Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 102

Văn bản gốc(Tây Tạng)

Trang 16 / 22 (50.000 ký tự/trang)
་པར་ཤེས་པ་འབྱུང་བར་འགྱུར་རོ། །ཅི་ལྟར་རྟག་ཏུ་འཇིག་རྟེན་གྱི་འདོད་ཆགས་དང་ཞེ་སྡང་ཡོངས་སུ་ཟད་པར་འགྱུར་

ཞེ་ན། དང་གི་སྒྲས་ནི་མ་སྨོས་པ་བསྡུ་བར་བྱ་བའི་ཕྱིར་ཏེ་དེའི་གཏི་མུག་ཀྱང་ཡོངས་སུ་ཟད་པར་འགྱུར་རོ། །ཅི་ལྟར་ཞེ་ན། འདི་ཡང་མདོ་ཇི་ལྟ་བ་བཞིན་ཏེ། ཇི་སྐད་དུ་དེས་ཆོས་ཐམས་ཅད་རྐྱེན་ལ་རྟོན་པ་ཉིད་ཡིན་པས་འཕོ་བ་མེད་པ་ཉིད་དང་། རྣམ་པར་འཇིག་པ་
མེད་པ་ཉིད་དུ་རྟོགས་པས་དེ་བས་ཀྱང་ཤས་ཆེར་འདོད་པའི་འཆིང་བ་ཐམས་ཅད་བསྲབས་པར་འགྱུར་རོ། །གཟུགས་ཀྱི་འཆིང་བ་ཐམས་ཅད་དང་སྲིད་པའི་འཆིང་བ་དང་མ་རིག་པའི་འཆིང་བ་བསྲབས་པར་འགྱུར་རོ། །དེའི་ལྟ་བར་གྱུར་པའི་འཆིང་བ་རྣམས་ནི་སྔ་ནས་སྤངས་པ་ཡིན་ནོ། །
བྱང་ཆུབ་སེམས་དཔའི་ས་འོད་བྱེད་པ་འདི་ལ་གནས་པ་བྱང་ཆུབ་སེམས་དཔའ་དེ་ནི་བསྐལ་པ་བརྒྱ་ཕྲག་དུ་མ་དང་བསྐལ་པ་སྟོང་ཕྲག་དུ་མ་དང་། བསྐལ་པ་འབུམ་ཕྲག་དུ་མ་དང་། བསྐལ་པ་བྱེ་བ་ཕྲག་དུ་མ་ནས་བསྐལ་པ་ཁྲག་ཁྲིག་འབུམ་ཕྲག་དུ་མར་ལོག་པའི་འདོད་ཆགས་འགྲིབ་
པར་བྱ་བ་མ་ཡིན་པ་སྤོང་བར་འགྱུར་རོ། །ལོག་པའི་ཞེ་སྡང་འགྲིབ་པར་བྱ་བ་མ་ཡིན་པ་སྤོང་བར་འགྱུར་རོ། །ལོག་པའི་གཏི་མུག་འགྲིབ་པར་བྱ་བ་མ་ཡིན་པ་སྤོང་བར་འགྱུར་རོ་ཞེས་གསུངས་པ་ལྟ་བུའོ། །དེ་ལྟར་ན་དེའི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ཡོངས་སུ་ཟད་པར་འགྱུར་རོ། །
དེ་ཅི་ལྟར་རྟག་ཏུ་འཇིག་རྟེན་གྱི་འདོད་པའི་འདོད་ཆགས་འཇོམས་པར་ནུས་པར་འགྱུར་ཞེ་ན། ཇི་སྐད་དུ་ཀྱེ་རྒྱལ་བའི་སྲས་དག་འདི་ནི་བྱང་ཆུབ་སེམས་དཔའི་ས་གསུམ་པ་འོད་བྱེད་པ་ཞེས་བྱ་བ་མདོར་བསྟན་པའོ། །དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ཕལ་ཆེར་ལྷའི་རྒྱལ་པོ་ལྷའི་
བདག་པོ་དབང་པོར་གྱུར་ཏེ། སེམས་ཅན་རྣམས་ཀྱི་འདོད་པ་ལ་འདོད་ཆགས་རྣམ་པར་བཟློག་པའི་ཐབས་བསྒྲུབ་པ་ལ་བྱང་བ་དང་། གཙོ་བོ་ཡིན་ཞིང་སེམས་ཅན་རྣམས་འདོད་པའི་འདམ་ནས་འདོན་པ་ལ་མཁས་པ་ཡིན་ནོ་ཞེས་གསུངས་པ་ལྟ་བུའོ། །དེ་ལྟར་རྒྱལ་བའི་སྲས་པོ་དེ་
ནི་འཇིག་རྟེན་གྱི་འདོད་པའི་འདོད་ཆགས་འཇོམས་པར་ནུས་པར་འགྱུར་རོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་འདིས་བྱང་ཆུབ་སེམས་དཔའི་ས་གསུམ་པར། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་དང་བསམ་གཏན་དང་ཚད་མེད་པ་དང་སྙོམས་པར་འཇུག་པ་དང་མངོན་པར་

ཤེས་པ་དང་འདོད་ཆགས་ལ་སོགས་པ་ཡོངས་སུ་ཟད་པ་གདོན་མི་ཟ་བར་ཐོབ་པར་འགྱུར་རོ་ཞེས་བསྟན་ནས། ད་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཐུག་པ་ཕ་རོལ་ཏུ་ཕྱིན་པ་གསུམ་གྱི་རྟེན་གྱི་ཁྱད་པར་དང་ཚོགས་ཀྱི་རང་བཞིན་དང་འབྲས་བུ་ཡོངས་སུ་གྲུབ་པ་རྣམ་པར་གཞག་པ་གསལ་བར་
བྱ་བའི་ཕྱིར་བཤད་པ། སྦྱིན་སོགས་ཆོས་གསུམ་དེ་དག་ཕལ་མོ་ཆེར། །བདེ་བར་གཤེགས་པས་ཁྱིམ་པ་རྣམས་ལ་བསྔགས། །བསོད་ནམས་ཞེས་བྱའི་ཚོགས་ཀྱང་དེ་དག་ཉིད། །སངས་རྒྱས་གཟུགས་ཀྱི་བདག་ཉིད་སྐུ་ཡི་རྒྱུ། །བྱང་ཆུབ་སེམས་དཔའ་རྣམས་ཁོ་ན་ཇི་སྐད་བཤད་
པའི་སྦྱིན་པ་ལ་སོགས་པའི་རྟེན་ཡིན་མོད་ཀྱི། དེ་ལྟ་ན་ཡང་ཁྱིམ་པ་དང་རབ་ཏུ་བྱུང་བའི་དབྱེ་བས་དེ་རྣམས་ལ་གཉིས་སྲིད་པ་ལ་ལྟོས་ནས་དེ་སྐད་དུ་བརྗོད་དོ། །དེ་ལ་ཁྱིམ་པ་རྣམས་ལ་ནི་ཕལ་ཆེར་སྦྱིན་པ་ལ་སོགས་པའི་ཆོས་གསུམ་པོ་དེ་དག་སྒྲུབ་པར་སླ་ལ། རབ་ཏུ་བྱུང་བ་རྣམས་ལ་ནི་བརྩོན་
འགྲུས་དང་བསམ་གཏན་དང་ཤེས་རབ་ཡིན་ཏེ་ཅིག་ཤོས་དག་ལ་གཅིག་མི་སྲིད་པ་ནི་མ་ཡིན་ནོ། །སངས་རྒྱས་ཉིད་ཀྱི་རྒྱུའི་ཚོགས་ནི་གཉིས་ཡིན་ཏེ། གང་འདི་བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་སོ། །དེ་ལ་བསོད་ནམས་ཀྱི་ཚོགས་ནི་ཕ་རོལ་ཏུ་ཕྱིན་པ་གསུམ་པོ་དེ་དག་ཉིད་
ཡིན་ལ་ཡེ་ཤེས་ཀྱི་ཚོགས་ནི་བསམ་གཏན་དང་ཤེས་རབ་བོ། །བརྩོན་འགྲུས་ནི་གཉིས་ཀའི་རྒྱུ་ཡིན་ནོ་ཞེས་བྱ་བར་རྣམ་པར་གཞག་གོ། །དེ་ལ་བསོད་ནམས་ཀྱི་ཚོགས་གང་ཡིན་པ་དེ་ནི་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གཟུགས་ཀྱི་སྐུ་བསོད་ནམས་བརྒྱའི་
མཚན་ཉིད་ཅན་རྨད་དུ་བྱུང་ཞིང་བསམ་གྱིས་མི་ཁྱབ་པའི་གཟུགས་སྣ་ཚོགས་དང་ལྡན་པའི་རྒྱུ་ཡིན་ནོ། །ཆོས་ཀྱི་བདག་ཉིད་ཅན་གྱི་སྐུ་སྐྱེ་བ་མེད་པའི་མཚན་ཉིད་ཅན་གྱི་རྒྱུ་ནི་ཡེ་ཤེས་ཀྱི་ཚོགས་ཡིན་ནོ། །ད་ནི་རྟེན་ལ་སོགས་པའི་ཆེ་བའི་བདག་ཉིད་ཀྱིས་བདག་ཉིད་ཆེ་བར་བརྗོད་ནས་
བྱང་ཆུབ་སེམས་དཔའི་ས་གསུམ་པའི་སྐབས་རྫོགས་པར་བཤད་པ། རྒྱལ་བའི་སྲས་པོ་ཉི་མ་ལ་གནས་འོད་བྱེད་འདི། །རང་གཏོགས་མུན་རྣམས་དང་པོ་ཡང་དག་བསལ་བྱས་ནས། །འགྲོ་བའི་མུན་པ་རྣམ་པར་འཇོམས་པར་མངོན་པར་འདོད། །ས་འོད་བྱེད་པ་བདེ་བར་

གཤེགས་པའི་སྲས་ཀྱི་ཉི་མ་ལ་གནས་པ་འདི་ནི་རང་གི་རྟེན་ལ་ཡོད་པའི་མི་ཤེས་པ་བདག་ཉིད་འབྱུང་བའི་གེགས་སུ་གྱུར་པ་ནི་སྐྱེ་བཞིན་པའི་གནས་སྐབས་ཉིད་དུ་བསལ་ནས། རྣམ་པ་དེ་ལྟ་བུ་ཉེ་བར་བསྟན་པ་ལས་དེ་ལས་གཞན་པ་རྣམས་ཀྱི་ས་གསུམ་པ་
འབྱུང་བའི་གེགས་བྱེད་པའི་མུན་པ་འཇོམས་པར་འདོད་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་དེ་ནི། ས་འདིར་ཤིན་ཏུ་རྣོ་བར་གྱུར་ཀྱང་ཁྲོ་མི་འགྱུར། །དེ་ནི་ཉེས་པའི་མུན་པ་ཡོན་ཏན་འཇོམས་པར་བྱེད་པ་བཅོམ་པས་ཉི་མ་ལྟར་ཆེས་རྣོ་བར་འཇུག་ཏུ་ཟིན་ཀྱང་སྐྱོན་དང་ལྡན་པའི་སྐྱེ་བོ་
ལ་འཁྲུག་པར་མི་འགྱུར་ཏེ། བཟོད་པ་ལ་ཆེས་ལྷག་པར་གོམས་པའི་ཕྱིར་དང་སྙིང་རྗེས་རྒྱུད་སྣུམ་པར་བྱས་པའི་ཕྱིར་རོ། །དབུ་མ་ལ་འཇུག་པའི་བཤད་པ་ལས། སེམས་བསྐྱེད་པ་གསུམ་པའོ།། །།ད་ནི་སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་
པས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྷག་པར་བསྟན་པའི་སྒོ་ནས་སེམས་བསྐྱེད་པ་བཞི་པའི་དབང་དུ་བྱས་ཏེ་བཤད་པ། ཡོན་ཏན་མ་ལུས་བརྩོན་འགྲུས་རྗེས་འགྲོ་ཞིང་། །བསོད་ནམས་བློ་གྲོས་ཚོགས་ནི་གཉིས་ཀྱི་རྒྱུ། །བརྩོན་འགྲུས་གང་དུ་འབར་བར་འགྱུར་བ་ཡི། །ས་
དེ་བཞི་པ་འོད་ནི་འཕྲོ་བའོ། །དགེ་བའི་ལས་ལ་སྤྲོ་བ་དང་མི་ལྡན་པ་ལ་ནི་རྣམ་པ་ཐམས་ཅད་དུ་སྦྱིན་པ་ལ་སོགས་པ་དག་ལ་འཇུག་པ་མེད་པས་ཡོན་ཏན་ཐམས་ཅད་འབྱུང་བ་མི་སྲིད་ལ། སྔར་ཉེ་བར་བཀོད་པའི་ཡོན་ཏན་བསགས་པ་སྤྲོས་པ་དང་ལྡན་པ་ལ་ནི་ཐོབ་པ་དང་མ་ཐོབ་པ་འཕེལ་བ་
དང་ཐོབ་པ་སྲིད་པས་ཡོན་ཏན་ཡིན་ནོ་ཅོག་གི་རྒྱུ་ནི་བརྩོན་འགྲུས་ཉིད་ཡིན་ནོ། །ཚོགས་གཉིས་ཀྱི་རྒྱུ་ཉིད་དུ་ནི་གོང་དུ་བཤད་ཟིན་ཏོ། །བརྩོན་འགྲུས་དེ་རང་གི་ཡོན་ཏན་ཡོངས་སུ་དག་པའི་སྒོ་ནས་ས་གང་ཞིག་ཏུ་ལྷག་པར་འབར་བ་འཆང་བ་དེ་ནི་བྱང་ཆུབ་སེམས་དཔའི་ས་བཞི་པ་འོད་འཕྲོ་བ་
ཞེས་བྱ་བ་ཡིན་ནོ། །ཡང་ཅིའི་ཕྱིར་འོད་འཕྲོ་བ་ཞེས་བརྗོད་ཅེ་ན། མིང་འཇུག་པའི་རྒྱུ་མཚན་བསྟན་པའི་ཕྱིར། དེར་ནི་བདེ་གཤེགས་སྲས་ལ་རྫོགས་པ་ཡི། །བྱང་ཆུབ་ཕྱོགས་ལྷག་བསྒོམས་པ་ལས་སྐྱེས་པའི། །སྣང་བ་ཟངས་ཀྱི་འོད་བས་ལྷག་འབྱུང་ཞེས། །ཞེས་

བྱ་བ་སྨོས་ཏེ། འདི་ལྟར་ས་འདིར་བྱང་ཆུབ་སེམས་དཔའ་ལ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བསྒོམས་པ་ལས་སྔར་བཤད་པའི་ཟངས་ཀྱི་སྣང་བ་བས་ལྷག་པའི་སྣང་བ་འབྱུང་བར་འགྱུར་ཏེ། དེའི་ཕྱིར་ཡང་དག་པའི་ཡེ་ཤེས་ཀྱི་མེའི་འོད་འབྱུང་བས་བྱང་ཆུབ་སེམས་དཔའི་ས་དེ་
ལ་འོད་འཕྲོ་བ་ཞེས་བྱ་བའོ། །དེ་ལ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ནི་འདི་ལྟ་སྟེ། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་།
འཕགས་པའི་ལམ་ཡན་ལག་བརྒྱད་པ་ཞེས་བྱའོ། །དེ་ལ་དྲན་པ་ཉེ་བར་གཞག་པ་བཞི་ནི། ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའི་ས་འོད་འཕྲོ་བ་ཅན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་བརྟུན་པ་ཅན་དང་ཤེས་བཞིན་དང་དྲན་པ་དང་ལྡན་པར་གྱུར་ནས། འཇིག་
རྟེན་ལ་བརྣབ་སེམས་དང་ཡིད་མི་བདེ་བ་ཉིད་རྣམ་པར་སྤོངས་ཏེ། ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ། །བརྟུན་པ་ཅན་དང་། ཤེས་བཞིན་དང་དྲན་པ་དང་ལྡན་པར་གྱུར་ནས་འཇིག་རྟེན་ན་བརྣབ་སེམས་དང་ཡིད་མི་བདེ་བ་ཉིད་རྣམ་པར་སྤངས་ཏེ། ཕྱིའི་ལུས་ལ་ལུས་
ཀྱི་རྗེས་སུ་ལྟ་ཞིང་གནས་སོ། །ནང་དང་ཕྱིའི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་བཞིན་དུ་བརྟུན་པ་ཅན་དང་ཤེས་བཞིན་དང་དྲན་པ་དང་ལྡན་པར་གྱུར་ནས། ནང་གི་ཚོར་བ་རྣམས་དང་། ཕྱིའི་ཚོར་བ་རྣམས་དང་། ནང་དང་ཕྱིའི་ཚོར་བ་
རྣམས་དང་། སྔ་མ་བཞིན་དུ་ནང་གི་སེམས་དང་། ཕྱིའི་སེམས་དང་། ནང་དང་ཕྱིའི་སེམས་ལ་གནས་སོ་ཞེས་བྱ་བ་དང་། ནང་གི་ཆོས་རྣམས་དང་། ཕྱིའི་ཆོས་རྣམས་དང་། ནང་དང་ཕྱིའི་ཆོས་རྣམས་ལ་གནས་སོ་ཞེས་བྱ་བ་རྒྱས་པར་གསུངས་པ་ལྟ་བུའོ། །ཡང་དག་པར་སྤོང་
བ་བཞི་ནི་འདི་ལྟ་སྟེ། དེ་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པའི་ཕྱིར་འདུན་པ་བསྐྱེད་དོ། །འབད་དོ། །བརྩོན་འགྲུས་རྩོམ་མོ། །སེམས་རབ་ཏུ་འཛིན་ཏོ། །ཡང་དག་པར་རབ་ཏུ་འཇོག་གོ། །སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤོང་བའི་

ཕྱིར་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དགེ་བའི་ཆོས་སྐྱེས་པ་རྣམས་གནས་པ་དང་མི་ཉམས་པ་དང་རྒྱས་པར་འགྱུར་བ་དང་། ཕྱིར་ཞིང་འབྱུང་བ་དང་རབ་ཏུ་རྫོགས་པར་བྱ་བའི་
ཕྱིར་འདུན་པ་བསྐྱེད་དོ། །འབད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ནི་འདི་ལྟ་སྟེ། འདུན་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་
གནས་པ་རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་སྒོམ་མོ། །དེ་བཞིན་དུ་བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང་། སེམས་ཀྱི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང་། དཔྱོད་པའི་ཏིང་ངེ་འཛིན་སྤོང་བའི་
འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །དབང་པོ་ལྔ་ནི་འདི་ལྟ་སྟེ། དད་པའི་དབང་པོ་དབེན་པ་ལ་གནས་པ་ཞེས་བྱ་བ་དང་། དེ་བཞིན་དུ་བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་
དབང་པོ་དབེན་པ་ལ་གནས་པ་དང་། འདོད་ཆགས་དང་བྲལ་བ་ལ་གནས་པ་ཞེས་བྱ་བ་ལ་སོགས་པའོ། །སྟོབས་ལྔ་ནི་དེ་དག་ཉིད་མི་མཐུན་པའི་ཕྱོགས་ཕམ་པར་བྱས་པ་རྣམས་ཡིན་ཏེ་སྔ་མ་བཞིན་ནོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ནི་འདི་ལྟ་སྟེ། དེ་དྲན་པ་ཡང་དག་བྱང་
ཆུབ་ཀྱི་ཡན་ལག་དབེན་པ་ལ་གནས་པ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་བཞིན་དུ་ཆོས་རབ་ཏུ་རྣམ་པར་འབྱེད་པ་བྱང་ཆུབ་ཀྱི་ཡན་ལག་དང་། དེ་བཞིན་དུ་བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཤིན་ཏུ་སྦྱངས་པ་
ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དབེན་པ་ལ་གནས་པ་ཞེས་བྱ་བ་སྔ་མ་བཞིན་ནོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་འདི་ལྟ་སྟེ། ཡང་དག་པའི་ལྟ་བ་དབེན་པ་ལ་

གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ་རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་སྒོམ་མོ། །ཡང་དག་པའི་རྟོག་པ་ཡང་སྔ་མ་བཞིན་ནོ། །ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་།
ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་དབེན་པ་ལ་གནས་པ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །ས་འདི་ལ་བྱང་ཆུབ་ཀྱི་ཕྱོགས་སྒོམ་པ་འབྱུང་བ་འབའ་ཞིག་ཏུ་མ་ཟད་ཀྱི། རང་དུ་ལྟ་བ་དང་འབྲེལ་ཡོངས་སུ་ཟད། །ས་འདིར་
དེའི་རང་དུ་ལྟ་བ་ཟད་པར་ཡང་འགྱུར་ཏེ། ཇི་སྐད་དུ། ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའི་ས་འོད་འཕྲོ་བ་ཅན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་འཇིག་ཚོགས་ལ་ལྟ་བ་སྔོན་དུ་འགྲོ་བའི་བདག་དང་། སེམས་ཅན་དང་། སྲོག་དང་། གསོ་བ་དང་།
སྐྱེས་བུ་དང་། གང་ཟག་དང་། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་མངོན་པར་ཞེན་པས་ཀུན་ནས་བསླང་བའི་ལྷག་པར་གཡོ་བ་དང་བྲལ་བ་རྣམས་དང་། རྣམ་པར་བརྟགས་པ་རྣམས་དང་། རྣམ་པར་དཔྱད་པ་རྣམས་དང་། བརྟན་པར་འཛིན་པ་རྣམས་དང་།
བདག་གིར་འཛིན་པ་རྣམས་དང་། ནོར་དུ་འཛིན་པ་རྣམས་དང་། འཇིག་རྟེན་གྱི་གནས་རྣམས་གང་ཡིན་པ་དེ་དག་ཐམས་ཅད་དང་དེ་བྲལ་བ་ཡིན་ནོ་ཞེས་གསུངས་པ་ལྟ་བུའོ། །དབུ་མ་ལ་འཇུག་པའི་བཤད་པ་ལས་འོད་འཕྲོ་བ་ཞེས་བྱ་བ་སེམས་བསྐྱེད་པ་བཞི་པའོ།། །།
ད་ནི་སེམས་བསྐྱེད་པ་ལྔ་པའི་དབང་དུ་བྱས་ནས། བདག་ཉིད་ཆེ་དེ་བདུད་རྣམས་ཀུན་གྱིས་ཀྱང་། །སྦྱང་དཀའི་ས་ལ་ཕམ་པར་ནུས་མ་ཡིན། །བྱང་ཆུབ་སེམས་དཔའི་ས་ལྔ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་ལྷའི་བུའི་
བདུད་རྣམས་ཀྱིས་ཀྱང་ཕམ་པར་བྱ་བར་མི་ནུས་ན། དེ་དག་ལས་གཞན་བདུད་ཀྱི་བཀའ་ཉན་ལ་སོགས་པ་རྣམས་ཀྱིས་ལྟ་ཅི་སྨོས་སོ། །དེ་ཉིད་ཀྱི་ཕྱིར་ས་འདིའི་མིང་སྦྱང་དཀའ་བ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ནི། བསམ་གཏན་ལྷག་ཅིང་བློ་བཟང་བདེན་རང་བཞིན། །

ཞིབ་མོ་རྟོགས་ལའང་ཤིན་ཏུ་མཁས་པ་ཐོབ་པ་ཡིན་པར་རིག་པར་བྱའོ། །དེ་ལ་ཕ་རོལ་ཏུ་ཕྱིན་པ་བཅུ་ལས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཆེས་ལྷག་པར་འགྱུར་རོ། །བློ་བཟང་ཞེས་བྱ་བ་ནི་འཕགས་པ་རྣམས་སོ། །དེ་དག་གི་བདེན་པ་རྣམས་ནི་བློ་བཟང་
བདེན་པ་སྟེ། འཕགས་པའི་བདེན་པ་རྣམས་ཞེས་བྱ་བའི་དོན་ཏོ། །རང་བཞིན་ནི་རང་གི་ངོ་བོའོ། །ཤེས་པ་ཞིབ་མོས་ཁོང་དུ་ཆུད་པར་བྱ་བའི་རང་བཞིན་ནི་རང་བཞིན་ཞིབ་མོ་སྟེ། དེ་ནི་བློ་གྲོས་བཟང་པོའི་བདེན་པ་རྣམས་ཀྱི་རང་གི་ངོ་བོ་ཕྲ་མོ་ཤེས་པ་ལ་ཆེར་མཁས་པར་འགྱུར་རོ། །དེ་
ལ་འཕགས་པའི་བདེན་པ་བཞི་ནི་སྡུག་བསྔལ་དང་། ཀུན་འབྱུང་དང་འགོག་པ་དང་ལམ་ཞེས་བྱ་བ་རྣམས་སོ། །གལ་ཏེ་བཅོམ་ལྡན་འདས་ཀྱིས་བདེན་པ་ནི་གཉིས་ཁོ་ནར་བསྟན་ཏེ། འདི་ལྟ་སྟེ། ཀུན་རྫོབ་ཀྱི་བདེན་པ་དང་། དོན་དམ་པའི་བདེན་པའོ། །ཇི་སྐད་དུ། ཡབ་
སྲས་མཇལ་བའི་མདོ་ལས། འཇིག་རྟེན་མཁྱེན་པས་གཞན་ལས་མ་གསན་པར། །བདེན་པ་འདི་གཉིས་ཉིད་ཀྱིས་བསྟན་པར་མཛད། །གང་ཞིག་ཀུན་རྫོབ་དེ་བཞིན་དོན་དམ་སྟེ། །བདེན་པ་གསུམ་པ་འགའ་ཡང་མ་མཆིས་སོ། །ཞེས་གསུངས་སོ། །དབུ་མ་ལས་ཀྱང་།
སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །འཇིག་རྟེན་ཀུན་རྫོབ་བདེན་པ་དང་། །དམ་པའི་དོན་གྱི་བདེན་པའོ། །ཞེས་བཤད་དོ། །དེའི་ཕྱིར་བདེན་པ་གཉིས་ལས་ཐ་དད་པར་འཕགས་པའི་བདེན་པ་བཞི་པོ་གཞན་ག་ལ་ཡོད་ཅེ་ན། བཤད་
པ། གལ་ཏེ་ཡང་དེ་ལྟ་ཡིན་མོད་ཀྱི། དེ་ལྟ་ན་ཡང་བླང་བར་བྱ་བ་ཡང་སྤང་བར་བྱ་བ་དག་རེ་རེའི་རྒྱུ་དང་འབྲས་བུའི་དངོས་པོ་བསྟན་པར་བྱ་བའི་ཕྱིར། འདིར་འཕགས་པའི་བདེན་པ་བཞི་བསྙད་དོ། །དེ་ལ་སྤང་བར་བྱ་བའི་ཕྱོགས་ནི་ཀུན་ནས་ཉོན་མོངས་པའོ། །དེའི་འབྲས་བུ་ནི་སྡུག་
བསྔལ་གྱི་བདེན་པའོ། །རྒྱུ་ནི་ཀུན་འབྱུང་གི་བདེན་པའོ། །བླང་བར་བྱ་བའི་ཕྱོགས་ནི་རྣམ་པར་བྱང་བ་ཡིན་ལ། དེའི་འབྲས་བུ་ནི་འགོག་པའི་བདེན་པའོ། །དེ་ཐོབ་པའི་རྒྱུ་ནི་ལམ་གྱི་བདེན་པའོ། །དེ་ལ་སྡུག་བསྔལ་དང་ཀུན་འབྱུང་དང་ལམ་གྱི་བདེན་པ་ནི་ཀུན་རྫོབ་ཀྱི་བདེན་པའི་ཁོངས་སུ་

གཏོགས་སོ། །འགོག་པའི་བདེན་པ་ནི་དོན་དམ་པའི་བདེན་པའི་རང་གི་ངོ་བོའོ། །དེ་བཞིན་དུ་བདེན་པ་གཞན་གང་ཅུང་ཟད་ཅིག་ཡོད་པ་དེ་ཡང་ཅི་རིགས་པར་བདེན་པ་གཉིས་ཀྱི་ཁོངས་སུ་གཏོགས་པ་ཁོ་ནར་ངེས་པར་བྱའོ། །ཡང་ཅི་བདེན་པ་བཞི་ལས་ཐ་དད་པའི་བདེན་པ་གཞན་ཡང་
ཡོད་དམ་ཞེ་ན། བཤད་པ་ཡོད་དེ། ཇི་སྐད་དུ་བྱང་ཆུབ་སེམས་དཔའི་ས་ལྔ་པ་ལས། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །འདི་ནི་སྡུག་བསྔལ་ཀུན་འབྱུང་བའོ། །འདི་ནི་སྡུག་བསྔལ་འགོག་པའོ། །འདི་ནི་སྡུག་
བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་ཀུན་རྫོབ་ཀྱི་བདེན་པ་ལ་མཁས་པ་ཡིན། དོན་དམ་པའི་བདེན་པ་ལ་མཁས་པ་ཡིན། མཚན་ཉིད་ཀྱི་བདེན་པ་ལ་མཁས་པ་ཡིན། རྣམ་པར་དབྱེ་བའི་བདེན་པ་
ལ་མཁས་པ་ཡིན། ཕྱེ་སྟེ་རྟོགས་པའི་བདེན་པ་ལ་མཁས་པ་ཡིན། དངོས་པོའི་བདེན་པ་ལ་མཁས་པ་ཡིན། རབ་ཏུ་སྐྱེ་བའི་བདེན་པ་ལ་མཁས་པ་ཡིན། ཟད་པ་དང་མི་སྐྱེ་བ་ཤེས་པའི་བདེན་པ་ལ་མཁས་པ་ཡིན། ལམ་ཤེས་པ་ལ་འཇུག་པའི་བདེན་པ་ལ་མཁས་པ་ཡིན། བྱང་
ཆུབ་སེམས་དཔའི་སའི་གོ་རིམས་ཐམས་ཅད་ཀྱི་མཚམས་སྦྱར་བ་སྒྲུབ་པ་ནས་དེ་བཞིན་གཤེགས་པའི་ཡེ་ཤེས་ཡང་དག་པར་འབྱུང་བའི་བར་གྱི་བདེན་པ་ལ་མཁས་པ་ཡིན་ཏེ། དེ་ལ་སེམས་ཅན་གཞན་དག་གི་བསམ་པ་ཤེས་པ་ཇི་ལྟ་བ་བཞིན་དུ་ཚིམ་པར་བྱེད་པས་ཀུན་རྫོབ་ཀྱི་བདེན་པ་
རབ་ཏུ་ཤེས་སོ། །བགྲོད་པ་གཅིག་པུ་ལ་ཡང་དག་པར་གཞོལ་བས་དོན་དམ་པའི་བདེན་པ་རབ་ཏུ་ཤེས་སོ། །རང་དང་སྤྱིའི་མཚན་ཉིད་རྟོགས་པས་མཚན་ཉིད་ཀྱི་བདེན་པ་རབ་ཏུ་ཤེས་སོ། །ཆོས་རྣམ་པར་དབྱེ་བ་རྣམ་པར་གཞག་པར་རྟོགས་པ་རྣམ་པར་དབྱེ་བའི་བདེན་པ་རབ་ཏུ་
ཤེས་སོ། །ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་རྣམ་པར་གཞག་པ་རྗེས་སུ་རྟོགས་པས་ཕྱེ་སྟེ་རྟོགས་པའི་བདེན་པ་རབ་ཏུ་ཤེས་སོ། །ལུས་དང་སེམས་ལ་གནོད་པ་ཉམས་སུ་འབབ་པས་དངོས་པོའི་བདེན་པ་རབ་ཏུ་ཤེས་སོ། །འགྲོ་བར་ཉིང་མཚམས་སྦྱོར་བ་རྟོགས་པས་རབ་ཏུ་སྐྱེ་

བའི་བདེན་པ་རབ་ཏུ་ཤེས་སོ། །རིམས་ནད་ཀྱིས་ཡོངས་སུ་གདུང་བ་ཐམས་ཅད་ཤིན་ཏུ་ཞི་བས་ཟད་པ་དང་མི་སྐྱེ་བ་ཤེས་པའི་བདེན་པ་རབ་ཏུ་ཤེས་སོ། །མི་གཉིས་པ་མངོན་པར་བསྒྲུབས་པས་ལམ་ཤེས་པ་ལ་འཇུག་པའི་བདེན་པ་རབ་ཏུ་ཤེས་སོ། །རྣམ་
པ་ཐམས་ཅད་མངོན་པར་རྫོགས་པར་ཁོང་དུ་ཆུད་པས་བྱང་ཆུབ་སེམས་དཔའི་སའི་གོ་རིམས་ཐམས་ཅད་ཀྱི་མཚམས་སྦྱོར་བ་སྒྲུབ་པ་ནས་དེ་བཞིན་གཤེགས་པའི་ཡེ་ཤེས་ཡང་དག་པར་འབྱུང་བའི་བར་གྱི་བདེན་པ་རབ་ཏུ་ཤེས་ཏེ་ཞེས་གསུངས་པ་ལྟ་བུའོ། །དབུ་མ་ལ་འཇུག་པའི་
བཤད་པ་ལས། སྦྱང་དཀའ་བ་ཞེས་བྱ་བ་སེམས་བསྐྱེད་པ་ལྔ་པའོ།། །།ད་ནི་སེམས་བསྐྱེད་པ་དྲུག་པའི་དབང་དུ་བྱས་ནས་བཤད་པ། མངོན་དུ་ཕྱོགས་པར་མཉམ་གཞག་སེམས་གནས་ཏེ། །རྫོགས་པའི་སངས་རྒྱས་ཆོས་ལ་མངོན་ཕྱོགས་ཤིང་། །འདི་རྟེན་འབྱུང་
བའི་དེ་ཉིད་མཐོང་བ་དེ། །ཤེས་རབ་གནས་པས་འགོག་པ་ཐོབ་པར་འགྱུར། །བྱང་ཆུབ་སེམས་དཔའི་ས་ལྔ་པར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཐོབ་པས་ས་དྲུག་པར་མཉམ་པར་གཞག་པར་སེམས་ལ་གནས་ཤིང་རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་མོའི་དེ་
ཉིད་མཐོང་བའི་བྱང་ཆུབ་སེམས་དཔའ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པས་འགོག་པ་ཐོབ་པར་འགྱུར་གྱི་སྔ་རོལ་དུ་ནི་མ་ཡིན་ཏེ། ཤེས་རབ་ལྷག་པར་གྱུར་པ་མེད་པའི་ཕྱིར་ཏེ། སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་ཕུལ་དུ་བྱུང་བ་དང་ལྡན་པས་ནི་འགོག་པ་ཐོབ་པར་
མི་ནུས་སོ། །གཟུགས་བརྙན་དང་འདྲ་བའི་ཆོས་ཉིད་ཁོང་དུ་ཆུད་པའི་ཕྱིར་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱང་ཆུབ་སེམས་དཔའི་ས་ལྔ་པར་ལམ་གྱི་བདེན་པ་ལ་དམིགས་པའི་ཕྱིར་དང་། རྫོགས་པའི་སངས་རྒྱས་ཀྱི་ཆོས་ལ་མངོན་དུ་ཕྱོགས་པའི་ཕྱིར་ན་ས་འདི་ལ་མངོན་
དུ་གྱུར་པ་ཞེས་བྱའོ། །ད་ནི་དེ་ལས་གཞན་པའི་ཡོན་ཏན་གྱི་ཚོགས་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རག་ལས་པ་ཉིད་དུ་བསྟན་པའི་ཕྱིར་བཤད་པ། ཇི་ལྟར་ལོང་བའི་ཚོགས་ཀུན་བདེ་བླག་ཏུ། །མིག་ལྡན་སྐྱེས་བུ་གཅིག་གིས་འདོད་པ་ཡི། །ཡུལ་དུ་ཁྲིད་པ་དེ་བཞིན་

འདིར་ཡང་བློས། །མིག་ཉམས་ཡོན་ཏན་བླངས་ཏེ་རྒྱལ་ཉིད་འགྲོ། །ཇི་ལྟར་སྐྱེས་བུ་མིག་དང་ལྡན་པ་གཅིག་གིས་ལོང་བའི་ཚོགས་མཐའ་དག་མངོན་པར་འགྲོ་བར་འདོད་པའི་ཡུལ་དུ་བདེ་བླག་ཏུ་ཁྲིད་པར་བྱེད་པ་དེ་བཞིན་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཀྱང་དེ་ལས་གཞན་
པའི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་རྣམས་བླངས་ནས་བདེ་བར་གཤེགས་པའི་ས་ཀུན་ཏུ་འོད་ཅེས་བྱ་བར་འཇོག་པར་འགྱུར་ཏེ། ཡང་དག་པའི་ལམ་དང་ལམ་མ་ཡིན་པ་མཐོང་བའི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ། །འདིར་སྨྲས་པ། འདི་རྟེན་འབྱུང་བའི་དེ་ཉིད་མཐོང་བ་དེ། །ཤེས་
རབ་གནས་པས་འགོག་པ་ཐོབ་པར་འགྱུར། །ཞེས་དེ་སྐད་དུ་གང་སྨྲས་ན། ཅི་ལྟར་བྱང་ཆུབ་སེམས་དཔའ་ཆོས་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་བ་ན། འདི་ལ་བརྟེན་ནས་འབྱུང་བའི་དེ་ཁོ་ན་ཉིད་མཐོང་བར་འགྱུར་ཞེ་ན། བཤད་པ། དེའི་རང་གི་ངོ་བོ་ནི་མ་རིག་པའི་ལིང་ཐོག་
མཐུག་པོས་བློའི་མིག་མ་ལུས་པར་གཡོགས་པ་བདག་ཅག་གི་ཡུལ་དུ་ཉེ་བར་འགྲོ་བ་མ་ཡིན་གྱི། དྲུག་པ་ལ་སོགས་པ་ས་གོང་མ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡུལ་དུ་ནི་འགྱུར་ཞེ་ན། དེའི་ཕྱིར་དེ་ལ་ཁོ་བོ་ཅག་ལ་དྲི་བར་བྱ་བ་མ་ཡིན་གྱི་གང་དག་སྟོང་པ་ཉིད་
ཕྱིན་ཅི་མ་ལོག་པར་མཐོང་བའི་མིག་སྨན་མ་རིག་པའི་རབ་རིབ་ཀྱི་ལིང་ཐོག་འཇོམས་པས་བསྐུས་པ་བློའི་སྤྱན་མ་རིག་པའི་རབ་རིབ་ཀྱི་ལིང་ཐོག་དང་བྲལ་བ་དྲི་མ་མེད་པ་མངའ་བ་བྱང་ཆུབ་སེམས་དཔའ་དང་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཉིད་ལ་རྨད་པར་བྱའོ། །གལ་ཏེ་
འཕགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་འཕགས་པ་ས་བཅུ་པ་ལ་སོགས་པ་མདོ་སྡེ་གང་དག་འདོན་པ་དེ་དག་ལས་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཇི་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བའི་དེ་ཉིད་མཐོང་བ་ཞེས་བྱ་བ་གསུངས་པ་ཡིན་
ནམ། དེའི་ཕྱིར་ལུང་གི་རྗེས་སུ་འབྲངས་ནས་བཤད་པར་རིགས་སོ་ཞེ་ན། འདི་ཡང་ཡོད་པ་མ་ཡིན་ཏེ། ལུང་གི་དགོངས་པ་ངེས་པར་དཀའ་བའི་ཕྱིར་བདག་ཅག་འདྲ་བས་ལུང་ལས་ཀྱང་དེ་ཁོ་ན་ཉིད་བསྟན་པར་མི་ནུས་སོ། །རང་དབང་ཉིད་ཀྱི་དབང་དུ་བྱས་ནས་དེ་སྐད་དུ་བརྗོད་

ཀྱི། བསྟན་བཅོས་ཚད་མར་གྱུར་པའི་སྐྱེས་བུས་བྱས་ཤིང་ལུང་ཕྱིན་ཅི་མ་ལོག་པར་འཆད་པ་མཐོང་བ་ལས་ལུང་གི་དགོངས་པ་ངེས་པས་ནི། ཇི་ལྟར་དེ་ཡིས་ཆེས་ཟབ་ཆོས་རྟོགས་པ། །ལུང་དང་གཞན་ཡང་རིགས་པས་ཡིན་པས་ན། །དེ་ལྟར་འཕགས་པ་ཀླུ་
སྒྲུབ་གཞུང་ལུགས་ལས། །ཇི་ལྟར་གནས་པའི་ལུགས་བཞིན་བརྗོད་པར་བྱ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔས་ཆོས་རྣམས་ཀྱིས་བདག་ཉིད་ཇི་ལྟ་བ་ཉིད་ཇི་ལྟར་མཐོང་བ་དེ་ལྟར། འཕགས་པ་ཀླུ་སྒྲུབ་ཀྱིས་ལུང་ཕྱིན་ཅི་མ་ལོག་པར་མཁྱེན་ནས་དབུ་མའི་བསྟན་བཅོས་ལས་
རིགས་པ་དང་ལུང་དག་གིས་ཆོས་རྣམས་ཀྱི་བདག་ཉིད་ཡང་དག་པ་ཇི་ལྟ་བ་ཉིད་རང་བཞིན་མེད་པ་མཚན་ཉིད་ཅན་ཆེས་གསལ་བར་བསྟན་ཏོ། །དེའི་ཕྱིར་ཇི་ལྟར་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་རིགས་པ་དང་ལུང་དག་གིས་ཆོས་རྣམས་ཀྱི་དེ་ཉིད་བསྟན་པ་དེ་ཁོ་ན་ལྟར། བདག་གིས་
དེས་ཉེ་བར་བསྟན་པའི་ལུགས་ཇི་ལྟར་གནས་པ་བཞིན་དུ་བརྗོད་པར་བྱའོ། །ཅི་སྟེ་རེ་ཞིག་འཕགས་པ་ཀླུ་སྒྲུབ་དེ་ཉིད་ལ་ལུང་ཕྱིན་ཅི་མ་ལོག་པར་ངེས་པ་ཅི་ལྟར་ཡོད་ཅེ་ན། ལུང་ལས་ཤེས་ཏེ། ཇི་ལྟར་འཕགས་པ་ལང་ཀར་གཤེགས་པ་ལས། ལྷོ་ཕྱོགས་བེ་ཏའི་ཡུལ་དུ་ནི། །དགེ་
སློང་དཔལ་ལྡན་ཆེར་གྲགས་པ། །དེ་མིང་ཀླུ་ཞེས་བོད་པ་སྟེ། །ཡོད་དང་མེད་པའི་ཕྱོགས་འཇིག་པ། །ང་ཡི་ཐེག་པ་འཇིག་རྟེན་དུ། །བླ་མེད་ཐེག་ཆེན་རབ་བསྟན་ནས། །རབ་ཏུ་དགའ་བའི་ས་བསྒྲུབས་ཏེ། །བདེ་བ་ཅན་དུ་དེ་འགྲོའོ། །ཞེས་གསུངས་པ་དང་། ཡང་འཕགས་པ་སྤྲིན་ཆེན་
པོ་སྟོང་ཕྲག་བཅུ་གཉིས་པ་ལས་ཀྱང་། ཀུན་དགའ་བོ་ལི་ཙྪ་བཱི་གཞོན་ནུ་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ཞེས་བྱ་བ་འདི་ནི་ང་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ལོན་པ་ན་ཀླུ་ཞེས་བྱ་བའི་དགེ་སློང་དུ་གྱུར་ནས་ངའི་བསྟན་པ་རྒྱས་པར་རབ་ཏུ་བསྟན་ཏེ། མཐར་གྱིས་རབ་ཏུ་དང་
བའི་འོད་ཅེས་བྱ་བའི་འཇིག་རྟེན་གྱི་ཁམས་སུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བར་འགྱུར་རོ་ཞེས་གསུངས་སོ། །དེའི་ཕྱིར་འདིས་ལུང་ཕྱིན་ཅི་མ་ལོག་པར་ངེས་པར་གྲུབ་བོ། །རྟེན་ཅིང་འབྲེལ་པར་

འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་སྟོན་པའི་འབྲས་བུ་ཅན་གྱི་བསྟན་བཅོས་དེ་ཡང་སྔར་གོམས་པས་རྒྱུད་ལ་སྟོན་པ་ཉིད་ཀྱི་ས་བོན་བཞག་པ་རྣམས་ཁོ་ན་ལ་བསྟན་པར་བྱའི་གཞན་དག་ལ་ནི་མ་ཡིན་ཏེ། དེ་དག་སྟོང་པ་ཉིད་ཉན་པར་གྱུར་དུ་ཟིན་ཀྱང་དེ་ལ་ལོག་པར་ཞུགས་པའི་བསམ་པ་དང་ལྡན་
པ་ཉིད་ཀྱིས་དོན་མ་ཡིན་པ་ཆེན་པོ་དང་ལྡན་པའི་ཕྱིར་རོ། །འདི་ལྟར་རེས་འགའ་ནི་མི་མཁས་པས་སྟོང་པ་ཉིད་སྤངས་ནས་ངན་འགྲོར་འགྲོ་བར་འགྱུར་རོ། །རེས་འགའ་ནི་སྟོང་པ་ཉིད་ཀྱི་དོན་ནི་མེད་པ་ཡིན་ནོ་ཞེས་དེ་ལྟར་ཕྱིན་ཅི་ལོག་ཏུ་ངེས་པར་བཟུང་སྟེ། དངོས་པོ་ཐམས་ཅད་ལ་
སྐུར་པ་འདེབས་པ་ལོག་པར་ལྟ་བ་སྐྱེད་ནས་འཕེལ་བར་བྱེད་དོ། །དེའི་ཕྱིར་སྟོན་པ་པོས་ལྷག་པར་མོས་པའི་ཁྱད་པར་ངེས་པར་བྱས་ཏེ། ཉན་པ་པོ་རྣམས་ལ་སྟོང་པ་ཉིད་ཀྱི་ལྟ་བ་བཤད་པར་བྱའོ། །ཡང་ཅི་ལྟར་འདི་ལ་སྟོང་པ་ཉིད་བསྟན་པར་འོས་སོ། །འདི་ལ་སྟོང་པ་ཉིད་ཉེ་བར་བསྟན་པར་
བྱའོ་ཞེས་ངེས་པར་དཀའ་བ་ངེས་པར་ནུས་ཤེ་ན། དེ་ནི་ཕྱི་རོལ་གྱི་མཚན་མ་རྣམས་ཀྱིས་ངེས་པར་ནུས་པས་དེའི་རྒྱུ་མཚན་ཉེ་བར་བསྟན་པའི་ཕྱིར་བཤད་པ། སོ་སོ་སྐྱེ་བོའི་དུས་ནའང་སྟོང་པ་ཉིད་ཐོས་ནས། །ནང་དུ་རབ་ཏུ་དགའ་བ་ཡང་དང་ཡང་དུ་འབྱུང་། །རབ་ཏུ་དགའ་བ་ལས་བྱུང་
མཆི་མས་མིག་བརླན་ཞིང་། །ལུས་ཀྱི་བ་སྤུ་ལྡང་བར་གྱུར་པ་གང་ཡིན་པ། །དེ་ལ་རྫོགས་པའི་སངས་རྒྱས་བློ་ཡི་ས་བོན་ཡོད། །དེ་ཉིད་ཉེ་བར་བསྟན་པའི་སྣོད་ནི་དེ་ཡིན་ཏེ། །དེ་ལ་འཆད་པར་འགྱུར་བའི་མཚན་ཉིད་ཅན། །དམ་པའི་དོན་གྱི་བདེན་པ་བསྟན་པར་བྱ། །དེ་ལྟ་བུར་གྱུར་པའི་
ཉན་པ་པོ་ལ་དེ་ཁོ་ན་ཉིད་སྟོན་པ་པོའི་འབད་པ་འབྲས་བུ་མེད་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར། དེ་ལ་དེ་ཡི་རྗེས་སུ་འགྲོ་བའི་ཡོན་ཏན་འབྱུང་། །ཉན་པ་པོ་དེ་ལ་སྟོང་པ་ཉིད་དུ་འཛིན་པའི་ཕྱིན་ཅི་ལོག་གིས་བསྐྱེད་པའི་དོན་མ་ཡིན་པ་དང་ལྡན་པར་མི་འགྱུར་བ་འབའ་ཞིག་ཏུ་
མ་ཟད་ཀྱི། སྟོང་པ་ཉིད་ཀྱི་ལྟ་བ་ཉན་པའི་རྒྱུ་ཅན་ཡོན་ཏན་རྣམས་ཀྱང་འབྱུང་བར་འགྱུར་རོ། །ཅི་ལྟར་ཞེ་ན། དེ་སྟོང་པ་ཉིད་ཀྱི་ལྟ་བ་ཉན་པ་ལ་གཏེར་རྙེད་པ་དང་འདྲ་བར་སེམས་ཤིང་དེ་མི་ཉམས་པར་བྱ་བའི་ཕྱིར། རྟག་ཏུ་ཚུལ་ཁྲིམས་ཡང་དག་བླངས་ནས་གནས་པར་འགྱུར། །སྦྱིན་

པ་གཏོང་བར་འགྱུར་ཞིང་སྙིང་རྗེ་སྟེན་པར་བྱེད། །བཟོད་པ་སྒོམ་བྱེད་དེ་ཡི་དགེ་བ་བྱང་ཆུབ་ཏུ། །འགྲོ་བ་དགྲོལ་བར་བྱ་ཕྱིར་ཡོངས་སུ་སྔོ་བྱེད་ཅིང་། །རྫོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་གུས་པར་བྱེད། །དེ་ལ་བདག་ཚུལ་ཁྲིམས་འཆལ་བའི་རྐྱེན་གྱིས་
ངན་འགྲོར་ལྟུང་ན་སྟོང་པ་ཉིད་ཀྱི་ལྟ་བ་རྒྱུན་ཆད་པར་འགྱུར་དུ་འོང་ངོ་སྙམ་དུ་རིག་ནས་རྟག་ཏུ་ཚུལ་ཁྲིམས་ཡང་དག་པར་བླངས་ནས་གནས་སོ། །བདག་ཚུལ་ཁྲིམས་ཀྱིས་བདེ་འགྲོར་སྐྱེས་ཀྱང་དབུལ་པོར་གྱུར་ན་ཟས་དང་སྨན་དང་ཆོས་གོས་ལ་སོགས་པ་འཚོ་བའི་ཡོ་བྱད་ཚོལ་བ་ལྷུར་བྱེད་པས་སྟོང་
པ་ཉིད་ཉན་པ་རྒྱུན་ཆད་པར་འགྱུར་དུ་འོང་ངོ་སྙམ་ཞིང་སྦྱིན་པ་གཏོང་བར་བྱེད་དོ། །སྟོང་པ་ཉིད་ཀྱི་ལྟ་བ་སྙིང་རྗེས་ཡོངས་སུ་ཟིན་པ་ནི་སངས་རྒྱས་ཉིད་འདྲེན་པར་བྱེད་པ་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ་ཞེས་སྙིང་རྗེ་སྟེན་པར་བྱེད་དོ། །ཁྲོ་བས་ནི་ངན་སོང་དུ་འགྲོ་ཞིང་ཁ་དོག་ངན་པ་ཐོབ་པར་བྱེད་པས་
དེའི་རྐྱེན་གྱིས་འཕགས་པ་རྣམས་མཉེས་པར་བྱེད་པར་མི་འགྱུར་རོ་སྙམ་སྟེ་བཟོད་པ་སྒོམ་པར་བྱེད་དོ། །ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་མ་བསྔོས་པའི་ཚུལ་ཁྲིམས་ལ་སོགས་པ་དག་ནི་སངས་རྒྱས་ཉིད་ཐོབ་པའི་རྒྱུ་དང་འབྲས་བུ་དཔག་ཏུ་མེད་པ། རྣམ་པར་ཆད་པ་མེད་པར་
འབྱུང་བར་མི་འགྱུར་བས། དགེ་བའི་རྩ་བ་དེ་ཡང་འགྲོ་བ་དགྲོལ་བའི་ཕྱིར་བྱང་ཆུབ་ཏུ་རབ་ཏུ་སྔོ་བར་བྱེད་དོ། །བྱང་ཆུབ་སེམས་དཔའ་མ་གཏོགས་པར་གཞན་དག་གིས་རྟེན་ཅིང་འབྲེལ་པར་འབྱུང་བའི་བདག་ཉིད་ཇི་ལྟ་བ་ཉིད་ཉེ་བར་བསྟན་པར་མི་ནུས་སོ་སྙམ་དུ་བསམས་ནས།
རྫོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་གུས་པར་བྱེད་དོ། །དེ་ལྟར་ཡུན་རིང་པོར་བར་ཆད་མེད་པར་དགེ་བའི་ཚོགས་གདོན་མི་ཟ་བར་བསགས་པར་གྱུར་ནས། ཟབ་ཅིང་རྒྱ་ཆེའི་ཚུལ་ལ་མཁས་པའི་སྐྱེ་བོས་ནི། །རིམ་གྱིས་རབ་ཏུ་དགའ་བའི་ས་ནི་ཐོབ་འགྱུར་བས། །དེ་ནི་
དོན་དུ་གཉེར་བས་ལམ་འདི་མཉན་པར་གྱིས། །ས་རབ་ཏུ་དགའ་བ་དོན་དུ་གཉེར་བས་ཞེས་བྱ་བའི་ཐ་ཚིག་གོ། །འདི་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་མཚན་ཉིད་ཅན་ནོ། །དེ་ལ་ཆོས་རྣམས་ཀྱི་ཡང་དག་པ་ཇི་ལྟ་བ་ཉིད་བསྟན་པ་ལ་འདི་ནི་རེ་ཞིག་ལུང་ཡིན་ཏེ། ཇི་སྐད་དུ་འཕགས་

པ་ས་བཅུ་པ་ལས། ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའ་ས་ལྔ་པ་ལ་ལམ་ཤིན་ཏུ་ཡོངས་སུ་རྫོགས་པའི་བྱང་ཆུབ་སེམས་དཔའ་དེ་བྱང་ཆུབ་སེམས་དཔའི་ས་དྲུག་པ་ལ་འཇུག་སྟེ། དེ་ཆོས་མཉམ་པ་ཉིད་བཅུས་འཇུག་གོ། །བཅུ་གང་ཞེ་ན་འདི་ལྟ་སྟེ། ཆོས་ཐམས་ཅད་
མཚན་མ་མེད་པར་མཉམ་པ་ཉིད་དང་། ཆོས་ཐམས་ཅད་མཚན་ཉིད་མེད་པར་མཉམ་པ་ཉིད་དང་། དེ་བཞིན་དུ་སྐྱེ་བ་མེད་པ་དང་། མ་སྐྱེས་པ་དང་། དབེན་པ་དང་། གདོད་མ་ནས་རྣམ་པར་དག་པ་དང་། སྤྲོས་པ་མེད་པ་དང་། བླང་བ་མེད་པ་དང་། དོར་བ་མེད་པར་
མཉམ་པ་ཉིད་དང་། ཆོས་ཐམས་ཅད་སྒྱུ་མ་དང་རྨི་ལམ་དང་མིག་ཡོར་དང་བྲག་ཅ་དང་ཆུ་ཟླ་དང་གཟུགས་བརྙན་དང་སྤྲུལ་པ་ལྟ་བུར་མཉམ་པ་ཉིད་དང་། ཆོས་ཐམས་ཅད་དངོས་པོ་དང་དངོས་པོ་མེད་པ་གཉིས་སུ་མེད་པར་མཉམ་པ་ཉིད་དོ། །དེ་ཆོས་ཐམས་ཅད་ཀྱི་རང་བཞིན་དེ་ལྟར་རབ་
ཏུ་རྟོགས་པ་ན་རྣོ་ཞིང་རྗེས་སུ་མཐུན་པའི་བཟོད་པས་བྱང་ཆུབ་སེམས་དཔའི་ས་དྲུག་པ་མངོན་དུ་གྱུར་པ་རྗེས་སུ་ཐོབ་སྟེ་ཞེས་གསུངས་པ་ལྟ་བུའོ། །དེའི་ཕྱིར་འདིར་ཆོས་སྐྱེ་བ་དང་མཉམ་པ་ཉིད་ཁོ་ན་རིགས་པས་བསྟན་པ་ཉིད་ཀྱིས་ཆོས་མཉམ་པ་ཉིད་གཞན་བསྟན་པ་སླ་བར་དགོངས་ཏེ།
སློབ་དཔོན་གྱིས་དབུ་མའི་བསྟན་བཅོས་ཀྱི་དང་པོར། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ན་ཡང་། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་ཉེ་བར་བཀོད་པ་ཡིན་ནོ། །ནམ་ཡང་ཞེས་བྱ་བ་ནི་གཞར་ཡང་ཞེས་བྱ་
བའི་དོན་ཏོ། །གང་ན་ཡང་ཞེས་བྱ་བའི་སྒྲ་འགར་ཡང་གི་སྒྲའི་རྣམ་གྲངས་རྟེན་གྱི་ཚིག་གིས་ནི་ཡུལ་དང་དུས་དང་གྲུབ་པའི་མཐའ་བཤད་དོ། །གང་དག་གི་སྒྲ་བརྟེན་པའི་ཚིག་ནི་ཕྱི་དང་ནང་གི་དངོས་པོ་བརྗོད་པའོ། །དེས་ན་ཕྱི་དང་ནང་གི་དངོས་པོ་རྣམས་ནི་ཡུལ་དང་དུས་དང་
གྲུབ་པའི་མཐའ་འགར་ཡང་བདག་ལས་སྐྱེ་བ་སྲིད་པ་མ་ཡིན་ནོ་ཞེས་འདི་ལྟར་སྦྱར་བར་བྱའོ། །འདིར་མ་ཡིན་ཞེས་བྱ་བ་འདི་ཡོད་པ་ཉིད་ཀྱི་སྒྲུབ་བྱེད་རང་ལས་སྐྱེ་བ་དང་སྦྲེལ་གྱི་ཡོད་པ་དང་ནི་མ་ཡིན་ཏེ། དེ་དགག་པ་དོན་གྱིས་གྲུབ་པའི་ཕྱིར་རོ། །དེ་བཞིན་དུ་དམ་བཅའ་བ་

གསུམ་ཅར་ལ་ཡང་སྦྱར་བར་བྱའོ། །དམ་བཅའ་བ་བཞི་པོ་དེ་རྗེས་སུ་བརྗོད་ནས་རིགས་པས་སྒྲུབ་པའི་ཕྱིར་བཤད་པ། དེ་ཉིད་དེ་ལས་བྱུང་མིན་གཞན་དག་ལས་ལྟ་ག་ལ་ཞིག །གཉིས་ཀ་ལས་ཀྱང་མ་ཡིན་རྒྱུ་མེད་པར་ནི་ག་ལ་ཡོད། །བདག་ལས་སྐྱེས་པ་མ་
ཡིན་ཏེ་ཞེས་བྱ་བའི་དོན་གང་ཡིན་པ་དེ་ཉིད་དེ་ལས་འབྱུང་མིན་ཞེས་བྱ་བ་ཡིན་ཏེ། དེ་བཞིན་དུ་ལྷག་མ་ལ་ཡང་སྦྱར་བར་བྱའོ། །ཡང་འདི་གང་ལས་ངེས་ཤེ་ན་འདི་ལྟར། དེ་ནི་དེ་ལས་བྱུང་ན་ཡོན་ཏན་འགའ་ཡང་ཡོད་མ་ཡིན། །སྐྱེས་པར་གྱུར་པ་སླར་ཡང་སྐྱེ་བ་རིགས་པའང་མ་ཡིན་
ཉིད། །དེ་ནི་ཞེས་བྱ་བ་ནི་སྐྱེ་བཞིན་པ་སྐྱེ་བའི་བྱ་བའི་བྱེད་པ་པོ་སྟེ་མྱུ་གུ་ཞེས་བྱ་བའི་དོན་ཏོ། །དེ་ལས་ཞེས་བྱ་བ་ནི་སྐྱེ་བཞིན་པ་དེ་ཉིད་ཀྱི་བདག་གི་ངོ་བོ་ལས་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་མྱུ་གུའི་རང་གི་བདག་ཉིད་དེ་ཉིད་ལས་མྱུ་གུའི་རང་གི་བདག་ཉིད་དེ་ཉིད་འབྱུང་བ་མ་ཡིན་ནོ་ཞེས་བྱ་བ་
འདི་ནི་འདིར་དམ་བཅའ་བའི་དོན་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་བདག་ཉིད་ཡོད་པ་ཐོབ་པ་དེ་ཉིད་མྱུ་གུའི་རང་གི་བདག་ཉིད་ཡོད་བཞིན་པ་དེ་ཉིད་ལས་འབྱུང་བ་ལ་ཡོན་ཏན་ལྷག་པ་འགའ་ཡང་ཡོད་པ་མ་ཡིན་ཏེ། ཡོད་པ་ཉིད་སྔར་ཐོབ་ཟིན་པའི་ཕྱིར་རོ། །བདག་ལས་སྐྱེ་བའི་ཕྱོགས་
འདི་ནི་རིགས་པ་དང་འགལ་བ་ཡང་ཡིན་ནོ་ཞེས་བཤད་པ་ནི། སྐྱེས་པར་གྱུར་པ་སླར་ཡང་སྐྱེ་བ་རིགས་པའང་མ་ཡིན་ཉིད། །ཅེས་བྱའོ། །འདི་ན་དམ་བཅའ་བ་ཙམ་ཞིག་ཏུ་ཟད་པས་རིགས་པའི་དབང་དུ་བྱས་ནས། སྐྱེས་ཟིན་སླར་ཡང་སྐྱེ་བར་ཡོངས་སུ་རྟོག་པར་འགྱུར་ན་ནི། །མྱུ་གུ་ལ་
སོགས་རྣམས་ཀྱི་སྐྱེ་བ་འདིར་རྙེད་མི་འགྱུར་ཞིང་། །ཞེས་བྱ་བ་སྨོས་ཏེ། སྐྱེས་ཟིན་པའི་ས་བོན་ཡང་སྐྱེ་བར་འདོད་ན་ནི། གང་གི་འདི་ཡང་སྐྱེ་བ་བཀག་ནས་མྱུ་གུ་སྐྱེ་བར་རྟོག་པར་བྱེད་པར་འགྱུར་བ་སླར་ཡང་དེ་སྐྱེ་བ་ལ་གེགས་ཅི་ཞིག་ཡོད། དེའི་ཕྱིར་མྱུ་གུ་དང་སྡོང་བུ་དང་སྦུབས་འཆའ་
བ་ལ་སོགས་པ་རྣམས་གཏན་མི་སྐྱེ་བར་འགྱུར་རོ། །གཞན་ཡང་། ས་བོན་སྲིད་མཐར་ཐུག་པར་རབ་ཏུ་སྐྱེ་བ་ཉིད་དུ་འགྱུར་ཏེ། ཇི་སྐད་དུ་བཤད་པའི་རྒྱུ་ཉིད་ཀྱི་ཕྱིར་རོ། །ཅི་སྟེ་མྱུ་གུ་སྐྱེ་བ་ལ་ཕན་འདོགས་པའི་རྐྱེན་ཆུ་དང་དུས་ལ་སོགས་པ་རྣམས་ནི་ས་བོན་རྣམ་པར་འགྱུར་བར་བྱེད་ཅིང་མྱུ་

གུ་སྐྱེད་པར་བྱེད་ལ། མྱུ་གུ་དེ་ཡང་བྱེད་པ་པོ་དང་ལྷན་ཅིག་གནས་པར་འགལ་བ་ཉིད་ཀྱི་ཕྱིར་ས་བོན་འཇིག་པར་བྱེད་ཅིང་འབྱུང་བ་ཡིན་ཏེ། དེའི་ཕྱིར་ཇི་སྐད་སྨྲས་པའི་ཉེས་པའི་སྐབས་མེད་ཅིང་། ས་བོན་དང་མྱུ་གུ་དག་གཞན་མ་ཡིན་པ་ཉིད་ཀྱི་ཕྱིར་བདག་ལས་མི་སྐྱེ་བ་ཡང་མ་ཡིན་ནོ་
སྙམ་ན། འདི་ཡང་མི་རུང་སྟེ། གང་གི་ཕྱིར། ཇི་ལྟར་དེ་ཉིད་ཀྱིས་དེ་རྣམ་པར་འཇིག་པར་བྱེད་པར་འགྱུར། ས་བོན་དང་མྱུ་གུ་དག་གཞན་མ་ཡིན་པ་ཉིད་ཀྱི་ཕྱིར། མྱུ་གུས་ཀྱང་འདི་འཇིག་པར་བྱེད་པར་མི་རིགས་ཏེ། རང་གི་བདག་ཉིད་བཞིན་ནོ་སྙམ་དུ་བསམས་པའོ། །གཞན་
ཡང་། བྱེད་རྒྱུ་ས་བོན་གྱི་ལས་ཐ་དད་མྱུ་གུའི་དབྱིབས་དང་ནི། །ཁ་དོག་རོ་ནུས་སྨིན་པའི་ཐ་དད་ཁྱོད་ལ་མེད་པར་འགྱུར། །དེ་ལ་དབྱིབས་ནི་རིང་པོ་དང་ཟླུམ་པོ་ལ་སོགས་པའོ། །ཁ་དོག་ནི་སེར་པོ་ལ་སོགས་པའོ། །རོ་ནི་མངར་བ་ལ་སོགས་པའོ། །ནུས་པ་ནི་མཐུའི་ཁྱད་
པར་ནུས་མཐུའི་བྱེ་བྲག་སྟེ། དཔེར་ན་གཞང་འབྲུམ་གྱི་སྨན་ལུས་དང་ཉེ་བ་ཙམ་གྱིས་གཞང་འབྲུམ་སེལ་བ་དང་། རྩི་སྨན་ལ་སོགས་པ་རྣམས་བཅངས་པ་ཙམ་གྱིས་ནམ་མཁའ་ལ་འགྲོ་བ་ལྟ་བུའོ། །རྣམ་པར་སྨིན་པ་ནི་རྫས་ཀྱི་ཁྱད་པར་ཡོངས་སུ་འགྱུར་བས་ཐོབ་པར་བྱ་བ་སྟེ། དཔེར་
ན་པི་པི་ལིང་ལ་སོགས་པ་རྣམས་མངར་པོ་ཉིད་དུ་འགྱུར་བ་ལྟ་བུའོ། །གལ་ཏེ་ས་བོན་དང་མྱུ་གུ་དག་གཞན་མ་ཡིན་པ་ཉིད་ཡིན་ན་ནི་ས་བོན་གྱི་རང་གི་བདག་ཉིད་ལ་ཡོད་པ་ལྟར། མྱུ་གུ་ལ་ཡང་དབྱིབས་ལ་སོགས་པ་ཐ་མི་དད་པར་དམིགས་པར་འགྱུར་བ་ཞིག་ན། དམིགས་པ་ཡང་མ་ཡིན་
པ་དེའི་ཕྱིར། སྒོག་སྐྱ་ལ་སོགས་པའི་ས་བོན་དག་ལས་ཆུ་ཤིང་ལ་སོགས་པའི་མྱུ་གུ་རྣམས་ལྟར་གཞན་མ་ཡིན་པ་ཉིད་དུ་མི་རིགས་སོ། །ཅི་སྟེ་ས་བོན་གྱི་གནས་སྐབས་བཏང་ནས་གནས་སྐབས་གཞན་འཐོབ་པས་ས་བོན་ཉིད་མྱུ་གུར་འགྱུར་བ་ཡིན་ནོ་སྙམ་ན། དེ་ལྟར་ན་ཡང་། གལ་ཏེ་
སྔར་གྱི་བདག་གི་དངོས་པོ་བསལ་ནས་དེ་ལས་གཞན། །ངོ་བོར་འགྱུར་ན་དེ་ཚེ་དེ་ཡི་དེ་ཉིད་ཇི་ལྟར་འགྱུར། །དེའི་དངོས་པོ་ནི་དེ་ཉིད་དེ་གཞན་མ་ཡིན་པ་ཉིད་ཅེས་བྱ་བའི་དོན་ཏོ། །རྟོག་པ་འདི་ལས་མྱུ་གུའི་གཞན་མ་ཡིན་པ་ཉིད་སྲིད་པ་མ་ཡིན་པས་འདིའི་གཞན་མ་ཡིན་པ་ཉིད་སྙམ་པ་ཡིན་

ནོ། །ཅི་སྟེ་ས་བོན་དང་མྱུ་གུ་དག་དབྱིབས་ལ་སོགས་པ་ཐ་དད་ཀྱང་རྫས་ཐ་མི་དད་དོ་སྙམ་ན། དེ་ལྟ་མ་ཡིན་ཏེ། དབྱིབས་ལ་སོགས་པ་མ་བཟུང་ན་དེ་དག་གི་རྫས་མ་བཟུང་བའི་ཕྱིར་རོ། །གཞན་ཡང་། གལ་ཏེ་ཁྱོད་ཀྱི་ས་བོན་མྱུ་གུ་འདིར་གཞན་མ་ཡིན་ན། །ས་
བོན་བཞིན་དུ་མྱུ་གུ་ཞེས་བྱ་དེ་བཟུང་མེད་པ་འམ། །ཡང་ན་དེ་དག་གཅིག་པས་ཇི་ལྟར་མྱུ་གུ་འདི་བཞིན་དུ། །དེ་ཡང་གཟུང་དུ་ཡོད་འགྱུར་དེ་ཕྱིར་འདི་ནི་ཁས་མི་བླང་། །ཇི་ལྟར་མྱུ་གུའི་གནས་སྐབས་ས་བོན་གྱི་བདག་ཉིད་རང་གི་ངོ་བོས་གཟུང་དུ་མེད་པ་དེ་བཞིན་དུ། ས་བོན་ལས་གཞན་
མ་ཡིན་པ་ཉིད་ཀྱི་ཕྱིར་ས་བོན་གྱི་རང་གི་བདག་ཉིད་ལྟར་མྱུ་གུའི་རང་གི་བདག་ཉིད་ཀྱང་གཟུང་དུ་ཡོད་པར་མི་འགྱུར་རོ། །ཡང་ན་ཇི་ལྟར་མྱུ་གུ་གཟུང་དུ་ཡོད་པ་དེ་བཞིན་དུ་མྱུ་གུའི་རང་གི་བདག་ཉིད་ལྟར་ས་བོན་ཡང་གཟུང་དུ་ཡོད་པར་འགྱུར་ཏེ། མྱུ་གུ་ལ་སོགས་པ་ལས་གཞན་མ་ཡིན་པ་ཉིད་
ཀྱི་ཕྱིར་རོ། །ཉེས་པར་ཐལ་བར་འགྱུར་བ་ཡོངས་སུ་སྤང་བར་འདོད་པས་ནི་ས་བོན་དང་མྱུ་གུ་དག་གཞན་མ་ཡིན་པ་ཉིད་དུ་ཁས་བླང་བར་བྱ་བ་ཡང་མ་ཡིན་ནོ། །དེའི་ཕྱིར་དེ་ལྟར་དེ་ཉིད་རྟོགས་པར་འདོད་པའི་ལུགས་གཞན་དུ་བརྟག་པའི་བདག་ལས་སྐྱེ་བ་བཟློག་ནས་ལུགས་གཞན་དུ་
བློ་མ་སྦྱངས་པའི་འཇིག་རྟེན་གྱི་ཐ་སྙད་དུ་ཡང་རྟོག་པ་འདི་མི་འཐད་དོ་ཞེས་བསྟན་པའི་ཕྱིར་བཤད་པ། གང་གི་རྒྱུ་ཞིག་ན་ཡང་དེ་ཡི་འབྲས་བུ་མཐོང་བའི་ཕྱིར། །དེ་དག་གཅིག་པ་ཡིན་ཞེས་འཇིག་རྟེན་གྱིས་ཀྱང་ཁས་མི་ལེན། །འདི་ལྟར་རྒྱུ་ས་བོན་ཞེས་བྱ་བ་འགགས་ཟིན་ཀྱང་འབྲས་བུ་མྱུ་གུ་
ཞེས་བྱ་བ་མཐོང་བ་དེའི་ཕྱིར། འཇིག་རྟེན་གྱིས་ཀྱང་ས་བོན་མྱུ་གུ་དག་གཞན་མ་ཡིན་པ་ཉིད་དུ་མི་མཐོང་སྟེ། གཅིག་ཉིད་ཡིན་ན་ནི་རྒྱུ་བཞིན་དུ་འབྲས་བུ་ཡང་མཐོང་བར་མི་འགྱུར་བ་ཞིག་ན་མཐོང་བ་ཡང་ཡིན་ཏེ། དེའི་ཕྱིར་དེ་དག་གཞན་མ་ཡིན་པ་ཉིད་མ་ཡིན་ནོ། །གང་གི་ཕྱིར་
ཕྱོགས་གཉི་ག་ལྟར་ཡང་བདག་ལས་སྐྱེ་བ་རིགས་པ་དང་འགལ་བ། །དེ་ཕྱིར་དངོས་པོ་བདག་ལས་འབྱུང་ཞེས་རབ་ཏུ་བརྟགས་པ་འདི། །དེ་ཉིད་དང་ནི་འཇིག་རྟེན་དུ་ཡང་རིགས་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་སློབ་དཔོན་གྱིས་ཁྱད་པར་དུ་མ་མཛད་པར། བདག་ལས་མ་ཡིན་ཞེས་

སྤྱིར་སྐྱེ་བ་བཀག་པ་ཡིན་ནོ། །གང་ཞིག་དངོས་པོ་རྣམས་ནི་དོན་དམ་པར་བདག་ལས་སྐྱེས་པ་མ་ཡིན་ཏེ། ཡོད་པའི་ཕྱིར་སེམས་ཅན་བཞིན་ནོ་ཞེས་ཁྱད་པར་དུ་བྱེད་པ་དེའི་དོན་དམ་པར་ཞེས་བྱ་བའི་ཁྱད་པར་དོན་མེད་དོ་ཞེས་བསམ་པར་བྱའོ། །གཞན་ཡང་། བདག་ལས་སྐྱེ་བར་འདོད་ན་
བསྐྱེད་པར་བྱ་དང་སྐྱེད་བྱེད་དང་། །ལས་དང་བྱེད་པ་པོ་ཡང་གཅིག་ཉིད་འགྱུར་ན་དེ་དག་ནི། །གཅིག་ཉིད་མ་ཡིན་པས་ན་བདག་ལས་སྐྱེ་བར་ཁས་བླང་བར། །བྱ་མིན་རྒྱ་ཆེར་བཤད་པའི་ཉེས་པར་ཐལ་བར་འགྱུར་ཕྱིར་རོ། །ཇི་སྐད་དུ། རྒྱུ་དང་འབྲས་བུ་གཅིག་ཉིད་དུ། །ནམ་ཡང་འཐད་པར་
མི་འགྱུར་རོ། །རྒྱུ་དང་འབྲས་བུ་གཅིག་ཉིད་ན། །སྐྱེ་དང་བསྐྱེད་པ་གཅིག་ཏུ་འགྱུར། །ཞེས་གསུངས་སོ། །གཅིག་པ་ཉིད་ནི་ཡོད་པ་མ་ཡིན་ཏེ། ཕ་དང་བུ་དག་གམ་མིག་དང་རྣམ་པར་ཤེས་པ་དག་ཀྱང་གཅིག་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། གལ་ཏེ་ཤིང་དེ་མེ་ཡིན་
ན། །བྱེད་པ་པོ་དང་ལས་གཅིག་འགྱུར། །ཞེས་གསུངས་སོ། །དེའི་ཕྱིར་དེ་ལྟ་བུ་ལ་སོགས་པའི་སྐྱོན་དུ་ཐལ་བར་འགྱུར་བའི་འཇིགས་པ་ལས་ན། བདེན་པ་གཉིས་ཕྱིན་ཅི་མ་ལོག་པར་རྟོགས་པར་འདོད་པས་དངོས་པོ་རྣམས་བདག་ལས་སྐྱེ་བར་ཁས་བླང་བར་མི་བྱའོ། །འདིར་དངོས་པོ་
རྣམས་བདག་ལས་འབྱུང་བར་མི་འགྱུར་ཏེ་ཞེས་བྱ་བ་འདི་ངེས་པ་ཡིན་ལ་ཕྱོགས་འདི་ནི་རིགས་པ་ཉིད་ཀྱང་ཡིན་ན། གང་འདི་སྐད་དུ། གཞན་དག་ལས་ལྟ་ག་ལ་ཞིག །ཅེས་སྨྲས་པ་དེ་ནི་མི་རིགས་སོ། །འདི་ལྟར་གཞན་དུ་གྱུར་པའི་རྐྱེན་བཞི་པོ་རྒྱུ་དང་དམིགས་པ་དང་དེ་མ་ཐག་པ་དང་དེ་བཞིན་དུ་
བདག་པོ་སྟེ། རྐྱེན་རྣམས་དངོས་པོ་རྣམས་ཀྱི་སྐྱེད་པར་བྱེད་པའོ་ཞེས་བྱ་བའི་གསུང་རབ་ལ་ལྟོས་ནས་མི་འདོད་བཞིན་དུ་ཡང་གཞན་ལས་སྐྱེ་བར་ཁས་བླང་བར་བྱའོ། །དེ་ལ་ཁ་ཅིག་ན་རེ། རྒྱུའི་རྐྱེན་ནི་བྱེད་རྒྱུ་མ་གཏོགས་པའི་རྒྱུ་ལྔའོ། །དེ་ལ་དམིགས་པར་བྱས་ན་དམིགས་པ་སྟེ། ཅི་
རིགས་པར་རྣམ་པར་ཤེས་པ་དྲུག་གི་དམིགས་པ་ཆོས་ཐམས་ཅད་ནི་དམིགས་པའི་རྐྱེན་ནོ། །ཕུང་པོ་ལྷག་མ་མེད་པར་མྱ་ངན་ལས་འདས་པར་འཇུག་པའི་སེམས་ལས་གཞན་པའི་སེམས་དང་སེམས་ལས་བྱུང་བ་རྣམས་ནི་དེ་མ་ཐག་པའི་རྐྱེན་ནོ། །བྱེད་རྒྱུ་ནི་བདག་པོའི་རྐྱེན་ཡིན་ནོ་ཞེའོ། །

གཞན་དག་ན་རེ། སྒྲུབ་པར་བྱེད་པ་ནི་རྒྱུ་ཡིན་ནོ་ཞེས་བྱ་བའི་མཚན་ཉིད་ལས་གང་ཞིག་གང་གི་སྐྱེད་པར་བྱེད་པ་ས་བོན་གྱི་ངོ་བོར་གནས་པ་དེ་ནི་དེའི་རྒྱུའི་རྐྱེན་ཡིན་ལ། སྐྱེས་བུ་རྒན་པོ་ལྡང་བ་ལྟར་སེམས་དང་སེམས་ལས་བྱུང་བ་རྒྱུ་ལས་སྐྱེས་བཞིན་པ་རྣམས་རྟེན་
ཁར་བ་དང་འདྲ་བའི་དམིགས་པ་གང་གིས་བསྐྱེད་པར་འགྱུར་བ་དེ་ནི་དམིགས་པའི་རྐྱེན་ཏེ། སྐྱེ་བཞིན་པའི་ཆོས་ཀྱི་རྟེན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྒྱུ་འགགས་མ་ཐག་པ་ནི་འབྲས་བུ་སྐྱེ་བའི་རྐྱེན་ཡིན་ཏེ། དཔེར་ན་ས་བོན་འགགས་མ་ཐག་པ་མྱུ་གུའི་མཚུངས་པ་དེ་མ་ཐག་པའི་རྐྱེན་མ་
ཡིན་པ་ལྟ་བུའོ། །གང་ཞིག་ཡོད་ན་གང་འབྱུང་བ་དེ་ནི་དེའི་བདག་པོའི་རྐྱེན་ཡིན་ནོ་ཞེའོ། །ཡང་རྐྱེན་གཞན་གང་དག་ལྷན་ཅིག་སྐྱེས་པ་དང་ཕྱི་ནས་སྐྱེས་པ་ལ་སོགས་པ་དེ་དག་ཀྱང་འདི་རྣམས་ཀྱི་ནང་དུ་འདུས་པ་ཡིན་ནོ། །དབང་ཕྱུག་ལ་སོགས་པ་དག་ནི་རྐྱེན་མ་ཡིན་ཏེ་དེའི་ཕྱིར། རྐྱེན་
ལྔ་པ་ནི་ཡོད་མ་ཡིན། །ཞེས་ངེས་པར་འཛིན་པར་བྱེད་དོ་ཞེས་སྨྲའོ། །འདི་ནི་གཞག་པར་ནུས་པ་མ་ཡིན་ཏེ། རིགས་པ་དང་ལུང་དང་འགལ་བའི་ཕྱིར་རོ། །དེ་ལ་རིགས་པའི་དབང་དུ་བྱས་ནས་བརྗོད་པ། གཞན་ལ་བརྟེན་ནས་གལ་ཏེ་གནས་ཞིག་འབྱུང་བར་འགྱུར་ན་ནི། །འོ་ན་མེ་
ལྕེ་བས་ཀྱང་མུན་པ་མཐུག་པོ་འབྱུང་འགྱུར་ཞིང་སྟེ་གཞན་ཉིད་ཡིན་པའི་ཕྱིར་རོ། །དེ་ནི་མཐོང་བའམ་རིག་པ་ཡང་མ་ཡིན་ཏེ། དེའི་ཕྱིར་འདི་ནི་ཡོད་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། རྒྱུ་དང་འབྲས་བུ་གཞན་ཉིད་དུ། །ནམ་ཡང་འཐད་པར་མི་འགྱུར་རོ། །རྒྱུ་དང་འབྲས་བུ་གཞན་ཉིད་ན། །
རྒྱུ་དང་རྒྱུ་མིན་མཚུངས་པར་འགྱུར། །ཞེས་གསུངས་སོ། །གཞན་ཡང་། ཐམས་ཅད་ལས་ཀྱང་ཐམས་ཅད་སྐྱེ་བར་འགྱུར་ཏེ། རྒྱུར་གྱུར་པ་དང་རྒྱུ་མ་ཡིན་པར་གྱུར་པ་ཐམས་ཅད་ལས་ཀྱང་དངོས་པོ་འབྲས་བུར་གྱུར་པ་དང་འབྲས་བུར་མ་གྱུར་པ་ཐམས་ཅད་སྐྱེ་བར་འགྱུར་རོ། །ཅིའི་
ཕྱིར་ཞེ་ན། གང་གི་ཕྱིར། སྐྱེད་པར་བྱེད་པ་མ་ཡིན་མ་ལུས་པ་ཡང་གཞན་ཉིད་མཚུངས། །ཇི་ལྟར་སྐྱེད་པར་བྱེད་པའི་སཱ་ལུ་ས་བོན་རང་གི་འབྲས་བུ་སཱ་ལུའི་མྱུ་གུ་ལས་གཞན་ཉིད་ཡིན་པ་དེ་བཞིན་དུ། སྐྱེད་པར་བྱེད་པ་མ་ཡིན་པ་མེ་དང་སོལ་བ་དང་ནས་ཀྱི་ས་བོན་ལ་སོགས་པ་ཡང་

ཡིན་ནོ། །ཇི་ལྟར་སཱ་ལུའི་ས་བོན་གཞན་དུ་གྱུར་པ་ལས་སཱ་ལུའི་མྱུ་གུ་སྐྱེ་བ་དེ་བཞིན་དུ། མེ་དང་སོལ་བ་དང་ནས་ཀྱི་ས་བོན་ལ་སོགས་པ་དག་ལས་ཀྱང་འགྱུར་རོ། །ཡང་ཇི་ལྟར་སཱ་ལུའི་མྱུ་གུའི་གཞན་དུ་གྱུར་པ་སཱ་ལུའི་ས་བོན་ལས་འབྱུང་བ་དེ་བཞིན་དུ་བུམ་པ་དང་སྣམ་བུ་ལ་སོགས་པ་
རྣམས་ཀྱང་འགྱུར་བ་ཞིག་ན། དེ་ནི་མཐོང་བ་ཡང་མ་ཡིན་ཏེ། དེའི་ཕྱིར་འདི་ཡང་ཡོད་པ་མ་ཡིན་ནོ། །འདིར་སྨྲས་པ། རྒྱུ་དང་འབྲས་བུ་གཉིས་ལ་གཞན་ཉིད་ཀྱང་ཡོད་ལ་ཐམས་ཅད་ལས་ཐམས་ཅད་འབྱུང་བར་ཐལ་བ་ཡང་མ་ཡིན་ཏེ། ངེས་པ་མཐོང་བའི་ཕྱིར་རོ། །འདིར་ངེས་པ་
ནི་འདི་ཡིན་ཏེ། གང་གི་ཕྱིར། རབ་ཏུ་བྱ་བར་ནུས་པ་དེའི་ཕྱིར་འབྲས་བུར་ངེས་བརྗོད་ཅིང་། །གང་ཞིག་དེས་བསྐྱེད་ནུས་པ་དེ་ནི་གཞན་ནའང་རྒྱུ་ཡིན་ལ། །རྒྱུད་གཅིག་གཏོགས་དང་སྐྱེད་པར་བྱེད་ལས་སྐྱེ་བ་དེ་ཡི་ཕྱིར། །སཱ་ལུའི་མྱུ་གུ་ནས་ལ་སོགས་ལས་དེ་ལྟ་མིན་ཞེ་ན། །འདིར་
འབྲས་བུ་ཞེས་བྱ་བ་ནི། ནུས་པའི་དོན་ལ་ཀྲི་ཏྱའི་རྐྱེན་ཅན་ཏེ། གང་ཞིག་གང་གིས་བྱ་བར་ནུས་པ་དེ་ཉིད་དེའི་འབྲས་བུ་ཡིན་ལ། གང་ཞིག་འབྲས་བུ་འདི་བསྐྱེད་པར་ནུས་པ་དེ་ནི་གཞན་ཡིན་དུ་ཟིན་ཀྱང་རྒྱུ་ཡིན་ཏེ། དེས་ན་གཞན་ཉིད་ཁྱད་པར་ཅན་ཁོ་ནས་རྒྱུ་དང་འབྲས་བུའི་དངོས་
པོ་དངོས་པོ་ཡིན་གྱི། གཞན་ཉིད་ཀྱི་སྤྱིས་ནི་མ་ཡིན་ནོ། །རྒྱུད་གཅིག་ཏུ་གཏོགས་པ་དང་སྐྱེད་པར་བྱེད་པ་དེ་ལས་ཀྱང་སྐྱེ་བ་ཡིན་གྱི་རྒྱུད་ཐ་དད་པར་གཏོགས་པ་ནས་ཀྱི་ས་བོན་ལ་སོགས་པའམ། རྒྱུད་གཅིག་ཏུ་གཏོགས་ཀྱང་སྐྱེད་པར་བྱེད་པ་མ་ཡིན་པ་སྐད་ཅིག་མ་ཕྱི་མ་ལས་ཀྱང་
སྐད་ཅིག་མ་སྔ་མ་མ་ཡིན་པས་ཐམས་ཅད་ལས་ཐམས་ཅད་འབྱུང་བར་ཐལ་བར་མི་འགྱུར་རོ་ཞེ་ན། འདི་ནི་མི་རུང་སྟེ། འདི་ལྟར་གང་སཱ་ལུའི་མྱུ་གུའི་རྒྱུ་ནི་སཱ་ལུའི་ས་བོན་ཁོ་ན་ཡིན་གྱི་གཞན་མ་ཡིན་ལ། སཱ་ལུའི་ས་བོན་གྱི་འབྲས་བུ་ནི་སཱ་ལུའི་མྱུ་གུ་ཁོ་ན་ཡིན་གྱི་གཞན་མ་ཡིན་ནོ་ཞེས་བྱ་བའི་
ངེས་པ་གང་ཡིན་པ་འདི་ཀོ་གང་ལས་ཡིན་ཞེས་རེ་ཞིག་འདི་ཉིད་རྒྱུ་དང་འབྲས་བུ་སྨྲ་བ་འདི་ལ་འདྲི་བར་བྱའོ། །སྨྲས་པ། ངེས་པ་མཐོང་བའི་ཕྱིར་རོ་ཞེ་ན། ཡང་ཅིའི་ཕྱིར་དེ་ལྟར་ངེས་པ་མཐོང་ཞེས་བརྒལ་ཞིང་བརྟགས་པ་ན། གང་གི་ཕྱིར་ངེས་པ་མཐོང་བ་དེའི་ཕྱིར་ངེས་པ་མཐོང་ངོ་

ཞེས་བྱ་བ་དེ་ཙམ་ཞིག་སྨྲ་བ་འདིས་ནི་ངེས་པའི་རྒྱུ་མ་བསྟན་པར་བཤད་ཟིན་པའི་ཉེས་པ་ཅུང་ཟད་ཀྱང་སྤང་བར་མི་ནུས་སོ། །གཞན་ཡང་གཞན་ཉིད་ཐུན་མོང་བ་ཁྱད་པར་དུ་ཡོངས་སུ་མ་བཅད་པ་ཤིན་ཏུ་གྲགས་པ་འདི་ཉིད་འདིའི་ཇི་ལྟ་བ་བཞིན་འདོད་པ་ལ་གནོད་བྱེད་དུ་ཡོད་
པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་བཤད་པ། ཇི་ལྟར་ནས་དང་གེ་སར་དང་ནི་ཀིང་ཤུ་ཀ་ལ་སོགས། །སཱ་ལུའི་མྱུ་གུ་སྐྱེད་པར་བྱེད་པར་འདོད་མིན་ནུས་ལྡན་མིན། །རྒྱུད་གཅིག་ཁོངས་སུ་གཏོགས་མིན་འདྲ་བ་མ་ཡིན་ཉིད་དེ་བཞིན། །སཱ་ལུའི་ས་བོན་ཡང་ནི་དེ་ཡི་མིན་ཏེ་གཞན་ཉིད་ཕྱིར། །ཇི་
ལྟར་ནས་དང་གེ་སར་དང་ཀིང་ཤུ་ཀ་ལ་སོགས་པ་རྣམས་གཞན་ཡིན་པའི་ཕྱིར་སཱ་ལུའི་མྱུ་གུ་སྐྱེད་པར་བྱེད་པར་མི་འདོད་ཅིང་། སཱ་ལུའི་མྱུ་གུ་བསྐྱེད་པའི་ནུས་པ་དང་ལྡན་པ་མ་ཡིན་པ་དང་རྒྱུད་གཅིག་ཏུ་གཏོགས་པ་མ་ཡིན་པ་དང་འདྲ་བ་མ་ཡིན་པ་དེ་བཞིན་དུ། སཱ་ལུའི་ས་བོན་ཡང་དེ་ལ་ཇི་
སྐད་བཤད་པའི་ཁྱད་པར་གྱིས་ཁྱད་པར་ཅན་དུ་འགྱུར་བ་མ་ཡིན་ཏེ། གཞན་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་རེ་ཞིག་གཞན་ལ་གྲགས་པའི་གཞན་ཉིད་གྲུབ་གྲུབ་ལྟར་རྗེས་སུ་བརྗོད་ནས་སུན་འབྱིན་བྱས་པ་ཡིན་ནོ། །ད་ནི་རྒྱུ་དང་འབྲས་བུ་དག་གི་གཞན་ཉིད་མི་སྲིད་པར་བཤད་པ། མྱུ་
གུ་ས་བོན་དང་ནི་དུས་མཉམ་ཡོད་པ་མ་ཡིན་ཏེ། །གཞན་ཉིད་མེད་པར་ས་བོན་གཞན་པ་ཉིད་དུ་ག་ལ་འགྱུར། །དེས་ན་མྱུ་གུ་ས་བོན་ལས་སྐྱེ་འགྲུབ་པར་འགྱུར་མིན་ནས། །གཞན་ལས་སྐྱེ་བ་ཡིན་ཞེས་བྱ་བའི་ཕྱོགས་འདི་གཏང་བར་བྱོས། །འདི་ན་བྱམས་པ་དང་ཉེར་སྦས་ཡོད་བཞིན་པ་དག་
ཁོ་ན་ཕན་ཚུན་ལྟོས་ནས་གཞན་ཉིད་དུ་མཐོང་གི །ས་བོན་དང་མྱུ་གུ་དག་ནི་དེ་ལྟར་ཅིག་ཅར་དམིགས་པ་ཡང་མ་ཡིན་ཏེ། ས་བོན་རྣམ་པར་མ་གྱུར་པར་མྱུ་གུ་མེད་པའི་ཕྱིར་རོ། །གང་གི་ཚེ་དེ་ལྟར་ས་བོན་དང་དུས་མཉམ་དུ་མྱུ་གུ་ཡོད་པ་མ་ཡིན་པ་དེའི་ཕྱིར་ས་བོན་ལ་མྱུ་གུ་ལས་གཞན་ཉིད་ཡོད་པ་མ་
ཡིན་ལ། གཞན་ཉིད་མེད་ན་གཞན་ལས་མྱུ་གུ་སྐྱེའོ་ཞེས་བྱ་བ་འདི་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་གཞན་ལས་སྐྱེའོ་ཞེས་བྱ་བའི་ཕྱོགས་འདི་གཏང་བར་བྱའོ། །དོན་འདི་ནི། དངོས་པོ་རྣམས་ཀྱི་རང་བཞིན་ནི། །རྐྱེན་ལ་སོགས་པ་ཡོད་མ་ཡིན། །བདག་གི་དངོས་པོ་ཡོད་མིན་ན། །གཞན་

གྱི་དངོས་པོ་ག་ལ་ཡོད། །ཅེས་བཤད་པ་ཡིན་ནོ། །འདིར་རྐྱེན་ལ་སོགས་ལ་ཞེས་བྱ་བ་ནི་རྒྱུ་འམ་རྐྱེན་དག་གམ། རྒྱུ་དང་རྐྱེན་གྱི་ཚོགས་པའམ་དེ་ལས་གཞན་ཡང་རུང་སྟེ། རང་བཞིན་རྣམ་པར་མ་གྱུར་པ་ན་འབྲས་བུ་རྣམས་ཀྱི་རང་བཞིན་ཡོད་པ་མ་ཡིན་པ་ཁོ་ན་སྟེ་མ་སྐྱེས་པའི་
ཕྱིར་རོ། །དེ་མེད་ན་རྐྱེན་ལ་སོགས་པ་རྣམས་ལ་གཞན་ཉིད་ཡོད་པ་མ་ཡིན་ནོ། །གང་ཡོད་པས་ན་ཡོད་པའི་མཚན་ཉིད་དོ་ཞེས་བྱ་བ་འདི་ནི་བདུན་པ་ཡིན་ནོ། །གང་གི་ཚེ་གཞི་ཡིན་པ་དེའི་ཚེ་ན་འབྲས་བུ་རྣམས་ཀྱི་རང་བཞིན་རྐྱེན་ལ་སོགས་པ་དག་ལ་འཁར་གཞོང་དང་རྒྱ་ཤུག་ལྟར་ཡོད་པ་
མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་ཞིག་གང་ན་མེད་པ་དེ་ནི་དེ་ལས་སྐྱེས་པ་མ་ཡིན་ཏེ། དཔེར་ན་བྱེ་མ་དག་ལ་ཏིལ་མར་བཞིན་ཏེ། ཅི་སྟེ་དེ་ནི་མེད་པར་ཡང་། །རྐྱེན་དེ་དག་ལས་སྐྱེ་འགྱུར་ན། །རྐྱེན་མ་ཡིན་པ་དག་ལས་ཀྱང་། །ཅི་ཡི་ཕྱིར་ན་སྐྱེད་མི་འགྱུར། །ཞེས་ཇི་སྐད་གསུངས་
པ་ཡིན་ནོ། །དེའི་ཕྱིར་རྟེན་གྱི་ཕྱོགས་འདི་ནི་སློབ་དཔོན་ཉིད་ཀྱིས་ཚིགས་སུ་བཅད་པ་སྦྱར་བ་ཁོ་ནས་ཆེས་ལེགས་པར་རྣམ་པར་ཕྱེ་བས་ཉེ་བར་མ་བཀོད་དོ། །འདིར་སྨྲས་པ། མྱུ་གུ་ས་བོན་དང་ནི་དུས་མཉམ་ཡོད་པ་མ་ཡིན་ཏེ། །ཞེས་གང་སྨྲས་པ་དེ་ནི་རིགས་པ་མ་ཡིན་ཏེ། ཇི་ལྟར་སྲང་
མདའི་མཐོན་དམན་དག་དུས་གཅིག་ཉིད་དུ་མཐོང་བ་དེ་བཞིན་དུ་ས་བོན་འགག་བཞིན་པ་ན་མྱུ་གུ་སྐྱེ་བར་འགྱུར་རོ། །འདི་ལྟར་གང་ཁོ་ནའི་ཚེ་ས་བོན་འགག་པ་དེའི་ཚེ་ཁོ་ནར་དུས་གཅིག་ཉིད་དུ་མྱུ་གུ་སྐྱེ་བ་ཡིན་ཏེ། དེའི་ཕྱིར་ས་བོན་འགག་པ་དང་མྱུ་གུ་སྐྱེ་བ་གཉིས་དུས་གཅིག་པའི་ཕྱིར་ས་བོན་
དང་མྱུ་གུ་དག་ཀྱང་དུས་མཉམ་པར་འགྱུར་ལ། དེའི་ཕྱིར་གཞན་ཉིད་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྨྲས་པ་ནི། ཇི་ལྟར་སྲང་གི་མདའ་གཉིས་མཐོ་བ་དང་དམའ་བ་དག །དུས་མཉམ་མ་ཡིན་པར་ནི་མིན་པར་མཐོང་བ་དེ་བཞིན་དུ། །བསྐྱེད་པར་བྱ་དང་སྐྱེད་བྱེད་དག་གི་སྐྱེ་འགག་འགྱུར་ཞེ་ན། །
ཞེས་བྱ་བ་སྟེ་དེའི་ཕྱིར་ཉེས་པ་མེད་དོ་ཞེ་ན། དེ་ལྟ་ན་ཡང་། གལ་ཏེ་གཅིག་ཚེ་ཡིན་ན་འདིར་དུས་གཅིག་མེད་དེ་ཡོད་མིན། །གལ་ཏེ་སྲང་གི་དཔེས་བསྐྱེད་པར་བྱ་བ་དང་། སྐྱེད་པར་བྱེད་པ་གཉིས་ཀྱི་སྐྱེ་བ་དང་འཇིག་པ་དུས་གཅིག་ཏུ་རྟོག་ན་དེ་མི་རུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་ཡང་

སྲང་གི་དཔེར་མཐོ་དམན་དུས་གཅིག་པ་ཉིད་ཡིན་མོད་ཀྱི། དེ་ལྟ་ན་ཡང་དཔེ་ལས་བྱུང་བའི་དོན་དངོས་པོ་ལ་དུས་གཅིག་པ་ཉིད་མེད་པས་འདི་མི་རིགས་སོ། །ཇི་ལྟར་ཡོད་པ་མ་ཡིན་པ་དེ་ལྟར་བསྟན་པའི་ཕྱིར་བཤད་པ། གལ་ཏེ་སྐྱེ་བཞིན་པ་དེ་སྐྱེ་ལ་ཕྱོགས་པས་ཡོད་
མིན་ཞིང་། །འགག་བཞིན་པ་ནི་ཡོད་ཀྱང་འཇིག་ལ་ཕྱོགས་པར་འདོད་གྱུར་པ། །དེ་ཚེ་འདི་ནི་ཇི་ལྟ་བུར་ན་སྲང་དང་མཚུངས་པ་ཡིན། །དེ་ལ་སྐྱེ་བཞིན་པ་ཞེས་བྱ་བ་ནི་སྐྱེ་བ་ལ་མངོན་དུ་ཕྱོགས་པས་མ་འོངས་པ་ཡིན་ལ་འགག་བཞིན་པ་ཞེས་བྱ་བ་ནི་འགག་པ་ལ་མངོན་དུ་ཕྱོགས་པའི་ཕྱིར་ད་ལྟར་བ་
ཡིན་ཏེ། དེའི་ཕྱིར་ཡོད་པ་མ་ཡིན་པ་ཉིད་མ་སྐྱེས་པའི་ཕྱིར་སྐྱེ་བ་ཡིན་ལ་ཡོད་པ་ཉིད་ད་ལྟར་བ་ཡིན་པས་འགག་པ་ཡིན་ནོ། །གང་གི་ཚེ་འདི་དེ་ལྟར་ཡིན་པ་དེའི་ཚེ་ཇི་ལྟར་སྲང་དང་མཚུངས་པར་འགྱུར། སྲང་མདའ་གཉིས་ལ་ནི་ད་ལྟར་བ་ཡིན་པའི་ཕྱིར། མཐོན་དམན་གྱི་བྱ་བ་དག་དུས་
གཅིག་པ་ཉིད་ཡོད་ཀྱི་ས་བོན་དང་མྱུ་གུ་ད་ལྟར་བ་དང་མ་འོངས་པ་དག་ལ་ནི་དུས་གཅིག་མེད་པས་འདི་ནི་སྲང་དང་མཚུངས་པ་མ་ཡིན་ནོ། །ཅི་སྟེ་ཆོས་དག་དུས་གཅིག་པ་ཉིད་མེད་མོད་ཀྱི། །དེ་ལྟ་ན་ཡང་དེའི་བྱ་བ་དག་ལ་དུས་གཅིག་པ་ཉིད་ཡོད་དོ་སྙམ་ན་དེ་ཡང་མི་རུང་སྟེ། དེ་དག་གི་བྱ་བ་ཆོས་
ལས་ཐ་དད་པར་ཁས་མ་བླངས་པའི་ཕྱིར་རོ། །གཞན་ཡང་སྐྱེ་བ་འདི་ནི་བྱེད་པོ་མེད་པར་རིགས་པའི་ངོ་བོ་འང་མིན། །སྐྱེ་བའི་བྱ་བ་གང་ཡིན་པ་དེའི་བྱེད་པ་པོ་མྱུ་གུ་ནི་མ་འོངས་པ་ཡིན་པའི་ཕྱིར་ཡོད་པ་མ་ཡིན་པ་ཉིད་དོ། །དེ་མེད་ན་ཡང་རྟེན་མེད་པར་འདི་ཡོད་པ་མ་ཡིན་པ་ལ་ཡོད་པ་མ་ཡིན་པ་ནི་
འགག་པ་དང་དུས་གཅིག་པར་ཅི་ལྟར་འགྱུར་ཏེ། དེའི་ཕྱིར་བྱ་བ་དག་དུས་གཅིག་པ་ཉིད་དུ་མི་རིགས་པ་ཁོ་ནའོ། །གལ་ཏེ་དངོས་པོ་མ་སྐྱེས་པ། །འགའ་ཞིག་གང་ན་ཡོད་གྱུར་ན། །དེ་ནི་སྐྱེ་འགྱུར་དངོས་པོ་དེ། །མེད་ན་ཅི་ཞིག་སྐྱེ་བར་འགྱུར། །ཞེས་གསུངས་སོ། །འདིའི་དོན་ནི་འདི་ཡིན་ཏེ།
མྱུ་གུ་ཞེས་བྱ་བའི་དངོས་པོ་མ་སྐྱེས་པ་འགའ་ཞིག་སྐྱེ་བའི་སྔ་རོལ་དུ་འགའ་ཞིག་ན་ཡོད་པར་གྱུར་ན་ནི་སྐྱེ་བར་འགྱུར་བ་ཞིག་ན། སྐྱེ་བའི་སྔ་རོལ་དུ་ནི་འགའ་ཡང་འགའ་ཞིག་ན་ཡོད་པར་གཞག་པར་མི་ནུས་ཏེ། །མ་སྐྱེས་པའི་ཕྱིར་རོ། །དེའི་ཕྱིར་སྐྱེ་བའི་བྱ་བའི་རྟེན་དངོས་པོ་སྐྱེ་བའི་སྔ་རོལ་དུ་མེད་

ན་སྟེ་མི་བདོག་ན་ཅི་ཞིག་སྐྱེ་བར་འགྱུར་ཞེས་བྱ་བའོ། །དེ་ཞེས་བྱ་བའི་སྒྲ་དངོས་པོའི་ཁྱད་པར་ཡིན་པས་གཞི་མཐུན་ནོ། །དངོས་པོ་ཞེས་བྱ་བ་ནི་བདུན་པའོ། །མེད་ན་ཞེས་བྱ་བ་ཡང་དངོས་པོའི་ཁྱད་པར་རོ། །ཅི་ཞིག་གི་སྒྲ་ནི་སྐྱེ་བར་འགྱུར་ཞེས་བྱ་བ་འདི་དང་སྦྱར་བར་བྱ་སྟེ། དངོས་པོ་དེ་མེད་
ན་ཅི་ཞིག་སྐྱེ་བར་འགྱུར་ཏེ་ཅུང་ཟད་ཀྱང་སྐྱེ་བར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་སྲང་མདའི་མཐོན་དམན་གྱི་ཚུལ་གྱིས་སྐད་ཅིག་གང་ཁོ་ན་ལ་ས་བོན་འགག་པ་དེ་ཉིད་ལ་མྱུ་གུ་སྐྱེའོ་ཞེས་འཕགས་པ་སཱ་ལུ་ལྗང་པའི་མདོ་ལས་སྲང་གི་དཔེ་འདི་ཉེ་བར་བཀོད་པ་མ་ཡིན་ནམ་ཞེ་ན། ཉེ་བར་
བཀོད་པ་ནི་བདེན་མོད་ཀྱི། དེ་གཞན་ལས་སྐྱེ་བར་བསྟན་པའི་ཕྱིར་མ་ཡིན་ཞིང་། རང་གི་མཚན་ཉིད་ཀྱི་སྐྱེ་བ་བསྟན་པའི་ཕྱིར་ཡང་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཅིག་ཅར་དུ་བརྟེན་ནས་འབྱུང་བ་མ་བརྟགས་པར་གྲུབ་པ་སྒྱུ་མ་ལྟ་བུ་ཡོངས་སུ་གསལ་བར་བྱ་བའི་ཕྱིར་ཏེ། ཇི་སྐད་དུ། ས་བོན་
ཞིག་དང་མ་ཞིག་ལས། །མྱུ་གུ་འབྱུང་བ་མ་ཡིན་པ། །ཁྱོད་ཀྱིས་སྐྱེ་བ་ཐམས་ཅད་ནི། །སྒྱུ་མ་འབྱུང་བ་བཞིན་དུ་གསུངས། །ཞེས་བཤད་དོ། །འདིར་སྨྲས་པ། ས་བོན་དང་མྱུ་གུ་དག་ཅིག་ཅར་བ་ཉིད་མེད་པས་གཞན་ཉིད་མེད་པའི་ཕྱིར་སྐྱེ་བ་མི་རིགས་ན། གང་དུ་ཅིག་ཅར་བ་ཉིད་
ཡོད་པ་དེར་གཞན་ཉིད་ཡོད་པས་སྐྱེ་བ་ཡོད་པར་འགྱུར་ཏེ། དཔེར་ན་མིག་གི་རྣམ་པར་ཤེས་པ་དང་དེ་དང་ལྷན་ཅིག་འབྱུང་བ་ཚོར་ལ་སོགས་པ་རྣམས་ལྟ་བུའོ། །མིག་དང་གཟུགས་ལ་སོགས་པ་དག་དང་ཚོར་བ་ལ་སོགས་པ་ལྷན་ཅིག་འབྱུང་བ་རྣམས་དུས་མཉམ་ཁོ་ནར་མིག་གི་རྣམ་པར་
ཤེས་པ་སྐྱེད་པར་བྱེད་པ་དེ་བཞིན་དུ། མིག་ལ་སོགས་པ་དག་དང་སེམས་ཀྱང་དུས་མཉམ་ཁོ་ནར་ཚོར་བ་ལ་སོགས་པ་རྣམས་ཀྱི་རྐྱེན་ཉིད་དུ་འགྱུར་རོ་ཞེས་སྨྲའོ། །དེ་ནི་ཡོད་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། གལ་ཏེ་མིག་གི་བློ་ལ་རང་གི་སྐྱེད་བྱེད་དུས་གཅིག་པ། །མིག་ལ་སོགས་དང་ལྷན་
ཅིག་འབྱུང་བ་འདུ་ཤེས་ལ་སོགས་ལས། །གཞན་ཉིད་ཡོད་ན་ཡོད་ལ་འབྱུང་བས་དགོས་པ་ཅི་ཞིག་ཡོད། །ཅི་སྟེ་དེ་མེད་ཅེ་ན་འདི་ལ་ཉེས་པ་བཤད་ཟིན་ཏོ། །གལ་ཏེ་མིག་ལ་སོགས་པ་རྣམས་དང་འདུ་ཤེས་ལ་སོགས་པ་དུས་མཉམ་པ་རྣམས་མིག་གི་བློ་ད་ལྟར་བའི་རྐྱེན་ཉིད་དུ་འདོད་ན་དེའི་ཚེ་ཡོད་པ་

ནི་དེ་ལ་ལྟོས་པའི་གཞན་ཉིད་དུ་འགྱུར་མོད་ཀྱི་ཡོད་པ་ལ་འབྱུང་བས་དགོས་པ་ཅུང་ཟད་ཀྱང་མེད་པས་སྐྱེ་བ་མེད་དོ། །ཅི་སྟེ་སྐྱེ་བ་མེད་པ་ཡོངས་སུ་སྤང་བར་འདོད་ནས་དེ་ཡོད་པ་ཉིད་དུ་ཁས་མི་ལེན་ན་ནི། དེའི་ཚེ་ཡང་ཡོད་པ་མ་ཡིན་པའི་བློ་ལས་མིག་ལ་སོགས་པ་རྣམས་གཞན་ཉིད་
མ་ཡིན་ནོ་ཞེས་ཉེས་པ་བཤད་ཟིན་པ་ཁོ་ནའོ། །དེའི་ཕྱིར་དེ་ལྟར་གཞན་ལས་སྐྱེ་བར་འདོད་པ་ན་གཞན་ཉིད་སྲིད་ཀྱང་སྐྱེ་བ་མི་སྲིད་ལ་དེ་མི་སྲིད་པའི་ཕྱིར་གཉི་ག་མི་སྲིད་ཅིང་། སྐྱེ་བ་སྲིད་ཀྱང་གཞན་ཉིད་མི་སྲིད་པ་དེ་མི་སྲིད་པའི་ཕྱིར་གཉིས་ཀ་ཡང་མི་སྲིད་པས་རྣམ་པ་ཐམས་ཅད་དུ་ཕྱི་རོལ་གྱི་དོན་ཡོད་པ་མ་
ཡིན་པའི་ཕྱིར། ཕྱི་རོལ་གྱི་དོན་གྱི་སྟོང་པས། སོང་སོང་ནས་སྒྲ་ཙམ་འབའ་ཞིག་ལུས་པར་འགྱུར་ཏེ། དེའི་ཕྱིར་རྟོགས་པ་འདི་ནི་མི་རུང་ངོ་། །ད་ནི་རྒྱུ་དང་འབྲས་བུ་གཉིས་ལས་རྒྱུ་ལ་ལྟོས་པའི་དུས་ཡོད་པ་མ་ཡིན་པར་བསྟན་པའི་ཕྱིར་བཤད་པ། སྐྱེད་པར་བྱེད་པ་བསྐྱེད་བྱ་གཞན་བསྐྱེད་པ་དེ་རྒྱུ་ཡིན་ན། །
ཡོད་པའམ་འོན་ཏེ་མེད་དང་གཉི་གའི་གཉིས་བྲལ་ཞིག་བསྐྱེད་གྲང་། །ཡོད་ན་སྐྱེད་བྱེད་ཅི་དགོས་མེད་ལའང་དེས་ནི་ཅི་ཞིག་བྱ། །གཉིས་ཉིད་ལ་དེས་ཅི་བྱ་གཉིས་དང་བྲལ་ལའང་དེས་ཅི་བྱ། །ཞེས་བྱ་བ་ནི། རེ་ཞིག་སྐྱེད་པར་བྱེད་པའི་རྒྱུ་བསྐྱེད་བྱ་ཡོད་པར་འགྱུར་བའི་སྐྱེད་བྱེད་ནི་མ་ཡིན་ཏེ། སྐྱེས་
པར་གྱུར་པ་སླར་ཡོད་སྐྱེ་བར་རིགས་པའང་མ་ཡིན་ཉིད། །ཅེས་བྱ་བ་ལ་སོགས་པས་ཉེས་པ་བཤད་ཟིན་པ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་དེ་ལ་རྐྱེན་དག་གིས་དགོས་པ་ཅུང་ཟད་ཀྱང་མེད་དོ། །བསྐྱེད་པར་བྱ་བ་ཡོད་པ་མ་ཡིན་པར་གྱུར་པ་ལ་ཡང་སྐྱེད་པར་བྱེད་པ་དེ་དག་གིས་ཅི་ཞིག་བྱ་སྟེ། བོང་
བུའི་རྭ་ལྟར་མེད་པའི་ཕྱིར་རོ། །ཇི་སྐད་དུ། འབྲས་བུ་ཡོད་པར་གང་འདོད་དང་། །འབྲས་བུ་མེད་པར་གང་འདོད་ལ། །ཁྱིམ་གྱི་དོན་དུ་ཀ་བ་སོགས། །བརྒྱན་པའི་དོན་ཡང་མེད་པར་འགྱུར། །ཞེས་བཤད་དོ། །དབུ་མ་ལས་ཀྱང་། འབྲས་བུ་ངོ་བོ་ཉིད་ཡོད་ན། །རྒྱུས་ནི་ཅི་ཞིག་
སྐྱེད་པར་བྱེད། །འབྲས་བུ་ངོ་བོ་ཉིད་མེད་ན། །རྒྱུས་ནི་ཅི་ཞིག་སྐྱེད་པར་བྱེད། །སྐྱེ་བ་ཡོད་པ་མ་ཡིན་ན། །རྒྱུ་ཉིད་འཐད་པར་མི་འགྱུར་རོ། །རྒྱུ་ཉིད་འཐད་པ་ཡོད་མིན་ན། །འབྲས་བུ་གང་གི་ཡིན་པར་འགྱུར། །ཞེས་གསུངས་སོ། །གཉིས་ཉིད་ཡིན་པར་དེ་ལ་རྐྱེན་རྣམས་ཀྱིས་ཅི་ཞིག་

བྱ་སྟེ། བཤད་ཟིན་པའི་ཉེས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གཉིས་ཀྱི་དངོས་པོ་ནི་གཉིས་ཉིད་ཡིན་ཞིང་གཉིས་ཉིད་ལ་ཡོད་པ་ནི་གཉིས་ཉིད་དོ། །ཡོད་པ་དང་མེད་པའི་ངོ་བོ་ཅན་ཉིད་ནི་དུས་གཅིག་གི་ཚེ་གཅིག་ལ་སྲིད་པ་ཡང་མ་ཡིན་པས། དེའི་རང་བཞིན་ཅན་གྱི་དངོས་པོ་ནི་
ཡོད་པ་མ་ཡིན་ལ། ཡོད་པ་མ་ཡིན་པ་ཉིད་ཀྱི་ཕྱིར་དེ་ལ་སྐྱེད་པར་བྱེད་པའི་རྐྱེན་དག་གིས་ཅི་ཞིག་བྱ། ཇི་སྐད་དུ་བསྟན་བཅོས་ལས། མྱ་ངན་འདས་པ་དངོས་པོ་དང་། །དངོས་མེད་གཉིས་ཀར་ཇི་ལྟར་འགྱུར། །དེ་གཉིས་གཅིག་ལ་ཡོད་མིན་ཏེ། །སྣང་བ་དང་ནི་མུན་པ་བཞིན། །
ཞེས་བྱ་བ་དང་། དེ་བཞིན་དུ། བྱེད་པ་པོར་གྱུར་མ་གྱུར་དང་། །གྱུར་མ་གྱུར་དེ་མི་བྱེད་དོ། །ཡིན་དང་མ་ཡིན་གྱུར་ཅིག་ལ། །ཕན་ཚུན་འགལ་བས་ག་ལ་ཞིག །ཅེས་གསུངས་སོ། །གཉི་ག་དང་བྲལ་བ་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པའི་འབྲས་བུ་གང་ཡིན་པ་གཉིས་
ཀ་དང་བྲལ་བ་དེ་ལ་ཡང་རྐྱེན་དེ་དག་གིས་ཅི་ཞིག་བྱ་སྟེ། ཡོད་པ་དང་མེད་པའི་ངོ་བོ་སྤངས་པའི་འབྲས་བུ་ཡོད་པ་མ་ཡིན་པའི་ཕྱིར་རོ། །ཡོད་པ་དང་མེད་པ་ཉིད་མི་སྲིད་ན་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་ཞེས་དེ་དག་བཀག་པས་ཅུང་ཟད་ཀྱང་ཁྱད་པར་དུ་མི་འགྱུར་རོ། །གང་གི་ཚེ་འདི་
གཉི་ག་མ་གྲུབ་པ་དེའི་ཚེ་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པ་མི་སྲིད་པ་ཉིད་དོ། །ཇི་སྐད་དུ། དངོས་མིན་དངོས་པོ་མེད་མིན་པ། །མྱ་ངན་འདས་པར་གང་སྟོན་པ། །དངོས་མེད་པ་དང་དངོས་པོ་དག །གྲུབ་ན་དེ་ནི་འགྲུབ་པར་འགྱུར། །ཞེས་གསུངས་སོ། །གལ་ཏེ་
སྐྱེ་བ་རབ་ཏུ་གྲུབ་པར་བྱ་བའི་ཕྱིར་རིགས་པ་གང་དང་གང་སྨྲས་པ་དེ་དང་དེ་ནི་བུད་ཤིང་སྐམ་པོ་མར་གྱིས་བྲན་པ་ལྟར། ཁྱོད་ཀྱི་བློའི་མེས་མ་ལུས་པར་བསྲེགས་པས། ཁྱོད་ཀྱི་ཤེས་རབ་ཀྱི་མེས་སྤོར་བ་ལྷུར་བྱེད་པའི་རིགས་པའི་བུད་ཤིང་བསྐུལ་བས་ཆོག་གོ། །གལ་ཏེ་རིགས་
པ་ཉེ་བར་མ་བསྟན་པར་བརྗོད་པར་འདོད་པའི་དོན་གྲུབ་པར་མི་འགྱུར་བ་མ་ཡིན་ནམ་ཞེ་ན། དེ་ནི་ཡོད་པ་མ་ཡིན་ནོ། །དོན་གང་ཞིག་འཇིག་རྟེན་ཉིད་ལས། གྲུབ་པ་དེར་ནི་རིགས་པས་ཅི་ཡང་བྱ་བ་མེད་དེ། འཇིག་རྟེན་གྱི་མཐོང་བ་ནི་ཤིན་ཏུ་སྟོབས་དང་ལྡན་པའི་ཕྱིར་རོ་ཞེས་སྨྲས་པ།

གང་གིས་རང་ལྟ་ལ་གནས་འཇིག་རྟེན་ཚད་མར་འདོད་པས་ན། །འདིར་ནི་རིགས་པ་སྨྲས་པ་ཉིད་ཀྱིས་ལྟ་ཀོ་ཅི་ཞིག་བྱ། །གཞན་ལས་གཞན་འབྱུང་བ་ཡང་འཇིག་རྟེན་པ་ཡིས་རྟོགས་འགྱུར་ཏེ། །དེས་ན་གཞན་ལས་སྐྱེ་ཡོད་འདིར་ནི་རིགས་པས་ཅི་ཞིག་དགོས། །འཇིག་
རྟེན་པ་ནི་ཐམས་ཅད་རང་གི་ལྟ་བ་ཁོ་ན་ལ་གནས་པ་ན་ཤིན་ཏུ་སྟོབས་དང་ལྡན་པ་ཡིན་ཞིང་གཞན་ཁོ་ན་ལས་སྐྱེ་བར་ལྟ་བ་ཡང་ཡིན་ལ། །རིགས་པ་ཉེས་པར་འགོད་པ་ཡང་དངོས་པོ་མངོན་སུམ་མ་ཡིན་པ་ཁོ་ན་ལ་ནི་འོས་ཀྱི་མངོན་སུམ་ལ་ནི་མ་ཡིན་ཏེ། དེའི་ཕྱིར་འཐད་པ་མེད་པར་ཡང་དངོས་པོ་
རྣམས་གཞན་ལས་སྐྱེ་བ་ཡོད་པ་ཁོ་ནའོ་ཞེ་ན། གང་ཞིག་བསྟན་བཅོས་ཀྱི་དོན་ཕྱིན་ཅི་མ་ལོག་པར་མ་རྟོགས་ཤིང་ཐོག་མ་མེད་པའི་འཁོར་བར་དངོས་པོའི་བག་ཆགས་གཞག་པ་ཡོངས་སུ་སྨིན་པ། དངོས་པོ་ལ་མངོན་པར་ཞེན་པའི་མཛའ་བོ་དང་བྲལ་བར་ཐོས་པ་མི་བཟོད་པས་འཇིག་རྟེན་གྱིས་
གནོད་པའི་རྡོལ་ཐབས་ལ་བརྟེན་པ་འདི་ནི། འཇིག་རྟེན་གྱི་བྱུང་ཚུལ་ཤིན་ཏུ་མང་ཞིང་རྒྱ་ཆེ་བ་མ་བཤད་པར་འཇིག་རྟེན་གྱི་གནོད་པའི་བླ་རྡོལ་ལས་བཟློག་པར་མི་ནུས་པས། འཇིག་རྟེན་གྱི་གནོད་པའི་ཡུལ་ཁྱད་པར་ཅན་བསྟན་པར་བྱ་བའི་ཕྱིར། རེ་ཞིག་བདེན་པ་གཉིས་ཀྱི་རྣམ་པར་
གཞག་པའི་དབང་དུ་བྱས་ནས་བཤད་པ། དངོས་ཀུན་ཡང་དག་བརྫུན་པ་མཐོང་བ་ཡིས། །དངོས་རྙེད་ངོ་བོ་གཉིས་ནི་འཛིན་པར་འགྱུར། །ཡང་དག་མཐོང་ཡུལ་གང་ཡིན་དེ་ཉིད་དེ། །མཐོང་བ་བརྫུན་པ་ཀུན་རྫོབ་བདེན་པར་གསུངས། །འདི་ན་བདེན་པ་གཉིས་ཀྱི་རང་གི་ངོ་བོ་ཕྱིན་ཅི་མ་
ལོག་པར་མཁྱེན་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས། འདུ་བྱེད་དང་མྱུ་གུ་ལ་སོགས་པ་ནང་དང་ཕྱི་རོལ་གྱི་དངོས་པོ་ཐམས་ཅད་ཀྱི་རང་གི་ངོ་བོ་རྣམ་པ་གཉིས་ཉེ་བར་བསྟན་ཏེ། འདི་ལྟ་སྟེ། ཀུན་རྫོབ་དང་དོན་དམ་པའོ། །དེ་ལ་དོན་དམ་པ་ནི་ཡང་དག་པར་གཟིགས་པ་རྣམས་ཀྱི་ཡེ་ཤེས་ཀྱི་
ཁྱད་པར་གྱི་ཡུལ་ཉིད་ཀྱིས་བདག་གི་ངོ་བོ་རྙེད་པ་ཡིན་གྱི། རང་གི་བདག་ཉིད་ཀྱིས་གྲུབ་པ་ནི་མ་ཡིན་ཏེ། འདི་ནི་ངོ་བོ་གཅིག་ཡིན་ནོ། །གཞན་ནི་སོ་སོའི་སྐྱེ་བོའི་མ་རིག་པའི་རབ་རིབ་ཀྱི་ལིང་ཐོག་གིས་བློའི་མིག་མ་ལུས་པར་ཁེབས་པ་རྣམས་ཀྱི་མཐོང་བ་བརྫུན་པའི་སྟོབས་ལས་བདག་གི་

ཡོད་པ་རྙེད་པ་ཡིན་ཏེ། བྱིས་པ་རྣམས་ཀྱི་མཐོང་བའི་ཡུལ་དུ་འགྱུར་བ་ཇི་ལྟ་བ་དེ་ལྟ་བུའི་རང་བཞིན་དུ་རང་གི་ངོ་བོས་གྲུབ་པ་ནི་མ་ཡིན་ནོ། །དེའི་ཕྱིར་དངོས་པོ་ཐམས་ཅད་རང་བཞིན་དེ་གཉིས་འཛིན་པ་ཡིན་ནོ། །རང་བཞིན་དེ་གཉིས་ལས་ཀྱང་མཐོང་བ་ཡང་དག་པའི་ཡུལ་གང་ཡིན་པ་དེ་ནི་དེ་ཉིད་དེ། དེ་
ནི་དོན་དམ་པའི་བདེན་པའོ་ཞེས་བྱ་བའི་དོན་ཏོ། །དེའི་རང་གི་ངོ་བོ་ནི་བཤད་པར་བྱའོ། །མཐོང་བ་བརྫུན་པའི་ཡུལ་གང་ཡིན་པ་དེ་ནི་ཀུན་རྫོབ་ཀྱི་བདེན་པའོ། །དེའི་ཕྱིར་དེ་ལྟར་བདེན་པ་གཉིས་རྣམ་པར་གཞག་ནས། མཐོང་བ་བརྫུན་པ་རྣམས་ལ་མཐོང་བ་ཡང་དག་པ་དང་བརྫུན་པ་ཉིད་ལས་
གཉིས་ཉིད་ཡོད་པས་དེས་གཟུང་བར་བྱ་བའི་དོན་དང་། ཤེས་པ་གཉིས་ཉིད་བསྟན་པར་བྱ་བའི་ཕྱིར་བཤད་པ། མཐོང་བ་བརྫུན་པའང་རྣམ་པ་གཉིས་འདོད་དེ། དབང་པོ་གསལ་དང་དབང་པོ་སྐྱོན་ལྡན་ནོ། །སྐྱོན་ལྡན་དབང་ཅན་རྣམས་ཀྱི་ཤེས་པ་ནི། །དབང་པོ་ལེགས་གྱུར་ཤེས་ལྟོས་
ལོག་པར་འདོད། །དེ་ལ་དབང་པོ་གསལ་བ་ཅན་ནི་རབ་རིབ་དང་བྲལ་ཞིང་མིག་སེར་ལ་སོགས་པས་ཉམས་པར་མ་བྱས་པ་དང་། རྣམ་པ་དེ་ལྟ་བུའི་ཕྱི་རོལ་གྱི་ཡུལ་ཕྱིན་ཅི་མ་ལོག་པར་འཛིན་པ་རྣམས་སོ། །སྐྱོན་དང་ལྡན་པའི་དབང་པོ་ཅན་རྣམས་ནི་དེ་ལས་བཟློག་པ་དག་གོ། །དེ་ལ་
དབང་པོ་ལེགས་པར་གྱུར་པ་རྣམས་ཀྱི་ཤེས་པ་ལ་ལྟོས་ནས་སྐྱོན་དང་ལྡན་པའི་དབང་པོ་ཅན་རྣམས་ཀྱི་ཤེས་པ་གང་ཡིན་པ་དེ་ལོག་པར་ཤེས་པར་འདོད་དོ། །ཇི་ལྟར་འདི་དག་གི་ཤེས་པ་ཕྱིན་ཅི་ལོག་པ་དང་ཕྱིན་ཅི་མ་ལོག་པ་ཉིད་ཀྱི་སྒོ་ནས་རྣམ་པ་གཉིས་ཡིན་པ་དེ་བཞིན་དུ། ཡུལ་ཡང་ཡིན་ནོ་
ཞེས་བསྟན་པའི་ཕྱིར་བཤད་པ། གནོད་པ་མེད་པའི་དབང་པོ་དྲུག་རྣམས་ཀྱིས། །བཟུང་བ་གང་ཞིག་འཇིག་རྟེན་གྱིས་རྟོགས་ཏེ། །འཇིག་རྟེན་ཉིད་ལས་བདེན་ཡིན་ལྷག་མ་ནི། །འཇིག་རྟེན་ཉིད་ལས་ལོག་པར་རྣམ་པར་གཞག །དེ་ལ་རབ་རིབ་དང་མིག་སེར་ལ་སོགས་པ་དག་
དང་ད་དུར་ཟོས་པ་ལ་སོགས་པ་རྣམས་ནི་དབང་པོ་ལ་གནོད་པའི་རྐྱེན་ནང་ན་ཡོད་པ་ཡིན་ནོ། །ཏིལ་མར་དང་ཆུ་དང་མེ་ལོང་དང་བྲག་ཕུག་ལ་སོགས་པ་ནས་བརྗོད་པའི་སྒྲ་ལ་སོགས་པ་རྣམས་དང་། ཉི་མའི་འོད་ཟེར་ཡུལ་དང་དུས་ཁྱད་པར་ཅན་དང་ཉེ་བར་གྱུར་པ་ལ་སོགས་པ་རྣམས་ནི་དབང་པོ་

ལ་གནོད་པའི་རྐྱེན་ཕྱི་རོལ་ན་ཡོད་པ་ཡིན་ཏེ། དེ་དག་ནི་དབང་པོ་ལ་གནོད་པར་བྱེད་པ་ནང་ན་ཡོད་པ་དག་མེད་པར། གཟུགས་བརྙན་དང་བྲག་ཅ་དང་སྨིག་རྒྱུ་ལ་ཆུ་ལ་སོགས་པར་འཛིན་པའི་རྒྱུར་འགྱུར་རོ། །དེ་བཞིན་དུ་མིག་འཁྲུལ་མཁན་ལ་སོགས་པར་རབ་ཏུ་
སྦྱར་བའི་སྔགས་དང་སྨན་ལ་སོགས་པ་དག་ཀྱང་ཤེས་པར་བྱའོ། །ཡིད་ཀྱི་གནོད་པར་བྱེད་པ་ནི་དེ་དག་དང་ཡང་དག་པ་མ་ཡིན་པས་བྱས་པའི་གྲུབ་པའི་མཐའ་ལ་སོགས་པ་དག་དང་། རྗེས་སུ་དཔག་པ་ལྟར་སྣང་བ་དག་སྟེ། རྨི་ལམ་ལ་སོགས་པ་རྣམས་ཀྱི་རྣམ་པར་གཞག་པ་ནི་འཆད་པར་
འགྱུར་རོ། །དེའི་ཕྱིར་དེ་ལྟར་འཇིག་རྟེན་གྱིས་དབང་པོ་ལ་གནོད་པའི་རྐྱེན་ཇི་སྐད་དུ་བཤད་པ་མེད་པར་དབང་པོ་དྲུག་ཅར་གྱིས་གཟུང་བར་བྱ་བའི་དོན་རྟོགས་པ་དེ་ནི་འཇིག་རྟེན་ཉིད་ལས་བདེན་པ་ཡིན་གྱི་འཕགས་པ་ལ་ལྟོས་ནས་ནི་མ་ཡིན་ནོ། །གཟུགས་བརྙན་ལ་སོགས་པ་གང་ཞིག་དབང་པོ་
རྣམས་ལ་གནོད་པ་ཡོད་པ་ན་ཡུལ་གྱི་ངོ་བོ་ཉིད་དུ་སྣང་བ་དེ་ནི་འཇིག་རྟེན་ཉིད་ལ་ལྟོས་ནས་ལོག་པ་ཡིན་ནོ། །ད་ནི་བཤད་ཟིན་པའི་དོན་ཉིད་དཔེར་བརྗོད་པའི་ཚུལ་གྱིས་ཉེ་བར་བསྟན་པའི་ཕྱིར་བཤད་པ། མི་ཤེས་གཉིད་ཀྱིས་རབ་བསྐྱོད་མུ་སྟེགས་ཅན། །རྣམས་ཀྱི་བདག་ཉིད་ཇི་
བཞིན་བརྟགས་པ་དང་། །སྒྱུ་མ་སྨིག་རྒྱུ་སོགས་ལ་བརྟགས་པ་གང་། །དེ་དག་འཇིག་རྟེན་ལས་ཀྱང་ཡོད་མིན་ཉིད། །མུ་སྟེགས་ཅན་འདི་དག་ནི་དེ་ཁོ་ན་ཉིད་ལ་འཇུག་པར་འདོད་པས་སྐྱེ་བོ་མ་བྱང་བ་གནག་རྫི་དང་བུད་མེད་ལ་སོགས་པ་ཡན་ཅད་ལ་གྲགས་པའི་དངོས་པོ་སྐྱེ་བ་དང་འཇིག་
པ་ལ་སོགས་པ་ཕྱིན་ཅི་མ་ལོག་པར་ཡང་དག་པར་ངེས་པར་མ་བཟུང་བར། ཕུལ་དུ་བྱུང་བར་འགྲོ་བར་འདོད་པས་ཤིང་ལ་འཛེགས་པས་ཡལ་ག་སྔ་མ་བཏང་ནས་ཡལ་ག་ཕྱི་མ་མ་བཟུང་བ་ལྟར་ལྷུང་བ་ཆེན་པོས་ལྟ་བ་ངན་པའི་རིའི་སུ་ལ་དག་ཏུ་ལྟུང་བར་འགྱུར་ཞིང་། བདེན་པ་གཉིས་
མཐོང་བ་དང་བྲལ་བའི་འབྲས་བུ་མི་ཐོབ་པར་འགྱུར་རོ། །དེའི་ཕྱིར་འདི་དག་གིས་གང་བརྟགས་པ་ཡོན་ཏན་གསུམ་ལ་སོགས་པ་དེ་དག་ནི་འཇིག་རྟེན་གྱི་ཀུན་རྫོབ་ཏུ་ཡང་ཡོད་པ་མ་ཡིན་པ་ཉིད་དོ། །དེའི་ཕྱིར་འདིར། མིག་ནི་རབ་རིབ་ཅན་གྱི་དམིགས་པ་ཡིས། །རབ་རིབ་མེད་ཤེས་ལ་གནོད་

མིན་ཇི་ལྟར། །དེ་བཞིན་དྲི་མེད་ཡེ་ཤེས་སྤངས་པའི་བློས། །དྲི་མེད་བློ་ལ་གནོད་པ་ཡོད་མ་ཡིན། །གཞན་ལས་སྐྱེ་བ་དགག་པ་བཤད་པ་གང་ཡིན་པ་དེ་ནི་འཇིག་རྟེན་པའི་ལྟ་བ་ཁོ་ན་ལ་གནས་ནས་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། འཕགས་པ་རྣམས་ཀྱི་གཟིགས་པ་ཁས་བླངས་ནས་ཡིན་
ནོ། །གང་གི་ཚེ་སྐྱེ་བ་དགག་པ་འདི་ཁྱད་པར་དུ་ཡིན་པ་དེའི་ཚེ་ཇི་ལྟར་རབ་རིབ་ཅན་རྣམས་ཀྱི་སྐྲ་ལ་སོགས་པའི་ངོ་བོ་ལ་དམིགས་པས་རབ་རིབ་མེད་པའི་ཤེས་པ་ལ་མི་གནོད་པ་དེ་བཞིན་དུ། ཟག་པ་མེད་པའི་ཡེ་ཤེས་དང་བྲལ་བ་སོ་སོའི་སྐྱེ་བོ་རྣམས་ཀྱི་ཤེས་པས་ཀྱང་གཟིགས་པ་ཟག་པ་མེད་པ་ལ་
གནོད་པ་མ་ཡིན་པས་རྣམ་པ་དེ་ལྟ་བུ་ཡུལ་ལ་འཇིག་རྟེན་གྱིས་གནོད་པ་མ་ཡིན་ནོ། །དེའི་ཕྱིར་དེ་ལྟར་ཕ་རོལ་པོ་ནི་དམ་པ་དག་གིས་བཞད་གད་དུ་བྱ་བར་འོས་པ་ཉིད་དུ་འགྱུར་རོ། །དེའི་ཕྱིར་འདིས་ནི་བདེན་པ་གཉིས་ཡིན་པ་དང་། ཀུན་རྫོབ་དང་དོན་དམ་པའི་དབྱེ་བས་དངོས་པོ་རྣམས་ཀྱི་ངོ་བོ་
གཉིས་སུ་བརྗོད་པ་ཡིན་ནོ། །དེ་ལ་འཇིག་རྟེན་གྱི་ཀུན་རྫོབ་ཀྱི་བདེན་པ་བསྟན་པར་བྱ་བའི་ཕྱིར་བཤད་པ། གཏི་མུག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་སྟེ། །དེས་གང་བཅོས་མ་བདེན་པར་སྣང་དེ་ནི། །ཀུན་རྫོབ་བདེན་ཞེས་ཐུབ་པ་དེས་གསུངས་ཏེ། །བཅོས་མར་གྱུར་པའི་དངོས་ནི་ཀུན་རྫོབ་ཏུའོ། །
དེ་ལ་འདིས་སེམས་ཅན་རྣམས་ཇི་ལྟར་གནས་པའི་དངོས་པོ་ལྟ་བ་ལ་རྨོངས་པར་བྱེད་པས་ན་གཏི་མུག་སྟེ། མ་རིག་པ་དངོས་པོའི་རང་གི་ངོ་བོ་ཡོད་པ་མ་ཡིན་པ་སྒྲོ་འདོགས་པར་བྱེད་པ་རང་བཞིན་མཐོང་བ་ལ་སྒྲིབ་པའི་བདག་ཉིད་ཅན་ནི་ཀུན་རྫོབ་བོ། །ཀུན་རྫོབ་དེས་གང་ཞིག་བདེན་པར་སྣང་ཞིང་རང་
བཞིན་མེད་བཞིན་དུ་རང་བཞིན་དུ་སོ་སོར་སྣང་བ་དེ་ནི་འཇིག་རྟེན་ཕྱིན་ཅི་ལོག་ཏུ་གྱུར་པའི་ཀུན་རྫོབ་ཏུ་བདེན་པས་འཇིག་རྟེན་གྱི་ཀུན་རྫོབ་ཀྱི་བདེན་པ་སྟེ། དེ་ནི་བཅོས་མ་རྟེན་ཅིང་འབྲེལ་བར་འབྱུང་ངོ་། །བརྟེན་ནས་འབྱུང་བ་གཟུགས་བརྙན་དང་བྲག་ཅ་ལ་སོགས་པ་ཅུང་ཟད་ཅིག་ནི་བརྫུན་ཡང་མ་
རིག་པ་དང་ལྡན་པ་རྣམས་ལ་སྣང་ལ། སྔོན་པོ་ལ་སོགས་པ་གཟུགས་དང་སེམས་དང་ཚོར་བ་ལ་སོགས་པ་ཅུང་ཟད་ཅིག་ནི་བདེན་པར་སྣང་སྟེ། རང་བཞིན་ནི་མ་རིག་པ་དང་ལྡན་པ་རྣམས་ལ་རྣམ་པ་ཐམས་ཅད་དུ་མི་སྣང་ངོ་། །དེའི་ཕྱིར་དེ་དང་གང་ཞིག་ཀུན་རྫོབ་ཏུ་ཡང་བརྫུན་པ་ཀུན་རྫོབ་

ཀྱི་བདེན་པ་མ་ཡིན་ནོ། །དེ་ལྟར་ན་རེ་ཞིག་སྲིད་པའི་ཡན་ལག་གིས་ཡོངས་སུ་བསྡུས་པ་ཉོན་མོངས་པ་ཅན་གྱི་མ་རིག་པའི་དབང་གིས་ཀུན་རྫོབ་ཀྱི་བདེན་པ་རྣམ་པར་གཞག་གོ། །དེ་ལ་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉོན་མོངས་པ་ཅན་གྱིས་
གཟིགས་པ་སྤངས་པ། འདུ་བྱེད་གཟུགས་བརྙན་ལ་སོགས་པའི་ཡོད་པ་ཉིད་དང་འདྲ་བར་གཟིགས་པ་རྣམས་ལ་ནི་བཅོས་མའི་རང་བཞིན་གྱི་བདེན་པ་མ་ཡིན་ཏེ། བདེན་པར་མངོན་པར་རློམ་པ་མེད་པའི་ཕྱིར་རོ། །བྱིས་པ་རྣམས་ལ་ནི་སླུ་བར་བྱེད་པ་ཡིན་ལ། དེ་ལས་གཞན་པ་རྣམས་ལ་ནི་
སྒྱུ་མ་ལ་སོགས་པ་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་ཀྱིས་ཀུན་རྫོབ་ཙམ་དུ་འགྱུར་རོ། །དེ་ཡང་ཤེས་བྱའི་སྒྲིབ་པའི་མཚན་ཉིད་ཅན་མ་རིག་པ་ཙམ་ཀུན་དུ་སྤྱོད་པའི་ཕྱིར། སྣང་བ་དང་བཅས་པའི་སྤྱོད་ཡུལ་ཅན་གྱི་འཕགས་པ་རྣམས་ལ་སྣང་གི། སྣང་བ་མེད་པའི་སྤྱོད་ཡུལ་མངའ་བ་རྣམས་ལ་ནི་
མ་ཡིན་ནོ། །སངས་རྒྱས་རྣམས་ལ་ནི་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་ཕྱིར། སེམས་དང་སེམས་ལས་བྱུང་བའི་རྒྱུ་བ་གཏན་ལོག་པར་འདོད་པ་ཡིན་ནོ། །དེ་ལྟར་ན་རེ་ཞིག་བཅོམ་ལྡན་འདས་དེས་ཀུན་རྫོབ་ཀྱི་བདེན་པ་དང་ཀུན་རྫོབ་ཙམ་དུ་གསུངས་པ་ཡིན་ནོ། །
དེ་ལ་སོ་སོའི་སྐྱེ་བོ་རྣམས་ཀྱི་དོན་དམ་པ་གང་ཡིན་པ་དེ་ཉིད་འཕགས་པ་སྣང་བ་དང་བཅས་པའི་སྤྱོད་ཡུལ་ཅན་རྣམས་ཀྱི་ཀུན་རྫོབ་ཙམ་ཡིན་ལ། དེའི་རང་བཞིན་སྟོང་པ་ཉིད་གང་ཡིན་པ་དེ་ནི་དེ་རྣམས་ཀྱི་དོན་དམ་པའོ། །སངས་རྒྱས་རྣམས་ཀྱི་དོན་དམ་པ་ནི་རང་བཞིན་ཉིད་ཡིན་ཞིང་། དེ་ཡང་སླུ་
བ་མེད་པ་ཉིད་ཀྱིས་དོན་དམ་པའི་བདེན་པ་ཡིན་ལ། དེ་ནི་དེ་རྣམས་ཀྱི་སོ་སོ་རང་གིས་རིག་པར་བྱ་བ་ཡིན་ནོ། །ཀུན་རྫོབ་ཀྱི་བདེན་པ་ནི་སླུ་བར་བྱེད་པ་ཉིད་ཀྱི་ཕྱིར་དོན་དམ་པའི་བདེན་པ་མ་ཡིན་ནོ། །དེའི་ཕྱིར་དེ་ལྟར་ཀུན་རྫོབ་ཀྱི་བདེན་པ་བསྟན་ནས། དོན་དམ་པའི་བདེན་པ་བསྟན་པར་
འདོད་པས་དེ་ནི་བརྗོད་དུ་མེད་པའི་ཕྱིར་དང་ཤེས་པའི་ཕྱིར་ཡུལ་མ་ཡིན་པ་ཉིད་ཀྱི་ཕྱིར་དངོས་སུ་བསྟན་པར་མི་ནུས་པས། ཉན་པར་འདོད་པ་སེམས་ལ་རང་གིས་མྱོང་བ་ཉིད་དུ་དེའི་རང་བཞིན་གསལ་བར་བྱ་བའི་ཕྱིར་དཔེ་བཤད་པ། རབ་རིབ་མཐུ་ཡ