Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 98

Văn bản gốc(Tây Tạng)

Trang 2 / 21 (50.000 ký tự/trang)
བ་དེ་ཡི་ལན་ཡང་བཏབ། །ཇི་ལྟར་སྒྲིབ་པ་ཡོད་བཞིན་དུ། །དགྲ་བཅོམ་མྱ་ངན་འདའ་བར་རིགས། །མ་རིག་ཉོན་མོངས་ཅན་སྤངས་པས། །དེ་ནི་གྲོལ་གྱུར་
སངས་རྒྱས་བཞིན། །དེ་ནི་མི་བདེན་མེད་པའི་ཕྱིར། །དངོས་དང་སྤྲུལ་པའི་སངས་རྒྱས་ལ། །ཡང་དག་ཏུ་ན་ཐེག་ཆེན་གྱི། །ལམ་གྱི་སངས་རྒྱས་བྱང་ཆུབ་དག །སྒྲུབ་མིན་རྟོག་བཅས་མཚན་བཅས་ཕྱིར། །འཇིག་རྟེན་པ་ཡི་ལམ་བཞིན་ནོ། །ཇི་སྲིད་འགའ་ཞིག་སྐྲག་
པ་ཡིས། །ཐག་པ་ལ་ནི་སྦྲུལ་ཞེས་འཁྲུལ། །འཁྲི་ཤིང་བསྡོགས་པར་ཤེས་པ་ནི། །གཉེན་པོའི་ཕྱོགས་ཀྱིས་ཤེས་པར་འབྱུང་། །དེས་ན་གཏན་ཚིགས་མ་ངེས་བཅས། །རྒོལ་བའི་སྨྲ་བ་སྤངས་པ་ཡིན། །ཀུན་ནས་ཉོན་མོངས་གཉེན་པོའི་ཕྱིར། །འདིས་ནི་ལན་ཡང་བཏབ་པ་

བྱས། །ཐེག་ཆེན་སངས་རྒྱས་གསུང་ཡིན་ཏེ། །བདག་མེད་ལ་སོགས་སྟོན་པ་དང་། །དཀོན་མཆོག་གསུམ་གྱི་བདག་ཉིད་ཆེ། །སྟོན་ཕྱིར་སློབ་མའི་ཐེག་པ་བཞིན། །ཕྱིར་རྒོལ་ཚད་མས་གནོད་པའི་ཕྱིར། །དེ་ཡི་གཏན་ཚིགས་མ་གྲུབ་ཉིད། །བླ་མ་ཀུན་དགའ་པ་ཏ་ལི། །
སྡུག་བསྔལ་ཕུང་པོ་ས་པ་དང་། །འཆར་བྱེད་སྟོང་པ་འཆར་བ་དང་། །གང་པོ་སྤངས་པ་རམ་པ་དང་། །མྱ་ངན་འདས་དང་ཡུལ་འཁོར་སྐྱོང་། །ཞེས་བྱ་གཞན་ཡང་འགྲོ་བའི་མདོ། །རྩ་བའི་སྡུད་པར་མ་ཚང་བས། །རྒྱས་པ་མིན་པར་རྟོགས་པར་བྱ། །ཡང་དག་ལྟ་བ་སྔོན་འགྲོ་བ། །
གང་ཕྱིར་ཐེག་ཆེན་ལས་གསུངས་པ། །དེ་ཕྱིར་གཏན་ཚིགས་མ་གྲུབ་ཉིད། །སྡུག་བསྔལ་སྐྱེ་བ་བཀག་བསྟན་པས། །མ་སྐྱེ་སྡུག་བསྔལ་ཡིན་མི་འདོད། །སྐྱེས་པ་སྡུག་བསྔལ་ངོ་བོ་ན། །དེ་སྟོང་ཅིའི་ཕྱིར་ཁས་མི་ལེན། །འདུས་བྱས་ཡིན་ཕྱིར་སྒྱུ་མའམ། །ཟག་མེད་ཕུང་པོ་ཇི་
བཞིན་ནོ། །ཁྱོད་ཅི་སྡུག་བསྔལ་བདེན་འདོད་པ། །ཡང་དག་ལྟ་བའི་བློས་འདོད་པ། །ཚོར་བ་སྡུག་བསྔལ་སྡུག་བསྔལ་ཡིན། །སྐྱེ་སོགས་སྡུག་བསྔལ་ཉིད་ཇི་ལྟར། །མི་རྟག་ཕྱིར་ན་སྡུག་བསྔལ་ན། །རྒྱུ་དང་ལམ་ཡང་སྡུག་བསྔལ་ཉིད། །སྡུག་བསྔལ་རྒྱུ་ཡིན་ཕྱིར་ཞེ་ན། །ཀུན་
འབྱུང་སྡུག་བསྔལ་ཉིད་དུ་འགྱུར། །སྡུག་བསྔལ་ཉིད་ནི་ཚིག་ཙམ་ཕྱིར། །དེ་ཤེས་ཇི་ལྟར་སྡུག་བསྔལ་ཤེས། །སྡུག་བསྔལ་ཡུལ་ཅན་ཤེས་པ་དེ། །དེ་ཉིད་དུ་ན་བདེན་པ་མིན། །སྡུག་བསྔལ་ཉིད་དུ་དེ་ཤེས་ཕྱིར། །ཕུང་སོགས་སྡུག་བསྔལ་བློ་བཞིན་ནོ། །རྒྱུ་ནི་སྡུག་
བསྔལ་རྒྱུ་ཉིད་དུ། །མི་རིགས་ཀུན་འབྱུང་བདག་ཉིད་ཕྱིར། །རལ་གྲིས་གཤགས་སོགས་བཞིན་དུའམ། །སེམས་བྱུང་ཡིན་ཕྱིར་ལམ་བཞིན་ནོ། །སྡུག་བསྔལ་རྒྱུ་ཡི་ཡུལ་ཅན་གྱི། །བློ་དེ་བརྫུན་པ་ཉིད་དུ་འདོད། །རྒྱུ་སོགས་རྣམ་པར་རྟོག་པའི་ཕྱིར། །སྡུག་བསྔལ་རྒྱུ་ཡི་
བློ་ཅན་བཞིན། །སྐྱེ་མེད་འགག་པ་ཡོད་མིན་ཏེ། །སྔར་སྨྲས་པ་ཡི་དགག་པ་ཉིད། །སྐྱེས་པ་འགག་ན་མ་སྐྱེས་ལ། །ནམ་མཁའི་མེ་ཏོག་བཞིན་མི་རིགས། །གང་ཚེ་སྐྱེས་པས་དེ་མ་སྐྱེས། །འགོག་པ་ཉིད་ཀྱིས་འགོག་ཡིན་པར། །མི་འདོད་དེ་ཚེ་མཁས་པ་ཁྱོད། །

ཅི་ཞིག་བདེན་པ་ཡོད་པར་སྨྲོས། །མ་སྐྱེས་པ་ཡི་འགོག་པ་ཡང་། །ཡང་དག་ཏུ་ན་འགོག་པ་མིན། །མ་སྐྱེས་པ་ཡི་འགོག་ཡིན་ཕྱིར། །སོ་སོར་བརྟགས་མིན་འགོག་པ་བཞིན། །འགོག་པའི་ངོ་བོ་ཉིད་མེད་ན། །ཁྱོད་ཀྱི་ལམ་གྱིས་ཅི་ཞིག་
ལེན། །མ་སྐྱེས་ལམ་ཡང་ཇི་ལྟར་ཡིན། །གང་གིས་ཅི་ཞིག་ཐོབ་པར་བྱེད། །ལམ་གྱིས་ངན་གྲོལ་ཐོབ་མིན་ཏེ། །འདུས་བྱས་ཡིན་ཕྱིར་གཞན་བཞིན་ནམ། །འགོག་པ་ལ་ནི་དམིགས་པའི་ཕྱིར། །དེ་ལས་གཞན་པའི་འགོག་པ་བཞིན། །སྤྱི་ལ་དམིགས་པ་ཡིན་ཕྱིར་
རམ། །འདུས་བྱས་ཡིན་ཕྱིར་དེ་བཞིན་དུ། །སྡུག་བསྔལ་ལ་སོགས་མཐོང་བ་བརྫུན། །བརྫུན་པའི་ཤེས་པ་བཞིན་དུ་འདོད། །འདིས་ནི་ཡང་དག་རྟོག་པ་དང་། །རྩོལ་བ་སོགས་ཀྱང་བརྫུན་ཉིད་ཕྱིར། །ལམ་གྱི་བདེན་པ་དོན་དམ་དུ། །མི་བདེན་པར་ནི་གྲུབ་པ་ཡིན། །དེས་
ན་བསྒོམ་དེ་མི་རིགས་ལ། །སྡུག་བསྔལ་ལ་སོགས་མ་མཐོང་རིགས། །མཐོང་བ་རྣམས་ཀྱིས་མ་མཐོང་གཟུགས། །ཐམས་ཅད་དུ་ཡང་དེ་བཞིན་གནས། །གལ་ཏེ་བློ་ངན་འབའ་ཞིག་ནི། །བདེན་པ་མཐོང་བ་མི་འདོད་ཕྱིར། །ཁྱོད་ནི་ཐར་པར་རིགས་མིན་ཏེ། །བྱིས་པའི་
སྐྱེ་བོ་བཞིན་ཞེ་ན། །སྡུག་བསྔལ་དེས་སྡུག་མ་སྐྱེས་ཕྱིར། །སུ་ཞིག་ཐར་པ་གང་ལ་འདོད། །གྲོལ་བའང་སྒྱུ་མ་བྱས་པ་བཞིན། །འཁྲུལ་པའི་དབང་གིས་བསྟན་པ་ཡིན། །སྡུག་བསྔལ་ལ་སོགས་གང་དག་རྣམས། །གཏན་དུ་མ་མཐོང་གྲོལ་བར་འདོད། །དེ་
ཕྱིར་དཔེ་ཡང་ཡོད་མིན་ལ། །དེ་བཞིན་གཏན་ཚིགས་མ་གྲུབ་ཉིད། །ཡང་དག་ལྟ་བ་སྔོན་འགྲོ་བའི། །ཇི་ལྟར་འབྱུང་བའི་ལམ་འདི་ཉིད། །ཐེག་ཆེན་དུ་ཡང་ཉེར་བསྟན་པས། །དེ་ཕྱིར་གཏན་ཚིགས་མ་གྲུབ་ཉིད། །བདེན་པ་གཉིས་ལ་ཉེར་བརྟེན་ནས། །སངས་རྒྱས་
རྣམས་ཀྱིས་ཆོས་བསྟེན་ཏེ། །འཇིག་རྟེན་ཀུན་རྫོབ་བདེན་པ་དང་། །དོན་དམ་ཉིད་ཀྱི་བདེན་པའོ། །རིག་བྱེད་མཐའ་ཡང་ལེགས་བསྟན་གང་། །དེ་ཀུན་སངས་རྒྱས་གསུངས་པ་ཡིན། །དེ་ཕྱིར་དཔེ་ནི་མ་གྲུབ་སྟེ། །ཐེ་ཚོམ་ཟ་ན་བརྟག་པར་གྱིས། །ཡོད་དང་མེད་པའི་རྟོག་

བྲལ་ཞིང་། །ཤེས་རབ་སྤྱོད་པས་གནས་པ་ལ། །རྒྱུ་དང་འབྲས་བུ་སྐུར་འདེབས་པའི། །ལྟ་བ་གང་ཡོད་འདོད་པ་གང་། །རྒྱུ་དང་འབྲས་བུ་འབྲེལ་པ་དག །འཇིག་རྟེན་གྲགས་པ་ཇི་ལྟ་བར། །དེ་བཞིན་དེ་ནི་འགོག་པ་མིན། །དེ་ཕྱིར་གཏན་ཚིགས་མ་གྲུབ་ཉིད། །དངོས་པོ་
མངོན་སུམ་སྤྱོད་ཡུལ་གྱི། །ཀུན་རྫོབ་བྱིས་པས་གཟུང་བ་འདི། །འདིར་ནི་ལན་ཡང་སྔ་མ་བཞིན། །དེ་ཡི་གནོད་པས་མི་གནོད་དོ། །མཁས་པའི་ལུགས་ཀྱིས་བརྟགས་པ་ལ། །གྲགས་པས་གནོད་པ་མ་ཡིན་ཏེ། །ཇི་ལྟར་ཆོས་བདག་མེད་པ་དང་། །སྐད་ཅིག་མ་ཞེས་བརྗོད་པ་
བཞིན། །གཟུགས་ཀྱི་དེ་ཉིད་བྱིས་རྣམས་ཀྱི། །ཡུལ་ཉིད་འགྱུར་བ་མ་ཡིན་ཏེ། །ནང་ལ་རིག་པ་མ་སྦྱངས་ཕྱིར། །བདག་སོགས་སྟོང་པ་ཇི་བཞིན་ནོ། །བྱིས་རྣམས་བློ་ལ་ཡང་དག་ཏུ། །གཟུགས་ཀྱི་དེ་ཉིད་ལྡན་པ་མིན། །མ་རིག་རབ་རིབ་ཀྱིས་བསྒྲིབས་ཕྱིར། །མྱ་ངན་
འདས་པའི་སྤྱོད་ཡུལ་བཞིན། །སྲིད་པ་རྣམས་ནི་ཡང་དག་ཏུ། །སྐྱེ་མེད་ཅེས་བྱའི་ཁྱད་པར་གྱིས། །མངོན་སུམ་དང་ནི་གྲགས་པ་དག །གནོད་པ་བསྟན་པས་གནོད་པ་མེད། །ཡང་དག་པར་ན་ཆོས་རྣམས་ནི། །ཞི་ཞིང་མཁའ་དང་མཉམ་པ་ལ། །བུད་མེད་ཉིད་ཀྱང་མ་གྲུབ་
ན། །དཔེ་ཡི་གནོད་པར་ཇི་ལྟར་འདོད། །བགྲོད་བྱ་བགྲོད་པ་བགྲོད་པོ་དང་། །གསུམ་པོ་ཇི་ལྟར་ཡོད་བཞིན་དུ། །བགྲོད་མིན་བགྲོད་པར་སྒྲུབ་བྱེད་པ། །དེ་བཞིན་སྐྱོན་ཞིག་འདོགས་པར་འདོད། །གྲགས་པས་གནོད་པ་ཉིད་ནི་བདེན། །ཁྱད་པར་ཅན་ལ་མ་གྲུབ་ཕྱིར། །དེས་ན་
མི་མཐུན་ཕྱོགས་འདི་ལ། །བདག་གི་ཕྱོགས་གནོད་ནུས་པ་མེད། །སྤྲོས་པ་མེད་ཅིང་རང་རིག་ལ། །རྣམ་རྟོག་དྲི་མ་དང་བྲལ་བ། །དུ་མ་ཉིད་དང་གཅིག་ཉིད་བྲལ། །ཞི་བ་དེ་ཉིད་མཁས་རིག་པ། །ནམ་མཁའི་ལྷ་ཡིས་བསྟན་པ་ཉིད། །དེ་ཉིད་ཡིན་པར་མི་རིགས་ཀྱང་། །ཚངས་
པ་དང་པོའི་ལྷ་ལས་བྱུང་། །ལྷ་དེ་ལ་གུས་དེ་སྐད་སྨྲ། །གཟུགས་སོགས་སྐྱེ་མཆེད་སྣང་བ་ཉིད། །བློ་ཡི་ཡུལ་དུ་འདོད་པ་ཡིན། །དེ་ཡི་ཡོད་པ་ཐུན་མོང་ཉིད། །བསྒྲུབ་བྱ་ཞེ་ན་ང་ཡང་འདོད། །འབྱུང་ལས་གྱུར་སོགས་ངོ་བོ་ཡི། །གཟུགས་སོགས་སྐྱེ་མཆེད་ཡོད་ཉིད་ནི། །བསྒྲུབ་བྱའོ་

ཞེ་ན་དཔེ་ཡང་མེད། །ཕྱིར་རྒོལ་རྟོག་གེས་གནོད་པའང་ཡོད། །གཟུགས་སོགས་སྐྱེ་མཆེད་འབྱུང་བ་དང་། །འབྱུང་བ་ལས་གྱུར་མཚན་ཉིད་མིན། །རང་བདག་རྣམ་པར་སྣང་བའི་བློ། །སྐྱེད་པའི་རྒྱུ་ཕྱིར་ཡིད་བཞིན་ནོ། །སེམས་དང་སེམས་བྱུང་ངོ་
བོ་ཉིད། །སེམས་དང་སེམས་བྱུང་རབ་ཏུ་གྲགས། །གཏན་ཚིགས་དང་ནི་དཔེ་ཡང་མེད། །ཕྱོགས་ཀྱང་རྣལ་འབྱོར་པ་ལ་མེད། །རྣམ་ཤེས་ཙམ་ཞེས་བྱ་བ་འདིར། །ཕྱི་རོལ་དོན་ནི་བཟློག་པའི་ཕྱིར། །ཚིག་དོན་འདི་ནི་དེ་སྤོང་ཟེར། །བདག་གི་ཕྱོགས་ཉམས་ཇི་ལྟར་འདོད། །
འགའ་ཡི་ཚིག་གིས་སྨྲར་མེད་པར། །བྱ་བར་མི་ནུས་ཞི་བའི་བློ། །སྙིང་པོ་ཡོད་དམ་སྙིང་པོ་མེད། །མཁས་པས་དེ་ལ་དཔྱད་པར་གྱིས། །དབུ་མའི་སྙིང་པོ་ལས་ཉན་ཐོས་ཀྱི་དེ་ཁོ་ན་ཉིད་ལ་འཇུག་པའི་ལེའུ་སྟེ་བཞི་པའོ།། །།རང་གི་ལུགས་ཀྱི་ང་རྒྱལ་གྱིས། །མཁས་
པར་རློམ་གཞན་འདི་སྐད་སྨྲ། །དེ་ཉིད་བདུད་རྩིར་འཇུག་པ་དང་། །རྣལ་འབྱོར་སྤྱོད་པས་ལེགས་བསྟན་ཟེར། །དངོས་པོ་གཉིས་པོ་མེད་པའི་ཕྱིར། །གཉིས་དངོས་མེད་པའི་ཡོད་པ་ནི། །ཡོད་ལ་སོགས་པའི་བློ་ཡི་ཡུལ། །དམ་པའི་དོན་དུ་འདོད་དོ་ལོ། །མེད་པའི་དངོས་པོ་
བདག་མེད་པ། །དེ་བཞིན་ཉིད་དང་ཆོས་གནས་དང་། །རྣམ་པར་མི་རྟོག་བློའི་གཟུང་སྟེ། །དེ་ཤེས་པར་ནི་བྱ་བ་ཡང་། །དམིགས་པ་ལ་ནི་བརྟེན་བྱས་ནས། །མི་དམིགས་པ་ནི་རབ་ཏུ་སྐྱེ། །མི་དམིགས་པ་ལ་བརྟེན་བྱས་ནས། །མི་དམིགས་པ་ནི་རབ་ཏུ་སྐྱེ། །བརྟགས་
པ་ཉེ་བར་མི་དམིགས་ཤིང་། །གཞན་གྱི་དབང་ཡང་གཟུང་མེད་པས། །དེ་ཉིད་མཐོང་བ་ཡོངས་གྲུབ་པའི། །ངོ་བོ་ཉིད་ལ་བལྟ་བ་ཡིན། །བརྟགས་པ་རྒྱུ་མཚན་བཅས་ཕྱིར་དང་། །གཞན་དུ་གཉིས་པོ་མེད་ཕྱིར་དང་། །ཀུན་ནས་ཉོན་མོངས་དམིགས་པའི་ཕྱིར། །གཞན་དབང་ཡོད་
པ་ཉིད་དུ་འདོད། ཤེས་རབ་ཕ་རོལ་ཕྱིན་ཚུལ་འདི། །ཐམས་ཅད་མཁྱེན་ཉིད་ཐོབ་པ་ཡིན། །སྐྱེ་དང་འགག་ལ་སོགས་པ་དག །དགག་པ་ལྷུར་ལེན་མ་ཡིན་ནོ། །འདིར་བཤད་དེ་བཞིན་གཤེགས་བཀའ་ཀུན། །ཁོ་བོ་ཅག་གི་ཚད་མ་ཡིན། །ཚད་མ་ཡིད་ཆེས་ལུང་ཡིན་

ཕྱིར། །བཟང་པོ་དག་ནི་སྒྲུབ་པར་བྱེད། །ལུང་གཞན་དག་གིས་ཐེ་ཚོམ་དང་། །ལོག་པའི་བློ་ཅན་གཞན་མི་བྱེད། །དེ་ཕྱིར་དེ་དག་སྒྲུབ་གཞུག་ཕྱིར། །རིགས་པ་ལྡན་པའི་ཚུལ་བཙལ་བྱ། །གཉིས་མེད་པ་ཡི་དངོས་པོ་ནི། །རིགས་པ་མ་ཡིན་འགལ་བའི་ཕྱིར། །ནམ་
མཁའི་མེ་ཏོག་མེད་དངོས་སམ། །དེ་དངོས་ཡིན་པར་བརྟག་མི་བྱ། །གལ་ཏེ་ཡང་དག་བརྟགས་མེད་ཕྱིར། །དེ་ལ་དབྱེ་བ་མེད་སྙམ་ན། །མཚན་གཞི་མཚན་ཉིད་རྣམ་བཞག་ལ། །དེ་ནི་མཚུངས་ཕྱིར་ལན་མ་ཡིན། །གལ་ཏེ་དེ་དངོས་མ་བཏང་གང་། །དེ་ནི་དེ་དངོས་ཡིན་
འདོད་ན། །དེ་ལྟར་དངོས་ཉིད་མི་གཏོང་བ། །དེ་ཕྱིར་དེ་ནི་དངོས་མ་ཡིན། །དེས་ན་དེ་ཉིད་གཟིགས་རྣམས་ཀྱི། །མཁྱེན་པ་དངོས་མེད་དམིགས་པར་འགྱུར། །དེ་ཡང་ཆོས་བདག་མེད་ཡིན་ཏེ། །མེད་པའི་བློ་ཡི་རྒྱུ་ཕྱིར་རོ། །གལ་ཏེ་དངོས་མེད་དམིགས་པའི་བློ། །
རྣམ་པར་མི་རྟོག་ཡིན་འདོད་ན། །དེས་ན་གཟུགས་བློ་མི་རྟོག་པའང་། །དམ་པ་ཡིན་པ་ཉིད་དུ་གྱུར། །གལ་ཏེ་གཟུང་བར་སྣང་འདོད་པས། །གཟུགས་བློ་ཡང་དག་མ་ཡིན་ན། །དེས་ན་གཏན་ཚིགས་འཁྲུལ་འགྱུར་ཞིང་། །དམ་བཅས་པ་ཡང་ཉམས་པར་འགྱུར། །ངོ་བོ་
ཉིད་ལ་དམིགས་ཡིན་ན། །སྟོན་པའི་བྱང་ཆུབ་རྟོག་ཅན་དང་། །དམིགས་པ་ཅན་དུ་འགྱུར་བ་དང་། །རྣམ་པར་མི་རྟོག་བློར་མི་འགྱུར། །སེམས་ཙམ་དུ་ནི་དམིགས་པ་དང་། །གཟུགས་ལ་སོགས་པ་མི་འཛིན་ན། །ཁས་བླངས་པ་དང་གྲགས་པ་ཡིས། །དམ་བཅས་པ་ལ་གནོད་
པར་འགྱུར། །དེ་ལྟར་སྣང་བ་སྐྱེ་བའི་ཕྱིར། །རྨི་ལམ་གཟུགས་སོགས་བློ་བཞིན་དུ། །གཟུགས་ལ་སོགས་པ་དོན་མེད་པར། །རྣམ་པར་ཤེས་ཞེས་བྱར་མི་རུང་། །གང་ཕྱིར་རྨི་ལམ་ལ་སོགས་པའི། །རྣམ་ཤེས་ཆོས་ལ་དམིགས་པའི་ཕྱིར། །དེ་ཕྱིར་དཔེ་ཡང་མེད་པ་
དང་། །ཡུལ་ལ་སྐུར་པ་འདེབས་པར་འགྱུར། །གལ་ཏེ་ཡུལ་དུ་སྣང་བ་ཉིད། །སེམས་ཀྱི་དམིགས་པ་ཡིན་འདོད་ན། །ཡུལ་དུ་སྣང་བ་མ་གཏོགས་པར། །སེམས་ཀྱི་བདག་ཉིད་གཞན་ཅི་ཡོད། །གཞན་ལྟར་སྐྱེས་ཕྱིར་དེ་གཉིས་སྣང་། །ཤེལ་དང་འདྲ་བར་མི་འདོད་དེ། །

ཉེ་བར་བཞག་ལས་དེར་སྐྱེ་བས། །ཤེལ་གྱི་སྐད་ཅིག་མིན་ཕྱིར་རོ། །དེ་འགགས་གཞན་ནི་སྐྱེས་པ་ལ། །དེ་ཡི་བློ་ནི་འཁྲུལ་པར་འདོད། །གཉིས་སུ་སྣང་མེད་ནུས་པ་ནི། །ཐ་དད་མིན་ཕྱིར་ཡུལ་སྣང་བཞིན། །སེམས་ནི་རང་དང་གཞན་སྣང་བ། །
ལྷན་ཅིག་འདྲ་བར་འབྱུང་བའི་ཕྱིར། །གཟུགས་བརྙན་བཞིན་དུ་མི་འདོད་དེ། །དེ་ཕྱིར་གཉིས་སུ་སྣང་མ་ཡིན། །གལ་ཏེ་ཚད་མ་འབྲས་ཡོད་ཕྱིར། །གཉིས་སུ་སྣང་བར་འདོད་ཅེ་ན། །གཞན་དུའང་དེ་དག་འགྲུབ་པའི་ཕྱིར། །རྟོག་པ་དེ་ཡང་མི་འདོད་དོ། །ཡུལ་དུ་སྣང་བ་འཛིན་
པ་ཡི། །རྣམ་པར་ཤེས་པ་སྐྱེ་བཞིན་པས། །གཞལ་བྱ་གང་ཡིན་འཇལ་བྱེད་པ། །དེས་ན་དེ་ནི་ཚད་མར་འདོད། །བསྟན་དུ་མེད་པའི་ངོ་བོ་ཉིད། །དེ་བཞིན་རྟོགས་པ་གང་ཐོབ་པ། །གལ་ཏེ་སྨྲ་འདོད་བསྒྲུབ་བྱ་བ། །ཕྱི་དོན་སེམས་ཀྱི་དངོས་ཉིད་དེ། །རྣམ་པར་ཤེས་པའི་
ཡུལ་ཡིན་ཕྱིར། །དཔེར་ན་དེ་མ་ཐག་བཞིན་ན། །དེས་ན་སེམས་བྱུང་སོ་སོ་ཡིས། །གཏན་ཚིགས་འཁྲུལ་པ་ཉིད་དུ་འགྱུར། །མདོ་ལས་སེམས་ཙམ་གསུངས་པ་ནི། །བྱེད་པོ་ཟ་པོ་དགག་ཕྱིར་རོ། །གལ་ཏེ་རྣམ་བརྟགས་དོན་མཐོང་བས། །རྣམ་པར་ཤེས་པ་
སྒྲུབ་བྱེད་ན། །བརྟགས་པ་མ་ཡིན་དོན་ཡོད་ཕྱིར། །ཡུལ་མེད་པར་ནི་མི་འགྱུར་རོ། །རྨི་ལམ་ལ་ཡང་བརྟགས་མིན་པའི། །ངོ་བོ་ཉིད་བློས་མ་ངེས་འགྱུར། །དམིགས་པ་མེད་པར་མི་འདོད་དེ། །དཔེ་ནི་རབ་ཏུ་མ་གྲུབ་ཕྱིར། །ཅི་སྟེ་བློ་ཡུལ་རྣམ་གཉིས་ཏེ། །གཅིག་དང་
འདུས་པ་ཡིན་སྙམ་ན། །རིགས་པས་ཡོངས་སུ་བརྟགས་པ་ན། །དེ་ནི་གཉི་གར་མི་རིགས་སོ། །དེ་ལ་གཟུགས་རྡུལ་གཅིག་པུ་ནི། །གཟུགས་བློའི་སྤྱོད་ཡུལ་མ་ཡིན་ཏེ། །དེ་སྣང་ཉིད་དུ་མི་འགྱུར་ཕྱིར། །དབང་གཟུགས་སྤྱོད་ཡུལ་མ་ཡིན་བཞིན། །ཕྲ་རབ་གཟུགས་ནི་དུ་
མ་དེ། །སེམས་ཀྱི་སྤྱོད་ཡུལ་ཡིན་མི་འདོད། །རྫས་སུ་ཡོད་པ་མ་ཡིན་ཕྱིར། །དཔེར་ན་ཟླ་བ་གཉིས་བཞིན་ནོ། །དེ་ལ་གལ་ཏེ་ཕ་རོལ་པོ། །བསགས་པ་མིན་པའི་གཟུགས་སེམས་ཀྱིས། །སྤྱོད་ཡུལ་མིན་པར་སྒྲུབ་བྱེད་ན། །དེར་ནི་གྲུབ་པ་ཉིད་སྒྲུབ་འགྱུར། །ཅི་སྟེ་

བསགས་པའི་གཟུགས་ལ་ནི། །གཏན་ཚིགས་མ་གྲུབ་ཉིད་འགྱུར་ཏེ། །གཟུགས་གཞན་དག་གིས་བསགས་པ་ནི། །དེར་སྣང་བློ་ནི་སྐྱེ་ཕྱིར་རོ། །དེ་ནི་དམིགས་ཉིད་ཡིན་འདོད་དེ། །དེར་སྣང་བློ་ཡི་རྒྱུར་འགྱུར་ཕྱིར། །འདོད་ཆགས་བཞིན་ཏེ་དེ་ཡི་ཕྱིར། །ཁྱོད་དམ་བཅས་
ལ་རྗེས་དཔག་གནོད། །གལ་ཏེ་རང་བློ་དམིགས་མེད་དེ། །རང་གི་ས་བོན་ལས་སྐྱེའི་ཕྱིར། །ཡིད་བློ་བཞིན་འདོད་བརྟགས་མིན་ཕྱིར། །ཁྱོད་ཀྱི་དམིགས་བཅས་ཉིད་དུ་འགྱུར། །དམིགས་པ་མེད་པ་རྗེས་དཔོག་པས། །དེ་ནི་བློ་ཉིད་མ་ཡིན་འགྱུར། །འདུས་པ་དམ་ནི་
མ་བཅས་པས། །དེ་འགོག་པ་ནི་གནོད་པ་མེད། །མི་རྟོག་བློ་ནི་སྤང་མིན་ཏེ། །འཕགས་ཕྱིར་རྣམ་པར་མི་རྟོག་ཕྱིར། །དེ་སྐྱེ་ཐར་པ་ག་ལ་ཡོད། །དེ་ཡི་ས་བོན་མ་བཅོམ་ཕྱིར། །གཉིས་ཀྱི་འདུ་ཤེས་འཇུག་པ་ན། །སྣ་ཚོགས་སྣང་བ་རབ་ཏུ་སྐྱེ། །དེ་ཡི་སྣ་ཚོགས་
སྣང་གང་དང་། །དེ་རང་ས་བོན་ལས་སྐྱེའི་ཕྱིར། །ཞ་བ་དེ་ལ་ནུས་ཕུལ་དང་། །རང་བདག་ཉིད་དང་གཞན་ལས་སོ། །རྣམ་པར་ཤེས་པའི་མིང་གིས་ནི། །དེ་ལ་བདག་ཏུ་བཏགས་པར་འགྱུར། །གཉིས་ཡོད་སྒྱུ་མ་ལྟ་བུ་དང་། །ཟད་ཅན་མ་ཞི་བདག་མེད་དང་། །གཉིས་
མེད་མི་ཟད་ཡང་དག་དང་། །འཆི་མེད་གོ་འཕང་མཆོག་རྟོགས་ནས། །དེ་ལ་འདྲ་བ་མེད་པའི་ཕྱིར། །རྣམ་པར་རྟོག་པ་རྣམ་ལྡོག་པས། །མི་རྟོག་བློས་ནི་དམིགས་བྱས་པའི། །གྲོལ་བ་ཁྱད་པར་མེད་པར་འགྱུར། །ཡང་ན་སེམས་ཙམ་བསྒྲུབ་པའི་ཕྱིར། །སེམས་ལས་བྱུང་
རྣམས་སེམས་ལས་ནི། །ཐ་དད་མེད་པར་ཁས་བླང་བྱ། །ཡང་ན་རྣམ་རིག་ཙམ་མི་འགྲུབ། །ཡང་ན་ཚོར་སོགས་འདུས་པ་ལ། །སེམས་སུ་གདགས་པར་འདོད་པར་གྱིས། །དེས་ན་གཞན་གྱི་རྗེས་སྨྲ་དང་། །རང་གི་གཞུང་ཡང་བཏང་བར་འགྱུར། །ཀུན་ནས་ཉོན་མོངས་རྣམ་བྱང་
ལས། །གལ་ཏེ་སེམས་ནི་རྫས་འདོད་ན། །ཚོར་སོགས་དེ་བཞིན་སྐྱེ་བའི་ཕྱིར། །དེ་གྲུབ་པས་ན་གནོད་པ་མེད། །ཨུཏྤལ་རྩ་བ་ནུས་མང་ལས། །ལོ་མ་ལ་སོགས་རྒྱུན་འབྱུང་ལྟར། །དེ་བཞིན་སེམས་རྫས་མེད་པ་ལས། །རྒྱུན་རྣམས་སྣ་ཚོགས་འབྱུང་བར་འགྱུར། །གཉེན་པོས་

སྐྱེ་བར་མི་འགྱུར་ཞིང་། །བྱེད་རྒྱུ་ཡོད་ན་སྐྱེ་བར་འགྱུར། །འདི་ལས་སྣ་ཚོགས་སྐྱེས་ལ་སོགས། །བརྟགས་པ་མི་འདོད་རྫས་མེད་ཕྱིར། །དེ་ལ་དམིགས་པས་མི་འགྲོལ་ཏེ། །བློ་འགག་མེད་པའང་མ་ཡིན་པས། །དེ་ཕྱིར་ཀུན་རྫོབ་དོན་དམ་དུའང་། །
བདག་ཏུ་སྨྲ་དང་འདྲ་མི་འགྱུར། །གཟུགས་ལ་སོགས་པ་སྟོང་པ་སྟེ། །ངོ་བོ་ཉིད་ཀྱིས་མ་སྐྱེས་ཕྱིར། །རྫས་སུ་མེད་ཕྱིར་འཇིག་པའི་ཕྱིར། །སྒྱུ་མ་བཞིན་གོམས་ཆགས་མེད་འགྱུར། །གཟུགས་ལ་སོགས་པ་ཡོད་ཀྱང་ནི། །ཡང་དག་ཇི་བཞིན་རྟོགས་གྱུར་པ། །དེ་ཡོད་
མ་ཡིན་དེ་ཡི་ཚེ། །ལོག་འཛིན་ཅི་ཕྱིར་མི་ལྡོག་འགྱུར། །གཉིས་སུ་རྣམ་པར་རྟོག་པ་དག །སེམས་དང་སེམས་བྱུང་སྤྱོད་ཡུལ་ན། །གཟུགས་ལ་སོགས་པ་དགག་བྱས་ཀྱང་། །འཇུག་པར་མི་འགྱུར་མི་རིགས་སོ། །གལ་ཏེ་དེ་ནི་དགག་པའི་ཕྱིར། །སྒྲུབ་གཞན་ཡོངས་སུ་
འཛིན་འདོད་ན། །འདམ་རྫབ་འཁྲུ་བར་བྱེད་པ་བས། །མ་རེག་པར་ནི་བསྲིངས་ན་བཟང་། །ཀུན་བརྟགས་ཡོད་པ་མ་ཡིན་ཏེ། །བཏགས་ཕྱིར་སྦྲུལ་དང་འདྲར་མི་འདོད། །ཐག་པའི་དངོས་པོར་མ་ངེས་ཕྱིར། །ཡང་ན་གྲགས་པས་གནོད་པར་འགྱུར། །དེ་ནི་འཁྲུལ་མིན་
གང་གི་ཕྱིར། །དུ་མའི་ཆ་དེ་མཐོང་ཕྱིར་རོ། །ཁྱོད་ནི་དངོས་ལ་སྐུར་འདེབས་འགྱུར། །རྣམ་པ་ཀུན་ཏུ་ཡུལ་འགོག་ཕྱིར། །དེ་མེད་པར་ཡང་ཀུན་ཉོན་མོངས། །མིང་ལས་དོན་འཇུག་ལས་འབྱུང་མིན། །སྨྲ་མི་ཤེས་པའི་དུད་འགྲོ་ཡང་། །ཉོན་མོངས་སྐྱེ་བ་མཐོང་
ཕྱིར་རོ། །གཟུགས་ནི་གཟུགས་ཀྱི་ངོ་བོས་སྟོང་། །གཟུགས་ཞེས་བརྗོད་ལ་ལྟོས་བཅས་པར། །གཟུགས་བློ་སྐྱེ་བར་འགྱུར་ཕྱིར་ཞེས། །བརྟག་པ་བཟོད་པར་མི་འགྱུར་རོ། །གཟུགས་ནི་སྟོང་ཉིད་མི་རིགས་ཏེ། །གཟུགས་མིན་བདག་ཉིད་རྣམ་བཅས་པའི། །དངོས་
པོར་སྣང་བློ་སྤྱོད་ཡུལ་གྱི། །གཟུགས་ཀྱི་བདག་ཉིད་དེ་ཡོད་ཕྱིར། །མངོན་པར་བརྗོད་བྱ་སྤྱི་ཡིན་ན། །སྤྱི་ནི་ཅི་ཡང་ཡོད་མིན་པས། །དེས་ན་མངོན་བརྗོད་བདག་ཉིད་ཀྱིས། །སྟོང་པ་འཐད་པར་མི་འགྱུར་རོ། །བརྗོད་བྱ་སྤྱི་ལྡན་དངོས་པོ་དེ། །དེར་སྣང་བློ་ཡི་རྒྱུ་ཡིན་ཕྱིར། །དེ་ནི་དེ་

བདག་ཉིད་ཡོད་པས། །བརྗོད་མེད་ཉིད་དུ་མི་རིགས་སོ། །རིགས་མི་མཐུན་པས་སྟོང་ཉིད་དེ། །བློ་མཐུན་འཇུག་པའི་རྒྱུ་ཡིན་ཕྱིར། །རིགས་མཐུན་པ་ལ་མཐུན་པས་ན། །སྤྱི་ཞེས་བྱ་བར་ངེས་པ་ཡིན། །གཞི་མ་བཟུང་ན་གཟུང་མེད་དེ། །དེ་བཟུང་གཟུང་དུ་ཡོད་པའི་ཕྱིར། །གྲངས་
བཞིན་དེས་ན་དངོས་དེ་ནི། །བརྟག་བྱ་བརྗོད་པར་འདོད་གཞན་མིན། །དབྱེར་མེད་ཕྱིར་ན་གཅིག་པ་དང་། །རྫས་མེད་ཕྱིར་ན་དུ་མར་འཇུག །དེ་ཉམས་ན་ཡང་མི་ཉམས་ཕྱིར། །གཞན་ལའང་དེ་འདོད་མ་ཡིན་མིན། །སྔོན་མིན་ཨུཏྤལ་མ་ཡིན་པ། །མེད་པའི་དངོས་པོས་མ་བསལ་
བས། །གཞི་མཐུན་ལྡན་པ་ཉིད་ཡིན་ཏེ། །གཉི་ག་དོན་གཅིག་འཇུག་ཕྱིར་རོ། །གཞན་སེལ་གཞན་གྱི་སྤྱི་མ་ཡིན། །ཆོས་གཞན་ཡིན་ཕྱིར་ཁྱད་པར་བཞིན། །ལྐོག་ཤལ་ལ་སོགས་བློ་དབྱེ་མེད། །མེད་ལ་ཁྱད་པར་མེད་ཕྱིར་རོ། །དངོས་མ་བཟུང་བར་དེ་འཛིན་ཕྱིར། །བརྟག་བྱ་བརྗོད་
མིན་ཡིན་མི་འདོད། །དེ་ཡི་སྒོ་ནས་གཞན་བརྗོད་ན། །དེ་ནི་བརྗོད་བྱའི་ཉིད་སོགས་ཉམས། །དེ་ནི་གཞན་གྱི་ངོ་བོ་ན། །དེས་ན་བརྗོད་མེད་ཉིད་མི་རིགས། །དེ་ཕྱིར་རྣལ་འབྱོར་སྤྱོད་པ་ཡི། །ཚུལ་གྱིས་སྨྲ་བ་མི་རིགས་སོ། །དངོས་རྣམས་ངོ་བོ་ཉིད་མེད་དེ། །མངོན་བརྗོད་བདག་ཉིད་སྟོང་ཕྱིར་
རོ། །དེ་ཉིད་ཀྱིས་དེ་སྐྱེ་མེད་ཕྱིར། །མ་སྐྱེས་པ་དང་མ་འགགས་ཉིད། །གང་ཕྱིར་མངོན་བརྗོད་ལྡན་དངོས་ནི། །ཇི་ལྟར་བརྗོད་པ་དེ་ལྟར་མེད། །དེ་ཕྱིར་ཆོས་རྣམས་དངོས་མེད་ཉིད། །ཅེས་བྱ་ལ་སོགས་གང་སྨྲས་དང་། །གཞན་དབང་ཡོད་པ་ཉིད་སྨྲས་པ། །ཀུན་རྫོབ་ཏུ་ནི་གྲུབ་
པ་སྒྲུབ། །གལ་ཏེ་དོན་དམ་དཔེ་མེད་ཅིང་། །གཏན་ཚིགས་འགལ་བ་ཉིད་དུ་འགྱུར། །གལ་ཏེ་གཞན་དབང་ངོ་བོ་ཉིད། །སྐྱེ་བ་ངོ་བོ་ཉིད་མེད་དེ། །ཡོད་པར་གྱུར་ལས་མ་སྐྱེས་ན། །སྐྱེ་འགག་ལ་སོགས་འགལ་སྒྲུབ་ཡིན། །རྐྱེན་རྣམས་ལས་ནི་གང་སྐྱེས་པ། །དེ་སྐྱེ་མེད་པར་
ཐུབ་པས་གསུངས། །དོན་དམ་དུ་ན་དངོས་ཉིད་ལས། །དེ་ཡི་སྐྱེ་བ་དགག་ཕྱིར་རོ། །ཆོས་རྣམས་ཡང་དག་ཉིད་མིན་ཕྱིར། །དེ་དག་ཀུན་རྫོབ་བློ་དང་སྒྲ། །སྣ་ཚོགས་རང་སྤྱིའི་སྤྱོད་ཡུལ་དུ། །འགྱུར་བ་ལ་ནི་འགལ་བ་མེད། །མིང་ནི་གང་དང་གང་དག་གིས། །ཆོས་རྣམས་

གང་དང་གང་བརྗོད་པ། །དེ་ལ་དེ་ནི་ཡོད་མིན་པ། །དེ་ནི་ཆོས་རྣམས་ཆོས་ཉིད་དོ། །ཅི་སྟེ་རྐྱེན་འབྱུང་ངོ་བོ་ཡིས། །གཞན་གྱི་དབང་ལས་སྐྱེ་འདོད་ན། །རྒྱུ་བཞིན་ཡང་དག་ཉིད་མིན་པས། །འདོད་པ་སྒྲུབ་པར་བྱེད་པ་ཡིན། །གཞན་གྱི་དབང་
ཡང་གཟུང་མེད་པ། །ངོ་བོ་ཉིད་ཀྱིས་མ་སྐྱེས་འདོད། །དོན་དམ་དུ་ནི་སྐྱེས་པ་ལ། །ལོག་པར་སྣང་བ་མི་རིགས་ཕྱིར། །གལ་ཏེ་ཇི་ལྟར་སྣང་བ་ལྟར། །དེར་སྣང་བདག་ཉིད་ཡོད་གྱུར་ན། །ཇི་ལྟར་སྣང་བ་དེར་ཡོད་ཕྱིར། །ཆོས་རྣམས་ཇི་ལྟར་སྒྱུ་མ་བཞིན། །མ་སྐྱེས་པ་དང་མ་
འགགས་དང་། །དངོས་མེད་ངོ་བོ་ཉིད་མེད་པའང་། །ཡོད་པ་ཉིད་ལས་མ་སྐྱེས་དང་། །རྫས་སུ་ཡོད་པ་མ་ཡིན་ཕྱིར། །གདགས་པ་སྐྱོན་ཆགས་ཉིད་མེད་དེ། །རྣམ་རིག་ཙམ་དུ་མཚུངས་ཕྱིར་རོ། །སྤང་དང་སྤོང་བྱེད་ཡོད་པའི་ཕྱིར། །ཡོངས་ཤེས་སོགས་ཡོད་གང་གིར་འདོད། །
དེ་ནི་གང་ཕྱིར་རྫས་མེད་ཀྱང་། །རྣམ་རྟོག་བྲལ་བས་ཐར་པར་འགྱུར། །རྫས་ཡོད་ཉིད་ནའང་སྐྱེ་མེད་ཕྱིར། །འདི་ལས་བཞིན་དུ་བརྟག་མི་འདོད། །དངོས་རྣམས་ངོ་བོ་ཉིད་མེད་ན། །གདགས་པའང་ཡོད་པར་མི་འགྱུར་བས། །དེ་ནི་མེད་པར་ལྟ་བ་དག །མི་གླེང་བསྟན་པར་བྱ་
མིན་དང་། །རང་ཡང་ངན་སོང་གཞོལ་བ་དང་། །གཞན་ཡང་ཕུང་བར་བྱེད་པ་ཡིན། །ཞེ་སྡང་ཤ་རུལ་སྒྲེགས་པ་འདི། །ང་རྒྱལ་མ་ཞུ་སྟོན་པ་ཡིན། །ཆོས་རྣམས་སྒྱུ་མ་བཞིན་འདོད་དེ། །ངོ་བོ་ཉིད་ནི་མེད་ཕྱིར་དང་། །བྱིས་པ་རྨོངས་པའི་རྒྱུ་ཕྱིར་དང་། །མ་བྱུང་བ་ལས་
འབྱུང་ཕྱིར་རོ། །རྣམ་པར་མི་རྟོག་དངོས་པོ་ནི། །མཁའ་དང་མཚུངས་པ་ཉིད་མི་རིགས། །རྣམ་རྟོག་འདུ་ཤེས་སྣ་ཚོགས་ཀྱི། །གོ་སྐབས་རབ་ཏུ་འབྱེད་ཕྱིར་རོ། །སྐྱེས་པ་བརྗོད་མེད་ཉིད་མི་རིགས། །དགག་པ་གོང་དུ་བསྟན་ཕྱིར་རོ། །བརྗོད་དུ་མེད་ཉིད་ཡིན་གྱུར་ནའང་། །
ཀུན་རྫོབ་ལ་ནི་དེ་ཉིད་ནོར། །དེ་ལ་དེ་ཉིད་གཞན་མེད་ཕྱིར། །གལ་ཏེ་དེ་ཉིད་མཐོང་འདོད་ན། །བུམ་ལའང་བུམ་པ་གཞན་མེད་པས། །ཅི་ཕྱིར་དེ་ཉིད་མཐོང་མི་འདོད། །ཁྱོད་ཀྱི་ཚུལ་སྐྱོན་སྦ་ཕྱིར་གྱི། །དེ་ནི་ཉོན་མོངས་བྱང་མི་འགྱུར། །གསེར་ལ་སོགས་པ་རྐྱེན་རྣམས་ཀྱི། །

རྗེས་སུ་འགྱུར་བ་ཡིན་ཕྱིར་རོ། །ནམ་མཁའ་རྟག་ཏུ་རྣམ་དག་སྟེ། །མིག་ནི་དག་དང་མ་དག་པས། །དྲི་བཅས་དྲི་མེད་མཁའ་འདོད་དང་། །ཆོས་རྣམས་ཆོས་ཉིད་དེ་བཞིན་ནོ། །མ་དག་ལ་སོགས་བློ་འཁྲུལ་ཏེ། །བྱེད་པའི་ཆོས་ཡིན་ལས་ཀྱི་མིན། །དེ་ལ་དམིགས་པ་དག་
མ་ཡིན། །དེ་ཉིད་དམིགས་བྱར་མི་འདོད་དོ། །དེ་ཉིད་རྫས་སུ་ཡོད་ཡིན་ན། །སྐྱོན་ནི་སྔ་མ་བཞིན་དུ་འགྱུར། །འཇིག་རྟེན་འདས་པ་རྣམ་མི་རྟོག །དེ་བློར་མི་འདོད་འཇིག་ཕྱིར་རོ། །དེ་སྲིད་ཤེས་པ་དམིགས་ཡོད་པ། །དེ་སྲིད་ཤེས་བྱའི་རྗེས་འཇུག་ཉིད། །ཐམས་ཅད་མཁྱེན་
ཉིད་ཅིག་ཅར་མིན། །ཤེས་པ་རང་ལ་འཇུག་པ་ནི། །མེད་ཕྱིར་རལ་གྲིའི་སོ་བཞིན་དང་། །རང་རིག་འགོག་པར་བྱེད་ཕྱིར་རོ། །རྣམ་པར་མི་རྟོག་འཕགས་བློའི་གཟུང་། །རྣམ་པ་ཀུན་ཏུ་བརྗོད་མེད་ཉིད། །སྔར་བཞིན་སྐྱེ་བ་བཀག་པའི་ཕྱིར། །སྐྱེ་མེད་རྫས་སུ་ཡོད་མིན་ཕྱིར། །
ཡོད་དང་མེད་པའི་དངོས་ཉིད་ཀྱི། །ངོ་བོ་དོན་དམ་ཉིད་ཡིན་ན། །སྒྲོ་འདོགས་པ་དང་སྐུར་མཐའ་ལས། །གྲོལ་བ་ཁྱོད་ལ་ཇི་ལྟར་ཡོད། །ཡོད་མིན་དེ་ཉིད་སྐྱེ་མེད་ཕྱིར། །མེད་མིན་དེ་ཡོད་མ་ཡིན་ཕྱིར། །ཡོད་དང་མེད་པ་གཉིས་སྤངས་པས། །དེ་འདོད་དེ་ཕྱིར་གཉིས་སུ་
མེད། །སྟོན་པ་དམིགས་མེད་མི་འགྱུར་ཏེ། །དེ་བཞིན་ཉིད་ལ་དམིགས་པའི་ཕྱིར། །བྱང་ཆུབ་མཉམ་ཉིད་མི་འགྱུར་ཏེ། །དེ་ཉིད་རང་སྣང་ཐ་དད་ཕྱིར། །དེ་བཞིན་ཉིད་ལ་དམིགས་པའི་བློ། །ནུས་པ་མ་བཞག་ག་ལས་འབྱུང་། །ནམ་མཁའི་མེ་ཏོག་སྣང་བའི་བློ། །ནུས་པ་མ་
བཞག་མི་རིགས་བཞིན། །རང་ཚུལ་སྦེད་པས་ཁྱོད་ཀྱིས་ནི། །དེ་ཉིད་གཅིག་ཉིད་གཞན་མི་འགྲོལ། །རྫས་མེད་དམིགས་སུ་མེད་པའི་ཕྱིར། །ངེད་ལ་ཇི་སྐད་སྨྲས་དེ་རིགས། །ནམ་མཁའ་འདྲ་བའང་སྐྱེ་མེད་པས། །ཁྱད་པར་མེད་ཕྱིར་མ་གོས་ཕྱིར། །ཤིན་ཏུ་བརྗོད་དུ་མེད་ཉིད་
ཀྱང་། །བློས་ནི་རྣམ་ཀུན་གཟུང་མེད་ཕྱིར། །སྐྱེ་བ་རབ་རིབ་བྲལ་བའི་བློ། །འཇིག་རྟེན་འདས་པ་ཡིན་པར་འདོད། །འཇིག་རྟེན་ལས་སྒྲོལ་དོན་ཕྱིར་དང་། །འཇིག་རྟེན་ཤིན་ཏུ་འདའ་ཕྱིར་རོ། །དེ་ནི་མི་རྟོགས་དམིགས་མེད་དང་། །མཚན་མ་མེད་ཅིང་དེ་ཡིས་ནི། །རང་གཞན་ཆོས་ཉིད་

ཅིག་ཆར་དུ། །རྟོགས་མེད་ཚུལ་གྱིས་མཉམ་ཉིད་རྟོགས། །ཆོས་རྣམས་སྐྱེ་བ་མེད་པ་ནི། །ཆོས་བདག་མེད་པ་ཉིད་ཅེས་བྱ། །དེ་ལ་རྟོག་དྲིའི་མཚན་མ་དག །འབྱུང་བ་མེད་པ་སྔ་མ་བཞིན། །གལ་ཏེ་དེ་ཉིད་རྟོག་གེ་ཡི། །སྤྱོད་ཡུལ་མིན་ཕྱིར་རྗེས་དཔག་
པས། །དེ་མི་རྟོགས་པ་དེ་ཡི་ཕྱིར། །ཆོས་རྣམས་ཆོས་ཉིད་བརྟག་མིན་ན། །འདི་ལ་རྗེས་དཔག་སྐྱོན་མེད་པ། །ལུང་གིས་རྗེས་སུ་སྒྲུབ་བྱེད་པས། །བརྟགས་པའི་རྣམ་རྟོག་ཆུ་བོ་དག །སྣ་ཚོགས་མ་ལུས་བསལ་མཛད་ནས། །སངས་རྒྱས་རྣམ་རྟོག་མི་མངའ་བ། །དགོངས་པ་
མཁའ་མཉམ་ཡེ་ཤེས་ཀྱི། །ཤེས་བྱ་མཐའ་དག་ཇི་བཞིན་དུ། །ཆོས་རྣམས་བཞག་པ་ཉིད་རྟོགས་ཤིང་། །མིང་ལ་སོགས་པ་ཐོབ་པ་ཉིད། །དེས་ན་རྗེས་སུ་དཔག་པའི་ཡུལ། །དེ་ཉིད་ཡིན་པར་སྒྲུབ་མི་ནུས། །དེ་ཉིད་ཤེས་པའི་མི་མཐུན་ཕྱོགས། །གང་ཡིན་དེ་ནི་དེས་ཟློག་བྱེད། །
ལུང་གི་ཁྱད་པར་ཐ་དད་པས། །ཐ་དད་གྱུར་པའི་བློ་ལ་ཅི། །ལུང་གི་དབྱེ་བ་མེད་པ་ལ། །རྟོགས་པར་གྱུར་པ་གཞན་ཅི་ཡོད། །མི་མཐུན་ཕྱོགས་ནི་སྤང་བྱ་ན། །དམ་བཅས་ཙམ་གྱིས་ཇི་ལྟར་འདོད། །རྣམ་པར་རྟོག་པ་མ་སྤངས་པར། །རྣམ་པར་མི་རྟོག་བློ་ཇི་ལྟར། །ཐུབ་པ་བདེན་པ་
གཟིགས་པ་ཡི། །འདི་ལྟར་བདེན་པ་གཉིས་སུ་གསུངས། །ཐ་སྙད་ལ་ནི་བརྟེན་ནས་སུ། །དེ་ཉིད་དོན་ནི་རྟོགས་འགྱུར་ཕྱིར། །དེ་བཞིན་ཉིད་ལ་དམིགས་པའི་བློ། །དམིགས་དང་བཅས་ཕྱིར་བརྫུན་ཡིན་ཏེ། །རྨི་ལམ་སོགས་ཡིན་དེ་ཤེས་བྱ། །དེས་ན་དེ་ཉིད་ཡིན་མི་རིགས། །གཟུང་དུ་མེད་
པ་བརྗོད་མེད་པ། །ཤེས་པའི་སྤྱོད་པ་རྣམ་སྤངས་པ། །ཐུབ་པའི་དབང་པོས་གསུངས་པའི་ཆོས། །དེ་ཡིས་འདི་ལྟར་འདི་ལ་གནོད། །དེ་ལྟར་ལུང་རིགས་ལྡན་པ་ཡི། །དེ་ཉིད་གང་ཞིག་སྔར་བསྟན་པ། །རིགས་པས་ཡོངས་སུ་བརྟགས་ན་ཡང་། །དེ་ལ་ཉམས་པ་མེད་པར་གནས། །ཁ་
ཅིག་ཕུང་པོའི་ལྗོན་ཤིང་ཆགས། །ཁ་ཅིག་རྣམ་ཤེས་རྒྱ་ལ་ཐོགས། །ཡང་དག་མཐའ་ཡི་གཡང་སར་ཡང་། །མ་ལྷུང་རྒྱལ་བའི་ཐུགས་སྲས་རོལ། །ཤེས་བྱ་རྣམ་ཀུན་མ་གྲུབ་ཕྱིར། །གང་ལ་རྣམ་པར་མི་རྟོག་པའི། །བློ་ཡང་སྐྱེ་བར་མི་འགྱུར་བ། །དེ་ཉིད་མཉམ་མེད་དེ་མཁྱེན་གསུང་། །

དབུ་མའི་སྙིང་པོ་ལས་རྣལ་འབྱོར་སྤྱོད་པ་པའི་དེ་ཁོ་ན་ཉིད་གཏན་ལ་དབབ་པ་ལ་འཇུག་པ་སྟེ་ལེའུ་ལྔ་པའོ།། །།རང་བཞིན་གང་ཞིག་རྟོགས་པ་མེད། །ཡོན་ཏན་གསུམ་དང་སྐྱེད་བདག་ཉིད། །དེ་ལས་བཟློག་པས་སྐྱེས་བུ་ཉིད། །འདི་དག་རྟག་ཏུ་གོམས་པར་བྱ། །རྩ་བའི་
རང་བཞིན་མི་འགྱུར་བ། །ཆེན་པོ་ལ་སོགས་རྣམ་པ་བདུན། །རང་བཞིན་འགྱུར་བ་བདུན་ཉིད་དོ། །འགྱུར་བ་རྣམ་པ་བཅུ་དྲུག་ཀྱང་། །རང་བཞིན་འགྱུར་བ་མིན་སྐྱེས་བུ། །ཡིད་ལས་སྙིང་སྟོབས་སྐྱེས་པ་ཅན། །སྐྱེས་བུའི་གཟུགས་བརྙན་འབྱུང་བའམ། །དེ་བཞིན་ཡོངས་སུ་གྱུར་
ནས་ནི། །བློ་འཇུག་པ་ཡི་རྗེས་སུ་བྱེད། །བདག་ཀྱང་གཞན་ལ་རང་བཞིན་གཞན། །འདི་ལྟར་དེ་ཉིད་མཐོང་བ་ཡི། །བྱེད་དང་བྱ་བ་ལྡོག་པ་ཡི། །སྐྱེས་བུ་གྲོལ་བ་ཡིན་ཞེས་བརྗོད། །བདག་དང་བདག་མེད་རྟོགས་པའམ། །དོན་བྱས་པ་ན་རྗེས་གཟུང་བ། །རང་བཞིན་གྱིས་ནི་གྲོལ་ཡིན་
ཕྱིར། །དེ་ཉིད་ཡིན་པར་གྲངས་ཅན་སྨྲ། །དེ་ལ་གཙོ་བོ་སྐྱེས་བུ་ནི། །ཇི་ལྟར་མི་རིགས་ལས་སྔར་བསྟན། །དེ་ཡང་ཡང་འདིར་བརྟག་བྱ་སྟེ། །བདག་ནི་རྟོགས་པ་མ་ཡིན་ནོ། །ཤེས་བྱ་རྟོགས་པས་རྟོགས་ཡིན་ན། །ཤེས་བྱ་མེད་པས་དེ་ཡང་མེད། །རྟོགས་པ་ཅན་ནམ་རྟོགས་མེད་པ། །
འདིར་ནི་བདག་ཏུ་གང་ཞིག་འགྱུར། །མ་བསྲེགས་སྲེག་པར་མི་རིགས་ཏེ། །བསྲེགས་པ་མེད་ཕྱིར་དེ་སྔོན་བཞིན། །དེས་ན་སྲེག་བྱེད་དཔེ་ཡིས་ནི། །རྟོགས་པའི་བདག་ཉིད་གྲུབ་མ་ཡིན། །ཤེས་བྱའི་རྣམ་པ་འཛིན་བྱེད་པས། །ཤེས་ལ་རྟོགས་པ་ཞེས་འདོད་དེ། །དངོས་པོ་བྱེད་པ་
ལ་བརྟེན་ཕྱིར། །དེ་ཡང་སྐྱེས་བུ་འདི་ལ་བརྟེན། །བརྟགས་པ་བྱས་པ་ཡིན་ན་ནི། །སྐྱེས་བུ་འགྱུར་མེད་རང་གི་ཡུལ། །དེ་དང་འདི་ནི་ལུགས་འདིས་འགལ། །ཤེས་ལས་རྟོགས་པ་གཞན་མིན་པས། །ཅི་ཞིག་གཞན་དུ་བརྟག་པར་བྱ། །རྟོགས་པ་བློ་གྲོས་མ་ཡིན་ཏེ། །རྒྱུ་དང་ལྡན་ཕྱིར་
བུམ་པ་བཞིན། །དེས་ན་རྟོགས་པ་ཤེས་པ་མིན། །གལ་ཏེ་བློ་ལ་དེ་སྙམ་ན། །རྟོགས་ལས་ཤེས་པ་གཞན་ཡིན་པར། །སྒྲུབ་བྱེད་ཅེ་ན་དཔེ་ཡང་མེད། །ཤེས་པའང་དེ་དངོས་མེད་ཅེ་ན། །ཁས་བླངས་པ་ཡིས་གནོད་པ་ཡིན། །མ་སྐྱེས་པ་ནི་རྟོགས་མིན་ཏེ། །མ་སྐྱེས་ཕྱིར་ན་རིགས་

ལྡན་མིན། །བློ་ཡི་འཇུག་པའི་ཁྱད་པར་ནི། །གང་ཕྱིར་ཤེས་ལ་འཇུག་འདོད་ནའང་། །ཐ་དད་ཁྱད་ཅན་ཉིད་འགྱུར་གྱི། །དེ་མེད་པས་ན་དེ་ཡང་མེད། །གལ་ཏེ་བདག་གི་བློ་གང་ཡང་། །ལ་ལར་ཇི་བཞིན་དོན་དུ་འདོད། །ལ་ལར་དེ་ལས་བཟློག་
ཉིད་དེ། །མཐོ་ལ་མཐོ་ཡི་བློ་བཞིན་ནོ། །ལ་ལར་ཇི་ལྟར་ཇི་བཞིན་དོན། །ཞེ་ན་ཀུན་རྫོབ་གྲུབ་པ་སྒྲུབ། །ཇི་བཞིན་དོན་གྱི་སེམས་ཀྱི་ཡུལ། །བདག་ཅེས་བྱ་བར་བདག་ཅག་འདོད། །ཅི་སྟེ་ཀུན་ལ་ཁྱབ་སོགས་ཀྱི། །མཚན་ཉིད་ཅན་བློ་དོན་བཞིན་ན། །དེ་ཉིད་དུ་འམ་ཀུན་རྫོབ་ཏུའང་། །དཔེ་
ནི་ཡོད་པ་མ་ཡིན་ནོ། །རྟོགས་པ་མེད་པས་རྟོགས་པ་ནི། །རང་བཞིན་རྟོགས་པ་མེད་པའམ། །གང་གི་དེ་ཉིད་ཤེས་སྐྱེ་བས། །གང་ཞིག་གྲོལ་བར་འགྱུར་བ་ཡིན། །རྟོགས་པས་འཛིན་པར་བྱེད་པ་ན། །བདག་ནི་འདི་ལྟར་ཞེས་སོགས་དེས། །རྟོགས་པ་མེད་ཕྱིར་གཞན་མི་རིགས། །དེ་མེད་
གྱུར་ན་ཡང་ཅི་ཞིག །འདི་ཡི་ལྡོག་པའང་རིགས་མིན་ཏེ། །མང་པོ་དག་དང་ཐུན་མོང་ཕྱིར། །ཇི་ལྟར་རྗེ་གཅིག་ཤི་གྱུར་ཀྱང་། །ཚོགས་པ་དག་གི་བྲན་བཞིན་འདོད། །ཐ་དད་ཡུལ་ལ་མ་བསྒྲིབས་ཕྱིར། །ཇི་ལྟར་བདག་གི་དབྱེ་བ་ལས། །སྐྱེས་བུའི་ཡིད་ལ་སྙིང་སྟོབས་དག །ལྷག་པས་དེ་ཉིད་
མཐོང་བར་འདོད། །སྒྲ་ལ་སོགས་པ་རྟོགས་པ་དང་། །དེ་བཞིན་ཆོས་དང་ཆོས་མིན་དག །སྐྱོན་ནི་རྗེས་སུ་མཚུངས་པའི་ཕྱིར། །མ་མཐོང་ངེས་པ་མེད་པའང་ཡིན། །གལ་ཏེ་སྐྱེས་བུ་འགྱུར་ཞེ་ན། །སྐྱེས་བུ་རྟོགས་པ་མེད་པ་དང་། །རྒྱུ་མེད་ཁྱབ་པ་མ་ཡིན་ཏེ། །སྐྱེས་བུ་འགྱུར་ཕྱིར་འོ་མ་བཞིན། །
སེམས་ནི་འགྱུར་བ་མེད་ན་ཡང་། །གཟུགས་བརྙན་གྱི་ནི་རྒྱུ་ཡིན་ཕྱིར། །ཇི་སྐད་སྨྲས་པའི་སྐྱོན་ལྡན་པར། །འགྱུར་ཏེ་གདོང་གི་གཟུགས་བརྙན་བཞིན། །སྐྱེས་བུ་རྟོག་པ་མེད་པའི་ཕྱིར། །བདག་དང་གཞན་ཞེས་མི་རིགས་སོ། །བརྟགས་ནས་སྐྱོན་མེད་ཅེ་ན་ཡང་། །གྲོལ་བ་བརྟགས་པ་ཉིད་དུ་
འགྱུར། །གཙོ་བོ་ཡོད་དེ་སྣ་ཚོགས་ཀྱི། །རྗེས་སུ་འགྲོ་ཕྱིར་ཡོངས་གྱུར་ཕྱིར། །བྱ་དང་བྱེད་པའི་ངོ་བོའི་ཕྱིར། །ནུས་ཕྱིར་སྣ་ཚོགས་ངོ་བོའི་ཕྱིར། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། །སྣོད་ཆག་པ་ཡི་དུམ་སོགས་ལྟར། །དེ་བཞིན་དབྱེ་བ་དེ་དང་ལྡན། །དེས་ན་དབྱེ་བ་རྒྱུ་དང་བཅས། །དབྱེ་རྣམས་རྒྱུ་དང་

བཅས་ཉིད་དུ། །སྒྲུབ་བྱེད་ཅེ་ན་གྲུབ་པ་སྒྲུབ། །ཀུན་ལ་ཁྱབ་པར་མ་གྲུབ་སྟེ། །འདི་ཡི་གཏན་ཚིགས་མ་གྲུབ་ཕྱིར། །སྤྱི་ནི་སྔོན་དུ་སོང་འདོད་དེ། །སྤྱི་དང་ལྡན་པའི་ཕྱིར་ཞེ་ན། །སྤྱི་ཉིད་དམ་ནི་ཁྱད་པར་ལ། །སྔ་མ་བཞིན་དུ་དཔེ་ཡང་མེད། །བདེ་ལ་སོགས་པའི་ངོ་བོའི་ཕྱིར། །ཚོར་བའི་ཕུང་པོ་
བཞིན་མི་འདོད། །ཕུང་པོ་ཡིན་ཕྱིར་བདེ་སྡུག་སོགས། །སོ་སོར་མ་ངེས་པ་ཉིད་ཡིན། །མ་ངེས་པ་ཡིས་སྤངས་པས་ན། །དེ་ལྟར་དོན་བྱེད་བདག་ཉིད་ཡིན། །རྒྱུ་དང་ལྡན་པ་ཡིན་པའི་ཕྱིར། །རྗེས་འགྲོ་སོགས་ཀྱི་རྗེས་དཔག་གི །དམ་བཅས་སྐྱོན་གྱིས་གནོད་པ་ཡིན། །སྐྱེ་མེད་མཐའ་མེད་ཉིད་
སོགས་ཀྱི། །དེ་ཡིས་ཁྱད་པར་སྤངས་པས་ན། །གཙོ་བོའི་ཡོན་ཏན་འདོད་པ་ཡི། །གཏན་ཚིགས་མ་ངེས་པ་ཉིད་ཡིན། །དེ་བཞིན་ཐ་དད་རྒྱུ་ལས་ཀྱང་། །འབྱུང་བར་འདོད་པའི་དཔེ་ཡོད་མིན། །ཙནྡན་དུམ་བུར་གྱུར་པ་ན། །ཉམས་པ་མིན་པར་རྟོགས་བྱ་སྟེ། །སྟོབས་དང་གཟུགས་དང་ཚད་
ལ་སོགས། །ཉེ་བར་གནས་ཏེ་བདག་ཉིད་བཞིན། །ནུས་པའི་བདག་ཉིད་ཉིད་དུ་སྟེ། །ཡོད་ན་སྔར་བཞིན་དཔེ་མི་འགྲུབ། །གསལ་བའི་ངོ་བོར་དེ་ཡོད་ནའང་། །གྲུབ་པའི་མཐའ་ནི་སྤང་བར་འགྱུར། །བྱ་དང་བྱེད་པ་གཅིག་ཉིད་དུ། །སྒྲུབ་ནའང་སྨྲས་པའི་ཚུལ་ཉིད་ཡིན། །རིགས་མཐུན་
ཉིད་ལ་གཅིག་ཉིད་དུ། །སྒྲུབ་ནའང་གྲུབ་པ་སྒྲུབ་པ་ཡིན། །དེ་ལས་དོན་གཞན་ཏོག་ན་ཡང་། །སྔ་མ་བཞིན་དུ་སྐྱོན་ཀུན་འབྱུང་། །བདེ་དང་སྡུག་བསྔལ་སོགས་ཀུན་དུ། །གཏན་ཚིགས་མ་ངེས་པ་ཉིད་ཡིན། །དུས་དབྱེར་མེད་པས་གཞན་མིན་ནའང་། །གྲགས་དང་ལུང་དང་འགལ་བ་
ཉིད། །ཙནྡན་ངོ་བོ་མི་མངོན་པས། །མེད་པར་གྲུབ་པ་མ་ཡིན་ཏེ། །དུས་དང་དྲུག་པས་བསྟན་པའི་ཕྱིར། །དེ་ལྟར་སྐད་ཅིག་བཞིན་ཞེ་ན། །དེ་ལྟ་ན་ཡང་སྤྲོ་གྱུར་ནས། །རང་གི་ལུགས་ཀྱི་སྐྱོན་སྦེད་ཀྱང་། །སྨྲས་པའི་སྐྱོན་རྣམས་མེད་མིན་ཏེ། །གྱེན་དུ་སྐྲ་འགྲེང་བུམ་འདྲ་བཞིན། །དེ་
གཟུགས་ཤེ་ན་གཏན་ཚིགས་དོན། །རྣམ་པར་རྟོག་པ་མ་ངེས་ཉིད། །དབྱེར་མེད་ངོ་བོ་ཡིན་ན་ཡང་། །གཏན་ཚིགས་མ་ངེས་པ་ཉིད་ཡིན། །རྣ་སོགས་སྤྱད་བྱ་བ་ཡིན་ཏེ། །རྟོགས་པ་མེད་ཕྱིར་གལ་ཏེ་འདོད། །ཁྱད་པར་དག་ནི་མ་བསྟན་པར། །སྤྱད་བྱའོ་ཞེ་ན་གྲུབ་པ་སྒྲུབ། །ཅི་སྟེ་གཡོ་བ་མེད་

སོགས་ཀྱི། །ཁྱད་པར་ཅན་ན་རྗེས་འགྲོ་གང་། །རྟོགས་པར་བདེན་ཡང་རྩོལ་མེད་ཕྱིར། །སྤྱོད་པ་པོར་ནི་མི་འདོད་དོ། །དངོས་རྣམས་བྱ་བ་མེད་ཉིད་དུ། །རབ་ཏུ་རྟོགས་ཏེ་གཞལ་བྱའི་ཕྱིར། །སྨྲས་པ་ཅི་ལྟར་དེ་དེ་ལྟར། །རྟོགས་ཏེ་བདེ་དང་གཏི་མུག་བཞིན། །བྱ་
བ་མེད་པར་སྡུག་བསྔལ་ཡང་། །ཤེས་པར་བྱ་སྟེ་རྒྱུད་ལྡན་ཕྱིར། །རྟོགས་པ་མེད་ཕྱིར་བརྗོད་བྱའི་ཕྱིར། །གཞལ་བྱ་ཡིན་ཕྱིར་གཏི་མུག་བཞིན། །རྗེས་འགྲོ་ལ་སོགས་གཏན་ཚིགས་རྣམས། །ཐ་དད་ཉིད་དུ་འདོད་པས་ན། །གཙོ་བོའི་ཡོན་ཏན་ལ་དེ་རྣམས། །མ་ངེས་མ་ཡིན་པ་དེ་
བདེན། །བྱ་དང་བྱེད་པ་སྒྲུབ་བཅས་ཕྱིར། །རྒྱུ་དང་ལྡན་པར་རྗེས་དཔག་ཉིད། །གཏན་ཚིགས་རྣམས་ཀྱང་ཁྱད་བཅས་པས། །དེ་ལྟར་འགལ་བ་ཉིད་དུ་འགྱུར། །དེ་མ་བཟུང་བར་མི་འཛིན་པས། །གཟུགས་སོགས་གཞན་མིན་དེ་དངོས་བཞིན། །ཐ་དད་དངོས་ཕྱིར་གཞན་མིན་
མིན། །གང་དེ་རྟོགས་བྱ་རྟོགས་བྱེད་ཕྱིར། །དེས་ན་མི་མངོན་མ་ཡིན་ལ། །བྱ་བར་ཡོད་པའང་མི་འདོད་དོ། །ད་ལྟར་གྱི་ན་སྐད་ཅིག་ཀྱང་། །རྗེས་སུ་ཡོད་པར་མ་གྲགས་ཉིད། །སྤྱོད་དང་བཅས་པའི་སྤྱད་བྱ་འདི། །སྤྱད་བྱ་ཡིན་ཕྱིར་མལ་སོགས་བཞིན། །རྟོགས་པ་པོ་ནི་སྤྱོད་
པ་ཉིད། །དེ་ཡི་སྒྲུབ་པར་བྱེད་པ་མིན། །རྟོགས་པ་ངེས་པར་རྟོགས་ཡིན་ན། །དེ་ནི་གང་གི་ཡིན་པ་སྨྲོས། །དངོས་པོ་བྱེད་པོ་ལ་བརྟེན་ཏེ། །གོས་སོགས་ཚོན་དུ་བཙོས་པ་བཞིན། །སྒྲ་སོགས་ཤེས་པར་མི་འགྱུར་བ། །ཡིན་ནའང་ཤེས་པ་ཇི་ལྟར་ཡིན། །སྒྲ་སོགས་ཤེས་པར་འགྱུར་བ་ཉིད། །
ཡིན་ནའང་ཤེས་པ་ཇི་ལྟར་ཡིན། །བྱེད་པ་མེད་པ་མ་སྐྱེས་ཕྱིར། །བྱེད་པོ་ཉིད་དུ་ཇི་ལྟར་འདོད། །མ་སྐྱེས་པ་ལ་བདོགས་ན་ཡང་། །སྐྱེས་བུ་བཏགས་པ་པ་རུ་འགྱུར། །བྱེད་པོའི་སྒྲ་ཡིས་བརྗོད་བྱའི་ཕྱིར། །མེ་བཞིན་ཁྱོད་ཀྱི་སྐྱེས་བུ་ཡང་། །རྒྱུ་བཅས་བྱ་བཅས་སྤྱད་བྱ་དང་། །བྱ་བ་རབ་ཏུ་བསྐྱེད་
པའང་ཡིན། །ཀུན་ཁྱབ་མ་ཡིན་རང་བཞིན་ལས། །གཞན་པ་མ་ཡིན་སྐྱེས་བུ་མིན། །དེ་ཡི་རང་དངོས་ཁྱད་པར་ནི། །དེ་ཡིས་འདི་ལྟར་སྤོང་བར་འགྱུར། །དེས་ན་ཁས་བླངས་པ་དེ་ལ། །གནོད་ཕྱིར་དམ་བཅས་སྐྱོན་མེད་མིན། །ཇི་ལྟར་དབང་ཕྱུག་རྒྱུར་སྨྲ་བཞིན། །རྟོགས་པ་ལ་སོགས་

སྤངས་པ་ཡིན། །བདག་དང་བདག་གི་མིན་རྟོགས་པ། །བློ་ཡི་རྗེས་སུ་རྟོགས་པ་ཡི། །ལྟ་བ་ལོག་པས་གྲོལ་བར་ནི། །ཁྱོད་ཀྱི་སྐྱེས་བུ་འགྱུར་མི་རིགས། །སྐྱེས་བུ་ཐ་དད་མཐོང་བ་ཡིས། །ཐར་པ་འཐོབ་པ་མ་ཡིན་ཏེ། །བློ་གཞན་ཡིན་ཕྱིར་སྤྱད་བྱ་དང་། །སྐྱེས་བུ་གཞན་ཉིད་མཐོང་བ་
བཞིན། །ཇི་ལྟར་རྣམ་རྟོག་བཅས་པའི་ཕྱིར། །མི་ནི་ཐ་དད་མཐོང་བ་ལྟར། །སྐྱེས་བུ་ཐ་དད་མཐོང་བ་ཡིས། །དེ་བཞིན་གྲོལ་བ་མི་འདོད་དོ། །དེ་ལྟར་གྲངས་ཅན་དེ་ཉིད་ནི། །སྔོན་དང་ཕྱི་མར་འགལ་བ་དང་། །རིགས་པ་དང་ནི་མི་ལྡན་ལ། །མཁས་པ་རྣམས་ཀྱི་བློ་མི་འཇུག །ནྱ་གྲོ་དྷ་ཡི་
ས་བོན་གྱི། །ནང་ན་ཡོད་པའི་ནྱ་གྲོ་དང་། །བུད་མེད་སྐྱེས་པ་འགྲོགས་ལ་བུ། །རྔ་ཡི་ནང་ན་སྒྲ་གནས་དང་། །ཟས་ཀྱི་ནང་ན་ཕྱི་ས་སོགས། །ཤིང་ལ་འབར་ཡོད་མི་མཐོང་ཞེས། །གང་ཞིག་མངོན་སུམ་སྤོང་བྱེད་པ། །དེ་ནི་བདེན་སྨྲ་ཇི་ལྟར་ཡིན། །དེ་ནི་ཡོད་ཀྱང་མི་གསལ་བས། །
དེས་ན་བྱ་བ་མངོན་མ་མཐོང་། །ཞེ་ན་མི་གསལ་མེད་མིན་པས། །ཨེ་མའོ་བསྟན་བཅོས་ཤིན་ཏུ་ལེགས། །དབུ་མའི་སྙིང་པོ་ལས་གྲངས་ཅན་གྱི་དེ་ཁོ་ན་ཉིད་ལ་འཇུག་པ་སྟེ་ལེའུ་དྲུག་པའོ།། །།བློ་སོགས་བདག་གི་ཡོན་ཏན་བཅད། །དྲུངས་ནས་ཕྱུང་བའི་རྣལ་འབྱོར་པ། །
ཡིད་ལ་བདག་ཅེས་གནས་པ་ནི། །བྱེ་བྲག་པ་ཡིས་ཐར་པར་ཤེས། །རྒྱས་པར་སྔར་བསྟན་རིམ་པ་ཡིས། །མི་བདེན་སྐྱེ་བ་བཀག་པའམ། །དངོས་པོ་ཡོངས་སུ་བཀག་པས་ན། །འདོད་དང་སྡང་སོགས་ཡོན་ཏན་མེད། །མ་སྐྱེས་བྱེད་པོར་མི་རུང་སྟེ། །བྱ་བ་ངེས་པར་བྱ་བ་ལ། །བྱེད་
པོ་ཡིན་ཕྱིར་སྦྲང་རྩིའི་རྒྱུ། །ནམ་མཁའི་མེ་ཏོག་མིན་པ་བཞིན། །མ་སྐྱེས་སྐྱེས་པ་མ་ཡིན་ཏེ། །ནམ་མཁའི་མེ་ཏོག་མ་སྐྱེས་བཞིན། །འབྱུང་བའི་ངོ་བོ་ལ་སོགས་ཀྱི། །དོན་དམ་པར་ན་ཡོད་མིན་ཏེ། །རྟག་པའི་བདག་ལ་ཤེས་མི་བརྟེན། །རྒྱུ་དང་ལྡན་ཕྱིར་བུམ་པ་བཞིན། །བློ་ནི་བདག་གི་ཡོན་
ཏན་དུ། །མི་རིགས་སྐྱེ་དང་ལྡན་པའི་ཕྱིར། །ཇི་ལྟར་དེ་ཡི་ཡོན་ཏན་དུ། །གཟུགས་ལ་སོགས་པ་མི་འདོད་བཞིན། །འདུ་བ་ཡིན་ཕྱིར་བདག་མེད་པས། །རིགས་ཏེ་མི་རྟག་པ་ཡི་ཕྱིར། །དེ་ལྟར་བདེ་དང་སྡུག་བསྔལ་སོགས། །དགག་པ་མཐར་ཐུག་ཤེས་པར་བྱ། །ཡིད་ནི་རྟག་པ་མིན་པར་

འདོད། །བརྗོད་བྱ་ཡིན་ཕྱིར་བུམ་པ་བཞིན། །འདི་ནི་བདག་གི་བྱེད་པ་མིན། །དངོས་པོ་ཡིན་ཕྱིར་བདེ་བ་བཞིན། །བདག་ཡོད་པ་ནི་བཀག་ཟིན་ཀྱང་། །འདིར་ཡང་བརྟག་པར་བྱ་བ་སྟེ། །བརྟེན་ནས་བྱུང་བ་མ་ཡིན་ཕྱིར། །བདག་མེད་ནམ་མཁའི་མེ་ཏོག་བཞིན། །
དེ་ཡི་སྤྱི་ནི་ཡོད་པར་ཡང་། །ཁས་ལེན་པ་ཡང་བརྟག་པར་བྱ། །འདི་ནི་ཁྱབ་མིན་རྟག་པ་མིན། །རྟོགས་བྱ་ཡིན་ཕྱིར་བུམ་པ་བཞིན། །བློ་སྐྱེ་འགྱུར་དང་བཅས་ཤེ་ན། །ཁྱོད་ཀྱི་བདག་ཉིད་ཉམས་པར་འགྱུར། །འོན་ཏེ་འགྱུར་མེད་ཤེས་པ་མིན། །ཤེས་དང་ཤེས་མིན་ཇི་ལྟར་རུང་། །འདུ་བ་
དགག་པ་བྱས་པས་ན། །དེ་དང་འབྲེལ་པའང་རིགས་པ་མིན། །བདེ་དང་སྡུག་བསྔལ་འབད་དང་འདོད། །སྡང་ལ་སོགས་ཀྱང་ཚུལ་འདི་ཡིན། །བརྟག་པའི་བདག་ལ་བདེ་མི་རྟེན། །རྒྱུ་དང་ལྡན་ཕྱིར་བུམ་པ་བཞིན། །ཡང་ན་བདག་གི་ཡོན་ཏན་ནི། །བདེ་བ་ཡིན་པར་མ་རྟོགས་ཏེ། །སྐྱེ་
དང་ལྡན་ཕྱིར་གཟུགས་ལ་སོགས། །དེ་ཡི་ཡོན་ཏན་མི་འདོད་བཞིན། །ཡང་ན་འདི་དག་འདུ་བ་ནི། །བདག་ལ་ཡོད་པར་མ་རྟོགས་ཉིད། །ལྷན་ཅིག་ཡོད་ཆེན་དང་འབྲེལ་བར། །ཡོད་དང་མེད་པ་མི་རིགས་སོ། །ཡོད་ནའང་དེ་སྦྱོར་དོན་མེད་ལ། །མེད་ན་དེ་ཡང་མེད་པར་འགྱུར། །གསལ་
བར་བྱེད་པ་ཆོས་གཞན་ཕྱིར། །དེ་ནི་གསལ་བྱེད་ཇི་ལྟར་ཡིན། །གྲངས་ལ་སོགས་དང་འབྲེལ་བ་ཡང་། །འདི་ཉིད་ཀྱིས་ནི་ལན་བཏབ་པོ། །གལ་ཏེ་སྤྱི་སོགས་དང་འབྲེལ་བས། །སྐྱེས་བུ་སྤྱི་དང་གཅིག་རྟོགས་པར། །དེ་སོགས་རྐྱེན་དང་ཕྲད་ཙམ་གྱིས། །སྐྱེས་བུ་འབྱུང་བར་འདོད་
ན་ནི། །ཡོད་མིན་མེད་མིན་དུ་མ་མིན། །གཅིག་མིན་ཕྲ་མིན་ཆེན་པོ་མིན། །འདི་ནི་རྟག་མིན་མི་རྟག་མིན། །གཞན་མིན་གཞན་མིན་མིན་དེ་ཉིད། །ཇི་ལྟར་བདག་བཞིན་ཚིག་གི་དོན། །གཞན་ཡང་འདི་ལྟར་སྟོང་པ་དེ། །འབད་ནས་གསངས་སུ་ཟིན་ཀྱང་ནི། །གཟེགས་ཟན་པ་ཡིས་གསལ་
བར་བྱས། །འདི་དག་མཚན་མར་འཛིན་པའི་ཕྱིར། །དེ་ཉིད་མཐོང་བར་མི་རིགས་སོ། །མཚན་མ་མི་བདེན་པར་སྐྱེས་པའི། །ངོ་བོ་རྟག་པར་མི་བདེན་འདོད། །བདག་ལས་ཐ་དད་གྱུར་པའི་དོན། །དེ་དང་འབྲེལ་པར་མི་འདོད་དེ། །ཡོད་པའི་བློ་ཕྱིར་བློ་སྤྱི་ལ། །སྤྱི་ཞེས་བྱ་བར་འདོད་

པ་བཞིན། །དེ་བཞིན་གྲངས་སོགས་འབྲེལ་པ་ཡང་། །བདག་གམ་གཞན་པ་ལ་ལ་ལ། །མཁས་པས་ཇི་ལྟར་རིགས་པ་བཞིན། །བློ་དེ་མིན་པར་རྟོགས་པར་བྱ། །བདག་ནི་བློ་དང་སྡུག་བསྔལ་དང་། །བདེ་སོགས་ཡོན་ཏན་དང་མི་འབྲལ། །ཡོན་ཏན་ཡིན་ཕྱིར་གྲངས་བཞིན་ནོ། །
དེ་ཕྱིར་ཡོན་ཏན་མེད་བདག་མིན། །ཡུལ་དང་ངོ་བོར་དབྱེར་མེད་ཀྱང་། །གང་ཞིག་རང་གི་བདག་ཉིད་འགྱུར། །བདག་དང་སྦྱོར་བར་འདོད་པ་ལས། །དྲན་ནས་ཤེས་པ་ཀུན་ཏུ་འབྱུང་། །མ་མཐོང་ངེས་པའང་སྔར་བཞིན་དུ། །ཐལ་འགྱུར་ལན་ཡང་འདི་ལ་ཡིན། །མེད་པའི་སྐྱེ་བ་བཀག་
པས་ན། །དེ་ཡི་སྦྱོར་བའང་མི་འདོད་དོ། །ཡིད་དང་བདག་གི་མེད་པ་ལ། །རྟེན་དང་བརྟེན་པར་མི་འདོད་དོ། །བདག་དང་ཡིད་ནི་ཡོད་ན་ཡང་། །རྟེན་དང་བརྟེན་པར་མི་འདོད་དོ། །རྣམ་རྟོག་རྒྱུ་མཚན་བཅས་པའི་ཕྱིར། །རྫས་སོགས་མཐོང་བས་གྲོལ་བར་ནི། །ཇི་ལྟར་འུག་པ་མི་འདོད་
པ། །དེ་བཞིན་འུག་པ་པ་མི་འདོད། །ས་སོགས་དེ་ཉིད་འབྱུང་བའི་བློ། །ཐར་པ་མིན་པར་གཟེགས་ཟན་འདོད། །ཁྱད་པར་དག་ནི་མི་འཛིན་ཕྱིར། །འཚོ་བའི་དེ་ཉིད་བློ་བཞིན་ནོ། །བྱེ་བྲག་པ་ཡི་དེ་ཉིད་ལའང་། །ལྟ་ངན་རབ་རིབ་སྐྱེས་པས་ན། །དེས་ན་རིགས་པ་དང་བྲལ་
ཕྱིར། །བློ་ནི་དགའ་བར་མི་བྱའོ། །དབུ་མའི་སྙིང་པོ་ལས་བྱེ་བྲག་པའི་དེ་ཁོ་ན་ཉིད་ལ་འཇུག་པ་སྟེ་ལེའུ་བདུན་པའོ།། །།རིག་བྱེད་མཐར་སྨྲས་སྨྲས་པ་ནི། །འདུས་བྱས་སྟོང་པར་སྨྲ་བ་ཡི། །ཕྱི་རོལ་པ་ལ་བདག་རིག་དཀོན། །བདག་སྡང་ཐར་པ་ག་ལ་ཡོད། །མུན་པ་
ལས་གཞན་སྐྱེས་བུ་ནི། །ཆེན་པོར་གྱུར་པ་ཉི་མའི་འོད། །དབང་ཕྱུག་ཆེན་པོ་བདག་དེ་ཉིད། །མཁས་པས་ཤེས་ན་འཆི་མེད་འགྱུར། །བྱེད་པོ་དབང་ཕྱུག་གསེར་མདོག་ཏུ། །གང་གིས་མཐོང་ཞིང་བལྟ་བ་དེ། །སྡིག་དང་བསོད་ནམས་ལས་འདས་ནས། །མཆོག་ཏུ་ཞི་བ་ཐོབ་
པར་འགྱུར། །བྱུང་གྱུར་བྱུང་དང་འབྱུང་བ་དག །ཐམས་ཅད་སྐྱེས་བུ་ཡིན་འདོད་དེ། །དེ་ནི་ཕྱི་ནང་རིང་བ་དང་། །དེ་ནི་ཉེ་དང་དེ་ལས་བྱེད། །སྲིད་པ་སྣ་ཚོགས་དེ་ལས་སྐྱེས། །དར་གྱི་སྲིན་བུའི་སྐུད་པ་བཞིན། །མཁས་པ་དེ་ཡི་ཆར་ཐིམ་པ། །ཡང་སྲིད་ལེན་པར་མི་འགྱུར་རོ། །འཆི་

བཅས་རྣམས་ལ་བདུད་རྩི་མེད། །མེ་ལ་གྲང་བ་ཇི་བཞིན་ནོ། །དེས་ན་བདུད་རྩི་སྐྱེས་བུ་ཉིད། །མ་རྟོགས་བདུད་རྩི་ཡོད་མི་རིགས། །གང་ལས་མཆོག་གྱུར་གཞན་མེད་ཕྱིར། །གང་ལས་དམ་པ་གཞན་མེད་ལ། །འདི་ལས་ཕྲ་གྱུར་གཞན་མེད་པས། །སྣ་ཚོགས་འདི་
དག་རྒྱུ་གཅིག་ཉིད། །དེ་ནི་ཕྲ་དང་རགས་དང་ལྡན། །ཡང་ལྡན་གཙོ་བོ་དབང་བསྒྱུར་བ། །རབ་ཕྱེ་འདོད་པའི་མཐར་ཐུག་གང་། །རྣལ་འབྱོར་ཇི་ལྟར་འདོད་པར་འགྲོ། །དེར་ནི་འབྱུང་བ་ཐམས་ཅད་ཀྱང་། །བདག་ཉིད་དུ་ནི་འདུས་པར་མཐོང་། །བྱིས་དང་མཁས་དང་གདོལ་པ་དང་། །
བྲམ་ཟེ་སོགས་རྣམས་མཉམ་པ་ཉིད། །བུམ་པ་འབྱུང་ཞིང་འཇིག་པ་ལྟར། །ནམ་མཁའ་དེ་ཡི་བདག་ཉིད་མིན། །ལུས་ཅན་འབྱུང་ཞིང་འཇིག་པ་ལྟར། །དེ་བདག་ཡིན་པས་བདག་མི་འདོད། །བུམ་པའི་ནམ་མཁའ་བཞིན་དུ་གཅིག །དུ་མའོ་ཞེ་ན་བུམ་པ་དག །ཆག་ན་
དབྱེར་མེད་གཅིག་ཉིད་དུ། །ཐམས་ཅད་མཉམ་པར་འགྱུར་བར་འདོད། །ཇི་ལྟར་བུམ་སོགས་ཐ་དད་ཀྱང་། །ས་ལ་ཐ་དད་འགའ་ཡང་མེད། །དེ་བཞིན་ལུས་ནི་ཐ་དད་ཀྱང་། །བདག་ལ་ཐ་དད་འགའ་ཡང་མེད། །ཇི་ལྟར་བུམ་པའི་ནམ་མཁའ་གཅིག །རྡུལ་དང་དུ་བས་
བསྒྲིབས་པ་ན། །ཐམས་ཅད་དེ་བཞིན་མ་ཡིན་ལྟར། །བདེ་སོགས་དེ་བཞིན་བདག་ལ་མིན། །བདག་མ་ཤེས་ཤིང་མ་རྟོགས་པས། །རྨི་ལམ་ལོངས་སྤྱོད་ང་རྒྱལ་བཞིན། །ལས་རྣམས་སོགས་ཤིང་དགེ་བ་དང་། །མི་དགེའི་འབྲས་བུ་སྤྱོད་པ་ཡིན། །ལུས་ལ་གནས་ཀྱང་
མ་ཆགས་དང་། །སྤྱོད་པར་བྱེད་ཀྱང་མི་གོས་ཏེ། །འདོད་བཞིན་སྤྱོད་ཀྱང་རྒྱལ་པོ་བཞིན། །སྡིག་པས་གནོད་པར་མི་འགྱུར་རོ། །གཅིག་པོ་ཀུན་ཁྱབ་རྟག་པ་སྟེ། །ཚངས་མཆོག་འཆི་བ་མེད་པའི་གནས། །རྣལ་འབྱོར་པ་ཡིས་གོམས་བྱས་ན། །དེ་ནི་ཡང་སྲིད་ལེན་མི་
འགྱུར། །དེ་ནི་རྟག་པར་རྟོག་མེད་པ། །གང་གི་སྤྱོད་ཡུལ་གང་མ་གྱུར། །བློ་ནི་དབྱེ་བས་ཕྲོགས་རྣམས་ཀྱིས། །དེ་ལ་ཚིག་ཏུ་སྦྱོར་བར་བྱེད། །ཕྱོགས་སུ་ལྷུང་བ་མ་ཡིན་པས། །འདིར་ནི་འདི་ཡང་འདི་ལྟར་དཔྱད། །ཕྱོགས་ལ་ཆགས་པས་བསྒྲིབས་པའི་བློས། །ཇི་ལྟར་

བདེན་པའང་རྟོགས་མི་འགྱུར། །བདག་ཡོད་པས་ནི་བཀག་པ་ན། །འགྲོ་བའི་རྒྱུ་ཡང་དེ་བཞིན་ཏེ། །དེས་ན་དེ་མཐོང་གྲོལ་བ་ནི། །མི་བདེན་པར་ནི་རབ་བརྟགས་ཉིད། །བྱོལ་སོང་རྣམས་ལ་འཇིག་ཚོགས་ལྟ། །ལྷན་ཅིག་སྐྱེས་ཡོད་ཞི་མ་གྱུར། །ཀུན་ཉོན་མོངས་ཀུན་རྩ་བའི་
ཕྱིར། །དེ་ཉིད་ཁྱོད་ཀྱིས་ཤིན་ཏུ་སྤེལ། །འཇིག་ཚོགས་ལྟ་ལ་ཞེན་པ་ཡི། །བདག་འཛིན་བདག་གིར་འཛིན་པ་དག །གང་ལས་འཁོར་བར་འབྱུང་འགྱུར་བ། །དེ་ཉིད་གྲོལ་བ་ཡིན་པར་སྨྲ། །མྱོས་པར་གྱུར་ལ་མྱོས་འགྱུར་བཞིན། །དེ་ལྟ་བ་ཡིས་ཞི་གྱུར་ན། །ཤིན་ཏུ་མ་
ཞུའི་ནད་ལྡན་ལ། །ཁ་ཟས་ཟོས་པས་ཕན་པར་འགྱུར། །རིག་བྱེད་སྨྲ་བས་བདག་དེ་ནི། །རྣམ་པ་གཉིས་སུ་འདོད་བྱེད་དེ། །ལུས་ཞེས་བྱ་བ་བཅིངས་བདག་དང་། །མཆོག་ན་གནས་པ་གྲོལ་བའི་བདག །མཆོག་ཏུ་འཛིན་པ་བདག་གི་ཡུལ། །བདག་བློ་ཇི་བཞིན་དོན་མ་
ཡིན། །བདག་ནི་འདི་ཞེས་མཆོག་འཛིན་ཕྱིར། །ལུས་ལ་བདག་གི་བློ་བཞིན་ནོ། །ཡོངས་སུ་བཏགས་པ་ཡོད་ན་ཡང་། །ཁྱོད་ཀྱི་བདག་གིས་ཅི་ཞིག་བྱེད། །གཟུགས་དང་སྒྲ་སོགས་ཡུལ་རྣམས་ལ། །བློའོ་ཞེ་ན་དེ་མི་རིགས། །གཟུགས་སོགས་ཡུལ་ལ་བློ་དག་
ནི། །བྱེད་པོ་བདག་ནི་མེད་ཀྱང་སྐྱེ། །རྐྱེན་ལ་ལྟོས་པའི་སྐྱེ་ཡིན་ཕྱིར། །མེ་ཤེལ་གྱི་ནི་མེ་བཞིན་ནོ། །གང་ཡང་ཡི་གེའི་བདག་ཉིད་སྒྲ། །དེ་ཡི་བྱེད་པོ་བདག་མིན་འདོད། །མཉན་བྱའི་ཕྱིར་དང་སྒྲ་ཡིན་ཕྱིར། །དཔེར་ན་བྲག་ཅ་ཇི་བཞིན་ནོ། །འདིས་ནི་ལུས་ཀྱི་བྱ་བ་གཞན། །འོང་
བ་དང་ནི་འགྲོ་བ་དང་། །ལག་པ་རྐང་པ་གཡོ་བ་ནི། །མཚན་ཉིད་ལྷག་མ་རྣམས་ཀྱང་བཀག །རྣམ་པར་བཅད་ནས་ཀུན་ཤེས་ལས། །ཀུན་ཤེས་དྲན་པ་ཉིད་ལས་དྲན། །སོ་སོར་རྣམ་པར་རབ་ཤེས་ལས། །ཤེས་རབ་ཉམས་སུ་མྱོང་ལས་ཚོར། །ཤེས་སོགས་བྱེད་པར་སྨྲ་ཞེ་
ན། །བྱེད་པ་ཉིད་དུ་སྒྲུབ་པའམ། །དེ་ལས་གཞན་པའི་བྱེད་པོ་ཉིད། །གཅོད་བྱེད་བཞིན་དུ་རིགས་ལྡན་མིན། །བྱེད་པ་པོ་ལ་རྐྱེན་ལྡན་ཞིང་། །གང་ཕྱིར་བྱེད་པ་ལ་མིན་པས། །དེས་ན་གཏན་ཚིགས་མ་གྲུབ་པའམ། །མ་ངེས་པ་ཉིད་ཡིན་པར་འགྱུར། །ཤེས་ལ་སོགས་པ་བྱེད་

པོ་ཉིད། །བྱེད་པོའི་སྒྲ་ཡིས་བརྗོད་པའི་ཕྱིར། །ལྷས་སྦྱིན་གྱིས་ནི་གཅོད་དོ་ཞེས། །ཇི་ལྟར་བྱེད་པོར་མཐོང་བ་བཞིན། །འདུས་བྱས་ཕུང་པོ་བྱེད་བྲལ་ཉིད། །འདི་ལ་བྱེད་པོར་བརྗོད་བྱ་སྟེ། །བྱེད་པ་ཡིན་ཕྱིར་མར་མེ་ཡིས། །གསལ་བར་བྱེད་པ་ཡིན་པ་
བཞིན། །ཡང་དག་གཙོ་གཅིག་བྱེད་པོ་མིན། །གང་ཕྱིར་གཅིག་གིས་བུམ་མི་བྱེད། །དེས་ན་མར་མེ་སོགས་བྱེད་པོ། །གདགས་པ་པར་ནི་མི་འདོད་དོ། །འདོད་ཆགས་སོགས་ཀྱི་དབང་ཕྱུག་སེམས། །གཟུགས་སོགས་ཡུལ་ལ་མངོན་ཞེན་པའི། །ཐར་པ་མི་མཐུན་ཕྱོགས་ཀྱིས་
ཕྲོགས། །འཁོར་བའི་བཙོན་རར་བཅིངས་པ་ཡིན། །ལག་པ་ལ་སོགས་ཚོགས་པ་ནི། །སེམས་བཅས་སེམས་ཅན་ཞེས་བྱ་སྟེ། །གཏོང་བ་ལ་སོགས་སེམས་འབྱུང་བ། །ཡོད་པ་གཏོང་པོ་ལ་སོགས་བརྗོད། །རིག་པ་སྐྱེས་པས་མ་རིག་སོགས། །ཀུན་སྦྱོར་ལྡོག་པར་གྱུར་
པའི་ཕྱིར། །ཆགས་སོགས་འཆིང་བ་ལས་གྲོལ་བ། །གྲོལ་བ་ཞེས་ནི་བརྗོད་པ་ཡིན། །ནམ་མཁའ་འདྲ་བའི་བདག་ལ་ནི། །འདི་དག་ཐམས་ཅད་བརྗོད་པར་དཀའ། །གལ་ཏེ་བདག་ལ་ལྷག་ཆགས་ན། །ནམ་མཁའི་མེ་ཏོག་བདག་འདོད་ཀྱིས། །གང་ཕྱིར་བདག་ནི་རང་བཞིན་
གྱིས། །ཤེས་པའི་ངོ་བོར་འདོད་ན་ནི། །བྱེད་པ་ལ་སོགས་ལྟོས་པའི་ཕྱིར། །དེ་ནི་གཅིག་ཏུ་མི་རིགས་སོ། །བདག་སོགས་ཤེས་བྱ་ཡོད་པས་ན། །ཤེས་པ་ལྡོག་པར་མི་འགྱུར་ཏེ། །དོན་བྱས་ཟིན་པའི་མར་མེ་ཡང་། །རང་གི་རྒྱུ་ལས་སྐྱེ་བར་མཐོང་། །ཅི་སྲིད་ཡིད་ལ་ཤེས་
འབྱུང་བ། །དེ་སྲིད་ས་བོན་སོགས་འགྱུར་ཏེ། །ཇི་སྲིད་སྒྲ་ནི་ཡོད་གྱུར་པ། །དེ་སྲིད་སྒྲ་བརྙན་འབྱུང་བ་བཞིན། །བྱེད་པ་མེད་པར་ཤེས་པ་ནི། །འཁོར་བ་ཇི་ལྟར་ཤེས་པ་ཡིན། །ཀུན་ཏུ་ཁྱབ་མེད་ཡིན་པའི་ཕྱིར། །གང་ལས་ཇི་ལྟར་བཅིངས་དང་གྲོལ། །སྡུག་བསྔལ་
ལས་ཀྱང་ཐར་མིན་ཏེ། །ཐར་དང་གཅིག་ཏུ་སྨྲ་བའི་ཕྱིར། །བདག་ལས་དེ་ནི་གཞན་མིན་ཕྱིར། །ཇི་ལྟར་མེ་དང་ཚ་བ་བཞིན། །ཉམས་དང་མ་སྐྱེས་པ་ཡི་བློ། །བྱེད་པ་མེད་པར་ཇི་ལྟར་ཡིན། །གང་པོས་གཅོད་པར་བྱེད་པ་ཡང་། །སྟ་རེ་མེད་པར་ཇི་ལྟར་རིགས། །མེ་ཡིས་བསྲེག་ཅེས་

སྨྲས་པ་ན། །མེ་ཡིས་བསྲེགས་ཀྱི་བྱེད་པས་མིན། །དེ་བཞིན་བློ་ཡིས་རིག་སྨྲས་པས། །ཤེས་པས་རིག་གི་སྐྱེས་བུས་མིན། །རྫ་མཁན་བཞིན་དུ་དེ་མི་འགྲུབ། །དེ་ཡི་ངོ་བོར་མེད་པའི་ཕྱིར། །སྲེད་བྱེད་བཞིན་དུའང་འགྲུབ་མི་འདོད། །བསྲེག་བྱ་མེད་པས་མེ་མེད་ཕྱིར། །གལ་ཏེ་མི་ཤེས་
བྱེད་པོ་དང་། །ཟ་པོ་ཁྱོད་ཀྱིས་ཤེས་ཅི་ལྟར། །མཁའ་འདྲ་རྟོག་པ་མེད་པ་ཡང་། །ལུང་འབའ་ཞིག་གིས་བརྟགས་ཅི་བྱ། །མི་ཤེས་པའམ་ཤེས་དངོས་མིན། །འདི་ནི་དངོས་པོ་མེད་པར་འགྱུར། །དངོས་མེད་བདག་ཏུ་མི་འགྱུར་ཏེ། །འདི་ནི་མོ་གཤམ་བུ་བཞིན་ནོ། །གང་ལ་གནོད་དང་
ཕན་པ་ལས། །གང་ལ་གནོད་དང་བདེ་མི་འབྱུང་། །དེ་དེའི་བདག་ཏུ་མི་རིགས་ཏེ། །ནམ་མཁའ་དེ་བ་ཤར་མའི་བཞིན། །ཉི་ཚེའི་བདག་དང་གྲོལ་བར་ནི། །བསམ་གཏན་ཤེས་སོགས་ཀྱིས་འདོད་ན། །བདག་མེད་དོན་ལ་འབད་པ་ཡིས། །ཤི་བ་མི་འཆིར་ཇི་ལྟར་འགྱུར། །ཉི་ཚེའི་
བདག་ནི་བདག་ལས་གཞན། །ཞེ་ན་ཐམས་ཅད་སྐྱེས་བུ་ཡིན། །དེ་ནི་ཉི་ཚེ་གཉིས་དག་དང་། །ཕྱི་ཞེས་དམ་བཅས་ཉམས་པ་ཡིན། །བདག་ལས་ཉི་ཚེའི་བདག་དེ་ནི། །གཞན་མིན་ཞེ་ནའང་དམ་བཅས་ཉམས། །གང་ཡང་བདག་གི་བདེ་སྡུག་སོགས། །འགྲོ་བས་མི་ཤེས་
གཙོ་བོ་མིན། །གལ་ཏེ་ཕྲ་ཡིན་འདི་ཆེ་མིན། །ཆེན་པོ་ཡིན་ན་ཕྲ་བ་མིན། །གཅིག་ཀྱང་མ་ཡིན་གཟུགས་ཀྱི་ཆོས། །ཇི་ལྟར་གཟུགས་མེད་བདག་གི་ཡིན། །གཅིག་ཉིད་དུ་མའི་ངོ་བོ་རུ། །གླང་པོའི་དཔེ་འདི་མི་རིགས་ཏེ། །སྣ་ནི་གླང་དུ་མི་འདོད་ཕྱིར། །སྣ་ཚོགས་རྣམས་
ཀྱང་གཅིག་ཉིད་མིན། །གང་ཡང་བདག་ནི་ཉི་སོགས་མདོག །ཡིན་ན་མདོག་བྲལ་ཇི་ལྟར་ཡིན། །བདག་དེ་དུ་མའི་ངོ་བོ་ཡི། །དཔེར་ནི་པ་ལ་ཤ་མི་འདོད། །གཅིག་པུ་པ་ལ་ཤ་མེད་དེ། །ཀུན་ཏུ་འགྱུར་བའི་བདག་ཉིད་དང་། །ཇི་ལྟར་རྩ་བ་སོགས་དུ་མར། །རྐྱེན་ལ་སོགས་པས་
འབྱེད་པའི་ཕྱིར། །གཙོ་བོ་ཉིད་དང་དམ་པ་ཉིད། །དེ་ལས་གཞན་ལ་ལྟོས་ནས་འདོད། །གཅིག་ཉིད་ཡིན་ན་ཚུལ་འདི་ཉིད། །ཡོད་པར་ཇི་ལྟར་འདོད་པར་བྱ། །གལ་ཏེ་བདག་དེ་རྫས་ཡིན་ན། །རྫས་ཡིན་ཕྱིར་ན་ཀུན་ཁྱབ་མིན། །བུམ་པ་བཞིན་དུ་རྟག་མི་འགྱུར། །དེས་ན་འགྲོ་

བ་རྒྱས་ཇི་ལྟར། །རྫས་ནི་རྟེན་དུ་རིགས་འགྱུར་ན། །བདག་ནི་རྫས་སུ་མི་རིགས་ཏེ། །ནམ་མཁའི་མེ་ཏོག་ཇི་ལྟ་བར། །དེ་བཞིན་མ་སྐྱེས་ཕྱིར་རྫས་མེད། །ཐམས་ཅད་བྱུང་གྱུར་བྱུང་བ་དང་། །འབྱུང་འགྱུར་བདག་མེད་ཇི་ལྟར་མཐོང་། །བདག་མེད་
བདག་ཏུ་མི་རིགས་ཏེ། །ཇི་ལྟར་དངོས་མེད་ངོ་བོ་བཞིན། །བྱིས་སོགས་ཁྱད་པར་མེད་མ་ཡིན། །བརྟེན་མེད་པ་དང་དཔེ་མེད་ཕྱིར། །བདག་གཅིག་ཡིན་ན་དུ་མ་ཡི། །སྐྱོན་རྣམས་འབྱུང་བར་འགྱུར་མ་ཡིན། །ཙེ་ཏྲའི་བདག་དེ་མེ་ཏྲའི་བྱེད། །མེ་ཏྲའི་བདག་གིའང་དེ་
བཞིན་ཏེ། །ཙེ་ཏྲ་ཐ་དད་མིན་དངོས་ཕྱིར། །ཡང་ན་ཡུལ་ལ་དབྱེར་མེད་ཕྱིར། །བདེ་དང་སྡུག་བསྔལ་སྤྱོད་པ་དང་། །དེ་གྲོལ་བས་ཀྱང་གྲོལ་བ་དང་། །དེ་བཅིངས་པས་ཀྱང་བཅིངས་པ་དང་། །དེ་སྡུག་པས་ཀྱང་སྡུག་ཉིད་འགྱུར། །བུམ་པའི་ནམ་མཁའ་དཔེར་བསྟན་པ། །
ཀུན་ལ་དེ་ནི་འབྱུང་མ་ཡིན། །གང་ཕྱིར་ནམ་མཁའ་གཅིག་ཉིད་དུ། །ཁྱོད་ཀྱི་དེ་ནི་མ་གྲུབ་སྟེ། །རྫས་ཀྱི་ངོ་བོས་གང་སྟོང་པ། །དེ་ནི་ཀུན་རྫོབ་ནམ་མཁའ་ཡིན། །དེ་ལ་འགྲོ་ལྡན་འགྲོ་བ་དང་། །དེ་ནི་སྐབས་འདོད་སྐབས་ཅན་ནོ། །དེས་ན་ནམ་མཁའི་སྒྲིབ་མེད་མིན། །སྐབས་སྦྱིན་
པ་ཡང་མ་ཡིན་ཏེ། །དེ་ཡོད་གཏན་ཚིགས་སྨྲས་པ་ཡིས། །གཏན་ཚིགས་འདི་ཡང་མ་གྲུབ་ཉིད། །རྒྱུ་ལས་ཉེ་བར་མ་བྱུང་བ། །ནམ་མཁའ་དངོས་པོར་མི་འདོད་དོ། །དེ་ནི་གཅིག་ཀྱང་མ་ཡིན་ཏེ། །མོ་གཤམ་གྱི་ནི་བུ་བཞིན་ནོ། །བུམ་སོགས་གཟུགས་ཀྱི་ས་རྣམས་ནི། །
ས་ཡི་རིགས་སུ་གཅིག་ན་ཡང་། །རྫ་སོགས་གཞན་དང་གཞན་ཡིན་ལྟར། །དེས་ན་བདག་ནི་གཅིག་མ་ཡིན། །བདག་མ་ཤེས་ཤིང་མ་རྟགས་པས། །རྨི་ལམ་ལོངས་སྤྱོད་ང་རྒྱལ་བཞིན། །ཤེས་ཉིད་ཕྱིན་ཅི་མ་ལོག་པས། །ཤེས་འདི་ང་རྒྱལ་མི་རིགས་སོ། །མི་ཤེས་ཉིད་ནའང་
ལོག་མེད་པས། །མི་ཤེས་ང་རྒྱལ་མི་འདོད་དོ། །ནམ་མཁའ་བཞིན་དུ་འགྱུར་མེད་ཕྱིར། །དེ་བཞིན་ཆགས་པ་མེད་པའི་ཕྱིར། །བདག་ནི་བྱེད་པོར་མི་རིགས་ལ། །ཟ་བ་པོར་ཡང་མི་རིགས་སོ། །བྱེད་པོ་བདག་ཡིན་མི་གོས་པ། །བྱེད་པོའི་འབྲས་བུ་འདོད་ཅི་ལྟར། །མི་དབང་

སྡིག་དང་བཅས་པའི་ཕྱིར། །རྒྱལ་པོའི་དཔེ་ནི་མི་རིགས་སོ། །ཕྱི་རོལ་ལ་ནི་མ་ལྟོས་པར། །གཅིག་ཉིད་ངོ་བོ་ཉིད་མི་རིགས། །གཅིག་ཉིད་དང་ལྡན་པས་ཤེ་ན། །དེ་ནི་དེ་དང་ལྡན་མ་ཡིན། །དུ་མ་ཉིད་དུ་བརྟགས་པ་དག །གསལ་བ་གཅིག་ཉིད་ཡིན་ཞེ་ན། །ཇི་ལྟར་བརྟགས་
པ་ཀུན་རྫོབ་ཕྱིར། །དེས་ན་གཅིག་སྟེ་དོན་དམ་མིན། །རྟག་དང་གཅིག་སོགས་ངོ་བོ་ཡིས། །དོན་དམ་དེ་ཡོད་ཡིན་ཞེ་ན། །གཅིག་སོགས་སྒྲ་དང་བློ་འཇུག་པ། །དོན་ཡོད་ན་ནི་སྐྱོན་མེད་འགྱུར། །གཅིག་ལ་སོགས་པར་རྣམ་རྟོག་པ། །འདི་ནི་ཅི་ལྟར་མི་རྟག་ཉིད། །རྣམ་པར་རྟོག་པའི་
ཡུལ་དོན་ལ། །ཚིག་འཇུག་པར་ནི་མ་བཀག་གོ། །འདི་ལྟར་བློ་ཡི་ཡུལ་མིན་དང་། །ངག་གི་སྤྱོད་ཡུལ་མིན་ཅི་ལྟར། །བརྗོད་མེད་རྟོག་པ་མེད་པ་ཡང་། །སྔར་བསྟན་རིགས་པས་བརྫུན་པ་ཉིད། །ཤེས་བྱ་ཡེ་ནས་མ་གྲུབ་པས། །བློ་ཡི་ཡུལ་དུ་མི་རིགས་སོ། །བློ་ཡི་ཡུལ་ལས་
ལོག་པས་ན། །ངག་གི་ཡུལ་ལས་ལོག་པའང་ཡིན། །དེ་བཞིན་གཤེགས་པའི་མི་བརྫུན་པའི། །ལུགས་འདི་དགེ་བར་ཤེས་ནས་ནི། །དེ་ཕྱིར་མུ་སྟེགས་འདོད་སྐྱེས་ཏེ། །དེ་ལ་བདག་གིར་བྱས་པ་ཡིན། །སྔོན་དང་ཕྱི་མར་འགལ་བ་ཡི། །དེ་ཡི་ལུགས་ལ་སུ་ཞིག་དད། །
ཤིན་ཏུ་རིགས་མི་གཅིག་པའི་ཕྱིར། །ལྕགས་ལས་ནོར་བུ་རིན་ཆེན་བཞིན། །འདི་ལྟར་འདི་ནི་ལུགས་འདི་ལ། །ཁ་ཅིག་དག་ནི་དྲང་ཕྱིར་དང་། །ལྷག་མ་འཛིན་ལས་བཟློག་པའི་ཕྱིར། །སྣ་ཚོགས་དག་ཏུ་བསྟན་པ་ཡིན། །དངོས་པོ་རྣམས་ནི་མ་སྐྱེས་ཉིད། །རང་བཞིན་བཅོས་
མ་མེད་པའི་ཕྱིར། །འདི་ལ་ཉམས་པ་མེད་པས་ན། །བདག་ཅེས་ཀྱང་ནི་བརྗོད་པ་ཡིན། །ཐ་དད་དངོས་ཀྱང་དབྱེར་མེད་ཕྱིར། །ངོ་བོ་གཅིག་ཕྱིར་གཅིག་ཉིད་ཡིན། །ཀུན་ཁྱབ་ཆོས་རྣམས་ཐམས་ཅད་ཕྱིར། །རྟག་པའང་དེ་ཡིན་མི་ཉམས་ཕྱིར། །མ་སྐྱེས་ཕྱིར་ན་སྐྱེ་མེད་ཉིད། །
དེ་ཉིད་ཕྱིར་ན་རྒ་ཤི་མེད། །འཕོ་བ་མེད་ཕྱིར་འདི་འཕོ་མེད། །རབ་མཐར་ཐུག་ཕྱིར་མཆོག་ཡིན་ཉིད། །གཟུགས་དང་སྒྲ་དང་དྲི་སོགས་མིན། །ས་དང་མེ་དང་ཆུ་རླུང་མིན། །ནམ་མཁའ་ཟླ་བ་ཉི་མ་མིན། །ཡིད་དང་ཤེས་པའི་མཚན་ཉིད་མིན། །ཐམས་ཅད་འདི་ཡིན་རང་བཞིན་

ཕྱིར། །ཉམས་པ་མེད་ཕྱིར་ཐམས་ཅད་མིན། །དེ་ལ་ཉོན་མོངས་སྐྱེ་མེད་ཕྱིར། །དག་པ་འདི་ཡིན་ཞི་ཉིད་འདི། །དེ་ནི་བརྟགས་པས་སྒྲོ་བཏགས་ནས། །བརྗོད་བྱ་ཡང་དག་བརྗོད་བྱ་མིན། །ཡེ་ནས་བརྗོད་བྱ་མ་ཡིན་ཕྱིར། །འདི་ནི་དྲི་མ་མེད་ཅེས་
བསྟན། །གང་ཞིག་འདི་ལྟར་མངོན་འདོད་པ། །ཁྱོད་ཀྱིས་བདག་ཀྱང་ཡིན་ན་ནི། །མིང་སོགས་ཆོས་མང་འདྲ་བ་ལ། །སྐྱོན་མེད་རིགས་པ་དང་བཅས་ཡིན། །བདག་མེད་ཉིད་ཀྱིས་འཇིགས་པ་རྣམས། །འཇིགས་ཀྱང་དེ་ཉིད་ལ་གནས་ཏེ། །ནམ་མཁའ་འཇིགས་པར་
གྱུར་པ་དག །གཞན་པའི་གནས་འགའ་འང་མེད་པ་བཞིན། །སངས་རྒྱས་འཇིག་རྟེན་གཉེན་རྣམས་ཀྱི། །དེ་ཉིད་བདུད་རྩི་མཆོག་འདི་ལ། །འདི་ནི་འགའ་ཡང་བཀག་མེད་པས། །ལེགས་པར་འོངས་སོ་ངོམས་པར་གྱིས། །ཡང་དག་ལྟ་ལ་སྒྲིབ་མེད་པའི། །བདག་
ནི་བྱེད་པོ་ཟ་པོ་སོགས། །རྟེན་མེད་བརྫུན་པའི་འཛིན་པ་ནི། །དེས་ན་སྤང་བ་ཁོ་ནར་གྱིས། །དངོས་རྣམས་རང་བཞིན་སྐྱེ་མེད་ཕྱིར། །དེ་ཉིད་དུ་ན་སྐྱེ་མེད་འདོད། །ངོ་བོ་ཉིད་ཀྱིས་སྐྱེ་མེད་ཉིད། །འདི་ཡི་ངོ་བོ་ཉིད་དུ་བསྟན། །དངོས་མེད་ཉིད་ནི་བདག་མེད་པ། །དེ་ནི་བདག་
མིན་འགལ་བ་ཉིད། །བདག་མེད་བདག་ཏུ་འགྱུར་ཞེ་ན། །བ་ལང་མིན་པ་འང་བ་ལང་འགྱུར། །དངོས་པོའི་ངོ་བོ་མེད་འདི་ནི། །འདི་ལྟར་བྱེད་པོ་ཟ་པོར་རིགས། །གང་ཕྱིར་མོ་གཤམ་དག་གི་བུ། །བྱེད་པོ་ཟ་པོར་མ་ཡིན་བཞིན། །དེ་ལྟར་གྱུར་ལ་སྐྱེ་ཇི་ལྟར། །
དེ་ལས་ཉམས་པར་འགྱུར་ཇི་ལྟར། །མཁའ་ལ་མེ་ཏོག་མེད་པ་ལ། །ཇི་ལྟར་སྐྱེ་འཇིག་བཏགས་པ་བཞིན། །དངོས་པོ་མེད་པའི་ཡུལ་དག་ལ། །ཇི་སྲིད་བློ་ནི་འཇུག་གྱུར་པ། །བློ་ཡིས་བཏགས་པས་སྒྲོ་བཏགས་ཕྱིར། །དེ་སྲིད་གཅིག་ལ་སོགས་པར་འདོད། །
རྟོག་བཅས་རྟོག་པ་མེད་པ་ལས། །གང་ཚེ་བློ་ནི་ལོག་གྱུར་པ། །དེ་ཚེ་བློ་ལ་ཡུལ་མེད་ཕྱིར། །སྤྲོས་པ་ཉེར་ཞི་ཞི་བ་ཉིད། །དབུ་མའི་སྙིང་པོ་ལས་རིག་བྱེད་ཀྱི་མཐའ་རྒྱུར་སྨྲ་བའི་དེ་ཁོ་ན་ཉིད་ལ་འཇུག་པ་སྟེ་ལེའུ་བརྒྱད་པའོ།། །།ངོ་ཚ་མེད་པ་ཁ་ཅིག་ནི། །

བྱང་གྲོལ་ལེགས་ལམ་བསམ་གཏན་དང་། །ཤེས་ལ་སྐུར་འདེབས་བྱ་བ་ཙམ། །བདག་གིས་དེ་ནི་འཐོབ་པར་སེམས། །ཆགས་སོགས་སྐྱོན་གྱིས་ཉམས་པའི་ཕྱིར། །སྐྱེས་བུའི་ཚིག་ནི་བརྫུན་ཉིད་ཡིན། །རིག་བྱེད་སྐྱེས་བུས་མ་བྱས་ཕྱིར། །དེས་ན་ཚད་མར་གཟུང་བར་
བྱ། །བྱེད་པོ་མི་དྲན་པར་འདོད་ཕྱིར། །རིག་བྱེད་སྐྱེས་བུས་མ་བྱས་ལ། །བརྒྱུད་ནས་འོངས་པ་མ་ཆད་ཕྱིར། །དེས་ན་ལུང་ཡིན་དེ་མེད་ན། །སྒྲ་རྟག་དབྱངས་ཀྱིས་གསལ་བར་བྱེད། །དོན་དང་འབྲེལ་པ་རྟག་པ་ཉིད། །དོན་ལ་རྟོགས་པ་དང་ལྡན་ལ། །རྟོགས་པ་རབ་ཏུ་སྐྱེ་བར་
འགྱུར། །ལན་ཅིག་འཇུག་ཕྱིར་གོམས་པའི་ཕྱིར། །ཕྱིས་ཀྱང་ཤེས་ཕྱིར་དེ་བཞིན་དུ། །མཉན་བྱ་ཡིན་ཕྱིར་སྒྲ་ཉིད་བཞིན། །སྒྲ་ནི་རྟག་པར་ཤེས་པར་བྱ། །མངོན་སུམ་རྗེས་སུ་དཔག་པ་དང་། །སྒྲ་ལས་བྱུང་དང་ཉེར་འཇལ་བཅས། །དོན་གྱིས་གོ་དང་དངོས་མེད་
པའི། །གཏན་ཚིགས་བསྒྲུབ་བྱ་སྒྲུབ་པར་བྱེད། །འདི་ནི་རྗེས་དཔག་ལས་ཐ་དད། །ཚད་མ་ཡིན་ཕྱིར་གཞན་དེ་བཞིན། །ཡང་ན་གཅིག་དང་དུ་མའི་ཡུལ། །རྟོགས་པར་གྱུར་པ་ཇི་བཞིན་ནོ། །རྟགས་དང་འབྲེལ་པ་མ་མཐོང་བའི། །དངོས་དོན་བློ་ཡི་རྒྱུ་ཕྱིར་རམ། །
ཡང་ན་ཐ་དད་བློ་སྐྱེ་བའི། །རྒྱུར་གྱུར་པ་ཉིད་ཡིན་ཕྱིར་རོ། །སྔོན་མེད་པ་ཡང་བྱ་བས་གསལ། །ཐར་པའང་བྱ་བས་སྒྲུབ་པར་བྱེད། །མཁས་གང་ཟླ་བའི་བཏུང་སོགས་ཀྱིས། །མཐར་བྱེད་པ་ལས་ངེས་པར་རྒྱལ། །དྲང་སྲོང་ལྷས་བསྟེན་དམ་པས་འདོད། །ལམ་
རྙིང་བཟང་པོ་རིག་དོན་འདི། །ཕྱི་རོལ་དམངས་རིགས་བུད་མེད་གཟུགས། །འཛིན་པས་རིགས་ལྡན་གསུམ་འདི་སྤངས། །འདི་ལ་གང་ཡོད་གཞན་ལ་ཡོད། །འདི་ལ་གང་མེད་འགའ་ལའང་མིན། །ཆོས་ལ་སོགས་པ་བཞི་པོ་ཡང་། །དེ་ཉིད་གཞན་ནའང་མཐོང་བ་
མིན། །གཏན་ཚིགས་སྨྲ་བས་གཏན་ཚིགས་ཀྱིས། །ལམ་གསུམ་པོ་ནི་སུན་འབྱིན་ཏེ། །རྗེས་སུ་དཔག་པ་གཙོར་གྱུར་ཕྱིར། །རང་གི་ལུགས་ནི་གསལ་བྱེད་གང་། །ལོང་བ་རྐང་པའི་ཚོད་དཔགས་ཀྱིས། །ཉམ་ངའི་ལམ་དུ་རྒྱུག་པ་ལྟར། །རྗེས་སུ་དཔག་

པ་གཙོར་འཛིན་རྣམས། །ལྟུང་བར་དཀའ་བ་མ་ཡིན་ནོ། །འདི་ན་འགའ་ཡང་ཀུན་མཁྱེན་མེད། །གང་ཕྱིར་འདི་ནི་མ་མཐོང་ཕྱིར། །ཐམས་ཅད་མཁྱེན་པར་སངས་རྒྱས་ལ། །བརྟགས་པ་འཇིག་རྟེན་གུས་བྱའི་ཕྱིར། །སངས་རྒྱས་གསུང་
ཡང་ཚད་མ་མིན། །བྱས་པའི་ཕྱིར་ན་གཞན་བཞིན་ནོ། །རྫོགས་པའི་སངས་རྒྱས་ཀུན་མཁྱེན་མིན། །སྐྱེས་བུ་ཡིན་ཕྱིར་གཞན་བཞིན་ནོ། །སངས་རྒྱས་གསུང་ནི་ཚད་མ་ཡིན། །ལྟ་བ་གསུམ་པོ་སུན་འབྱིན་ཕྱིར། །ཇི་ལྟར་གང་སྨྲ་དེ་དེ་ལྟར། །གཅེར་བུར་རྒྱུ་བའི་
ལྟ་བ་བཞིན། །སྒྲ་དོན་རིགས་པ་ཤེས་པ་ཡིས། །ཕྱོགས་སུ་ལྟ་བའི་དུག་སྤངས་ནས། །ཡང་དག་ཇི་བཞིན་ཚོལ་བྱེད་ན། །འདི་ལ་འདི་ལྟར་དཔྱད་པར་བྱ། །བརྒྱུད་ནས་འོངས་པས་མ་ཆད་པ། །ལུང་ཉིད་ཡིན་པས་ལུང་ཞེ་ན། །ཀུན་གྱི་ལུང་ཡང་འགྲུབ་འགྱུར་བས། །
ངེས་པར་གང་གི་དེ་ཉིད་བཟུང་། །གལ་ཏེ་རིགས་པས་བརྟག་བཟོད་པའི། །ཚིག་གང་ཡིན་པ་དེ་ལུང་ཡིན། །རེ་ཞིག་དེ་ཉིད་དཔྱད་པར་བྱ། །ཕྱི་ནས་དེ་ཡིས་གང་བསྟན་པའོ། །དེ་ལ་དེ་ཡི་གཉེན་པོའི་ཕྱིར། །ཡེ་ཤེས་གྲོལ་བ་ཞེས་འདོད་དེ། །ནད་ཀྱི་གཉེན་པོ་
ཡིན་པའི་ཕྱིར། །སྨན་གྱིས་ནད་ལས་གྲོལ་བ་ཉིད། །བྱ་བས་གྲོལ་བ་འཐོབ་པ་མིན། །བྱ་བ་ཡིན་ཕྱིར་ཞིང་ལས་བཞིན། །བློ་མ་ཡིན་ཕྱིར་བརྗོད་བྱའི་ཕྱིར། །ཅུང་ཟད་དུས་ཅན་ཡིན་ཕྱིར་ཡང་། །སྐྱེས་བུའི་ཚིག་ནི་སྐྱོན་བཅས་ཕྱིར། །ཚད་མ་མིན་པར་འདོད་ཅེ་ན། །
གསེར་ཏོག་ཤེས་སོགས་ཚིག་རྣམས་ཀྱིས། །གཏན་ཚིགས་ཉིད་ནི་མ་ངེས་འགྱུར། །འོན་ཏེ་བྱས་པ་མིན་པའི་ཕྱིར། །རིག་བྱེད་ཚད་མར་སྒྲུབ་ཅེ་ན། །གཏན་ཚིགས་ཐུན་མོང་མིན་ཉིད་དང་། །མ་གྲུབ་པ་ཡི་དོན་ཡང་ཡིན། །རྗེས་སུ་བསྟན་མིན་སྐྱོན་མེད་དོ། །ཞེ་ན་སངས་
རྒྱས་ཀྱིའང་མ་བྱས། །སྔོན་གྱི་སངས་རྒྱས་རྫོགས་སངས་རྒྱས། །ཇི་ལྟར་རྟོགས་དེ་གསལ་བྱས་ཡིན། །བྱས་པ་ཉིད་དུ་རྗེས་དཔག་པས། །ཕྱོགས་ལ་རྗེས་སུ་དཔག་པས་གནོད། །བྱེད་པ་མི་དྲན་མ་གྲུབ་པས། །གཏན་ཚིགས་འདི་ནི་མ་གྲུབ་ཉིད། །གལ་ཏེ་སྔགས་

ཀྱི་བྱེད་པོ་སྔོན། །སྔགས་དང་བཅས་པར་བྱུང་གྱུར་པས། །བྱེད་པོས་བྱས་ཀྱང་མ་བྱས་པར། །ཁྱོད་ཀྱི་བསྟན་བཅོས་མངོན་འདོད་པ། །དེ་དང་ལྷན་ཅིག་བྱུང་བཅས་ཕྱིར། །སྐྱེ་བ་དྲན་པས་སྨྲས་པ་བཞིན། །བསྟན་བཅོས་བྱེད་པོ་དང་བཅས་ན། །འདི་ལྟར་
ཅི་ཕྱིར་སྨྲ་མི་བྱེད། །རྟོགས་དང་རྗེས་སུ་མཐུན་ཕྱིར་རམ། །དེ་བཞིན་ཡི་གེའི་ལུགས་ལྡན་ཕྱིར། །རིག་བྱེད་ཚིག་རྣམས་གཟུང་བྱ་བའི། །བྱེད་པོ་སྐྱེས་བུ་མིན་ནམ་ཅི། །འདིས་ཀྱང་རིག་བྱེད་ཚིག་རྣམས་ནི། །སྐྱེས་བུས་བྱས་པ་ཡིན་པར་འདོད། །བརྗོད་འདོད་དོན་གྱི་བློ་སྐྱེ་
བའི། །རྒྱུ་ཕྱིར་འདོད་པ་སྤྱོད་པ་བཞིན། །སྐྱེས་བུ་མི་བཟང་བས་བྱས་པར། །རིག་བྱེད་འདི་ནི་གཞལ་བྱ་སྟེ། །འབྱུང་པོ་འཚེ་དང་ཆང་འཐུང་བརྫུན། །སྨྲ་ཕྱིར་མ་གའི་བསྟན་བཅོས་བཞིན། །གལ་ཏེ་གནོད་སེམས་མི་འདོད་པའི། །འབྲས་བུ་མི་སྦྱིན་འདོད་པའི་
འབྱིན། །སྔགས་ཀྱིས་གཟུང་ཕྱིར་དུག་སྤྱོད་བཞིན། །བསྟན་བཅོས་འབྱུང་ཕྱིར་སྦྱིན་པ་བཞིན། །སྔགས་སོགས་ཕྱེ་མས་བཀུག་པ་ཡི། །བགྲོད་མིན་ལ་ཡང་བགྲོད་བྱ་གང་། །སྔར་བསྟན་ཆང་བཏུང་ཕྱི་མ་ཡང་། །དེས་ན་མ་ངེས་པ་ཉིད་ཡིན། །བློ་སྔོན་མ་སོང་བྱ་བ་ཡིས། །
དུག་ཟོས་ན་ཡང་འཆི་བྱེད་ལ། །ལས་ནི་བློ་སྔོན་མ་སོང་ལ། །འབྲས་བུ་འབྱིན་པར་མ་བསྟན་ཏོ། །དེ་ཉིད་ཕྱིར་ན་དུག་གི་དཔེ། །མཐུན་པ་མིན་པས་རིགས་ལྡན་མིན། །དེས་ན་སྔགས་ཀྱིས་ཕྱུགས་གསོད་པ། །རིགས་པ་མིན་པར་རྟོགས་པར་བྱ། །ཚེ་ཡི་བར་དུ་གཅོད་བྱེད་
ཕྱིར། །སྔགས་ཀྱིས་གཟུང་བ་འདོད་པ་ཡི། །འབྲས་བུ་འབྱིན་པར་མི་འདོད་དེ། །དུག་མཚོན་བསྟན་བཅོས་སྦྱོར་བ་བཞིན། །རང་གི་ལུགས་ལས་བསྟན་ཅེ་ན། །འཁོར་བ་སྒྲོལ་བྱེད་པའི་ཡང་འགྲུབ། །ཐུན་མོང་གཏན་ཚིགས་སྨྲ་ཞེ་ན། །གཞན་ལ་མ་གྲུབ་པ་ཉིད་
ཡིན། །གང་ཡང་སྔགས་ཀྱིས་མ་བཟུང་བའི། །བསོད་ནམས་ཅུང་ཞིག་ཅི་བྱས་པ། །དེ་ཀུན་འབྲས་བུ་མེད་འགྱུར་བ། །མི་འདོད་པ་ཡི་འབྲས་ཤེ་ན། །སྔགས་ཀྱིས་གཞན་ནི་གསོད་པ་གང་། །དེ་ཡང་སྐྱོན་མེད་ཐལ་བར་འགྱུར། །དབང་དུ་བྱེད་པའི་སྔགས་གང་གིས། །

གཞན་གྱི་བུད་མེད་བསྟེན་པ་དང་། །སྔགས་ཀྱི་སྟོབས་ཀྱིས་འཚེ་འགྱུར་གང་། །གལ་ཏེ་གསོད་པར་མི་འདོད་ན། །གཞན་གྱི་ནོར་ནི་རྐུ་བྱེད་པ། །དེ་ཡང་སྐྱོན་བཅས་མ་ཡིན་འགྱུར། །གལ་ཏེ་སྔགས་སྔོན་སོང་བའི་ལས། །དེར་ནི་དགེར་འདོད་གཞན་མ་
ཡིན། །ཞེ་ན་ལུང་འདི་འདྲ་བ་ལ། །གཏན་ཚིགས་ཁྱད་པར་སྨྲ་དགོས་སོ། །གལ་ཏེ་སྲོག་ཆགས་སྔགས་བཏབ་པས། །གང་ཡང་བཅིང་བ་མ་བྱས་ལ། །གཡོ་བ་མེད་པར་བྱ་ཞེ་ན། །དེ་ལྟ་ན་ཡང་ཁྱད་པར་མེད། །གང་ཕྱིར་སྒོ་ཀུན་བསུབས་ནས་ནི། །བཟུང་ནས་ནུས་མེད་
བྱོལ་སོང་དག །མཚོན་ཆ་རྣོན་པོས་གསོད་པ་ལ། །དེ་ལ་སྔགས་ཀྱིས་ཅི་ཞིག་བྱ། །རང་ཉིད་རང་བྱུང་གྱུར་པ་ཡིས། །མཆོད་སྦྱིན་དོན་དུ་བྱོལ་སོང་བསྐྱེད། །དེས་ན་དེ་ལ་དགོས་པའི་ཕྱིར། །མཆོད་སྦྱིན་ཆོས་ཡིན་འདི་ལྟར་དཔེར། །བྲམ་ཟེའི་དོན་དུ་འཚེ་བྱེད་པ། །འདི་ལྟར་ཆོས་
མིན་མིན་པ་བཞིན། །མཆོད་སྦྱིན་བྱོལ་སོང་རྣམས་གཙེས་ཀྱང་། །འབྲས་བུ་མི་འདོད་མིན་དེ་ཡི། །དོན་ཕྱིར་ཞེ་ན་བྲམ་ཟེའི་ཕྱིར། །ཅི་ལྟར་འདོད་པར་འཚེ་བྱེད་བཞིན། །བྱོལ་སོང་སྤྱད་པའི་ཕྱིར་བསྐྱེད་དེ། །སྤྱད་བྱ་ཡིན་ཕྱིར་བུད་མེད་བཞིན། །དེ་ཕྱིར་མཆོད་སྦྱིན་ཕྱིར་མ་
གྲུབ། །བྱོལ་སོང་གཏན་ཚིགས་མ་གྲུབ་ཕྱིར། །དབུས་ཀྱི་མཆོག་སྦྱིན་གནས་བསད་ནའང་། །མ་འཁྲུལ་བསམས་བཞིན་བསད་པའི་ཕྱིར། །ཕྱི་མར་བྱེད་པོ་མི་འདོད་པའི། །འབྲས་བུར་གྱུར་ཏེ་གཞན་བཞིན་ནོ། །མཆོད་སྦྱིན་ལ་ནི་བསད་པ་ཡང་། །མི་འདོད་པ་ཡི་འབྲས་
བུ་འབྱུང་། །བསམས་བཞིན་དུ་ནི་སྲོག་འཆད་པའི། །སྡུག་བསྔལ་བསྐྱེད་ཕྱིར་གཞན་བཞིན་ནོ། །བྱ་བ་ཇི་ལྟར་བྱས་པ་ལས། །དེ་འདྲའི་འབྲས་བུ་ལུས་ལ་མཐོང་། །བྱེད་པོ་དེ་འདྲའི་མ་མཐོང་ཡང་། །བསད་པ་ཡིན་ཕྱིར་གཞན་བཞིན་ནོ། །མྱོས་འགྱུར་བཏུང་སོགས་ཀྱང་
བཤད་པས། །ཅི་ལྟར་བསྟན་བཞིན་སྤང་བྱ་སྟེ། །དེས་ན་མྱོས་འགྱུར་བསྟེན་མི་བྱ། །མྱོས་པར་འགྱུར་ཕྱིར་མྱོས་སོགས་བཞིན། །མཆོད་སྦྱིན་སྔགས་ཀྱིས་ཡོངས་བཟུང་བའི། །མྱོས་འགྱུར་སྐྱོན་མེད་མ་ཡིན་ཏེ། །མྱོས་ཕྱིར་དཔེར་ན་གཞན་བཞིན་ཏེ། །སྔགས་ཀྱིས་

བཏབ་པ་མཐོང་བ་བཞིན། །རྟགས་ནི་མཐོང་བ་མེད་ཅེས་ཏེ། །གལ་ཏེ་མཐོ་རིས་སོགས་མི་ངེས། །ཤེ་ན་རྟགས་ལས་རྗེས་དཔག་དེས། །ངེས་པས་ངེས་པ་མིན་ནམ་ཅི། །ལན་ཅིག་འཇུག་ཕྱིར་ཞེས་བྱ་འདིར། །མར་མེའང་ལན་ཅིག་ཉིད་འཇུག་པས། །གཏན་
ཚིགས་མ་ངེས་ཉིད་ཡིན་ཕྱིར། །སྒྲ་ཡི་རྟག་པ་ཉིད་ཀྱང་བརྫུན། །ཡོད་ཕྱིར་སྒྲ་ནི་མི་རྟག་སྟེ། །ཅི་ཕྱིར་བྱ་བ་བཞིན་མི་བཟུང་། །ཡང་ན་ལུས་ཀྱི་གཡོ་བ་བཞིན། །བློ་ཡི་རྒྱུ་ཕྱིར་ཉམས་པར་འགྱུར། །གོམས་ཕྱིར་ཕྱིས་ཤེས་ཕྱིར་ཞེས་པའང་། །གཏན་ཚིགས་རྗེས་འགྲོ་མེད་
པ་ཉིད། །གོམས་དང་ཕྱིས་ཀྱང་ཤེས་པ་ནི། །རྟག་མིན་ནམ་ཡང་མ་མཐོང་ཕྱིར། །སྒྲ་ཉིད་རྟག་པ་ཉིད་མ་གྲུབ། །སྒྲ་ཉིད་དཔེ་ཡང་མ་ཡིན་ལ། །མངོན་པར་གསལ་བྱེད་པ་ཡང་བཀག །འདི་ནི་ངག་གི་གསལ་བྱེད་མིན། །གལ་ཏེ་སྒྲ་དེ་མཉན་བྱ་ན། །ངག་གིས་གསལ་བར་ཇི་ལྟར་
འདོད། །རྟོགས་པ་ཞེས་བྱའང་བརྡ་ཉིད་པས། །འདི་ཉིད་སྒྲ་རུ་ཐལ་བར་འགྱུར། །དང་པོ་བརྡ་ནི་མེད་པ་ན། །རྟོགས་པ་ཡོད་པར་མི་རིགས་སོ། །འཁོར་བ་ཐོག་མ་མེད་པ་ལྟར། །བརྡ་ཡང་རྗེས་སུ་འཇུག་པ་ཉིད། །རྗེས་སུ་དཔག་པའི་ཚད་མ་ཉིད། །དེ་བདག་ཉིད་
ལས་ཐ་དད་མིན། །དེས་ན་ཚད་མ་ཡིན་ཕྱིར་ཞེས། །བྱ་བའི་གཏན་ཚིགས་འདི་མ་ངེས། །ཐ་དད་སྤྱོད་ཡུལ་ཅན་གྱི་བློའི། །རྒྱུ་ཉིད་དུ་ནི་ཁྱོད་ཀྱི་དེ། །མ་གྲུབ་ཐ་དད་ཡུལ་ཡིན་ཕྱིར། །གཏན་ཚིགས་མ་གྲུབ་ཉིད་དུ་འགྱུར། །དུ་མའི་དོན་དངོས་ཐ་དད་ཕྱིར། །དོན་གཅིག་
མིན་པ་རྟོགས་པའི་རྒྱུ། །རྗེས་སུ་དཔག་པར་ཡང་འདོད་པས། །དེ་ཕྱིར་སྒྲ་བྱུང་ལས་གཞན་མིན། །རྟགས་དང་འབྲེལ་བ་མ་མཐོང་བས། །མཐོང་བའི་དོན་ལས་རྗེས་དཔག་ཉིད། །གང་ཕྱིར་རྟོག་བྱ་རྟོགས་པར་བྱེད། །དེ་ཕྱིར་དེ་མ་ཐག་ཏུ་མིན། །རྗེས་དཔག་སྒྲ་བྱུང་ཐ་དད་
མིན། །ལྐོག་གྱུར་ཤེས་པའི་རྒྱུ་ཉིད་ཡིན། །འབྲེལ་པ་དྲན་ལ་ལྟོས་བཅས་ཕྱིར། །ཇི་ལྟར་རྗེས་དཔོག་རང་ཉིད་བཞིན། །སྔོན་མེད་བྱ་བས་གསལ་མི་བྱེད། །སྒྲ་ཡིས་གསལ་བྱེད་བཀག་པ་བཞིན། །གསལ་བར་བྱས་པའི་བུམ་པ་ལྟར། །སྔོན་མེད་པ་ཡང་མི་རྟག་འདོད། །

ཟླ་བའི་བཏུང་སོགས་བྱ་བའི་འབྲས། །རྟག་པ་མིན་པ་ཉིད་དུ་འདོད། །བྱ་བའི་འབྲས་བུ་ཡིན་ཕྱིར་དཔེར། །འདོད་པའི་རྒྱུས་བྱུང་འབྲས་བུ་བཞིན། །ཟླ་བའི་བཏུང་སོགས་བྱ་བ་ཡིས། །ཐར་པ་འཐོབ་པར་མི་རིགས་ཏེ། །བྱ་བ་ཡིན་ཕྱིར་འདོད་པ་ཡི། །
རྒྱུ་མཚན་བྱ་བ་མི་འདོད་ལྟར། །དེའི་ཕྱིར་ལམ་འདི་ལ་བརྟེན་ནས། །མཐར་བྱེད་ལས་རྒྱལ་འགྱུར་མ་ཡིན། །བློ་ཡིས་དཔྱོད་པའི་ནུས་མེད་པས། །གཞན་རྗེས་འབྲང་བས་འདི་ལ་བརྟེན། །འཆི་མེད་ཉིད་ནི་ཡོད་པའི་ཕྱིར། །ཉེར་ཞི་རིག་བྱེད་ཡོད་ཅེ་ན། །མེད་དེ་འདི་ནི་
ཕྱིན་ཅི་ལོག །མི་རྟག་པ་ལ་རྟག་པར་བཏགས། །རིག་ལས་འབྱུང་བའི་དོན་གསུམ་མོ། །ཤིས་བརྗོད་བསྟོད་དང་ཆོ་ག་དག །གང་ཕྱིར་དོན་འདི་གསུམ་པོ་འདིས། །ཐར་པ་ནམ་ཡང་འཐོབ་མ་ཡིན། །གལ་ཏེ་སྙིང་པོ་ཉིད་ཡིན་པས། །རིག་བྱེད་ཚད་མར་འདོད་ཅེ་ན། །མི་
ཤེས་ཕྱིན་ཅི་ལོག་ལྟ་སོགས། །ཅི་ཡི་ཕྱིར་ན་ཚད་མ་མིན། །ལན་གསུམ་པོ་ནི་སྟོན་བྱེད་པ། །ཚངས་པ་ཁྱབ་འཇུག་བདེ་བྱེད་རྣམས། །ཉོན་མོངས་བདག་ཉིད་སྤྱོད་མཐོང་བས། །གང་ཕྱིར་གསུམ་འདི་སྤང་བའི་རིགས། །འདོད་པ་མེད་ན་ཇི་ལྟར་འདི། །འདོད་དགའ་མ་
ལ་སྤྱོད་པར་བྱེད། །དེ་བཞིན་འདོད་བྲལ་ལྷ་མོ་ལ། །འགྲོ་གཙོ་སྟོབས་ཀྱིས་ཅི་ཕྱིར་བརྗོད། །འདི་ནི་སྐྱེ་དགུའི་བདག་ལས་སྐྱེས། །དེ་ནི་རང་བྱུང་བུ་ཡིན་ན། །རང་བྱུང་ཚ་མོ་འདོད་ལྡན་ལ། །སྤྱད་པར་གྱུར་པ་མིན་ནམ་ཅི། །རིག་ལས་དྲང་སྲོང་སྐྱེ་བསྟན་པ། །འདི་ལྟར་
བྱུང་འདི་བརྟག་མི་བྱ། །གཉིས་སྐྱེས་རྣམས་ཀྱི་གསང་བ་གང་། །ཀུན་ལ་བརྗོད་པར་བྱ་བ་མིན། །རང་བྱུང་གི་ནི་སྤྱོད་པ་འདི། །འཁྲུལ་པར་གྱུར་པ་འདི་ལ་ལྟོས། །ཚ་མོ་མཐོང་དང་རེག་པ་ལས། །བྱོལ་སོང་བཞིན་དུ་གང་ཆགས་ནས། །ལུས་ནི་འབྱུང་བར་གྱུར་པ་ལས། །
མི་གཙང་ཤོང་བར་གྱུར་པ་འདི། །མི་ནི་སེམས་དང་ལྡན་པ་འགའ། །མི་སྐྱེ་ཡིན་ན་འདི་བྱེད་དམ། །ཁྱི་དང་བོང་བུ་དག་གི་ནི། །སྤྱོད་པ་འཕགས་པས་དམད་པ་ལ། །རང་བྱུང་སྤྱོད་པས་དེས་ན་དེས། །དེ་དག་དང་ནི་ཁྱད་ཅི་ཡོད། །ཤེས་ལྡན་ཤེས་པས་སྡིག་པ་དག །

སྲེག་སྟེ་མེ་ཡིས་ཤིང་བཞིན་ནོ། །དེས་ན་མཐུ་ཡི་ཁྱད་པར་གྱིས། །ངན་འགྲོར་དེ་མི་འགྲོ་ཞེ་ན། །གང་གིས་ཉོན་མོངས་སྲེག་ནུས་པའི། །མཁས་པ་ཤེས་དེས་ཤེས་ལྡན་ལ། །དེ་ནི་སྡིག་པ་བྱེད་མི་འགྱུར། །དེ་རྒྱུ་ཤེས་ལྡན་ལ་མེད་ཕྱིར། །ལྟུང་བར་བྱེད་པའི་ལས་རྣམས་
ཀྱིས། །རྣལ་འབྱོར་གྲུབ་ལ་མི་གོས་ཞེས། །སྨྲ་ཞིང་ཡང་དག་ལམ་ཉམས་ལ། །གཞན་དག་གི་ཡང་ཉམས་པར་བྱེད། །ཚངས་ལ་སོགས་པས་དེ་ཉིད་དོན། །བློ་ཡིས་མཐོང་བར་མི་འདོད་དེ། །ཚངས་པ་དང་ནི་རྩེ་གསུམ་ཅན། །ཐིག་ལེ་མཆོག་མར་ཀུན་ཆག