ཡང་འཇིག་རྟེན་རྒྱང་འཕེན་པ་ལ་དེའི་ལྟ་བའི་རྣམ་པའི་རྟེན་དུ་མཚུངས་པའི་ལུས་དང་ལྡན་པ་ཉིད་ཡོད་པ་ཡིན་ཏེ། འདི་ལྟར་དེའི་གནས་སྐབས་ནི་གཉིས་ཏེ་གཅིག་ནི་འབྱུང་བའི་རང་བཞིན་ཁོང་དུ་ཆུད་པའི་གནས་སྐབས་སོ། །གཞན་ནི་འཇིག་རྟེན་གཞན་ལ་སྐུར་ པ་འདེབས་པའི་གནས་སྐབས་སོ། །དེ་ལ་གཅིག་ནི་ཕྱོགས་སུ་བྱས་པ་ཉིད་ཀྱིས་ན་གཞན་དཔེ་ཉིད་དུ་བསྟན་པའི་ཕྱིར། གང་ཚེ་འབྱུང་བའི་བདག་ཉིད་ཡོད་ཉིད་ཁས་ལེན་དེ་ཚེ་བཞིན། །ཞེས་བྱ་བ་སྨོས་ཏེ། གནས་སྐབས་དེར་ཡང་དེའི་ལྟ་བའི་རྣམ་པའི་རྟེན་དུ་མཚུངས་པའི་ལུས་དང་ལྡན་པ་ཉིད་དང་ཤེས་ བྱའི་རང་བཞིན་ཕྱིན་ཅི་ལོག་ཏུ་ལྟ་བ་ཡོད་པ་ཡིན་ནོ། །ཅི་སྟེ་འབྱུང་བའི་བདག་ཉིད་ཡོད་པ་ཉིད་རྟོགས་པའི་གནས་སྐབས་ན་ཡང་བདག་ཕྱིན་ཅི་མ་ལོག་པ་མཐོང་བ་ཡིན་པའི་ཕྱིར་དཔེ་བསྒྲུབ་བྱས་སྟོང་པ་ཉིད་ཡིན་ནོ་སྙམ་ན། དེ་ཡང་ཡོད་པ་མ་ཡིན་ཏེ། མ་སྐྱེས་པ་ཉིད་ཀྱིས་ཡོད་མ་ཡིན་པའི་རང་བཞིན་ཅན་ གྱི་འབྱུང་བ་དག་ལ་སྐྱེ་བ་དང་ཡོད་པ་ཉིད་དུ་རྟོགས་པས་ཕྱིན་ཅི་ལོག་ཏུ་ལྟ་བ་ཉིད་གྲུབ་པའི་ཕྱིར་རོ། །འབྱུང་བ་དག་མ་སྐྱེས་པ་ཉིད་དེ་ཁོ་ན་བསྒྲུབ་པར་བྱ་དགོས་སོ་ཞེ་ན། མ་ཡིན་ཏེ་བསྒྲུབས་ཟིན་པའི་ཕྱིར་རོ་ཞེས་བཤད་པ་སྟེ། འབྱུང་བ་དེ་དག་ཇི་ལྟར་ཡོད་མིན་དེ་ལྟར་བཤད་ཟིན་ཏོ། །གང་གི་ཕྱིར་ན་ གོང་དུ་རང་གཞན་ལས་དང་གཉི་ག་ལས། །སྐྱེ་དང་རྒྱུ་མེད་ཐུན་མོང་དུ་ནི་བཀག་ཟིན་དེ་ཡི་ཕྱིར། །མ་བཤད་འབྱུང་བ་འདི་དག་ལྟ་ཞིག་ཡོད་པ་མ་ཡིན་ནོ། །དངོས་པོ་རྣམས་ཐུན་མོང་དུ་རང་དང་གཞན་དང་གཉི་ག་དང་རྒྱུ་མེད་པ་ལས་སྐྱེ་བ་འགོག་པར་བྱེད་པ་ན། འབྱུང་བ་དང་སྐྱེ་བ་ཡང་བདག་གིས་ ཕྱིར་བཀག་པ་ཁོ་ན་ལས་སྐྱེ་བ་མེད་པའི་ཕྱིར། འབྱུང་བ་དག་ལ་རང་བཞིན་ཡོད་པ་མ་ཡིན་པས་དཔེ་གྲུབ་པ་ཉིད་དོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ལ་སྐུར་པ་འདེབས་པ་དང་། དངོས་པོ་ཡོད་པ་ཉིད་དུ་སྨྲ་བ་དང་། དངོས་པོ་མེད་པ་ཉིད་དུ་སྨྲ་བ་དང་། དབང་ཕྱུག་དང་དུས་དང་རྡུལ་ དང་རང་བཞིན་དང་ངོ་བོ